Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅོ་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྔོན་དུ་བྱུང་བ་གཏམ་རྒྱུད་ཡོངས་སུ་བརྗོད་པའི་ལེའུ་སྟེ་སུམ་ཅུ་བརྒྱད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྔོན་དུ་བྱུང་བ་གཏམ་རྒྱུད་ཡོངས་སུ་བརྗོད་པའི་ལེའུ་སྟེ་སུམ་ཅུ་བརྒྱད་པ།next

སྔོན་དུ་བྱུང་བ་གཏམ་རྒྱུད་ཡོངས་སུ་བརྗོད་པའི་ལེའུ་སྟེ་སུམ་ཅུ་བརྒྱད་པ།

དེ་ནས་ཡང་གསང་བ་པའི་བདག་པོ་དེས་ལང་ཀའི་བདག་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་ལང་ཀའི་བདག་པོ་ཁོ་བོ་དྲན་པ་ཐོག་མའི་ཚེ། ཁོ་བོའི་སྟོན་པ་གསང་བ་མཆོག་གི་བདག་པོ་དེས་འཁོར་དམ་པ་དེའི་ནང་དུ་གསང་བ་བརྒྱུད་པའི་གྲགས་པའི་གཏམ་རྒྱུད་བརྗོད་པ་ནི་གསང་བ་པའི་བདག་པོ་འདི་ལྟ་སྟེ། ང་ཡི་དགོངས་པ་སྐབས་གཅིག་ན། །གསང་བའི་བདག་པོ་དོན་འདི་དག །མ་ནོར་བ་ཉིད་ནུབ་པར་གྱུར། །ཚུལ་ལམ་བཅོས་ཙམ་གང་དག་ལ། །ཕལ་ཆེར་དོན་དུ་སྤྱོད་མོད་ཀྱི། །དོན་དུ་ངེས་པ་ངས་མ་མཐོང་། །ཀུན་ཀྱང་ལོག་པའི་ལམ་ལ་སྤྱོད། །གང་དུ་ལོག་པ་ཇི་གང་ན། །འདི་ལ་མི་གནས་འདི་ཉམས་དང་། །འདི་ལ་ལོག་དང་ལོག་ཚུལ་སྤྱོད། །འདི་ཚུལ་མ་ཡིན་འདིར་མ་ངེས། །གཡོ་སྒྱུས་བདེན་འདྲར་བཅོས་ལོག་གམ། །དེ་ཡང་ཇི་ལྟ་བུ་ཞེ་ན། །འདས་པའི་དུས་ན་སྔོན་བྱུང་བ། །བསྐལ་པ་ཀུན་བཀོད་བྱ་བ་ལ། །སངས་རྒྱས་མངོན་འབྱུང་རྒྱལ་པོ་དེ། །མྱ་ངན་འདས་པར་གྱུར་འོག་ཏུ། །བྱུང་བའི་རྣལ་འབྱོར་བཟང་ལྡན་དེ། །མི་ཤེས་བྱིས་པའི་འཁོར་རྣམས་ལ། །ཚུལ་བཅོས་ལོག་པའི་སྔགས་བསྟན་པས། །ལྔ་བརྒྱའི་འཁོར་དང་བཅས་པ་དེ། །དོན་ལས་གོལ་ཅིང་འཁོར་བར་ལོག །དེ་འདྲའི་ཚུལ་འབྱུང་དེར་མ་སྤྱོད། །གཞན་ཡང་གསང་བའི་བདག་པོ་ཉོན། །རྨད་འབྱུང་གསང་བའི་སྙིང་པོ་འདི། །རྣལ་འབྱོར་དབང་སྒྱུར་ཚད་མ་རྣམས། །ཕལ་ཆེར་མི་གནས་སྐབས་དག་ཏུ། །མི་ཤེས་ངན་རྟོག་ཅན་རྣམས་ཀྱིས། །ལོག་བརྟགས་དོན་བསླད་གཞུང་བོར་ཏེ། །ནོར་བས་བདག་ཉིད་སུན་འབྱིན་ཅིང་། །འདི་ཡིན་གཞན་རྟོགས་མ་ཡིན་ཞེས། །བདག་བསྟོད་གཞན་ལ་སྨོད་པ་ལོག །དེ་ཡང་ཇི་ལྟ་བུ་ཞེ་ན། །བསྐལ་པ་དེ་ཡི་དུས་ཉིད་ལ། །རྣལ་འབྱོར་དཔལ་བྱིན་བྱ་བ་ཞིག །དོན་ལ་བློ་ཤེད་མ་བྱེ་ཞིང་། །གྲོལ་གྱི་ཐབས་ལ་མི་མཁས་པས། །བློ་གྲོས་ངེས་པའི་གཞུང་བོར་ནས། །ཆོས་མ་ཡིན་པའི་ཆོས་སྤྱོད་ཅིང་། །ངེས་པའི་གྲོས་ལྡན་གཞན་དག་ལ། །དེ་ལྟར་མ་ངེས་བློ་གྲོས་ནི། །བདག་གི་བློ་གྲོས་འདི་ཡིན་ཞེས། །མངོན་པའི་ང་རྒྱལ་ཆེར་སྤྱོད་པ། །འདི་ནི་སྲིད་པ་ལོག་པའི་ལམ། །དེ་འདྲའི་ཚུལ་བྱུང་དེར་མ་སྤྱོད། །གཞན་ཡང་གནོད་འདུལ་འདི་ལྟ་སྟེ། །སྔར་བྱུང་རྒྱུད་ཀྱི་རྗེས་གནས་པས། །གདེང་མེད་བཞིན་དུ་དཔོན་བསྟབས་ནས། །ཚིག་གཉེར་དྲེགས་པའི་དབང་དེས་ནི། །མི་ཤེས་བཞིན་དུ་རས་སྤྱོད་པ། །ཚུལ་འཆོས་སེམས་ཀྱི་གྱ་གྱུ་ཅན། །སྨྱོན་ཐབས་བླུན་པོའི་སྡིག་ཅན་ཡིན། །དེ་ཡང་ཇི་ལྟ་བུ་ཞེ་ན། །འདས་པའི་དུས་ན་སྔོན་བྱུང་བ། །ཀུན་བཀོད་གྲགས་པ་དེ་ཉིད་ལ། །ཚུལ་བརྟགས་འཛིན་པའི་རྣལ་འབྱོར་པ། །དྲི་མེད་སྤྱོད་ཅེས་བྱ་བ་ཞིག །སྔར་བྱུང་མཁས་པ་རྗེས་སུ་གནང་། །ཁྲི་ཕྲག་བཅུ་ཡི་འཁོར་རྣམས་ཀྱིས། །རྒྱུད་ཀྱི་རྗེས་སུ་བྱུང་བ་ཡི། །དོན་མེད་རྣལ་འབྱོར་དེ་ཉིད་ལ། །ཚིག་གི་ཁུར་ཆེན་ལྗིད་ཕབ་ནས། །རིགས་རྒྱུད་འཛིན་པར་དཔོན་བསྟབས་ཏེ། །ཆེ་བས་ཆེ་བའི་དྲེགས་པ་སྐྱེད། །མི་ཤེས་བཞིན་དུ་ཚུལ་འཆོས་ཏེ། །འདྲ་ཚུལ་ལོག་པའི་ཆོས་སྤྱད་པས། །འཁོར་བཅས་དྲེགས་པའི་རུ་ཏྲར་ལྷུང་། །དེ་འདྲའི་ཚུལ་བྱུང་དེར་མ་སྤྱོད། །གཞན་ཡང་གནོད་འདུལ་གསང་བའི་བདག །མཛའ་འདྲིན་བསྡང་སྟེར་ཞིང་རྣམས་དང་། །རྙེད་དང་བཀུར་སྟིས་འཚོ་བའི་འཁོར། །གཞན་དབང་ཉིད་དུ་འགྱུར་དོགས་ནས། །རིས་དང་ཚོམ་སྡེ་སོ་སོར་གཅོད། །འདི་དག་བདག་གིས་གདུལ་བྱ་ཡི། །འབྱོར་པས་འཚོ་བའི་ཞིང་ཡིན་གྱིས། །གང་དག་གང་འདིར་མ་འདུ་ཞེས། །ཉོན་མོངས་ཚིག་གིས་སྒོ་བྱེད་ནོར། །དེ་ཡང་ཇི་ལྟ་བུ་ཞེ་ན། འདས་པའི་དུས་ན་སྔོན་བྱུང་བ། །གང་དུ་གྲགས་པ་དེ་ཉིད་ལ། །ན་ཞི་ན་ཞེས་བྱ་བ་ཞིག །རྣལ་འབྱོར་ལྔ་བརྒྱའི་འཁོར་དང་བཅས། །ཤིན་ཏུ་གསང་སྔགས་ཆེར་སྤྱོད་ཅེས། །དགོན་པའི་རྒྱུན་དུ་དབེན་གནས་ཏེ། །གང་གི་ལྗོངས་ཆེན་དེ་དག་ན། །གནས་པས་གནས་པ་དེ་དག་ཀུན། །ཁ་གསག་ཐབས་རྒྱུད་ཞིང་དུ་སྤྱོད། །གཞན་གྱི་སྡེ་བར་གྱུར་པ་ཡི། །རྣལ་འབྱོར་མིག་ལྡན་དོན་མཐོང་ཞིང་། །གང་དེ་ཆེད་དུ་གཉེར་འོངས་ནས། །དོན་དམ་ངེས་ལམ་དེ་ཁོ་ན། །རྒྱས་པར་བསྟན་དུ་བརྩམས་པ་ལས། །དགོན་པའི་རྒྱུད་དུ་དབེན་འཛིན་པས། །ཉོན་མོངས་ལོག་པའི་སྒོ་བ་བྱས། །འདི་ཁམས་བདག་གི་ཞིང་ཡིན་གྱིས། །ཁོ་ན་ངོ་བོ་ཉིད་དེང་ཤིག །ཚན་དང་གཞན་གྱི་རིས་བཅད་པས། །ཉོན་མོངས་འཁོར་བའི་ལམ་དུ་ལྷུང་། །དེ་འདྲའི་ཚུལ་བྱུང་དེར་མ་སྤྱོད། །གཞན་ཡང་གདུལ་དཀའ་འདུལ་བ་ཡི། །རྣལ་འབྱོར་དམ་པར་བསྔོ་རྒྱུ་ལ། །བདག་གིར་འདོད་སྤྱོད་གསོག་འཇོག་བྱེད། །གཅིག་ཡིད་གཅིག་གིས་འབྱིན་བྱེད་པ། །ནམ་ཞར་ལོག་སྤྱོད་ཐོབ་པ་མིན། །དེ་ཡང་ཇི་ལྟ་བུ་ཞེ་ན། །འདས་པའི་དུས་ན་སྔོན་བྱུང་བ། །གྲགས་པ་ཀུན་བཀོད་དེ་ཉིད་ལ། །བདེར་ཤིས་ཞེས་ནི་བྱ་བ་ཡི། །རྣལ་འབྱོར་ཞེན་ཆགས་འཁོར་དང་བཅས། །སྔགས་ཚིག་སྒྲ་ཡི་རྗེས་སྤྱོད་ལས། །དེ་ཡི་འཁོར་དེར་འདུས་གྱུར་པའི། །བུད་མེད་བཟང་རྒྱན་བྱ་བ་ཞིག །འཚོ་བ་འཛིན་པར་སྦྱར་བ་ལས། །སེར་སྣས་གསོག་འཇོག་བྱས་པ་ཡིས། །ཡི་དྭགས་ཁྱི་ཡི་ལུས་བླངས་ཏེ། །དམན་པའི་ལས་སུ་གཏན་དུ་འཁྱམས། །དེ་འདྲའི་ཚུལ་བྱུང་དེར་མ་སྤྱད། །གཞན་ཡང་གསང་བདག་གནོན་འདུལ་ལ། །ལོག་པར་སྤྱོད་པའི་རྣལ་འབྱོར་ནི། །ལོག་ལྟ་སྤྱི་བརྟོལ་གཏུམ་ཁྲོ་ཆེ། །སྡིག་སྤྱོད་དོན་དང་མི་ལྡན་ཡང་། །བདག་འདི་ངེས་པ་ཁོ་ན་ཞེས། །བབ་ཆོལ་བཀའ་རྐུན་སླུ་བྱེད་བསླད། །དེ་ཡང་ཇི་ལྟ་བུ་ཞེ་ན། །འདས་པའི་དུས་ན་སྔོན་བྱུང་བ། །ཆོས་སྐྱོང་བ་ཡི་རྣལ་འབྱོར་པ། །པྲ་མ་ཏ་ཞེས་བྱ་བ་ཞིག །དོན་དང་ལམ་ལ་མ་མཐོང་བར། །བདག་ནི་ལམ་མཁན་ཁོ་ན་ཞེན། །ཀུན་ལ་རྒྱ་ཆེར་གྲགས་པ་ལས། །རྒྱལ་བའི་བཀའ་རྐུན་འགྲོ་གང་རྣམས། །བསླུས་པར་གྱུར་པའི་སྨིན་པ་ཡིས། །ངན་འགྲོར་བྱིང་གྱུར་གནས་དེ་ནས། །ཐར་ནས་ལོག་པའི་འཇིག་རྟེན་པ། །བདག་འཛིན་སྤྱོད་པའི་གནས་སུ་ལྟུང་། །དེ་འདྲའི་ཚུལ་བྱུང་དར་མ་སྤྱོད། །གཞན་ཡང་གསང་བདག་འདུལ་བ་པོ། །ཐ་ཚིག་ཉམས་ཤིང་དོན་ལ་རྨུགས། །གྲགས་པས་དེ་ལ་ཁས་འཆེ་ཕྱིར། །རྒྱལ་པོའི་རྒྱལ་ས་ཐོབ་འདོད་པ། །ཁྲེལ་མེད་སྤྱི་བརྟོལ་མུན་སྤྲུལ་འཆལ། །དེ་ཡང་ཇི་ལྟ་བུ་ཞེ་ན། །འདས་པའི་དུས་ན་སྔོན་བྱུང་བ། །གང་དུ་གྲགས་པ་དེ་ཉིད་ལ། །རྣལ་འབྱོར་སྔགས་ཀྱི་ཚུལ་སྤྱོད་པ། །པེ་ན་པ་ཡ་བྱ་བ་ཞིག །བརྒྱ་ཡི་སྡེ་དང་བཅས་པ་བྱུང་། །རྩ་བ་ཉམས་ཤིང་དོན་ལ་རྨུགས། །དྲེགས་པ་ཆེན་པོའི་ང་རྒྱལ་གྱིས། །དོན་དང་ལྡན་པར་ཚུལ་འཆོས་ཕྱིར། །རྒྱལ་པོའི་རྒྱལ་ཐབས་ཆེ་བླངས་པས། །རི་བོས་སྲོག་ཆགས་མནན་པ་བཞིན། །ང་རྒྱལ་དྲེགས་པའི་རི་བོ་ཡིས། །འཁོར་བའི་ལས་སྤྱོད་ལས་ངན་པ། །གཏི་མུག་ཕག་གི་ལུས་སུ་ལྟུང་། །དེ་འདྲའི་ཚུལ་བྱུང་དེར་མ་སྤྱོད། །གཞན་ཡང་གསང་བའི་བདག་པོ་ཉོན། །མཉམ་པའི་དོན་ཉིད་མ་ཆུབ་པར། །མཉམ་ཞེས་ཚིག་གི་ལམ་འབྱིན་ཞིང་། །ཆགས་སྡང་གཉིས་ལ་མངོན་འཆེལ་བ། །རྣལ་འབྱོར་ལས་ཀྱིས་འཁོར་བའི་ལམ། །དེ་ཡང་ཇི་ལྟ་བུ་ཞེ་ན། །འདས་པའི་དུས་ན་སྔོན་བྱུང་བ། །གྲགས་འབྱུང་བསྐལ་པ་དེ་ཉིད་ལ། །བདེ་སྦྱིན་ཞེས་ནི་བྱ་བ་ཞིག །རྣལ་འབྱོར་སྟོང་གི་འཁོར་དང་བཅས། །གསང་བ་དམ་པར་ངེས་སོ་ཞེས། །སྟེན་ཁྲིད་ཆགས་སྡང་གཉིས་ལ་འཆེལ། །དེ་ཉིད་ཡོངས་སུ་སྨིན་པ་ཡིས། །རཀྵ་སྲིན་པོའི་ཁམས་སུ་ལྟུང་། །དེ་འདྲའི་ཚུལ་བྱུང་དེར་མ་སྤྱོད། །གཞན་ཡང་གསང་བདག་འདི་ལྟ་སྟེ། །རྣལ་འབྱོར་གང་དག་བློ་ཆུང་རྣམས། །རྣལ་འབྱོར་གང་དག་དོན་གླེངས་ན། །དེ་ལ་འཇིགས་ཤིང་སྐྲག་འགྱུར་ཏེ། །སྤ་ཞུམ་མི་དགའ་འབྱོལ་བྱེད་བླུན། །དེ་ཡང་ཇི་ལྟ་བུ་ཞེ་ན། །འདས་པའི་དུས་ན་སྔོན་བྱུང་བ། །གྲགས་འབྱ྄ུང་བསྐལ་པ་དེ་ཉིད་ལ། །ལྷ་སྦྱིན་དེ་ཞེས་བྱ་བ་ཞིག །རྣལ་འབྱོར་ལས་ཀྱི་དང་པོའི་ཚེ། །རྣལ་འབྱོར་ངེས་དོན་མང་པོ་གཞན། །ངེས་དོན་གསང་བའི་དོན་གླེངས་ན། །ལྷ་སྦྱིན་འཁོར་བཅས་དེ་ལས་བྱོལ། །ནོར་པའི་སེམས་ཀྱིས་ཕྲག་དོག་སྐྱེས། །རང་གི་གནས་དོར་ངན་དུ་བརྗོད། །དེ་ཡིས་བསྐལ་པ་དཔག་མེད་དུ། །ཡང་དག་དོན་གོལ་ལོག་པར་འཁྱམས །དེ་འདྲའི་ཚུལ་བྱུང་དེར་མ་སྤྱོད། །གཞན་ཡང་གསང་བའི་བདག་པོ་ཉོན། །རྣལ་འབྱོར་ཉིད་ཀྱི་རྣལ་འབྱོར་ལ། །རྣོན་པོ་གདུག་པའི་དུག་མདའ་གཏོང་། །ཐ་ཚིག་བཙན་པོ་རྫོང་ལྟ་བུ། །འཇོམས་བྱེད་རྣལ་འབྱོར་རང་བགེགས་ཡིན། །དེ་ཡང་ཇི་ལྟ་བུ་ཞེ་ན། །རྣལ་འབྱོར་བློ་གྲོས་བྱ་བ་ཞིག །མི་འཇིགས་ཞེས་བྱའི་རྣལ་འབྱོར་པ། །དོན་མེད་བཅོས་པར་སྤྱོད་པ་དེར། །བློ་གྲོས་དམ་པ་འདུས་པར་གྱུར། །བཟོད་ལྡན་དེ་ལ་ངན་སེམས་ཀྱིས། །སྐུར་བཏབ་ཁ་ན་མ་ཐོ་བརྗོད། །དེས་ན་མི་འཇིགས་མནར་མེད་ལྟུང་། །དེ་འདྲའི་ཚུལ་བྱུང་དེར་མ་སྤྱོད། །གཞན་ཡང་གསང་བདག་འཇིག་ཉོན་ཅིག །ལྟ་བའི་དམིགས་བུ་དང་བྲལ་ནས། །ཡང་དག་དབུ་མའི་ལམ་མི་གསལ། །སྤྱི་ཡུལ་ཙམ་ལ་ལྟོས་སྤྱོད་པ། །དེ་ནི་རྣལ་འབྱོར་ལོང་བའི་ཚོགས། །དེ་ཡང་ཇི་ལྟ་བུ་ཞེ་ན། །རྒྱལ་པོ་རབ་ཏུ་གསལ་འཛིན་པ། །རྣལ་འབྱོར་གསང་བའི་རྗེས་ཞུགས་ཏེ། །ཤེས་རབ་ལྟ་བ་མིག་མེད་པར། །རྣལ་འབྱོར་མིང་ཙམ་ཚུལ་བཟུང་ནས། །སྒྲ་ཐོབ་རྗེས་སུ་ཚུལ་སྤྱད་པས། །གཏི་མུག་མུན་པའི་ཁམས་སུ་ལྟུང་། །དེ་འདྲའི་ཚུལ་བྱུང་དེར་མ་སྤྱོད། །དེ་ལ་སོགས་ཏེ་མཐའ་ཡས་མཆོག །ཐམས་ཅད་འཁོར་བའི་ལམ་པར་ལྟུང་། །དེས་ན་གསང་བའི་སྙིང་པོ་འདི། །གོལ་ས་ཆེ་བར་རྒྱལ་བས་བཤད། །དེས་ན་ཐབས་ལ་མཁས་པ་དང་། །བློ་གྲོས་དམ་པ་ཤིན་ཏུ་གཅེས། །ཐབས་མཁས་བློ་གྲོས་ལྡན་པ་ཡི། །ངེས་པར་ལེགས་པའི་རྣལ་འབྱོར་པ། །སྔོན་འདས་དུས་ན་བྱུང་བ་ཡི། །རྩལ་ཆེན་རྣམས་ཀྱི་བཅད་རྒྱུད་འདི། །སྐྱེས་བུ་དམ་པའི་སྤྱོད་ཡུལ་ཏེ། །ཡོན་ཏན་སྒྲ་བསྒྲགས་སུས་ཐོས་པ། །མིང་ཙམ་གྱིས་ཀྱང་བདེ་ཐོབ་ཅིང་། །དྲན་པས་ངན་འགྲོ་ལས་སྐྱོབ་ཡིན། །དེ་ཡང་ཇི་ལྟ་བུ་ཞེ་ན། །ཤིན་ཏུ་གསང་བའི་སྙིང་པོ་འདི། །མ་བྱུང་བ་ཡི་སྔོན་དུས་ན། །ལྷ་གནས་གསུམ་དུ་གྲགས་པ་ལས། །ལྷ་ཡི་བུ་ནི་འོད་ལྡན་ཏེ། །མི་རྟག་འཆི་བའི་དུས་བབ་ནས། །སྔོན་བྱུང་སྔ་ལྟས་བྱུང་བ་ན། །མི་བདེ་བར་ནི་འདུ་ཤེས་གྱུར། །མ་འོངས་འདུ་ཤེས་བཞག་པ་ལས། །མི་གཙང་ཟས་ཀྱིས་འཚོ་བ་ཡི། །སྲོག་ཆགས་བླུན་པའི་ལུས་ལེན་པར། །རང་གི་མངོན་པར་ཤེས་པས་མཐོང་། །ཤིན་ཏུ་སྐྲག་པའི་འདུ་ཤེས་ཀྱིས། །སྐྱབས་ཀྱི་ཡུལ་ནི་ཡིད་ལ་བྱས། །གང་དེར་གང་དྲན་མ་བྱུང་བར། །ཐེག་ཆེན་གསང་བའི་སྙིང་པོའི་མཚན། །ཚིག་གི་ལམ་དུ་གྲགས་པ་བཞིན། །ཐོས་པ་ཡིད་ལ་བྱས་པ་ཡིས། །ངན་འགྲོར་འགྲོ་ལས་སླར་ལོག་སྟེ། །བདེ་བ་ཆེན་པོའི་གནས་སུ་འཁོད། །དེ་འདྲའི་ཚུལ་བྱུང་དེ་བཞིན་སྤྱོད། །གཞན་ཡང་གསང་བའི་བདག་པོ་ཉོན། །ཐེག་ཆེན་གསང་བར་རབ་ངེས་ན། །རྣམ་སྨིན་དྲག་པོས་གར་འཕངས་ཀྱང་། །ཇི་ལྟར་ཕོ་ལོང་བརྡབས་པ་བཞིན། །འཕེན་འགྲོ་དོན་གྱིས་དེར་མི་གནས། །ཅི་ཕྱིར་ཐམས་ཅད་སྟོང་ཉིད་པས། །སྡུག་བསྔལ་གནས་སུ་བཅས་དེ་ཡང་། །སེམས་ཅན་བཅས་ཏེ་སྟོང་པའི་ཕྱིར། །རེག་འགྱུར་མྱོང་བར་འགྱུར་མ་ཡིན། །དེ་ཡང་ཇི་ལྟ་བུ་ཞེ་ན། །འདས་པའི་དུས་ན་སྔོན་བྱུང་བ། །དམིགས་པ་ཅན་གྱི་རྣལ་འབྱོར་པ། །ཐེག་ཆེན་ཟབ་མོའི་ཚིག་ཐོས་པས། །ཤིན་ཏུ་སྐྲག་ཅིང་དངང་འགྱུར་ཏེ། །སྐུར་བཏབ་རྒྱབ་ཕྱོགས་སྙིང་རལ་ནས། །ངུ་འབོད་གནས་ལྟུང་མ་མྱོང་བར། །བདེ་འགྲོ་ཐར་པའི་གནས་སུ་ཐོན། །དེ་འདྲའི་ཚུལ་བྱུང་ཤེས་པར་གྱིས། །རྒྱལ་བ་རྣམས་ཀྱི་གསང་འདི་ལ། །གང་དགའ་གང་ཞིག་འདུན་སྐྱེད་པ། །གཞན་གྱི་བར་ཆད་མི་འབྱུང་བར། །ཇི་ལྟར་མོས་པ་དེ་མྱུར་ཐོབ། །དེ་ཡང་ཇི་ལྟ་བུ་ཞེ་ན། །འདས་པའི་དུས་ན་སྔོན་བྱུང་བ། །བྲམ་ཟེ་བྱམས་ལྡན་ཞེས་བྱ་བས། །གསང་ཆེན་གསང་བའི་སྙིང་པོ་འདི། །མཐོང་བས་མོས་ཏེ་ཀུན་ལ་བལྟས། །དེ་ཡང་རྙེད་པར་མ་གྱུར་ཏེ། །གང་གི་ཕྱོགས་སུ་གནས་ནས་ནི། །ཤིན་ཏུ་ངུས་ནས་གདུངས་སྔགས་སྨྲེས། །ཨེ་མའོ་བདག་ནི་ལས་རེ་ཕམ། །སྐྱེས་ནས་རྒས་པར་གྱུར་བར་དུ། །ཡང་དག་གསང་བའི་དོན་བཙལ་ན། །གང་འདི་མ་མཐོང་ལས་རེ་ངན། །ད་ཡང་ཇི་ལྟར་མཐོང་བར་འགྱུར། །བཙལ་བས་རྙེད་པར་ཡོད་མིན་ཏེ། །བདག་ལ་སྟོན་པ་གང་སུ་ཞིག །སྒྲ་ཆེར་ངུས་ཏེ་སྨྲས་པ་ལས། །ནམ་མཁའི་ཁམས་ནས་སྒྲ་བྱུང་སྟེ། །སྐལ་དང་ལྡན་པའི་རིགས་ཅན་ཁྱོད། །འདི་ལྟར་ངེས་པའི་བློ་བརྟན་པས། །ཁྱོད་ནི་དོན་གྱི་བགོ་སྐལ་བ། །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱིས། །ཁྱོད་ལ་བྱིན་གྱིས་བརླབ་པ་མཛད། །དེ་བས་མོས་པ་མ་གཡེལ་བར། །དོན་དང་ཕྲད་པའི་ཐབས་དག་ལ། །མཁས་ཤིང་བརྩོན་པར་བྱ་དགོས་ཏེ། །གདོས་པའི་ལུས་ནི་གདོད་བོར་ནས། །སྙིང་པོ་དོན་ལ་ངེས་བལྟས་ན། །དེ་མ་ཐག་ཏུ་མཐོང་བར་འགྱུར། །དེ་སྐད་ལུང་བསྟན་ཐོས་ནས་ནི། །དགའ་བས་མོས་པ་ཆེར་གཡོས་ཏེ། །ཇི་ལྟར་བསྟན་པ་དེར་བལྟས་པས། །རིགས་ཆེན་འཛིན་པའི་སྲས་སུ་གྱུར། །དེ་འདྲའི་ཚུལ་བྱུང་མོས་པར་སྤྱོད། །གསང་བའི་བདག་པོ་འདི་ལྟ་སྟེ། །མཐོང་ལ་སྐལ་ལྡན་འདིར་ཞུགས་ཏེ། །ཐམས་ཅད་དུ་ཡང་དེ་བཞིན་ཏེ། །ཏོག་གི་རྩེ་མོར་གྱུར་པ་བཞིན། །ཡོངས་ཀྱིས་ནུབ་པ་མ་ཡིན་ནོ། །དེ་ཡང་ཇི་ལྟ་བུ་ཞེ་ན། །དགེ་བའི་རྒྱལ་པོ་ཞེས་བྱ་བ། །ལྟ་བུ་ཁྲི་ཚོ་བཅུ་དང་བཅས། །སྙིང་པོ་གསང་བར་རྣལ་འབྱོར་ལ། །རིན་ཆེན་འོད་ལྡན་གཅུག་འཛིན་དུ། །ཤིན་ཏུ་དང་བས་དགེར་གཡོས་ཏེ། །ལྷ་རྫས་ཡོ་བྱད་མང་པོ་དང་། །བཅས་ནས་དམ་པའི་དྲུང་དུ་དོང་། །དགའ་བས་འདུན་པའི་ཚུལ་བཟུང་ནས། །སྙིང་པོ་གསང་བའི་དོན་ལ་ཞུགས། །ཆོ་འཕྲུལ་ཆེན་པོ་བཞི་ཐོབ་སྟེ། །ལྷ་གནས་ཀུན་དུ་བགྲོད་པ་དང་། །འབྱུང་ཆེན་ལུས་ལས་སྤྲུལ་པ་དང་། །རི་བོ་འདེགས་དང་འཕང་བ་དང་། །ཡུན་གྱི་ཚེ་ལ་གནས་བ་ཐོབ། །རྒྱལ་མཚན་རྩེ་མོའི་ཏོག་བཞིན་དུ། །མཐོང་བ་དག་གི་ཆོས་ཉིད་དེ། །བསྐལ་པར་ནུབ་པར་མ་གྱུར་ཏོ། །དེ་འདྲའི་ཚུལ་བྱུང་འཇུག་པར་གྱིས། །གཞན་ཡང་གསང་བདག་འདི་ལྟ་སྟེ། །མཐོང་བས་ཆོས་འདི་ཡོངས་དག་པ། །ཡེ་ཤེས་སྒྲོན་མའི་མིག་རྙེད་ནས། །བླ་མེད་སྙིང་པོ་ཅན་རྣམས་ཀྱི། །ལམ་རྙེད་ལམ་དུ་ཞུགས་པ་ཡིན། །དེ་ཡང་ཇི་ལྟ་བུ་ཞེ་ན། །འདས་པའི་དུས་ན་སྔོན་བྱུང་བ། །ཐེག་ཆེན་གསང་བར་རབ་ངེས་པ། །ལྷུན་གྲུབ་རྩལ་ཆེན་རྫོགས་པ་ཡི། །རིགས་ཆེན་འཛིན་པའི་ས་ཉིད་ཐོབ། །དེ་འདྲའི་ཚུལ་བྱུང་མཐོང་བར་གྱིས། །གཞན་ཡང་གསང་ཆེན་འཛིན་པ་ཉོན། །གང་དག་ཐེག་ཆེན་མངོན་སྤྱོད་ལ། །དགའ་བས་རྗེས་སུ་ཡི་རང་བས། །དེ་ནི་དེ་དང་འདྲ་བ་སྟེ། །འབྲས་བུ་དག་ལ་མཐོ་དམན་མེད། །དེ་ཡང་ཇི་ལྟ་བུ་ཞེ་ན། །འདས་པའི་དུས་ན་སྔོན་བྱུང་བ། །རྒྱལ་པོ་དབང་ཕྱུག་འོད་ལྡན་པ། །རྣལ་འབྱོར་ཅན་གྱི་འཁོར་དང་བཅས། །ཐེག་ཆེན་ཟབ་མོའི་དོན་ལ་ཞུགས། །གསང་སྔགས་གསང་བའི་བྱིན་བརླབས་དག །ངོ་མཚར་ཆོ་འཕྲུལ་མང་པོ་རྣམས། །ཐོག་མ་ཀུན་དུ་གྲགས་པར་གྱུར། །དེ་ལས་གཞན་པའི་རྣལ་འབྱོར་པ། །བྲམ་ཟེ་དགེ་སློང་བྱ་བ་ཞིག །ཤིན་ཏུ་དགའ་བའི་སེམས་བསྐྱེད་ནས། །དམ་པར་ངེས་པའི་བསླབ་པ་ཞུས། །བྱིས་པའི་སྤྱོད་ཡུལ་མ་ཡིན་ཕྱིར། །གསང་ཆེན་གསང་བར་རབ་ཏུ་གསུངས། །བྲམ་ཟེ་མ་ལོག་ཡོ་བྱད་དག །དེ་ལ་དེ་བསྔོས་དག་པར་སྦྱར། །སྐྱེས་བུ་དམ་པ་དེ་ཡུལ་དུ། །ཡིད་ཀྱིས་ཕྱོགས་དེར་སྨོན་པར་བརྗོད། །འདི་ལ་མོས་པའི་བྱིན་བརླབས་ཀྱིས། །སྙིང་པོར་ངེས་པའི་དམ་པ་དང་། །རྗེས་སུ་ཡི་རང་དམ་པ་གཉིས། །ཐོབ་པ་མཉམ་པ་ཉིད་དུ་གྱུར། །འདི་ལྟར་ཚེགས་མེད་དོན་པོ་ཆེ། །ཐབས་ལ་མཁས་པའི་རིགས་ཆེན་འཛིན། །དེ་འདྲའི་ཚུལ་བྱུང་མཁས་པར་གྱིས། །གཞན་ཡང་གསང་འཛིན་འདི་ལྟ་སྟེ། །བསམ་ཡས་བསམ་གྱིས་ཁྱབ་པ་ཡི། །རྒྱལ་བས་འདི་གཟིགས་འདི་མཁྱེན་པས། །སྲིད་གསུམ་འཁོར་བའི་བཤེས་གཉེན་དུ། །དམ་པ་གསང་བའི་བདག་པོར་གྱུར། །དེ་ཡང་ཇི་ལྟ་བུ་ཞེ་ན། །འདས་པའི་དུས་ན་སྔོན་བྱུང་བ། །གསལ་བྱིན་བྱ་བའི་ཁྱིམ་བདག་ཞིག །ཐེག་ཆེན་གསང་བ་འདིར་གནས་པས། །རང་གི་གསང་བ་ཉིད་མཐོང་བས། །གསང་ཆེན་གསང་བའི་ངེས་རྙེད་དེ། །ཀུན་གྱི་གསང་བ་ངེས་པར་མཐོང་། །ཆོས་རྣམས་ཀུན་གྱི་གསང་བ་སྟེ། །དེ་ལས་དེ་བྱུང་འབུམ་ཕྲག་ཡས། །ཆོས་ཀྱི་རྒྱལ་པོར་གྱུར་ནས་ནི། །སྨྲ་བ་ཀུན་གྱི་སེང་གེ་ཞེས། །ཞིང་ཁམས་ཀུན་དུ་གྲགས་པ་གྱུར། །དེ་འདྲའི་ཚུལ་བྱུང་བསླབ་པར་གྱིས། །གཞན་ཡང་གསང་འཛིན་གནོད་འདུལ་ཉོན། །ཐེག་ཆེན་གསང་བའི་ཚིག་ལམ་གཅིག །ཁོང་དུ་ཆུད་པར་གྱུར་པ་ནི། །སྐྱེ་བོ་ཉན་ཐོས་བསམ་ཡས་དང་། །རྒྱལ་བ་མཐའ་ཡས་སྲས་བཅས་ལ། །མཆོད་ཡོན་ཚོགས་ཆེན་སྤེལ་བས་ནི། །འབུམ་གྱི་ཆར་ཡང་མི་ཕོད་དོ། །ཅིའི་ཕྱིར་ཐེག་ཆེན་འདི་ཤེས་པས། །རྒྱལ་བ་མཉེས་པའི་མཆོག་འདི་ཡིན། །ནམ་མཁའ་ཀུན་ཁྱབ་རྒྱལ་བ་དང་། །ཐེག་ཆེན་གསང་བའི་སྙིང་པོ་གཉིས། །སོ་སོ་མ་ཡིན་ཐ་མི་དད། །དེས་ན་རྒྱལ་བ་གཅིག་མཉེས་པས། །རྒྱལ་བ་ཐམས་ཅད་མཉེས་པ་ཡིན། །སྐུ་དང་གསུང་ཐུགས་གཅིག་ལས་མེད། །འདུལ་བའི་དབང་གི་ཁྱད་པར་ལས། །གསམ་གྱིས་མི་ཁྱབ་བསྟན་པར་ཟད། །དེ་ཡང་ཇི་ལྟ་བུ་ཞེ་ན། །འདས་པའི་དུས་ན་སྔོན་བྱུང་བ། །སྐལ་ལྡན་ཡོངས་སུ་དག་པའི་རིགས། །དགེ་ལྡན་གསལ་ལྡན་བྱ་བ་གཉིས། །གང་དུ་མོས་པ་སོ་སོར་སྐྱེས། །གཅིག་ལ་གཅིག་འདིར་ཐ་ཚིག་བཅས། །གཅིག་གིས་དམན་པའི་ཐེག་པ་ལ། །སྤྱད་ནས་བྱ་བའི་ལས་ཆེན་བྱས། །གཅིག་ནི་ཐེག་ཆེན་གསང་བའི་དོན། །རྒྱ་ཆེར་ངེས་པར་ཆུབ་པ་ལས། །ཐེག་ཆེན་ཞོན་པའི་གསལ་ལྡན་ནི། །རིགས་ཆེན་གཅིག་གིས་མངོན་པར་ཆུབ། །བྱ་བ་བྱེད་པའི་དགེ་ལྡན་ནི། །གྲངས་མེད་བསྐལ་པ་གསུམ་གྱིས་ཆུབ། །དེས་ན་ཐེག་ཆེན་གསང་བ་ལ། །དེ་འདྲའི་ཚུལ་བྱུང་ཚུལ་བཞིན་སྤྱོད། །གཞན་ཡང་གསང་འཛིན་བདག་པོ་ཉོན། །གསང་འདི་རྟག་ཏུ་གང་འཆད་པ། །མི་བསྐྱོད་རྒྱལ་པོ་ལ་སོགས་པའི། །ཆེ་ཡོན་རྟག་པའི་ཅི་འདྲ་བ། །དོན་གྱི་གཟུངས་དང་བཅས་པ་ཐོབ། །དེ་ཡང་ཇི་ལྟ་བུ་ཞེ་ན། །ཁྱིམ་བདག་མེས་བྱིན་བྱ་བ་དེ། །བརྒྱ་ཡི་འཁོར་དང་བཅས་བ་ཞིག །རྟག་པར་ཐེག་ཆེན་འདིར་གནས་པས། །སངས་རྒྱས་མི་འཁྲུགས་རྒྱལ་པོ་ཡི། །འཁོར་དང་བཅས་པ་ཅི་འདྲ་བ། །རིགས་ཆེན་འཛིན་པ་གཅིག་གིས་ཐོབ། །དེ་འདྲའི་ཚུལ་བྱུང་དག་པར་སྤྱོད། །གཞན་ཡང་གསང་བདག་འདི་ལྟ་སྟེ། །སྐུ་དང་གསུང་ཐུགས་རྡོ་རྗེ་ཡི། །དོན་དུ་ངེས་བར་བསྒྲུབ་པ་རྣམས། །རྟོགས་ནས་སྨྲ་བར་གང་བྱེད་པ། །གོམས་པས་བརྗོད་དང་སྨོན་པ་ཡིས། །ཆོས་ཀྱི་རྒྱལ་པོར་དེ་འགྱུར་ཞིང་། །ཡོན་ཏན་སྤྱི་གཙུག་ཉིད་དུ་འགྱུར། །དེ་ཡང་ཇི་ལྟ་བུ་ཞེ་ན། །འདས་པའི་དུས་ན་སྔོན་བྱུ ང་བ། །དྲང་སྲོང་རྣལ་འབྱོར་ཀལ་ཡ་ནས། །དྲང་སྲོང་རྣམ་པ་མང་སྡེ་ལ། །ཐེག་ཆེན་གསང་བའི་བསྔགས་པ་བརྗོད། །དོན་རྣམས་ངེས་པར་བཀོད་པ་ལས། །མང་པོས་རིགས་ཆེན་འཛིན་པ་ཐོབ། །གང་དེར་བསྔགས་པ་རྗོད་བྱེད་པ། །གསང་བདག་ཆོས་ཀྱི་རྒྱལ་པོར་འགྱུར། །དེས་ན་ཐེག་ཆེན་གསང་བ་འདི། །ཀུན་ལ་བསྔགས་པ་བརྗོད་པར་གྱིས། །དེས་ནི་ང་ཡི་དགོངས་པ་ཐོབ། །རྒྱལ་བ་ཀུན་གྱི་ཐུགས་དམ་ཡང་། །ཐེག་ཆེན་གསང་བའི་སྙིང་པོ་ཡིན། །རྣལ་འབྱོར་གང་ཞིག་བློ་ལྡན་པས། །སྐད་ཅིག་ཐང་ཅིག་ཡུད་ཙམ་ལ། །གསང་ཆེན་གསང་བར་ངེས་བཞག་ན། །རྒྱལ་བ་ཀུན་ཀྱང་རིགས་འཛིན་གྱི། །གསང་ཆེན་གསང་བར་རབ་ངེས་པའོ། །གསང་བའི་བདག་པོ་དེ་ལྟར་ན། །གསང་ཆེན་གསང་བའི་སྙིང་པོ་གང་། །ངེས་པར་ལེགས་པའི་བཅད་རྒྱུད་དང་། །ལོག་པར་ངེས་པའི་བཅད་རྒྱུད་རྣམས། །སྔོན་བྱུང་བརྒྱུད་བ་གྲགས་པ་ཡིན། །དེ་སྐད་གསང་བ་མཆོག་ཉིད་གསུང་། །ཞེས་གསང་བའི་འདག་པོས་སྔོན་བྱུང་བའི་གཏམ་རྒྱུད་ཇི་ལྟར་བརྒྱུད་ཅིང་གྲགས་པ་བརྗོད་པའི་བྱ་བ་བྱས་པས་ལང་ཀའི་བདག་པོ་ལ་སོགས་པ་མངོན་དུ་སྣང་བའི་སེམས་དཔའ་དམན་པའི་ལུས་ཅན་རྣམས་གང་དུ་མ་ངེས་པའི་སོམ་ཉི་ཡོངས་སུ་ཆད་པར་གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་སྔོན་དུ་བྱུང་བ་གཏམ་རྒྱུད་ཡོངས་སུ་བརྗོད་པའི་ལེའུ་སྟེ་སུམ་ཅུ་བརྒྱད་པའོ།། །།


previousསྔོན་དུ་བྱུང་བ་གཏམ་རྒྱུད་ཡོངས་སུ་བརྗོད་པའི་ལེའུ་སྟེ་སུམ་ཅུ་བརྒྱད་པ།next