ཆོས་ཐམས་ཅད་ཀྱི་སྒོ་རབ་ཏུ་དབྱེ་བའི་ལེའུ་ཞེས་བྱ་སྟེ་དྲུག་ཅུ་བརྒྱད་པ།

དེ་ནས་ཡང་གསང་བ་པའི་བདག་པོས་དམ་པའི་ལུས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་སྨྲས་པ། ཀྱེ་གྲོགས་པོ་དག་སྒོ་དབྱེ་བར་བྱ་བ་ནི་འདི་ལྟ་སྟེ། །ཇི་བཞིན་པ་ཡི་དེ་ཁོ་ན། །ཉིད་དུ་ངེས་པའི་ངོ་བོ་ལ། །རིག་དང་མ་རིག་རྣམ་པ་ཡིས། །ཀུན་ཤེས་སྤྱོད་དང་ཀུན་དུ་རྨོངས། །རྣམ་པ་གཉིས་སུ་སྣང་བ་ལ། །ཐ་དད་དུ་མ་མང་པོར་འགྱུར། །རྨོངས་པ་རྣམ་པ་གཉིས་སྣང་བ། །མི་ཤེས་པ་དང་ལོག་པར་ཤེས། །མི་ཤེས་ཕྱལ་བ་རྒྱང་པན་གཉིས། །ལོག་རྟོག་མུར་ཐུག་མུ་སྟེགས་པ། །དེ་ཡང་ཞེན་ཆགས་ལོག་སྲེད་ཅན། །འཇིག་རྟེན་འཇིག་རྟེན་པ་ཞེས་བྱ། །མུ་སྟེགས་ལོག་དང་གཞན་རྐྱེན་ལོག །ཞར་ལས་འབྱུང་བ་ཞེས་ཀྱང་བཤད། །མི་ཤེས་འདི་གཉིས་གཞིར་སྣང་བ། །དམན་རིགས་དང་ནི་རིགས་མ་དེས། །རིགས་ཆད་འདུ་ཤེས་ཅན་འདི་དག །ཀུན་ནས་དཀྲིགས་པའི་མུན་པ་ཡིན། །འདུ་ཤེས་ཅན་བཞི་ཆགས་པ་དང་། །གང་ལ་གཡེང་དང་ཡ་ང་ཅན། །མོས་པ་ཅན་ཞེས་གྲགས་པ་རྣམས། །ས་བོན་འཛིན་པའི་ཞིང་དུ་སྣང་། །ལོག་པར་རྟོག་འདི་ཡ་མཚན་ཅན། །བརྒྱ་ཕྲག་གསུམ་དང་དྲུག་ཅུ་གཉིས། །ཉི་ཤུའམ་བཅུ་སྟེ་ལྔ་གཉིས་དང་། །ཐ་དད་རྣམ་པ་དུ་མར་སྣང་། །ཡོ་བྱད་མེད་པའི་ཕྱོགས་འཛིན་ལས། །འཇིག་པའི་ཚོགས་དང་མཐར་འཛིན་དང་། །ལོག་པར་འཛིན་དང་ལྟ་ཁྱད་དང་། །རང་གི་བརྟུལ་ཞུགས་མཆོག་འཛིན་ཏེ། །རིགས་མི་མཐུན་པ་སྡེ་ལྔར་གྲགས། །རང་བཞིན་ལོག་པས་ལོག་པ་ཉིད། །གཞན་རྐྱེན་ལོག་པ་ཕྲ་མེན་སྤྱོད། །ལུང་ལ་བརྟེན་དང་རྟགས་ཙམ་འཛིན། །བཅོས་མར་སྤྱོད་དང་མུ་ཅོར་སྨྲ། །ལུང་གི་ཕྱོགས་ཙམ་བརྟེན་པ་དང་། །ཕྱོགས་ལོག་གོལ་དང་བསླང་བས་འཆལ། །ཕྱོགས་ལྟོས་གཅོད་པ་རྣམ་བཞིར་གྲགས། །བཅོས་མ་གཞན་ལས་གྱུར་པ་དང་། །འདི་ལས་གྱུར་པ་གཉིས་ཁོ་ན། །གནས་དང་འཁོར་དང་ཡོ་བྱད་ནོར། །ལོངས་སྤྱོད་ལྔ་ལྡན་གཞན་ལས་གྱུར། །དྲན་པ་རྟག་ལྟ་ལྟོས་འཛིན་རྒྱུ། །མེད་པའི་མཐའ་དང་མཐའ་མེད་ཤེས། །ཀུན་ནས་རྣམ་པར་མི་གཡེང་ལྟ། །གོང་དུ་ཤེས་པ་ཡོད་སྨྲ་ལྟ། །དེ་བཞིན་མེད་པར་ལྟ་བ་དང་། །འདི་གང་འདི་ལས་གྱུར་ལྟ་བ། །གང་དུ་ཡོད་མིན་མེད་མིན་ལྟ། །བདག་ཤི་འདི་ཚེ་མྱ་ངན་འདས། །གང་