Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅོ་བརྒྱད་པ།


   
   
   
   
   
   
   
   
   
རྡོ་རྗེ་སེམས་དཔའི་ཆོ་འཕྲུལ་ཡོངས་སུ་བཀོད་པའི་ལེའུ་སྟེ་བདུན་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་སེམས་དཔའི་ཆོ་འཕྲུལ་ཡོངས་སུ་བཀོད་པའི་ལེའུ་སྟེ་བདུན་པ།next

རྡོ་རྗེ་སེམས་དཔའི་ཆོ་འཕྲུལ་ཡོངས་སུ་བཀོད་པའི་ལེའུ་སྟེ་བདུན་པ།

ཐེག་པ་ཆེན་པོ་ངེས་པར་འབྱུང་བའི་ཚུལ་ལས་གང་རྨོངས་པའི་གདུང་བ་སེལ་བའི་གཏམ་རྒྱུད་བརྗོད་པ་ཆོས་ཀྱི་ཕྱག་རྒྱའི་ཡེ་ཤེས་རྣམ་པར་བགྲོས་པ་སྟེ་བྱུང་ཚུལ་བསྟན་པ་དང་པོའོ།། །།དེ་ནས་ལང་ཀའི་བདག་པོས་སྔོན་དུ་གནང་བའི་ཚིག་བཅུ་གཉིས་པའི་གཉིས་པ་གང་དུ་སྒྲོན་མ་ཡོངས་སུ་བཀོད་པ་ན་ཡང་འབྱུང་ཞེས་ལུང་བསྟན་པ་ཡོངས་སུ་དྲི་བའི་ཕྱིར་གསང་བ་པའི་བདག་པོ་ལ་གསོལ་པ། གསང་བ་པའི་བདག་པོ་སྔོན་བདག་གིས་ཕྱིན་ཅི་མ་ལོག་པར་ཐོས་པ། གང་རྨོངས་པ་རྣམས་ཀྱི་གདུང་བ་སེལ་ཅིང་སེམས་ཅན་རྣམས་ཀྱི་སེམས་ཀྱི་དཀྱིལ་འཁོར་གསལ་བར་བྱེད་པ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་བློ་གྲོས་དམ་པའི་མཛོད། དེ་བཞིན་གཤེགས་པ་རྣམས་ཀྱི་དགོངས་པ་དེ་ཁོ་ན་ཉིད་གསང་བ་དམ་པ་ཕྱིན་ཅི་མ་ལོག་པ་ཡང་དག་པའི་ལྟ་བ། སངས་རྒྱས་ཀུན་གྱིས་བསྔགས་པ། ཐེག་པ་ཆེན་པོ་དེ་འདེགས་པའི་ཡུལ་ཚད་མ་ནུབ་པར་གྱུར་ཕན་ཆད་དུ་འབྱུང་བར་འགྱུར་ཞིག་གུ་ཞེས་དྲིས་པ་ལས། གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ་ཅི་ག་འདི་ཇི་སྙམ་དུ་སེམས། ཁྱོད་མི་ཤེས་སམ། ཡུལ་ཚད་མ་ཉིད་ཀྱིས་བཀའ་སྩལ་གྱིས་ཀུན་ཛ་ར་ཆོས་ཀྱི་སྤུན་ལ་བཀའ་སྩལ་པ་འདི་ལྟ་སྟེ། རིག་པ་འཛིན་པ་ཁྱོད་ཀྱི་དྲི་བ་འདི་ལྟ་སྟེ། དེ་ཁོ་ན་ཉིད་གསང་བ་དམ་པ་དེ་ནི་གནས་སྐབས་གཉིས་དང་བཅུར་འབྱུང་བ་སྟེ། གང་རྨོངས་པ་གདུང་བ་སེལ་བ་ན་ཡང་འབྱུང་། གང་འཇིག་རྟེན་གྱི་སྒྲོན་མ་ཡོངས་སུ་བཀོད་པ་ན་ཡང་འབྱུང་། གང་གིས་ངེས་པ་རྙེད་པ་ན་ཡང་འབྱུང་། སྙིང་པོ་བྱང་ཆུབ་ཉིད་དུ་ངེས་པ་ན་ཡང་འབྱུང་། དགོངས་པ་ངེས་པར་འགྲེལ་པ་ན་ཡང་འབྱུང་། གདུལ་བྱ་སྐབས་ལ་བབ་པའི་ཆེད་ན་ཡང་འབྱུང་། བྱིན་གྱིས་བརླབས་ལས་སྣང་བ་ན་ཡང་འབྱུང་། བརྒྱུད་པ་ཐབས་ཀྱིས་གྲགས་པ་ན་ཡང་འབྱུང་། གང་གི་ཆེད་དུ་མཛད་པ་ན་ཡང་འབྱུང་། ལུང་ཆེན་ངེས་པར་བསྟན་པ་ན་ཡང་འབྱུང་། ལས་རྒྱུད་ཡོངས་སུ་གཅོད་པ་ན་ཡང་འབྱུང་། དགོངས་པ་རྣམ་པར་བགྲོ་བ་ན་ཡང་འབྱུང་སྟེ། དེ་དག་ནི་ཐམས་ཅད་དང་ཐམས་ཅད་ནས་ཐམས་ཅད་དུ་ཡོངས་སུ་རྣམ་པར་སྣང་ངོ་། །སྣང་བར་གྱུར་ཏོ། །སྣང་བར་འགྱུར་རོ་ཞེས་ལུང་བསྟན་པ་གང་དུ་གྲོགས་པ་མི་ཤེས་སམ་ཞེས་སྨྲས་པ་ལས། ལང་ཀའི་བདག་པོས་སྲས་པ། ཨེ་མའོ་གསང་བ་པའི་བདག་པོ་དེ་ནི་བདག་གིས་ཐོས་པ་ད མ་པ་ཐོས་སོ། །ཐོས་པའི་མཆོག་ཐོས་སོ། །གསང་བ་པའི་བདག་པོ་ཡོངས་སུ་རྨོངས་པ་གདུངས་པ་ནི་སངས་པ་ལྟ་ན། སྒྲོན་མ་ཡོངས་སུ་བཀོད་པ་ན་ཡང་འབྱུང་ཞེས་པ་ཇི་ལྟ་བ་བཞིན་དུ་གྲགས་པ་ལགས། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་ད་ལྟར་ཡོངས་སུ་འདས་པ་འདི་སྒྲོན་མ་བཀོད་པ་ཞེས་བྱ་བར་འགྱུར་རམ། འདས་པ་འདི་ཡང་མི་མཇེད་ཀྱི་འཇིག་རྟེན་གྱི་ཞིང་ཁམས་འདི་འབའ་ཞིག་གི་སྒྲོན་མ་སངས་རྒྱས་མྱ་ངན་ལས་འདས་སམ། འོན་ཏེ་འཇིག་རྟེན་གྱི་ཁམས་མཐའ་དག་ན་ཞིང་ཁམས་ཇི་སྙེད་པའི་སྒྲོན་མ་བཀོད་པའི་སངས་རྒྱས་མྱ་ངན་ལས་འདའ་བར་འགྱུར་ཞེས་དྲིས་པ་ལས། གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ་དེ་ཇི་སྙམ་དུ་སེམས། འདི་ཡང་སྒྲོན་མ་ཞེས་བྱ་སྟེ། ད་ལྟར་འདས་པ་ནི་ཞིང་ཁམས་མཐའ་དག་གི་སངས་རྒྱས་ལྟ་ཞོག་འཛམ་བུའི་གླིང་བྱེ་བ་ཕྲག་ས་ཡའི་སངས་རྒྱས་ལྟ་ཡང་ཞོག །འཛམ་བུའི་གླིང་གཅིག་གི་སངས་རྒྱས་གཅིག་ཡོངས་སུ་མྱ་ངན་ལས་འདས་པར་ཟུང་ཤིག །དེ་ཅིའི་ཕྱིར་ཞེ་ན། ཞིང་ཁམས་འདི་ནི་སྤྲུལ་པའི་སངས་རྒྱས་ཉག་གཅིག་གི་ཞིང་ཁམས་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཇི་སྙེད་པ་འཇིག་རྟེན་གྱི་ཁམས་གཞལ་དུ་མེད་པ་ན་སྒྲོན་མའི་བྱ་བ་མཛད་དོ། །དེ་དག་ཇི་ལྟ་བ་དེ་ལྟར་སྤྲུལ་པའི་སངས་རྒྱས་རྡུལ་སྙེད་ཀྱང་དེ་བཞིན་དུ་བལྟའོ། །དེ་ནས་ལང་ཀའི་མངའ་བདག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དྲིས་པ། གསང་བ་པའི་བདག་པོ་མི་མཇེད་ཀྱི་ཞིང་ཁམས་འཛམ་བུའི་གླིང་གཅིག་གི་སྤྲུལ་པའི་སངས་རྒྱས་ཉག་གཅིག་མྱ་ངན་ལས་འདས་པ་འདི་སངས་རྒྱས་གང་གི་སྤྲུལ་པར་ཡོངས་སུ་གཟུང་བར་བགྱི། གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ་འདི་ནི་རྡོ་རྗེ་སེམས་དཔའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་ལས་སྤྲུལ་པ་ཆ་གཅིག་འབའ་ཞིག་ཁོ་ནར་ཟུང་ཤིག །སྨྲས་པ། གསང་བ་པའི་བདག་པོ་ཞིང་ཁམས་འདིར་ཤཱཀྱ་ཐུབ་པ་ཞེས་བྱ་བར་གྲགས་ན་འདི་ཇི་ལྟར་ཡོངས་སུ་ཤེས་པར་བགྱི། སྨྲས་པ། ལང་ཀའི་བདག་པོ་དེ་ནི་རྡོ་རྗེ་སེམས་དཔའི་སྤྲུལ་པའི་བླ་དགས་འབའ་ཞིག་གོ། །ལང་ཀའི་བདག་པོ་དེ་ཅིའི་ཕྱིར་ཞེ་ན། རྡོ་རྗེ་སེམས་དཔའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པས་འཁོར་བ་བསམ་གྱིས་མི་ཁྱབ་པའི་དཔུང་གཏན་བཅོམ་པའི་ཕྱིར་ཐུབ་པ་ཆེན་པོ་ཞེས་ཡོངས་སུ་གྲགས་སོ། །ཇི་ལྟར་འཇིག་རྟེན་དྲུག་གི་ཕྱོགས་བཅུར་ཡང་ཐུབ་པ་ཆེན་པོ་ཞེས་བྱ་བར་ཡང་གྲགས་པ་ནི་འདི་ལྟ་སྟེ། ལྷའི་གནས་སུ་ཐུབ་པ་ཆེན་པོ་སྲིད་ཐུབ་འཛིན་ཞེས་བྱ་བར་གྲགས་སོ། །ལྷ་མ་ཡིན་གྱི་གནས་སུ་ཐུབ་པ་ཆེན་པོ་རྣམ་པར་རྒྱལ་བ་ཞེས་བྱ་བར་གྲགས་སོ། །མིའི་གནས་སུ་ཐུབ་པ་ཆེན་པོ་ཤཱཀྱ་སེང་གེ་ཞེས་བྱ་བར་གྲགས་སོ། །བྱོལ་སོང་གི་གནས་སུ་ཐུབ་པ་ཆེན་པོ་རྣམ་པར་གནོན་པ་ཞེས་བྱ་བར་གྲགས་སོ། །ཡི་དྭགས་ཀྱི་གནས་སུ་ཐུབ་པ་ཆེན་པོ་རྣམ་པར་སྣང་བྱེད་ཅེས་བྱ་བར་གྲགས་སོ། །དམྱལ་བའི་གནས་སུ་ཐུབ་པ་ཆེན་པོ་ཆོས་ཀྱི་རྒྱལ་པོ་ཞེས་བྱ་བར་གྲགས་སོ། །ཀྱེ་ལང་དཀའི་བདག་པོ་དེར་ཡང་མ་ཟད་དེ། དེ་ཇི་ལྟ་བདེ་ལྟར་དེ་བཞིན་དུ་མི་མཇེད་ཀྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན་ཐུབ་པ་དྲུག་གི་སྒྲོན་མ་ཡོངས་སུ་སྣང་བ་དེ་ལྟ་དེ་ལྟར་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པའི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ་ན་རྡུལ་སྙེད་ཀྱི་ཐུབ་པ་དྲུག་གི་སྒྲོན་མ་མཐའ་ཡས་པར་སྣང་བ་ཡང་འདི་ལྟ་སྟེ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གླིང་བཞི་བ་སྟོང་ཕྲག་བཅུ་གཉིས་འདས་པ་ན་འཇིག་རྟེན་གྱི་ཁམས་དྲི་མ་མེད་པ་ཞེས་བྱ་བ་ཞིང་ཁམས་དེ་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། དེ་ན་གནས་པའི་འགྲོ་བ་རྣམས