Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅོ་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྐུ་ཡོངས་སུ་སྣང་བ་དམ་པའི་རྒྱན་བཀོད་པའི་ལེའུ་སྟེ་སུམ་ཅུ་གསུམ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྐུ་ཡོངས་སུ་སྣང་བ་དམ་པའི་རྒྱན་བཀོད་པའི་ལེའུ་སྟེ་སུམ་ཅུ་གསུམ་པ།next

སྐུ་ཡོངས་སུ་སྣང་བ་དམ་པའི་རྒྱན་བཀོད་པའི་ལེའུ་སྟེ་སུམ་ཅུ་གསུམ་པ།

དེ་ནས་ཡང་ལང་ཀའི་མངའ་བདག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་གསང་བ་པའི་བདག་པོ་ལ་དྲིས་པ། གསང་བ་པའི་བདག་པོ་སེམས་ཀྱི་དེ་ཁོ་ན་ཉིད་ནི་གང་ལགས། རྣམ་པར་ཤེས་པ་ནི་གང་ལགས། ཡེ་ཤེས་ནི་གང་ལགས། སྐུ་ཞེས་གང་ལ་བགྱི། གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ་དྲིས་པ་དེ་བཞིན་ནི་འདི་སྐད་དུ་ཐོས་སོ། །སེམས་ནི་སེམས་དང་། སེམས་སྣང་བ་དང་། སེམས་ལས་བྱུང་བ་སྟེ། དེ་ཉིད་དང་། དེ་འཇུག་པ་དང་། དེ་རྒྱུན་ནོ། །རྣམ་པར་ཤེས་པ་ནི་ཀུན་གཞི་དང་། འཇུག་པར་བྱེད་པའི་ཡིད་དང་རྒྱུན་དུ་འབྱུང་བའི་སྒོ་ལྔའོ། །ཡེ་ཤེས་ནི་གང་དེ་ཉིད་དུ་ངོས་ཟིན་པའོ། །སྐུ་ནི་གང་གི་འབྱུང་འཇུག་སྣང་བའི་གཞིའོ། །ཡང་ལང་ཀའི་བདག་པོས་དྲིས་པ། གསང་བ་པའི་བདག་པོ་ངོས་ཟིན་པ་ནི་གང་། འབྱུང་བ་ནི་གང་། འཇུག་པ་ནི་གང་། སྣང་བ་ནི་གང་། གཞི་ནི་གང་། གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ་གང་དྲི་བ་དེ་ལྔ་ནི་འདི་སྐད་དུ་ཐོས་སོ། །གང་ངོས་ཟིན་པ་ནི་གཞན་ནས་མ་བྱུང་བར་ཟིན་པ་ཉིད་དོ། །དེ་ཅིིའི་ཕྱིར་ཞེ་ན། ལང་ཀའི་བདག་པོ་གལ་ཏེ་གཞན་ནས་འབྱུང་བ་ཞིག་ན་ནི་གློ་བུར་བ་སྟེ་ཡེ་ཤེས་ཞེས་བྱ་བ་དེ་ཉིད་དེ་ལྟར་མི་རུང་ངོ་། །འབྱུང་བ་ནི་སྤྲུལ་པ་ལ་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྤྲུལ་པ་ནི་མ་བྱུང་མ་མྱོང་གང་དུ་རྒྱུན་དུ་འབྱུང་བའོ། །འཇུག་པ་ནི་རྫོགས་ལོངས་སྤྱོད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་ནང་དུ་ཡང་དག་གནས་པ་ཉིད་དུ་གང་གི་རྣལ་འབྱོར་འཇུག་པར་བྱེད་པ་ཉིད་དོ། །སྣང་བ་ནི་ཆོས་ཀྱི་སྐུ་སྟེ། དེ་ཅིའི་ཕྱིར་ཞེ་ན། གཉིས་འདུས་