རྣལ་འབྱོར་རྗེས་འཇུག་གི་ལེའུ་སྟེ་ལྔ་བཅུ་དགུ་པ།

དེ་ནས་ཡང་ལང་ཀའི་བདག་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་དྲི་བ་ཡོངས་སུ་དྲིས་པ། ཀྱེ་གསང་བ་པའི་བདག་པོ་དམ་པ་རྣམས་ཀྱི་རྗེས་སུ་འཇུག་པར་བྱའོ་ཞེས་དམ་བཅའ་བར་དགོངས་པ་དེ་དམ་པ་རྣམས་ཀྱི་རྗེས་སུ་ཇི་ལྟར་འཇུག་པར་བགྱི། དེ་ཇི་ལྟར་ཡོངས་སུ་ཤེས་པར་བགྱི། དེ་སྐད་ཅེས་ཡོངས་སུ་དྲིས་པ་ལས། གསང་བ་པའི་བདག་པོས་སྨྲས་པ། ཀྱེ་གྲོགས་པོ་དག་དེ་ནི་འདི་ལྟར་དམ་པ་རྣམས་ཀྱི་རྗེས་ནི་གང་ངེས་པར་ཤེས་པའི་ལམ་དམ་པ་ལ་བྱའོ། །གྲོགས་པོ་དག་ལམ་དམ་པ་གང་ཞེ་ན། དེ་ལྟར་དེ་ཁོ་བོས་མཐོང་ཐོས་པའི་སྐབས་གཅིག་ན་བཤེས་གཉེན་དམ་པ་ཉིད་ཀྱིས་ངེས་པར་གསུངས་པ་ངོ་བོ་ཉིད་ཀྱི་སྐུ་གཉེན་པོ་མེད་པས་རྣམ་པར་རྟོག་པ་ཐམས་ཅད་དང་ལྡན་ཏེ། རྟག་པ་ཉིད་དང་ཆད་པ་ཉིད་དང་། སྐྱེ་བ་དང་། འགག་པ་ཉིད་དང་། དམིགས་པ་དང་། འདོད་ཆགས་པ་ཉིད་དང་། ཞེ་སྡང་བ་ཉིད་དང་། གཏི་མུག་པ་ཉིད་དང་། ང་རྒྱལ་བ་ཉིད་དང་། ཕྲག་དོག་པ་ཉིད་དང་། འདོད་པ་ལྔ་དང་། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དང་། ཕྲ་མ་དང་། ངག་རྩུབ་མོ་དང་། ཚིག་འཁྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་ཉིད་དོ། །མཚམས་མེད་པ་ལྔ་དང་། དེ་དང་ཉེ་བ་ལྔ་དང་། ལྕི་བ་བཞི་དང་། ལོག་བ་བརྒྱད་དང་། སྨེ་ཤ་དང་། བཤང་བ་དང་། གཅི་བ་དང་། ཁྲག་དང་། ཁུ་བ་ལ་སོགས་པ་དག་ལ་ངེས་པར་སྤྱོད་པ་ནི་དམ་པ་རྣམས་ཀྱི་ལམ་དམ་པ་ཡིན་པར་ཤེས་པར་བྱའོ་ཞེས་ངེས་པ་དམ་པར་གསུངས་པ་ལས། ཁོ་བོས་དེ་ལ་འདི་སྐད་དུ། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །ཡང་དག་ཚད་མའི་གསུང་དག་ལས། །ཕྱིན་ཅི་ལོག་ཀུན་འབྱུང་ཅི་ལགས། །དེ་སྐད་ཞུ་བ་འདུན་པ་ལས། བཤེས་གཉེན་དམ་པས་བཀའ་སྩལ་པ། །ཕྱིན་ཅི་ལོག་ལ་ཞེན་པ་རྣམས། །ཐབས་མཆོག་དཔག་གིས་མི་ལང་བས། །ངེས་པའི་དོན་ལ་གཟུད་པའི་ཕྱིར། །ཁྲིད་པའི་ཐབས་སུ་བསྟན་པ་ཡིན། །ལོག་ཞེན་གང་ལ་ངེས་བརྟན་ཡང་། །འཇུག་པར་མི་འགྱུར་སྤོང་འགྱུར་རྣམས། །ལོག་སྤྱོད་ཐབས་ཀྱིས་དེ་དྲངས་ན། །ཐེ་ཚོམ་མེད་པར་འབྱུང་བར་འགྱུར། །སླུ་བའི་ཐབས་ཀྱིས་གཟུང་བའི་ཕྱིར། །སོ་སོ་མོས་པ་སྣ་ཚོགས་ཀྱིས། །ལྟ་སྤྱོད་རྣམས་དང་མཐུན་འཇུག་ཏུ། །སྦྱར་ནས་བསྟེན་འབྲིད་ཐབས་སུ་གསུང