་ཚེ་དང་ལོངས་སྤྱོད་ཐམས་ཅད་སུམ་ཅུ་རྩ་གསུམ་དང་མཉམ་པ། བར་མ་དོར་འཆི་བ་མེད་ཅིང་བརྫུས་ནས་སྐྱེ་བ་ཤ་དག་ཀྱང་འདོད་པ་ཐམས་ཅད་བསམས་པས་འགྲུབ་སྟེ། དེ་ན་སྦྱིན་པ་ཡང་མེད། གཏོང་བ་ཡང་མེད། ལེན་པ་དང་སློང་བ་པོ་ཡང་མེད་དེ། འཇིག་རྟེན་གྱི་ཁམས་གཞན་དག་ན་གཏོང་སློང་ཡོད་པ་དག་གི་གཏམ་ཐོས་པ་ན་དེ་ལ་ཡོངས་སུ་སྨོན་པ་ཡིན་ཏེ། དེ་ན་རྡོ་རྗེ་སེམས་དཔའི་སྤྲུལ་པ་ཐུབ་པའི་དབང་པོ་དེ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དྲི་མེད་སྒྲ་ཞེས་བྱ་བར་བསྟན་ནས་ཐེག་པ་ཆེན་པོའི་ཆོས་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ། གསང་སྔགས་ཀྱི་ངོ་བོ་ཉིད་སྒྲོན་མ་ཆེན་པོ་ཡོངས་སུ་སྣང་ངོ་། །དེ་ཉིད་ཀྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན་ཡང་ཐུབ་པ་དྲུག་གི་སྒྲོན་མ་སྣང་བས་འགྲོ་བ་དྲུག་གི་སེམས་ཀྱི་དཀྱིལ་འཁོར་ཡོངས་སུ་གསལ་བར་བྱེད་དོ། །ཡང་ཐུབ་པའི་དབང་པོ་དེ་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བརྒྱ་འདས་པ་ན་འཇིག་རྟེན་གྱི་ཁམས་ཡོན་ཏན་འབྱུང་བ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དཀོན་མཆོག་སྤྲིན་ཞེས་བྱ་བར་སྤྲུལ་ནས་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་གསང་སྔགས་ཀྱི་ངོ་བོ་དེ་ཉིད་ཡོངས་སུ་སྣང་བར་བྱེད་དོ། །དེ་ཉིད་ཀྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན་ཡང་ཐུབ་པ་ཆེན་པོ་དྲུག་གི་སྒྲོན་མ་སྣང་བས་འགྲོ་བ་དྲུག་གི་སེམས་ཀྱི་དཀྱིལ་འཁོར་གསལ་བར་བྱེད་དོ། །ཡང་ཐུབ་པའི་དབང་པོ་དེ་ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་སྟོང་ཕྲག་ཉི་ཤུ་འདས་པ་ན་འཇིག་རྟེན་གྱི་ཁམས་རྒྱན་ཤིན་ཏུ་བཀྲམ་པ་ཞེས་བྱ་བ་ན་གང་ཟག་བརྫུས་ནས་སྐྱེས་པ་ཤ་དག་སྟེ། ཚེ་ལོ་བརྒྱད་ཁྲི་བཞི་སྟོང་གནས་པའི་ཞིང་ཁམས་དེ་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཡོན་ཏན་འབྱུང་གནས་ཞེས་བྱ་བར་བསྟན་ནས་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་གསང་སྔགས་ཀྱི་ངོ་བོ་དེ་ཉིད་སྟོན་ཏོ། །དེ་ཉིད་ཀྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན་ཡང་ཐུབ་པ་དྲུག་གི་སྒྲོན་མ་སྣང་བས་སེམས་ཀྱི་དཀྱིལ་འཁོར་གསལ་བར་བྱེད་དོ། །ཡང་ཐུབ་པའི་དབང་པོ་དེ་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་སྟོང་ཕྲག་སུམ་ཅུ་འདས་པ་ན་འཇིག་རྟེན་གྱི་ཁམས་བག་ཚ་བ་མེད་པ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་སེང་གེ་སྒྲ་ཞེས་བྱ་བར་བསྟན་ནས་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་གསང་སྔགས་ཀྱི་ངོ་བོ་དེ་ཉིད་སྟོན་ཏོ། །དེ་ཉིད་ཀྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན་ཡང་ཐུབ་པ་དྲུག་གི་སྒྲོན་མ་སྣང་བས་འགྲོ་བ་དྲུག་གི་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བར་བྱེད་དོ། །དེ་བཞིན་དུ་ཐུབ་པའི་དབང་པོ་དེ་ཤར་ལྷོའི་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་འདས་པ་ན་འཇིག་རྟེན་གྱི་ཁམས་རྣམ་པར་མཛེས་པ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་མཛེས་པའི་ཏོག་ཅེས་བྱ་བར་སྤྲུལ་ནས་གོང་མ་བཞིན་དུ་ཆོས་སྟོན་ཏོ། །ལྷོ་ནུབ་མཚམས་ཀྱི་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བདུན་ཅུ་འདས་པ་ན་འཇིག་རྟེན་གྱི་ཁམས་རབ་ཏུ་སྣང་བ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་གཟི་བརྗིད་རྒྱན་ཞེས་བྱ་བར་བསྟན་ནས་གོང་མ་བཞིན་དུ་ཆོས་སྟོན་ཏོ། །ནུབ་བྱང་མཚམས་ཀྱི་འཇིག་རྟེན་གྱི་ཁམས་སྟོང་ཕྲག་ལྔ་བཅུ་འདས་པ་ན་འཇིག་རྟེན་གྱི་ཁམས་རབ་ཏུ་དང་བ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ཙནྡན་དྲི་མཆོག་དཔལ་ཞེས་བྱ་བར་བསྟན་ནས་གོང་མ་བཞིན་དུ་ཆོས་སྟོན་ཏོ། །བྱང་ཤར་མཚམས་ཀྱི་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བཞི་བཅུ་རྩ་བཞི་འདས་པ་ན་འཇིག་རྟེན་གྱི་ཁམས་གདུང་བ་སེལ་བ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་སྙིང་རྗེའི་རྒྱལ་པོ་ཞེས་བྱ་བར་བསྟན་ནས་གོང་མ་བཞིན་དུ་ཆོས་སྟོན་ཏོ། །དེ་བཞིན་དུ་རྣམ་པར་སྣང་བའི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ན་སངས་རྒྱས་མྱུར་དུ་འཛིན་པ་ཞེས་བྱ་བར་བསྟན་ནས་ཆོས་སྟོན་ཏོ། །ཡང་རིན་ཆེན་བཀོད་པའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་དགའ་བའི་སྦྱན་སྤྲིན་ཞེས་བྱ་བར་བསྟན་ནས་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཡང་རྣམ་པར་བཀྲམ་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་ཡོངས་སུ་དགོངས་པའི་རྒྱལ་པོ་ཞེས་བྱ་བར་བསྟན་ནས་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཡང་བཻཌཱུརྱའི་སྙིང་པོ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་གསེར་གྱི་འོད་ཟེར་ཞེས་བྱ་བར་བསྟན་ནས་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཡང་འོད་དམ་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་འོད་ཀྱི་དཔལ་ཞེས་བྱ་བར་བསྟན་ནས་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་དོ ། །ཡང་རྣམ་པར་ཞི་བ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་ཞི་བའི་དབང་པོ་ཞེས་བྱ་བར་བསྟན་ནས་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཡང་སྤྲིན་རྣམ་པར་བཀོད་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་སྤྲིན་གྱི་དཔལ་ཞེས་བྱ་བར་བསྟན་ནས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཡང་ཡིད་མངོན་པར་དགའ་བ་ཞེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་ཡིད་དུ་འོང་བའི་དབྱངས་ཞེས་བྱ་བར་བསྟན་ནས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཡང་མེ་ལོང་གི་དཀྱིལ་འཁོར་ཤིན་ཏུ་སྦྱངས་པ་ཞེས་བྱ་བ་ན་སངས་རྒྱས་མེ་ལོང་གི་འོད་སྣང་བ་ཞེས་བྱ་བར་བསྟན་ནས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཡང་ཟླ་བས་བརྒྱན་པ་ཞེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་ཟླ་འོད་དཔལ་ཞེས་བྱ་བར་བསྟན་ནས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཡང་ཉི་མའི་འོད་ཟེར་བརྒྱན་པ་ཞེས་བྱ་བའི་ཞིང་ཁམས་ན་དེ་བཞིན་གཤེགས་པ་ཉི་མའི་སྙིང་པོའི་དཔལ་ཞེས་བྱ་བར་བསྟན་ནས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཡང་སྤོས་དྲི་ངད་ལྡན་ཞེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་སྤོས་ཀྱི་རྒྱལ་པོ་ཞེས་བྱ་བར་བསྟན་ནས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཡང་རྣམ་པར་སྤྲོས་པའི་རྒྱན་ཞེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་མངོན་པར་སྤྲོ་བའི་རྒྱལ་པོ་ཞེས་བྱ་བར་བསྟན་ནས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཡང་རིན་པོ་ཆེ་སྤྲོས་པ་ཞེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་རིན་ཆེན་རྒྱལ་པོ་ཞེས་བྱ་བར་བསྟན་ནས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཡང་འོད་ཟེར་འབྱུང་བ་ཞེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་འོད་ཟེར་དཔལ་ཞེས་བྱ་བར་བསྟན་ནས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཡང་དཀའ་བ་རྣམ་པར་སྤྱོད་པ་ཞེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་དཀའ་ཐུབ་རྒྱལ་པོ་ཞེས་བྱ་བར་བསྟན་ནས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཡང་གཙུག་ཏོར་བཀོད་པ་ཞེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་གཙུག་ཏོར་སྙིང་པོ་ཞེས་བྱ་བར་བསྟན་ནས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཡང་ངེས་པ་ཅན་ཞེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་ངེས་པར་གཤེགས་པ་ཞེས་བྱ་བར་བསྟན་ནས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཡང་ངེས་པར་འཕགས་པ་ཞེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་ངེས་པར་གསུངས་པ་ཞེས་བྱ་བར་བསྟན་ནས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཡང་བདེ་སྤྱོད་ཅེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་བདེ་བ་ཆེན་པོ་ཞེས་བྱ་བར་བསྟན་ནས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཡང་མེ་ཏོག་བཀྲམ་པ་ཞེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་མེ་ཏོག་དབང་པོའི་དབྱངས་ཞེས་བྱ་བར་བསྟན་ནས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཡང་ཡོངས་སུ་གྲགས་པ་ཞེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་གྲགས་པའི་དཔལ་ཞེས་བྱ་བར་བསྟན་ནས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོོན་ཏོ། །ཡང་རྣམ་པར་འཕྲུལ་པ་ཞེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་སྤྲུལ་པའི་རྒྱལ་པོ་ཞེས་བྱ་བར་བསྟན་ནས། ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཡང་རྣམ་པར་སྦྱངས་པ་ཞེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་སྒྲ་དབྱངས་མི་ཟད་པ་ཞེས་བྱ་བར་བསྟན་ནས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཡང་སྨན་གྱིས་བརྒྱན་པ་ཞེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་སྨན་གྱི་རྒྱལ་པོ་ཞེས་བྱ་བར་བསྟན་ནས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཡང་གསེར་གྱི་འོད་སྣང་བ་ཞེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་གསེར་གྱི་འོད་འཕྲོ་ཞེས་བྱ་བར་བསྟན་ནས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཡང་འོད་ཟེར་བཀོད་པ་ཞེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་བཀོད་པའི་རྒྱལ་པོ་ཞེས་བྱ་བར་བསྟན་ནས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཡང་གསེར་གྱི་འབྱུང་གནས་ཞེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་གསེར་གྱི་གཟུ་བ་ཞེས་བྱ་བར་བསྟན་ནས་ཡང་དག་པ་ཇི་ལྟ་བ་དེ་གཞིན་དུ་ཆོས་སྟོན་ཏོ། །ཡང་དཔལ་གྱི་འབྱུང་གནས་ཞེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་དཔལ་གྱི་རྒྱལ་པོ་ཞེས་བྱ་བར་བསྟན་ནས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཡང་སྣང་བ་དམ་པ་ཞེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་སྣང་བ་བརྩེགས་པའི་དཔལ་ཞེས་བྱ་བར་བསྟན་ནས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཡང་མྱ་ངན་མེད་པ་ཞེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་མྱ་ངན་མེད་པའི་དཔལ་ཞེས་བྱ་བར་བསྟན་ནས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཡང་དགའ་བའི་མདངས་ཞེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་དགའ་མཆོག་དཔལ་ཞེས་བྱ་བར་བསྟན་ནས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཡང་གཟི་བརྗིད་འབྱུང་བ་ཞེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་གཟི་བརྗིད་དཔལ་ཞེས་བྱ་བར་བསྟན་ནས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཡང་སངས་རྒྱས་མང་པོ་འདུ་བ་ཞེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་ཀུན་གྱི་དགེ་བའི་བཤེས་གཉེན་ཞེས་བྱ་བར་བསྟན་ནས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཡང་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་ངན་སོང་ཐམས་ཅད་སྦྱོང་བ་ཞེས་བྱ་བར་བསྟན་ནས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཡང་ཐ་དད་སྤྱོད་པ་ཞེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་འཇིག་རྟེན་ཀུན་གྱི་སློབ་དཔོན་ཞེས་བྱ་བར་བསྟན་ནས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཡང་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཞེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་རྣམ་པར་རྒྱལ་བ་ཞེས་བྱ་བར་བསྟན་ནས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཡང་མེ་ཏོག་མཛེས་པའི་རྒྱན་ཞེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་མེ་ཏོག་བཀོད་པའི་རྒྱལ་པོ་ཞེས་བྱ་བར་བསྟན་ནས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཡང་མཛེས་པར་སྣང་བ་ཞེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་ཐམས་ཅད་སྣང་བ་ཞེས་བྱ་བར་བསྟན་ནས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཡང་ཙནྡན་བཀོད་པ་ཞེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་ཙནྡན་དྲི་ཞེས་བྱ་བར་བསྟན་ནས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཡང་སེང་གེ་འབྱུང་གནས་ཞེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་སེང་གེ་འབུམ་གཟུགས་ཞེས་བྱ་བར་བསྟན་ནས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་མི་མཇེད་ཅེས་བྱ་བ་