པ་ལས་གཉིས་འབྱུང་བའི་རང་བཞིན་དུ་སྣང་བའོ། །གཞི་ནི་ངོ་བོ་ཉིད་ཀྱི་སྐུ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་འབྱུང་བའི་གཞི་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཡང་ལང་ཀའི་བདག་པོས་དྲིས་པ། གསང་བ་པའི་བདག་པོ་སྤྲུལ་པ་ནི་གང་། རྫོགས་ལོངས་སྤྱོད་པ་ནི་གང་། ཆོས་ཀྱི་སྐུ་ནི་གང་། ངོ་བོ་ཉིད་ནི་གང་། གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ་གང་འདི་ལྟར་དྲི་བ་འདི་བཞི་ནི་འདི་སྐད་དུ་ཐོས་སོ། །སྤྲུལ་པ་ནི་གང་མེད་པ་ལས་རྒྱུན་གྱིས་འབྱུང་བ་ལ་བྱའོ། །རྫོགས་ལོངས་སྤྱོད་པ་ནི་སྨིན་པ་ཕུན་སུམ་ཚོགས་པ་ལ་བྱའོ། །ཆོས་ཀྱི་སྐུ་ནི་ཡོངས་སུ་རྣམ་པར་དག་པ་ལ་བྱའོ། །ངོ་བོ་ཉིད་ནི་ཇི་བཞིན་པ་དེ་ཉིད་ལ་བྱའོ། །ཡང་ལང་ཀའི་བདག་པོས་དྲིས་པ། གསང་བ་པའི་བདག་པོ་རྒྱུན་གྱི་འབྱུང་བ་ནི་གང་། སྨིན་པ་ཕུན་སུམ་ཚོགས་པ་ནི་གང་། ཡོངས་སུ་རྣམ་པར་དག་པ་ནི་གང་། ཇི་བཞིན་པ་དེ་ཉིད་ནི་གང་། གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ་འདི་ལྟར་དྲི་བ་བཞི་ནི་འདི་ལྟ་སྟེ། རྒྱུན་གྱི་འབྱུང་བ་ནི་སེམས་ལས་བྱུང་པ་རྒྱུན་མི་འཆད་པའོ། །སྨིན་པ་ཕུན་སུམ་ཚོགས་པ་ནི་སེམས་ལས་བྱུང་བའོ། །ཡོངས་སུ་རྣམ་པར་དག་པ་ནི་སེམས་སྣང་བའོ། །ཇི་བཞིན་པ་དེ་ཉིད་ནི་སེམས་ཉིད་དོ། །ལང་ཀའི་བདག་པོ་དེ་ཅིའི་ཕྱིར་ཞེ་ན། གང་གྱུར་པ་མུན་པ་སངས་ན་སྤྲུལ་པ་མངོན་དུ་སྣང་ངོ་། །གང་འབྱུང་བ་མུན་པ་སངས་ན་རྫོགས་ལོངས་སྤྱོད་པ་མངོན་དུ་སྣང་ངོ་། །གང་སྣང་བ་མུན་པ་སངས་ན་ཆོས་ཀྱི་སྐུ་མངོན་དུ་སྣང་ངོ་། །ངོ་བོ་ཉིད་ལ་ནི་མུན་པ་དང་། སྣང་བ་དང་། སངས་བ་དང་། འཐིབས་བ་ལས་འདས་པའི་ཕྱིར་ཚིག་གི་ལམ་དང་ཡོངས་སུ་བྲལ་བ་ཉིད་དོ། །ལང་ཀའི་བདག་པོ་དེ་དག་ཉིད་ལ་ནི་སྙིང་པོ་གསང་བའི་ཁྱད་པར་གྱིས་དག་པ་དང་མ་དག་པ་ཡོད་པར་རིག་པར་བྱའོ། །སྨྲས་པ། གསང་བ་པའི་བདག་པོ་དག་པ་ནི་གང་ལགས། མ་དག་པ་ནི་གང་ལགས། སྨྲས་པ། ལང་ཀའི་བདག་པོ་འདི་ལྟ་སྟེ། གང་དུ་དག་པ་དང་། ཕྱོགས་སུ་དག་པ་དང་། ཡོངས་སུ་རྣམ་པར་དག་པ་དང་། ཐམས་ཅད་ནས་ཐམས་ཅད་དུ་དག་པ་ཆེན་པོའོ། །ལང་ཀའི་བདག་པོ་དེ་ལ་གང་དུ་