Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅོ་བརྒྱད་པ།


   
   
   
   
   
ཐོག་མར་དམ་པས་གདུང་བ་བཏོན་པའི་ལེའུ་སྟེ་གསུམ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐོག་མར་དམ་པས་གདུང་བ་བཏོན་པའི་ལེའུ་སྟེ་གསུམ་པ།next

ཐོག་མར་དམ་པས་གདུང་བ་བཏོན་པའི་ལེའུ་སྟེ་གསུམ་པ།

དེའི་ཚེ་དེའི་དུས་ན་གང་དག་མི་ཆེན་པོ་རྣམས་ནི་ཡོངས་སུ་གདུང་བ་མེད་པར་ནང་དུ་ཡང་དག་འཇོག་གོ། །བྱིས་པ་རྣམས་ནི་ཡོངས་སུ་གདུང་བར་གྱུར་ཏེ་བློ་ཡ་ཡ་པོར་གྱུར་ཅིང་ཤིན་ཏུ་བློང་ནས་རྟག་པར་རབ་ཏུ་ངུའོ། །འཇིག་རྟེན་པ་ལ་ལ་ནི་ཤི་ལ་ཐུག་པར་གྱུར། ལ་ལ་ནི་བརྒྱལ་ཅིང་འབོག་པར་གྱུར། ལ་ལ་ནི་ཁམས་ནས་རོ་བམ་པ་བཞིན་དུ་གྱུར་ཏོ། །དེ་བཞིན་དུ་ཐམས་ཅད་ཀུ་ཅོ་མང་པོ་ཕ་ཤི་བ་བཞིན་དུ་ཀྱི་ཧུད་ཀྱི་ཧུད་ཞེས་གདུང་བའི་སྒྲ་སྒྲོགས་སོ། །ལྷ་དང་བཅས་པའི་འཇིག་རྟེན་ཡང་སྣོད་ནི་ཡིད་དུ་མི་འོང་བར་གྱུར་ཏོ། །བཅུད་ཀྱང་སེམས་ཀྱི་དཀྱིལ་འཁོར་མོག་མོག་པོར་གྱུར་ཏོ། །ཆོས་འདི་བར་ཕྱོགས་པ་རྣམས་ནི་མདངས་ནག་པོར་གྱུར་ཏོ། །བདུད་ཀྱི་ཆ་འཛིན་ཅིང་གཞན་གྱི་སྡེ་པ་རྣམས་ནི་བཞིན་གྱི་དཀྱིལ་འཁོར་དཀར་པོར་གྱུར་ཏེ་ཀུན་ཀྱང་ཀྱལ་ཀའི་ཚིག་སྒྲོགས་པར་གྱུར་ཏོ། །དེ་ནས་ལོ་བརྒྱད་དང་བཅུ་གཉིས་འདས་པ་ན་དམ་པའི་རིགས་ཅན་སེམས་དཔའ་ཆེན་པོ་དག་ནང་དུ་ཡང་དག་འཇོག་ལས་ལངས་པ་དང་། འཇིག་རྟེན་གྱི་སྟོན་པ་ནུབ་པར་གྱུར་པས་རྨག་ཆད་པར་དུས་ནས་ཀུན་ཀྱང་རང་རང་གི་མངོན་པར་ཤེས་པས་ལང་ཀའི་ཡུལ་གྱི་གྲོང་རྡལ་གྱི་མཚོ་གླིང་རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེ་ལ་རྫུ་འཕྲུལ་གྱི་བྱ་བས་མངོན་པར་རབ་ཏུ་འདུས་སོ། །ཡོངས་སུ་འདུས་ནས་འདུས་པ་དེ་ཀུན་ཀྱང་མགྲིན་གཅིག་ཏུ་ཤིན་ཏུ་ཉམ་ཐག་པའི་ང་རོས་སྨེ་སྔགས་ཀྱི་གདུང་བ་བཏོན་པ་ནི་འདི་ལྟ་སྟེ། ཨེ་མའོ་ཀྱི་ཧུད་ཨེ་མའོ་བློང་། །སྟོན་པའི་སྒྲོན་མའི་འོད་ནུབ་ན། །འཇིག་རྟེན་མུན་པ་གང་གིས་སེལ། །ཚད་མའི་ཞལ་དེ་མི་བཞུགས་པས། །ཚད་མས་གསུངས་པའི་བསྟན་པ་ལ། །འཇུག་པར་འཚལ་བའི་འགྲོ་བ་རྣམས། །ལོག་པར་འཇུག་པར་མི་འགྱུར་རམ། །ཚད་མར་དམ་བཅས་གང་ཟག་གིས། །དེས་མ་རྙེད་པའི་གང་ཟག་ལ། །ཕན་པར་བྱ་ཕྱིར་བཀའ་བཀྲོལ་བས། །གཏན་ལ་ཕེབས་པར་འགྱུར་ཞིག་གུ། །ལེགས་ཉེས་འབྱེད་པའི་སྤྱན་ཟུམ་པས། །བཀའ་ཉིད་ཁྱད་དུ་གསོད་པ་ཡི། །སྐྱོན་གྱི་སྤྱི་གཙུག་མཐར་ཕྱིན་པས། །ལོག་སྟོབས་འཕེལ་བར་མི་འགྱུར་རམ། །ལོག་པའི་བསྟན་པའི་སྤྲིན་འཁྲིགས་པས། །བདེན་པ་གཉིས་ཀྱི་ཉི་ཟླ་ནུབ། །འགྲོ་བ་གང་ཞིག་ལམ་ཚོལ་བ། །མུན་པར་འཁྱམས་པར་མི་འགྱུར་རམ། །སྟོན་པ་མྱ་ངན་འདས་འོག་ཏུ། །བདུད་དང་སྲིན་པོ་མུ་སྟེགས་དང་། །གནོད་སྦྱིན་འབྱུང་པོ་མི་མ་ཡིན། །མ་རུངས་གདུག་པ་སུས་འདུལ་འགྱུར། །དྲི་མེད་བསྟན་པའི་བདུད་རྩི་འདི། །ནུབ་ན་ཤིན་ཏུ་མ་རུང་ན། །རྩལ་དང་ལྡན་པ་སུ་ཞིག་གིས། །འབར་ཞིང་སྣང་བར་བྱེད་པར་འགྱུར། །བསླབ་པ་དམ་པའི་རིན་པོ་ཆེ། །བྲལ་ན་ཤིན་ཏུ་མ་རུང་ན། །སྐྱེས་བུ་དམ་པ་གང་ཞིག་གིས། །ཚུལ་རྣམས་འཛིན་པར་བྱེད་པར་འགྱུར། །སྟོན་པ་མི་བཞུགས་དེ་རྗེས་ན། །སྟོན་པའི་སློབ་མ་ཇི་སྙེད་པ། །འཕགས་དང་གང་ཟག་ཐ་དད་པ། །ལུང་བསྟན་འབྱུང་བ་གང་སུ་ཞིག །བསྟན་པ་ནམ་མཁའ་འདྲ་བ་ལ། །མོས་པ་ཐ་དད་པར་བཟུང་ནས། །ཡིན་དང་མ་ཡིན་ཆ་འཛིན་ཅིང་། །རྩོད་པ་འཕེལ་བར་མི་འགྱུར་རམ། །དེ་ཉིད་ངེས་པར་རིགས་གཅིག་ལ། །རིགས་མི་མཐུན་པར་ཐ་དད་སྤྱོད། །རིགས་གཅིག་ཐ་དད་རིགས་རྣམས་སུ། །བསླད་ཅིང་བཅོས་པར་མི་འགྱུར་རམ། །རིན་ཐང་མེད་པའི་རིན་པོ་ཆེ། །མི་མཁས་གང་ཟག་ཐ་དད་པས། །ཉོན་མོངས་འདོད་པས་ཁྲིད་དབང་གིས། །དུག་དང་བརྗེ་བར་མི་འགྱུར་རམ། །ཆོས་ཀྱི་རྒྱལ་པོ་སྟོན་པ་སྟེ། །འདི་སྔོན་ཕན་ཆད་ཞལ་བཞུགས་ཚེ། །མ་རུངས་པ་རྣམས་འཚེ་བགྱིད་ན། །གདུག་པ་དར་བར་མི་འགྱུར་རམ། །གང་འདིར་བསྟན་པ་གནས་པའི་ཡུན། །ཇི་སྲིད་གཅིག་ཏུ་གནས་པར་འགྱུར། །གང་འདིར་སྔར་འབྱུང་གང་སྔར་འབྱུང་། །ཕྱིས་འབྱུང་དུས་འདི་ཇི་ལྟར་འགྱུར། །སྟོན་པའི་བསྟན་པ་ཐ་མའི་ཚེ། །ངེས་པར་ཇི་ལྟར་འགྱུར་ཞིག་གུ། །བསླབ་པ་འཛིན་པའི་སློབ་མ་རྣམས། །ཐ་མ་ཇི་ལྟར་འགྱུར་ཞིག་གུ། །འདི་ནས་མྱ་ངན་འདས་འོག་ཏུ། །གང་ལྟར་སུ་ཡི་སྟོན་པར་གཤེགས། །ཞིང་ཁམས་ཕྱོགས་ནི་གང་ན་བཞུགས། །དེ་ན་བསྟན་པ་ཅི་ཞིག་སྒྲོགས། །ང་ཡོད་འཇིག་རྟེན་མགོན་མེད་རྣམས། །མགོན་དང་སྐྱབས་སུ་གང་ཞིག་འགྱུར། །འཕྲུལ་གྱི་བློ་དང་གྲོས་སྟོར་ན། །བློ་དང་གྲོས་ནི་གང་ནས་བཙལ། །ངེས་པའི་དོན་འདི་མ་རྙེད་ན། །ང་ཡོད་ངེས་དོན་གང་ལས་གཟུང་། །མཆོད་གནས་ཡིད་རྟེན་མི་བཞུགས་ན། །སྐུ་གདུང་ཇི་ལྟར་འགྱུར་ཞིག་གུ། །སླད་ཀྱིས་མཆོད་གནས་ཅི་ལ་བགྱི། །ད་ལྟར་སྟོན་པ་འདས་འོག་ཏུ། །གདུང་འཚོབ་སྐྱེས་བུ་འབྱུང་འགྱུར་རམ། །ཨེ་མའོ་ཀྱི་ཧུད་ཨེ་མའོ་བློང་ཞེས་ཡོངས་སུ་གདུང་བ་བཏོན་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་ཐོག་མར་དམ་པས་གདུང་བ་བཏོན་པའི་ལེའུ་སྟེ་གསུམ་པའོ།། །།


previousཐོག་མར་དམ་པས་གདུང་བ་བཏོན་པའི་ལེའུ་སྟེ་གསུམ་པ།next