བསམ་གྱིས་མི་ཁྱབ་པ་བསྟན་པའི་ལེའུ་ཞེས་བྱ་སྟེ་དྲུག་ཅུ་དགུ་པ།

དེ་ནས་ཡང་གསང་བ་པའི་བདག་པོས་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་ལ་སྨྲས་པ། ཀྱེ་གྲོགས་པོ་དག་མཐར་ཕྱིན་པར་བྱ་བ་ནི་གང་ཞེ་ན། འདི་ལྟ་སྟེ། བསམ་གྱིས་མི་ཁྱབ་པའི་རྣམ་པ་ནི་བསམ་དུ་མེད་པ་མཐར་ཕྱིན་པར་བྱའོ། །བསམ་དུ་མེད་པ་ནི་སེམས་ཀྱི་དེ་ཁོ་ན་ཉིད་དུ་མཐར་ཕྱིན་པར་བྱའོ། །སེམས་ཀྱི་དེ་ཁོ་ན་ཉིད་ནི་དགོངས་པ་དམ་པ་འདུས་པའི་དེ་ཁོ་ན་ཉིད་དུ་མཐར་ཕྱིན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དགོངས་པ་དམ་པ་འདུས་པའི་དེ་ཁོ་ན་ཉིད་ལ་མཁས་ན་སེམས་ཀྱི་དེ་ཁོ་ན་ཉིད་ལ་མཁས་པར་འགྱུར་རོ། །སེམས་ཀྱི་དེ་ཁོ་ན་ཉིད་ལ་མཁས་ན་བསམ་དུ་མེད་པ་ལ་མཁས་པར་འགྱུར་རོ། །བསམ་དུ་མེད་པ་ལ་མཁས་ན་བསམ་གྱིས་མི་ཁྱབ་པའི་རྣམ་པ་ལ་མཁས་པར་འགྱུར་རོ། །བསམ་གྱིས་མི་ཁྱབ་པ་ལ་མཁས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཡིན་ཏེ། དེ་ནི་དགོངས་བ་ཀུན་ནས་འདུས་པ་ཉིད་དུ་ཤེས་པར་བྱའོ། །གྲོགས་པོ་དག་དེ་བས་ན་བསམ་གྱིས་མི་ཁྱབ་པའི་ཆོས་ཐམས་ཅད་ཀྱི་རྣམ་པ་ནི་རྣལ་འབྱོར་པ་རྣམ་པ་གསུམ་གྱིས་ཡོངས་སུ་འགྲེལ་པ་སྟེ། གསུམ་གང་ཞེ་ན། བྱ་བའི་རྣལ་འབྱོར་དང་། བྱ་བ་བྱེད་པའི་རྣལ་འབྱོར་དང་། བྱ་བ་མེད་པའི་རྣལ་འབྱོར་རོ། །གྲོགས་པོ་དག་བྱ་བའི་རྣལ་འབྱོར་ཡང་གསུམ་དུ་ཤེས་པར་བྱ་སྟེ། གསུམ་གང་ཞེ་ན། ཕྱིའི་རྣལ་འབྱོར་དང་། ནང་གི་རྣལ་འབྱོར་དང་། ཕྱི་ནང་གི་རྣལ་འབྱོར་རོ། །གྲོགས་པོ་དག་དེ་ལ་ཕྱིའི་རྣལ་འབྱོར་གང་ཞེ་ན། འདི་ལྟ་སྟེ། ས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོ་དང་། དེ་བཞིན་དུ་ཆུ་རྡོ་རྗེ་དང་། མེ་རྡོ་རྗེ་དང་། རླུང་རྡོ་རྗེ་དང་། ནམ་མཁའ་རྡོ་རྗེ་དང་། གཟུགས་རྡོ་རྗེ་དང་། སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོ་རྣམས་དགོངས་པ་དམ་པ་དེ་ཁོ་ན་ཉིད་དུ་མཐར་ཕྱིན་ཅིང་ཕུལ་དུ་གྱུར་པའོ། །གྲོགས་པོ་དག་ནང་གི་རྣལ་འབྱོར་ནི་འདི་ལྟ་སྟེ། སེམས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོ་དང་། དེ་བཞིན་དུ་རྟོག་པ་དང་། དཔྱོད་པ་ལ་སོགས་པ་གང་ཟིན་པའི་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་རྣམས་དགོངས་པ་དམ་པ་དེ་ཁོ་ན་ཉིད་དུ་མཐར་ཕྱིན་ཅིང་ཕུལ་དུ་གྱུར་པའོ། །གྲོགས་པོ་དག་ཕྱི་ནང་གི་རྣལ་འབྱོར་གང་ཞེ་ན། འདི་ལྟ་སྟེ། ཐམས་ཅད་དང་། དཀར་པོ་དང་། ནག་པོ་དང་། ངེས་པ་དང་། མ་ངེས་པ་དང་། དམན་པ་དང་། དམ་པ་དང་། འབྱུང་བ་དང་། མི་འབྱུང་བ་དང་། བྱས་པ་དང་། མ་བྱས་པ་དང་། བཅས་པ་དང་། མ་བཅས་