དག་པ་ནི་འདི་ལྟ་སྟེ། གང་གསུམ་དུ་སྣང་བ་ཞི་བ་ནི་རྣམ་པར་དག་པའོ། །ཆོས་ཀྱི་དབང་ཕྱུག་ནི་སྨིན་པའོ། །ཆོས་ཀྱི་རྒྱལ་ཚབ་ནི་རྒྱུན་ནོ། །ཕྱོགས་སུ་དག་པ་ནི་འདི་ལྟ་སྟེ། གང་ལ་མ་རིག་པར་རང་རིག་པ་ནི་རྣམ་པར་དག་པའོ། །བདེ་བར་ཞུགས་པ་ནི་སྨིན་པའོ། །གང་དུ་སྣང་བ་ནི་རྒྱུན་ནོ། །ཡོངས་སུ་རྣམ་པར་དག་པ་ནི་འདི་ལྟ་སྟེ། གང་ནམ་མཁའ་ཉིད་ནི་རྣམ་པར་དག་པའོ། །བདེ་བ་ལ་ལོངས་སྤྱོད་པ་ནི་སྨིན་པའོ། །ཡོངས་སུ་བསྒྱུར་བ་ནི་རྒྱུན་ནོ། །ཐམས་ཅད་ནས་ཐམས་ཅད་དུ་དག་པ་ཆེན་པོ་ནི་འདི་ལྟ་སྟེ། གང་གཞིར་སྣང་བ། གང་མ་བསླད་པ་ནི་དེ་ཉིད་དོ། །གང་སྐུ་མེད་པ་ནི་རྣམ་པར་དག་པའོ། །ཡོངས་སུ་རྫོགས་པ་ནི་སྨིན་པའོ། །ཅིར་ཡང་འབྱུང་བ་ནི་རྒྱུན་ནོ། །ལང་ཀའི་བདག་པོ་དེ་ལ་གང་དུ་དག་པ་དང་། ཕྱོགས་སུ་དག་པ་དང་། ཡོངས་སུ་རྣམ་པར་དག་པ་ནི་མ་དག་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་དུ་དག་པར་བྱར་མེད་པ་ལ་དག་པར་འདོད་ཅིང་དག་པར་བྱེད་པའི་ཕྱིར་རོ། །སྨྲས་པ། གསང་བ་པའི་བདག་པོ་ཅི་ག་དེ་ལ་གང་དུ་དག་པ་དང་། ཕྱོགས་སུ་དག་པ་དང་། ཡོངས་སུ་རྣམ་པར་དག་པ་དེ་ལ་དག་པ་ཞེས་ཅིའི་ཕྱིར་བརྗོད། སྨྲས་པ། ལང་ཀའི་བདག་པོ་དེ་དག་ནི་གང་ཡོངས་སུ་བསྒྲིབས་པ་ལས་གང་དུ་སངས་པ་དང་། ཕྱོགས་སུ་སངས་པ་དང་། ཡོངས་སུ་རྣམ་པར་སངས་པའི་ཕྱིར་རོ། །ལང་ཀའི་བདག་པོ་ཐམས་ཅད་ནས་ཐམས་ཅད་དུ་དག་པར་བྱར་མེད་པ་ལ་ནི་དག་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་ནི་དག་པར་བྱ་བའི་རྒྱུ་ཅི་ཡང་མེད་པའི་ཕྱིར་རོ། །ཡང་ལང་ཀའི་བདག་པོས་དྲིས་པ། གསང་བ་པའི་བདག་པོ་རྒྱུན་ཡིན་ལ་སྨིན་པ་མ་ཡིན་པ་ནི་གང་། སྨིན་པ་ཡིན་ལ་རྒྱུན་མ་ཡིན་པ་ནི་གང་། གཉིས་ཀ་ཡིན་པ་ནི་གང་། གཉིས་ཀ་མ་ཡིན་པ་ནི་གང་ཞེས་དྲིས་པ་ལས། སྨྲས་པ། ལང་ཀའི་བདག་པོ་ཇི་སྐད་དུ་དྲི་བ་བཞི་ནི་འདི་ལྟ་སྟེ། རྒྱུན་ཡིན་ལ་སྨིན་པ་མ་ཡིན་པ་ནི་གང་འདས་ཀྱང་པདྨོའི་དབང་གིས་འཁོར་བ་དཔག་ཏུ་མེད་པ་ལ་ཕན་འདོགས་པའོ། །སྨིན་པ་ཡིན་ལ་རྒྱུན་མ་ཡིན་པ་ནི་སའི་སྔ་རོལ་ཉིད་དོ། །གཉིས་ཀ་ཡིན་པ་ནི་གང་ལྷག་མ་དང་བཅས་པས་འདས་པའོ། །གཉིས་ཀ་མ་ཡིན་པ་ནི་རྣམ་པར་དག་པའོ། །ཡང་ལང་ཀའི་བདག་པོས་དྲིས་པ། གསང་བ་པའི་བདག་པོ་དེ་དག་གི་མཛད་པ་ནི་གང་ལགས། སྐུ་ནི་གང་ལགས། དགོངས་པ་ནི་གང་ལགས། གཞི་ནི་གང་ལགས། སྨྲས་པ། ལང་ཀའི་བདག་པོ་དེ་དག་གི་མཛད་པ་ནི་སངས་རྒྱས་ཀུན་གྱི་མཛད་པ་སྟེ་རྒྱུན་གྱི་བྱ་བ་ཅིར་ཡང་སྣང་བའོ། །སྐུ་ནི་སངས་རྒྱས་ཀུན་གྱི་སྐུ་སྟེ་ཡོངས་སུ་སྨིན་པའོ། །དགོངས་པ་ནི་སངས་རྒྱས་ཀུན་གྱི་དགོངས་པ་སྟེ་རྣམ་པར་དག་པའོ། །གཞི་ནི་སངས་རྒྱས་ཀུན་གྱི་འབྱུང་གནས་ཏེ་དེ་ཉིད་དོ། །ལང་ཀའི་བདག་པོ་དེ་དག་ནི་མང་པོ་དང་། གཅིག་དང་། གཅིག་མང་པོ་དང་། དེ་དག་ལས་འདས་པ་ཞེས་ཀྱང་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུན་ནི་སྣ་ཚོགས་དཔག་གིས་མི་ལང་བའི་ཕྱིར་མང་པོ་ཞེས་བྱའོ། །སྨིན་པ་ནི་གང་ཐམས་ཅད་གཅིག་པའི་ཕྱིར་གཅིག་ཅེས་བྱའོ། །རྣམ་པར་དག་པ་ནི་རྒྱུན་དང་སྨིན་པའི་གཞིར་གྱུར་པའི་ཕྱིར་གཅིག་མང་པོ་ཞེས་བྱའོ། །དེ་ཉིད་ནི་དེ་དག་གི་འབྱུང་འཇུག་གིས་ཟད་འཕེལ་མེད་པའི་ཕྱིར་དེ་དག་ལས་འདས་བ་ཞེས་བྱའོ། །ཡང་ལང་ཀའི་བདག་པོས་དྲིས་པ། གསང་བ་པའི་བདག་པོ་དེ་དག་རྟག་པ་ཞིག་གམ། འོན་ཏེ་མི་རྟག་པ་ཞིག །ཡོད་པ་ཞིག་གམ། འོན་ཏེ་མེད་པ་ཞིག །གཅིག་པ་ཞིག་གམ། ཐ་དད་པ་ཞིག་ཅེས་དྲིས་པ་ལས། གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ་ཇི་སྐད་དུ་དྲི་བ་དྲུག་ནི་འདི་ལྟ་སྟེ། དེ་དག་ནི་རྟག་པ་ཡང་ཡིན་ནོ། །མི་རྟག་པ་ཡང་མ་ཡིན་ནོ། །རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་པ་ཡང་མ་ཡིན་ནོ། །རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན་པ་ཡང་མ་ཡིན་ནོ། །དེ་དག་ནི་ཡོད་པ་ཡང་ཡིན་ནོ། །མེད་པ་ཡང་ཡིན་ནོ། །ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པ་ཡང་ཡིན་ནོ། །ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་པ་ཡང་ཡིན་ནོ། །གཅིག་པ་ཡང་ཡིན་ནོ། །ཐ་དད་པ་ཡང་ཡིན་ནོ། །གཅིག་པ་ཡང་མ་ཡིན། ཐ་དད་པ་ཡང་མ་ཡིན་པ་ཡང་ཡིན་ནོ། །གཅིག་པ་དང་ཐ་དད་པའི་ངོ་བོ་ལས་གྲོལ་བ་ཡང་ཡིན་ནོ། །ལང་ཀའི་བདག་པོ་དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། མི་འགྱུར་ཞིང་གཉེན་པོ་མེད་པ་དང་། གང་འབྱུང་བ་མི་དམིགས་པ་དང་ཀུན་གྱི་གཞིར་གྱུར་པ་དང་། མཐའ་ཡོངས་སུ་མི་དམིགས་པ་དང་། ཐེར་ཟུག་མ་ཡིན་པ་དང་། རྒྱུན་དུ་འབྱུང་བ་དང་། དགོངས་པ་དམ་པ་དང་། དངོས་པོ་མེད་པ་དང་། རྒྱུད་དག་པའི་ཡུལ་དུ་གྱུར་པ་དང་། མཐའ་དབུས་ལས་འདས་པ་དང་། ཐ་སྙད་ལས་འདས་པ་དང་། ཡེ་ཇི་བཞིན་པ་དང་། བསམ་དུ་མེད་པ་དང་། བསམ་གྱིས་མི་ཁྱབ་པ་དང་། སོ་སོའི་སྤྱོད་ཡུལ་དང་། ཁྱད་པར་ཅིར་ཡང་མཚུངས་པའི་ཕྱིར་རྟག་པར་ཡང་ཟུང་ཤིག །མི་རྟག་པར་ཡང་ཟུང་ཤིག །ཡོད་པར་ཡང་ཟུང་ཤིག །མེད་པར་ཡང་ཟུང་ཤིག །གཅིག་པར་ཡང་ཟུང་ཤིག །ཐ་དད་པར་ཡང་ཟུང་ཤིག །གཅེག་དང་ཐ་དད་པའི་ངོ་བོ་ལས་གྲོལ་བར་ཡང་ཟུང་ཤིག །ལང་ཀའི་བདག་པོ་དེ་ལྟར་ན་གདུལ་བྱའི་དབང་གི་ཕྱིར་སྐུལ་ནི་ངེས་པ་མེད་དེ་བསམ་གྱིས་མི་ཁྱབ་པར་ཟུང་ཤིག །ལྔར་ཡང་ཟུང་ཤིག །བཞིར་ཡང་ཟུང་ཤིག །གསུམ་དུ་ཡང་ཟུང་ཤིག །གཉིས་སུ་ཡང་ཟུང་ཤིག །གཅིག་ཏུ་ཡང་ཟུང་ཤིག །ངེས་པར་སྐུ་དང་། གསུང་དང་། ཐུགས་དང་། ཡོན་ཏན་དང་། ཕྲིན་ལས་ཞེས་ཐ་སྙད་དུ་བཏགས་པར་ཟད་ཀྱི། སྐུ་ནི་ནམ་མཁའོ། །གསུང་ནི་སྒྲ་བརྙན་ནོ། །ཐུགས་ནི་ཆོས་ཉིད་དོ། །ཡོན་ཏན་ནི་སྒྱུ་མའོ། །ཕྲིན་ལས་ནི་སྤྲུལ་པ་སྟེ། དེ་དག་ནི་གང་ལ་འདུལ་བའི་དབང་དུ་བྱིན་གྱི་བརླབས་ལ་སྣང་བར་ཟད་ཀྱི་ཡང་དག་པར་ན་སྣང་བ་ནི་ཅུང་ཟད་ཀྱང་མེད་དོ། །ལང་ཀའི་བདག་པོ་དེ་དག་གི་ངོ་བོ་ནི་རྣམ་པར་ཤེས་པའོ། །ངོས་ཟིན་པ་ནི་ཡེ་ཤེས་སོ། །མངོན་སུམ་པ་ནི་སངས་རྒྱས་སོ། །ལང་ཀའི་བདག་པོ་དེ་ལྟར་ན་གསང་སྔགས་ཀྱི་ངོ་བོ་དེ་ནི་ཡོངས་སུ་དཔག་པར་དཀའ་བའི་ཕྱིར་གང་མུན་པའི་ཁམས་པས་ནི་རྣམ་པར་ཤེས་པ་ཞེས་བྱ་བར་བཏགས་སོ། །སྣང་བའི་ཁམས་པ་དག་གིས་ནི་ཡེ་ཤེས་ཞེས་བྱ་བར་བཏགས་སོ། །མིག་དང་བ་རྣམས་ཀྱིས་ནི་སངས་རྒྱས་སུ་བཏགས་སོ། །དམ་པའི་མིག་ཅན་རྣམས་ཀྱིས་ནི་གསང་སྔགས་སུ་ངོས་ཟིན་པ་ཡིན་ནོ། །དེ་ནས་ཡང་ལང་ཀའི་བདག་པོས་དྲིས་པ། གསང་བ་པའི་བདག་པོ་དེ་དག་གི་ཞིང་ཁམས་ནི་གང་། འཁོར་ནི་གང་། བསྟན་པ་ནི་ཅི་ཞིག་སྒྲོགས། དུས་ནི་གང་། མཛད་པ་ནི་གང་ཞེས་དྲིས་སོ། །གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ་ཇི་སྐད་དུ་དྲི་བ་ལྔ་ནི་འདི་ལྟ་སྟེ། གང་ངོ་བོ་ཉིད་མེད་པ་དེའི་ཞིང་ཁམས་ནི་བསྐྱེད་དུ་མེད་པའོ། །འཁོར་ནི་སངས་རྒྱས་པ་མེད་པའོ། །བསྟན་པ་ནི་བསམ་དུ་མེད་པའོ། །དུས་ནི་ཚད་ལས་འདས་པའོ། །མཛད་པ་ནི་ཅིར་ཡང་མཛད་པའོ། །གང་རྣམ་པར་དག་པ་དེའི་ཞིང་ཁམས་ནི་བདལ་ཁྱབ་ཆེན་པོའོ། །འཁོར་ནི་ཡེ་ཤེས་རྒྱ་མཚོའི་ཚོགས་སོ། །བསྟན་པ་ནི་བྱ་བ་མེད་པའི་ཆོས་སོ། །དུས་ནི་ཐམས་ཅད་ནས་ཐམས་ཅད་དུའོ། །མཛད་པ་ནི་ཆོས་ཐམས་ཅད་སྣང་བར་མཛད་པའོ། །གང་སྨིན་པ་དེའི་ཞིང་ཁམས་ནི་བདེ་བ་ཅན་ནོ། །འཁོར་ནི་ཡོངས་སུ་སྨིན་པ་རྒྱ་མཚོའི་ཚོགས་སོ། །བསྟན་པ་ནི་བརྗོད་དུ་མེད་པའོ། །དུས་ནི་གང་ནམ་གནས་གཙང་མ་ནའོ། །མཛད་པ་ནི་རྣལ་འབྱོར་དམ་པ་ཉིད་དོ། །གང་གསང་བ་དེའི་ཞིང་ཁམས་ནི་པདྨོ་ཅན་ནོ། །འཁོར་ནི་རྒྱལ་བ་རྒྱ་མཚོའི་ཚོགས་སོ། །བསྟན་པ་ནི་གསང་སྔགས་རྒྱ་མཚོ་ཉིད་དོ། །དུས་ནི་གཙུག་ཏོར་འཁོར་ལོས་སྒྱུར་བ་འདོད་པ་ན་རྒྱལ་བ་ཀུན་གྱི་སྐུ་སྒྲུན་པར་འབྱོར་པའི་དུས་ཉིད་ནའོ། །མཛད་པ་ནི་སྐྱེས་བུ་དམ་པ་རྣམས་དགོངས་པ་དམ་པའི་ཐེ་ཚོམ་གཅོད་པར་མཛད་པའོ། །གང་རྒྱུན་གྱི་ཞིང་ཁམས་ནི་མོས་པ་ཅན་ནོ། །འཁོར་ནི་མོས་པ་ཐ་དད་པའི་ཚོགས་སོ། །བསྟན་པ་ནི་བསམ་གྱིས་མི་ཁྱབ་པའོ། །དུས་ནི་སྒྲོན་མ་ཡོངས་སུ་བཀོད་པ་ནའོ། །མཛད་པ་ནི་གང་གི་མུན་པ་སེལ་བར་མཛད་པའོ། །ལང་ཀའི་བདག་པོ་དེ་དག་ཀྱང་སོ་སོར་བལྟ་བར་ནི་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་ངོ་བོ་ཉིད་མེད་པ་ལས་དེ་ལྟར་སྣང་བར་ཟད་དེ། དེ་ནི་དེ་ཁོ་ན་ཉིད་གསང་བ་དམ་པའི་བྱིན་གྱི་བརླབས་འབའ་ཞིག་སྣང་བའོ། །ལང་ཀའི་བདག་པོ་དེ་བས་ན་གསང་བ་དམ་པ་ངོ་བོ་ཉིད་མེད་པ་དེ་ནི་ཉི་མའི་སྙིང་པོ་ལྟ་བུའོ། །བྱིན་གྱི་བརླབས་ལས་སྣང་བ་ནི་ཟེར་དང་འོད་ལྟ་བུར་རིག་པར་བྱའི་ཞེས་སྨྲས་པས། ལང་ཀའི་བདག་པོ་ལ་སོགས་པ་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་སྐུ་ཡོངས་སུ་རྟོག་པའི་ཐེ་ཚོམ་ཆད་བར་གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་སྐུ་ཡོངས་སུ་སྣང་བ་དམ་པའི་རྒྱན་བཀོད་པའི་ལེའུ་སྟེ་སུམ་ཅུ་གསུམ་པའོ།། །།


previousསྐུ་ཡོངས་སུ་སྣང་བ་དམ་པའི་རྒྱན་བཀོད་པའི་ལེའུ་སྟེ་སུམ་ཅུ་གསུམ་པ།next