ས། །དཔེར་ན་ལོག་སྤྱོད་བྱིས་པ་རྣམས། །ཕ་མས་སྡིགས་བྲེད་ཐབས་ཀྱིས་ནི། །བྱ་བའི་ལས་ལ་གཟུད་པ་ལྟར། །བརྩེ་བས་དོན་ལ་འདྲེན་པའོ། །དེ་ཡང་ཇི་ལྟར་ལ་ལ་ཞིག །ཆུ་བོ་ཕ་མཐར་འགྲོ་འདོད་པ། །གྲུ་པ་དག་ལ་བརྟེན་པས་འགྲོ། །མཐར་སོན་པས་ན་འབོར་བ་བཞིན། །ཐབས་སམ་ཐེག་པའི་བྱེ་བྲག་རྣམས། །བརྟེན་པས་དྲང་བའི་ཐབས་ཡིན་ཡང་། །དོན་གྱི་ངེས་བ་རྙེད་མ་ཐག །ཆུ་བོ་རྒལ་བའི་གྲུ་བཞིན་འདོར། །དེས་ན་དེ་བཞིན་ཉིད་ཤེས་ན། །ཐམས་ཅད་ཐམས་ཅད་གང་ཡང་རུང་། །དམ་པའི་ལམ་དུ་ངེས་པས་ན། །ལམ་གྱི་ནང་ན་ཉེ་ལམ་ཡིན། །དེ་སྐད་ཅེས་གསུངས་ནས་ཅང་མི་གསུང་བར་བཞུགས་སོ། །ཀྱེ་གྲོགས་པོ་དག་དེ་བས་ན་དམ་པ་རྣམས་ཀྱི་རྗེས་ལམ་དམ་པ་འདིར་ཞུགས་ན་ཐམས་ཅད་ནས་ཐམས་ཅད་དུ་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཤེས་པ་དང་། གསལ་བ་དང་། མ་འདྲེས་པ་དང་། ཡོངས་སུ་རྫོགས་པར་འགྱུར་ཏེ། འཁོར་བ་ཡོངས་སུ་ཤེས་པར་འདོད་པས་ཀྱང་ལམ་འདི་ཤེས་པར་བྱའོ། །མྱ་ངན་ལས་འདས་པ་ཡོངས་སུ་ཤེས་པར་འདོད་པས་ཀྱང་ལམ་འདི་ཤེས་པར་བྱའོ། །གཞན་ཡང་ཆོ་འཕྲུལ་ཆེན་པོ་ཉི་ཤུ་ཐོབ་པར་འདོད་པས་ཀྱང་ལམ་དམ་པ་འདི་ཡོངས་སུ་ཤེས་པར་བྱའོ། །རྟོག་པའི་རི་བོ་བརྒྱད་ཅུ་གཞིལ་བར་འདོད་པས་ཀྱང་ལམ་དམ་པ་འདི་ཡོངས་སུ་ཤེས་པར་བྱའོ། །ལྟུང་བའི་སྒོ་དགུ་ཆད་པར་འདོད་པས་ཀྱང་ལམ་དམ་པ་འདི་ཡོངས་སུ་ཤེས་པར་བྱའོ། །དེ་ལ་སོགས་པ་མཐའ་ཡས་པའི། །ཐམས་ཅད་ཐམས་ཅད་ཡོངས་རྫོགས་པའི། །ཤེས་པར་འདོད་པ་གང་དག་གིས། །དམ་པའི་ལམ་འདི་ཤེས་པར་བྱ། །སེམས་ཉིད་དམ་པའི་ལམ་ཉིད་དེ། །མཁའ་ལ་བྱ་ལམ་རྗེས་མེད་བཞིན། །ཉམ་ང་ལོག་མེད་དམ་པའི་ལམ། །འདི་ལྟར་ངེས་པའི་ལམ་འདི་ཡང་། །ཀུན་གྱིས་ཤེས་པར་བྱ་བའི་ཕྱིར། །ཚིག་གི་ལམ་གྱིས་གཉེར་མཚོན་ཏེ། །བརྗོད་མེད་ཚིག་གི་ཡུལ་བྲལ་བ། །དེ་ཡི་རང་བཞིན་དེ་ཉིད་ན། །རང་བཞིན་མ་བཅོས་དེ་བཞིན་ཉིད། །དེ་ལ་མིང་མེད་མིང་བཏགས་རྒྱུས། །མཐོང་དང་མ་མཐོང་ཐ་དད་འགྱུར། །དེ་ལས་སྤྱོད་པའི་གཞིར་གྱུར་ཏེ། །བརྗོད་པས་དེ་ཉིད་མཐོང་བྱའི་ཕྱིར། །ཚིག་གི་ལམ་ནི་རྣམ་གྲངས་ལས། །ཚིག་ལམ་སྒོ་མོ་དཔག་མེད་འགྱུར། །དེ་ལས་དམ་པའི་རྗེས་བཅད་པ། །གང་གི་ཐུགས་ལས་བྱུང་བའི་ལུང་། །སྒྲོན་མས་ཉེ་བར་གཏེར་བཙལ་བ། །ཉེ་ལམ་བྱང་ཆུབ་དམ་པ་ནི། །གང་བྱུང་རྗེས་སུ་དེ་འབྲངས་ན། །འཁོར་བའི་འཁོར་ལོར་འཁོར་བར་འགྱུར། །གང་འབྱུང་གཡོ་བ་གང་བཀག་པ། །རྒྱུན་གྱི་འགོག་པ་ཉིད་དུ་འགྱུར། །གང་འབྱུང་མེད་པའི་བླུན་པོ་པ། །མུར་འཛིན་མུན་པའི་ལམ་དུ་འགྱུར། །འདི་ཞེས་གཅིག་ཏུ་གང་བཟུང་བ། །མཚན་མ་རྟོག་པའི་རི་བོ་ཡིན། །སྔ་ཕྱི་མེད་ཅེས་མུ་བཅད་ན། །དེ་མེད་ཆད་པའི་མུ་ཅན་ཡིན། །མ་བཅོས་ཉིད་ལ་ཡུད་ཙམ་ཞིག །ཅིར་གཡོས་སྐྱེ་འགག་འབྱུང་བ་དེ། །དེ་ལས་གང་འབྱུང་གང་འཕེལ་བ། །རྣམ་གྲངས་ལས་དེ་འཕེལ་འགྱུར་གྱི། །དམ་པའི་ལམ་ཉིད་རྙེད་མ་ཡིན། །དཔེར་ན་འགྲོ་གང་བྱིས་པ་དག །གྲིབ་མ་སྤངས་ནས་རྣམ་དག་ཚོལ། །གང་ལས་བྱུང་བ་དེ་ཉིད་ཀྱིས། །བཙལ་ཡང་འགྲིབ་འཕེལ་དག་མི་རྙེད། །དེ་ཉིད་ཡེ་ནས་དེ་བཞིན་དུ། །གང་འདིར་སྡུག་བསྔལ་སྣ་ཚོགས་ཀྱིས། །ཤ་ཐང་བར་ནི་ལམ་ཚོལ་བ། །དོན་མེད་བདུད་ཀྱི་ལས་ཡིན་ནོ། །དེ་ལ་ཚིག་ཏུ་གང་བརྗོད་པ། །ནམ་མཁའ་དག་ལ་རྩོད་པ་འདྲ། །ཚིག་ཏུ་སྨན་དང་དཔྱད་བཤད་ཀྱང་། །ནད་པའི་ཚོགས་ལ་མི་སྨན་ནོ། །དེ་ཉིད་དེ་བཞིན་མ་གྱུར་ན། །ཚིག་ལམ་དེ་བརྗོད་དེ་མ་ཡིན། །གང་འདིར་གང་སྤངས་གང་ཚོལ་བ། །གཟུགས་སྤངས་ནས་ནི་གྲིབ་ཚོལ་འདྲ། །སེམས་ཉིད་དམ་པའི་ལམ་ཉིད་པས། །མ་རིག་ཡེ་ཤེས་ཐ་དད་མིན། །མི་རྟོག་པ་ནི་ལམ་འདིར་གཅིག །སེམས་ཉིད་སྣ་ཚོགས་བར་སྣང་བས། །སྣ་ཚོགས་ལམ་འདིར་གཅིག་པ་ཡིན། །དཔེར་ན་གསེར་གྱི་རྒྱུ་གཅིག་ལས། །དབྱིབས་དང་གཟུགས་ནི་ཐ་དད་པར། །བྱས་པས་དེ་དག་མིང་རེ་གྲགས། །གང་གྲགས་གསེར་གྱི་ངོ་བོར་གཅིག །དེ་ལྟར་སེམས་ཀྱི་རང་བཞིན་ལ། །མཐོང་དང་མ་མཐོང་ཁྱད་པར་གྱིས། །གང་ལྟར་བལྟས་དགུ་དེ་ལྟར་སྣང་། །སྣང་ཡང་དེ་ལས་གཞན་མི་དམིགས། །སྒྲོན་མ་འབར་བའི་རིན་ཆེན་ནི། །ཇི་ལྟར་ངན་ཁུང་སྦས་གྱུར་ཡང་། །དེ་ཡི་རང་བཞིན་རང་སྣང་བས། །འོད་ནི་མཁའ་ལ་གསལ་བར་འགྱུར། །དེ་བཞིན་སེམས་ཉིད་རིན་ཆེན་སྒྲོན། །ལུས་ངན་འདམ་དུ་བྱིང་གྱུར་ཡང་། །རང་བྱུང་རང་ཞི་རང་སྣང་བས། །མ་བཅོས་རང་བཞིན་ཡོངས་ཀྱིས་གསལ། །སེམས་འདི་ནམ་མཁའ་ཇི་བཞིན་ཏེ། །ཀུན་ཁྱབ་སྟོང་གསལ་སྣ་ཚོགས་འབྱུང་། །བྱུང་ཚོར་གཡོ་འགོག་ཐམས་ཅད་ཀྱང་། །རང་བཞིན་གྱིས་འབྱུང་ངང་གིས་ཞི། །མདོར་ན་ཇི་ལྟར་བརྟགས་བསམས་བཞིན། །འགྱུར་བས་ཐམས་ཅད་ངོ་བོ་སྣང་། །མ་བཅོས་གཡོ་བ་མེད་ཉིད་ལས། །སྣ་ཚོགས་རྒྱུ་འབྱུང་མི་སྐྱོན་ཞིང་། །ཆོ་འཕྲུལ་མི་འགག་ཉམ་ང་མེད། །ཇི་བཞིན་ནམ་མཁའི་རང་བཞིན་ལ། །བློ་བཞག་མ་ཡེངས་ཁོ་ནར་ཟད། །དེ་ནི་ཚེགས་མེད་དོན་པོ་ཆེ། །དེ་ཉིད་དུས་གསུམ་ཐམས་ཅད་ཀྱི། །སངས་རྒྱས་འབྱུང་བའི་ངོ་བོ་ཡིན། །དེ་ཡི་དོན་ལ་ཇི་སྙེད་གནས། །མཐོང་བས་དེ་ཉིད་དེར་གོམས་ན། །ལམ་རྙེད་ལམ་མཐོང་ཉམ་དྲོད་ནི། །དོན་གྱིས་ངེས་པར་འབྱུང་བ་ཡང་། །གང་མ་ཡིན་ལ་ཟིན་འབྱུང་བ། །བྱང་ཆུབ་དམ་པ་འབྱུང་བར་འགྱུར། །མཚན་མ་རྟོག་པའི་ཆོས་རྣམས་ལ། །ངེས་པའི་བློ་གྲོས་འབྱུང་བ་ཡིན། །ཆོས་ཀུན་འདི་ལྟར་ཡིན་པ་ལ། །དེ་ལྟར་མ་མཐོང་ངོ་མཚར་ཆེ། །དེ་མཐོང་དེ་ཡང་ངོ་མཚར་ཆེ། །ཨེ་མའོ་ཅི་ག་སྙམ་དུ་འབྱུང་། །དེ་ཉིད་མ་མཐོང་གང་སུ་དག །རྩོལ་གྲུབ་དཀའ་བའི་ཚེགས་ཆེན་གྱིས། །དམ་པའི་ལམ་ཚོལ་ལམ་རེ་རིང་། །དེ་ཡི་དོན་འབྱུང་དེ་ཡོད་ཀྱང་། །ལམ་དེ་རྙེད་པར་ཡང་མི་འགྱུར། །དམ་པ་རྣམས་ཀྱི་ལམ་རྙེད་པ། །དམ་པ་ཉིད་ལས་དམ་པ་ཡིན། །དེ་ནི་རྟེན་བརྙན་མཚུངས་མ་ཡིན། །ཞི་ལུས་མཐར་འགོག་གཉིས་མཚུངས་མིན། །སློབ་པའི་ས་དང་དེ་མི་མཚུངས། །རྣལ་འབྱོར་སེམས་པ་རྟོག་མཐའ་དང་། །གང་མཚུངས་དེ་འདྲ་དེ་མི་མཚུངས། །དེས་ན་རྣམ་དག་ལམ་ཆེན་ནི། །སེམས་ཀྱི་གསང་འདི་ཡིན་པས་ན། །དགོངས