འདི་ན་སངས་རྒྱས་ཐུབ་པ་ཆེན་པོ་ཞེས་བྱ་བར་བསྟན་ནས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །དེ་བཞིན་དུ་འཇིག་རྟེན་གྱི་ཁམས་བྱེ་བ་ས་ཡར་རྡོ་རྗེ་སེམས་དཔའི་མཚན་བྱེ་བ་ས་ཡར་བསྟན་ནས་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྣང་བར་མཛད་དེ། ལ་ལར་ནི་མངོན་པར་རྫོགས་པར་སངས་རྒྱས། ལ་ལར་ནི་ད་དུང་དུ་ཡུམ་གྱི་ལྷུམས་ན་བཞུགས། ལ་ལར་ནི་དགའ་ལྡན་གྱི་གནས་ན་བཞུགས། ལ་ལར་ནི་ཡོངས་སུ་མྱ་ངན་ལས་འདས་སོ། །ལ་ལར་ནི་འདའ་བའི་ཚུལ་བསྟན་ནས་འཇིག་རྟེན་གྱི་ཁམས་གཞན་ནས་གཞན་གྱི་སྒྲོན་མར་སྣང་། ལ་ལར་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཆ་ལུགས་ཀྱིས་ཐེག་པ་ཆེན་པོའི་ཆོས་སྟོན། ལ་ལར་ནི་ཉན་ཐོས་ཀྱི་ཆ་བྱད་ཀྱིས་ཐེག་པ་ཆུང་ངུའི་ཆོས་སྟོན། ལ་ལར་ནི་རང་སངས་རྒྱས་ཀྱི་ཆ་བྱད་ཀྱི་རྫུ་འཕྲུལ་གྱིས་ཆོས་སྟོན། ལ་ལར་ནི་སྙིང་པོ་བྱང་ཆུབ་ན་བཞུགས། ལ་ལར་ནི་སྐུལ་བའི་ས་ལ་གཞེས། ལ་ལར་ནི་ཐར་པའི་ཆ་ལུགས་ཀྱིས་སོ། །ལ་ལར་ནི་ཁྱིམ་པའི་ཆ་ལུགས་ཀྱིས་སོ། །ལ་ལར་ནི་ལྷའི་ཆ་བྱད་ཀྱིས་སོ། །ལ་ལར་ནི་ཀླུའི་ཆ་བྱད་ཀྱིས་སོ། །ལ་ལར་ནི་ལྷ་མ་ཡིན་གྱི་ཆ་བྱད་ཀྱིས་སོ། །ལ་ལར་ནི་བདུད་ཀྱི་ཆ་བྱད་ཀྱིས་སོ། །ལ་ལར་ནི་གནོད་སྦྱིན་གྱི་ཆ་བྱད་ཀྱིས་སོ། །ལ་ལར་ནི་སྲིན་པོའི་ཆ་བྱད་ཀྱིས་སོ། །ལ་ལར་ནི་འབྱུང་པོའི་ཆ་བྱད་ཀྱིས་སོ། །ལ་ལར་ནི་ནམ་མཁའ་ལྡིང་གི་ཆ་བྱད་ཀྱིས་སོ། །ལ་ལར་ནི་ཡ་མཚན་ཅན་གྱི་ཆ་བྱད་ཀྱིས་སོ། །ལ་ལར་ནི་བྱོལ་སོང་གི་ཆ་བྱད་ཀྱིས་སོ། །ལ་ལར་ནི་ཡི་དྭགས་ཀྱི་ཆ་བྱད་ཀྱིས་སོ། །ལ་ལར་ནི་བཟོད་ལྡན་གྱི་ཆ་བྱད་ཀྱིས་སོ། །ལ་ལར་ནི་ཤེན་པའི་ཆ་བྱད་ཀྱིས་སོ། །ལ་ལར་ནི་སྨད་འཚོང་མའི་ཆ་བྱད་ཀྱིས་སོ། །ལ་ལར་ནི་ན་ཆུང་གི་ཆ་བྱད་ཀྱིས་སོ། །ལ་ལར་ནི་སྐུ་གདུང་ལྟ་བུར་སྣང་ངོ་། །ལ་ལར་ནི་རིང་བསྲེལ་ལྟ་བུར་སྣང་ངོ་། །ལ་ལར་ནི་རྡོ་རྗེ་སེམས་དཔའ་ཉིད་ལྟ་བུར་སྣང་ངོ་། །ལ་ལར་ནི་རྣམ་པར་སྣང་མཛད་ལྟ་བུར་སྣང་ངོ་། །ལ་ལར་ནི་རིན་ཆེན་འབྱུང་ལྡན་ལྟ་བུར་སྣང་ངོ་། །ལ་ལར་ནི་སྣང་བ་མཐའ་ཡས་ལྟ་བུར་སྣང་ངོ་། །ལ་ལར་ནི་དོན་ཡོད་གྲུབ་པ་ལྟ་བུར་སྣང་སྟེ། དེ་དག་ཀྱང་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཆོས་སྟོན་ཏོ། །གཞན་ཡང་གཏི་མུག་གི་རྒྱལ་པོ་དགྲོལ་བར་བྱ་བའི་ཕྱིར་ཚངས་པའི་གཟུགས་ལྟ་བུར་སྣང་ངོ་། །ཞེ་སྡང་གི་རྒྱལ་པོ་དགྲོལ་བར་བྱ་བའི་ཕྱིར་ཁྱབ་འཇུག་གི་གཟུགས་ལྟ་བུར་སྣང་ངོ་། །འདོད་ཆགས་ཀྱི་བདག་པོ་དགྲོལ་བར་བྱ་བའི་ཕྱིར་དྲག་པོའི་གཟུགས་ལྟ་བུར་སྣང་ངོ་། །ང་རྒྱལ་གྱི་བདག་པོ་དགྲོལ་བར་བྱ་བའི་ཕྱིར་ཚོགས་བདག་ལྟ་བུར་སྣང་ངོ་། །ཕྲག་དོག་གི་བདག་པོ་དགྲོལ་བར་བྱ་བའི་ཕྱིར་དབང་པོ་ལྟ་བུར་སྣང་ངོ་། །དེ་བཞིན་དུ་སྐྱེ་བ་ཐམས་ཅད་ཀྱི་གཟུགས་སུ་སྣང་བ་ནི་འཇུག་སྲེད་དང་། སྲེད་མེད་དང་། དབང་ཕྱུག་དང་། སྟོབས་ལྡན་དང་། ནོར་འཛིན་དང་། སྤྲེའུ་དང་། ར་དང་། ལུ་འདེ་དང་། ཁྱི་དང་། སྦྲང་མ་དང་། བྱ་རོག་དང་། མེ་ཁྱེར་དང་། སྲོག་ཆགས་དང་། གང་ཟིན་པ་དེ་དང་དེའི་གཟུགས་སུ་སྣང་བར་མཛད་ཅིང་དེའི་ཆ་བྱད་ཀྱིས་གང་དག་ཇི་ལྟར་མོས་པ་རྣམས་ལ་དེ་བཞིན་དུ་སྣང་སྟེ། ཇི་ལྟར་ཉི་ཟླའི་དཀྱིལ་འཁོར་གྱི་གཟུགས་བརྙན་གཞལ་མེད་ཁང་ལས་མ་གཡོས་པར་ཆུ་ཐ་དད་པའི་ནང་དུ་གཟུགས་བརྙན་ཐ་དད་པར་སྣང་བ་བཞིན་དུ་སངས་རྒྱས་རྡོ་རྗེ་སེམས་དཔའ་ཉིད་ལས་མ་གཡོས་བཞིན་དུ་ཞིང་ཁམས་དཔག་ཏུ་མེད་པར་སངས་རྒྱས་མཐའ་ཡས་པར་སྣང་ངོ་། །དེ་ལྟར་ན་གང་མིང་སྣ་ཚོགས་སུ་བཏགས་པའི་སངས་རྒྱས་ཀྱི་ཞིང་ཁམས་མཐའ་ཡས་པ་ན་འཁོད་པའི་སེམས་ཅན་རྣམས་ཀྱིས་སངས་རྒྱས་རྡོ་རྗེ་སེམས་དཔའི་མཚན་སྣ་ཚོགས་པར་ཤེས་པ་ནི་བརྗོད་ཀྱིས་མི་ལང་བའི་བསྐལ་པར་སྨྲས་ཀྱང་ཤར་ཕྱོགས་གཅིག་པུའི་སངས་རྒྱས་ཀྱི་ཞིང་ན་བཞུགས་པའི་མཚན་ཉིད་ཀྱི་མཐའ་ཡང་མི་དམིགས་སོ། །དེ་བཞིན་དུ་ཕྱོགས་བཅུ་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཞིང་ན་འཁོད་པའི་སེམས་ཅན་རྣམས་བརྗོད་ཀྱིས་མི་ལང་བའི་བསྐལ་པར་སྨྲས་ཀྱང་མཚན་གྱི་མཐའ་ནི་མི་རྫོགས་སོ། །ཇི་ལྟར་སེམས་ཅན་མོས་པ་ཆུང་ངུ་རྣམས་ཀྱིས་རྡོ་རྗེ་སེམས་དཔའི་ཞིང་ཁམས་ཚད་མེད་པ་དང་མཚན་མཐའ་ཡས་པ་ཐོས་ན་བློ་ག་ཆད་པ་དང་མྱོས་པར་འགྱུར་རོ། །ཇི་ལྟར་རྡོ་རྗེ་སེམས་དཔའི་ཞིང་ཁམས་དེ་དག་ཐམས་ཅད་ན་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་གསང་སྔགས་ཀྱི་ངོ་བོ་དེ་ཉིད་འབའ་ཞིག་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཕྱིན་ཅི་མ་ལོག་པར་རིམ་གྱིས་དང་། ཅིག་ཅར་བར་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། རྡོ་རྗེ་སེམས་དཔའི་ཞིང་ཁམས་ན་འཁོད་པའི་སེམས་ཅན་ཆེན་པོ་དེ་དག་ནི་སེམས་ཀྱི་རང་བཞིན་སྣ་ཚོགས་པའི་ཕྱིར། བློ་ཤིན་ཏུ་ཟབ་པ་དང་། མི་ཟབ་པ་དང་། ཡངས་པ་དང་། དོག་པ་དང་། བརྟན་པ་དང་། འགྱུར་བ་དང་། རྣོ་བ་དང་། རྟུལ་བ་དང་། མྱུར་བ་དང་། བུལ་བ་དང་། ཤས་རྟགས་པས་བསྔགས་ཀྱི་ངོ་བོ་ཉིད་ཀྱི་གཏམ་རིམ་གྱིས་པ་དང་ཅིག་ཅར་བར་ཐོས་ནས་དེ་དག་ལ་ཡང་མི་སྐྲག་མི་དངང་གི་དགའ་ཞིང་མགུ་བ་དང་། རངས་པར་འགྱུར་བའི་ཕྱིར་སྣ་ཚོགས་སུ་སྣང་བའོ། །དེ་ན་གནས་པའི་ཚེའི་ཚད་ཀྱང་ཐུང་པ་དང་། རིང་བ་དང་། དཔག་ཏུ་མེད་པ་དང་། བརྒྱ་པ་དང་བརྒྱད་ཁྲི་བཞི་སྟོང་ཐུབ་པ་ཡིན་ནོ། །ལོངས་སྤྱོད་ནི་ཇི་ལྟར་བསམས་པ་བཞིན་དུ་འགྱུར་བ་ཡང་ཡོད། དཀའ་བས་འབྱོངས་པ་དང་མི་འབྱོངས་པ་ཡང་ཡོད། ཀུན་ཀྱང་ལུང་བསྟན་པ་ཐོབ་པ་ཤ་སྟག་གོ། །སངས་རྒྱས་རྡོ་རྗེ་སེམས་དཔའི་མཚན་གང་གིས་ཐོས་པ་དེས་རྒྱལ་བ་མང་པོ་ལ་སྔོན་དུ་བྱ་བ་བྱས་པ་ཡིན་ནོ། །རྡོ་རྗེ་སེམས་དཔའི་ཞིང་ཁམས་ཉིད་དུ་ངེས་པར་འབྱུང་བ་ཡིན་ནོ། །རྒྱལ་བ་རྣམས་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནོ། །ཐེག་པ་ཆེན་པོར་ངེས་པར་འབྱུང་བ་དག་ཡིན་ནོ། །མངོན་པར་ཤེས་པ་དག་དང་ལྡན་པ་ཡིན་ནོ། །སངས་རྒྱས་ཀྱི་སྲས་སུ་ངེས་པ་དག་ཡིན་ནོ། །ལྷག་མཐོང་གི་མིག་དང་ལྡན་པ་དག་ཡིན་ནོ། །ཀྱེ་ལང་ཀའི་བདག་པོ་དེའི་ཕྱིར་འཛམ་བུའི་གླིང་གཅིག་གི་སངས་རྒྱས་ཉག་གཅིག་འདི་མྱ་ངན་ལས་འདས་པ་ཡིན་ནོ། །དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྤྲུལ་པའི་སངས་རྒྱས་མཐའ་དག་ལ་མྱ་ངན་ལས་འདས་པ་ཡང་ཡོད་མ་འདས་པ་ཡང་ཡོད་དོ་ཞེས་སྨྲས་པས་ལུས་ཀྱི་སེམས་དཔའ་དེ་ཡིད་ཡོངས་སུ་རངས་པར་གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་རྡོ་རྗེ་སེམས་དཔའི་ཆོ་འཕྲུལ་ཡོངས་སུ་བཀོད་པའི་ལེའུ་སྟེ་བདུན་པའོ།། །།


previousརྡོ་རྗེ་སེམས་དཔའི་ཆོ་འཕྲུལ་ཡོངས་སུ་བཀོད་པའི་ལེའུ་སྟེ་བདུན་པ།next