Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅོ་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྣལ་འབྱོར་སའི་སྒྲོན་མ་བསྟན་པའི་ལེའུ་སྟེ་དྲུག་ཅུ་གཅིག་པ།
   
   
   
   
   
   
   
   
   
   
   
   
   


 
previousརྣལ་འབྱོར་སའི་སྒྲོན་མ་བསྟན་པའི་ལེའུ་སྟེ་དྲུག་ཅུ་གཅིག་པ།next

རྣལ་འབྱོར་སའི་སྒྲོན་མ་བསྟན་པའི་ལེའུ་སྟེ་དྲུག་ཅུ་གཅིག་པ།

དེ་ནས་ཡང་ལང་ཀའི་མངའ་བདག་ལ་སོགས་པ་དམན་པ་དམ་པའི་སེམས་དཔའ་ཆེན་པོ་རྣམས་ཀྱིས་དྲི་བ་ཡོངས་སུ་དྲིས་པ། ཀྱེ་གསང་བ་པའི་བདག་པོ་ཁྱད་པར་དུ་བླ་མར་འགྲོ་བར་བྱའོ་ཞེས་དམ་བཅའ་བར་དགོངས་པ་དེ་ཇི་ལྟར་ཡོངས་སུ་ཤེས་པར་བགྱི། དེ་སྐད་ཅེས་གསོལ་བ་ལས། གསང་བ་པའི་བདག་པོས་སྨྲས་པ། ཀྱེ་གྲོགས་པོ་དག་ཁྱད་པར་དུ་འགྲོ་བར་བྱ་བ་དེ་ནི་ལེགས་སོ། །ཤིན་ཏུ་རབ་ཏུ་ལེགས་སོ། །ས་དེ་ནི་འདི་ལྟར་ས་མཁན་དམ་པ་རྣམས་ཀྱི་རྣལ་འབྱོར་གྱིས་ཡོངས་སུ་སྣང་བ་ཞེས་བྱ་བའི་སྒྲོན་མ་ལེགས་པར་བཀོད་པ་ནི་འདི་ལྟ་སྟེ། ས་དང་ས་ཡི་ཁྱད་པར་ནི། །གང་འདིར་ཡོངས་ཀྱིས་མེད་པ་ལ། །ཤེས་བྱ་གཅོད་པའི་ཁྱད་པར་གྱིས། །རང་རིག་མཐོ་དམན་རིམ་པར་ཟད། །དཔེར་ན་རྒྱལ་པོའི་དཀོར་མཛོད་ནས། །ཆེ་ཆུང་ཐབས་འདོད་གང་སུ་དག །དཀའ་ཐུབ་ཕྱི་ནང་ཁྱད་པར་གྱིས། །སྤྱོད་སྒོ་འཇུག་པའི་ལས་ཐབས་ལས། །མཐོ་དམན་རྩལ་གྱིས་གང་ལེན་བ། །རྒྱལ་པོ་གཅིག་ལ་སྤྱོད་ན་ཡང་། །རིན་ཆེན་སྣ་འགའ་ཁྱད་པར་དག །ཐབས་ཆེན་སྒོ་དགུ་སོ་སོར་སྤྱོད། །རྒྱལ་པོར་གྱུར་ན་དེ་ནོར་ཀུན། །དབང་བསྐུར་བྱེད་པའི་བདག་པོ་ཡིན། །མི་གནས་མ་བཅོས་དེ་བཞིན་ཉིད། །ཤེས་བྱ་དེ་ལས་མེད་པ་ལ། །གང་འདི་རྩལ་གྱི་ཁྱད་པར་གྱིས། །སོ་སོའི་འཇུག་སྒོ་ཀུན་ནས་སྤྱོད། །དེ་ཡི་དེ་ཉིད་དེ་གཅིག་ལ། །རྩལ་འཕང་མཐོ་དམན་ཁྱད་པར་གྱིས། །ས་ཡི་གོ་འཕང་ཁྱད་པར་དུ། །རིག་པ་དེ་ལྟར་སྣང་བ་ཡིན། །གང་འདིར་ཐམས་ཅད་གཅིག་པ་ལ། །དེ་མཐོང་མི་མཐུན་དེ་དབང་གིས། །དཔེར་ན་འབྱུང་གནས་སྒོ་མངས་བཞིན། །ས་དང་རྣམ་ཐར་སོ་སོའི་སྒོ། །གཅིག་ལ་སྣ་ཚོགས་དེ་ལྟར་སྣང་། །ས་དང་རྣམ་ཐར་གང་དག་ལ། །འཇུག་པ་ལ་སོགས་ས་སྦྱངས་ཀྱང་། །ཀུན་གྱི་རྩ་བ་འདིར་བཅད་པས། །གཅིག་སྟེ་ཐ་དད་ཡོངས་ཀྱིས་མེད། །དེ་ནི་རི་དང་ལྷུན་པོ་དང་། །ཀུན་དུ་རྒྱུ་དང་གཞོན་ནུ་ལྟར། །མཐོང་ཐོས་སྟོན་པའི་ཁྱད་པར་ནི། །དོན་གྱིས་དེ་ལྟར་ཡོད་པ་ཡིན། །ངེས་ན་ཆོས་རྣམས་ཐམས་ཅད་ཀྱི། །གནས་པའི་ས་ཉིད་སེམས་ཡིན་པས། །ནམ་མཁའ་ལྟ་བུའི་དཔེ་མཚོན་ཏེ། །ཀུན་གྱི་ས་འདིར་ཤེས་པར་བྱ། །འདི་ལྟར་གང་ཤེས་རྣལ་འབྱོར་པ། །ལམ་གྱི་ཐབས་ལ་མཁས་པ་ཡི། །ལམ་སྟོར་ལམ་བཙལ་ལམ་རྙེད་པས། །ཉེ་ལམ་བདེར་རྙེད་གྲུབ་པའོ། །གང་རྙེད་དེ་རྙེད་དེར་གནས་པ། །རྣལ་འབྱོར་སྤྱོད་པའི་ས་པ་སྟེ། །ས་ཀུན་གཅིག་ཏུ་ཡོངས་རྫོགས་ལ། །རིག་པ་མཆོག་འབྲིང་ཐ་མའི་ཕྱིར། །གཅིག་པའང་ཁྱད་པར་བཅུར་སྣང་བ། །གང་གི་ཆེད་དུ་བགྲང་བར་བྱ། །འདི་དག་གནས་འཛིན་སྤྱོད་པའི་ས། །རྣམ་པ་བཅུ་ཕྲག་གཅིག་གིས་རྫོགས། །འགྱུར་དབང་མ་ངེས་ས་འདི་ལ། །བཅོས་མ་ཕྲ་མེན་སྤྱོད་པ་དང་། །ཚུལ་རྟགས་འཛིན་དང་མོས་པ་དང་། །ལེགས་པར་འདུན་པའི་རྣལ་འབྱོར་ལྔ། །འཇུག་ལྡོག་ལྟུང་དང་བཅས་པ་ཡི། །ཀུན་དུ་འཁོར་ཞིང་མ་ངེས་པའོ། །འདུན་པ་སེམས་པའི་རྣལ་འབྱོར་པ། །གནས་ཤིང་སྦྱོང་བའི་ས་ཞེས་བྱ། །བརྟེན་པས་གཞི་ཡི་ས་འདི་ལ། །དང་པོ་ལས་ཅན་རྣལ་འབྱོར་པ། །བསླབ་པ་སྤྱོད་དང་ངེས་པ་ལ། །དག་དང་མ་དག་གིས་སྤྱོད་པའོ། །བཀའ་སྡོད་ལས་ཀྱི་རྣལ་འབྱོར་པ། །གནས་ཤིང་སྤྱོད་པའི་ས་ཞེས་བྱ། །གལ་ཆེན་སྤྱོད་པའི་ས་འདི་ལ། །རིགས་ཆེན་འབྱེད་པའི་རྣལ་འབྱོར་ཉིད། །གནས་ཤིང་སྦྱོང་བའི་ས་ཡིན་ཏེ། །ཡང་མི་ང་ཡི་ས་རྣམས་ཀུན། །གཅོད་སྦྱོང་སྦྱོར་བའི་ཚུལ་ཉིད་ཀྱིས། །ལེགས་ཉེས་སྟོབས་ཆེན་འགྱེད་པའོ། །བསླབ་པ་རྒྱུན་གྱི་ས་འདི་ལ། །གཡོ་དང་ཐོབ་དང་བརྟན་པའི་དྲོད། །དེ་བཞིན་རྟགས་ཆེན་གཡོ་བ་དང་། །ཐོབ་པ་ཉིད་དང་བརྟན་པ་ཡི། །རྣལ་འབྱོར་རྣམ་པ་དྲུག་པོ་དག །བསླབ་པའི་མཐའ་བཅུ་མཐར་ཕྱིན་ཅིང་། །ཇི་ལྟར་ཟླ་བ་ཡར་གསལ་བཞིན། །བསླབ་པའི་ཡེ་ཤེས་འཕེལ་འགྱུར་ཏེ། །དོན་ལ་མི་སྐྲག་ངོ་མཚར་སྐྱེ། །སྦྱོང་སེམས་འཇུག་པའི་སེམས་དཔའ་དེས། །ངན་འགྲོར་མི་ལྡོག་དགོན་པར་འཇུག །བར་ཆད་དག་ཀྱང་དེ་ལ་འབྱུང་། །གསང་སྒོ་ལུང་གི་རྣལ་འབྱོར་དང་། །སྤྱོད་པ་རྒྱུན་གྱི་རྣལ་འབྱོར་དང་། །མཚན་མ་རྟགས་ཀྱི་རྣལ་འབྱོར་གསུམ། །གནས་ཤིང་སྦྱོང་བའི་ས་ཞེས་བྱ། །བསོད་ནམས་གཏེར་གྱི་ས་འདི་ལ། །སྤྱོད་པ་རྒྱུན་གྱི་རྣལ་འབྱོར་ཉིད། །མོས་པ་དག་ཅིང་འདུན་པའི་གནས། །རྩལ་ཆེན་བློ་ཡི་བསྟི་གནས་ས། །བསླབ་པའི་མཐའ་བཅུ་སྤྱིར་ཆིབ་པའོ། །བརྟེན་པས་ཁྱད་པར་འགྲོ་འདི་ལ། །དབུགས་ཆེན་འབྱིན་པའི་རྣལ་འབྱོར་པ། །རིགས་ཆེན་འཛིན་དང་མཉམ་རྫོགས་ཆེ། །ངེས་པར་སྤྱོད་དང་རྩ་ཆེན་སྤྱོར། །ཡུལ་ལ་འཇུག་དང་རིག་པ་སྦྱོར། །བདུན་ཉིད་རྫོགས་པར་འགྲོ་བ་སྟེ། །བསླབ་པའི་རྒྱུ་འབྲས་མཐའ་བཅུ་ལ། །གོམས་པར་བྱེད་པའི་ཚུལ་དུ་སྦྱོར། །ངལ་བསོ་བ་ལས་ཐམས་ཅད་མཐོང་། །མི་ལྡོག་ས་ལ་གོམས་བྱར་མེད། །འདི་དག་སྦྱོར་བའི་གཞི་གཅིག་ཀྱང་། །སོ་སོ་ཐུན་མོང་མ་ཡིན་པའི། །སྒྲིབ་པ་ལས་ཞེས་རྩི་བྱེད་ཅིང་། །ཡེ་ཤེས་རེ་རེ་འཆར་བའོ། །དེས་ན་བསླབ་པའི་མཐའ་གཅིག་ལ། །མི་ལྡོག་ལ་སོགས་རྫོགས་ཆེན་རྣམས། །གང་དེར་བདེན་པ་རེ་རེ་ལ། །རྩལ་འབྱུང་རེ་རེ་འཆར་བ་སྟེ། །ཐ་མ་རང་འབྱུང་ཉིད་ཀྱིས་རྫོགས། །མཐར་ཕྱིན་པ་དང་ཐོབ་པ་དང་། །མི་ལྡོག་རྣམས་ལ་རིམ་པ་བཞིན། །རྨི་ལམ་དང་ནི་སྒྲ་བརྙན་དང་། །མངོན་སུམ་ངེས་པ་ཅི་རིགས་པ། །རྣལ་འབྱོར་རྡོ་རྗེ་ལུང་སྟོན་པ། །རྡོ་རྗེ་རྡོ་རྗེ་རྣལ་འབྱོར་པ། །ཞེས་བྱར་ཉིད་དང་ས་ཁམས་དང་། །ཞིང་ཁམས་ཀུན་དུ་བསྒྲགས་བྱས་ནས། །རྣལ་འབྱོར་དམ་པར་འབྱིན་པའོ། །དམིགས་པའི་འབྲས་བུ་སྐྱེ་འདི་ལ། །གྲུབ་པའི་རྣལ་འབྱོར་རྣལ་འབྱོར་ཆེ། །རྫོགས་པར་འབྱུང་བའི་རྣལ་འབྱོར་གསུམ། །རྒྱལ་བའི་ཐུགས་ལམ་རྒྱལ་སྐྱེས་ཤིང་། །རྒྱལ་བའི་སྲས་པོ་གདུང་འཚོབ་པ། །ཁྱད་པར་རྩལ་འཕང་ཀུན་རྫོགས་ཤིང་། །གང་ལ་ཏིང་འཛིན་སྦྱོར་བའོ། །གནས་པས་མི་འགྱུར་ས་འདི་ལ། །རྨད་འབྱུང་རོལ་པའི་རྣལ་འབྱོར་དང་། །ཚོགས་ཆེན་འདུས་དང་རྩལ་ཆེན་རྫོགས། །གསུམ་དུ་རྫོགས་པར་ཤེས་བྱ་སྟེ། །ཕྱག་རྒྱ་ཆེན་པོ་སྒྱུ་མ་ཡིན། །འཁོར་ལོས་སྒྱུར་བའི་རྒྱལ་ཆེན་པོ། །མཐོང་བའི་གནས་ནས་བཅུ་དྲུག་ས། །རྫོགས་པའི་གནས་ན་ལོངས་སྤྱོད་པའོ། །བདལ་བ་ཆོས་ཉིད་ས་འདི་ལ། །རོལ་པ་རྒྱན་གྱི་རྣལ་འབྱོར་དང་། །བདེ་བ་ཆེན་དང་ཐིག་ལེར་རྫོགས། །གསུམ་ཉིད་དུ་ནི་སྣང་བ་ལ། །ཡུལ་དོན་ཡེ་ཤེས་དེས་སྦྱར་ན། །ཤེས་པར་བྱས་པས་ཐམས་ཅད་རྫོགས། །སྒྱུ་མའི་སྒྱུ་མ་ཡིན་སྤྱོད་པའོ། །རྫོགས་པ་སྤྱིར་འཆིབ་ས་འདི་ལ། །བཅུ་པ་ཐ་མ་དང་པོ་ལས། །མཐར་རྫོགས་ཀུན་གྱི་རྟོག་ཡིན་ཏེ། །ཀློང་ཡངས་ནམ་མཁའི་སྙིང་པོ་ལ། །སྤྲིན་མེད་ཉི་མ་འབུམ་གྱིས་བདལ། །ཅི་སྣང་ཅི་ཡང་མ་ཡིན་པ། །མི་སྐྱེ་མི་འགག་ངོ་བོ་ལ། །ཇི་ལྟར་བལྟས་དགུ་དེར་སྣང་བ། །བདལ་ཁྱབ་མི་རྒྱ་རླབས་ཀྱིས་བཅད། །དེ་ཡང་དམ་པའི་ཁྱད་པར་གྱིས། །བདག་ཉིད་ཆེན་པོའི་རྣལ་འབྱོར་དང་། །ལྷུན་གྱིས་གྲུབ་དང་ཀློང་ཡངས་ཆུབ། །གསུམ་རྫོགས་རང་འབྱུང་བདལ་བའོ། །འདི་དག་རྣལ་འབྱོར་སྤྱོད་པའི་ས། །ཁྱད་པར་གང་ལ་ཁྱད་པར་སྣང་། །གང་ཁྱད་མེད་ལ་དེ་ཁྱད་མེད། །རྩལ་འཕང་མཐོ་དམན་རྣལ་འབྱོར་བས། །མཐོ་དམན་གོ་འཕང་ས་བགྲོད་བྱ། །གང་འདིར་དྲི་བའི་མཆོག་སྣང་བ། །དམ་པར་གྱུར་པའི་ལང་ཀའི་བདག །གང་འདིར་རྣལ་འབྱོར་ཀུན་སྦྱོར་བ། །ངེས་པའི་ས་བཅུ་རྩ་བ་འདིར། །གང་གི་རྩ་བ་ཡན་ལག་ལས། །བཅུ་གཉིས་བདུན་གཉིས་རྫོགས་པའོ། །དེས་ན་ས་ཡི་ཁྱད་པར་ལས། །རྒྱ་ཆེ་བ་དང་གྲངས་མང་ཡང་། །རྣལ་འབྱོར་ས་འདི་སྦྱར་བར་བྱའོ། །ས་དང་ས་ཡི་འབྱུང་གནས་པ། །ཀུན་གཞི་ཀུན་གྱི་ས་ཆེན་ཏེ། །གང་གི་ས་ཆེན་འདི་ནོན་ན། །ས་རྣམས་སྐད་ཅིག་ཙམ་བགྲོད་པའོ། །གྲོགས་པོ་དག་དེ་དག་ནི་ཁྱད་པར་བླ་མར་འགྲོ་བར་བྱའོ། །ཞེས་དམ་བཅའ་བར་དགོངས་པ་ཡོངས་སུ་བགྲོས་པར་ཤེས་པར་བྱའོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་རྣལ་འབྱོར་སའི་སྒྲོན་མ་བསྟན་པའི་ལེའུ་སྟེ་དྲུག་ཅུ་གཅིག་པའོ།། །།


previousརྣལ་འབྱོར་སའི་སྒྲོན་མ་བསྟན་པའི་ལེའུ་སྟེ་དྲུག་ཅུ་གཅིག་པ།next