་པ་ཀུན་ལས་འདུས་པ་ཡི། །གསང་བའི་ལམ་འདི་ཤེས་བྱས་པས། །བཙལ་བའི་བྱ་བ་རྒྱུ་མེད་དེ། །ལམ་འདི་མཐོང་བ་དེ་ཉིད་ཀྱིས། །དཀའ་བ་རྩོལ་བ་གང་མེད་པར། །ཐམས་ཅད་ཐམས་ཅད་གྲུབ་པ་ཡིས། །སེམས་ཀྱི་གསང་བ་གར་གནས་པ། །དེ་ནི་དབེན་པ་དམ་པ་སྟེ། །དགོན་པ་ཆེན་པོ་མཆོག་ཉིད་དུ། །དགོངས་པ་ཀུན་ནས་འདུས་པ་གསུངས ། །དེ་ཉིད་དཔག་མེད་གཞལ་ཡས་མཆོག །རྨད་འབྱུང་ནོར་བུ་ཡིད་བཞིན་ཁང་། །མ་བྱས་རང་བྱུང་ཕྱི་ནང་མེད། །ཀུན་དུ་ནང་དུ་གྱུར་པ་ཡིན། །གང་འདིར་གང་འདུས་ཚོགས་མ་ཡིན། །དེ་ལ་དེ་ཉིད་ཚོགས་འདུས་མཆོག །ཆོས་ཀུན་བསྡུས་པས་འབྱུང་བ་མེད། །དཔག་མེད་རྒྱལ་བ་དགྱེས་པའི་མཆོག །གང་འདིར་འདོད་སྤྱོད་ཡོ་བྱད་ཡིན། །དེ་ཉིད་ཡོ་བྱད་ཆེན་པོ་སྟེ། །ལྷག་པའི་ཡོ་བྱད་འདི་ཤེས་ན། །ཡོ་བྱད་ཀུན་གྱི་རྩ་བ་ཡིན། །སྒོམ་པར་བྱེད་པ་བསྒོམ་པ་མིན། །བསམ་བྱ་དམིགས་སུ་མེད་པ་སྟེ། །དམ་པའི་གསང་ལམ་འདི་ཤེས་ན། །བསྒོམ་ལམ་དམ་པ་འདི་ཉིད་དོ། །བསྲུང་ཞེས་བསྲུང་བར་བྱ་མི་དམིགས། །སྟོང་ཉིད་མེད་འབྱུང་གསང་ལམ་འདི། །དབུས་མཐར་ཆེ་བས་ཚིག་ཤེས་ན། །བསྲུང་བའི་གསང་བ་དམ་པའོ། །ཚིག་ལམ་མཉམ་བརྗོད་མཉམ་མི་དམིགས། །གསང་འདི་ཐམས་ཅད་གཅིག་པ་ལ། །མཉམ་ཞེས་ལྷག་པར་ག་ལ་ཡོད། །དགོངས་པ་ཀུན་ནས་འདུས་ངང་མཉམ། །གང་གཞན་བརྟུལ་ཞུགས་སྤྱོད་པ་ཡིན། །དེ་ལ་དེ་གཞོལ་རོལ་སྤྱོད་པས། །ཐམས་ཅད་འདིར་བརྟུལ་འདིར་ཞུགས་པས། །བརྟུལ་ཞུགས་མཆོག་ཏུ་ཀུན་འདུས་གསུངས། །ལམ་འདི་དངོས་ཉིད་སེམས་ཀྱི་གསང་། །ཡེ་གྲུབ་ཟིན་པས་གསོལ་ཐོབ་མེད། །དངོས་གྲུབ་རྒྱུན་མི་འཆད་པ་ཞེས། །དགོངས་པ་དམ་པ་ཀུན་འདུས་གསུངས། །དེ་ལྟར་སེམས་ཀྱི་གསང་མཐོང་ན། །སྔོན་མ་མཐོང་བའི་ལམ་མཐོང་བས། །མཐོང་བ་ཅི་ཡང་མེད་པ་ཉིད། །གང་ལ་སྣང་བ་ལམ་མཐོང་ཡིན། །གྲོགས་པོ་དག་དེ་དག་ནི་དམ་པ་རྣམས་ཀྱི་རྗེས་ལམ་དམ་པ་ཞེས་བྱ་བ་འདི་སྐད་ཐོས་པ་ཡོངས་སུ་བགྲོས་པའོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་རྣལ་འབྱོར་རྗེས་འཇུག་གི་ལེའུ་སྟེ་ལྔ་བཅུ་དགུ་པའོ།། །།