Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅོ་བརྒྱད་པ།


   
   
   
   
   
   
   
འདུས་པ་མདོའི་ཆོ་གའི་ལྷན་ཐབས་བསྟན་པ་རྒྱ་མཚོའི་གྲུ་གཟིངས། རང་བྱུང་རྡོ་རྗེ།
   
   
   
   
   
   


 
previousའདུས་པ་མདོའི་ཆོ་གའི་ལྷན་ཐབས་བསྟན་པ་རྒྱ་མཚོའི་གྲུ་གཟིངས། རང་བྱུང་རྡོ་རྗེ།next

འདུས་པ་མདོའི་ཆོ་གའི་ལྷན་ཐབས་བསྟན་པ་རྒྱ་མཚོའི་གྲུ་གཟིངས། རང་བྱུང་རྡོ་རྗེ།

འདུས་པ་མདོའི་ཆོ་གའི་ལྷན་ཐབས་བསྟན་པ་རྒྱ་མཚོའི་གྲུ་གཟིངས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ནིརྨ་མཱ་རི་ཙྱཻཿ ཁམས་དྲུག་ལྡན་པ་རྡོ་རྗེ་ལུས་ཀྱི་གྲོང་། །ཡོངས་གྲུབ་གདན་གསུམ་ཚང་བའི་འཁོར་ལོ་ཅན། །དག་མཉམ་ཡེ་ཤེས་དབྱིངས་ལ་རོལ་པའི་ལྷ། །རྗེས་སུ་རྣལ་འབྱོར་ལུང་གི་དབྱིངས་ལ་འདུད། །རྡོ་རྗེ་ཐེག་པ་སྔ་འགྱུར་ལ་མདོ་སྒྱུ་སེམས་གསུམ་གྱི་གྲུབ་པའི་མཐའ་གསུམ་ལས། རྩ་རྒྱུད་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལུང་འོག་མིན་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་དུ་ཞུགས་ཤིང་དངོས་གྲུབ་བརྙེས་པར་འདོད་པའི་རྟེན་ནི་རིམ་པ་དགུའི་དཀྱིལ་འཁོར་དུ་སྨིན་ཅིང་དམ་ཚིག་ལ་གནས་པ། དེ་ཉིད་བཅུའི་གནས་ལ་བྱང་ཆུབ་པ་དག་གིས་རྡུལ་ཚོན་གྱི་ཆོ་ག་དང་སྦྲེལ་བའི་རིམ་པ་ནི་དཀྱིལ་ཆོག་ལས་ཤེས་ལ། འཇུག་པ་བདེ་ཕྱིར་རས་བྲིས་ལ་བརྟེན་ནའང་། ས་གཟུང་བ་དང་བསྲུང་བ་བགྱི་བ་ཉིད་ལེགས་སོ། །དཀྱིལ་འཁོར་རྒྱན་དགོད་དབང་རྫས་མཆོད་གཏོར་སོགས་མཐོང་བརྒྱུད་བཞིན་ལས། འདིར་ཆོ་གའི་བྱ་བ་ལ་སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་ནི། རྡོ་རྗེ་ལས་རིམ་ལས། ཕྱོགས་བཅུ་སྲས་དང་བཅས་པ་དང་། །དབང་ཕྱུག་སངས་རྒྱས་ད་ལྟ་བདག །མ་འོངས་རང་བཞིན་སེམས་ཅན་ལ། །དགོས་པ་གསུམ་ཕྱིར་ལུས་དབུལ་བྱ། །ཞེས་བསོད་ནམས་ཀྱི་ཁྱད་པར་དུས་གསུམ་གྱི་སངས་རྒྱས་ལ་ལུས་དབུལ་བ་སོགས་ཀྱི་ལྷག་པའི་བདུན་རྣམ་དག་གི་དོན་དྲན་པས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ནས། བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ལན་གསུམ། གཉིས་པ་སྔགས་ཀྱི་ཐེག་པ་བྱེ་བྲག་པ་འདིས་སེམས་ཅན་ཀྱི་ཁམས་ཚད་མེད་པ་བསྒྲལ་བའི་བྱང་ཆུབ་ཀྱི་སེམས་ལྷག་པའི་བརྟུལ་ཞུགས་བསྐྱེད་པ་ནི། ཧཱུྃ། གདོད་ནས་མ་སྐྱེས་རྣམ་དག་ཆོས་ཀྱི་སྐུ། །སོགས། དཀྱིལ་འཁོར་དགུ་པའི་ཁྱམས་ལ་མ་མོ་དྲུག་ཅུ་སྟེ། མ་མོ་ཤྭ་ར་ཧཱུྃ་ཞེས་དྲུག་ཅུ་བརྗོད་པས། སྐུའི་འོད་ཟེར་སྨུག་ནག་ལས། ལས་བྱེད་ཀྱི་ཕོ་ཉ་མོ་དྲུག་ཅུ་ཁྱམས་ཀྱི་ཕྱོགས་རེར་བཅོ་ལྔ་བཅོ་ལྔ་བཞུགས་པར་བསམ་ལ། གསུམ་པ་ནི། འདུན་པ་སེམས་པ་ལ་སོགས་ལམ་ལྔས་བསྡུས་པའི་མགྲོན་ཐབས་རིམ་པ་གསུམ་ལས། དང་པོ་མདོའི་ཡན་ལག་གི་དཀྱིལ་འཁོར་རྣམས་བསོད་ནམས་ཀྱི་ཞིང་དུ་གསལ་གདབ་པ་ནི། རྒྱུའི་རྟ་བབས་ཀྱི་ཕྱོགས་བཞིའི་སྣམ་བུ་བརྒྱད་པ་རྣམས་ལ་མ་ཧཱ་ཡོ་གའི་ལྷ་ཚོགས་བཞུགས་པ་ནི། ཤར་ཕྱོགས་སུ་སངས་རྒྱས་མཉམ་སྦྱོར་དང་ཧེ་རུ་ཀ་གལ་པོ། ལྷོ་ཕྱོགས་སུ་ཟླ་གསང་ཐིག་ལེ་དང་དཔལ་མཆོག་དང་པོ། ནུབ་ཕྱོགས་སུ་གསང་བ་འདུས་པ་དང་རྟ་མཆོག་རོལ་པ། བྱང་ཕྱོགས་སུ་རྒྱུད་སྡེ་སྒྱུ་འཕྲུལ་དང་། སྒྲུབ་སྡེ་བཀའ་བརྒྱད་ལ་སོགས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དམ་ཚིག་དང་ཐུགས་རྗེས་འཁོད་པའོ། །སྣམ་བུ་བདུན་པ་བཞི་ལ་རྣལ་འབྱོར་རྒྱུད་ཀྱི་ལྷ་ཚོགས་བཞུགས་པ་ནི། ཤར་ཕྱོགས་སུ་རྣམ་སྣང་ཀུན་ཏུ་ཞལ། རིགས་ཀྱི་ཡུམ་བཞིའི་ངོ་བོ། རྡོ་རྗེ་མི་བསྐྱོད་པ། རྡོ་རྗེ་སེམས་དཔའ། རྡོ་རྗེ་རྒྱལ་པོ། རྡོ་རྗེ་ཆགས་པ། རྡོ་རྗེ་ལེགས་པའོ། །ལྷོ་ཕྱོགས་སུ་རིན་ཆེན་འབྱུང་ལྡན། རྡོ་རྗེ་རིན་ཆེན་དང་། རྡོ་རྗེ་གཟི་བརྗིད། རྡོ་རྗེ་ཕྱག་མཚན། རྡོ་རྗེ་བཞད་པའོ། །ནུབ་ཕྱོགས་སུ་སྣང་བ་མཐའ་ཡས། རྡོ་རྗེ་ཆོས། རྡོ་རྗེ་རྣོན་པོ། རྡོ་རྗེ་རྒྱུ། རྡོ་རྗེ་སྨྲ་བའོ། །བྱང་ཕྱོགས་སུ་དོན་ཡོད་གྲུབ་པ། རྡོ་རྗེ་ལས། རྡོ་རྗེ་སྲུང་བ། རྡོ་རྗེ་གནོད་སྦྱིན། རྡོ་རྗེ་ཁུ་ཚུར་རོ། །མཚམས་ལ་མཆོད་པའི་ལྷ་མོ་བརྒྱད། བྱང་ཆུབ་སེམས་དཔའ་བྱམས་པ། མཐོང་བ་དོན་ཡོད། ངན་སོང་ཀུན་འདྲེན། མྱ་ངན་མུན་འཇོམས། སྤོས་ཀྱི་གླང་པོ། དཔའ་བར་འགྲོ་བ། ནམ་མཁའ་མཛོད། ཡེ་ཤེས་ཏོག །འོད་དཔག་མེད། ཟླ་འོད། བཟང་སྐྱོང་། དྲྭ་བ་ཅན་གྱི་འོད། རྡོ་རྗེ་སྙིང་པོ། བློ་གྲོས་མི་ཟད་པ། སྤོབས་པ་བརྩེགས་པ། ཀུན་ཏུ་བཟང་པོ་སྟེ་བསྐལ་བཟང་གི་སེམས་དཔའ་བཅུ་དྲུག་རྣམས་ཕྱོགས་བཞིར་བཞི་བཞི་བཞུགས་པའོ། །སྣམ་བུ་དྲུག་པ་རྣམས་ལ་སྤྱོད་པའི་རྒྱུད་ཀྱི་ལྷ་ཚོགས་བཞུགས་པ་ནི། ཤར་ཕྱོགས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད། རིགས་བཞིའི་སངས་རྒྱས། ལྷོ་ཕྱོགས་སུ་མཆོད་པའི་ལྷ་མོ་བརྒྱད། ནུབ་ཕྱོགས་སུ་དུས་ལྡན་མ། པདྨ་ཅན། འཇིགས་བྲལ་མ། འོད་ལྡན་མ། མདངས་ལྡན་མ། དྲི་མེད་མ། རྒྱལ་བའི་གདུང་མ། ཡིད་བཟང་མ་སྟེ། བཀྲ་ཤིས་ཀྱི་ལྷ་མོ་བརྒྱད། བྱང་ཕྱོགས་སུ་ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། གཟའ་ཆེན་པོ་བརྒྱད། ཕྱོགས་སྐྱོང་བཅུ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། འཇིགས་བྱེད་ཆེན་པོ་དགུ། རྒྱལ་པོ་ཆེན་པོ་བཞི་སྟེ་དཔལ་མགོན་བདུན་ཅུ་རྩ་ལྔ་བཞུགས་པའོ། །སྣམ་བུ་ལྔ་པ་རྣམས་ལ་བྱ་བའི་རྒྱུད་ཀྱི་ལྷ་ཚོགས་བཞུགས་པ་ནི། ཤར་དུ་རྒྱལ་སྲས་རིགས་གསུམ་མགོན་པོ། ལྷོར་སྦྱོང་བའི་ལྷ་ཤཱཀྱ་ཐུབ་པ། སྤེལ་བའི་ལྷ་རྣམ་པར་སྣང་མཛད། བསྒྱུར་བའི་ལྷ་བདུད་རྩི་འཁྱིལ་བ། ཐོབ་པའི་ལྷ་རིན་ཆེན་འབྱུང་ལྡན། ཚིམ་པའི་ལྷ་དོན་ཡོད་གྲུབ་པ། དབང་བྱེད་ཀྱི་ལྷ་ཕྱག་རྡོར་ཏེ་ཀྲྀ་ཡ་དོན་གྱི་ལྷ་དྲུག །ནུབ་ཏུ་སྒེག་མོ་མ་སོགས་ལྷ་མོ་བརྒྱད། བྱང་དུ་སྒོ་མ་བཞི་རྣམས་བཞུགས་པའོ། །སྣམ་བུ་བཞི་པ་རྣམས་ལ་བྱང་ཆུབ་སེམས་དཔའི་ལྷ་ཚོགས་བཞུགས་པ་ནི། ཤར་ཕྱོགས་སུ་སངས་རྒྱས་བཅོམ་ལྡན་འདས། ཡུམ་ཆེན་མོ། ཤཱ་རིའི་བུ། སྤྱན་རས་གཟིགས་ལ་སོགས་ཉེ་བའི་སྲས་བརྒྱད། སེམས་དཔའ་བརྒྱད། ལྷོ་ཕྱོགས་སུ་སངས་རྒྱས་དགའ་བའི་དཔལ། དཀོན་མཆོག་འབྱུང་གནས། མྱ་ངན་མེད། རིན་ཆེན་འོད་འཕྲོ། རྒྱལ་བའི་དབང་པོ། པདྨོ་དམ་པའི་དཔལ། ཉི་མ་སྣང་བའི་དཔལ། གདུགས་ཆེན་དམ་པའི་དཔལ། གླང་པོ་དམ་པའི་དཔལ། པདྨོའི་དཔལ་ཏེ་ཕྱོགས་བཅུའི་སངས་རྒྱས་རྣམས་དང་མཆོད་པའི་ལྷ་མོ་ལྔ། ནུབ་ཕྱོགས་སུ་སྣང་བ་དམ་པའི་དཔལ། ཏིང་འཛིན་རྒྱལ་པོ། ཟླ་འོད་གཞོན་ནུ། ཆོས་ཀྱི་རྒྱལ་མཚན། དབང་ཕྱུག་རྒྱལ་པོ། བཀོད་པའི་རྒྱལ་པོ། རིན་ཆེན་འོད་འཕྲོ། པདྨའི་རྒྱལ་པོ། རྡོ་རྗེ་མི་གཡོ། ཐོགས་མེད་རྒྱལ་པོ་ལ་སོགས་པའོ། །བྱང་ཕྱོགས་སུ་ཡེ་ཤེས་འོད། གདུགས་མཛེས་དམ་པ། གཞོན་ནུ་རྒྱལ་མཚན། སྐྱེས་བུ་དམ་པ། སེང་གེ་སྒྲ། རྒྱལ་བའི་དབང་པོ། གྲུབ་པ་སྔོན་པོ། དགའ་བ་དམར་པོ། མི་གཡོ་བ་ལ་སོགས་བཞུགས་པའོ། །སྣམ་བུ་གསུམ་པ་བཞི་ལ་རང་རྒྱལ་གྱི་ལྷ་ཚོགས་བཞུགས་པ་ནི། ཤར་དུ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་རང་སངས་རྒྱས་བསེ་རུ་ལྟ་བུ་དང་། ཚོགས་ན་སྤྱོད་པའི་ཚོགས། ལྷོར་འཇིགས་པ་མེད་པ། སྣང་བ་བརྩེགས་པ། དཔའ་བོ་འདུལ་བ། ཉོན་མོངས་གདུང་སེལ། ནུབ་ཏུ་ཤེས་རབ་མགྱོགས་ཆེན། རྫུ་འཕྲུལ་ཆེར་སྟོན། གདུང་བ་སེལ་བྱེད། སྒྲ་ཆེན་པོ། བྱང་དུ་བསེ་རུ་ལྟ་བུ། རིའི་རྒྱལ་པོ། སེང་གེ་ལྟ་བུ། ཡིད་གྱུར་ཏེ་ཐམས་ཅད་ཀྱང་དགེ་སློང་དགྲ་བཅོམ་པའི་ཆ་ལུགས་གཙུག་ཏོར་ཅུང་ཟད་དང་བཅས་པའོ། །སྣམ་བུ་གཉིས་པ་བཞི་ལ་ཉན་ཐོས་ཀྱི་ལྷ་ཚོགས་བཞུགས་པ་ནི། ཤར་དུ་བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་དང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་། ལྷོར་ཀུན་དགའ་བོ། ཤཱ་རིའི་བུ། མངྒལ་གྱི་བུ། རབ་འབྱོར། མ་འགགས་པ། འཆར་ཀ །ཀ་ཌི་ནྱ། རྟ་ཐུལ་ཏེ་སྤྲུལ་པའི་གང་ཟག་བརྒྱད། ཉེ་བ་འཁོར། བ་གླང་བདག །འོད་སྲུངས། སྒྲ་གཅན་ཟིན། གཅུང་དགའ་བོ། མིང་ཅན། ནོར་སྦྱིན། གང་པོ་སྟེ་རང་རྒྱུད་པ་བརྒྱད། ནུབ་ཏུ་འཕགས་པའི་གནས་བརྟན་ཡན་ལག་འབྱུང་། མ་ཕམ་པ། ནགས་ན་གནས། དུས་ལྡན། རྡོ་རྗེ་མོའི་བུ། བཟང་པོ། གསེར་བེའུ། བྷ་ར་དྷྭ་ཛ། བ་ཀུ་ལ། སྒྲ་གཅན་འཛིན། ལམ་ཕྲན་བསྟན། གསེར་ཅན། ལམ་བསྟན། ཀླུའི་སྡེ། སྦེད་བྱེད། མི་ཕྱེད་པ་རྣམས་དང་། དགེ་ཚུལ་ཙུནྡ། དགེ་བསྙེན་དྷརྨཱ་ཏ་རྣམས་སྦྱངས་པའི་ཡོན་ཏན་བཅུ་གཉིས་དང་ལྡན་པའོ། །བྱང་དུ་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་། ཕྱིར་མི་འོང་བ། དགྲ་བཅོམ་པ་སྟེ་ཞུགས་གནས་ཀྱི་བྱེ་བྲག་ལས་སྐྱེས་བུ་ཟུང་བཞི་ཡ་བརྒྱད། སྐྱེ་དགུའི་བདག་མོ་ལ་སོགས་པའི་དགེ་སློང་མ་ལྔ་བརྒྱ། དགེ་བསྙེན་ལི་ཙ་བཱི་དྲི་མེད་གྲགས་པ་དང་། དགེ་བསྙེན་མ་ས་ག་སོགས་དགེ་བསྙེན་ཕ་མའི་ཚོགས་རྣམས་བཞུགས་པའོ། །སྣམ་བུ་དང་པོ་བཞི་ལ་དུས་བཟང་དང་དུས་ཆེན་པོའི་ལྷ་ལ་འཇིག་རྟེན་དང་མཐུན་པར་འཇུག་པའི་འཁོར་ཅན་ལྷ་མིའི་ཐེག་པའི་ལྷ་ཚོགས་ནི། ཤར་དུ་བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་དང་། རྡོ་རྗེ་མི་འཁྲུགས་པ། ལྷོར་ཤཱཀྱའི་རྒྱལ་པོ། ནུབ་ཏུ་སྨན་པའི་རྒྱལ་པོ་བཞི་ལ་རིམ་པ་བཞིན། དབང་པོ་ཡབ་ཡུམ། ཚངས་པ་ཡབ་ཡུམ། ཁྱབ་འཇུག་ཡབ་ཡུམ། དབང་ཕྱུག་ཡབ་ཡུམ་རྣམས་རང་རང་གི་མངག་གཞུག་ཕོ་ཉ་དང་བཅས་པས་སངས་རྒྱས་ལ་འདུད་པའོ། །གཉིས་པ་རིག་འཛིན་རྩལ་འཆང་ནི། ༀ་མ་ཧཱ་གུ་རུ་ཤཱ་རི་རཾ་གཱི་ལི་ཧཱུྃ། འབྲས་བུའི་རྟ་བབས་ཀྱི་ཐད་ཀའི་སྟེང་གི་ནམ་མཁའ་ལ། ཨ་ཏི་ཡོ་གའི་ཤིང་རྟ་ཆེན་པོ་གྲགས་ཆེན་ཀྱི་སྟོན་པ་བཅུ་གཉིས། སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིངྷ། ཛྙཱ་ན་སཱུ་ཏྲ། བི་མ་ལ་མི་ཏྲ། དྷ་ཧེ་ན་ཏ་ལ་སོགས་པའི་རྒྱལ་རིགས་བཞི། དགེ་སློང་མ་ཀུན་དགའ་མོ་ལ་སོགས་པ་མིག་བསྒྱུར་མ་བདུན། སློབ་དཔོན་ཀུ་ཀུ་རཱ་ཛ་ལ་སོགས་པའི་གྲུབ་ཆེན་ལྔ། སློབ་དཔོན་ནཱ་གཱ་རྫུ་ན་ལ་སོགས་པཎྚི་ཏ་ལྔ། སངས་རྒྱས་གཉིས་པ་པདྨ་སམྦྷ་ཝ། ལོ་ཆེ་བཻ་རོ་ཙ་ན། རྒྱལ་མོ་གཡུ་སྒྲ་སྙིང་པོ། གཉགས་ཛྙཱ་ན་ཀུ་མཱ་ར། ལྡང་མ་བ་ལྷུན་གྲུབ་རྒྱལ་མཚན་ནས་རྩ་བའི་བླ་མའི་བར་གྱི་རིག་འཛིན་གྱི་ས་ལ་གཤེགས་པ་རྣམས་དང་། ༀ་མ་ཧཱ་གུ་རུ་ཤཱ་རི་རཾ་གཱི་ལི་ཧཱུྃ། ལུང་ཆེན་ཨ་ནུ་ཡོ་གའི་ཤིང་རྟ་ཆེན་པོ་ལྷ་བློ་གྲོས་མཐའ་ཡས། གནོད་སྦྱིན་བློ་གྲོས་དད་སེལ། སྲིན་པོ་བློ་གྲོས་ཐབས་ལྡན། ཀླུ་རྒྱལ་བློ་གྲོས་རྒྱ་མཚོ། ལི་ཙ་བཱི་བློ་གྲོས་རབ་ཞི་སྟེ་དམ་པའི་རིགས་ཅན་དྲ་མ་ལྔ། ཆོས་རྒྱལ་ལུང་བསྟན་རྡོ་རྗེ། རྒྱལ་པོ་ཨིནྡྲ་བྷུ་ཏི། ཟ་ཧོར་རྒྱལ་པོ་པྲ་བྷ་ཧ་ཏི་ལ་སོགས་པའི་རྒྱལ་རིགས་ཆེན་པོ་དྲུག །ཨུ་པ་རཱ་ཛ་ལ་སོགས་པའི་གྲུབ་ཐོབ་གསུམ། རོ་ལངས་བདེ་བ་དང་། ཨཱ་ཙརྱ་གསལ་བའི་རྒྱན་ལ་སོགས་པའི་པཎྜི་ཏ་བདུན། མདོ་མཁན་དྷརྨ་བོ་དྷི། མཁན་པོ་ཆོས་རྒྱལ་སྐྱོང་། ཡར་ཀླུངས་པ་ཆེ་བཙན་སྐྱེས། གནུབས་ཆེན་རྡོ་རྗེ་ཡང་དབང་། ཐུགས་ཀྱི་སྲས་བཞི་དང་སྲས་ཀྱི་དམ་པ་གཅིག །དགེ་བའི་མཆེད་བཅོ་ལྔ། རྒྱ་སྟོན་བྱང་ཆུབ་བློ་གྲོས། ཐོ་གར་ནམ་མཁའ་སྡེ། བསྟན་པའི་རྩ་ལག་བདེ་གཤེགས་ཟུར་པོ་ཆེ། སློབ་མ་རྩེ་མོ་བཞི་དང་རྩེ་ལྐོག་གཅིག །ཁྱད་པར་གྲུབ་ཐོབ་ཆེན་པོ་ཟུར་ཆུང་པ་ཤེས་རབ་གྲགས། སློབ་མ་ཀ་བཞི་གདུང་བརྒྱད། སྲས་གསང་བདག་སྒྲོ་ཕུག་པ་ཆེན་པོ། སློབ་བརྒྱུད་གདུགས་ཐོགས་སྟོང་། ཁྱད་པར་མགར་སྲེག་གླན་ཟུར་དངོས་དང་བརྒྱུད་པའི་ཚོགས་མ་ཚང་བ་མེད་པ་དང་། ༀ་མ་ཧཱ་གུ་རུ་ཤཱ་རི་རཾ་གཱི་ལི་ཧཱུྃ། བསྐྱེད་པ་མ་ཧཱ་ཡོ་ག་ཏནྟྲ་བཅོ་བརྒྱད་ཀྱི་བཀའ་བབས་བརྙེས་པ་སྐལ་ལྡན་རྒྱལ་པོ་ཛཿལ་སོགས་པའི་རྒྱལ་རིགས་བཞི། སྲས་མོ་གོ་མ་དེ་ཝཱི། མཻ་ཏྲི་ཀ་མཱ་ལ། རྡོ་རྗེ་བཞད་པ། ཉིན་བྱེད་སེང་གེ། སངས་རྒྱས་གསང་བ། སྒེག་པའི་རྡོ་རྗེ། རྨ་བན་རིན་ཆེན་མཆོག་ལ་སོགས་རྒྱ་བོད་ཀྱི་པཎ་གྲུབ་དམ་ཚིག་དབང་གི་སློབ་དཔོན། ཤེས་རབ་རྒྱུད་ཀྱི་སློབ་དཔོན། མན་ངག་འབྲས་བུའི་སློབ་དཔོན་དུ་གྱུར་ཏོ་ཅོག་དང་། བྱེ་བྲག་ཏུ་གངས་རིའི་ཁྲོད་ན་མདོ་སྒྱུ་སེམས་གསུམ་གྱི་བསྟན་པ་མི་ནུབ་པའི་རྒྱལ་མཚན་དུ་གྱུར་པ་རོང་ཟོམ་པཎྜི་ཏ་ཆེན་པོ། རྒྱལ་བ་ཀློང་ཆེན་རབ་འབྱམས། གཡུང་སྟོན་རྡོ་རྗེ་དཔལ། པཎྜི་ཏ་ཡེ་ཤེས་རོལ་པ་ལ་སོགས་ངོ་མཚར་བརྒྱུད་པའི་བླ་མ་དམ་ཚིག་གི་དཀྱིལ་འཁོར་ཆེན་པོའི་བདག་ཉིད་གཅིག་ཏུ་བཞུགས་པ་ནས། འཁོར་ལོའི་དབང་ཕྱུག་སོགས་མཇུག་ཏུ་སྤྱོད་ལམ་གྱི་རྣལ་འབྱོར་བ་སླེབས་ཚེ། སྒོམ་པས་དུབ་ན་སོགས། དྲན་རྫོགས་ཡོངས་གྲུབ་ཆེན་པོ་མཉུག་མའི་ཧེ་རུ་ཀར་མངོན་བྱང་ཆུབ་པའི་འདུན་པ་སེམས་པ་ལ་བསླབས་པས་དག་བྱ་དག་འབྲས་ལས་རིགས་ཆེན་འབྱེད་པ་དང་། དབུགས་ཆེན་འབྱིན་པ་དང་། ལུང་ཆེན་ཐོབ་པ་དང་། རྩལ་ཆེན་རྫོགས་པའི་གོ་འཕང་ལ་སོན་པའི་མཆོག་གི་དངོས་གྲུབ་མི་སློབ་པའི་ཟུང་འཇུག་མངོན་དུ་འགྱུར་བའོ། །འདུས་པ་མདོའི་རྒྱུད་ལུགས་ཀྱི་ཞི་ཁྲོའི་དབང་བྱང་ལ་སོགས་པའི་ཡི་གེ་ཟུར་ཧམ་ལྕམ་དྲལ་གྱི་སློབ་བརྒྱུད་ལས་ཟུར་ལུགས་དང་ཁམས་ལུགས་གཉིས་སུ་དར་ཆེ་བ་ལ་སྔོན་གྱི་བླ་མ་རྣམས་ཀྱིས་དཔྱད་པ་དང་དགག་སྒྲུབ་ཅི་རིགས་པ་མཐོང་མོད། དེ་ཀུན་ཀྱང་ལ་ལ་རྩ་བའི་རྐང་ཚུགས། ལ་ལ་དགོས་དབང་དང་འབྲེལ་བས་ཆོས་ནི་ཚིག་ལ་མི་རྟོན་དོན་ལ་རྟོན་ཕྱིར་ནོར་བ་མངོན་གྱུར་ཅན་ལས་གཞན་དུ་ཐལ་འགྱུར་མི་དགོད་ལ། འདིར་ནི་གླན་ལུགས་ཀྱི་རྒྱུན་རྒྱུད་ལུགས་འཇུག་བདེ་ལ། ལུང་ལུགས་ཀྱི་སྨོན་ལམ་སྦྱར་ནས་འཇུག་བདེར་བསྡེབས་པ་ཆོས་སྦྱིན་གྱི་ཕྱི་མོར་འཁོད་པ་དཔེ་རྒྱུན་རྙེད་སླ་བའི་ཕྱིར་སོར་བཞག་པ་ལ་སྨོན་ལམ་རྣམས་རྒྱུད་ཀྱི་དགོངས་པར་མི་འབྲེལ་ཞིང་ཆོ་ག་ཉོག་པས་དོར། ལམ་སྲོལ་འདིར་མདོ་སྔགས་ཀྱི་བསྟན་པ་ཡོངས་རྫོགས་རིག་འཛིན་གྱི་སྡེ་སྣོད་དུ་བཀྲལ་བས་རྟེན་དང་བརྟེན་པའི་རྣམ་གཞག་ཀྱང་རྒྱལ་བའི་མཚན་དཔེ་དང་། བྱང་ཕྱོགས་ཀྱི་ཆོས། ས་ལམ་དང་རྣམ་པར་ཐར་པའི་བརྡ་དོན་རྟགས་གསུམ་གྱིས་གྲུབ་པ་ལ་ཕྱི་ནང་དང་། མཐའ་དཀྱིལ་དུ་ཞེས་པ་ནི་བྱིས་པ་ཉེར་སྤྱོད་ཀྱི་བློ་གྲོས་གྱི་ན་བ་ཡིན་ནོ། །དེའི་ཕྱིན་ཡན་ལག་གི་དཀྱིལ་འཁོར་ལྷ་ཚོགས་ཀྱང་ཐེག་པའི་གདགས་གཞི་དང་མཐུན་པ་ཟུར་ལུགས་ཀྱི་ཡི་གེ་རྙིང་པའི་ས་བཅད་ལྟར་བཀོད། སྤྱིར་སྨན་བླ་མདོ་སྔགས་གཉིས་ཆར་དུ་བཀྲལ་ཞིང་། བྱེ་བྲག་ཏུ་མགྲོན་ཐབས་ནི་ཀུན་རིག་ལ་སོགས་པར་ཡང་དཀོན་མཆོག་གསུམ་དངོས་བསྟན་དུ་ཚང་བའི་དཀྱིལ་འཁོར་དུ་བསྔགས་པས་མཚོན། མདོ་སྔགས་ཀྱི་འགལ་འབྲེལ་བསམ་པའི་དམ་གཞག་མེད། སྟོན་པ་མྱ་ངན་ལས་འདའ་ཁར་ཀུན་དགའ་བོའི་ལག་པ་ནས་བཟུང་སྟེ། ངའི་ཆོས་དཀོན་མཆོག་གི་མཛོད་འདུན་པ་དང་། བརྩོན་འགྲུས། བག་ཡོད་པ་གསུམ་གྱིས་སྲུངས་ཤིག །ཅེས་གདམས་ན། ལྔ་བརྒྱའི་མཐའ་མ་འདིར་བསྟན་པ་ཡོངས་རྫོགས་གང་ཟག་གི་རྒྱུད་ལ་བསྒྲུབ་པའི་བློ་མཐུ་ཆུང་ཞིང་རྒྱུད་སྡེ་ཆེན་པོའི་ལམ་ལ་སྨིན་པར་སློབ་པ་ཉུང་ནའང་མོས་སློབ་ཀྱི་སྒྲུབ་མཆོད་རིག་འཛིན་གྱི་སྡེ་སྣོད་ཆེན་པོ་འདི་ལ་བསྙེན་པ་རྣམས་ལ་བསྟན་པ་སྒོ་ཐམས་ཅད་ནས་མཆོད་པའི་བསོད་ནམས་དཔག་ཏུ་མེད་པ་འཕེལ་བ་ཡིན་ནོ། །ཞེས་པའང་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ།། །།


previousའདུས་པ་མདོའི་ཆོ་གའི་ལྷན་ཐབས་བསྟན་པ་རྒྱ་མཚོའི་གྲུ་གཟིངས། རང་བྱུང་རྡོ་རྗེ།next