འདིར་ཕྱོགས་ཙམ་བརྟེན་པ་ནི། །གང་མ་ཡིན་པ་མ་ཡིན་ཉིད། །ཕྱོགས་ལོག་གོལ་བར་གང་གྱུར་པ། །དྲུག་སྟེ་སོ་སོ་ཐ་དད་དང་། །སྤྱོད་ལྟ་གང་རིག་སྐྱོན་མེད་པའོ། །རྒྱུར་ལྟ་བྱམས་པས་དག་པར་ལྟ། །འཚོ་བ་བཅོས་པས་དག་ལྟ་དང་། །རྒྱན་ལ་ལྷམ་དང་གོས་བཅོས་པ། །སྐྲ་སྤུངས་བཅས་དང་རྒྱན་ཅན་དང་། །དཀའ་ཐུབ་སྟེན་པ་དྲུག་པའོ། །བསླད་པས་འཆལ་པ་གང་འདི་ལ། །བརྟེན་པས་བདག་ལྟ་རྟེན་རྟོག་དང་། །རྟེན་ཆགས་བྱིན་ཆགས་བཀྲ་ཤིས་མཚན། །སྐྱབས་ལོག་ཡོངས་སུ་འཆལ་པའོ། །ཕྱོགས་ལྟོས་གཅོད་པ་གང་ཞེ་ན། །ཕྱི་རོལ་པ་དང་ཡང་དག་པ། །གསང་སྔགས་པ་དང་གསང་ཆེན་པའོ། །གང་འདིར་ཕྱི་རོལ་རྣམ་པ་གསུམ། །བྱེ་བྲག་པ་དག་ཐ་སྙད་པ། །རང་སྣང་གཅིག་ཕྱོགས་གཅོད་པའོ། །ཡང་དག་ཕྲ་དང་ཟབ་པ་དང་། །རྒྱ་ཆེ་ཡངས་པ་དེ་ཁོ་ན། །གསང་སྔགས་རིག་བྱེད་རིག་སྤྱོད་དང་། །རིགས་སྦྱོར་དམ་པར་ཕྱོགས་ལྟོས་གཅོད། །གསང་ཆེན་བརྟུལ་ཞུགས་ཆེར་སྤྱོད་དང་། །རྒྱལ་དཔོག་པ་དང་རྒྱལ་ཐབས་པའོ། །ཞར་ལས་བྱུང་བ་གང་འདི་དག །མཐའ་ཡས་སྡེ་བཅུར་རྫོགས་པ་སྟེ། །གང་མུ་ཟིན་པ་དེ་རྟགས་འཛིན། །སངས་རྒྱས་ཀུན་གྱི་ཉེ་གནས་སོ། །ལང་ཀའི་བདག་པོ་གཞན་ཡང་གང་། །ཞལ་ནས་བྱུང་བ་ཇི་ལྟ་བ། །འཇིག་རྟེན་སྒྲོན་མ་ནུབ་རྗེས་ན། །གང་དག་མོས་པ་ཐ་དད་པས། །ཞར་ལས་བྱུང་བའང་དེ་བཞིན་ནོ། །ཀུན་ཤེས་སྤྱོད་པའང་རྣམ་པ་གཉིས། །རིམ་གྱིས་པ་དང་གཅིག་པའོ། །རིམ་གྱིས་འཇུག་པ་རྣམ་གསུམ་དུ། །ཕྱིན་ཅི་མ་ལོག་པ་ཉིད་དང་། །བསྒྲུབ་སྤྱོད་མངོན་རྟོགས་གསུམ་ཉིད་དོ། །འདི་ཡང་ཁྱད་པར་རྣམ་གཉིས་ཀྱིས། །གསུམ་གསུམ་གཉིས་སུ་དམ་པ་ཡིས། །གསུང་བ་ཁྱོད་ཅི་མི་ཤེས་སམ། །དེས་ན་ཆེ་ཆུང་གཉིས་གསུམ་དྲུག །སྒྲུབ་པ་ཟབ་པ་ཕྲ་བ་གཉིས། །བློ་ཆེ་ཟབ་པ་དམན་པ་ཉིད། །སྤྱོད་པ་རླབས་ཆེན་ཆ་ཤས་ཅན། །རྒྱ་ཆེ་བ་དང་མཚན་མར་སྤྱོད། །དེ་ནི་གསང་ཆེན་གསང་བར་བཤད། །མངོན་རྟོགས་རྣམ་གཉིས་ཕྱི་ནང་འཇུག །མི་མཐུན་ཕྱོགས་ཀྱི་གལ་བཟུང་ནས། །ཆ་གཉིས་སོ་སོར་འདོད་པ་འབྱུང་། །ཕྱི་རོལ་བྱེ་བྲག་ཐ་སྙད་གཉིས། །ཆ་གཉིས་གཅིག་ལས་རྩོད་པ་འབྱུང་། །ནད་འཇུག་སེམས་སྣང་དབུས་མཐའ་མེད། །ཕྱི་ནང་སྣྲེལ་ཞིར་ཕྱོགས་འཛིན་ཅིང་། །གང་འདིར་ངེས་པར་གཅོད་པ་འབྱུང་། །མཐའ་དབུས་འབྱེད་དང་ངེས་པར་འཇུག །གཏན་ལ་འབེབས་པ་དེ་བཞིན་འབྱུང་། །རང་དང་ལྟ་བའི་ཕྱོགས་འཛིན་ཅིང་། །བརྩོད་པས་ཐེ་ཚོམ་འབྱུང་བ་དང་། །དབུས་མཐའ་འབྱེད་དང་ངེས་པར་འཇུག །གཏན་ལ་འབེབས་པ་དེ་བཞིན་འབྱུང་། །ཅིག་ཅར་འཇུག་པའི་རྣལ་འབྱོར་པ། །བྱ་དང་བྱ་ཐབས་བྱ་མེད་པ། །སྐྱེས་དང་མ་སྐྱེས་སྐྱེ་འགག་མེད། །འདི་ཀུན་མ་འདྲེས་ཡོངས་སུ་རྫོགས། །མ་འདྲེས་མཁའ་ལ་གཟའ་སྐར་བཀྲམ། །ཡོངས་སུ་རྫོགས་པ་མཁའ་ཁྱབ་བདལ། །འཇའ་སྣང་མཁའ་ལྟར་མ་འདྲེས་གཅིག །རྨོངས་རིམ་ཅིག་ཅར་འཇུག་སྤྱོད་པ། །འདོད་པའི་ཡུལ་ལ་ཞེན་སྤོང་དང་། །སྤྱོད་སྒྱུར་ཤེས་རྟོགས་སྤྱོད་དབང་བྱེད། །ཤེས་པ་འཇིག་རྟེན་རྟོག་འཕགས་པ། །སྤྱོད་པ་བློ་ལྡན་དབང་སྒྱུར་ཐབས། །གང་འདིའི་སྣོད་ཀྱང་བཞིར་གཟིགས་ཏེ། །ཞེན་ཆགས་ལོག་སྲེད་རིགས་རྒྱུད་ཅན། །བློ་གྲོས་ཅན་གྱི་སྣོད་རྣམས་ལ། །བསྟན་བྱ་རྣམ་པ་བཞིར་གསུངས་པ། །འདོད་རྐྱེན་བཀྲི་དྲུང་བརྒྱུད་པའི་ཚིག །ལྡེམ་དགོངས་དོན་དམ་ངེས་པ་བཞི། །སྣོད་ཀྱི་རྐྱེན་དང་སྦྱར་བ་ཡིན། །འདི་ཀུན་ཤེས་བྱའི་གཞི་གཅིག་ལ། །འདོད་པས་མཐོང་བ་ཐ་དད་པའོ། །འདི་ལྟར་མཐོང་སྒོ་ཐ་དད་བཞིན། །རྣམ་པར་སྣང་འབྱུང བཀོད་པ་ལ། །གང་གིས་ཀུན་ལ་ཞུགས་བལྟས་ནས། །གཅིག་ཏུ་འབེབས་པ་དམ་པའོ། །ཇི་ལྟར་བུང་བ་ཁུང་ཚོལ་བ། །ཀུན་དུ་འཇུག་ཅིང་བྱུང་ནས་ནི། །རང་གི་གསེང་ཁུང་གང་ཡིན་པར། །ངེས་པར་འཇུག་ཅིང་གནས་པ་ལྟར། །རྣལ་འབྱོར་དོན་གྱི་རྗེས་ཚོལ་བ། །སྤྱོད་སྒོ་ཅི་ཡོད་བསྟུན་ཏེ་བསྡུ། །ལྟ་སྒྲོར་འཇུག་ཅིང་བརྟགས་བསྡུར་ནས། །དོན་དམ་ངེས་པའི་གསང་ཉིད་ལའོ། །དེ་ཉིད་དོན་གྱི་རྗེས་གཅད་ཕྱིར། །སྒོ་མོ་ཀུན་ནས་བསྡུར་བ་ཡི། །བསླབ་པར་བྱ་བའི་ཐབས་ཡིན་ཏེ། །གོམས་པར་བྱ་བ་རབ་ཏུ་གཅེས། །ལང་ཀའི་བདག་པོ་དེ་དག་ནི་ཕྱིས་འབྱུང་བར་སྣང་བའི་སྒོ་ཡོངས་སུ་དབྱེ་བ་ཡིན་ཏེ། ཀུན་ནས་བསྡུར་བར་བསླབ་པའི་མཐའ་ཡོངས་སུ་བགྲོས་པར་ཤེས་པར་བྱའོ། །དེ་སྐད་ཅེས་སྨྲས་པས། དམན་པའི་ལུས་ཀྱི་སེམས་དཔའ་རྣམས་ཆོས་ཐམས་ཅད་ཀྱི་སྒོ་རང་སྣང་བར་ཤེས་པར་གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་ཆོས་ཐམས་ཅད་ཀྱི་སྒོ་རབ་ཏུ་དབྱེ་བའི་ལེའུ་ཞེས་བྱ་སྟེ་དྲུག་ཅུ་བརྒྱད་པའོ།། །།