Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅོ་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
གསང་བ་དམ་པ་དེ་ཁོ་ན་ཉིད་དུ་ངེས་པའི་ལེའུ་སྟེ་བཅྭ་ལྔ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགསང་བ་དམ་པ་དེ་ཁོ་ན་ཉིད་དུ་ངེས་པའི་ལེའུ་སྟེ་བཅྭ་ལྔ་པ།next

གསང་བ་དམ་པ་དེ་ཁོ་ན་ཉིད་དུ་ངེས་པའི་ལེའུ་སྟེ་བཅྭ་ལྔ་པ།

དེ་ནས་ཡང་ལང་ཀའི་བདག་པོས་གསང་བ་པའི་བདག་པོ་ལ་སྔོན་དུ་བྱུང་བའི་ཚིག་བཅུ་གཉིས་པའི་བཞི་པ་སྙིང་པོ་བྱང་ཆུབ་ཉིད་དུ་ངེས་པ་ན་ཡང་འབྱུང་ཞེས་ལུང་བསྟན་པ་ཡོངས་སུ་དྲི་བ་དྲིས་པ། ཀྱེ་གསང་བ་པའི་བདག་པོ་ཉིད་ཀྱིས་ཐེག་པ་ཆེན་པོ་གསང་བ་དམ་པ་བྱུང་བའི་ཚུལ་གཏམ་དུ་བརྗོད་པའི་སྐབས་སུ་སྙིང་པོ་བྱང་ཆུབ་ཉིད་དུ་ངེས་པ་ན་ཡང་འབྱུང་ཞེས་བཀོད་པ་དེ་ཇི་ལྟ་བ་ཞིག་ཏུ་ངེས་ཏེ་བྱུང་བ་ལགས། སྨྲས་པ། ལང་ཀའི་བདག་པོ་གང་དམ་པ་དག་ཐམས་ཅད་ནས་ཐམས་ཅད་དུ་སྙིང་པོ་བྱང་ཆུབ་ཉིད་དུ་སྣང་བའོ། །སྨྲས་པ། གསང་བ་པའི་བདག་པོ་སྐྱེས་བུ་དམ་པ་གང་དག་ཡོངས་སུ་ངེས་པ་རྙེད་དེ་སྙིང་པོ་བྱང་ཆུབ་ཏུ་གནས་པ་ན་ཐམས་ཅད་ནས་ཐམས་ཅད་དུ་ཇི་ལྟར་སྣང་། གང་སྣང་བ་ཞིག་ན་ནི་མ་བྱུང་མ་སྐྱེས་པར་མི་རུང་བ་ཞིག །མི་སྣང་བ་ཞིག་ན་ནི་རྒྱུན་གྱི་ཡེ་ཤེས་དང་རྒྱུན་གྱི་སྙིང་རྗེ་འབྱུང་བར་མི་རུང་བ་ཞིག་ན་འདི་ཇི་ལྟར་ཡོངས་སུ་ཤེས་པར་བགྱི། དེ་སྐད་ཅེས་དྲིས་པ་ལས། གསང་བ་པའི་བདག་པོས་སྨྲས་པ། ཀྱེ་ལང་ཀའི་བདག་པོ་དེ་ནི་འདི་ལྟ་སྟེ། སྙིང་པོ་བྱང་ཆུབ་ཇི་ལྟ་བ་ལ་སྐྱེས་བུ་དམ་པ་དེ་བཞིན་པ་ཉིད་དེ། སྙིང་པོ་བྱང་ཆུབ་གང་ཡིན་པ་དེ་ནི་སྐྱེས་བུ་དམ་པ་དེ་ཉིད་ལ་སྐྱེས་བུ་དམ་པ་གང་ཡིན་པ་དེ་ནི་སྙིང་པོ་བྱང་ཆུབ་ཉིད་དེ་སྐྱེས་བུ་དམ་པ་ཞེས་ནི་མ་མཐོང་ལ་སྙིང་པོ་བྱང་ཆུབ་ཅེས་ནི་མ་དམིགས་སོ། །དྲིས་པ། གང་མ་མཐོང་མ་དམིགས་ན་ནི་དམ་པ་རྣམས་ཀྱིས་གསུངས་པ་ལྟར་ན་གང་དེ་ཉིད་མཐོང་བ་དེས་ཆོས་ཐམས་ཅད་མཐོང་ངོ་། །ཆོས་ཐམས་ཅད་མཐོང་བ་དེས་སྙིང་པོ་བྱང་ཆུབ་མཐོང་ངོ་ཞེས་གསུངས་པ་དང་། གང་དེ་ཁོ་ན་ཉིད་ངེས་པ་རྙེད་པ་དེས་ངེས་པ་རྙེད་དོ་ཞེས་གསུངས་པ་ལས་འགལ་བར་གྱུར་ན་འདི་ཇི་ལྟར་ཡོངས་སུ་ཤེས་པར་བགྱི། དེ་སྐད་ཅེས་དྲིས་བ་ལས། སྨྲས་པ། ཀྱེ་ལང་ཀའི་བདག་པོ་འདི་ལྟ་སྟེ། གཟུགས་སྣང་གང་མཐོང་རྫས་རྙེད་མིན། །མ་མཐོང་དེ་མཐོང་ཉིད་ངེས་པ། །བརྗོད་མེད་གང་རིག་ཉམས་རྙེད་ལ། །མཐོང་རྙེད་ཐ་སྙད་ཙམ་དུ་བརྗོད། །རྣམ་དག་ལམ་ཆེན་དེ་ཉིད་དུ། །བྱུང་བའི་སྐྱེས་བུ་དམ་པ་དག །དོན་ཆེན་རབ་ཏུ་ངེས་རྙེད་དེ། །མི་དམིགས་པ་ཡི་ངང་ཉིད་ལ། །མི་གཡོ་མི་རྟོག་པ་ཡི་ཚེ། །མི་གནས་ཆོས་སྐུའི་ངོ་བོ་ཉིད། །རང་བྱུང་ཡེ་ཤེས་ནམ་མཁའ་ཆེ། །མ་འདྲེས་ཡོངས་སུ་རྫོགས་པའི་ངང་། །མི་སྐྱེ་མི་འགག་དེ་བཞིན་ཉིད། །སྨྲ་བསམ་བརྗོད་མེད་རྟོག་ལས་འདས། །སོ་སོ་རང་གི་སྤྱོད་ཡུལ་ཏེ། །དབུས་མཐར་མི་དམིགས་ཇི་བཞིན་ཉིད། །སྙིང་པོ་བྱང་ཆུབ་ཀུན་ཡུམ་ལ། །མ་སྤྲོས་བདེ་བཞིན་ལྷན་ནེ་བའོ། །ཡང་ལང་ཀའི་བདག་པོས་དྲིས་པ། གསང་བ་པའི་བདག་པོ་བྱང་ཆུབ་ཀྱི་སྙིང་པོ་དེ་ཁོ་ན་ཉིད་དེ་ཇི་ཙམ་ཞིག་ན་གནས་པར་འགྱུར། མཚན་དང་རང་བཞིན་ཅི་ལགས། སྨྲས་པ། ལང་ཀའི་བདག་པོ་ཀུན་དུ་མ་ངེས་ཏེ། དུས་ཚིགས་དང་། ཟླ་བ་དང་། ཟླ་བ་ཕྱེད་དང་། ཞག་དང་། ཉི་མ་དང་། ཐུན་དང་། ཐུན་ཕྱེད་དང་། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་དང་། དེ་མ་ཐག་པ་དང་། དེ་ཁོ་ན་ཉིད་པ་དང་། བསྐལ་པ་དང་། བསྐལ་པ་ཚད་མེད་པས་སོ། །མཚན་ཉིད་དང་རང་བཞིན་མེད་པས་སོ། །མི་དམིགས་པའོ། །གོམས་པར་བྱས་པའོ། །ངེས་པར་བརྟགས་པའོ། །ཡོངས་སུ་སྤྱད་པའོ། །ཅིར་ཡང་སྣང་བའོ། །ཡིན་པར་ངེས་པའོ། །ཀུན་ནས་འབྱུང་བའོ། །ཐམས་ཅད་འདུས་པའོ། །ཡོངས་ལ་ཁྱབ་པའོ། །ཡོང་གིས་སྐྱེ་བའོ། །རྣམ་པར་དག་པའོ། །གར་ཡང་མ་གྲུབ་པའོ། །ཁྱབ་པ་མེད་པ། མ་ཁྱབ་པ་མེད་པ། མཐོ་དམན་མེད་པ། ཆེ་ཆུང་མེད་པ། བཟང་ངན་མེད་པ། ཡངས་དོག་མེད་པ། རྒྱུ་འབྲས་མེད་པ། ཕོ་མོ་མེད་པ། རིགས་རྒྱུད་མེད་པ། གཟུགས་མེད་པ། ལས་དང་རྣམ་སྨིན་མེད་པ། ཕྱི་ནང་མེད་པ། སྐྱེ་བ་མེད་པ། འཕོ་འགྱུར་མེད་པ། མུན་སྣང་མེད་པ། སྔ་ཕྱི་མེད་པ། མཐའ་དབུས་མེད་པ། བདག་གཞན་མེད་པ། རྩོལ་སྒྲུབ་མེད་པ། བླང་དོར་མེད་པ། ངང་གིས་མ་བཅོས་པ། ཡོང་གིས་འོད་གསལ་བ། མ་བསླད་པ། མ་བྱུང་བ། མ་སྐྱེས་པ་ཡིན་ན། ལང་ཀའི་བདག་པོ་ཅི་མཚན་ཉིད་དང་རང་བཞིན་ཅི་ཞེས་འདྲི། བྱང་ཆུབ་ཀྱི་སྙིང་པོ་ནི་སྣང་བ་དང་མི་སྣང་བ་ལས་འདསཏེ་མཚན་ཉིད་དང་རང་བཞིན་མི་དམིགས་སོ། །དེ་ལྟར་ན་ལང་ཀའི་བདག་པོ་གང་སྐྱེས་བུ་དམ་པ་དག་སྙིང་པོ་བྱང་ཆུབ་ཏུ་གནས་ཏེ་མི་དམིགས་པ་དེ་ལ་རྡོ་རྗེ་སེམས་དཔའ་སྟོང་པ་ཉིད་དེ་ཁོ་ན་ཉིད་དམ་པ་དེ་ལས་དེ་དག་བགམ་པའི་ཕྱིར་འདི་སྐད་ཅེས་འབྱུང་ངོ་། །ཀྱེ་སྐྱེས་བུ་དམ་པ་དག་གང་སྙིང་པོ་བྱང་ཆུབ་མཐོང་ངམ། སྐྱེས་བུ་དམ་པ་རྣམས་སྙིང་པོ་བྱང་ཆུབ་དེ་ཁོ་ན་ཉིད་དེ་ལས་འདི་སྐད་ཅེས་འབྱུང་ངོ་། །ཀྱེ་བཤེས་གཉེན་དམ་པ་བྱང་ཆུབ་ཀྱི་སྙིང་པོ་ནི་བདག་ཅག་གིས་མ་མཐོང་བར་མཐོང་ལགས་སོ། །བཀའ་སྩལ་པ། ཇི་ལྟར་མ་མཐོང་བར་མཐོང་། གསོལ་པ། བྱང་ཆུབ་ཀྱི་སྙིང་པོར་མ་མཐོང་བར་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོར་མཐོང་ལགས་སོ། །བཀའ་སྩལ་པ། བྱང་ཆུབ་ཀྱི་སྙིང་པོ་ཞེས་གང་ལ་བྱ། གསོལ་པ། བཤེས་གཉེན་དམ་པ་བྱང་ཆུབ་ཀྱི་སྙིང་པོ་ནི་སངས་རྒྱས་ཀུན་གྱི་གསང་བ་དགོངས་པ་དམ་པ་ལ་བགྱིའོ། །བཀའ་སྩལ་པ། སྐྱེས་བུ་དམ་པ་དགོངས་པ་དམ་པ་ཞེས་གང་ལ་བྱ། གསོལ་པ། ཐམས་ཅད་ཀྱི་རང་བཞིན་གང་ལགས་བ་དེ་ཁོ་ན་ཉིད་དོ། །བཀའ་སྩལ་པ། ཅིའི་ཕྱིར་ཐམས་ཅད་ཀྱི་རང་བཞིན་ལ་གསང་སྔགས་ཞེས་བྱ། གསོལ་པ། ཐམས་ཅད་ཀྱི་རང་བཞིན་གང་ལགས་པ་དེ་ནི་གང་གིས་ཀྱང་མི་མཐོང་། མི་རྟོགས། སྤྱོད་ཡུལ་དུ་མ་གྱུར། སྨྲར་མེད་པ། བརྗོད་པ་ལས་འདས་པ། བསམ་དུ་མེད་པ། བསམ་གྱིས་མི་ཁྱབ་པ། བརྟག་པར་དཀའ་ཞིང་བསྟན་པར་དཀའ་བའི་ཕྱིར་ལགས་སོ། །བཀའ་སྩལ་པ། སྐྱེས་བུ་དམ་པ་ཐམས་ཅད་ཀྱི་རང་བཞིན་མཐོང་ངམ། གསོལ་པ། བཤེས་གཉེན་དམ་པ་ཐམས་ཅད་ཀྱི་རང་བཞིན་ནི་བདག་ཅག་གིས་མ་མཐོང་ལགས་སོ། །བཀའ་སྩལ་པ། ཅིའི་ཕྱིར་མ་མཐོང་། གསོལ་པ། མི་དམིགས་པའི་སླད་དུའོ། །བཀའ་སྩལ་པ། སྐྱེས་བུ་དམ་པ་ཁྱེད་ཀྱིས་ཐམས་ཅད་ཀྱི་རང་བཞིན་མ་མཐོང་ངམ། གསོལ་པ། བཤེས་གཉེན་དམ་པ་བདག་ཅག་གིས་མཐོང་ལགས་སོ། །བཀའ་སྩལ་པ། སྐྱེས་བུ་དམ་པ་ཇི་ལྟ་བུར་མཐོང་། གསོལ་བ་ཐམས་ཅད་ཀྱི་རང་བཞིན་གང་ལགས་པ་དེ་མ་བཅོས། མ་བསླད། མ་བྱུང་། མ་སྐྱེས། ཇི་བཞིན་པ་དེ་ཁོ་ན་ཉིད་ཡེ་ཇི་བཞིན་པའི་དཀྱིལ་འཁོར་དུ་མཐོང་ལགས་སོ། །བཀའ་སྩལ་པ། སངས་རྒྱས་མཐོང་ངམ། གསོལ་པ། མ་མཐོང་ལགས་སོ། །བཀའ་སྩལ་པ། ཅིའི་ཕྱིར་མ་མཐོང་། གསོལ་པ། མི་དམིགས་པའི་སླད་དུའོ། །བཀའ་སྩལ་པ། མ་མཐོང་ངམ། གསོལ་པ། མཐོང་ལགས་སོ། །བཀའ་སྩལ་པ། ཇི་ལྟ་བུར་མཐོང་། གསོལ་པ། ཐམས་ཅད་དེ་བཞིན་ཉིད་དུ་སངས་རྒྱས་ཏེ་ཀུན་ལ་ཁྱབ་པའི་སླད་དུ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་མཐོང་ལགས་སོ། །བཀའ་སྩལ་པ། སེམས་ཐམས་ཅད་མཐོང་ངམ། གསོལ་པ། མ་མཐོང་ལེགས་སོ། །བཀའ་སྩལ་པ། ཅིའི་ཕྱིར་མ་མཐོང་། གསོལ་པ། མི་དམིགས་པའི་སླད་དུའོ། །བཀའ་སྩལ་པ། མ་མཐོང་ངམ། གསོལ་པ། མཐོང་ལགས་སོ། །བཀའ་སྩལ་པ། ཇི་ལྟར་མཐོང་། གསོལ་པ། ཐམས་ཅད་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་མཐོང་ལགས་སོ། །བཀའ་སྩལ་པ། སྐྱེས་བུ་དམ་པ་ཁྱེད་བྱང་ཆུབ་ཀྱི་སྙིང་པོར་འདོད་དམ། གསོལ་པ། བཤེས་གཉེན་དམ་པ་ཡོངས་སུ་སྨིན་ཏོ། །བཀའ་སྩལ་པ། ཅིའི་ཕྱིར་མི་འདོད། གསོལ་པ། གང་སྐྱེས་བུ་དམ་པ་ཞེས་བགྱི་བ་ཉིད་དང་སེམས་ཅན་སེམས་ཅན་ཞེས་བགྱི་བ་ཉིད་བྱང་ཆུབ་ཀྱི་སྙིང་པོ་ལས་མ་གཡོས་པའོ། །ཐམས་ཅད་ཀྱང་དེ་བཞིན་ཉིད་ལས་མ་གཡོས་པའོ། །བཀའ་སྩལ་པ། སྐྱེས་བུ་དམ་པ་བྱང་ཆུབ་ཀྱི་སྙིང་པོ་གང་ནས་བཙལ། གསོལ་པ། གང་ནས་ཀྱང་མི་ཚོལ་ལོ། །བཀའ་སྩལ་པ། ཅིའི་ཕྱིར་མི་ཚོལ། གསོལ་པ། ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ཉིད་དེ་གང་ན་ཡང་མི་གནས་སོ། །བཀའ་སྩལ་པ། སྐྱེས་བུ་དམ་པ་རྣམས་སངས་རྒྱས་ཀྱི་ཞིང་ཁམས་ཡོངས་སུ་བགྲོད་པར་འདོད་དམ། གསོལ་པ། ཡོངས་སུ་བགྲོད་པར་མི་འདོད་དོ། །བཀའ་སྩལ་པ། ཅིའི་ཕྱིར་བགྲོད་པར་མི་བྱེད། གསོལ་པ། སེམས་ཅན་གྱི་རིས་མཐའ་དག་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་ཉིད་ཀྱི་སླད་དུའོ། །བཀའ་སྩལ་པ། སྐྱེས་བུ་དམ་པ་མི་གཡོ་བ་ལ་མི་རྟོག་པ་ཉིད་དུ་གནས་སམ། གསོལ་པ། མི་རྟོག་པ་ལ་མི་འཇུག་ལགས་སོ། །བཀའ་སྩལ་པ། ཅིའི་ཕྱིར་མི་འཇུག །གསོལ་པ། བདག་ཉིད་མི་རྟོག་པས་ད་གདོད་མི་རྟོག་པ་ལ་འཇུག་མི་འཚལ་བའི་སླད་དུའོ། །གལ་ཏེ་བདག་ཡེ་ནས་རྣམ་པར་མི་རྟོག་པ་མ་ལགས་ན་ནི་རྣམ་པར་མི་རྟོག་པ་ལ་བདག་འཇུག་པ་ཞིག་ན་ཐམས་ཅད་ཡེ་ནས་རྣམ་པར་མི་རྟོག་པའི་སླད་དུའོ། །བཀའ་སྩལ་པ། སྐྱེས་བུ་དམ་པ་སྙིང་རྗེ་ཆེན་པོ་འབྱུང་བར་འདོད་དམ། གསོལ་པ། འབྱུང་བར་མི་འདོད་ལགས་སོ། །བཀའ་སྩལ་པ། ཅིའི་ཕྱིར་མི་འདོད། གསོལ་པ། ཀུན་དུ་མི་གཡོ་ལགས་སོ། །བཀའ་སྩལ་པ། ཅིའི་ཕྱིར་མི་གཡོ། ཐམས་ཅད་སངས་རྒྱས་པ་ཉིད་ཁོ་ན་བས་སྙིང་རྗེའི་ཡུལ་མི་དམིགས་པའི་ཕྱིར་རོ། །བཀའ་སྩལ་པ། སྐྱེས་བུ་དམ་པ་སེམས་ཅན་རྣམས་ཀྱི་དོན་ཆེད་དུ་སྤྱོད་དམ། གསོལ་པ། མི་སྤྱོད་ལགས་སོ། །བཀའ་སྩལ་པ། ཅིའི་ཕྱིར་མི་སྤྱོད། གསོལ་པ། ཐམས་ཅད་ཡེ་ནས་དེ་བཞིན་ཉིད་ཁོ་ནའི་སླད་དུའོ། །བཀའ་སྩལ་པ། སྐྱེས་བུ་དམ་པ་ཆོས་ཀྱི་སྐུ་ལྷུན་གྱིས་གྲུབ་པར་འདོད་དམ། གསོལ་པ། གྲུབ་པར་མི་འཚལ་ལགས་སོ། །བཀའ་སྩལ་པ། ཅིའི་ཕྱིར་གྲུབ་པར་མི་འདོད། གསོལ་པ། འདུས་པ་ལས་བྱུང་བའི་སླད་དུའོ། །བཀའ་སྩལ་པ། སྐྱེས་བུ་དམ་པ་ས་རྣམས་ཡོངས་སུ་བགྲོད་པར་འདོད་དམ། གསོལ་པ། ཡོངས་སུ་བགྲོད་པར་མི་བགྱིད་ལགས་སོ། །བཀའ་སྩལ་པ། ཅིའི་ཕྱིར་མི་བགྲོད། གསོལ་པ། ཐམས་ཅད་སངས་རྒྱས་ཀྱིས་ལམ་བགྲོད་པར་ཕྱིན་པའི་ཕྱིར་རོ། །བཀའ་སྩལ་པ། སྐྱེས་བུ་དམ་པ་སྙིང་པོ་བྱང་ཆུབ་དེ་དཔེ་གང་གིས་བསྟན། གསོལ་པ། བཤེས་གཉེན་དམ་པ་མཐུན་པའི་དཔེ་ནི་གང་ཡང་མ་མཆིས་ཏེ། དཔེ་གང་གིས་ཀྱང་བསྒྲུན་དུ་མ་མཆིས་པ་ལགས་སོ། །བཀའ་སྩལ་པ། དཔེ་མཚོན་དུ་མེད་དམ། གསོལ་པ། ཆུང་ཟད་དུ་མཐུན་པའི་དཔེ་གཟུང་ན་འདི་ལྟ་སྟེ། ནམ་མཁའ་དང་། ཉི་མ་དང་། ནོར་བུ་རིན་པོ་ཆེ་དང་། རིན་པོ་ཆེ་གསེར་དང་། སྒྲོན་མ་དང་། དུག་འགྱུར་རྩི་དང་། གསེར་འགྱུར་རྩི་དང་། བཻཌཱུ་རྱ་དང་། རྒྱ་མཚོ་ཆེན་པོ་དང་། རྡོའི་སྙིང་པོ་དང་། རྩལ་གྱིས་ནོན་པ་དང་། ཡུལ་ལ་འཇུག་པ་དང་། གསེར་རྡོ་རིན་པོ་ཆེ་དང་། མངོན་པར་སྤྲོ་བ་བསྐྱེད་པ་ལྟ་བུ་ལགས་སོ། །བཀའ་སྩལ་པ། སྐྱེས་བུ་དམ་པའི་སྙིང་པོ་བྱང་ཆུབ་དེ་མཚོན་པའི་མིང་ཇི་ལྟར་གྲགས། གསོལ་པ། བཤེས་གཉེན་དམ་པ་མིང་ནི་བླ་དགས་ཏེ། མིང་ལ་ངེས་པ་གང་ཡང་མ་མཆིས་ལགས་སོ། །བཀའ་སྩལ་པ། མིང་གིས་མཚོན་དུ་མེད་དམ། གསོལ་པ། གང་ཡོངས་སུ་མི་དམིགས་པ་ལས་བརྗོད་པའི་དབང་དུ་མཚོན་ན་མིང་གི་རྣམ་གྲངས་སུ་བརྟགས་པ་ནི་ཐ་དད་པ་ཇི་ལྟར་བཏགས་པ་དེ་ལྟར་ཆགས་པར་གྲགས་ཏེ་སྙིང་པོ་བྱང་ཆུབ་ཉིད་དང་། དེ་ཉིད་དང་། དེ་ཁོ་ན་ཉིད་དང་། དེ་བཞིན་ཉིད་དང་། ཇི་བཞིན་པ་དང་། མ་ནོར་བ་དང་། མ་བཅོས་པ་དང་། གཞན་མ་ཡིན་པ་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། བསམ་གྱིས་མི་ཁྱབ་པ་དང་། ཡང་དག་པའི་མཐའ་དང་། གསང་སྔགས་དང་། གཟུངས་སྔགས་དང་། རིགས་སྔགས་དང་། ཐེག་པ་ཆེན་པོ་ཞེས་ཡོངས་སུ་གྲགས་པ་ལགས་སོ། །བཀའ་སྩལ་པ། སྐྱེས་བུ་དམ་པ་དག་སྙིང་པོ་བྱང་ཆུབ་དེ་ཇི་ལྟར་སྣང་། གསོལ་པ། སྙིང་པོ་བྱང་ཆུབ་དེ་སྐད་ཅིག་ཀྱང་སྣང་བ་མི་སྲིད་ལགས་སོ། །བཀའ་སྩལ་པ། ཅི་གང་དུ་ཡང་མི་སྣང་ངམ། གསོལ་པ། ཇི་ལྟར་བལྟས་པ་དེ་ལྟར་སྣང་ལགས་སོ། །བཀའ་སྩལ་པ། ཇི་ལྟར་ཡོངས་སུ་སྣང་། གསོལ་པ། འདི་ལྟ་སྟེ། ཀུན་དུ་ཁྱབ་པས་སྣང་བ་མེད་པ་ཉིད་དོ། །གར་ཡང་མ་སྦས་མཐོང་བ་མེད་པ་ཉིད་དོ། །ཡེ་ནས་མ་བྲལ་ངོ་མ་ཤེས་པ་ཉིད་དོ། །བརྟགས་ན་མ་མཐོང་ཅིར་ཡང་སྣང་བ་ཉིད་དོ། །སྣ་ཚོགས་སྣང་ཡང་དངོས་པོ་མེད་པ་ཉིད་དོ། །བསྐལ་པར་འཁྱམས་ཀྱང་སྟོང་བྲལ་མེད་པ་ཉིད་དོ། །སྣ་ཚོགས་སྒོ་ཡང་འགྱུར་བ་མེད་པ་ཉིད་དོ། །རྡུལ་ཆ་མེད་པར་སྣང་སྲིད་ཁྱབ་པ་ཉིད་དོ། །སྟོང་པ་ཉིད་ལས་སྣ་ཚོགས་འབྱུང་བ་ཉིད་དོ། །དངོས་གཞི་མེད་པར་ཅིར་ཡང་བཏགས་ཆགས་པ་ཉིད་དོ། །བརྩལ་གནས་མེད་པར་ཅི་བསྒྲུབས་འགྲུབ་པ་ཉིད་དོ། །གཟུགས་མཚན་མེད་པར་ཅིར་བལྟས་སྣང་བ་ཉིད་དོ། །ཅི་ཡང་མེད་པར་ཅིར་ཡང་རིག་པ་ཉིད་དོ། །ཁྱབ་བདལ་འུབ་ཆུབ་གཅིག་མཐའ་ཡས་པ་ཉིད་དོ། །ཀུན་བྲལ་ཉག་གཅིག་ཅི་མ་སྤངས་པ་ཉིད་དོ། །ཕྱི་དང་ནང་མེད་ཀུན་དུ་ནང་ཉིད་དོ། །མཐའ་ཡས་བྱུང་ཡང་ཟད་པ་མེད་པ་ཉིད་དོ། །མ་བཟུང་མ་བརྟགས་གང་དུ་ཆགས་པ་ཉིད་དོ། །གདོས་པ་མེད་པར་རྟག་པར་ལྟུང་བ་ཉིད་དོ། །འདེགས་པ་མེད་པར་ནམ་མཁའ་ལ་འགྲོ་བ་ཉིད་དོ། །ཡན་ལག་མེད་པར་ས་རྣམས་བགྲོད་པ་ཉིད་དོ། །གར་ཡང་མ་གཡོས་ཀུན་དུ་ཕྱིན་པ་ཉིད་དོ། །བསྐྱོད་པ་མེད་པར་ཐོགས་མེད་མྱུར་བ་ཉིད་དོ། །ཐ་དད་སྤྲོས་ཀྱང་གཅིག་ལས་མ་གཡོས་པ་ཉིད་དོ། །གཅིག་ལས་མ་གཡོས་སྣ་ཚོགས་སྣང་བ་ཉིད་དོ། །ཐམས་ཅད་འཇུག་པས་ལམ་ཉིད་དོ། །གང་ཡང་མ་སྤངས་པས་འཁོར་བ་ཉིད་དོ། །མ་ཤེས་འཁྲུལ་པས་སེམས་ཅན་ཉིད་དོ། །ཆུ་བོ་བཞི་སྒྲོལ་བས་གྲུ་ཉིད་དོ། །རྣམ་པར་བསྐྱོད་པས་བགྲོད་པའོ། །དམིགས་པ་མེད་པས་བྱང་ཆུབ་བོ། །རྣམ་པ་སྣ་ཚོགས་པས་སེམས་ཉིད་དོ། །ཀུན་ལ་མཁས་པས་ཤེས་རབ་བོ། །ཐམས་ཅད་གསལ་བས་ཏིང་ངེ་འཛིན་ནོ། །མ་བགྲོད་པར་ཕྱིན་པས་གནས་ཉིད་དོ། །ཟླ་མེད་པས་རབ་ཉིད་དོ། །ངོ་མཚར་བས་མཆོག་ཉིད་དོ། །རྣམ་པར་འཕགས་པས་ཕུལ་ཉིད་དོ། །དབང་དང་གཉེན་པོ་མེད་པས་བླ་ན་མེད་པ་ཉིད་དོ། །གཏིང་མི་རྙེད་པས་ཟབ་པ་ཉིད་དོ། །དཔག་ཏུ་མེད་པས་ན་གསང་བ་ཉིད་དོ། །ཕྲ་བས་ན་མི་གསལ་བ་ཉིད་དོ། །ཐམས་ཅད་འབྱུང་བས་ཆོས་སོ། །མི་འགྱུར་བས་དེ་ཁོ་ན་ཉིད་དོ། །གོ་འཕང་ཉིད་བས་བྱང་ཆུབ་སེམས་དཔའོ། །རྒྱུན་སངས་ཁྱབ་པས་སངས་རྒྱས་ཉིད་དོ། །གཞིར་གྱུར་པས་རྩ་བ་ཉིད་དོ། །ཐམས་ཅད་བསྐྱེད་པས་ཡུམ་ཉིད་དོ། །དེ་ལས་བྱུང་བས་ཡབ་ཉིད་དོ། །གདུང་རྒྱུད་འཛིན་པས་སྲས་ཉིད་དོ། །རང་བྱུང་བ་ཉིད་པས་དབང་བདག་ཉིད་དོ། །དེ་བཞིན་ཉིད་པས་གདུང་ཆེན་པོ་ཉིད་དོ། །འདའ་བར་དཀའ་བས་ཐུགས་དམ་ཆེན་པོ་ཉིད་དོ། །རྣམ་པར་འཚོ་བས་སྲོག་ཉིད་དོ། །ཟད་མི་ཤེས་པས་གཏེར་ཆེན་པོ་ཉིད་དོ། །འདོད་པ་བསྒྲུབ་པས་ནོར་ཉིད་དོ། །རྒྱུན་གྱི་སྙིང་རྗེས་ཀུན་གྱི་བྱ་བ་བྱེད་པས་བྲན་ཉིད་དོ། །རྣམ་པར་བརྗིད་པས་སྐུ་ཉིད་དོ། །སྨྲ་བརྗོད་བྱུང་བས་གསུང་ཉིད་དོ། །ཐམས་ཅད་མཁྱེན་པས་ཐུགས་ཉིད་དོ། །འདོད་དགུ་འབྱུང་བས་ཡོན་ཏན་ཉིད་དོ། །བྱ་བ་བྱེད་པས་ཕྲིན་ལས་ཉིད་དོ། །ཡུལ་ལ་བགྲོད་པས་འདོད་པ་ཉིད་དོ། །དེ་ཉིད་ལ་སྤྱོད་པས་ལོངས་སྤྱོད་ཆེན་པོ་ཉིད་དོ། །རྒྱུར་གྱུར་པས་ཡོ་བྱད་ཆེན་པོའོ། །དགོངས་པ་ཚང་བས་ཚོགས་ཆེན་པོའོ། །བྱ་བརྩལ་མེད་པས་དོན་ཐམས་ཅད་གྲུབ་པའོ། །སྣ་ཚོགས་འཕྲུལ་བས་ཆོ་འཕྲུལ་ཉིད་དོ། །མཚན་མར་བྱུང་བས་ཕྱག་རྒྱ་ཉིད་དོ། །གཞན་ནས་མི་ཚོལ་བས་བསྙེན་པ་ཉིད་དོ། །རང་ལས་བྱུང་བས་ཉེ་བའི་བསྙེན་པ་ཉིད་དོ། །སྙིང་པོ་ཉིད་པས་བསྒྲུབ་པའོ། །འབྲས་བུ་ཉིད་པས་སྒྲུབ་པ་ཆེན་པོའོ། །བཀའ་སྩལ་པ། སྐྱེས་བུ་དམ་པ་དག་བྱང་ཆུབ་ཀྱི་སྙིང་པོ་དེ་ཇི་ལྟར་སྒྲུབ། གསོལ་བ། སྒྲུབ་ཏུ་མ་མཆིས་ལགས་སོ། །བཀའ་སྩལ་པ། ཇི་ལྟར་སྒྲུབ་ཏུ་མེད། གསོལ་པ། ཡེ་ནས་གྲུབ་པ་ཉིད་ཀྱི་སླད་དུའོ། །བཀའ་སྩལ་པ། ཡེ་ནས་ཇི་ལྟར་སྒྲུབ། གསོལ་པ། གཞན་ནས་མི་འབྱུང་བ་དང་། རང་ལས་འབྱུང་བ་དང་། བྱ་བ རྩལ་མེད་པ་དང་། རང་བྱུང་བའི་ཕྱིར་ཡེ་ཉམས་སུ་ལོན་པ་ཉིད་དུ་ངེས་པའོ་ཞེས་དེ་ལྟ་དེ་ལྟར་སྟོང་པ་ཉིད་ལས་སྒྲ་བྱུང་བས་དེ་ཁོ་ན་ཉིད་དེ་ཁོ་ན་ཉིད་དུ་ངེས་པར་ཐམས་ཅད་ནས་ཐམས་ཅད་དུ་སྙིང་པོ་བྱང་ཆུབ་ཉིད་ལས་མ་གཏོགས་པ་གང་དུ་ཡང་མེད་དོ། །ལང་ཀའི་བདག་པོ་དེ་ལྟར་སྐྱེས་བུ་དམ་པས་སྙིང་པོ་བྱང་ཆུབ་ཉིད་དུ་ངེས་པ་དག་མི་གཡོ་བའི་ངང་ལ་མི་རྟོག་པ་ཉིད་དུ་ཞི་བར་ལྷན་པར་གནས་པ་དེའི་ཚེ་དེའི་དུས་ན་དགོངས་པ་ཆོས་ཉིད་ཀྱི་ནམ་མཁའ་ལ་འགྲེལ་པ་ཡེ་ཤེས་ཀྱི་ཉི་མ་བདལ་ཏེ་ཐམས་ཅད་དེ་ཁོ་ན་ཉིད་ངེས་པ་ཉིད་དུ་འགྲེལ་ཏོ། །དེའི་ཚེ་དེའི་དུས་ན་གསང་སྔགས་འབྱུང་བའི་རྒྱུ་གདུལ་བྱ་ཁྱད་པར་དུ་བྱུང་བ་འཇིག་རྟེན་གསུམ་སྲེག་པར་བྱེད་པ། ཁྲོ་བོའི་ཚུལ་ཅན་གདུལ་བྱའི་དུས་ལ་ངེས་པར་བབ་པའི་ཚེ་ཕྱོགས་དུས་ཀུན་གྱི་སངས་རྒྱས་ཐམས་ཅད་སྙིང་པོ་བྱང་ཆུབ་གང་ན་བར་འདུས་ནས་སྐྱེས་བུ་དམ་པ་དག་ལ་ལ་ནི་བྱང་ཆུབ་ཆེན་པོར་རྣམ་པར་བསྐུལ། ལ་ལ་ནི་ཆོ་འཕྲུལ་ཆེན་པོར་རྣམ་པར་བསྐུལ། ལ་ལ་ནི་ཆོ་ག་རྫོགས་པར་བསྐུལ། ལ་ལ་ནི་ཏིང་ངེ་འཛིན་གྱིས་བསྐུལ། །ལ་ལ་ནི་རྣམ་པར་གྲོལ་བའི་རིག་པས་བསྐུལ་ཏེ། དེས་གང་སྟོང་པ་ཉིད་གང་ན་བ་ལས་ལངས་ཏེ་རྫོགས་ལོངས་སྤྱོད་པ་དང་། རྣམ་པར་སྤྲུལ་པ་རྣམ་པར་བཀོད་པ་ནི་ཇི་ལྟ་ཇི་ལྟར་རྡོ་རྗེ་སེམས་དཔའ་དེ་ཁོ་ན་ཉིད་ངེས་པའི་རྣམ་པར་འཕྲུལ་པ་སྒྲོན་མ་ཡོངས་སུ་བཀོད་པ་ལྟར་སྣང་ངོ་། །འདི་ལྟར་ཡོངས་སུ་དག་པ་བརྟགས་པའི་སངས་རྒྱས་བརྗོད་པ་ལས་འདས་པ་ཐ་དད་པ་དག་ཞིང་ཁམས་ཐ་དད་པར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཐ་དད་པ་དག་ལྷ་གནས་གསུམ་ཐ་དད་པར་རྫོགས་ལོངས་སྤྱོད་པ་དང་། རྒྱལ་ཚབ་ཆོས་ཀྱི་རྒྱལ་པོ་དང་། སྤྲུལ་པ་བརྒྱ་བྱིན་ལྷའི་བླ་མ་ཐ་དད་པ་དང་། ཐ་མའི་དུས་ཐ་དད་པར་ཆོ་འཕྲུལ་ཐ་དད་པར་སྣང་བ་དང་། ཡུམ་གཙུག་ཏོར་འཁོར་ལོས་སྒྱུར་བའི་ལྷུམས་ཐ་དད་པ་ན་གསང་བའི་སྐུ་ཐ་དད་པར་སྣང་བ་དང་། ཞིང་ཁམས་ཐ་དད་པ་ན་སྤྲུལ་པའི་སྒྲོན་མ་ཐ་དད་པར་སྣང་བ་དང་། ཐུགས་སྙིང་པོ་བྱང་ཆུབ་ན་མི་གཡོ་བ་དང་། སྐུ་ཐ་དད་འཇིག་རྟེན་ཐ་དད་ན་བསམ་གཏན་ལ་སྙོམས་པར་ཞུགས་ཏེ་མཇེད་པ་མཐར་ཕྱིན་པ་དང་། རྡོ་རྗེ་གདན་ཐ་དད་པ་ལ་གཤེགས་ཏེ་ཐ་དད་པའི་བདུད་བཏུལ་ཏེ་འཁོར་ལོ་ཡོངས་སུ་བསྐོར་ནས་མངོན་པར་རྫོགས་པར་བྱང་ཆུབ་པ་འབའ་ཞིག་གོ། །དེ་སྐད་ཅེས་སྨྲས་པས། ལང་ཀའི་བདག་པོ་ལ་སོགས་པ་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་གསང་བ་དམ་པ་དེ་ཁོ་ན་ཉིད་དུ་ངེས་པར་གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་གསང་བ་དམ་པ་དེ་ཁོ་ན་ཉིད་དུ་ངེས་པའི་ལེའུ་སྟེ་བཅྭ་ལྔ་པའོ།། །།ཐེག་པ་ཆེན་པོ་ངེས་པར་འབྱུང་བའི་ཚུལ་ལས་སྙིང་པོ་བྱང་ཆུབ་ཉིད་དུ་ངེས་པའི་གཏམ་རྒྱུད་བརྗོད་པའི་ཆོས་ཀྱི་ཕྱག་རྒྱའི་ཡེ་ཤེས་རྣམ་པར་བགྲོས་པ་སྟེ་བྱུང་ཚུལ་བསྟན་པ་བཞི་པའོ།། །།


previousགསང་བ་དམ་པ་དེ་ཁོ་ན་ཉིད་དུ་ངེས་པའི་ལེའུ་སྟེ་བཅྭ་ལྔ་པ།next