པ་དང་། སྤྱི་མཐུན་དང་། ཁྱད་པར་གྱི་རྣམ་པ་རྣམས་དགོངས་པ་དམ་པ་དེ་ཁོ་ན་ཉིད་དུ་མཐར་ཕྱིན་ཅིང་ཕུལ་དུ་གྱུར་པའོ། །གྲོགས་པོ་དག་དེ་དག་ནི་བྱ་བའི་རྣལ་འབྱོར་དུ་ཤེས་པར་བྱའོ། །བྱ་བ་བྱེད་པའི་རྣལ་འབྱོར་གང་ཞེ་ན། འདི་ལྟ་སྟེ། རྟེན་པ་དང་། སྤྱོད་པ་དང་། མིག་དང་། ཁྱད་པར་དང་། མི་འགྱུར་བ་དང་། རྩལ་གྱིས་གནོན་པ་དང་། ཀུན་ནས་རིག་པའོ། །གྲོགས་པོ་དག་དེ་དག་ཀྱང་དགོངས་པ་དམ་པ་དེ་ཁོ་ན་ཉིད་དུ་མཐར་ཕྱིན་ཅིང་ཕུལ་དུ་གྱུར་པའོ། །གྲོགས་པོ་དེ་དག་གཞན་ཡང་འདི་ལྟ་སྟེ། སྦྱོར་བ་དང་། མི་གནས་པ་དང་། བསྐྱོད་པ་དང་། བསྒྱུར་བ་དང་། རྩལ་དང་། འབྱུང་བ་དང་། འཇུག་པ་དང་། སྒོ་དང་། ཤེས་པ་དང་། གནས་དང་། རིག་པ་དང་། ལམ་དང་། འཇུག་པ་དང་། ཡེ་ཤེས་དང་། ཁྱབ་པའི་རྣམ་པ་དེ་དག་ཀྱང་དགོངས་པ་དམ་པ་དེ་ཁོ་ན་ཉིད་དུ་མཐར་ཕྱིན་ཅིང་ཕུལ་དུ་གྱུར་པ་ཡིན་པའོ། །གཞན་ཡང་མཐོང་བ་དང་། མ་ཡེངས་པ་དང་། དོན་དང་། ཚིག་དང་། སྔགས་དང་། ཡི་གེའི་སྒོ་རྣམ་པ་དེ་དག་ཀྱང་དགོངས་པ་དམ་པ་དེ་ཁོ་ན་ཉིད་དུ་མཐར་ཕྱིན་ཅིང་ཕུལ་དུ་གྱུར་པའོ། །གྲོགས་པོ་དག་དེ་དག་ནི་བྱ་བ་བྱེད་པའི་རྣལ་འབྱོར་དུ་ཤེས་པར་བྱའོ། །ཀྱེ་གྲོགས་པོ་དག་བྱ་བ་མེད་པའི་རྣལ་འབྱོར་གང་ཞེ་ན། འདི་ལྟ་སྟེ། ས་དང་། བསླབ་པ་དང་། སྦྱོར་བ་དང་། རྟོག་པ་དང་། ལྟུང་བ་དང་། མ་ནོར་བ་དང་། ངེས་པ་དང་། དགོངས་པ་དང་། ཡེ་ཤེས་དང་། ཚོགས་དང་། བསྒྲུབ་པ་དང་། དངོས་གྲུབ་དང་། ཏིང་ངེ་འཛིན་དང་། ཆེན་པོ་དང་། ཡེ་ཤེས་དང་། བྱུང་ཚུལ་དང་། ཆེ་བ་དང་། རོལ་པ་དང་། རྔོམ་པ་དང་། བརྗིད་པ་དང་། མཐུ་དང་། ཆོ་འཕྲུལ་དང་། ཡོངས་སུ་རྫོགས་པའི་རྣམ་པ་དག་དགོངས་པ་དམ་པ་དེ་ཁོ་ན་ཉིད་མཐར་ཕྱིན་ཅིང་ཕུལ་དུ་གྱུར་པར་བྱའོ། །དེ་ཡང་ཇི་ལྟ་ཞེ་ན། གྲོགས་པོ་དག་འདི་ལྟ་སྟེ། ཇི་ལྟར་མཐོན་རི་རྩེ་དག་ལ། །སྒྱིད་མི་ལུག་པར་བརྩོན་འཛེགས་ན། །མཐོན་སར་སྣང་མཐོང་ཀུན་གསལ་བས། །ཐམས་ཅད་ཀུན་སྣང་ལམ་ལ་མཁས། །དེ་བཞིན་ཤེས་རབ་མཐོན་རི་ལ། །བརྩོན་པ་དམ་པས་ཀུན་བལྟས་ན། །ཀུན་གྱི་ཕུལ་དུ་ཤེས་རབ་ཕྱིན། །མཁས་པའི་ཡེ་ཤེས་ཚད་མེད་དོ། །དོན་ལ་མཁས་པར་བྱ་བ་སྟེ། །ཕུལ་དུ་བྱུང་བའི་བསླབ་པ་སྟེ། །དགོངས་པ་དམ་པ་དེ་ཉིད་ལ། །མཁས་པར་བྱ་བ་རབ་ཏུ་གཅེས། །གྲོགས་པོ་དག་དེ་དག་ནི་མཐར་ཕྱིན་པར་བྱ་བ་རབ་ཏུ་ཤེས་པར་བྱའོ། །དེ་སྐད་ཅེས་སྨྲས་པས། དམན་པའི་ལུས་ཀྱི་སེམས་དཔའ་རྣམས་ཀུན་གྱི་ཕུལ་དུ་གྱུར་པར་དགོངས་པ་དམ་པ་དེ་ཁོ་ན་ཉིད་ལ་བཟོད་པ་ཐོབ་པར་གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་བསམ་གྱིས་མི་ཁྱབ་པ་བསྟན་པའི་ལེའུ་ཞེས་བྱ་སྟེ་དྲུག་ཅུ་དགུ་པའོ།། །།