Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅོ་བརྒྱད་པ།


   
   
   
   
   
   
   
ལུང་དམ་པ་བགྲོ་བར་གསོལ་བ་བཏབ་པའི་ལེའུ་སྟེ་ལྔ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལུང་དམ་པ་བགྲོ་བར་གསོལ་བ་བཏབ་པའི་ལེའུ་སྟེ་ལྔ་པ།next

ལུང་དམ་པ་བགྲོ་བར་གསོལ་བ་བཏབ་པའི་ལེའུ་སྟེ་ལྔ་པ།

དེ་ནས་དེའི་ཚེ་དེ་ཉིད་དུ། །གནོད་འདུལ་རྒྱལ་པོས་དེ་གསུངས་ནས། །མི་ཡི་གནས་ཀྱི་འཇིག་རྟེན་ཁམས། །གླིང་བཞི་པ་ལས་འཛམ་གླིང་གི། །དྲག་ཤུལ་ཅན་ཞེས་བྱ་བའི་རི། །གནོད་སྦྱིན་འདུ་བའི་ས་ཡིན་ཏེ། །ཆོས་འཛིན་རིགས་ཀྱི་གྲུབ་གནས་སུ། །ཐུགས་རྗེའི་ས་ལ་མངོན་སྤྲུལ་གཤེགས། །ས་རྣམས་ཡོངས་སུ་གཡོས་འགྱུར་ཏེ། །རྨད་དུ་བྱུང་བའི་ཆོ་འཕྲུལ་གྱིས། །ཐམས་ཅད་སྦྱངས་ཏེ་བདེ་བར་སྣང་། །སྔོན་དུ་སྣང་བའི་སྐལ་ལྡན་ཅན། །དམན་པའི་ལུས་འཛིན་དམ་པའི་རིགས། །མི་ལས་རྒྱལ་རིགས་དྲ་མ་ཆེ། །རྒྱལ་བུ་རྒྱལ་བྱིན་ལྟས་སུ་ཤར། །དེ་ཚེ་དམ་པའི་རིགས་ཅན་རྣམས། །དགའ་བ་དང་བཅས་ཐེ་ཚོམ་སྐྱེས། །སྤོབས་པ་ཆེན་པོའི་དྲི་བ་དྲིས། །ཨེ་མའོ་ངོ་མཚར་རྨད་རེ་ཆེ། །སྐྱེས་བུ་ཆེན་པོ་ཁྱོད་སུ་ཞིག །གང་ནས་བྱོན་ཏེ་གང་ལྟར་བྱུང་། །གང་ལ་བརྟེན་ནས་གང་དུ་བྱོན། །དོན་གྱི་ཆེད་ཀ་ཅི་ཞེས་དྲིས། །ཆོ་འཕྲུལ་ཆེན་པོས་འདི་སྐད་དུ། །ང་ནི་ཅིས་ཀྱང་མི་བསྐྱོད་དེ། །མི་འཁྲུག་རྡོ་རྗེ་སེམས་དཔའ་ཡིན། །སྙིང་རྗེས་གཡོ་ཞིང་བསྐྱོད་པས་ན། །སྲིད་པ་གསུམ་གྱི་གཉེན་གཅིག་པོ། །སྟོང་པ་ཆེན་པོ་ང་ཡི་ཡུལ། །རྡོ་རྗེ་རིགས་ཆེན་ང་ཡི་གདུང་། །ཕ་ནི་ཐབས་མཆོག་དཔག་ཏུ་མེད། །མ་ནི་ཤེས་རབ་བརྗོད་ལས་འདས། །ཐོག་མ་མེད་པའི་དུས་ཀྱི་ཚེ། །ང་ཡི་ཡིད་བཞིན་ནོར་བུ་སྟོར། །ནོར་བུ་རིན་ཆེན་བདུད་རྩི་དེ། །ཡོད་པར་མ་ཤེས་སྟོར་བར་ཚོར། །དེ་ཚེ་ཀུན་ནས་དབུལ་བ་དང་། །ཐར་མེད་ནད་ཀྱིས་གཟིར་འགྱུར་ཞིང་། །མུན་པ་མུན་ནག་སྨག་ཏུ་འཁྱམས། །བགྲོད་པར་བྱ་བའི་ལམ་ཡང་སྟོར། །གདུངས་པར་གྱུར་ཀྱང་དེར་མ་ཤེས། །དེ་ཚེ་ང་ཡི་བཤེས་གཉེན་མཆོག །བྱམས་མགོན་དམ་པ་ཞིག་གི་བསྟན། །ཨེ་མའོ་ཁྱོད་ཅི་མི་ཤེས་སམ། །མཐོང་ཡུན་ཀུན་དུ་བདེ་པ་ཡི། །དོན་སྲིད་ཆེན་པོ་འབྱུང་འགྱུར་བ། །ནོར་བུ་རིན་ཆེན་མ་བརླག་གམ། །འོན་ཏེ་ཡོད་པར་མི་ཤེས་སམ། །འདི་ཅི་ཆད་པར་འདུག་གམ་ཅི། །དེ་སྐད་བཤེས་གཉེན་མཆོག་དེས་སྦྲན། །དེ་ཚེ་ང་ཡིས་སླར་སྦྲན་པ། །དོན་སྲིད་ཆེན་པོ་འབྱུང་བ་དེ། །ཡོད་པར་མ་ཤེས་སྟོར་བར་ཚོར། །འདི་དང་ཕྲད་པར་བྱ་ཡི་ཐབས། །བཤེས་གཉེན་ཁྱོད་ཀྱིས་ལུང་སྟོན་ཅིག །དམ་པ་དེ་ཡིས་དམིགས་བསྟན་པ། །དེ་དང་མྱུར་དུ་ཕྲད་འདོད་ན། །བཙལ་བའི་ཐབས་ལ་བརྩོན་བྱ་དགོས། །ས་མཁན་དམ་པས་དམིགས་མཚོན་ཏེ། །མུན་སྣང་ཁམས་དང་ས་ཁམས་དང་། །སྣ་ཚོགས་ལམ་རྣམས་བགྲོད་བྱས་ནས། །བཙལ་ཀྱང་གཞན་ནས་མི་རྙེད་དེ། །རང་གིས་ཁམས་ཉིད་ནས་འབྱུང་། །དེ་ནི་རིན་ཆེན་སྔར་རྙེད་པའི། །དམ་པ་རྣམས་ཀྱི་ཁྱིམ་ཡིན་ཏེ། །དེ་ནི་སྔར་རྙེད་གྱུར་པ་ཡི། །རྙེད་པ་རྣམས་ཀྱི་རྙེད་གནས་ཡིན། །དེ་སྐད་ཐོས་ནས་དེ་ཚེ་ངས། །གང་ཚེ་བཙལ་བའི་ཆེད་ཕྱིར་དུ། །དམ་པ་དེ་ལ་ལམ་ལྟོས་ཏེ། །བློ་གྲོས་དམ་པས་ངེས་བཅད་ནས། །ཐེག་ཆེན་ཅང་ཤེས་དེ་ཞོན་ཏེ། །མུན་སྣང་གཉིས་ཀྱི་ཁམས་ནས་འོངས། །གཅན་འཕྲང་ཆུ་བོ་བཞི་རྒལ་ཏེ། །སྣ་ཚོགས་ལམ་བགྲོད་ཀུན་བཙལ་ནས། །དམ་པ་རྣམས་ཀྱི་ལམ་དུ་ཞུགས། །ས་དང་རྣམ་ཐར་ལམ་བགྲོད་དེ། །མྱ་ངན་འདས་པའི་གྲོང་ཁྱེར་བསྙགས། །ནོར་བུ་རིན་ཆེན་རྩད་བཅད་ན། །མ་བྱུང་མ་རྙེད་རང་ཉིད་ཀྱི། །ཆོས་ཉིད་དབྱིངས་ཀྱི་ཁྱིམ་ནས་རྙེད། །རྙེད་པ་ཉིད་ན་རྙེད་མེད་དེ། །ལྟོར་བ་ཉིད་ནའང་སྟོར་བྲལ་མེད། །ཡོད་མིན་མེད་མིན་སྟོར་རྙེད་མེད། །གཞན་ནས་མ་བྱུང་རང་འབྱུང་བར། །ཤེས་ལ་རྙེད་བཏགས་མ་ཤེས་ལ། །སྟོར་ཞེས་ཐ་སྙད་བཏགས་པར་ཟད། །ཡོད་དང་སྟོར་དང་རྙེད་པའི་དུས། །ཐོག་མ་མེད་པའི་དུས་ནས་སོ། །དེ་ལྟར་ཆོས་ཉིད་མེད་པ་ལས། །སྤྲུལ་པ་སྣང་བའི་དུས་འདིར་ནི། །མུན་སྣང་གཉིས་ཀྱི་ཁམས་འདིར་འོངས། །ང་ནི་ཐབས་ཀྱི་མཉམ་པ་མཁན། །འཁོར་བའི་ཆུ་བོ་མཐའ་མེད་ལས། །སྲིད་གསུམ་བསྒྲལ་བར་དམ་བཅས་ཀྱིས། །ཐར་པར་འདོད་བ་ལམ་འདིར་ཤོག །ང་ནི་ཐབས་ཀྱི་མིག་མཁན་ཏེ། །འཇིག་རྟེན་ལོང་བ་དཔག་མེད་རྣམས། །ལིང་ཐོག་བསལ་བར་དམ་བཅས་ཀྱིས། །གང་ཞིག་མཐོང་འདོད་ལམ་འདིར་ཤོག །ང་ནི་ཐབས་ཀྱི་སྨན་པ་སྟེ། །གྲོང་ཁྱེར་གསུམ་གྱི་ནད་པ་རྣམས། །གཅོད་རྙིང་སྦྱང་བར་དམ་བཅས་ཀྱིས། །གང་ཞིག་བདེ་འདོད་ལམ་འདིར་ཤོག །ང་ནི་ཐབས་ཀྱི་ས་མཁན་ཏེ། །འགྲོ་བ་ལམ་ལོག་ལམ་སྟོར་རྣམས། །མ་ནོར་ཁྲིད་པར་དམ་བཅས་ཀྱིས། །ཡང་དག་ལམ་འདོད་ལམ་འདིར་ཤོག །ང་ནི་ཐུགས་རྗེ་སྤྱན་རས་མཁན། །འཁོར་བའི་དགྲ་དཔུང་འཇིགས་པ་ལས། །ཐམས་ཅད་བསྐྱབ་པར་དམ་བཅས་ཀྱིས། །འཇིགས་དང་བྲལ་འདོད་ལམ་འདིར་ཤོག །ང་ནི་རྡོ་རྗེ་རྫོང་ཆེན་ཏེ། །འཁོར་བའི་གཡུལ་ཆེན་དམག་དཔུང་ལས། །འགྲོ་བའི་འཁྲས་སར་དམ་བཅས་ཀྱིས། །གང་ཞིག་མཁར་འདོད་ལམ་འདིར་ཤོག །ང་ནི་ཐབས་ཀྱི་ཚོང་དཔོན་ཏེ། །འདོད་པ་རྒྱ་མཚོས་མི་ངོམས་རྣམས། །གཏེར་ཆེན་སྦྱིན་པར་དམ་བཅས་ཀྱིས། །གང་ཞིག་གཏེར་འདོད་ལམ་འདིར་ཤོག །ང་ནི་ཐབས་ཀྱི་སྒྲོན་མ་སྟེ། །མུན་ནག་སྨག་ཏུ་འཁྱམས་པ་རྣམས། །མུན་ནག་བསལ་བར་དམ་བཅས་ཀྱིས། །གང་ཞིག་སྣང་འདོད་ལམ་འདིར་ཤོག །ང་ནི་ཡིད་བཞིན་ནོར་བུ་སྟེ། །ཡང་དག་ཡིད་བཞིན་འདོད་པ་རྣམས། །ཡིད་བཞིན་བསྐང་བར་དམ་བཅས་ཀྱིས། །ལྷུན་གྱིས་གྲུབ་འདོད་ལམ་འདིར་ཤོག །ང་ནི་བཀའ་ཡི་ལྡེ་མིག་སྟེ། །བཀའ་སྒྲོམ་ཐར་རམ་གསང་བ་རྣམས། །རྣམ་པར་འབྱེད་པར་དམ་བཅས་ཀྱིས། །གང་ཞིག་གྲོལ་འདོད་ལམ་འདིར་ཤོག །ང་ནི་བཀའ་ཡི་འགྲེལ་པ་སྟེ། །གསུང་གི་གླེགས་བམ་ཟབ་མོ་རྣམས། །ངེས་པར་དགྲོལ་བར་དམ་བཅས་ཀྱིས། །གང་དག་ཤེས་འདོད་ལམ་འདིར་ཤོག །རྣམ་དག་ལམ་ཆེན་ཀུན་སྒྲོལ་འདིར། །སྐལ་ལྡན་གང་ཞིག་སུ་བཞུགས་པ། །ནོར་བུ་རིན་ཆེན་འོད་འབར་བ། །ངེས་པར་འཆར་གྱིས་བརྩོན་པར་གྱིས། །དེ་ཉིད་སེམས་ཀྱི་མེ་ལོང་སྟེ། །མངོན་སུམ་གསལ་བར་རྟོགས་མ་ཐག །འགྲོ་བའི་ལུས་ལ་སངས་རྒྱས་ཡིན། །རྡོ་རྗེ་གསང་ཆེན་གསང་བ་ཡི། །ངེས་དོན་དམ་པའི་མཛོད་མཆོག་རྣམས། །འདིར་བགྲོས་གསལ་བར་བཤད་སྦྱར་བས། །ལྷ་དང་མི་ཡི་རིག་འཛིན་ལས། །རིམ་པར་བརྒྱུད་དེ་གྲགས་པར་འགྱུར། །ལྷ་མི་འཇིག་རྟེན་ཐམས་ཅད་ཀྱི། །མུན་པའི་གདུང་བ་ཀུན་བསལ་ནས། །སེམས་ཀྱི་དཀྱིལ་འཁོར་གསལ་བར་འགྱུར། །ཅི་ཕྱིར་མུན་པའི་གདུང་བར་ཞུགས། །ཐུབ་པ་མྱ་ངན་འདས་གདུང་བ། །དེ་ནི་ནམ་མཁའི་སྐུ་མངའ་བ། །འདའ་དང་མི་འདའ་མི་མངའ་སྟེ། །འཕོ་འགྱུར་མེད་པས་ནམ་མཁའ་བཞིན། །དེ་སྐད་སྤྲུལ་པའི་སྒྲ་འབྱུང་བས། །སྔོན་དུ་བྱུང་བའི་རིགས་ཅན་རྣམས། །མཆོག་ཏུ་དགའ་བ་ཆེར་སྐྱེས་ཏེ། །དགའ་མགུ་རངས་པའི་བསམ་པ་ཡིས། །ལུས་བཏུང་ཤིན་ཏུ་གུས་སྦྱར་ནས། །སྤྱན་སྔར་འདུག་སྟེ་འདི་སྐད་གསོལ། །མཚན་མོའི་མུན་ནག་སྤྲིན་རུམ་ནས། །གློག་འགྱུར་བར་སྣང་སྟོན་ལྟ་བུར། །ཐོག་མ་ཐ་མ་མེད་པ་ཡི། །དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ལས། །རྣམ་དག་ལམ་ཆེན་དེ་ཉིད་དུ། །བྱུང་བའི་སྐྱེས་བུ་དོན་གྲུབ་ཁྱོད། །དམ་པ་རྣམས་ཀྱི་གསང་འཛིན་ཅིང་། །གསང་བ་པ་ཡི་བདག་པོར་གྲགས། །བཀའ་རྣམས་བགྲོ་བར་ཁྱོད་བསྔགས་པས། །ཁྱོད་ནི་བཀའ་འགྲེལ་ཆེན་པོར་གྲགས། །སེམས་ཀྱི་དཀྱིལ་འཁོར་ཐམས་ཅད་ལ། །མཛོད་གསུམ་གསང་བའི་ཉི་ཤར་བས། །ཤེས་བྱའི་མུན་པ་ཀུན་བསལ་ཕྱིར། །ཁྱོད་ནི་གསལ་བའི་ཉི་མར་གྲགས། །གདུལ་དཀའ་མ་ལུས་ཀུན་འདུལ་ཞིང་། །བདུད་ཀྱི་བདུད་སྡེ་བདུད་རྣམས་འཇོམས། །འཇིགས་པའི་ཚོགས་ཀྱང་འཇོམས་བྱེད་པས། །ཁྱོད་ནི་བདུད་ཀྱི་བདུད་དུ་གྲགས། །དེ་བཞིན་ཉིད་ཀྱི་ངོ་བོ་ཉིད། །སེམས་ཉིད་རང་བཞིན་འོད་གསལ་བ། །ཆོས་ཀུན་གཟུགས་བརྙན་སྣང་བས་ན། །ཆོས་ཀྱི་མེ་ལོང་ཞེས་ཀྱང་གྲགས། །དུག་འཇོམས་སྨན་གྱི་དཀྱིལ་འཁོར་གྱིས། །ཟུག་རྔུ་འབྱིན་པ་བླ་ན་མེད། །ནད་དོ་ཅོག་གི་དགྲར་གྱུར་པས། །ཁྱོད་ནི་སྨན་པའི་རྒྱལ་པོར་གྲགས། །དགའ་མགུ་རངས་པར་མཛད་པས་ན། །ཁྱོད་ནི་གདུང་བ་སེལ་བར་གྲགས། །འདོད་པ་ཡིད་བཞིན་སྐོང་བས་ན། །ཁྱོད་ནི་ཡིད་བཞིན་ནོར་བུར་གྲགས། །དམ་པ་རྣམས་དང་མཐུན་མཛོད་ལ། །བདག་ཅག་རིག་པ་འཛིན་རྣམས་ལ། །དམ་པའི་སྤྲུལ་པ་གང་ལྟར་ནུབ། །དམ་པའི་སྒྲོན་མ་ཇི་ལྟར་བཀོད། །དམ་པའི་གསང་ལུང་ཇི་ལྟར་འབྱུང་། །གསང་བ་རྒྱུད་ཀྱི་བགྲོ་བ་མཛོད། །དགོངས་པའི་ཚིག་གསུམ་བགྲོ་བ་མཛོད། །ནམ་མཁའི་རྡོ་རྗེ་བགྲོ་བ་མཛོད། །ཅེས་གསོལ་བ་བཏབ་བོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་ལུང་དམ་པ་བགྲོ་བར་གསོལ་བ་བཏབ་པའི་ལེའུ་སྟེ་ལྔ་པའོ།། །།


previousལུང་དམ་པ་བགྲོ་བར་གསོལ་བ་བཏབ་པའི་ལེའུ་སྟེ་ལྔ་པ།next