Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅོ་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
རྒྱུད་དག་པའི་སྐྱེ་རྒྱུད་བསྟན་པའི་ལེའུ་སྟེ་བཅུ་གཅིག་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྒྱུད་དག་པའི་སྐྱེ་རྒྱུད་བསྟན་པའི་ལེའུ་སྟེ་བཅུ་གཅིག་པ།next

རྒྱུད་དག་པའི་སྐྱེ་རྒྱུད་བསྟན་པའི་ལེའུ་སྟེ་བཅུ་གཅིག་པ།

དེ་ནས་ལང་ཀའི་བདག་པོ་ལ་སོགས་འགྲོ་བ་ལུས་ཀྱི་སེམས་དཔའ་རྣམས་ངོ་མཚར་དུ་གྱུར། རྨད་དུ་གྱུར་ཏེ་འདི་སྐད་ཅེས་སྨྲས་སོ། །ཀྱེ་གསང་བ་པའི་བདག་པོ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་བཀའ་སྩལ་པ་ལྟར་ན། གསང་བ་པའི་བདག་པོ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་སེམས་དཔའི་གསང་བ་དམ་པ་མ་ནོར་བ་དེ་ཁོ་ན་ཉིད་ཐེ་ཚོམ་ཐམས་ཅད་གཅོད་པ་ལགས་ན། འབྲས་བུ་དེ་ཁོ་ཉིད་གསང་བ་སྟོན་མི་སྤྱོད་པ་དེ་ཤིན་ཏུ་ངོ་མཚར་ཆེ་བ་ལྟར་ན་བདག་ཅག་གིས་ནམ་ངེས་པ་རྙེད་པར་འགྱུར་ཞིག་གུ་ཞེས་སྨྲས་པ་ལས། གསང་བ་པའི་བདག་པོས་སྨྲས་པ། ཀྱེ་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངའ་བདག་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་ཀྱང་གསང་སྔགས་ཀྱི་དེ་ཁོ་ན་ཉིད་མ་རྙེད་ཀྱི་བར་དུ་བསྐལ་པ་གྲངས་མེད་གསུམ་སྙེད་དུ་དཔག་ཏུ་མེད་པའི་དཀའ་བ་སྤྱད་ཀྱང་རྣམ་པ་ཐམས་ཅད་མ་མཁྱེན་ནོ། །དེ་ཇི་ལྟ་ཞེ་ན། ཇི་ལྟ་ཇི་ལྟར་རྒྱུད་ཡོངས་སུ་དག་པའི་སངས་རྒྱས་དཔག་ཏུ་མེད་པ་བྱུང་བ་དང་འབྱུང་བ་ཡང་དེ་ཁོ་ན་ཉིད་ཀྱི་ངེས་པ་མ་རྙེད་ཀྱི་བར་དུ་དཀའ་བ་སྤྱོད་པ་སྟེ། འདི་ལྟར་བསྐལ་པ་བཟང་པོ་འདིའི་འོག་ཏུ་མཐའ་འཁོབ་ཀྱི་བསྐལ་པའི་རིགས་ངན་དྲུག་ཅུ་འབྱུང་ངོ་། །དེའི་འོག་ཏུ་བསྐལ་པ་གྲགས་ལྡན་ཞེས་བྱ་བ་ལ་སངས་རྒྱས་སྟོང་ཕྲག་བཅུ་འབྱུང་ངོ་། །དེའི་འོག་ཏུ་རིགས་ངན་གྱི་བསྐལ་པ་སྟོང་ཕྲག་བརྒྱད་ཅུ་འབྱུང་ངོ་། །དེའི་འོག་ཏུ་བསྐལ་པ་སྐར་མ་བཀྲམ་པ་ལྟ་བུ་ལ་སངས་རྒྱས་སྟོང་ཕྲག་བརྒྱད་ཅུ་འབྱུང་ངོ་། །དེའི་འོག་ཏུ་མུན་པའི་བསྐལ་པ་སུམ་བརྒྱ་འབྱུང་ངོ་། །དེའི་འོག་ཏུ་བསྐལ་པ་མཛེས་ལྡན་རྒྱན་བྱ་བ་ལ་སངས་རྒྱས་སྟོང་ཕྲག་བརྒྱད་ཅུ་རྩ་ལྔ་འབྱུང་ངོ་། །དེ་བཞིན་དུ་མཐའ་ཐུག་པ་མེད་པར་སྒྲོན་མའི་བསྐལ་པ་དང་མུན་པའི་བསྐལ་པ་རྟག་པར་རྒྱུན་གྱི་འཁོར་མོར་འདྲེན་མར་འབྱུང་ངོ་། །དེ་ལྟར་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སངས་རྒྱས་སྟོང་རྩ་གཉིས་འབྱུང་ངོ་། །བསྐལ་པ་བཟང་པོ་འདིའི་སྔོན་རོལ་དུ་མུན་པའི་བསྐལ་པ་བརྒྱ་བྱུང་ངོ་། །དེའི་སྔོན་དུ་བསྐལ་པ་རྫོགས་ལྡན་ཞེས་བྱ་བ་ལ་སངས་རྒྱས་བྱེ་བ་ཕྲག་བརྒྱ་བྱུང་ངོ་། །དེ་འདས་པའི་སྔོན་དུ་མཐའ་འཁོབ་ཀྱི་བསྐལ་པ་བརྒྱ་བྱུང་ངོ་། །དེ་འདས་པའི་སྔོན་དུ་བསྐལ་པ་བཟང་རྒྱན་ཞེས་བྱ་བ་ལ་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞི་བྱུང་ངོ་། །དེ་འདས་པའི་སྔོན་དུ་མུན་པའི་བསྐལ་པ་ལྔ་བརྒྱ་བྱུང་ངོ་། །དེ་འདས་པའི་སྔོན་དུ་བསྐལ་པ་མཐོང་དགའ་ཞེས་བྱ་བ་ལ་སངས་རྒྱས་བྱེ་བ་ཕྲག་བཅུ་བྱུང་ངོ་། །དེ་འདས་པའི་སྔོན་དུ་མུན་པའི་བསྐལ་པ་བདུན་བརྒྱ་བྱུང་ངོ་། །དེ་འདས་པའི་སྔོན་དུ་བསྐལ་པ་དགའ་བ་ཞེས་བྱ་བ་ལ་སངས་རྒྱས་སྟོང་ཕྲག་དྲུག་ཅུ་བྱུང་ངོ་། །དེ་ལ་སོགས་པ་མཐའ་ཡས་པར་མུན་པ་དང་སྒྲོན་མའི་བསྐལ་པ་འདྲེན་མར་ཐོག་མ་དང་ཐ་མ་མེད་པར་བྱུང་ཞིང་འབྱུང་སྟེ། གང་སྒྲོན་མ་ཇི་སྙེད་པ་བྱུང་ཞིང་འབྱུང་བ་རྣམས་ཀྱང་གསང་སྔགས་ཀྱི་ངེས་པ་དེ་ཁོ་ན་ཉིད་མ་རྙེད་ཀྱི་བར་དུ་དཔག་ཏུ་མེད་པའི་དཀའ་བ་སྤྱད་ཀྱང་རྣམ་པ་ཐམས་ཅད་མ་མཁྱེན་མི་མཁྱེན་མཁྱེན་པར་མི་འགྱུར་རོ། །གང་གསང་སྔགས་ཀྱི་ངེས་པ་དེ་ཁོ་ན་ཉིད་རྙེད་མ་ཐག་པར་རྣམ་པ་ཐམས་ཅད་མཁྱེན་ཏོ། །མཁྱེན་ནོ་མཁྱེན་པར་འགྱུར་རོ། །དེ་བཞིན་དུ་སྔོན་གྱི་བསྐལ་པ་བགྲངས་པ་ལས་ཀྱང་གྲངས་མེད་པར་འདས་པ་མང་པོ་ཚད་མེད་པ་བསམ་གྱིས་མི་ཁྱབ་པ་ན་བསྐལ་པ་ཆེན་པོ་མངོན་པར་དགའ་བ་ཞེས་བྱ་བ་ལ་སངས་རྒྱས་སུམ་ཁྲི་སུམ་སྟོང་བྱུང་བའི་དུས་ན་ཐ་མའི་སངས་རྒྱས་ཀུན་དུ་བཟང་པོ་ཞེས་བྱ་བའི་བསྟན་པ་ལ་རྒྱལ་རིགས་དང་། དམངས་རིགས་དང་། རྗེ་རིགས་དང་། བྲམ་ཟེའི་རིགས་དང་། གདོལ་པའི་རིགས་དང་ལྔ་ལས་མཆོག་ཆེན་པོ་ལྔ་འབྱུང་བ་ནི་འདི་ལྟ་སྟེ། ཁྱེའུ་བདེ་སྐྱོབ་ཞེས་བྱ་བ་དང་། ཁྱེའུ་ཏྲ་ལི་ཏ་ཞེས་བྱ་བ་དང་། ཁྱེའུ་དཔའ་སྦྱིན་ཞེས་བྱ་བ་དང་། ཁྱེའུ་ལས་བྱིན་དང་། ཁྱེའུ་དུམ་བུར་ཞེས་བྱ་བ་བྱུང་ངོ་། །དེའི་ཚེ་དེའི་དུས་ན་སངས་རྒྱས་རྡོ་རྗེ་སེམས་དཔའ་ནི་ཁྱེའུ་བདེ་སྐྱོབ་ཞེས་བྱའོ། །དེའི་ཚེ་དེའི་དུས་ན་སངས་རྒྱས་ཚེ་མཐའ་ཡས་ནི་ཁྱེའུ་ཏྲ་ལི་ཏ་ཞེས་བྱའོ། །དེའི་ཚེ་དེའི་དུས་ན་སངས་རྒྱས་རིན་ཆེན་འབྱུང་བ་ནི་ཁྱེའུ་དཔའ་སྦྱིན་ཞེས་བྱའོ། །དེའི་ཚེ་དེའི་དུས་ན་སངས་རྒྱས་རྣམ་པར་སྣང་མཛད་ནི་ཁྱེའུ་ལས་བྱིན་ཞེས་བྱའོ། །དེའི་ཚེ་དེའི་དུས་ན་སངས་རྒྱས་དོན་ཡོད་གྲུབ་པ་ནི་ཁྱེའུ་དུམ་བུར་ཞེས་བྱའོ། །དེའི་ཚེ་དེའི་དུས་ན་ཁྱེའུ་དེ་རྣམས་ཀྱིས་སངས་རྒྱས་ཀུན་དུ་བཟང་པོ་དེ་ལ་རྣལ་འབྱོར་མཆོག་ཏུ་སེམས་བསྐྱེད་པའི་དུས་སུ་འཇིག་རྟེན་གྱི་སྐབས་ན་སེམས་བརྒྱད་བསྐྱེད་ཅིང་འཇིག་རྟེན་པའི་ལམ་བརྒྱད་ནས་བགྲོད་དེ་འགྱུར་བ་མ་ངེས་པའི་ས་པར་གནས་སོ། །དེའི་ཚེ་སངས་རྒྱས་སུམ་ཁྲི་སུམ་སྟོང་ལ་ཐེ་ཚོམ་བཅད་ཀྱང་ངེས་པ་མ་རྙེད་དོ། །ལས་དང་པོ་པའི་སྐབས་ན་སེམས་གསུམ་བསྐྱེད་ཅིང་མཐའ་བཅུ་ཆུབ་ནས་རྟེན་པས་གཞིའི་སེར་གནས་སོ། །དེའི་ཚེ་དེའི་དུས་ན་སངས་རྒྱས་བཞི་ཁྲི་བཞི་སྟོང་ལ་ཐེ་ཚོམ་བཅད་ཀྱང་ངེས་པ་མ་རྙེད་དེ། རིགས་ཆེན་འབྱེད་པའི་སྐབས་སུ་སེམས་བཞི་རྫོགས་ཏེ། མཐའ་བཅུ་ཆུབ་ནས་བསོད་ནམས་སྟེར་བར་གྱུར་ཏོ། །དེའི་ཚེ་སངས་རྒྱས་ལྔ་ཁྲི་ལྔ་སྟོང་ལ་ཐེ་ཚོམ་བཅད་ཀྱང་ངེས་པ་མ་རྙེད་དོ། །ཡང་དབུགས་ཆེན་ཕྱིན་པའི་སྐབས་སུ་སེམས་གཅིག་རྫོགས་ཏེ། མཐའ་བཅུ་ཆུབ་ནས་འཇིགས་པ་ལྔ་ལས་འདས་ཏེ་བརྟེན་ནས་ཁྱད་པར་འགྲོ་བའི་ས་པར་གནས་སོ། །དེའི་ཚེ་སངས་རྒྱས་དྲུག་ཁྲི་དྲུག་སྟོང་ལ་ཐེ་ཚོམ་བཅད་པས་ཕྱོགས་ཙམ་ཤེས་ཏེ་དབུགས་ཕྱིན་པར་གྱུར་ཏོ། །དེ་ཡང་འདི་ལྟར་སྒྱུ་མ་སྦྱོང་བའི་སྐྱེས་བུ་དེ། འཁོར་ལོས་སྒྱུར་བའི་ཆ་བྱད་དུ། །རིན་ཆེན་བདུན་དང་དཔུང་ཚོགས་ཀྱིས། །དབང་སྒྱུར་ཐབས་ཀྱི་ཐེག་པ་སྟོན། །ཡང་ལུང་ཆེན་ཐོབ་པའི་སྐབས་སུ་སེམས་བདུན་རྫོགས་ཏེ་ལྷན་ཅིག་གནས་པའི་དྲི་མ་དག་པས་ངོ་བོ་ལ་རྒལ་ཏེ་དམིགས་པས་འབྲས་བུ་སྐྱེ་བའི་ས་པར་གནས་སོ། །དེའི་ཚེ་སངས་རྒྱས་བདུན་ཁྲི་བདུན་སྟོང་ལས་ལུང་ཐོས་པས་རྟོག་ཆེན་ལ་གནས་སོ། །དེ་ཡང་འདི་ལྟ་སྟེ། དེའི་ཚེ་སྐྱེས་བུ་དམ་པ་དེ། འབྲས་བུ་ཉིད་ལ་ལམ་ཤེས་པས། ལམ་གྱི་ཡན་ལག་བདེ་རྫོགས་ཏེ། །གཞན་དག་སྨིན་པར་བྱ་བའི་ཕྱིར། །ཇི་ལྟར་འདོད་ལྟར་ཐབས་མཆོག་སྦྱོར། །ཡང་རྩལ་ཆེན་རྫོགས་པའི་སྐབས་སུ་སེམས་གསུམ་བསྐྱེད་ཅིང་མཐའ་དྲུག་ཆུབ་ནས་གནས་པར་མི་འགྱུར་བའི་ས་པར་གནས་སོ། །དེའི་ཚེ་སངས་རྒྱས་བརྒྱད་ཁྲི་བརྒྱད་སྟོང་ལས་ལུང་བསྟན་པ་ཐོས་ནས་གདེང་དུ་གྱུར་ཏོ། །དེ་ཡང་འདི་ལྟར། དེ་ནས་རྒྱལ་ཚབ་སྐྱེས་བུ་དེ། ཆོས་ཀྱི་རྒྱལ་པོ་གང་དེ་ཡི། །གདུང་འཚོབ་དགའ་ལྡན་ཐེག་ཆེན་སྟོན། །མི་གནས་བཅུ་དུས་ཆོ་འཕྲུལ་སྣང་། །ལང་ཀའི་བདག་པོ་དེ་ལྟར་ན་ལས་དང་པོ་པའི་རིགས་ཀྱི་བུ་དེ་དག་ནི་རིགས་ལྔར་སྐྱེ་བ་བླངས་པ་དེ་ནས་ཀྱང་བསྐལ་པ་དཔག་ཏུ་མེད་པ་བརྗོད་པ་ལས་འདས་པའི་ཐོག་མ་དང་ཐ་མ་མེད་པའི་དུས་ན་སངས་རྒྱས་ལྔ་ལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམ་པར་སྣང་བྱེད་ཀྱི་བུ་ལྔར་སྐྱེས་པ་ནི་འདི་ལྟ་སྟེ། མཛེས་པའི་མེ་ཏོག་དང་། བསམ་གྱིས་མི་ཁྱབ་པའི་དཔལ་དང་། ནོར་སྦྱིན་འཛིན་དང་། ཟླ་ཚེས་དཔལ་དང་། ཀུན་ལ་མཛེས་པའི་འོད་ཅེས་བྱ་བ་ལྔར་གྱུར་ཏེ། དེ་དག་ལས་ཀྱི་དང་པོ་འདུན་པའི་རྣལ་འབྱོར་པར་གྱུར་པ་ཉིད་ལ་ཡིད་ལ་བྱེད་པ་ཞེས་བྱ་བ་ཐོབ་བོ། །དེས་ནམ་མཁའ་ལ་འགྲོ་བའི་ལྟས་མཐོང་བར་གྱུར་ཏོ། །དེ་ནས་རིགས་ཆེན་འབྱེད་པའི་རྣལ་འབྱོར་པར་གྱུར་པ་ཉིད་ལ་འཕྲོ་འདུ་གཅིག་པའི་ཏིང་ངེ་འཛིན་ཐོབ་བོ། །དེས་བདག་ཉིད་ཡི་གེའི་ཕྲེང་བར་སྣང་བའི་ལྟས་མཐོང་བར་གྱུར་ཏོ། །དེ་ནས་དབུགས་ཆེན་ཕྱིན་པའི་རྣལ་འབྱོར་པར་སྣང་བ་ཉིད་ལ་ཡོངས་སུ་མི་ལྡོག་པའི་ཏིང་ངེ་འཛིན་ཐོབ་བོ། །དེས་འཇིག་རྟེན་གྱི་ཁམས་ནོར་བུ་རིན་པོ་ཆེས་གང་བར་སྤྱོད་པའི་ལྟས་མཐོང་བར་གྱུར་ཏོ། །དེ་ནས་ལུང་ཆེན་ཐོབ་པའི་རྣལ་འབྱོར་དུ་སྣང་བ་ཉིད་ལ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཐོབ་བོ། །དེས་སེང་གེ་དག་ལ་ཞོན་ཏེ་ཐམས་ཅད་ཟིལ་གྱིས་གནོན་པའི་ལྟས་མཐོང་བར་གྱུར་ཏོ། །དེ་ནས་རྩལ་ཆེན་རྫོགས་པའི་རྣལ་འབྱོར་དུ་སྣང་བ་ཉིད་ལ་ཀུན་དུ་སྣང་གི་ཏིང་ངེ་འཛིན་ཐོབ་སྟེ། དེས་ཉི་ཟླའི་འཁོར་ལོ་བསྐོར་བས་ཐམས་ཅད་འོད་ཀྱིས་གསལ་བར་བྱེད་པའི་ལྟས་མཐོང་བར་གྱུར་ཏོ། །ལང་ཀའི་བདག་པོ་དེ་ལྟར་གྱུར་དུ་ཟིན་ཀྱང་གསང་སྔགས་ཀྱི་ངོ་བོ་དེ་ཁོ་ན་ཉིད་ཀྱི་ངེས་པ་རྙེད་པ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལང་ཀའི་བདག་པོ་གང་ལས་དང་པོ་པའི་རིགས་ཀྱི་བུ་དེ་དག་རྒྱལ་ཚབ་སྐྱེས་བུར་གྱུར་པ་ན་སྐྱེས་བུ་དམ་པ་རྡོ་རྗེ་སེམས་དཔའ་དང་། སྐྱེས་བུ་དམ་པ་རྡོ་རྗེ་རིན་ཆེན་དང་། སྐྱེས་བུ་དམ་པ་རྡོ་རྗེ་ཆོས་དང་། སྐྱེས་བུ་དམ་པ་ལས་ཀྱི་རྡོ་རྗེ་དང་། སྐྱེས་བུ་དམ་པ་རྡོ་རྗེ་དབྱིངས་ཞེས་བྱ་བར་ཞིང་ཁམས་ཐམས་ཅད་དུ་གྲགས་སོ། །དེ་ལ་ལ་ལར་ནི། རྒྱལ་ཚབ་སྐྱེས་བུ་ཞེས་བྱ་བར་བརྗོད་ཅིང་དེ་ལྟར་གྲགས་སོ། །ལ་ལར་ནི་སྲིད་པ་ཐ་མ་པ་ཞེས་བྱ་བར་བརྗོད་ཅིང་གྲགས་སོ། །ལ་ལར་ནི་ས་ཆེན་པོའི་སངས་རྒྱས་ཞེས་བྱ་བར་བརྗོད་ཅིང་གྲགས་ཀྱང་། སངས་རྒྱས་ཀྱི་དགོངས་པ་གསང་བ་དམ་པ་ད་དུང་ཉམས་སུ་མ་མྱོང་སྟེ་མཉམ་པ་ལ་འཇོག་དགོས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེས་བུ་དམ་པ་དེ་དག་གིས་ནམ་མཉམ་པ་ལ་མ་བཞག་གི་བར་དུ་སངས་རྒྱས་ཀྱི་དགོངས་པ་ཉམས་སུ་མ་མྱོང་ནས་ཡང་དག་པའི་རྟོགས་པས་དང་པོའི་སངས་རྒྱས་རྡོ་རྗེ་སེམས་དཔའ་ལ་གསོལ་བ། བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཉམ་པར་བཞག་པ་དང་མ་བཞག་པ་མི་མངའ་བར་རྣམ་པ་ཐམས་ཅད་མཁྱེན་ན་བདག་ཅག་གིས་བསྐལ་པ་དཔག་ཏུ་མེད་པར་དཀའ་བ་དཔག་ཏུ་མེད་པར་བགྱི་བ་ཐམས་ཅད་རྫོགས་པར་བགྱིས་ཀྱང་མཉམ་པ་ལ་མ་བཞག་གི་བར་དུ་སངས་རྒྱས་ཀྱི་དགོངས་པ་མྱོང་བར་མ་གྱུར་པ་འདི་ངོ་མཚར་ལགས་སོ། །བདེ་བར་གཤེགས་པ་འདི་ངོ་མཚར་ལགས་སོ། །དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་སེམས་དཔའ་རྡོ་རྗེ་སྙིང་པོ་དེས་བཀའ་སྩལ་པ། ཀྱེ་སྐྱེས་བུ་དམ་པ་རྣམས་གང་དེ་བཞིན་གཤེགས་པ་ཉིད་དུ་ལྷུན་གྱིས་གྲུབ་པར་འདོད་པ་རྣམས་ཀྱིས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ནས་ཐམས་ཅད་དུ་ཡོངས་སུ་རྫོགས་པར་བྱ་བ་གསུམ་ལས་ཁྱེད་རྣམས་ཀྱིས་གང་བྱ་བ་ཡོངས་སུ་རྫོགས་པར་བྱས། བསྲུང་བ་ཡོངས་སུ་དག་པར་བྱས་སུ་ཟིན་ཀྱང་ད་དུང་བློ་གྲོས་ཀུན་དུ་ཆུབ་པར་མ་བྱས་སོ། །དེ་བས་ན་གདོད་མ་ནས་དམ་པ་རྣམས་ཀྱི་དེ་ཁོ་ན་ཉིད་ལ་བློ་གྲོས་ཀུན་དུ་ཆུབ་པར་གྱིས་ཤིག་དང་། དེ་ཡོངས་སུ་ཆུབ་པ་བཞིན་དམ་པ་རྣམས་ཀྱི་དགོངས་པ་མྱོང་བར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩས་པ་ལས། སྐྱེས་བུ་དམ་པ་རྣམས་ཀྱིས་གསོལ་བ། ཨེ་མའོ་བཅོམ་ལྡན་འདས། བཅོམ་ལྡན་འདས་ཀྱིས་ནི་བདག་ཅག་རྣམས་ལ་ཤིན་ཏུ་ངོ་མཚར་ཞིང་རྨད་དུ་གྱུར་པ། དཔག་པར་དཀའ་བ་ཐེ་ཚོམ་སྐྱེ་བ། སོམ་ཉི་འཚལ་བར་བཀའ་སྩལ་ན། བློ་གྲོས་ཀུན་དུ་ཆུབ་པར་བགྱིད་པའི་དམ་པ་རྣམས་ཀྱི་དེ་ཁོ་ན་ཉིད་ཅེས་བགྱི་བ་གང་ལགས་བཤད་དུ་གསོལ། བདེ་བར་གཤེགས་པ་བཤད་དུ་གསོལ། །ཞེས་གསོལ་པ་ལས། སངས་རྒྱས་ཀུན་གྱི་བཅོམ་ལྡན་འདས་གསང་སྔགས་ཀྱི་ངོ་བོ་དེ་ཁོ་ན་ཉིད་དེས་བཀའ་སྩལ་པ། ཀྱེ་སྐྱེས་བུ་དམ་པ་རྣམས་ཀྱི་དེ་ཁོ་ན་ཉིད་འདི་ནི་ཐབས་ཆེ་ལ་སྒོ་ཡངས། ཚེགས་ཆུང་ལ་དོན་ཆེ། ཐག་ཉེ་ལ་བརྟག་དཀའ། ཉེན་ཆེ་ལ་བསྲུང་དཀའ་བའི་ཕྱིར་ངས་ཁྱེད་ལ་ཕྱིན་ཅི་མ་ལོག་པར་བསྟན་པར་རབ་ཏུ་དཀའོ། །དེ་སྐད་ཅེས་བཀའ་སྩལ་པ་ལས། སྐྱེས་བུ་དམ་པ་དེ་རྣམས་རྨ་ག་ཆད་པར་རབ་ཏུ་ངུས་སོ། །ཤིན་ཏུ་རབ་ཏུ་ངུས་ནས་གསང་བའི་སྒོ་བྱེ་བར་གྱུར་ཏེ་གསང་སྔགས་ཀྱི་དངོས་པོ་བརྒྱད་དུ་ཡོངས་སུ་ཤེས་པར་གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་རྒྱུད་དག་པའི་སྐྱེ་རྒྱུད་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།


previousརྒྱུད་དག་པའི་སྐྱེ་རྒྱུད་བསྟན་པའི་ལེའུ་སྟེ་བཅུ་གཅིག་པ།next