cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་ཉི་ཤུ་པ།

གླེགས་བམ། ཝ༽

དྷརྨ་ཤྲཱི།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

མདོའི་ཡན་ལག་གི་དཀྱིལ་འཁོར་རྣམས་ཀྱི་སྒྲུབ་དཀྱིལ་དངོས་གྲུབ་འདོད་འཇོ། དྷརྨ་ཤྲཱི།

སི དྡྷ ཀཱ མ དྷ ནུ ནཱ མ སཱུ ཏྲ སྱཱ ངྒ སྱ མ ཎྜ ལཱ ནཱཾ སཱ དྷ ན མ ཎྜ ལ བི ཧ ར ཏི སྨ། །
མདོའི་ཡན་ལག་གི་དཀྱིལ་འཁོར་རྣམས་ཀྱི་སྒྲུབ་དཀྱིལ་དངོས་གྲུབ་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །
ༀ་སྭ་སྟི་སིདྡྷཾ། འདུས་པ་ཆེན་པོ་མདོའི་ཡན་ལག་གི་དཀྱིལ་འཁོར་རྣམས་ཀྱི་སྒྲུབ་དཀྱིལ་དངོས་གྲུབ་འདོད་འཇོ་ཞེས་བྱ་བ། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལ་ཕྱག་འཚལ་ལོ། །རང་དོན་མཆོག་ཏུ་མི་འགྱུར་བདེ་ཆེན་བརྙེས། །གཞན་དོན་ཐོགས་མེད་འགྲོ་སྒྲོལ་ཕྲིན་ལས་ཅན། །ཟུང་འཇུག་དཔལ་ལྡན་རྡོ་རྗེ་སེམས་དཔའ་དང་། །དབྱེར་མེད་གཏེར་ཆེན་ཇ་མར་གུས་ཕྱག་འཚལ། །མགོན་དེས་གསུང་གི་འོད་ཀྱིས་བདག་བློ་ཡི། །པདྨ་རྣམ་པར་བཞད་ལས་བྱུང་བའི་དངོས། །གྲུབ་གཉིས་སྦྲང་རྩིའི་དགའ་སྟོན་འདོད་འཇོའི་སྐྱེས། །སྟེར་རོ་སྐལ་བཟང་རྐང་དྲུག་ཚོགས་རྣམས་རོལ། །འདིར་མདོ་ཡོངས་རྫོགས་ཀྱི་དབང་དུ་བྱས་ཏེ། །རྩ་བ་དང་ཡན་ལག་གི་དཀྱིལ་འཁོར་གཉིས་གསུངས་པའི་ནང་ནས་ཡན་ལག་གི་དཀྱིལ་འཁོར་རྣམས་སྟོན་པ་ལས། ཐོག་མར་རྩ་བ་དང་ཡན་ལག་གི་དཀྱིལ་འཁོར་ཀུན་གྱིའང་ཡན་ལག་ཏུ་འགྲོ་བས་སྤྱི་ལ་གཅེས་པ་ཆ་གསུམ་གྱི་དཀྱིལ་འཁོར་ནི། གང་དུ་བྱ་བའི་གཞི་དེར་དྲི་དང་བ་བྱུང་གིས་བྱུགས་ལ། ཐིག་ཚོན་རྣམས་བསང་སྦྱངས། སྟོང་པའི་ངང་ལས་འབྲུ་ལྔ་ཡོངས་སུ་གྱུར་པ་ལས་རིགས་ལྔར་བསྐྱེད་ཅིང་། སྤྱན་དྲངས་ལབ་སྟིམ། དེ་ཞུ་བ་ལས་ཐིག་ཚོན་དུ་གྱུར་པར་བསམ་ལ། དཔའ་བོ་འབྲུ་ལྔ་དང་། ཚོན་ལ་ལྷག་པོར། ༀ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། ཞེས་བཟླ་ཞིང་མཉེ། དེ་ནས། ༀ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུཾ། ཞེས་པས་གནམ་སའི་ཐིག་སྤྱི་ལྟར་བཏབ་ལ། དཀྱིལ་འཁོར་གྲུ་བཞི་སྒོ་བཞི་རྟ་བབས་བང་རིམ་བཞི་པ། དབུས་ལིང་ཚེ་དགུའི་ལྟེ་བ་མཐིང་ག །ཤར་དཀར་བ་སོགས་ཕྱོགས་མདོག་དང་། མཚམས་མཛེས་ཚོན། ལྷ་སྣམ་ལྗང་གུ། ཁོར་ཡུག་སྣ་ཚོགས་པདྨ། མགྲོན་དམན་པའི་ཁོར་ཡུག་ནག་པོ། རྡོ་ར། འོད་ཕྲེང་སྟེ་ཚོན་ལྷག་མ་སྤྱི་དང་མཐུན་ཞིང་། ལྷ་གནས་སོ་སོར་ཇི་ལྟར་རིགས་པའི་མཚན་མ་འགོད། དེའི་མདུན་དུ་སྟེགས་བུ་གཙང་མའི་སྟེང་སྣོད་དག་པར་དཀྱིལ་འཁོར་པའི་འདས་གཏོར་དཀར་ཟླུམ་མཐེབ་ཀྱུས་བསྐོར་བ། ཆ་དང་པོ་ཡོན་ཏན་གྱི་མགྲོན་དང་། ཆ་གཉིས་པ་འབྱུང་པོ་རྣམས་ལ་གཏོར་ཟླུམ་མཐེབ་ཀྱུས་བསྐོར་བ་འབྲུ་སྨན་དྲི་དང་མེ་ཏོག་རིན་ཆེན་དར་སྣ་ཚོགས་པས་བརྒྱན་པ། ཆ་གཉིས་པའི་མདུན་དུ་རིགས་དྲུག་དང་ཡི་དྭགས་ལ་བསིལ་གཏོར། ཆ་གསུམ་པ་བགེགས་ལ་དམར་གཏོར་ཟླུམ་པོ་ཆངས་བུ་དང་ཏིང་ལོ་ཅན་ཤ་ཆང་ལ་ཕུག་འབྲུ་དང་འབྲས་ཆན་རྣམས་ཀྱིས་བརྒྱན་པ་བཤམ། དཀྱིལ་འཁོར་གྱི་མཐའ་བསྐོར་དང་གཏོར་མའི་མདུན་དུའང་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ་དང་། རང་གི་མདུན་དུ་དྲི་ཆབ་འཐོར་ཡབ་དང་བཅས་པ་དང་། རྡོར་དྲིལ་སོགས་ཡོ་བྱད་ཐམས་ཅད་ཚོགས་པར་བཤམ་མོ། །དེ་ནས་ཆོ་ག་ནི། ཁྲུས་བྱས་ནས་སྟན་ལ་འདུག་སྟེ། བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སད་པའི་སྤྱན་སྔར་ཐལ་མོ་སྦྱར་ཏེ། ན་མོ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་བྷྱཿ ཞེས་པས་ཕྱག་དང་། ༀ་བཛྲ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ནས། ཤཔྡའི་བར་གྱིས་མཆོད་ལ། བདག་དང་མཁའ་མཉམ་སེམས་ཅན་རྣམས། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་ཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱིས་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ལན་གསུམ་གྱིས་རྒྱུད་དག་པར་བྱས་ནས། ༀ་བཛྲ་མུཿས །ཚོགས་ཞིང་རྣམས་རང་གནས་སུ་གཤེགས་པར་བསམ་མོ། །དེ་ནས་བདག་བསྐྱེད་ནི། ༀ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སྐད་ཅིག་གིས་པདྨ་དང་ཟླ་བའི་གདན་ལ་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། ཞི་ཞིང་འཛུམ་ལ་མཚན་དཔེའི་ལང་ཚོ་རབ་ཏུ་རྒྱས་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་དེ་འཛིན་པ། གཡོན་དངུལ་དཀར་གྱི་དྲིལ་བུ་དཀུར་བརྟེན་པ། རལ་པའི་ཐོར་ཚུགས་ཅན། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་མཛེས་པར་བརྒྱན་ཅིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྐུ་ལས་དྲི་མ་མེད་པའི་འོད་ཟེར་དཔག་ཏུ་མེད་པར་འཕྲོ་བ། དེའི་དཔྲལ་བར་ༀ་དཀར་པོ། །མགྲིན་པ་ཨཱཿ དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཧཱུྃ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ༀ་བཛྲ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། སོགས་ཀྱིས་མཆོད། ཛཿཧཱུཾ་བཾ་ཧོཿས་རང་ལ་དགུག་གཞུག་བཅིང་མཉེས་བྱ། སླར་ཡང་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་དབང་གི་ལྷ་རིགས་ལྔ་སྤྱན་དྲངས། མཆོད་ཅིང་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར། མི་བསྐྱོད་པས་དབུ་རྒྱན་པར་གྱུར། ཐུགས་ཀར་ཟླ་བ་ལ་གནས་པའི་ཧཱུཾ་ཡིག་སྔགས་ཕྲེང་གིས་བསྐོར་བའི་འོད་ཀྱིས་རང་གཞན་གྱི་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་བསམ་ལ། ༀ་བཛྲ་ས་ཏྭ་ཨཱཿ ཞེས་ཅི་ནུས་བཟླ་སྟེ་བདག་བསྐྱེད་དེ། འདི་ཆ་གསུམ་གྱི་དཀྱིལ་འཁོར་སྒོས་སུ་སྒྲུབ་པའི་ཚེ་དགོས་ཀྱི། འོག་གི་རྩ་བ་དང་ཡན་ལག་གི་དཀྱིལ་འཁོར་རམ། དཀྱིལ་འཁོར་གཞན་དང་འབྲེལ་ནས་གཏོང་ཀྱང་རུང་སྟེ། དེ་དང་དེའི་ཚེ་དེ་དག་གི་བདག་བསྐྱེད་ཀྱི་གོ་ཆོད་པས་འདི་ཟུར་དུ་མི་དགོས་སོ། །དེ་ནས་དྲི་ཆབ་སྒྲུབ་སྟེ། རང་གི་ཐུགས་ཀ་ནས་ཁྲོ་བོ་བགེགས་མཐར་བྱེད་ལྗང་ནག་རྡོ་རྗེ་རྒྱ་གྲམ་བསྣམས་པ་ཞིག་ཕྱུངས་ཏེ། དྲི་ཆབ་ཀྱི་ནང་དུ་པད་ཉིའི་གདན་ལ་འཁོར་པར་བསམ་ཞིང་། རྡོ་རྗེ་རྩེ་གཅིག་པའི་རྒྱས་དྲི་ཆབ་ལ་རེག་ལ། ༀ་ཨཱཿབིགྷྣནྟ་ཀྲྀ་ཏ་ཧཱུཾ་ཕཊ། ཅེས་ཉེར་གཅིག་བཟླས་པས་བྱིན་གྱིས་བརླབས་ནས། བགེགས་མཐར་བྱེད་ཀྱི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ་ཞིང་། ༀ་སྭ་བྷཱ་ཝ་བི་ཤུདྡྷེ་དྷ་མྲ་ཏཱ་བཛྲ་སིདྡྷི་ཧཱུཾ། ཞེས་གནས་ཡོ་ཐམས་ཅད་ལ་གཏོར་བས་ཉེས་སྐྱོན་ཐམས་ཅད་དག་པར་བསམ་མོ། །དེ་ནས་མཆོད་རྫས་རྣམས། ༀ་ཨཱཿབིགྷྣཱན་གྱིས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་དུ་ༀ་ཡིག་ཞུ་བ་ལས་བྱུང་བའི་མཆོད་རྫས་རྣམས་ཀུན་ཏུ་བཟང་མོའི་མཆོད་པའི་སྤྲིན་ཕུང་ལྟར་བཟང་ཞིང་རྒྱ་ཆེ་བ་ནམ་མཁའི་མཐའ་ཀླས་པར་གྱུར། སོ་སོའི་ཕྱག་རྒྱ་དང་བཅས་ཏེ། ༀ་བཛྲ་ཨརྒྷཾ་ཨཱ་ཧཱུཾ། དེ་བཞིན་དུ། པཱ་དྱཾ ། པུ་ཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻཝི་དྱེ། ཤཔྡ་ཨཱཿཧཱུཾ། ཞེས་དང་། དྲིལ་བུ་རྒྱུན་ཆགས་སུ་དཀྲོལ་བཞིན་དུ་རོལ་མོའི་སྔགས། ༀ་བཛྲ་དྷཱརྨཱ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཥེ་ཊ་པྲ་ཙཱ་ལི་ནི་པྲ་ཛྙཱ་པཱ་ར་མི་ཏ་ནཱ་ད་སཾ་བྷ་བེ། སརྦ་ས་ཏྭ་ཧྲྀ་ད་ཡ་སནྟོ་ཥ་ནི་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཨཱ་ཁཾ་སྭཱ་ཧཱ། མཆོད་པའི་སྤྲིན་གྱི་གཟུངས། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ན་མོ་བྷ་ག་ཝ་ཏེ་བཛྲ་སཱ་ར་པྲ་མརྡ་ནེ། ཏ་ཐཱ་ག་ཏ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ་ༀ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲ་སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ན་བཛྲ་སྭཱ་ཧཱ། ཞེས་པས་བྱིན་གྱིས་བརླབ་བོ། །དེ་ནས་མདུན་བསྐྱེད་ནི། དཀྱིལ་འཁོར། ༀ་ཨཱ་བིགྷྣན་གྱིས་བསང་། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། རྡོ་རྗེའི་ས་གཞི་ར་བ་དྲྭ་བ་གུར་བླ་རེ་འབར་བ་མེའི་འོད་ཟེར་ཀུན་ཏུ་འཕྲོ་བས་ཡོངས་སུ་བསྐོར་བའི་ནང་དུ་འཇིག་རྟེན་པའི་ཁོར་ཡུག་ནག་པོ། དེའི་ནང་དུ་སྣ་ཚོགས་པདྨའི་གེ་སར་ཉི་མའི་དཀྱིལ་འཁོར་གྱིས་ཁེབས་པའི་ལྟེ་བར། སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པ་ཕྱོགས་ཀྱི་མདོག་ཅན། ལྟེ་བ་སྔོན་པོ་གྲུ་བཞི་པའི་སྟེང་དུ་བྷྲཱུཾ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། ནང་ནས་རིམ་པ་བཞིན་དཀར་མཐིང་སེར་དམར་ལྗང་པའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་ན་རིན་པོ་ཆེའི་ཕ་གུ་སེར་པོ་རིན་པོ་ཆེ་སྣ་ཚོགས་ཀྱིས་བཀྲ་བ། དེའི་སྟེང་དུ་བྲེ་ཕུལ་གྱི་སྣམ་བུ་ལ་གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་མ་ཀ་རའི་ཁ་ནས་རིན་པོ་ཆེའི་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་བ། དེའི་ཕྱི་ངོས་སུ་བྱ་འདབ་ལས་དཔྱངས་པའི་རིན་པོ་ཆེའི་ཤར་བུ། སྟེང་ངོས་སུ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན། རྩིག་པའི་འགྲམ་ནས་འདོད་ཡོན་གྱི་སྣམ་བུ་དམར་པོས་བསྐོར་བ་ལ་གཟུངས་མ་རྣམས་ཀྱིས་མཆོད་པའི་སྤྲིན་སྤྲོ་བ། སྒོ་ལོགས་ཀྱི་ཕྱི་ཟུར་བཞི་ནས་བུམ་པ་ལ་གནས་པའི་ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས་སྣམ་བུ་བཞི་དང་ལྡན་པའི་རྩེ་མོར་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་གདུགས་ཀྱིས་ཕུབ་པའི་གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། ནང་ཀ་བ་བརྒྱད་ཀྱིས་བཏེགས་པའི་རྡོ་རྗེའི་གདུང་ཟླུམ་དང་། གདུང་ཆེན་བཞིས་མཛེས་པར་ཕུབ་པའི་དབུས་ཕྱུར་བུར་གྱུར་པའི་རྩེ་མོར་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་མཛེས་པ། གཞལ་ཡས་ཁང་གི་ནང་ལྷ་སྣམ་ལྗང་གུ་གྲུ་ཆད་དང་བཅས་པའི་ལྟེ་བ་ལིང་ཚེ་དགུ་པ། སྟེང་འོག་ཐམས་ཅད་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་སྔོ་བ་དྭངས་ཤིང་སྒྲིབ་པ་མེད་པ་ཀུན་ཏུ་གསལ་བ། གདུགས་དང་རྒྱལ་མཚན་དང་བ་དན་སོགས་རྒྱན་སྣ་ཚོགས་ཀྱིས་མཛེས་པར་བརྒྱན་པའི་དབུས་སུ་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་གདན་ལ་ཧཱུཾ་ཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མ དོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། ཞི་ཞིང་འཛུམ་ལ་མཚན་དཔེའི་ལང་ཚོ་རབ་ཏུ་རྒྱས་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་དེ་འཛིན་པ། གཡོན་དངུལ་དཀར་གྱི་དྲིལ་བུ་དཀུར་བརྟེན་པ། རལ་པའི་ཐོར་ཚུགས་ཅན། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་མཛེས་པར་བརྒྱན་ཅིང་། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྐུ་ལས་དྲི་མ་མེད་པའི་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ། ཕྱི་རིམ་ལིང་ཚེ་བརྒྱད་ལ་གཙོ་བོ་ཞལ་ནུབ་ཏུ་ཕྱོགས་པའི་མདུན་དུ་སྒེག་མོ་དཀར་མོ་མེ་ལོང་འཛིན་པ། གཡས་སུ་ཕྲེང་བ་མ་སེར་མོ་རིན་པོ་ཆེའི་ཕྲེང་བ་འཛིན་པ། རྒྱབ་ཏུ་གླུ་མ་དམར་མོ་པི་ཝཾ་འཛིན་པ། གཡོན་དུ་གར་མ་ལྗང་གུ་གར་རྒྱ་མཛད་པ། གྲྭ་བཞིའི་ནུབ་བྱང་དུ་སྤོས་མ་དཀར་སེར་སྤོས་ཁང་འཛིན་པ། བྱང་ཤར་དུ་མེ་ཏོག་མ་དམར་སེར་མེ་ཏོག་གི་ཕྲེང་བ་འཛིན་པ། ཤར་ལྷོར་མར་མེ་མ་དམར་ལྗང་མར་མེ་འཛིན་པ། ལྷོ་ནུབ་ཏུ་དྲི་ཆབ་མ་དཀར་ལྗང་དྲིའི་དུང་ཕོར་འཛིན་པ། ནུབ་སྒོར་ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག་འཛིན་པ། བྱང་སྒོར་དྲིལ་བུ་མ་ལྗང་གུ་དྲིལ་བུ་འཛིན་པ། ཤར་སྒོར་ལྕགས་ཀྱུ་མ་དཀར་མོ་ལྕགས་ཀྱུ་འཛིན་པ། ལྷོ་སྒོར་ཞགས་པ་མ་སེར་མོ་ཞགས་པ་འཛིན་པ། ཐམས་ཅད་ཀྱང་ཞི་འཛུམ་སྒེག་པའི་ཉམས་ཅན། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་པདྨ་དང་ཟླ་བའི་གདན་ལ་བཞུགས་པའོ། །ཁྱམས་ཀྱི་ལྷ་སྣམ་ལྗང་གུ་ལ་ཚངས་པ་དང་བརྒྱ་བྱིན་ལ་སོགས་ཏེ་ཕྱོགས་སྐྱོང་བ་བཅུ། ཡུལ་འཁོར་སྲུང་ལ་སོགས་ཏེ་རྒྱལ་པོ་ཆེན་པོ་བཞི། དབང་ཕྱུག་དང་ཁྱབ་འཇུག་ལ་སོགས་ཏེ་ལྷ་ཆེན་པོ་བརྒྱད། ཉི་མ་དང་ཟླ་བ་ལ་སོགས་ཏེ་གཟའ་ཆེན་པོ་བརྒྱད། སྨིན་དྲུག་དང་སྣར་མ་ལ་སོགས་ཏེ་རྒྱུ་སྐར་ཉི་ཤུ་རྩ་བརྒྱད། ནོར་རྒྱས་དང་པད་མ་ལ་སོགས་ཏེ་ཀླུ་ཆེན་པོ་བརྒྱད། གང་བ་བཟང་པོ་དང་ནོར་བུ་བཟང་པོ་ལ་སོགས་པ་གནོད་སྦྱིན་གྱི་སྡེ་དཔོན། འཇིགས་བྱེད་ཆེན་པོ་དགུ་སྟེ་གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་སོགས་ཡོན་ཏན་གྱི་མགྲོན་རྣམས་རང་རང་གི་རྒྱན་དང་ཕྱག་མཚན་ལ་སོགས་པ་རྣམ་འཕྲུལ་མཐའ་ཡས་པས་བཅོམ་ལྡན་འདས་ལ་འདུད་པའི་ཚུལ་གྱིས་གནས་པ། ཕྱིའི་ཁོར་ཡུག་ལ་སྙིང་རྗེའི་མགྲོན་དུ་གྱུར་པ་འགྲོ་བ་རིགས་དྲུག །ལམ་རྒྱུད་ལྔ། སྐྱེ་གནས་བཞིས་བསྡུས་པའི་སེམས་ཅན་རྣམས་དང་། ཁྱད་པར་ལྷ་ཀླུ་གནོད་སྦྱིན་སོགས་འབྱུང་པོ་ཕལ་པའི་རིགས་སུ་གྱུར་པ་ཐམས་ཅད་དང་། མེའི་ཕྱི་རོལ་དུ་བུ་ལོན་ལན་ཆགས་ཀྱི་མགྲོན་རྣམས་གསལ་བར་གྱུར། དེ་ནས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་དཔྲལ་བར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཧཱུཾ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་ཀྱི་འཁོར་ལོ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་བསམ་ཞིང་། རྡོར་དྲིལ་སྤོས་དང་བཅས་ཏེ། ན་མོ། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་དེ། །འགྲོ་བ་འདི་དག་མ་ལུས་སངས་རྒྱ་རྒྱུ། །འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །དུས་ལ་མི་འདའ་ཐུགས་རྗེའི་དབང་གིས་ན། །སེམས་ཅན་དོན་དགོངས་བཅོམ་ལྡན་རྡོ་རྗེ་སེམས། །མ་ལུས་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །དེ་ནས་མཆོད་ཡོན་སྦྲེང་བཞིན་དུ། བཅོམ་ལྡན་འཁོར་བཅས་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་ཏྭ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། དེ་བཞིན་དུ། པཱ་དྱཾ་ནས། ཤཔྡའི་བར་གྱིས་མཆོད། ཛཿཧཱུཾ་བཾ་ཧོཿས། ཡེ་ཤེས་པ་རྣམས་དམ་ཚིག་པ་ལ་དགུག་གཞུག་བཅིངས་པས་མཉེས་བཞིན་དུ་བཞུགས་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་འཁོར་བཅས་བཛྲ་ས་མཱ་ཛཿས་སྤྱན་དྲངས། ༀ་པཉྩ་ཀཱུ་ལ་ས་པ་རི་ལྭཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས། ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱི་ནི། ཞེས་སོགས་ཀྱི་མཐར། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡེ་ཤྲཱི་ཡེ་ཧཱུཾ། ཞེས་བུམ་པའི་ཆུས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། དེ་ནས། དཀྱིལ་འཁོར་པ་རྣམས་མཆོད་པའི་སྤྲིན་ཕུང་མཐའ་ཡས་པས་མཆོད་པར་བསམ་ལ། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གི་གུས་པར་བཤམས་པ་འདི། །སངས་རྒྱས་སྲས་དང་བཅས་ལ་འབུལ། །ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་ཏྭ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། མཆོད་ཡོན་གྱི་གནས་སུ། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། །དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དང་། ཨརྒྷཾ་གྱི་གནས་སུ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝིདྱཻ། ཤཔྡ་རྣམས་བཅུག་ནས་རང་རང་གི་ཕྱག་རྒྱས་དབུལ་ཞིང་། མཐར་དྲིལ་བུ་གསིལ་བ་དང་བཅས། ༀ་བཛྲ་དྷརྨཱ་ར་ཎི་སོགས་རོལ་མོའི་སྔགས་ཀྱང་སྔར་ལྟར་བརྗོད། སྤྲོ་ན་རིན་ཆེན་བདུན། བཀྲ་ཤིས་རྫས་བརྒྱད། འདོད་ཡོན་ལྔ། གོས་ཟུང་རྣམས་ཀྱིས་ཀྱང་མཆོད་དེ། ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །བུ་བཞིན་སྐྱོབ་པའི་ཐུགས་མངའ་བ། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །བླ་མེད་མགོན་ལ་ཕྱག་འཚལ་བསྟོད། །རང་བཞིན་ཆོས་སྐུ་དག་པའི་ཀློང་། །སྣ་ཚོགས་ཐབས་མཁས་ཐུགས་རྗེ་ཡིས། །རིགས་ལྔ་ཡེ་ཤེས་ལྔར་སྟོན་པ། །རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ། །གཟུགས་མཛེས་ཕྲེང་བ་དབྱངས་སྙན་གར། །ཉེས་སྤྱོད་བཞི་དང་ཕྱག་རྒྱ་བཞིས། །རྒྱལ་བ་ཐམས་ཅད་མཉེས་མཛད་མ། །ལྷ་མོ་བཅུ་གཉིས་ལ་ཕྱག་འཚལ། །འཇིག་རྟེན་སྐྱོང་བ་གྲགས་ལྡན་པ། །སྡེ་བོ་ཆེ་ལ་སྟོབས་པོ་ཆེ། །འཇིགས་བྱེད་ལྷ་ཀླུ་གཟའ་སྐར་དང་། །ཕྱོགས་སྐྱོང་རྒྱལ་ཆེན་ཚོགས་ལ་བསྟོད། །བསྟོད་པར་འོས་པ་ཐམས་ཅད་ལ། །ཞེས་སོགས་ཀྱིས་བསྟོད་པར་བྱའོ། །དེ་ནས་བཟླས་པ་ནི། གཙོ་བོའི་ཐུགས་ཀར་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུཾ་ཡིག་དཀར་པོ་དྲི་མ་མེད་པ་ཟླ་བ་ལྟར་གསལ་བ་བཟླ་བྱའི་སྔགས་ཕྲེང་གིས་བསྐོར་བ། དེ་ལས་བྱུང་བའི་འོད་ཟེར་གྱིས་བདག་དང་སེམས་ཅན་ཐམས་ཅད་ལ་རེག་པས་སྡིག་སྒྲིབ་དང་སྡུག་བསྔལ་ཐམས་ཅད་སྦྱངས་པར་བསམ་ཞིང་། ༀ་བཛྲ་ས་ཏྭ་ཨཱཿ ཞེས་པ་ཅི་ནུས་བཟླས་པའི་མཐར་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་སེམས་སྡིག་སྒྲིབ་ཉེས་ལྟུང་གི་འཆིང་བ་ལས་རྣམ་པར་གྲོལ་བ་མཛད་དུ་གསོལ། ཞེས་གསོལ་བ་གདབ་བོ། །དེ་ནས་ཆ་གསུམ་གཏོང་བའི་ཐོག་མར་འདས་གཏོར་དབུལ་བར་བྱ་སྟེ། གཏོར་མ། ༀ་ཨཱཿབིགྷྣཱཾ་གྱིས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷཱུཾ་ལས་གཏོར་གཞོང་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བཅུད་ༀ་ཡིག་ཞུ་བ་ལས་བྱུང་བའི་གཏོར་རྫས་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པའི་སྤྲིན་ཕུང་མཐའ་ཡས་པ་སྤྲོ་བར་གྱུར། ༀ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབ་བོ། །དེ་ནས་གཏོར་མགྲོན་སྤྱན་དྲང་བ་ནི། སྤོས་འཐུལ་ཞིང་མཆོད་ཡོན་སྦྲེང་བ་དང་བཅས་ཏེ། ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས། །མཆོད་ཡོན་བཞེས་ནས་འདི་ཉིད་དུ། །མཆོད་པས་བདག་ལ་དགྱེས་པར་མཛོད། །ཡེ་ཤེས་ཕུང་པོ་མཁའ་འདྲ་བའི། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །སྤྲུལ་པ་ཀུན་གྱི་འབྱུང་གནས་གཙོ། །རྡོ་རྗེ་སེམས་དཔའ་གཤེགས་སུ་གསོལ། །དམིགས་པ་ཀུན་ལས་རབ་འདས་ཤིང་། །བྱིན་རླབས་ཀུན་གྱི་གཞིར་གྱུར་པ། རྣལ་འབྱོར་ཀུན་གྱི་དབང་ཕྱུག་ཆེ། །ས་གཞི་ལྟ་བུར་གཤེགས་སུ་གསོལ། །ཐུགས་རྗེ་ཆེན་པོ་ཐབས་མཁས་པས། །གདུག་པ་འདུལ་ཕྱིར་གཤེགས་སུ་གསོལ། །ཡེ་ཤེས་རྟོགས་པའི་ཁྱད་པར་ལས། །སྤྲུལ་པ་མང་པོའི་ཚོགས་བཅས་གཤེགས ། །ༀ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཞེས་པས་སྙན་གསན་དབབ། ༀ། ཐུགས་རྗེའི་ལྕགས་ཀྱུས་ཐུགས་དམ་རྒྱུད་བསྐུལ་ཞིང་། །བྱམས་པའི་ཞགས་པས་གནས་ནས་སྤྱན་ཡང་འདྲེན། །ལྕགས་སྒྲོག་བཀའ་ཡི་ཕོ་ཉ་གནས་བསྐྱོད་ལ། །བདེ་གཤེགས་བཞུགས་ཤིང་རྣམ་གྲོལ་དགྱེས་པར་བསྐྱེད། །སོ་སོའི་ཕྱག་རྒྱ་བཅའ་ཞིང་། ༀ་བཛྲ་ཨངྐུ་ཤ་ཛཿ ༀ་བཛྲ་པཱ་ཤ་ཧཱུཾ། ༀ་བཛྲ་སྥོ་ཊ་བཾ། ༀ་བཛྲ་གྷཎྜེ་ཧོཿ ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ། ཞེས་པས་དགུག་གཞུག་བཅིང་མཉེས་བརྟན་པར་བྱས་ལ། ༀ་ཨ་ནུཏྟ་ར་པཱུ་ཛ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་བླ་ན་མེད་པའི་མཆོད་པ་ནམ་མཁའ་འཕགས་ཤིང་ཁྱབ་པའི་སྤྲིན་སྤྲོས་པས་དགྱེས་པར་བསམ་ཞིང་། ༀ། རིན་ཆེན་འཚེར་བས་བརྒྱན་པ་ཡི། །འཇའ་ཚོན་སྤེལ་ལེགས་བཀོད་འདྲ་བའི། །ཕོ་བྲང་གཞལ་ཡས་དམ་པ་འདིར། །གདན་ཡང་འཚམས་པར་འབུལ་ལགས་ཀྱི། །རིམ་བཞིན་ཡངས་པར་བཞུགས་སུ་གསོལ། །ༀ་པདྨ་ཀ་མ་ལ་ཡེ་སྭཱ་ཧཱ། ༀ་མ་ཧཱ་སུ་ཁ་བཛྲ་སཏྭ་ཧཱུཾ། ཛཿཧཱུཾ་བཾ་ཧོཿ མ་ཧཱ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཞེས་གདན་ཕུལ་བ་ལ་བཞུགས་སུ་གསོལ་ཏེ་མཆོད་ཡོན་དབུལ་ལོ། །དེ་ནས་དྲི་ལ་སོགས་པའི་མཆོད་པ་རྣམས་སོ་སོའི་ཕྱག་རྒྱ་དང་བཅས་པས་དབུལ་ཏེ། ནགས་ཚལ་བཅུད་ནི་ཡི་གར་འོང་། །དྲི་ཞིམ་རྒྱས་པ་ལྷ་ཡི་རྫས། །གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་བཟང་པོའི་བདུག་སྤོས་འདི། །བདག་གིས་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ༀ་བཛྲ་དྷཱུ་པེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། གཙང་ཞིང་གཙང་མར་སྐྱེས་པ་ཡི། །ལྷ་རྫས་བཟང་པོའི་མེ་ཏོག་འདི། །བདག་གིས་དད་པས༴ །བཞེས་ནས་བདག་ལ༴ །ༀ་བཛྲ་པུཥྤེ་པཱུ་ཛ་མེ་གྷ་ས༴ སྡུག་བསྔལ་འཇོམས་ཤིང་བཀྲ་ཤིས་ལ། །དགེ་ཞིང་མུན་སེལ་མར་མེ་འདི། །བདག་གིས་དད་པས༴ །བཞེས་ནས་བདག་ལ༴ །ༀ་བཛྲ་ཨཱ་ལོ་ཀེ་པཱུ་ཛ་མེ་གྷ་ས་མུ་དྲ༴ །གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་བཟང་པོའི་དྲི་ཆབ་འདི། །བདག་གིས་དད༴ །བཞེས་ནས་བདག་ལ༴ །ༀ་བཛྲ་གནྡྷེ་པཱུ་ཛ་མེ་གྷ་ས་མུ༴ སྨན་རྣམས་བཅུད་དང་ཡི་གར་འོང་། །སྔགས་ཀྱི་ཞལ་ཟས་བཤོས་འདི་དག །བདག་གིས་དད་པས༴ །བཞེས་ནས་བདག་ལ་དགྱེས་པར་མཛོད། །ༀ་བཛྲ་ནཻ་ཝདྱཔཱུ་ཛ་མེ་གྷ་ས་མུ་དྲ༴ །སྒྲ་དབྱངས་སྙན་ཞིང་ཡིད་འོང་ལྡན། །ལྷ་རྫས་དམ་པའི་རོལ་མོ་འདི། །བདག་གིས་དད་པས༴ །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །ༀ་བཛྲ་ཤཔྡ་པཱུ་ཛ་མེ་གྷ་ས༴ དྲིལ་བུ་རྒྱུ་ཆགས་སུ་དཀྲོལ་བཞིན་དུ། ༀ་བཛྲ་དྷརྨཱ་ཱར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཥེ་ཊ་པྲ་ཙཱ་ལི་ནི་པྲ་ཛྙཱ་པཱ་ར་མི་ཏ་ནཱ་ད་སཾ་བྷ་བེ། སརྦ་ས་ཏྭ་ཧྲི་ད་ཡ་སནྟོ་ཥ་ནིཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཨཱ་ཁཾ་སྭཱ་ཧཱ། ཞེས་དང་། མཆོད་སྦྱིན་གྱི་གཟུངས། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ན་མོ་བྷ་ག་ཝཱ་ཏེ་བཛྲ་སྭཱ་ར་པྲ་མརྡ་ནི། ཏ་ཐཱ་ག་ཏ་ཡ་ཨརྷ་ཏེ་སམྱ་ཀྶཾ་བུདྡྷ་ཡ། ཏ་དྱ་ཐཱ། ༀ་བཛྲ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎབཛྲ་སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཡིད་དུ་འོང་བའི་མཆོད་སྤྲིན་དང་། རོལ་མོ་སིལ་སྙན་སྤྲིན་གྱི་ཚོགས། །མཆོད་འོས་ཚུལ་དང་མཐུན་པ་ཡིས། །ནམ་མཁའི་ཁམས་ཀུན་ཁྱབ་གྱུར་ཅིག །དེ་ནས་ཡན་ལག་བདུན་པ་བྱ་སྟེ། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མའི་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོལ་མ་དག །བྱང་ཆུབ་རིམ་བར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །དེ་ནས། དཀྱིལ་འཁོར་པ་ལ་སོགས་ཏེ་དཀོན་མཆོག་སྲིད་ཞུའི་མགྲོན་ཐམས་ཅད་ལ་གཏོར་མ་ཡེ་ཤེས་ཀྱི་བདུད་རྩི་ནམ་མཁའ་དང་མཉམ་པ་ཕུལ་བས་དགྱེས་པར་བསམ་ལ། །ནམ་མཁའ་མཛོད་ཀྱི་རྒྱ་དང་བཅས་ཏེ། ༀ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭཱ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་ཕུལ་ལ། འདོད་དོན་གསོལ་ཞིང་སྨོན་ལམ་གདབ་པ་ནི། ལག་ཏུ་སྤོས་དང་མེ་ཏོག་ཐོགས་ལ་ཐལ་མོ་སྦྱར། །མགོ་བཏུད་ཅིང་ཡིད་རྩེ་གཅིག་པས། མི་མཉམ་མཉམ་པའི་ལྷ་ཁྱོད་རྟག་ཏུ་བདག་ལ་ནི། །ཐུགས་རྗེའི་སྤྱན་གྱིས་གཟིགས་ཤིང་རྒྱུན་དུ་འགྲོ་བའི་དཔལ། །བྱང་ཆུབ་མཆོག་གི་སྤྱོད་པ་བསྒྲུབ་པར་དམ་བཅས་པའི། །བདག་གི་རེ་བའི་འབྲས་བུ་འདི་ཡང་མཆིས་པར་མཛོད། །གཏི་མུག་མུན་པ་འདྲ་བས་ལྡོངས་གྱུར་ན། །བྱམས་མགོན་ཅི་སླད་བདག་ལ་ཐུགས་མི་བརྩེ། །ཁྱོད་ཀྱི་མཁྱེན་རབ་བསྐལ་པའི་མེ་འདྲ་བས། །སེམས་ཀྱི་མུན་སེལ་སྒྲོན་མེ་བདག་ལ་སྩོལ། །མགོན་པོ་ཐུགས་རྗེ་ཆེ་དང་ལྡན་གྱུར་པས། །སེམས་ཅན་དོན་ལ་བསྐུལ་བ་མི་འཚལ་ཡང་། །སྡུག་བསྔལ་རང་བཞིན་དབང་དུ་བདག་གྱུར་པས། །སྐྱོབ་པའི་སྤྱན་སྔར་གདུང་བས་གསོལ་བ་འདེབས། །གང་ཞིག་ཕ་དང་མས་ནི་སློབ་པ་ལ། །ཤིན་ཏུ་སྐྱོ་ངལ་མེད་པ་དེ་བཞིན་དུ། །འགྲོ་བའི་དོན་བརྩོན་མཛད་པ་ཁྱེད་ལགས་ཀྱིས། །ཚེ་རབས་ཀུན་ཏུ་བདག་གི་སྐྱབས་མཛོད་ཅིག །ན་མོ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ན་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལངས་པ་ཐམས་ཅད་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདེ་བར་གཤེགས་པ་རྣམས་ཀྱི་ཞལ་ནས་གསུངས་པའི་ཆོས་དཀོན་མཆོག་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྒྱུ་དང་འབྲས་བུར་བཅས་པའི་ཆོས་བསམ་གྱིས་མི་ཁྱབ་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་སྲས་སུ་གྱུར་པ་དགེ་འདུན་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དཀོན་མཆོག་རྣམས་གདན་འཛོམ་པའི་སྤྱན་སྔར་ལྷ་དང་མིའི་ཞལ་ཟས། མེ་ཏོག་དང་བདུག་སྤོས། མར་མེ་དང་དྲི་ཆབ། བྱུག་པ་དང་འཕན་གདུགས། སིལ་སྙན་སོགས་རོལ་མོ། དངོས་སུ་འབྱོར་བ་དང་ཡིད་ཀྱི་སྤྲུལ་པའི་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་ཕུལ་བས་བདེ་བར་གཤེགས་པ་ཐམས་ཅད་མཉེས་པར་གྱུར་ཅིག །སེམས་ཅན་འཁོར་བ་ཐོག་མ་མེད་པ་ནས་གཟུང་འཛིན་རང་ག་མར་ཞེན་པའི་དབང་གིས་ཉོན་མོངས་པ་འཕེལ་ཞིང་རྒྱས་པས་འཁོར་བ་དང་ངན་སོང་གི་རྒྱུར་གྱུར་ཅིང་། མཐོ་རིས་དང་ཐར་པའི་སྒྲིབ་པར་གྱུར་པ་ཅི་མཆིས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །འདི་ལྟར་བགྱིས་པའི་དགེ་བ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བསྔོ་བར་བགྱིའོ། །དེ་ལྟར་བསྔོས་པས་སེམས་ཅན་ཐམས་ཅད་ཀྱིས་བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་མྱུར་དུ་ཐོབ་པར་གྱུར་ཅིག །གནས་སྐབས་སུ་ཚེ་རིང་བ་དང་། ནད་མེད་པ་དང་། དཔལ་དང་འབྱོར་པ་རྒྱས་པ་དང་། དགེ་བ་སྒྲུབ་པ་ལ་བར་ཆད་མེད་པ་དང་། འཕྲིན་ལས་ཕུན་སུམ་ཚོགས་པ་སྒྲུབ་ནུས་པར་གྱུར་ཅིག །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །ཇི་ལྟར་བསྔོས་ཤིང་སྨོན་ལམ་འགྲུབ་པར་ཤོག །ཅེས་བསྔོ་སྟེ་འདས་གཏོར་རོ། །དེ་ནས་འཇིག་རྟེན་པའི་གཏོར་མ་ཆ་གསུམ་ནི། ༀ་བཛྲ་ས་ཏྭ་ཧཱུཾ། ཞེས་རང་སྔགས་ཀྱིས་རྡོར་སེམས་ལྟ་བུར་བདག་བསྐྱེད་གང་ཡིན་གྱི་ལྷ་དེ་ཉིད་གསལ་བཏབ། དེ་ལས། ༀ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུཾ། ཨ་ཙནྡྲ་མཎྜ་ལ་སཱུརྻ་ཙནྡྲ་ཏ་ཨཿཞེས་བརྗོད་པས་ཟླ་ཉི་བརྩེགས་པའི་སྟེང་དུ་བདག་ཉིད་རྟ་མགྲིན་དུ་གནས་གྱུར་པ་ནི། སྐུ་མདོག་དམར་པོ་དཀར་སྔོ་དམར་བའི་ཞལ་གསུམ་པ། སྤྱི་བོར་རྟ་མགོ་ལྗང་ཁུ་རྟ་སྐད་འཚེར་ཞིང་རྔོག་མ་ལས་མེ་སྟག་འཕྲོ་བ། ཕྱག་བཞིའི་དང་པོ་གཉིས་རྡོ་རྗེ་དང་ལྕགས་ཀྱུ། འོག་མ་གཉིས་མདའ་གཞུ་འགེངས་པ། ཞབས་གཉིས་གྱད་ཆེན་པོའི་སྟབས་ཀྱིས་ཀླུ་ཕོ་མོ་བརྫིས་པ། ཁྲོ་བོའི་ཆས་ཅན་ཁམས་གསུམ་པའི་དབང་ཕྱུག་ཆེ་བཙན་འགྲན་ཟླ་དང་བྲལ་བར་བསམ་ལ་སྙེམས་པ་བརྟན་པོས་རང་སྔགས་ཅུང་ཟད་བཟླས་རྗེས། ལག་པ་ཐལ་སྦྱར་ལས་མཛུབ་མོ་དང་མཐེའུ་ཆུང་བསྐུམ། མཐེ་བོང་སོ་སོར་སྒྲེང་བའི་རྒྱ་ལྟེ་མགྲིན་སྙིང་ག་སྤྱི་བོ་བཞིར་བཞག་པས་བསྲུང་ངོ་། །དེ་ནས་གཏོར་མ་ཆ་གསུམ་མཆོད་པ་དང་བཅས་པ་ལ་དྲི་ཆབ་འཐོར་ཞིང་། ༀ་སྭ་བྷཱ་ཝ་བི་ཤུདྡྷ་དྷརྨ་ཏཱ་བཛྲ་སིདྡྷི་ཧཱུཾ། ཞེས་དང་། ཆོ་ག་གང་དང་འབྲེལ་བ་དེའི་ལས་བུམ་ཡོད་ན་བུམ་ཆུ་འཐོར་ཞིང་། སོ་སོའི་ལས་སྔགས་དང་། མེད་ན། ༀ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་པའི་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་དུ་ༀ་ཡིག་ཞུ་བ་ལས་བྱུང་བའི་མཆོད་རྫས་རྣམས་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པར་བསམ་ལ། ༀ་ཨཱཿཧཱུཾ་གིས་བརླབ། གཏོར་མ་གསུམ་པོ་སྦྱང་སྤེལ་བསྒྱུར་ཐོབ་ཀྱི་བརྟག་པ་བཞིས་སྤྱིར་རློབ་སྟེ། ཆོས་ཉིད་རྣམ་དག་གི་རྒྱ་ཐལ་མོ་ཁོག་སྟོང་སྙིང་གར་བཅས་ལ། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷ་རྨཱ ཿ སྭ་བྷཱ་ཝ་ཤུདྡྷོ་྅་ཧཾ། ཞེས་པས། མ་དག་པ་ཐམས་ཅད་སྦྱངས་ནས་སྟོངས་པ་ཉིད་དུ་བསམ། ཐལ་མོ་ཁོང་སྟོང་ལས་སོར་རྩེ་སྤྲད་དེ་ཚིགས་བཅག་པ་ནམ་མཁའ་མཛོད་ཀྱི་རྒྱ་བཅས་ལ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཱཾ་སྭཱ་ཧཱ། ཞེས་པས། མགྲོན་སོ་སོའི་མོས་པ་དང་མཐུན་པའི་ཡོ་བྱད་ཟད་མི་ཤེས་པར་སྤེལ། མཐེ་བོང་བསྣོལ་ནས་ཐལ་མོ་ཕྱིར་འགྱེད་པ་བདུད་རྩི་འཁྱིལ་བའི་རྒྱ་བཅས་ལ། ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་པས། ཐམས་ཅད་ཀྱང་སྡུག་བསྔལ་ཞི་བྱེད་བདུད་རྩིའི་རྒྱ་མཚོར་བསྒྱུར་བར་བསམ། གཡས་ཁུ་ཚུར་ལས་མཛུབ་མོ་སྒྲེང་བ་སྙིང་ག་དང་གཡོན་མཆོག་སྦྱིན་བརྐྱང་བ་ཤུགས་ལྡན་འོད་ཀྱི་རྒྱ་བཅས་ལ། ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུཾ། ཞེས་པས། མགྲོན་རྣམས་ཀྱི་སྤྱོད་ཡུལ་དུ་འདོད་པའི་ལོངས་སྤྱོད་ཟད་མི་ཤེས་པ་སོ་སོར་ཐོབ་པར་བསམ་སྟེ། སྔགས་རྣམས་ལན་གསུམ་ལ་སོགས་པ་བརྗོད་ཅིང་། བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་རྣམས་ལ་ཕན་གདགས་སླད། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འགྲུབ་པར་ཤོག །ཅེས་བདེན་སྟོབས་བརྗོད། དེ་ནས་བྱེ་བྲག་ཏུ་བྱིན་གྱིས་རློབ་པ་ནི། ལག་པ་གཡས་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་བཅས་ལ། ཆ་དང་པོ་ལ་བསྟན་ཏེ། ༀ་སརྦ་ཀ་རི་ཧཱུཾ། ཞེས་པས། གཏོར་སྣོད་རིན་པོ་ཆེ་ལས་གྲུབ་པ་རྒྱ་ཚད་མེད་པར་བསམ། ༀ་སརྦ་སིདྡྷི་ཧཱུཾ། ཞེས་། བཅུད་གཏོར་རྫས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་རྒྱ་ཆེ་རྒྱུན་མི་ཆད་པ་ནམ་མཁའ་དང་མཉམ་པར་བསམ་མོ། །དེ་ནས་ཆ་དང་པོ་གཙང་གཏོར་དབུལ་བའི་ཕྱིར་མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་ལ་སྙན་གསན་དབབ་པ་ནི། ཚངས་པ་དང་ནི་བརྒྱ་བྱིན་དང་། །རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །གཟའ་དང་རྒྱུ་སྐར་ལ་སོགས་པ། །ཕྱི་ཡི་མགོན་པོ་ཐུགས་དམ་ཅན། །དམ་ཚིག་དབང་གིས་སྤྱན་འདྲེན་ན། །གནས་འདིར་བརྩེ་བས་གཤེགས་པར་མཛོད། །དེ་ནས་སྤྱན་དྲང་བ་ནི། ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། ༀ་བཛྲ་ཨངྐུ་ཤ་ཨཱ་ཀཪྵ་ཡ་སརྦ། ༀ་དྷྲྀ་ཏ་རཥྚ་ཡ་གནྡྷརྦ་ཨ་དྷི་པ་ཏ་ཡེ་ཧཱུཾ་ཛཿ ༀ་བི་རཱུ་ཌྷ་ཀཱ་ཡ་ཀུནྭཱནྡྷེ་ཨ་དྷི་པ་ཏ་ཡེ་ཧཱུཾ་ཛཿ ༀ་བི་རཱུ་པཱཀྵ་ཡ་ནཱ་ག་ཨ་དྷི་པ་ཏ་ཡེ་ཧཱུཾ་ཛཿ ༀ་བཻ་ཤྲ་ཝ་ཎཱ་ཡ་ཡཀྵ་ཨ་དྷི་པ་ཏ་ཡེ་ཧཱུཾ་ཛཿ ༀ་བྲཧྨ་ཎེ་ཧཱུཾ་ཛཿ ༀ་ཨིནྡྲ་ཡ་ཧཱུཾ་ཛཿ ༀ་ཨགྣ་ཡེ་ཧཱུཾ་ཛཿ ༀ་ཡ་མཱ་ཡ་ཧཱུཾ་ཛཿ ༀ་ནཻ་ཏྲྀ་ཏྱ་ཡ་ཧཱུཾ་ཛཿ ༀ་ཝ་རུ་ཎཱ་ཡ་ཧཱུཾ་ཛཿ ༀ་ཝཱ་ཡ་ཝེ་ཧཱུཾ་ཛཿ ༀ་ཀུ་བེ་རཱ་ཡ་ཧཱུཾ་ཛཿ་ༀ་ཨཱི་ཤ་ནཱ་ཡེ་ཧཱུཾ་ཛཿ ༀ་པྲི་ཐི་ཝཱི་ཨ་དྷི་པ་ཏ་ཡེ་ཧཱུཾ་ཛཿ ༀ་ཨཥྚ་མ་ཧཱ་དཱེ་ཝ་ཧཱུཾ་ཛཿ ༀ་ཨཎྚ་མ་ཧཱ་གྲ་ཧ་ཧཱུཾ་ཛཿ ༀ་སརྦ་ནཀྵ་ཏྲ་ཧཱུཾ་ཛཿ ༀ་ཨཥྚ་མ་ཧཱ་ནཱ་ག་ཧཱུཾ་ཛཿ ༀ་ན་བ་མ་ཧཱ་ཡཀྵ་སེ་ནཱ་པ་ཏི་ཧཱུཾ་ཛཿ ཞེས་དང་། མཆོད་ཡོན་སྤྲེང་བཞིན་དུ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཆོས་སྐྱོང་མགོན་པོ་རྣམས། །མཆོད་ཡོན་བཞེས་ནས་འདི་ཉིད་དུ། །མཆོད་པས་བདག་ལ་དགྱེས་པར་མཛོད། །ༀ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷཱ་ར་པཱུ་ཛི་ཏེ་ན་མཿས་མནྟ་བུདྡྷ་ནཱཾ་ག་ག་ཁཾ་ས་མ་ཡེ་སྭཱ་ཧཱ། ཞེས་མཆོད་ཡོན་དབུལ་ནས། པདྨ་ཀ་མ་ལ་ཡ་སྟྭཾ། ཞེས་གདན་ཕུལ་བ་ལ་བཞུགས་པར་བསམ་ཞིང་། །དེ་ནས་སོ་སོའི་ཕྱག་རྒྱ་དང་བཅས་ཏེ་མཆོད་པ་ནི། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་བཟང་པོའི་བདུག་སྤོས་འདི། །ཆོས་སྐྱོང་མགོན་པོ་རྣམས་ལ་འབུལ། །བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །ༀ་བཛྲ་དྷཱུ་པེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་བཞིན་བདུག་སྤོས་ཀྱི་གནས་སུ། མེ་ཏོག །མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དང་། དྷཱུ་པེའི་གནས་སུ། པུཥྤེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱེ། ཤཔྡ་རྣམས་བཅུག་སྟེ་དབུལ་ཞིང་། སྔར་ལྟར་རོལ་མོའི་སྔགས་དང་། མཆོད་སྤྲིན་གྱི་གཟུངས་ཀྱང་བརྗོད། །དེ་ནས་བསྟོད་ཅིང་ཕྲིན་ལས་བཅོལ་བ་ནི། རི་རྒྱལ་ལྷུན་པོའི་ཕྱོགས་བཞི་ཡི། །སོ་སོའི་ཕོ་བྲང་བཀོད་ལེགས་ན། །ཟབ་ཅིང་རྒྱ་ཆེ་གཟིགས་པ་པོ། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །སྤྱན་མི་བཟང་དང་རྣམ་ཐོས་སྲས། །བཙུན་མོ་སྲས་དང་བློན་པོ་དང་། །འཁོར་གཡོག་སྡེ་དཔུང་བཅས་པ་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །དབང་པོ་རྡོ་རྗེ་འཆང་བའི་ལྷ། །ལྷ་ཡི་རྒྱལ་པོ་གདོན་གྱི་བདག །ཤར་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ༴ །གཤིན་རྗེ་བེ་ཅོན་འཆང་བའི་ལྷ། །མ་མོའི་རྒྱལ་པོ་གདོན་གྱི་བདག །ལྷོ་ཕྱོགས་གཤིན་རྗེའི་ཚོགས་བཅས་ལ། །མཆོད་ཅིང་༴ །བདེན་དང་བྲལ་བ་ལེགས་ལྡན་ལྷ། །སྲིན་པོའི་རྒྱལ་པོ་གདོན་གྱི་བདག །ལྷོ་ནུབ་སྲིན་པོའི་ཚོགས་བཅས་ལ། །མཆོད་ཅིང་༴ །ཞགས་པ་ཐོགས་པ་ཆུ་ཡི་ལྷ། །ཀླུ་ཡི་རྒྱལ་པོ་གདོན་གྱི་བདག །ནུབ་ཕྱོགས་ཆུ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་༴ །རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ། །རིག་འཛིན་རྒྱལ་པོ་གདོན་གྱི་བདག །ནུབ་བྱང་རླུང་ལྷའི་ཚོགས་བཅས་ལ། །མཆོད་ཅིང་༴ །གནོད་སྦྱིན་ལག་ན་དབྱུག་ཏོ་ཐོགས། །ནོར་སྲུང་རྒྱལ་པོ་གདོན་གྱི་བདག །བྱང་ཕྱོགས་གནོད་སྦྱིན་ཚོགས་བཅས་ལ། །མཆོད་ཅིང་༴ །དབང་དང་ལྡན་པ་འདྲེན་པའི་ལྷ། །འབྱུང་པོའི་རྒྱལ་པོ་གདོན་གྱི་བདག །བྱང་ཤར་དབང་ལྡན་ཚོགས་བཅས་ལ། །མཆོད་ཅིང་༴ །སྟེང་གི་ཚངས་པ་ཆེན་པོ་དང་། །ཉི་མ་ཟླ་བ་གཟའ་ཆེན་པོ། །གཟའ་དང་རྒྱུ་སྐར་བཅས་པ་ལ། །མཆོད་ཅིང་༴ །འོག་གི་ཀླུ་སྟེ་ས་ཡི་ལྷ། །ས་འཛིན་ལག་པ་ཆེན་པོ་དང་། །དམ་ཚིག་ཤེས་པའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ༴ །ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད། །གཟའ་བརྒྱད་རྒྱུ་སྐར་ཉི་ཤུ་བརྒྱད། །འཇིགས་བྱེད་དགུ་ཡི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མཐུ་ཆེན་འཇིག་རྟེན་སྐྱོང་བའི་གཙོ། །གཙང་རིས་དཔལ་མགོན་འཁོར་བཅས་ཀྱིས། །མཆོད་པ་དམ་པ་འདི་བཞེས་ལ། །བདག་གི་རེ་བ་སྒྲུབ་པར་མཛོད། །དེ་ནས། ཡོན་ཏན་གྱི་མགྲོན་རྣམས་ལ་གཏོར་མ་ཡེ་ཤེས་ཀྱི་བདུད་རྩི་རྒྱ་ཆེ་རྒྱུན་མི་ཆད་པར་ཕུལ་བས་དགྱེས་ཤིང་ཚིམ་པར་བསམ་སྟེ། ༀ་དྷྲྀ་ཏ་རཱཥྚཱ་ཡ་སྭཱ་ཧཱ། ༀ་བི་རཱུ་ཌྷ་ཀཱ་ཡ་སྭཱ་ཧཱ། ༀ་བི་རཱུ་པཱཀྵ་ཡ་སྭཱ་ཧཱ། ༀ་བཻ་ཤྲ་ཝ་ཎཱ་ཡ་སྭཱ་ཧཱ། ༀ་བྲ་ཧྨ་ཎེ་སྭཱ་ཧཱ། ༀ་ཨིནྡྲཱི་ཡ་སྭཱ་ཧཱ། ༀ་ཨགྣ་ཡེ་སྭཱ་ཧཱ། ༀ་ཡ་མཱ་ཡ་སྭཱ་ཧཱ། ༀ་ནཻ་ཏྲྀ་ཏྱ་ཡ་སྭཱ་ཧཱ། ༀ་ཝ་རུ་ཎཱ་ཡ་སྭཱ་ཧཱ། ༀ་ཝཱ་ཡ་ཝེ་སྭཱ་ཧཱ། ༀ་ཀུ་བེ་རཱ་ཡ་སྭཱ་ཧཱ། ༀ་ཨཱི་ཤ་ནཱ་ཡ་སྭཱ་ཧཱ། ༀ་སཱུཪྻཱ་ཡ་སྭཱ་ཧཱ། ༀ་ཙནྡྲཱ་ཡ་སྭཱ་ཧཱ། ༀ་པྲི་ཐི་ཝཱི་བྷྱཿསྭཱ་ཧཱ། ༀ་ནཱ་གེ་བྷྱཿསྭཱ་ཧཱ། ༀ་ཨ་སུ་རཻ་བྷྱཿསྭཱ་ཧཱ། ཞེས་པའི་མཐར། ན་མཿ སརྦ་ཏ་ཐཱ་ག་ཏེ་སོགས་ནམ་མཁའ་མཛོད་ཀྱི་སྔགས་བཏགས་ལ་རང་རང་གི་ཕྱག་རྒྱས་རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ་ལ་དབུལ་ལོ། །དེ་ལ་རང་རང་གི་ཕྱག་རྒྱ་ནི། གཡས་པའི་ཁུ་ཚུར་གྱི་སྟེང་དུ་གཡོན་པའི་ཁུ་ཚུར་ནང་བསྟན་སྒྲེང་བ་ནི་ཡུལ་འཁོར་སྲུང་། གཡས་པའི་ཁུ་ཚུར་ལས་གུང་མཛུབ་སྒྲེང་བ་འཕགས་སྐྱེས་པོ། །རྡོ་རྗེ་ཕྱི་བསྡམས་ལས་མཛུབ་མོ་ཕྱུང་བ་མིག་མི་བཟང། རྡོ་རྗེ་ཕྱི་བསྡམས་ལས་མཐེའུ་ཆུང་སྒྲེང་བ་རྣམ་སྲས། མིག་སྟེང་དུ་ཕྱོགས་ཤིང་ཐལ་མོ་ཁོང་སྟོང་དུ་སྦྱར་བ་ནི་ཚངས་པ། ལག་གཉིས་ཀྱི་མཐེའུ་ཆུང་མཐེ་བོང་གིས་མནན་ཅིང་སོར་མོ་ལྷག་མ་གསུམ་སྒྲེངས་ཏེ་གཡོན་སྙིང་ག་དང་གཡས་དཀུར་བཞག་པ་ནི་དབང་པོ། །ལག་གཉིས་ཁུ་ཚུར་ལས་གུང་མོ་སྒྲེང་བའི་ཚིགས་གསུམ་པར་མཛུབ་རྩེ་སྦྱར་བ་གཡས་སྙིང་ག་དང་གཡོན་དཀུར་བཞག་པ་ནི་མེ་ལྷ། རྡོ་རྗེ་ནང་བསྡམས་ལས་སྲིན་ལག་གཉིས་བརྐྱང་བ་ནི་གཤིན་རྗེ། ལག་གཉིས་ཁུ་ཚུར་ལས་གུང་མཛུབ་གཉིས་བརྐྱང་བ་གཡས་སྙིང་ག་དང་གཡོན་དཀུར་བཞག་པ་ནི་སྲིན་པོ། ཁུ་ཚུར་གཉིས་ཀྱི་མཐེབ་མཛུབ་ཞགས་མིག་གི་ཚུལ་དུ་སྦྱར་བ་སྙིང་གར་བཞག་པ་ནི་ཆུ་ལྷ། སྔར་མེ་ལྷའི་ཕྱག་རྒྱ་ལྟར་བཅས་པ་ལས་གཡོན་སྙིང་ག་དང་གཡས་དཀུར་བཞག་པ་ནི་རླུང་ལྷ། རྡོ་རྗེ་ནང་བསྡམས་ལས་མཐེའུ་ཆུང་གཤིབས་ནས་བརྐྱང་བ་དེ་སྲིན་ལག་བརྐྱང་ཞིང་རྩེ་སྦྱར་བའི་ནང་དུ་བཅུག་པ་ནི་གནོད་སྦྱིན། རྡོ་རྗེ་ནང་བསྡམས་ལས་གུང་མོ་གཉིས་བརྐྱང་བའི་སེན་མོ་ལ་མཛུབ་མོ་གཉིས་རེག་ཅིང་མཐེ་བོང་གཉིས་སོ་སོའི་ཕྱོགས་ཀྱི་གུང་མོ་ལ་སྦྱར་བ་ནི་དབང་ལྡན། ཉི་མ་དང་ཟླ་བ་གཉིས་ནི་ཚངས་པ་དང་འདྲའོ། །མིག་མཐུར་དུ་བལྟ་ཞིང་ལག་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་བ་ལས་མཐེ་བོང་གཉིས་ནང་དུ་བཅུག་ལ་ཐལ་མོའི་རྩེ་མོ་མཐུར་དུ་བསྟན་པ་ནི་ས་བདག་དང་། ཀླུ་དང་། ལྷ་མིན་གསུམ་གྱི་ཕྱག་རྒྱའོ། །ལྷ་ཆེན་བརྒྱད་ལ་ཐལ་མོ་ཁོང་སྟོང་ལས་གུང་མོ་གཤིབས་ལ་བསྣོལ། མཛུབ་མོ་བཀུག་པའི་སྟེང་དུ་མཐེ་བོང་བཞག་པའི་ཕྱག་རྒྱ་དང་། ༀ་དེ་བ་སྭཾ་སྭཾ་ཡ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་དབུལ། ཀླུ་ཆེན་བརྒྱད་ལ་ལག་གཉིས་ཀྱིས་ཐལ་མོ་ཕྱིར་བསྟན་བཀན་པ་གདེགས་ཀ་ལྟར་བཟུང་བའི་རྒྱ་དང་། ༀ་རེ་རེ་ན་ཏི་ན་ནཱ་ག་ལི་རི་ཕུ་ཏ་ཏ་རི་ཙི་ཡེ་སྭ་ཧཱའི་སྔགས་དང་རྒྱས་དབུལ། གཟའ་ཆེན་བརྒྱད་ལ་ལག་གཉིས་གཅིག་ཏུ་སྦྱར་ཞིང་མཐེ་བོང་གཉིས་གཤིབས་ཏེ་སྒྲེང་བའི་རྒྱ་དང་། ༀ་གྲ་ཧེ་ཙ་རི་ཡ་པྲ་བ་དཾ་ཛོ་ཏི་མ་ར་ཡེ་སྭཱ་ཧཱའི་སྔགས་ཀྱིས དབུལ་ལོ། །རྒྱུ་སྐར་ཉེར་བརྒྱད་ལ་གཟའི་ཕྱག་རྒྱ་དེ་ཉིད་ལས་གུང་མོ་དང་མཐེ་བོང་གཉིས་ལྡོག་སྟེ་སྦྱར་བ་དང་། ༀ་ནཀྵ་ཏྲ་ད་ནི་རཏྣ་ད་ནི་ཡེ་སྭཱ་ཧཱའི་སྔགས་ཀྱིས་དབུལ། །འཇིགས་བྱེད་དགུ་ལ་ལག་གཡོན་པའི་ཐལ་མོ་ལྟེ་བའི་ཕྱོགས་སུ་བཀན་ཏེ་བཞག་པའི་མཛུབ་མོ་བཀུག་ཅིང་གཡས་པའི་གུང་མོ་སྒྲེང་བས་དེ་ལ་ཕྱོགས་པར་བྱས་པའི་རྒྱ་དང་། ༀ་ཡཀྵེ་པྲ་རཱ་ཡ་སྭཱ་ཧཱའི་སྔགས་ཀྱི་དབུལ་ལོ། །དེ་ལྟར་ལྷ་ཀླུ་ལ་སོགས་ཀྱི་སྔགས་མཐར་ཡང་ནམ་མཁའ་མཛོད་ཀྱི་སྔགས་བཏགས་ལ།ཐམས་ཅད་ལ་ལན་གསུམ་ལ་སོགས་པས་ཕུལ་ལ། འདོད་དོན་གསོལ་ཞིང་སྨོན་ལམ་གདབ་པ་ནི། ཚད་མ་མཆིས་པའི་མཆོད་སྦྱིན་གྱི་གཏོར་མ་འབུལ་ཞིང་བསྔོ་བའི་གནས་སུ་གྱུར་པ་ནི། ཡོན་ཏན་གྱི་མགྲོན་ཚངས་པ་དང་བརྒྱ་བྱིན། རྒྱལ་པོ་ཆེན་པོ་སྡེ་བཞི། ཕྱོགས་སྐྱོངས་བ་བཅུ། ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། གཟའ་ཆེན་པོ་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། འཇིགས་བྱེད་ཆེན་པོ་དགུ། གནོད་སྦྱིན་གྱི་སྡེ་དཔོན་པཉྩི་ཀ་དང་། བཙུན་མོ་དཔལ་ལྡན་ཧ་རི་ཀ་དང་། སྲས་འཕྲོག་མའི་བུ་ལྔ་བརྒྱ་དང་། རྡོ་རྗེ་རིགས་ཀྱི་སྲུང་མ་ཐུགས་དམ་ཅན་གཙང་མར་གནས་པ་འཁོར་དང་བཅས་པ་རྣམས་ཀྱི་ཕོ་བྲང་དུ། ཡིད་བཞིན་གྱི་ནོར་བུ། དཔག་བསམ་གྱི་ལྗོན་ཤིང་། འདོད་འཇོའི་བ། མ་རྨོས་པའི་ལོ་ཏོག །ཁྲུས་ཀྱི་རྫིང་བུ། ཅང་ཤེས་ཀྱི་རྟ་ལ་སོགས་པ་འདོད་པའི་ཡོན་ཏན་མ་ཚང་བ་མེད་པ་བསམ་གྱིས་མི་ཁྱབ་པའི་མཆོད་རྫས་ཕུན་སུམ་ཚོགས་པ་འབྱུང་བར་གྱུར་ཅིག །དེ་ལྟར་བྱུང་བ་ཐུགས་བརྩེ་བས་དགོངས་ཏེ་བྱིན་གྱིས་བརླབས་ནས་བཞེས་སུ་གསོལ། ལོངས་སྤྱད་དུ་གསོལ། བདག་གིར་མཛད་དུ་གསོལ། དེ་ལྟར་ཕུལ་བས་བདག་ཅག་རྣམས་ཀྱི་མཆོད་པའི་ཡོ་བྱད་དམན་པ་དང་། རྒྱུ་རྐྱེན་མ་ཚོགས་པ་དང་། བརྗོད་པ་མ་དག་པ་དང་། ཏིང་ངེ་འཛིན་མི་གསལ་བ་དང་། སྤྱོད་ལམ་བག་མེད་པ་དང་། ལེ་ལོ་དང་སྙོམས་ལས་སུ་གྱུར་པ་ཅི་མཆིས་པ་ཐམས་ཅད་སྲུང་མ་དམ་ཚིག་ཅན་ཁྱེད་རྣམས་ཀྱི་སྤྱན་སྔར་མཐོལ་ཞིང་བཤག་སོ། །དེ་ལྟར་མཐོལ་ཞིང་བཤགས་པས་བདག་ཅག་དཔོན་སློབ་ཡོན་བདག་འཁོར་དང་བཅས་པ་རྣམས་ཀྱི་སྔོན་གྱི་ལས་ལས་གྱུར་ཀྱང་རུང་། འཕྲལ་གྱི་རྐྱེན་ལས་གྱུར་ཀྱང་རུང་། འཇིག་རྟེན་འདིར་ཡང་ནད་མང་བ་དང་། ཚེ་ཐུང་བ་དང་། སེམས་ཀྱི་སྡུག་བསྔལ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །གཞན་ཡང་སྡང་བའི་དགྲ། གནོད་པའི་བགེགས་ལ་སོགས་པ་བསམ་པ་ངན་ཞིང་སྦྱོར་བ་རྩུབ་པར་བྱེད་པ་ཐམས་ཅད་དང་། རྨི་ལམ་ངན་པ་དང་། མཚན་མ་ངན་པ་དང་། ལྟས་ངན་པ་ཐམས་ཅད་ཕྱིར་བཟློག་ཅིང་ཞི་བར་མཛད་དུ་གསོལ། གཞན་ཡང་འབྱུང་པོ་མི་དང་མི་མ་ཡིན་པ། སྡང་བའི་སེམས་དང་ལྡན་པ། གདུག་པའི་སེམས་དང་ལྡན་པ། དྲག་ཤུལ་གྱི་སེམས་དང་ལྡན་པ། དེ་དག་ཐམས་ཅད་བཟློག་ཅིང་གདུལ་བ་དང་། ཞི་ཞིང་བསྒྱུར་བར་མཛད་དུ་གསོལ། གལ་ཏེ་ཞི་བས་གདུལ་དུ་མ་འཚལ་ན། གང་ལ་གང་འཚམས་པའི་ཆད་པས་བཅད་པ་དང་། བསྐྲད་ཅིང་གཟིར་བ་དང་། བསྡིགས་ཤིང་སྤ་བཀོང་བར་མཛད་དུ་གསོལ། སྲུང་མ་དམ་ཚིག་དང་མཐུ་སྟོབས་ཅན་ཁྱེད་རྣམས་ཀྱི་མངའ་འོག་ཏུ་མ་འདུས་པ་དང་། སྡེ་རིགས་སུ་གཏོགས་པ་གང་ཡང་མ་མཆིས་པས། དེ་དག་ཐམས་ཅད་ཞི་བ་དང་དུལ་བར་མཛད་དུ་གསོལ། མདོར་ན་ཉེས་པའི་སྐྱོན་ཐམས་ཅད་བྱང་ཞིང་དག་པ་དང་། ལེགས་པའི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཞེས་གསོལ་ཏེ་གཙང་གཏོར་རོ། །དེ་ནས་ཆ་གཉིས་པ་སྤྱི་གཏོར་དབུལ་བའི་ཕྱིར་བརྟག་པ་བཞིའི་བྱིན་རླབས་སྔར་སོང་ནས། འདིར་ལག་གཡས་རྩེ་གསུམ་གྱི་རྒྱ་ཆ་བར་པ་ལ་གཏད་དེ། ༀ་སརྦ་ཀ་རི་ཧཱུཾ། ཞེས་པས་སྣོད་དང་། ༀ་སརྦ་སིདྡྷི་ཧཱུཾ་གིས་བཅུད་སྔར་ལྟར་རློབ་ཅིང་། ༀ་ཧྲཱིཿ པདྨནྟ་ཀྲྀཏ་སོགས་ཀྱིས་ང་རྒྱལ་གསལ་བཏབ་ལ། སྙིང་རྗེའི་མགྲོན་རྣམས་འགུགས་པ་ནི། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། ནམ་མཁའ་ལྔིང་དང་འདབ་བཟང་ལུས་སྲུལ་པོ། དྲི་ཟ་སྲིན་པོ་གདོན་གྱི་རིགས་རྣམས་དང་། གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། བུ་སྨད་བཅས་ཤིང་གཡོག་འཁོར་བཅས་པ་ལ། །བདག་གི་པུས་མོ་ས་ལ་བཙུགས་ནས་ནི། །ཐལ་མོ་སྦྱར་ནས་ཁྱོད་ལ་གསོལ་འདེབས་ཀྱིས། །གསན་ནས་ཕན་གདགས་སླད་དུ་འདིར་གཤེགས་ཤིག །སྲིད་རྩེ་མན་ཆད་མནར་མེད་ཡན་ཆད་དུ། །སྐྱེ་བ་རྣམ་བཞིས་བསྡུས་པའི་སེམས་ཅན་རྣམས། །གཏད་པ་མེད་པའི་མགྲོན་དུ་སྤྱན་འདྲེན་གྱིས། །དགའ་དང་གུས་པའི་སེམས་ཀྱིས་འདིར་གཤེགས་ཤིག །ༀ་ཨེ་ཧྱེ་ཧི་ལོ་ཀ་ཀཱ་ར་ཡ། དེ་བ། ནཱ་ག །ཡཀྵ། རཀྵ་ས། གནྡྷ་རྦ། ཨ་སུ་ར། ག་རུ་ཌ། ཀིནྣ་ར། མ་ཧོ་རཱ་ག །མ་ནུ་ཥྱེ། ཨ་མ་ནུ་ཥྱ་ས་པ་རི་ཝཱ་ར་ས་མ་ཡ། ཨ་ནྲྀ་སུ་ཏྲི་པྲེ་དུ་ཛཿཧཱུཾ་བཾ་ཧོཿཞེས་བཀུག་ལ། ༀ་དེ་བ་ག་ཎེ་བྷྱཿ ནཱ་ག་ག་ཎེ་བྷྱཿ ཡཀྵ་ག་ཎེ་བྷྱཿ རཀྵ་ས་ག་ཎེ་བྷྱཿ གནྡྷ་རྦ་ག་ཎེ་བྷྱཿ ཨ་སུ་ར་ག་ཎེ་བྷྱཿ ག་རུ་ཌ་ག་ཎེ་བྷྱཿ ཀནྣི་ར་ག་ཎེ་བྷྱཿ མ་ཧོ་རཱ་ག་ག་ཎེ་བྷྱཿ མ་ནུ་ཥྱེ་ག་ཎེ་བྷྱཿ ཨ་མ་ནུ་ཥྱ་ག་ཎེ་བྷྱཿ ཞེས་པའི་མཐར། ༀ་བཛྲ་དྷཱུ་པེ། པུཥྤེ། ཨཱ་ལོ་ཀེ གནྡྷེ། ནཻཝིདྱེ། ཤཔྡ་པཱུ་ཛ་མེ་གྷ་སོགས་ཀྱིས་མཆོད་པ་ལྔ་དང་། ཡང་། ༀ་དེ་ཝ་ག་ཎེ་བྷྱཿ སོགས་ཀྱིས་མཐར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་བཏགས་པའ་ིསྔགས་ལན་གསུམ་དང་། ལག་གཡས་མཆོག་སྦྱིན་འདེགས་རྒྱ་དང་གཡོན་ཁུ་ཚུར་བཅང་པ་ལས་མཛུབ་མོ་སྒྲེང་བ་གཏོར་མའི་ཕྱོགས་སུ་གཏད་པའི་ཕྱག་རྒྱས་གཏོར་མ་ཕུལ་བས། སྙིང་རྗེའི་མགྲོན་རྣམས་ཀྱི་སྤྱོད་ཡུལ་དུ་རང་རང་གི་མོས་པ་དང་མཐུན་པའི་ཡོ་བྱད་དཔག་ཏུ་མེད་པ་ཐོབ་པས་ཚིམ་པར་བསམ་ལ། བསྔོ་ཞིང་སྨོན་ལམ་གདབ་པ་ནི། ན་མོ། མཆོད་སྦྱིན་གྱི་གཏོར་མ་བར་པ་འདི་འབུལ་ཞིང་བསྔོ་བའི་གནས་སུ་གྱུར་པ་ནི་མཐོ་སྲིད་པའི་རྩེ་མོ་མན་ཆད་ནས། དམའ་ན་རག་དམྱལ་ཁམས་ཡན་ཆད་དུ་རྒྱུ་ཞིང་གནས་པ། འགྲོ་བ་རིགས་དྲུག །ལམ་བརྒྱུད་ལྔ། སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སེམས་ཅན་སྙིང་རྗེའི་མགྲོན་དུ་གྱུར་པ་ཐམས་ཅད་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །མགྲོན་ནོ། །དེ་ལྟར་བསྔོས་པས་རིགས་དྲུག་སོ་སོའི་སྡུག་བསྔལ་ལས་གྲོལ་ནས་མྱུར་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག །གཞན་ཡང་ལོང་བ་རྣམས་ཀྱིས་གཟུགས་མཐོང་བ་གྱུར་ཅིག །འོན་པ་རྣམས་ཀྱི་རྣ་བས་སྒྲ་ཐོས་པར་གྱུར་ཅིག །དིག་པ་རྣམས་ཀྱིས་སྨྲ་ཤེས་པར་གྱུར་ཅིག །ཞ་བོ་རྣམས་བདེ་བར་འགྲོ་ནུས་པར་གྱུར་ཅིག །གཅེར་བུ་རྣམས་ཀྱིས་གོས་རྙེད་པར་གྱུར་ཅིག །དབུལ་པོ་རྣམས་ཀྱིས་ནོར་རྙེད་པར་གྱུར་ཅིག །ལྟོགས་པ་རྣམས་ཀྱིས་བཟའ་བཏུང་རྙེད་པར་གྱུར་ཅིག །འཇིགས་པ་རྣམས་ཀྱིས་སྐྱབས་རྙེད་པར་གྱུར་ཅིག །ནད་པ་རྣམས་ཀྱི་ནད་ཞི་བར་གྱུར་ཅིག །སྦྱིན་པ་དམ་པ་སེམས་ཀྱི་རྒྱན་དུ་གྱུར་ཅིག །སེམས་ཀྱི་ཡོ་བྱད་དུ་གྱུར་ཅིག །དོན་གྱི་མཆོག་ཏུ་གྱུར་ཅིག །འདི་ལྟར་མཆོད་སྦྱིན་གྱི་གཏོར་མ་འདི་ལ་བརྟེན་ནས་གནས་སྐབས་སུའང་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་ནད་དང་གནོད་པ་ཞི་ཞིང་ཚེ་དང་བསོད་ནམས་འཕེལ་བ་དང་། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་བྱང་། ཚོགས་རྣམ་པ་གཉིས་རྫོགས་ནས་བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་མྱུར་དུ་ཐོབ་པར་གྱུར་ཅིག །འབྱུང་པོ་གང་དག་རི་རབ་སྟེང་གནས་དང་། །དགའ་བའི་ཚལ་དང་ལྷ་ཡི་གནས་རྣམས་དང་། །ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང་། །རི་བོ་ཀུན་ལ་གང་དག་གནས་པ་དང་། །རིན་ཆེན་གླིང་ན་ལྷག་པར་གང་གནས་དང་། །ཆུ་བོ་ཀུན་དང་ཆུ་ཡི་མདོ་རྣམས་དང་། །མཚོ་དང་རྫིང་བུ་ལྟེང་ཀ་ཆུ་ངོགས་དང་། །གཡའ་ཆུ་བསིལ་མ་ཅན་ན་གང་གནས་དང་། །གྲོང་དང་ཕྱུགས་ལྷས་གྲོང་ཁྱེར་སྟོངས་པ་དང་། །ཁང་སྟོང་དག་དང་ལྷ་ཡི་ཁང་པ་དང་། །གཙུག་ལག་ཁང་དང་མཆོད་རྟེན་གནས་རྣམས་དང་། །དཀའ་ཐུབ་གནས་དང་གླང་ཆེན་བྲེས་རྣམས་དང་། །རྒྱལ་པོའི་དཀོན་ཁང་དག་ན་གནས་པ་དང་། །ལམ་སྲང་སུམ་མདོ་དང་ནི་བཞི་མདོ་དང་། །གང་དག་ལམ་པོ་ཆེ་དང་ཤིང་གཅིག་དྲུང་། །དུར་ཁྲོད་ཆེན་པོ་ནགས་ཚལ་ཆེན་པོ་དང་། །སེང་གེ་དྲེད་དང་གཅན་གཟན་གནས་རྣམས་དང་། །འབྲོག་ཆེན་འཇིགས་སུ་རུང་བ་གང་གནས་དང་། །གང་དག་གླིང་མཆོད་དག་ན་གནས་པ་དང་། །ལྷུན་པོ་དུར་ཁྲོད་དག་ན་གནས་པ་རྣམས། །རབ་ཏུ་དགྱེས་ཤིང་མགུ་བར་གྱུར་ནས་སུ། །ཕྲེང་བ་དྲི་དང་བྱུག་པ་མེ་ཏོག་དང་། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་ན། །འདི་དག་གསོལ་ཞིང་ལེགས་པར་བསྣམས་ནས་ཀྱང་། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །བདག་གི་བསོད་ནམས་མཐུ་ཡིས་ནི། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །ཀུན་ཀྱང་གནོད་པ་རྣམས་དང་བྲལ། །སྒྲིབ་པ་མེད་པའི་ཚུལ་གྱིས་སུ། །མ་ཐོགས་པར་ནི་འགྲུབ་པར་ཤོག །བྱོལ་སོང་གཅིག་ལ་གཅིག་ཟ་བ། །གནོད་པ་དེ་དག་ཡོངས་མི་འབྱུང་། །ཡི་དྭགས་རྣམས་ལ་ཟས་དང་སྐོམ། །ཐོགས་པ་མེད་པར་འབྱུང་བར་ཤོག །སེམས་ཅན་དམྱལ་བའི་སྡུག་བསྔལ་གང་། །མི་ཟད་རྣམ་པ་སྣ་ཚོགས་དག །བསོད་ནམས་འདི་ཡི་བྱིན་རླབས་ཀྱིས། །དེ་དག་མྱུར་དུ་ཞི་གྱུར་ཅིག །སའམ་མཁའ་ལ་འཁོད་པ་ཡི། །ལྷ་ཀླུ་གནོད་སྦྱིན་སྲིན་པོ་དང་། །འབྱུང་པོ་མང་པོ་གང་འཁོད་པའི། །དག་པའི་བསམ་པ་རྫོགས་གྱུར་ཅིག །ཅེས་ལས་བཅོལ་ཞིང་བསྔོས་ནས། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །སོགས་དང་། སྡིག་པ་ཅི་ཡང་མི་བྱ་སྟེ། ཞེས་པ་ལ་སོགས་པས་ཆོས་ཀྱི་སྦྱིན་པའང་བྱིན་པའི་མཐར། ཁྲོ་བོ་ཆེན་པོའི་བཀའ་ཡིན་ནི། །རང་རང་གནས་སུ་བདེ་བར་དེངས། །བཛྲ་མུཿ ཡ་ཧི་གཙྪས་རང་གནས་སུ་བཏང་ངོ་། །དེ་ནས་ཆ་གསུམ་པ་བགེགས་གཏོར་སྟེར་པའི་ཕྱིར། བརྟགས་པ་བཞིས་སྤྱིར་རློབས་པ་རྔར་སོང་ནས། འདིར་རྩེ་གསུམ་གྱི་རྒྱ་གཏོར་མ་ཐ་མ་ལ་གཏད་དེ། ༀ་སརྦ་ཀ་རི་ཧཱུཾ། ༀ་སརྦ་སིདྡྷི་ཧཱུཾ། ཞེས་པས་སྣོད་བཅུད་ལྔར་ལྟར་རློབ་ཅིང་། ༀ་ཧྲཱིཿཔདྨནྟ་ཀྲྀཏ་སོགས་ཀྱིས། བདག་ཉིད་རྟ་མགྲིན་སྐུ་ཆེ་ལ་བཟོད་པར་དཀའ་བའི་གཟི་བྱིན་ཅན་ཁྲོ་ཚོགས་འབར་བའི་སྤྲིན་སྤྲོ་བའི་ང་རྒྱལ་གསལ་བཏབ་སྟེ་བསྟོད་པ་ནི། ཧྲཱིཿ རྒྱལ་བ་ཀུན་གྱི་བདག་པོ་ཆོས་ཀྱི་སྐུ། །ཆོས་རྗེ་འོད་དཔག་མེད་པ་རྡོ་རྗེ་ཆོས། །སྤྱན་རས་གཟིགས་སྤྲུལ་ཧྲཱིཿལས་རྔམས་ཆེན་སྐུ། །རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་ལོ། །དབང་ཆེན་དབང་འདུལ་དབང་གི་རྒྱལ་པོ་སྟེ། །དབང་གི་མདོག་དམར་བསྐལ་པའི་མེ་ལྟར་འབར། །དབང་ཆེན་རྔམས་བརྗིད་ཉི་མ་འབུལ་གྱི་གཟི། །དབང་མཛད་དབང་གི་སྐུ་ལ་ཕྱག་འཚལ་ལོ། །ཆོས་ཉིད་བདུད་རྩི་མཆོག་གི་དབང་བསྐུར་ཞིང་། །དུག་གསུམ་གཏན་ནས་འཐུང་མཛད་དཔལ་འབར་བ། །གདུག་པའི་ཀླུ་རྣམས་བརྗིད་པའི་ཞབས་ཀྱིས་གནོན། །དུག་ཆེན་བདུག་རྩིར་བསྒྱུར་ལ་ཕྱག་འཚལ་ལོ། །རིག་པའི་རྒྱ་པོ་ཁྲོ་བོ་ཀུན་གྱི་རྗེ། །བྱམས་ཆེན་རབ་ཁྲོས་ཁྲོ་རྒྱལ་ཀུན་གྱིས་བསྐོར། །སྟོང་ཉིད་དབྱིངས་ལས་མ་གཡོས་མཁའ་དཀྱིལ་ནས། །འཇིགས་གཟུགས་ཉི་ཟླ་འབར་ལ་ཕྱག་འཚལ་བསྟོད། །རང་ཉིད་རྟའི་ང་རྒྱལ་དང་ལྡན་པས། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་ཅིང་ཅི་ཡང་མ་ཡིན་པ་ལ་ཇི་ལྟར་བསམ་པ་བཞིན་འབྱུང་བའི་བདེན་པ་དང་། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཡེ་ཤེས་ཐུགས་སུ་ཆུད་ཅིང་སེམས་ཅན་གྱི་དོན་ལ་དགོངས་པ་སྐད་ཅིག་ཀྱང་མི་གཡེལ་བའི་བདེན་པ་དང་། དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་དགོངས་པ་བསྐང་ཞིང་སེམས་ཅན་གྱི་མགོན་སྐྱབས་མཛད་པར་ཞལ་གྱི་བཞེས་པའི་བདེན་པའི་བྱིན་རླབས་དང་། བདག་གི་ལྷག་པའི་བསམ་པ་རྣམ་པར་དག་པའི་བདེན་པ་དང་། དཀོན་མཆོག་གསུམ་དག་བླ་མ་དམ་པའི་བཀའ་བདེན་པའི་བྱིན་རླབས་ཀྱིས། གདུག་ཅིང་སྡང་བའི་སེམས་དང་ལྡན་པའི་བགེགས་ཀྱི་རིགས་ཐམས་ཅད་སྐད་ཅིག་ལ་འདིར་འདུས་ཤིག །ཅེས་བདེན་སྟོབས་བརྗོད། ཕཊ་ཕཊ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜལ་ཧ་ལ་ཧ་ལ། ཞེས་པས། སྤྲུལ་པའི་ཕོ་ཉ་མཁའ་ཁྱབ་ཏུ་སྤྲོས་པ་རྣམས་ཀྱིས་བགེགས་རྣམས་རང་དབང་མེད་པར་བཀུག་པར་བསམ་ཞིང་། ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། ༀ་ཏྲང་ཀ་རི་ཏྲང་ཀ་རི། མི་ཙི་མི་ཙི། ར་ར་སྲ་སྲ་ཏྲི་ཏྲི། གཾ་གཾ་གུཾ་གུཾ། ཏྲི་ཡཾ་ཛཿ བཛྲ་ཨངྐུ་ཤ་ཛཿ བཛྲ་པཱ་ཤ་ཧཱུཾ། བཛྲ་སྥོ་ཊ་བཾ། བཛྲ་གྷཎྜེ་ཧོཿ ཞེས་པས་བཀུག་ལ། ༀ་ཏྲང་ཀ་རི་ཏྲང་ཀ་རི་སྭཱ་ཧཱ། མི་ཙི་མི་ཙི་སྭཱ་ཧཱ། གུཾ་ཧིང་གུཾ་ཧིང་སྭཱ་ཧཱ། ཨ་ནརྟ་རི་ཀྵ་ར་ཙ་ནཾ་སྭཱ་ཧཱ། བོ་པུ་ཏ་མ་ནཾ་སྭཱ་ཧཱ། བ་ཏ་ལ་བ་ས་ནཾ་སྭཱ་ཧཱ། མ་ཏྲི་ནཾ་སྭཱ་ཧཱ། གྲ་ཧ་ནཾ་སྭཱ་ཧཱ། ༀ་སརྦ་བིགྷྣཱན་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ནས། ཤཔྡའི་བར་གྱི་མཆོད། ༀ་ཏྲང་ཀ་རི་ནས། ༀ་སརྦ་བིགྷྣཱཾ་གྱི་བར་སྔར་ལྟར་གྱིས་མཐར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎེ་ཨི་མཾ་ག་ག་ན་ཁཾ་གྲྀ་ཧྞེ་དཾ་བ་ལིཾ་ཏ་སྭཱ་ཧཱ། ཞེས་པའི་སྔགས་བཏགས་པ་ལན་གསུམ་དང་། ལག་གཡོན་ཁུ་ཚུར་གྱེན་བསྟན་གྱི་མཛུབ་མོ་སྒྲེང་བ་གཏོར་མར་གཏད། །གཡས་པ་སྔགས་ཚན་སོ་སོའི་མཐར་སེ་གོལ་གཏོགས་པའི་རྒྱས་གཏོར་མ་ཕུལ་བས། གནོད་ཅིང་འཚེ་བའི་བགེགས་རྣམས་ཀྱི་སྤྱོད་ཡུལ་དུ་རང་རང་གི་མོས་པ་དང་མཐུན་པའི་ཡོ་བྱད་ཟད་མི་ཤེས་པ་ཐོབ་པས་སོ་སོའི་རྒྱུད་ཚིམ་ནས་བུ་ལོན་དང་ལན་ཆགས་ཤ་འཁོན་ཐམས་ཅད་བྱང་སྟེ་ཕན་ཚུན་བྱམས་པ་ལ་གནས་པར་བསམ་ལ། བསྔོ་ཞིང་སྨོན་ལམ་གདབ་པ་ནི། ན་མོ། མཆོད་སྦྱིན་གྱི་གཏོར་མ་ཐ་མ་འདི་སྦྱིན་ཞིང་བསྔོ་བའི་གནས་སུ་གྱུར་པ་ནི་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་ཚེ་རབས་ཐོག་མ་མེད་པ་ནས་ད་ལྟ་ཡན་ཆད་ཀྱི་ལན་ཆགས་དང་བུ་ལོན་གྱི་མགྲོན་དུ་གྱུར་པ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས་གདོན་བགེགས་ཀྱི་རིགས་ཐམས་ཅད་ལ་ལུས་དང་སྲོག་གི་གླུད་དང་ལོངས་སྤྱོད་ཀྱི་སྐྱིན་དུ་འབུལ་ལོ། །མཆོད་དོ། །མགྲོན་ནོ། །དེ་ལྟར་ཕུལ་བས་བསད་པས་ཚེ་ཐུང་བ། བརྡུངས་པས་ནད་མང་བ། འཕྲོག་པས་ནོར་དབུལ་བའི་ལན་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །བུ་ལོན་ཐམས་ཅད་ཁྱེར་བར་གྱུར་ཅིག །འཁོན་རྩོད་ཐམས་ཅད་བྱང་བར་གྱུར་ཅིག །བགེགས་ཀྱི་བར་ཆད་ཐམས་ཅད་ཞི་བར་གྱུར་ཅིག །སྔར་གྱི་གནོད་པ་འཕྲོ་བསྡུས་ལ། ཕྱིན་ཆད་མི་བྱེད་པའི་དམ་བཅའ་བརྟན་པོ་ཁས་ལོངས་ཤིག །ཅེས་བཀའ་བསྒོས་ལ། དྲི་ཆབ་འཐོར་བཞིན་དུ་དམ་བསྒྲག་སྟེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་བསྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་མཆོག །རྡོ་རྗེ་བདུན་རྩིའི་ཆུ་འདིས་འགྲུབ། །ཅི་སྟེ་དམ་ཚིག་ལས་འདས་ན། །རྡོ་རྗེ་འཛིན་རྒྱལ་ཁྲོས་ནས་ཀྱང་། །དེ་མ་ཐག་ཏུ་བཀས་ནས་ནི། །བདུན་རྒྱུད་རིགས་ཀྱང་བརླག་པར་བྱེད། །ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཧ་ན་ཧ་ན་ཧཱུཾ་ཕཊ། རྡོ་རྗེ་ཆེན་པོ་མཆོག་འཛིན་པ། །མགོན་པོ་ཆེན་པོས་བྱིན་རླབས་པས། །བློ་ལྡན་གང་ཞིག་འདའ་བ་ནི། །རྡོ་རྗེ་འཛིན་པས་མོད་ལ་སྤོང་། །སྤངས་པའི་སེམས་ཅན་ཆེན་པོ་སྟེ། །ཇི་སྙེད་འཁོར་བའི་སྤྱོད་རྒྱུད་དུ། །ངན་སོང་གསུམ་དུ་ཡང་ནས་ཡང་། །ཤིན་ཏུ་མི་བཟད་ཆོ་ངེས་འདེབས། །བདག་ཉིད་ཆེན་པོ་སངས་རྒྱས་བཀའི། །ཚིག་ལས་འདས་ན་རྡུལ་ཕྲན་བཞིན། །ང་ནི་དབང་ཕྱུག་ཆེན་པོ་སྟེ། །རྒྱལ་ཆེན་རིགས་བཞི་ང་ཡི་གཡོག །ལྷ་སྲིན་སྡེ་བརྒྱད་ང་ཡི་བྲན། །དམ་ཚིག་དག་ལས་འདའ་མ་བྱེད། །དེ་ལྟར་ཁྱོད་ཀྱིས་ཤེས་གྱིས་ལ། །བདེ་བར་གཤེགས་པའི་བཀའ་མ་བཅག །དམ་པ་ཆོས་ཀྱི་གཞུང་མ་དབྲལ། །སེམས་ཅན་དམྱལ་བའི་རྒྱུ་མ་གསོག །རྣལ་འབྱོར་རྣམ་ཀྱི་བཀའ་མ་འདའ། །སྔགས་ཀྱི་དམ་ཚིག་ཚུལ་མ་བཤིག །ཅེས་བསྒྲག །སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་དུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་ཡིས། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཐམས་ཅད་བསྲུང་བའི་དགེ་སློང་དག །སྡུག་བསྔལ་ཀུན་ལས་ངེས་པར་གྲོལ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ། །ཞེས་པས་ཆོས་སྦྱིན་བྱིན་ལ། གནོད་པའི་ལས་སྤང་བར་གདམས་པ་ནི། རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང་། །དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་ནི། །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེའང་དེ། །མཚོན་ཆས་མི་འཇིགས་གང་ཡང་མེད། །འཚོ་བའི་སྲོག་ལ་ཀུན་ཀྱང་འཛེམ། །རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ༀ། ཆེན་པོའམ་ཆུང་ངུ་གང་དག་གི །ལུས་ལ་མངོན་པར་གནོད་གྱུར་པའི། །ནད་དེ་ཉེ་བར་ཕྱུངས་ནས་སུ། །གདོན་དེ་རང་གི་གནས་སུ་དེངས། །ༀ་སརྦ་བིགྷྣཾ་ཡ་ཧི་གཙྪ། ཞེས་དང་། ༀ་སུ་མྦྷ་ཞེས་སོགས་ཀྱི་རང་རང་གི་གནས་སུ་བསྐྲད་ཅིང་། གཏོར་མ་འཕྲལ་དུ་གཤེགས་ན་བགེགས་གཏོར་དེ་ཉིད་དུ་བཏང་། །ཆ་དང་པོ་གཉིས། འཇིག་རྟེན་སྐྱོང་བ་གྲགས་ལྡན་པ། །གཙང་རིགས་དཔལ་མགོན་བདུན་ཅུ་ལྔ། །འཁོར་དུ་གཏོགས་པའི་སྡེ་བརྒྱད་སོགས། །མི་དང་མི་མིན་འབྱུང་པོའི་ཚོགས། །བདག་གི་རྣམ་ལྔའི་མཆོད་པ་དང་། །མཆོད་སྦྱིན་གཏོར་མ་བླང་བར་མཛོད། །དེ་དག་རྣམས་ཀྱི་བརྩོན་འགྲུས་དང་། །གཟི་བརྗིད་དབང་ཕྱུག་སྟོབས་ཀྱིས་ཀྱང་། །མི་ཤིས་པ་ཀུན་འཇོམས་གྱུར་ཅིག །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །ཞེས་སོགས་ཀྱིས་གཙང་སར་དབུལ་ལོ། །དེ་ནས། ༀ་བཛྲ་ས་ཏྭ་ཧཱུཾ། ཞེས་པས། བདག་ཉིད་རྡོར་སེམས་སུ་ང་རྒྱལ་འཕོས་ཏེ། མདུན་བསྐྱེད་ཀྱི་དཀྱིལ་འཁོར་གསལ་བཏབ་ནས། ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་ཏྭ་ས་པ་རི་ཝཱ་ར་ཨརྒྷཾ་ལ་སོགས་པས་མཆོད། བསྟོད་པར་འོས་པ་ཐམས་ཅད་ལ། །ཞེས་སོགས་ཀྱི་བསྟོད་ནས། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་བདག་ཅག །རྣམས་ལ་དགོངས་སུ་གསོལ། ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་རྣམས་སྐུ་ཚེ་བརྟན་ཞིང་ཐུགས་ཀྱི་བཞེད་པའི་དོན་ལྷུན་གྱིས་གྲུབ་པ་དང་། བདག་དང་སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པར་བྱིན་གྱིས་བརླབ་ཏུ་གསོལ། ཁྱད་པར་དུའང་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་སེམས་ཅན་ཐམས་ཅད་ཀྱི་གནས་སྐབས་སུ་མཐར་ཐུག་གི་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འདོད་དོན་ལ་གསོལ་བ་བཏབ། ཡིག་བརྒྱ་བཟླ་ཞིང་། མ་རྙེད་ཡོངས་སུ་མ་ཚང་དང་། ཞེས་སོགས་ཀྱིས་བཟོད་པར་གསོལ། དཀྱིལ་འཁོར་ལ་མི་གཤེགས་ན། འདིར་ནི་གཟུགས་དང་སོགས་ཀྱི་བརྟན་བཞུགས་བྱ། གཤེགས་སུ་གསོལ་ན། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་ཀྱིས་མཐར། ཨ་ཧཾ ཡུ་ཏི་ཛཿ བཛྲ་མུཿ ཞེས་པས་ཡེ་ཤེས་ཀྱི་འཁོར་ལོ་དང་གཏོར་མགྲོན་རྣམས་གཤེགས། དམ་ཚིག་པ་རང་ལ་བསྡུ། རང་ཉིད་ལྷར་གསལ་བའི་སྤྱི་བོ་ནས་ཧཱུཾ་ཡིག་ཞུ་བ་ཐིམ་པས་ལུས་ཐམས་ཅད་རྡོ་རྗེའི་གོ་ཆས་གཏམས་པར་བསམ་ལ། དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་བདེ་ལེགས་སུ་བྱའོ། །དེ་ཡང་ཕྱག་བཞེས་སུ་ཕྱིའི་ཐུགས་དམ་སྐོང་བའི་ཚེ་འདི་ཉིད་སྔར་དཀྱུས་སུ་བཀོད་པ་ལྟར་རྒྱས་པར་བཏང་རྗེས་བརྟན་བཞུགས་བྱས་ནས། མདོ་དབང་མ་གྲོལ་བར་མི་བསྡུ་བར། ཉིན་རེ་ཞིང་བདག་བསྐྱེད་དཀྱིལ་འཁོར་གང་དང་འབྲེལ་བ་དེས་མཛད་ཅིང་མདུན་བསྐྱེད་ཀྱང་སྒོ་འབྱེད་ཀྱི་དུས་ཕྱག་རྡོར། ལྷ་མི་ལ་རྣམ་སྣང་། ཉན་རང་ལ་ཤཱཀ་ཐུབ་སོགས་གཙོ་བོ་སྐབས་ཐོབ་ཀྱིས་བསྒྱུར་བར་མཛད་མོད། འོན་ཀྱང་དེ་ལྟར་མ་འགྲུབ་ན། བདག་བསྐྱེད་སོ་སོས་བྱས་ཕྱིར་མདུན་སྐྱེད་མ་བསྒྱུར་བར་ཐམས་ཅད་ཀྱི་གཙོ་བོ་རྡོར་སེམས་རང་བསྒོམས་ཀྱང་མི་འགལ་ལམ་སྙམ་སྟེ། རྡོ་རྗེ་སེམས་དཔའ་ནི་རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བྱེད་དུ་འགྲོ་བའི་ཕྱིར་དང་། ད་ལྟ་ཡོངས་གྲགས་ཀྱི་ཡིག་ཆ་ཟུར་ཧམ་ལུགས་ལས་ཀྱང་། སྒོ་འབྱེད་ཀྱི་དཀྱིལ་འཁོར་དང་སྦྲེལ་ནས་གཙོ་བོ་མ་བརྗེས་པར་མ་ཟད། ཕྱག་རྡོར་དཀྱིལ་འཁོར་གྱི་ལྷ་ཡང་རྡོར་སེམས་ཀྱི་ཐུགས་ཀ་ནས་སྤྲོས་ཏེ་སྒོམ་པ་སོགས་མཛད་པའི་ཕྱིར་རོ། །གལ་ཏེ་གོ་ཡུལ་གྱིས་མ་ཤོད་ན། སྔོན་འབྲོ་ཕྱིའི་ཐུགས་དམ་སྐོང་བའི་སྐབས་སུ་ཆ་གསུམ་གྱི་དཀྱིལ་འཁོར་བཞེངས་ཤིང་ཆོ་ག་ཟིན་མ་ཐག་བསྡུས་ལ། དེ་ཕྱིན་དཀྱིལ་འཁོར་སོ་སོའི་སྒྲུབ་མཆོད་ཀྱི་ཚེ་རང་རང་གི་སྐབས་བབས་ཀྱི་དུས་དེ་དང་དེར། འདས་གཏོར་དང་བཅས་ཏེ་ཆ་བཞི་པའི་གཏོར་ཆོག་རྐྱང་པ་བཏང་བས་ཆིག་ཅིང་། ཕྱག་ལེན་དུའང་འདི་ལྟར་མཛད་པ་ཤས་ཆེའོ། །ཚུལ་འདི་ཀུན་ལ་གྲགས་ན་ཡང་། །ལྷག་ཆད་ནོར་བས་གཙང་དག་དཀོན། །ངག་ལ་དབང་ཐོབ་ལེགས་བཤད་འདི། ཆོས་མིག་ཅན་གྱི་དཔལ་དུ་འགྱུར། །ཆ་གསུམ་དཀྱིལ་འཁོར་གྱི་སྒྲུབ་ཐབས་གཏོར་ཆོག་དང་བཅས་པའི་ཁ་ཚན་ནོ།། །།

༈ ༀ་སྭ་སྟི། འཇིགས་རུང་ངན་སོང་གནས་ཟབ་ལས། །འགྲོ་ཀུན་འདྲེན་མཛད་གཏེར་བདག་གླིང་། །དབྱེར་མེད་ཕྱག་ན་རྡོ་རྗེ་ལ། །བཏུད་ནས་དེ་ཡི་སྒྲུབ་ཐབས་བཤད། །འདིར་ཕྱག་ན་རྡོ་རྗེ་ངན་སོང་གནས་འདྲེན་ཞེས་བྱ་བ་གབ་པའི་དབང་ལེ་དང་པོ་ལ་བརྟེན་པའི་དཀྱིལ་འཁོར་ནི། གང་དུ་བྱ་བའི་གཞིར་ཆག་ཆག་གདབ་པ་དང་། ཐིག་ཚོན་བྱིན་རླབས་སྔར་ལྟར་བྱས་ལ། དཀྱིལ་འཁོར་གྲུ་བཞི་སྒོ་བཞི་རྟ་བབས་སྣམ་བུ་བཞི་པ། དབུས་འཁོར་ལོའི་ལྟེ་བ་མཐིང་ག །མུ་ཁྱུད་ལྕགས་ཁ། རྩིབས་བཞི་སེར་པོ། ཁོར་ཡུག་པདྨ། རྡོ་ར། འོད་ཕྲེང་སྟེ་ཚོན་ལྷག་མ་སྤྱི་དང་འདྲ་ཞིང་། ལྷ་མཚན་ཇི་ལྟར་རིགས་པ་དགོད། བུམ་པ་གཉིས་གུ་གུལ་གྱིས་བདུག་ཅིང་དྲག་སྔགས་བཟླས་པའི་ཐུན་གྱིས་བྲབ། དྲིའི་ཆུས་སུམ་གཉིས་བཀང་ཞིང་རྫས་ཉེར་ལྔ་བླུག །མགུལ་ཆིངས་སོགས་ཆས་སུ་བཅུག་པ་ཁ་རྒྱུན་དང་བཅས་ཏེ། རྣམ་བུམ་དཀྱིལ་འཁོར་གྱི་དབུས་སུ་མཉྫི་ལ་འགོད། ཙཀླི་རྣམས་ཀྱང་ཇི་ལྟར་རིགས་པའི་གནས་སུ་བཤམ། དཀྱིལ་འཁོར་གྱི་མདུན་དུ་འདས་གཏོར་དང་། མཐའ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ཀྱིས་བསྐོར། ཆ་གསུམ་གཏོར་མའང་ཅི་བདེར་བཤམ། རང་གི་མདུན་དུ་ལས་བུམ། དྲི་ཆབ་འཐོར་གཡབ་དང་བཅས་པ། རྡོར་དྲིལ། འཐོར་ནས་སོགས་ཉེར་མཁོ་ཐམས་ཅད་ཚོགས་པར་བྱ། དེ་ནས་སྟན་བདེ་བ་ལ་འདུག་སྟེ་རྒྱུད་སྦྱང་བ་ནི། བླ་མ་དང་དཔལ་ཕྱག་ན་རྡོ་རྗེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སད་པའི་སྤྱན་སྔར། བདག་དང་མཁའ་མཉམ་སེམས་ཅན་རྣམས། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དེ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱིས་ལུས་དབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ལན་གསུམ་གྱིས་རྒྱུད་དག་པར་བྱས་ནས། ཛཿཧཱུཾ་བཾ་ཧོཿས། ཚོགས་ཞིང་རྣམས་རང་ལ་བསྡུས། ཆོས་ཐམས་ཅད་རང་སེམས་ཀྱི་སྣང་བ་ཙམ་སྟེ། དེ་ཡང་སྒྱུ་མ་ལྟ་བུའོ་ཞེས་དེའི་ངང་ལ་དར་གཅིག་བཞག །དེ་ནས་བད ག་སྐྱེད་བནི། ༀ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭཱ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད་པས་སྒྱུ་མར་སྣང་བ་དེ་ཡང་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པདྨ་དང་ཉི་ཟླའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། བདག་ཉིད་བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་འབར་བ་ཆེན་པོའི་འོད་ཟེར་ཅན། ཞལ་གཅིག་ཕྱག་གཉིས་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་པ། སྨ་ར་དང་སྨིན་མ་དམར་སེར་འབར་ཞིང་དབུ་སྐྲ་གྱེན་དུ་འཁྱིལ་བ་རྡོ་རྗེའི་བ་སྤུ་ཅན། ཕྱག་གཡས་རྡོ་རྗེ་དང་གཡོན་སྡིགས་མཛུབ་མཛད་པ། སེང་གེའི་པགས་པ་དང་། བ་ཏི་ཁྲ་བོ་དང་དར་སྔོན་པོས་སྟོད་གཡོགས་ཤིང་། སྟག་གི་པགས་པའི་ཤམ་ཐབས་དཀྲིས་པ། སྦྲུལ་གྱི་རྒྱན་དང་རིན་པོ་ཆེའི་ཅོད་པན་ཅན། ཞབས་གཉིས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱིས་མེ་དཔུང་འབར་བའི་ཀློང་ན་བཞུགས་པ། དེའི་དཔྲལ་བར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཧཱུཾ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས། གཉིས་སུ་མེད་པར་བསྟིམ། ཏིཥྛ་བཛྲེ་སྭཱ་ཧཱས་བརྟན་པར་བྱས། སྤྱི་བོའི་གནས་ལྔར་ༀ་ཧཱུཾ་ཏྲཱཾ་ཧྲཱིཿཨཱ་གནས་པ་ཞུ་བ་ལས་བྱུང་བའི་ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་དབང་བསྐུར་བས་མི་བསྐྱོད་པ་བདག་པོར་གྱུར་པའི་རིགས་ལྔས་དབུ་བརྒྱན་པར་གྱུར། སླར་ཡང་གནས་གསུམ་གྱི་ཡི་གེ་ལས་འོད་ཟེར་འཕྲོས་རྡོ་རྗེ་གསུམ་གྱི་ལྷ་ཚོགས་སྤྱན་དྲངས་པ་ཐིམ་པས་བྱིན་གྱིས་བརླབས་པར་གྱུར། རང་གི་སྲོག་གི་གོར་རང་འདྲ་བའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་རྡོ་རྗེའི་ལྟེ་བར་ཧཱུཾ་ཡིག་བཟླ་བྱའི་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། ཁམས་གསུམ་ཐམས་ཅད་སྣང་བར་བྱས། །ངན་སོང་རྣམས་སྦྱངས། སེམས་ཅན་ཐམས་ཅད་སེམས་ཉོན་མོངས་པའི་འཆིང་བ་ལས་རྣམ་པར་གྲོལ་ཏེ་སངས་རྒྱས་ཀྱི་ཞིང་དུ་བསྒྲལ་བར་བསམ་ལ། ༀ་ནཱི་ལཾ་ཝ་ར་ངྷ་ར་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་ཅི་ནུས་བཟླས་ལ། ལས་བུམ་དང་དྲི་ཆབ་བསྒྲུབ་སྟེ། རང་གི་ཐུགས་ཀ་ནས་བདུད་རྩི་འཁྱིལ་བ་ལྗང་མདོག་རྒྱ་གྲམ་དང་དྲིལ་བུ་བསྣམས་པ་དར་དང་རིན་པོ་ཆེས་བརྒྱན་པ་ཕྱུངས་ནས་བུམ་ནང་པད་ཉིའི་གདན་ལ་སེམས་སྐྱིལ་གྱིས་གནས་པ། དེའི་ཐུགས་ཀ་ནས་བགེགས་མཐར་བྱེད་ལྗང་ནག་རྒྱ་གྲམ་བསྣམས་པ་ཞིག་ཕྱུངས་ཏེ་དྲི་ཆབ་ཀྱི་ནང་དུ་པད་ཉིའི་གདན་ལ་འཁོད་པ ར་བསམ་ཞིང་། དེ་གཉིས་ལ། ༀ་བཛྲ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ་ནས། ཤཔྡའི་བར་གྱིས་མཆོད། འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་སོ་སོར་རེག་ལ། ལས་བུམ་དུ། ༀ་ཨཱཿ བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུཾ་ཕཊ། ཅེས་དང་། དྲི་ཆབ་ལ། ༀ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུཾ་ཕཊ། ཅེས་བཟླས་པས་བྱིན་གྱིས་བརླབས་ནས། འཁྱིལ་བ་དང་བགེགས་མཐར་བྱེད་ཀྱི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ་ཞིང་། ༀ་སྭ་བྷཱ་ཝ་བི་ཤུདྡྷེ་དྷརྨ་ཏཱ་བཛྲ་སིདྡྷི་ཧཱུཾ། ཞེས་པས་དྲི་ཆབ་དང་། ཨ་མྲྀ་ཏའི་སྔགས་ཀྱིས་བུམ་ཆུ་སྟེ། གནས་ཡོ་ཐམས་ཅད་ལ་བསངས་གཏོར་བྱའོ། །དེ་ནས་མཆོད་རྫས་རྣམས། བིགྷྣཱཾ་དང་། ཨ་མྲྀ་ཏ་ས་བསང་། རཾ་ཡཾ་ཁཾ་གིས་ཉེས་སྐྱོན་རྣམས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་དུ་ༀ་ཡིག་ཞུ་བ་ལས་བྱུང་བའི་མཆོད་རྫས་རྣམས་འདོད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་སྤྲིན་འཕྲོ་བར་བསམ་ལ། ༀ་བཛྲ་ཨརྒྷཾ་ཨཱཿཧཱུཾ་ནས། ཤཔྡའི་བར་བརྗོད་པས་བྱིན་གྱིས་བརླབ་བོ། །དེ་ནས་མདུན་བསྐྱེད་སྒྲུབ་པ་ནི། སྭ་བྷཱ་ཝས། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་རྒྱལ་བའི་སྤྲིན་ཕུང་མཐའ་ཡས་པར་འཕྲོ་བ་སད་དེ། སྐུའི་འོད་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀུན་ཏུ་སྣང་བར་བྱས་ཤིང་སྦྱངས། ངན་སོང་གི་རྒྱུད་ཐམས་ཅད་ལ་ཀུན་ཏུ་གཟིགས་ཏེ་ཐུགས་ཀ་ནས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཧཱུཾ་ཡིག་གིས་མཚན་པ་འོད་འཕྲོ་བ་ཞིག་ཕྱུངས་ཏེ་གནས་པར་གྱུར། དེ་ལས་འོད་ཟེར་འཕྲོས། མ་དག་པའི་སྣོད་ཐམས་ཅད་སྦྱངས་ནས་རྡོ་རྗེ་སྲུང་བའི་གུར་ཁང་ཡེ་ཤེས་ཀྱི་མེ་འབར་བས་ཡོངས་སུ་བསྐོར་བའི་ནང་པད་ཉིའི་སྟེང་དུ་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་རྫོགས་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་ནང་ནས་རིམ་པ་བཞིན་མཐིང་དཀར་སེར་དམར་ལྗང་བའི་རྩིག་པ་རིམ་པ་ལྔས་བསྐོར་བའི་སྟེང་དུ་ཕ་གུ་དང་དྲྭ་བ་དྲྭ་ཕྱེད་ཤར་བུ་མདའ་ཡབ་དང་བཅས་པ། རྩིག་པའི་རྩ་བར་འདོད་སྣམ་དམར་པོ་ལ་གཟུངས་མ་རྣམས་འཁོད་པ། ནང་ཀ་བ་བརྒྱད་ཀྱི་བཏེགས་ཤིང་རྡོ་རྗེའི་གདུང་གིས་ཕུབ་པའི་ཡ་ཕུབ་ཕྱུར་བུའི་རྩེར་རྡོ་རྗེའི་ཏོག་གིས་སྤྲས་པ། སྒོ་བཞིར་ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས་སྣམ་བུ་བཞི་པ་ཆོས་འཁོར་རི་དྭགས་གདུགས་དང་བཅས་པ། སྟེང་འོག་ཐམས་ཅད་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་སྔོ་བ་དྭངས་ཤིང་སྒྲིབ་པ་མེད་པ་ཀུན་ཏུ་གསལ་བ། གདུགས་དང་རྒྱལ་མཚན་བ་དན་ལ་སོགས་རྒྱན་ཐམས་ཅད་ཀྱིས་མཛེས་པར་བརྒྱན་པའི་དབུས་སུ་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་པདྨ་དང་ཉི་ཟླ་བརྩེགས་པའི་གདན་གྱི་སྟེང་དུ་ནམ་མཁར་གནས་པའི་རྡོ་རྗེ་བཞུགས་པར་གྱུར། དེ་ལས་འོད་ཟེར་འཕྲོས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་ཏེ་མཁའ་ཁྱབ་ཏུ་བཞུགས་པའི་རྒྱལ་བ་ཐམས་ཅད་སྤྱན་དྲངས། རྡོ་རྗེའི་ལྟེ་བའི་ཧཱུཾ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་འབར་བ་ཆེན་པོའི་འོད་ཟེར་ཅན། ཞལ་གཅིག་ཕྱག་གཉིས་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་པ། སྨ་ར་དང་སྨིན་མ་དམར་སེར་འབར་ཞིང་དབུ་སྐྲ་གྱེན་དུ་འཁྱིལ་བ་རྡོ་རྗེའི་བ་སྤུ་ཅན། ཕྱག་གཡས་རྡོ་རྗེ་དང་གཡོན་སྡིགས་མཛུབ་མཛད་པ། སེང་གེའི་པགས་པ་དང་། བ་ཏི་ཁྲ་བོ་དང་དར་སྔོན་པོས་སྟོད་གཡོགས་ཤིང་། སྟག་གི་པགས་པའི་ཤམ་ཐབས་དཀྲིས་པ། སྤྲུལ་གྱི་རྒྱན་དང་རིན་པོ་ཆེའི་ཅོད་པན་ཅན། ཞབས་གཉིས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱིས་མེ་དཔུང་འབར་བའི་ཀློང་ན་བཞུགས་པ། ཤར་གྱི་རྩིབས་ལ་སྒེག་མོ་དཀར་མོ་མེ་ལོང་། ལྷོར་མཱ་ལེ་མ་སེར་མོ་ཕྲེང་བ། ནུབ་ཏུ་གླུ་མ་དམར་མོ་པི་ཝཾ། བྱང་དུ་གར་མ་ལྗང་གུ་གར་རྒྱ། གྲྭ་བཞིའི་ཤར་ལྷོར་སྤོས་མ་དཀར་སེར། ལྷོ་ནུབ་ཏུ་མེ་ཏོག་མ་དམར་སེར། ནུབ་བྱང་དུ་མར་མེ་མ་དམར་ལྗང་། བྱང་ཤར་དུ་དྲི་ཆབ་མ་དཀར་ལྗང་། ཤར་སྒོར་ལྕགས་ཀྱུ་མ་དཀར་མོ། ལྷོ་སྒོར་ཞགས་པ་མ་སེར་མོ། ནུབ་སྒོར་ལྕགས་སྒྲོག་མ་དམར་མོ། བྱང་སྒོར་དྲིལ་བུ་མ་ལྗང་གུ། ཐམས་ཅད་ཀྱང་ཁྲོ་འཛུམ་ཆགས་པའི་ཉམས་ཅན། རང་རྟགས་ཀྱི་ཕྱག་མཚན་འཛིན་ཞིང་། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། གཡོན་བརྐྱང་བའི་སྟབས་ཀྱིས་པད་ཟླའི་གདན་ལ་རོལ་བ། ཁྱམས་ལ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ལ་སོགས་པ་སྲུང་མ་ཐུགས་དམ་ཅན་རྣམས་བཞུགས་པར་གྱུར། དེ་ཐམས་ཅད་ཀྱི་དཔྲལ་བར་ༀ་དཀར་པོ། མགྲིན་པར་ཨཱ༔དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཧཱུཾ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་བསམ་ལ། ཧཱུཾ། དམིགས་མེད་མཁའ་ལྟར་ཁྱབ་ཅིང་དག་པའི་སྐུ། །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་། །ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། །ༀ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་པས་གཉིས་སུ་མེད་པར་བསྟིམ་ཞིང་བརྟན་པར་བྱས། ལྷ་ཐམས་ཅད་ཀྱི་སྤྱི་བོར་ཧཱུཾ། དཔྲལ་བར་ༀ། རྣ་ལྟག་གཡས་སུ་ཏྲཱཾ། ལྟག་པར་ཧྲཱི༴ རྣ་ལྟག་གཡོན་པར་ཨཱི་ཿགནས་པར་གྱུར། ༀ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿ ཞེས་བརྗོད་པས་ཡི་གེ་ལྔ་ཞུ་བ་ལས་བྱུང་བའི་ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་དབང་བསྐུར། སྐུ་གང་། དྲི་མ་དག །ལྷག་མ་དབང་གནས་སུ་འཁྱིལ་བ་ལས་མི་བསྐྱོད་པ་བདག་པོར་གྱུར་པའི་རིགས་ལྔས་དབུ་བརྒྱན་པར་བསམ། སླར་ཡང་གནས་གསུམ་གྱི་ཡི་གེ་ལས་འོད་ཟེར་འཕྲོས། རྡོ་རྗེ་གསུམ་གྱི་ལྷ་ཚོགས་སྤྱན་དྲངས་ཏེ་ཐིམ་པས། དཔྲལ་བའི་ༀ་ཡིག་སྐུ་རྡོ་རྗེ། མགྲིན་པོའི་ཨཱཿཡིག་གསུང་རྡོ་རྗེ། སྙིང་གའི་ཧཱུཾ་ཡིག་ཐུགས་རྡོ་རྗེའི་བདག་ཉིད་དུ་བྱིན་གྱིས་བརླབས། དེ་ནས། རང་གི་ཐུགས་ཀ་ནས་སྤྲོས་པའི་མཆོད་སྤྲིན་མཐའ་ཡས་པས་མཆོད་པར་བསམ་ཞིང་། འཇིག་རྟེན་ཁམས་ནི་དཔག་མེད་ན། མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །གསང་བདག་འཁོར་དང་བཅས་ལ་འབུལ། །ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་པཱ་ཎི་ས་པ་རི་ཝཱ་ར་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུཾ། མཆོད་ཡོན་གྱི་གནས་སུ། ཞབས་བསིལ་སོགས་དང་། ༀ་རྒྷཾ་གྱི་གནས་སུ། པཱ་དྱཾ་སོགས་བཅུག་སྟེ། ཤཔྡའི་བར་རང་རང་གི་ཕྱག་རྒྱས་དབུལ། བསྟོད་པ་ནི། ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །བུ་གཞིན་སྐྱོང་བའི་ཐུགས་མངའ་བ། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །བླ་མེད་མགོན་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །སྐུ་མདོག་སྔོན་པོ་འོད་ཟེར་འབར། །ཐུགས་རྗེའི་སྟོབས་ཀྱིས་གདུག་པ་འདུལ། །རྡོ་རྗེ་བསྣམས་ལ་ཕྱག་འཚལ་བསྟོད། །གཟུགས་མཛེས་ཕྲེང་བ་དབྱངས་སྙན་གར། །ཉེར་སྤྱོད་བཞི་དང་ཕྱག་རྒྱ་བཞིས། །རྒྱལ་བ་ཐམས་ཅད་མཉེས་མཛད་མ། །ལྷ་མོ་བཅུ་གཉིས་ལ་ཕྱག་འཚལ། །ལས་ཀྱི་གནོད་སྦྱིན་ཆེན་པོ་ནི། །འཇིགས་སུ་རུང་བའི་ཆ་བྱད་ཅན། །ཐམས་ཅད་མ་ལུས་འདུལ་མཛད་པ། །འཇིགས་བྱེད་ཁྱོད་ལ་ཕྱག་འཚལ་བསྟོད། །བསྟོད་པར་འོས་པ་སོགས་ཀྱིས་ཀྱང་བསྟོད་དོ། །དེ་ནས་བཟླས་པ་ནི། གཙོ་བོའི་སྲོག་གི་གོར་རང་འདྲ་བའི་ཡེ་ཤེས་སེམས་དཔའ། །དེའི་ཐུགས་ཀར་རྡོ་རྗེའི་ལྟེ་བར་ཧཱུཾ་ཡིག་བཟླ་བྱའི་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། ཁམས་གསུམ་ཐམས་ཅད་སྣང་བར་བྱས། ངན་སོང་རྣམས་སྦྱངས། སེམས་ཅན་ཐམས་ཅད་ཀྱི་སེམས་ཉོན་མོངས་པའི་འཆིང་བ་ལས་རྣམ་པར་གྲོལ་ཏེ་སངས་རྒྱས་ཀྱི་ཞིང་དུ་བསྒྲལ་བར་བསམ་ཞིང་། ༀ་ནཱི་ལི་ཝཱ་ར་དྷ་ར་བཛྲ་པཱ་ཎི་ར་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་པ་ཅི་ནུས་བཟླ་ཞིང་། མཇུག་ཏུ་རྩ་སྔགས་ཀྱི་ཤམ་བུར། ༀ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ༀ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ༀ་མ་ཐ་མ་ཐ་སརྦ་ཏི་རྻཀ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ཅེས་བཏགས་པའང་ཅུང་ཟད་བཟླས་པའི་ནུས་པ་བྱེ་མའམ་ཡུངས་ཀར་ལ་བསྟིམ་མོ། །མཇུག་ཏུ་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་སེམས་སྡིག་སྒྲིབ་ཉེས་ལྟུང་གི་འཆིང་བ་ལས་རྣམ་པར་གྲོལ་བ་མཛད་དུ་གསོལ། ཞེས་གསོལ་བ་གདབ་བོ། །དེ་ནས་རྣམ་བུམ་བསྐྱེད་ཆོག་ནི། དྲི་ཆབ་དང་ལས་བུམ་གྱི་ཆུ་འཐོར་ཞིང་། བིགྷྣཱན་དང་། ཨ་མྲྀ་ཏ་ས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་ཡེ་ཤེས་རིན་པོ་ཆེའི་རང་བཞིན་ཅན་གྱི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པད་ཉི་ཟླ་བའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་གསང་བའི་བདག་པོ་སྐུ་མདོག་སྔོན་པོ་རྡོ་རྗེ་དང་སྡིགས་མཛུབ་མཛད་པའི་སྐུར་གྱུར། དེའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་བསྟིམ། ཏིཥྛ་བཛྲ་སྭཱ་ཧཱ་ས་བརྟན། ༀ་ཧཱུཾ་ཏྲཱཾ་ཧྲཱིཿ ཨཱཿས་དབང་བསྐུར། ༀ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབ། ༀ་བཛྲ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ་ནས། ཤཔྟའི་བར་གྱིས་མཆོད། བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །སྐུ་མདོག་སྔོན་པོ་འོད་ཟེར་འབར། །ཐུགས་རྗེའི་སྟོབས་ཀྱིས་གདུག་པ་འདུལ། །རྡོ་རྗེ་བསྣམས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། གཟུངས་ཐག་ལ་འཇུས་ཏེ། བདག་གི་ཐུགས་ཀ་ནས་སྔགས་ཕྲེང་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་ཐུགས་རྒྱུད་བསྐུལ། སྐུའི་ཆ་ཐམས་ཅད་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ཞིང་། ༀ་ནཱི་ལཾ་ཝཱར་དྷ་ར་ཅི་ནུས་བཟླས་མཐར་སྔགས་དེ་ཉིད་ཀྱིས་མཆོད་ཡོན་ཕུལ་བས། བུམ་ནང་གི་ལྷ་སྔར་བས་གསལ་ཞིང་བུམ་ཆུའི་རྡུལ་ཕྲ་རབ་རེ་རེ་བཞིན་ཡང་འདོད་པ་མ་ལུས་པ་ཡོངས་སུ་སྐོང་བའི་ནུས་པ་ཅན་དུ་གྱུར་པར་བསམ་ལ། བུམ་ཆུ་རང་གི་སྤྱི་བོར་གཏིགས་ཤིང་ཁར་བཏུང་། ཧཱུཾ་ལན་བཞི་བརྗོད་ཅིང་སྤྱི་མགྲིན་སྙིང་ག་ལྟེ་བ་བཞིར་ཐིག་ལེ་བྱས་པས། བདག་དང་ལྷའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་གཉིས་མེད་དུ་རིག་པར་བྱའོ། །དེ་ནས་གཏོར་མ་བཏང་ཞིང་དབང་བསྐུར་བ་ནི། འདས་གཏོར་དང་ཆ་གསུམ་གཏོར་མ་སྔར་བཤད་པ་བཞིན་དང་། དབང་ཆོག་ལྟར་མཆོག་དབང་བཅུ་དྲུག་བསྐུར་བར་བྱའོ། །དེ་ནས་རྗེས་ཆོག་ནི། མཆོད་པ་ཁ་གསོས་ལ། ༀ་བཛྲ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ་སོགས་ཀྱིས་མཆོད། བསྟོད་པར་འོས་པ་སོགས་ཀྱི་བསྟོད། ཡིག་བརྒྱ་བཟླ་ཞིང་། མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་པ་བཤགས། རས་བྲིས་ཡིན་ན། འདིར་ནི་གཟུགས་དང་སོགས་ཀྱིས་བརྟན་བཞུགས་བྱ། རྡུལ་ཚོན་ཡིན་ན། ༀ། ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། སོགས་ཀྱི་མཐར། བཛྲ་མུཿས། ཡེ་ཤེས་པ་གཤེགས། དམ་ཚིག་གི་འཁོར་ལོ་རྣམས་རང་ལ་ཐིམ། བདག་ཉིད་ཐུགས་སྲོག་ཧཱུཾ་གི་ནཱ་དའི་བར་བསྡུ། དེ་ཡང་མི་དམིགས་པའི་དབྱིངས་སུ་ཐིམ་པའི་ངང་ལ་མཉམ་པར་བཞག །དེ་ལས་སྐད་ཅིག་གིས་ལྷར་ལངས་པའི་སྤྱི་བོ་ནས་ཧཱུཾ་ཡིག་ཞུ་བ་ཐིམས་པས་ལུས་ཐམས་ཅད་རྡོ་རྗེའི་གོ་ཆས་གཏམས་པར་བསམ་ལ། དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །གསང་བདག་སྒྲུབ་ཐབས་ངག་འདོན་ཁྲིགས། གབ་པའི་དབང་ལེའི་དགོངས་པ་སྟེ། འདུས་པ་མདོ་ཡི་ཆོས་ཀྱིས་སྒོ། ཐོག་མར་འབྱེད་བྱེད་ངོ་མཚར་དཔལ། སྒོ་འབྱེད་ཕྱག་རྡོར་ངན་སོང་གནས་འདྲེན་གྱི་སྒྲུབ་ཐབས་ལེ་ཚན་ནོ། །འདུས་པ་མདོའི་ཡན་ལག་གི་དཀྱིལ་འཁོར་རྣམས་ཀྱི་སྒྲུབ་དཀྱིལ་དངོས་གྲུབ་འདོད་འཇོ་ལས ། སྔོན་འགྲོའི་དཀྱིལ་འཁོར་གཉིས་བཤད་པའི་སྐབས་ཏེ་དང་པོའོ།། །།

༈ ༀ་སྭ་སྟི། མངོན་མཐོའི་ཐེམ་སྐས་ལ་བརྟེན་ནས། ཐར་པའི་གྲོང་དུ་འཁྲིད་མཁས་པ། །གཏེར་ཆེན་བླ་མ་ལ་བཏུད་དེ། །ལྷ་མིའི་ཐེག་པའི་སྒྲུབ་ཐབས་བཤད། །དངོས་གཞི་ཆུ་བོ་བཞིའི་དང་པོ་རྒྱུད་ཀྱི་ཆུ་བོའི་ཡན་ལག་གི་དཀྱིལ་འཁོར་ལ་དྲུག་ལས། འདིར་དང་པོ་ལྷ་མིའི་དཀྱིལ་འཁོར་ནི། གང་དུ་བྱ་བའི་གཞིར་དྲི་བཟང་པོས་ཆག་ཆག་བཏབ་ལ། དཀྱིལ་འཁོར་རི་རབ་ལྷུན་པོ། རི་བདུན་དང་མཚོ་བདུན་སྤེལ་མས་བསྐོར་བའི་ཕྱོགས་བཞིན་གླིང་བཅུ་གཉིས་ཏེ། ཤར་གླིང་གསུམ་དབྱིབས་ཟླ་གམ། ལྷོ་གླིང་གསུམ་སོག་ཁ། ནུབ་གླིང་གསུམ་ཟླུམ་པོ། བྱང་གླིང་གསུམ་གྲུ་བཞི། ཕྱི་ལྕགས་རིས་བསྐོར་བ། རི་རབ་ཀྱི་དབུས་སུ་པདྨ་འདབ་མ་བཞི་པ། ལྕགས་རིའི་ཕྱི་རོལ་ཏུ་ཁྱམས་ཟླུམ་པོ་ལ་གཏོད་པའི་སྒོ་བཞི་རྩིག་པ་ལྗང་གུས་བསྐོར་ཞིང་། རྟ་བབས་སྤངས་པ། རྩིག་པའི་ཕྱ་ནས་འདོད་སྣམ་ཕན་ཆད་སྤྱི་དང་འདྲ་བ། མདའ་ཡབ་ཀྱི་ཕྱི་རོལ་རིན་པོ་ཆེའི་ས་གཞིའ་ི ཁོར་ཡུག་ལ་ལྗོན་ཤིང་དང་ཁྲུས་རྫིང་ལ་སོགས་པས་བརྒྱན་པའི་མཐར་རྡོ་ར་དང་འོད་ཕྲེང་ཚོན་ནི་ལྟེ་བ་དཀར། འདབ་མ་ཕྱོགས་མདོག །རི་རབ། རྒྱ་མཚོ། གླིང་བཅུ་གཉིས་རྣམས་ཤར་དཀར། ལྷོ་སྔོ། ནུབ་དམར། བྱང་སེར་བ། རི་བདུན་སེར་པོ། མཚོ་བདུན་སྔོན་པོ། ལྕགས་རི་ནག་པོ། སྒོའི་ནང་ཁྱམས་སྔོན་པོ་མིག་མངས་རིས་དང་། ཕྱིའི་ཁོར་ཡུག་དཀར་པོ། །སྒོ་ཕན་ཆད་གཞན་ཐམས་ཅད་སྤྱི་དང་འདྲའོ། །དཀྱིལ་འཁོར་གྱི་ལྷ་གནས་རྣམས་སུ་སྐུ་རྟེན་ལྷ་ཙཀ །གསུང་རྟེན་རྒྱ་བོད་ཀྱི་ཡི་གེ །ཐུགས་རྟེན་སཱཙྪ་དཀར་པོ་མི་གྲངས་སམ་སོ་སོའི་ལོ་གྲངས་ཀྱིས་དཀྱིལ་འཁོར་གྱི་མཐའ་བསྐོར། རིན་ཆེན་འབྲུ་སྨན་གྱི་རྫས་དང་དྲིའི་ཆུ་རྟེན་རིང་བསྲེལ་ཅན་ལ་ཁྲུས་བྱས་པའི་ཁྲུས་ཆུ་རྣམས་ཀྱིས་བཀང་བའི་བུམ་པ་མགུལ་ཆིངས་ཁ་རྒྱན་དང་བཅས་པས་བརྒྱན་པ་དཀྱིལ་འཁོར་གྱི་མདུན་དང་། རྫས་དབང་གི་ཙཀླི་རྣམས་ཀྱང་ཅི་བདེར་བཤམ། མཐའ་ཨརྒྷཾ་ལ་སོགས་པའི་མཆོད་པས་བསྐོར་ཞིང་། མདུན་དུ་གཙང་ཞིང་བསོད་པའི་བཟའ་བཅས་བརྒྱན་པའི་འདས་གཏོར་དང་ཆ་གསུམ་ཀྱང་བཤམ། རང་གི་མདུན་དུ་རྡོར་དྲིལ་སྤོས་སྣོད་འཐོར་ནས་སོགས་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །ཆོ་ག་ནི། ཐོག་མར་ཁྲུས་བྱས། དེ་ནས་ཕྱོགས་བཅུའི་འཕགས་པ་ཐམས་ཅད་མངོན་སུམ་པ་ལྟ་བུར་དམིགས་ཏེ་ཕྱག་བྱས་ནས་སྟན་ལ་འདུག་སྟེ། སྐྱབས་སེམས་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་པར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ། ཚད་མེད་བཞི་བསྒོམ་པ་ནི། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག །ཅེས་ལན་གསུམ། དེ་ནས་དཀྱིལ་འཁོར་བསྐྱེད་པ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་། ལྷ་དང་མི་བདེན་ཚིག་གྲུབ་པ་ཐམས་ཅད་ཀྱི་བདེན་པ་དང་། བདག་ཅག་ལ་སོགས་པ་མི་དང་ལྷ་རྣམས་ཀྱི་སྨོན་ལམ་དང་། མོས་པ་དང་། བསོད་ནམས་ཀྱི་སྟོབས་ཀྱིས། དེང་འདིར་དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་དང་། ལྷ་ཆེན་པོ་བཞི་དང་། རྒྱལ་པོ་ཆེན་པོ་བཞི་ལ་སོགས་ཏེ་གཙང་རིས་ཀྱི་མགོན་པོ་ཐུགས་དམ་ཅན་ཐམས་ཅད་ལ་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་བཀོད་པ་མཐའ་ཡས་པའི་ཡོན་ཏན་ད ང་ལྡན་པར་གྱུར་ཏེ། ས་གཞི་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་ལག་མཐིལ་ལྟར་མཉམ་པ། རེག་ན་འཇམ་ཞིང་ཡངས་ལ་མཐའ་གྲུ་ཆེ་བའི་གཞི་ལ། རིན་པོ་ཆེ་སྣ་ཚོགས་ཀྱི་ཕ་གུས་ཟླུམ་པོར་བརྩིགས་པ། ཕྱོགས་བཞིར་སྒོ་བཞི་དོད་པ། རྩིག་པའི་སྟེང་དུ་ཕ་གུ་དྲྭ་བ་དྲྭ་ཕྱེད་ཤར་བུ་མདའ་ཡབ་དང་། རྩ་བར་འདོད་པའི་སྣམ་བུ་དམར་པོས་བསྐོར་བ། དེའི་ནང་དུ་བཻཌཱུརྱའི་རང་བཞིན་གྱི་ཁྱམས་ཀྱིས་ཡོངས་སུ་བསྐོར་བའི་དབུས་སུ། རིན་པོ་ཆེ་སྣ་བཞིའི་རང་བཞིན་ལས་གྲུབ་པའི་ལྷུན་པོ། རྩ་བར་གསེར་གྱི་རི་བདུན། རོལ་པའི་མཚོ་བདུན། ཕྱོགས་བཞི་ན་རྒྱ་མཚོ་ཆེན་པོ་བཞི་དང་། གླིང་བཞི་གླིང་ཕྲན་བརྒྱད། འཁོར་ཡུག་དང་བཅས་པས་ཡོངས་སུ་བསྐོར་བའི་དབུས་ན། རིན་པོ་ཆེ་པདྨའི་རྒྱལ་པོ་འདབ་མ་བཞི་པ་ཡངས་ཤིང་རྒྱ་ཆེ་བ་ཤིན་ཏུ་མཛེས་པར་གྱུར་པ་ལ། འཕགས་པའི་ཚོགས་འཁོར་དང་བཅས་པ་རྣམས་གདན་འཛོམ་པ་ཆེན་པོ་མཛད་པའི་སྟན་སོ་སོའི་སྨོན་ལམ་དང་བསོད་ནམས་ཁྱད་པར་ཅན་གྱི་མངའ་ཐང་དང་འཚམས་པར་གྲུབ་པ་མཛེས་པ་ཤ་སྟག་འབྱུང་བར་གྱུར་ཅིག །ཅེས་ལན་གསུམ་བརྗོད། མཆོད་པ་བྱིན་གྱིས་རློབ་པ་ནི། ཕྱི་ནང་ཀུན་ཏུ་ཡང་ཆ་རིགས་དང་འཚམས་པར་ལྷ་དང་མིའི་ཡོ་བྱད་དམ་པ། ཁ་དོག་དང་། དྲི་དང་། རོ་དང་། རེག་པ་དང་ལྡན་པ་ཡིད་དུ་འོང་བ། གྱ་ནོམ་པའི་ཞལ་ཟས་དང་། ན་བཟའ་དང་། རྒྱན་དང་རོལ་མོ་ལ་སོགས་པ་ཕུལ་དུ་ཕྱིན་པ་སྣ་ཚོགས་པ་མཆོད་པའི་སྤྲིན་རྒྱ་མཚོ་ཐམས་ཅད་ཀྱིས་རྒྱས་པར་བཀང་ཞིང་རྒྱན་ཀླུབས་པ་དང་ལྡན་པར་གྱུར་ཅིག །འཕགས་པའི་ཚོགས་འཁོར་དང་བཅས་པ་ཐམས་ཅད་གདན་འཛོམ་ནས། དེ་བཞིན་དུ་བྱིན་གྱིས་བརླབས་ཤིང་བཞེས་ཏེ་ལོངས་སྤྱོད་པར་གྱུར་ཅིག །ཅེས་ལན་གསུམ་དང་། མཆོད་སྤྲིན་གྱི་གཟུངས། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ན་མོ་བྷ་ག་ཝ་ཏེ་བཛྲ་སྭཱ་ར་པྲ་མརྡ་ནེ། ཏ་ཐཱ་ག་ཏཱ་ཡ་ཨཱརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ༀ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛྭ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲ་སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོདྷ་ན་བཛྲེ་སྭཱ་ཧཱ། ཞེས་པའང་བརྗོད། དེ་ནས་སྤྱན་དྲང་བ་ནི། སྟན་ལས་ལངས་ཏེ། ལག་གཡས་སྤོས་སྣོད་ཐོགས་ཤིང་གཡོན་དྲིལ་བུ་གསིལ་བ་དང་བཅས་ཏེ་འདུན་པ་རྩེ་གཅིག་པས། བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ལ་སོགས་པ་ཕྱོགས་བཅུ་ན་དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། དེ་དག་གིས་ལེགས་པར་གསུངས་པ། ལེགས་པར་བསྒྲུབས་པ། ལེགས་པར་ཐུགས་སུ་ཆུད་པ་དམ་པའི་ཆོས་ཐམས་ཅད་དང་། ཐུགས་ཀྱི་སྲས་སུ་གྱུར་པ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་། གསུང་གི་སྲས་ཉན་རང་འཕགས་པའི་ཚོགས་དང་བཅས་པ་ཐམས་ཅད་དགོངས་སུ་གསོལ། ཐུགས་རྗེ་ཆེན་པོ་དང་། བྱིན་གྱིས་རླབས་པ་བསམ་གྱི་མི་ཁྱབ་པ་མངའ་ཞིང་། འགྲོ་བའི་དོན་དུ་སྨོན་ལམ་ཁྱད་པར་ཅན་མཛད་པ་ལས་གླེངས་ཏེ། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་སྤེལ་བའི་སླད་དུ། དེང་སྤྱན་འདྲེན་ཞིང་མཆི་ན། མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ། བྱིན་གྱིས་རློབ་པར་ཅི་གནང་། ན་མོ། ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ན། རྒྱལ་བ་ཇི་སྙེད་བཞུགས་པ་ཀུན། །སྐུ་གསུམ་མཆོག་ལ་མངའ་བརྙེས་ཤིང་། །གསུང་མཆོག་ཆོས་ཀྱིས་ཉོན་མོངས་སྐྱོབ། །ཉན་ཐོས་རང་རྒྱལ་བྱང་སེམས་ཏེ། །འདས་དང་མ་བྱོན་ད་ལྟར་བཞུགས། །ངག་རྣམས་ཀུན་ལས་བཅུ་གཉིས་འཕགས། །གཞན་གྱི་དོན་ཕྱིར་ལམ་ལ་ཞུགས། །ཉོན་མོངས་སྐྱོབ་པའི་ཚོགས་རྣམས་ཀུན། །བདག་སོགས་སེམས་ཅན་མོས་ཕྱིར་དང་། །ཡོན་མཆོད་ཀུན་ལ་བརྩེ་བའི་ཕྱིར། །དད་པའི་ཤུགས་ཀྱིས་སྤྱན་འདྲེན་ན། །ཐུགས་རྗེའི་སྟོབས་ཀྱིས་གཤེགས་སུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་བཛྲ་དྷཱ་ཏུ་ས་རི་ཛཿཛཿ ཛ་ཧཱུཾ་བཾ་ཧོཿ ས་མ་ཡ་སྟྭཾ། ཞེས་པས་རྒྱལ་བ་སྲས་དང་བཅས་པ་སྤྱན་དྲངས། དེ་ནས་ལྷ་ཆེན་པོ་འཁོར་བཅས་སྤྱན་དྲང་བ་ནི། ལྷའི་འཇིག་རྟེན་མཐོ་རིས་ན་འཕགས་པ་གང་ཡང་དག་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྟོགས་ཤིང་གཟིགས་པ་དང་ལྡན་པས་ཉོན་མོངས་པའི་སྒྲིབ་པ་བསལ་བ་དང་། བསམ་གཏན་དང་། རྣམ་ཐར་དང་། སྙོམས་འཇུག་དང་། གཟུངས་དང་། ཏིང་ངེ་འཛིན་ལ་དབང་དུ་གྱུར་པ། ཐབས་མཁས་པའི་སྤྱོད་པ་དང་ལྡན་པས་ལྷའི་རྒྱལ་པོའི་ཆ་ལུགས་ཀྱིས་ལྷ་མང་པོ་དག་ལ་དགེ་བའི་བཤེས་གཉེན་མཛད་ཅིང་བཞུགས་པ། ལྷ་མང་བོ་གཞན་དག་ཀྱང་དེ་བཞིན་དུ་བདེན་པ་རྟོགས་པ། ཐམས་ཅད་ཀྱང་སྔོན་སྟོན་པ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོ་སོ་ནས་ལྷའི་ངག་བརྟགས་པས་ཞལ་གྱིས་བཞེས་པའི་ཐུགས་དམ་ལས་མ་གཡེལ་བར། དེང་རྒྱལ་བ་སྲས་བཅས་སྤྱན་དྲང་བའི་གནས་འདིར་གཤེགས་སུ་གསོལ། ཧཱུཾ། ཚངས་དང་ལྷ་དབང་སྲེད་མེད་བུ། །དབང་ཕྱུག་རྒྱལ་ཆེན་སྡེ་བཞི་པོ། །ལྷ་དང་ཀླུ་དང་ལྷ་མ་ཡིན། །མིའམ་ཅི་ཡི་དབང་པོ་དང་། །ཕྱོགས་སྐྱོང་བཅུ་སོགས་འཁོར་དང་བཅས། །མི་ཕྱེད་རབ་དང་ལྡན་པ་ཀུན། །དེ་རིང་སྙན་གསན་དུས་ཀྱི་ཕྱིར། །མཆོད་གཏོར་བཟང་པོ་བཞིས་པ་དང་། །བསྟན་པ་རྒྱས་སླད་གཤེགས་སུ་གསོལ། །ༀ་བྲཧྨ་ཎ། ཨིནྡྲ། བིཥྞུ། ཨཱི་ཤྭ་ར། དྷྀ་ཏ་རཥྚ། བི་རཱུ་ཌྷ་ཀ །བི་རཱུ་པཱ་ཀྵ། བཻ་ཤྲ་བ་ཎ་ས་པ་རི་ཝཱ་ར་ཛཿ ཛཿཧཱུཾ་བཾ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཞེས་སྤྱན་དྲངས་པས། དཀོན་མཆོག་གསུམ་དང་། ལྷའི་རྒྱལ་པོ་རྣམས་སོ་སོའི་ཞིང་ཁམས་ནས། རང་རང་གི་འཁོར་དང་བཅས་པ་རྫུ་འཕྲུལ་གྱི་མཐུས་བྱོན་ནས་རང་རང་གི་གནས་སུ་བཞུགས་པ་ནི། དཀྱིལ་འཁོར་གྱི་དབུས་ཀྱི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ། ཞལ་བཞི་པ། བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། འདབ་མ་བཞིའི་ཤར་དུ་ཞིང་སྦྱོང་བའི་ལྷ་རྡོ་རྗེ་མི་འཁྲུག་པ་སྔོན་པོ་གཡས་ས་གནོན་དང་གཡོན་མཉམ་བཞག་གི་སྟེང་ན་རྡོ་རྗེ། ལྷོར་སྟོང་གི་ལྷ་སྟོན་པ་ཤཱཀྱ་ཐུབ་པ་སེར་པོ་གཡས་ས་གནོན་དང་གཡོན་མཉམ་བཞག་གི་སྟེང་ན་ལྷུང་བཟེད། ནུབ་ཏུ་ཉའི་ལྷ་འོད་དཔག་མེད་དམར་པོ། ཕྱག་གཉིས་མཉམ་བཞག་གི་སྟེང་ན་ཚེ་བུམ། བྱང་དུ་ཚེས་བརྒྱད་ཀྱི་ལྷ་སྨན་གྱི་བླ་བཻཌཱུརྻ་འོད་ཀྱི་རྒྱལ་པོ་མཐིང་ག་གཡས་མཆོག་སྦྱིན་ཨ་རུ་ར་དང་གཡོན་མཉམ་བཞག་བདུད་རྩིའི་ལྷུང་བཟེད་ཀྱིས་མཚན་པ། དེ་བཞི་ཀ་མཆོག་གི་སྤྲུལ་སྐུ་ཚངས་པར་སྤྱོད་པའི་ཆ་ལུགས་ཅན་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེ་རྣམས་ཀྱི་མཐའ་བསྐོར་དུ་ཕྱོགས་བཅུ་དང་དུས་གསུམ་གྱི་སངས་རྒྱས་དཀོན་མཆོག་ཐམས་ཅད་དང་། ཆོས་དཀོན་མཆོག་གི་ངོ་བོ་ཡུམ་ཆེན་མོ། དགེ་འདུན་དཀོན་མཆོག་ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་དང་། འཕགས་པ་ཉན་རང་གི་ཚོགས་མ་ལུས་པ་ཐམས་ཅད་སྤྲིན་གཏིབས་པ་ལྟར་བཞུགས་པ། ཤར་གླིང་དབུས་མར་བརྒྱ་བྱིན་དཀར་པོ་གཡས་རྡོ་རྗེ་གདེངས་ཤིང་གཡོན་ནོར་བུ་ལས་མཆོག་སྦྱིན་སྟེར་བའི་གློ་གཡོན་ན་དབང་མོ་དཀར་མོ་རྒྱུད་མང་བསྣམས་པས་འདུད་པའི་ཚུལ་ཅན། དེའི་གཡས་ཀྱི་གླིང་དུ་མངགས་གཞུག་འགྲོ་བ་ཡིད་འོང་མ་ལྗང་གུ་རལ་གྲི། གཡོན་གྱི་གླིང་དུ་ཕོ་ཉ་མྱུར་བའི་ཤུགས་ཅན་སྔོན་པོ་རྩེ་གསུམ། ལྷོ་གླིང་དབུས་མར་ཚངས་པ་སེར་པོ་གདོང་བཞི་སྤྱི་བླུགས་འཛིན་པའི་གློ་གཡོན་ན་ཚངས་མ་སེར་མོ་གུནྡྷེ་བསྣམས་པས་འདུད་པའི་ཚུལ་ཅན། དེའི་གཡས་ཀྱི་གླིང་དུ་མངགས་གཞུག་ལྟ་ན་སྡུག་ལྗང་གུ་རལ་གྲི། གཡོན་གྱི་གླིང་དུ་ཕོ་ཉ་མགྱོགས་བྱེད་དམར་པོ་པད་དཀར། ནུབ་གླིང་དབུས་མར་ཁྱབ་འཇུག་སྔོ་ནག་འཁོར་ལོ་འཛིན་པའི་གློོ་གཡོན་ན་དཔལ་མོ་གསལ་ཤིང་བསྣམས་པས་འདུད་པའི་ཚུལ་ཅན། དེའི་གཡས་ཀྱི་གླིང་དུ་མངགས་གཞུག་རྡོ་རྗེ་བདེ་བ་དཀར་པོ་མཆེ་བ། གཡོན་གྱི་གླིང་དུ་ཕོ་ན་རྡོ་རྗེ་སྡེ་དཔོན་ལྗང་སེར་འཁོར་ལོ། བྱང་གླིང་དབུས་མར་དབང་ཕྱུག་དམར་པོ་རྩེ་གསུམ་འཛིན་པའི་གློ་གཡོན་ན་ཨུ་མ་པདྨ་བསྣམས་པས་འདུད་པའི་ཚུལ་ཅན། དེའི་གཡས་ཀྱི་གླིང་དུ་མངགས་གཞུག་དེད་དཔོན་ནག་པོ་མདུང་ཐུང་། གཡོན་གྱི་གླིང་དུ་ཕོ་ཉ་དྲང་སྲོང་ཁྲོས་པ་དམར་པོ་མདའ་གཞུ་འགེངས་པ། དེ་ཐམས་ཅད་ཀྱང་ལྷའི་ཆ་བྱད་ཅན་དར་དང་རིན་པོ་ཆེས་བརྒྱན་པའོ། །སྒོ་བཞིའི་ཤར་དུ་ཡུལ་འཁོར་སྲུང་དཀར་པོ་པི་ཝཾ། ལྷོར་འཕགས་སྐྱེས་པོ་སྔོན་པོ་རལ་གྲི། ནུབ་ཏུ་མིག་མི་བཟང་དམར་པོ་སྦྲུལ་ཞགས་དང་མཆོད་རྟེན། བྱང་དུ་རྣམ་ཐོས་སྲས་སེར་པོ་རྒྱལ་མཚན་དང་ནེའུ་ལེ་འཛིན་པ། སྒོའི་ནང་གི་ཁྱམས་དང་ཕྱིའི་ཁོར་ཡུག་ལ་འཁོར་དུ་གཏོགས་པའི་ཁམས་གསུམ་གྱི་ལྷ་དང་མི་མཐའ་ཡས་པ། ཐམས་ཅད་ཀྱང་རང་རང་གི་རྒྱན་དང་ཆ་ལུགས་རྣམ་འཕྲུལ་སྣ་ཚོགས་པའི་རོལ་པས་བཞུགས་པར་བསམ་ལ། བཞུགས་སུ་གསོལ་བ་ནི། མྱ་ངན་མི་འདའ་ཐུགས་རྗེའི་དང་། །ཉོན་མོངས་མི་སྤོང་གོས་པ་མེད། །མ་ཆགས་རང་བཞིན་དག་པས་ན། །པདྨའ་ིསྟན་ལ་བཞུགས་སུ་གསོལ། །པདྨ་ཀ་མ་ལ་ཡ་སྟྭཾ། དེ་ནས་ཚོགས་བསགས་པའི་རིམ་པ་ལ་འཇུག་སྟེ། དང་པོ་དཀོན་མཆོག་གསུམ་འཁོར་དང་བཅས་པ་ལ་ཕྱག་འཚལ་བའི་རིམ་པ་ནི། སྤྲོ་ན་ཐར་པ་ཆེན་པོ་ཕྱོགས་བཅུ་རྒྱས་པའི་མདོའམ་རྟོགས་པ་ཆེན་པོ་ཡོངས་སུ་རྒྱས་པའི་མདོ་གང་རུང་ངམ། བསྡུ་ན་དཔང་སྐོང་ཕྱག་བརྒྱ་པ་ལས་གསུངས་པ་ལྟ་བུ་གང་རིགས་བྱ་ཞིང་། འདིར་ཤིན་ཏུ་བསྡུས་པའི་དབང་དུ་བྱས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དང་། སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སོགས་པ་ཕྱོགས་བཅུ་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས། དཀོན་མཆོག་བླ་ན་མེད་པ་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དེ་དག་གིས་ལེགས་པར་གསུངས་པ། ལེགས་པར་སྒྲུབས་པ། ལེགས་པར་ཐུགས་སུ་ཆུད་པ། དམ་པའི་ཆོས་དཀོན་མཆོག་བླ་ན་མེད་པ་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཐུགས་ཀྱི་སྲས་ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་དང་། སྟོན་པ་བདེ་བར་གཤེགས་པ་དེ་དག་གི་གསུང་གི་སྲས་འཕགས་པ་རང་རྒྱལ་དང་། འཕགས་པ་ཉན་ཐོས་ཀྱི་དགེ་འདུན་ཏེ། ཚོགས་ཀྱི་མཆོག་བླ་ན་མེད་པ་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །ཚངས་པ་དང་བརྒྱ་བྱིན་ལ་སོགས་ཏེ་འཕགས་པ་དམ་པའི་ཆོས་སྐྱོང་བ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཚུལ་དུ་བཞུགས་པ་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །ན་མོ། སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །མཆོད་གནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །པདྨ་ཁ་འབུལ་ཁ་ཕྱེ་འདྲ་བ་ཡིས། །ལག་གཉིས་སྤྱི་བོར་བཀོད་ནས་ཐལ་སྦྱར་ཏེ། །ལུས་དཔག་མེད་པར་སྤྲུལ་པའི་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །སྲིད་གསུམ་ལས་ཀྱི་གླིང་ནས་འཁོར་བའི་རུ་བཟློག་ཅིང་། །ཉོན་མོངས་ཐ་བའི་གནས་ནས་བྱང་ཆུབ་མྱུ་གུ་སྐྱེས། །སྲིད་དང་ལྟ་ཕྱིར་འབྲངས་པའི་བདུད་རིགས་སྟོངས་མཛད་པ། །འདས་པའི་སངས་རྒྱས་རྣམས་ལ་གུས་པས་ཕྱག་འཚལ་ལོ། །བདེ་གཤེགས་རྣམ་པར་གཟིགས་དང་གཙུག་ཏོར་ཅན། །ཐམས་ཅད་སྐྱོབ་དང་ལོག་པར་དད་སེལ་དང་། །གསེར་ཐུབ་འོད་སྲུངས་རྒྱལ་བ་ཤཱཀྱ་ཐུབ། །ད་ལྟའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །ས་བཅུ་མཆོག་བརྙེས་སངས་རྒྱས་ཉིད་མཛད་པ། །ཞི་དུལ་དབང་གིས་མཁྱེན་རབ་འགྲོ་བའི་ཆེད། །རབ་དགའ་ཡོན་ཏན་པདྨོ་ཁ་འབུས་པ། །མ་བྱོན་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །འགྲོ་ཀུན་འཁོར་བའི་གནས་ནས་འདྲེན་པའི་ཐབས། །སྒྲོན་མ་ལམ་དང་འབྲས་བུ་བཤད་པའི་ཆོས། །ཉེས་སྤོང་མཐོ་རིས་ཐར་པར་བགྲོད་པའི་ལམ། །དམ་ཆོས་མདོ་སྡེ་རྣམས་ལ་ཕྱག་འཚལ་ལོ། །བྱམས་དང་སྙིང་རྗེའི་བདག་ཉིད་ས་གཞི་ལ། །ཐབས་དང་ཤེས་རབ་བློོ་ཡི་ལོ་ཏོག་བརྙེས། །མ་ལུས་སེམས་ཅན་ཉེ་བར་འཚོ་མཛད་པ། །བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །ཚངས་དང་དབང་ཕྱུག་ཁྱབ་འཇུག་མ་ཧཱ་དེ་ཝ། །རྒྱལ་ཆེན་བཞི་སོགས་གཙང་རིས་མགོན་པོ་སྟེ། །བསྟན་པ་བསྲུང་བར་ཞལ་བཞེས་འཕགས་པའི་ཚོགས། །དཀར་ཕྱོགས་སྐྱོང་བ་རྣམས་ལ་ཕྱག་འཚལ་ལོ། །དཀོན་མཆོག་བླ་མེད་ཡོན་ཏན་རིན་པོ་ཆེ། །དད་མོས་རྣམས་ཀྱི་ཡོན་ཏན་བསམ་མི་ཁྱབ། །མཐོ་དམན་ཡོངས་ཀྱི་སྐྱབས་མཛད་འགྲོ་བའི་མགོན། །དཀོན་མཆོག་འཁོར་དང་བཅས་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་དད་པས་ཕྱག་བཙལ་བས། །སྡིག་པ་ཀུན་བྱང་དགེ་ཚོགས་རྣམ་པར་འཕེལ། །བཅོམ་ལྡན་སོ་སོའི་བཀའ་ལས་ཅི་འབྱུང་བའི། །ཡོན་ཏན་ཁྱད་པར་ཅན་དེ་འགྲུབ་པར་ཤོག །དེ་ནས་མཆོད་པ་འབུལ་བ་ནི། །དེ་བཞིན་གཤེགས་པའི་མཐུ་དང་བྱང་ཆུབ་སེམས་དཔའི་བསོད་ནམས་རབ་འབྱམས་ལས་བྱུང་བ། མི་མཉམ་པ་དང་མཉམ་པའི་མཆོད་པ་སྣ་ཚོགས་པའི་མཆོག །གཙོ་བོ་དམ་པ་ཁྱད་པར་ཅན། བཟང་པོ། གྱ་ནོམ་པ། བླ་ན་མེད་པ། མི་མཉམ་པ་དང་མཉམ་པས་ཕྱོགས་བཅུའི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཕྱུར་བུར་བཀང་སྟེ། ཆོས་ཀྱི་མཆོད་པ་དང་བཅས་པས། མ་ལུས་མི་ལུས་ལུས་པ་མེད་པའི་དཀོན་མཆོག་གསུམ་ལ་ཕྱི་མའི་མུའི་མཐར་རྟག་ཏུ་རྒྱུན་མི་ཆད་པར་མཆོད་ཅིང་འདོན་ཏོ། །དབུལ་ཞིང་གསོལ་ལོ། །བཀུར་སྟིར་བགྱིའོ། །བླ་མར་བགྱིའོ། །རི་མོར་བགྱིའོ། །མཉེས་པར་བགྱིའོ། །རྒྱལ་བའི་སྐུ་ལ་ཉོན་མོངས་མི་མངའ་ཡང་། །སེམས་ཅན་ཉོན་མོངས་བག་ཆགས་སྦྱངས་སླད་དུ། །སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་གསོལ་བས། །ཁམས་གསུམ་གནས་པའི་བག་ཆགས་དག་གྱུར་ཅིག །ༀ་སརྦ་དེ་བ་ཏ་ཨརྩི་ཏ་ཨ་མྲྀ་ཏ་སྭཱ་ཧཱ། ཞེས་དཀྱིལ་འཁོར་ལ་མེ་ལོང་བསྟན་ཏེ་བུམ་ཆུས་བཀྲུས་པའི་ཁྲུས་ཆུ་སླར་བུམ་པར་བླུག་ལ་བཞག །རས་ཁ་ཚར་མ་ཉམས་པས་འཕྱི་བཞིན་དུ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་འཕྱིའོ། །ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། རྣམ་ལྔ་དབུལ་བ་ནི། ཚུལ་ཁྲིམས་དྲི་ལྡན་སྤོས་མཆོག་དམ་པ་འདི། །ཏིང་འཛིན་སྔགས་དང་ཕྱག་རྒྱ་བྱིན་བརླབས་ཏེ། །སངས་རྒྱས་ཞིང་དུ་སྤོས་དྲི་ངད་ལྔང་པས། །རྒྱལ་བ་སྲས་དང་བཅས་རྣམས་ཚིམ་གྱུར་ཅིག །དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་མཉེས་བྱེད་པའི། །རིན་ཆེན་དབྱིབས་ལེགས་ལྷ་རྫས་མེ་ཏོག་འདི། །ནམ་མཁའ་གང་བར་སེམས་ཀྱིས་མངོན་སྤྲུལ་ཏེ། །གཞལ་ཡས་ཁང་དུ་སྤྲིན་བཞིན་གཏིབས་གྱུར་ཅིག །ཉོན་མོངས་དུག་སྲེག་མ་རིག་མུན་སེལ་བའི། །ཤེས་རབ་གཟི་ལྡན་དཔལ་གྱི་སྒྲོན་མེ་འདི། །སྤྲིན་མེད་མཁའ་ལ་ཉི་ཤར་ཇི་བཞིན་དུ། །འོད་གསལ་སྣང་བས་ཕྱོགས་བཅུར་གསལ་གྱུར་ཅིག །སྟོང་གསུམ་ཀུན་ཏུ་དྲི་མཆོག་ཁྱབ་གྱུར་པའི། །སྤོས་དང་སྨན་སྦྱར་གཙང་ཆབ་རྒྱས་པའི་ཁྲུས། །སྤྲིན་མེད་མཁའ་ལ་བདུད་རྩིའི་ཆར་བབས་པས། །མི་གཙང་དྲི་མའི་ཚོགས་རྣམས་དག་གྱུར་ཅིག །རྒྱལ་བའི་སྐུ་ལ་བཀྲེས་པ་མི་མངའ་ཡང་། །འགྲོ་བའི་དོན་དུ་ལྷ་རྫས་བདུད་རྩིའི་བཤོས། །དག་ཅིང་གཙང་མར་སྦྱར་ཏེ་འབུལ་ལགས་ན། །ཐུགས་རྗེ་ཆེན་པོས་དགོངས་ཏེ་བཞེས་སུ་གསོལ། །དྲིལ་ཆེན་སིལ་སྙན་རྣམ་གྲོལ་ཚངས་པའི་དབྱངས། །བསམ་དག་གང་གིས་བསྟོད་དེ་གུས་མཆོད་པས། །ས་བཅུ་རིམ་གྱིས་བགྲོད་ནས་སངས་རྒྱས་སར། །ཚོགས་གཉིས་རྫོགས་ནས་ཆོས་ཀྱི་རྒྱལ་པོར་སྨོན། །བསྟོད་པའི་མཆོད་པ་ནི། བདག་གཞན་དོན་ཕྱིར་སྐུ་གསུམ་བརྙེས། །སེམས་ཅན་སྐྱོབ་ཕྱིར་ཆོས་ཀྱི་མཆོག །ལམ་ལ་ཞུགས་པའི་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་བསྟོད། །བསྟོད་པར་འོས་པ་སོགས་ཀྱང་བྱའོ། །རྒྱས་པར་མཆོད་པ་དང་བསྟོད་པའང་ཕྱག་འཚལ་ལྟར་སོ་སོར་འབྱུང་སྟེ། འདིར་དེ་ཙམ་མོ། །དེ་ནས་རྟོག་ཆེན་གྱི་གཟུངས་འདི་བརྒྱ་རྩ་བརྒྱད་བཟླས་བཞིན་དུ་བསྐོར་བ་ལན་བདུན་བདུན་བྱའོ། གཟུངས་ནི། ན་མོ་བུདྡྷཱ་ཡ། ན་མོ་དྷ་རྨཱ་ཡ། ན་མཿསཾ་གྷཱ་ཡ། ཨ་དནྡྷི། དྷ་ར་ཎི། ཏདྱ་ཐཱ། ཨཱ་ཀ་ཤ་ནི་སྶཾ་བྷཱ་ཝ། ཨི་ཤ་མ་ཏ། པི་པ་ཤན། བི་མ་ལ། སུ་པ་རི་དྷརྨ། ཨ་ཏི་ཀ་ན་པཱ་ལ་ནི་ཤྩ་ཡ། ཏ་མ་ལེ། ཙ་ལེ་ཙ་ལེ། ཧུ་ལུ་ཧུ་ལུ། བི་ཤད་དེ་བི་ཤད་དེ། མནྡྲ་མནྡྲ་མནྡྲ་ཡ་སྭཱ་ཧཱ། ཞེས་པའོ། །འདིར་མདོ་ཆོག་ཡིག་རྙིང་དུ་ཕྱོགས་བཅུ་དང་དུས་གསུམ་གྱི་སངས་རྒྱས་རྣམས་སྡེ་ཚན་དུ་ཕྱེ་ནས་བསྐོར་བ་བདུན་ཚན་བརྒྱད་བཤད་ནའང་། འདིར་དཀོན་མཆོག་གསུམ་པོ་ལ་བསྐོར་བ་བདུན་རེ་སྟེ་ཉེར་གཅིག་ཙམ་བྱས་ན་འཚམས་པར་འགྱུར་རོ། །དེ་ནས་སྡིག་པ་བཤགས་པ་ནི། རྒྱས་པར་ཐར་པ་ཆེན་པོའམ་རྟོགས་ཆེན་ལྟར་བྱ་ཞིང་། འདིར་བསྡུས་པ་ལ་དགའ་ན། དཔང་སྐོང་ལས་འབྱུང་བ་ལྟར་འདི་སྐད་ཅེས། བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་སྐྱེ་བ་འདི་དང་། སྐྱེ་བ་ཐོག་མ་དང་། ཐ་མ་མ་མཆིས་པ་ནས། སྲིད་པ་གསུམ་གྱི་འཁོར་བ་ན་འཁོར་ཞིང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གསུམ་གྱི་དབང་གིས་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་མི་དགེ་བ་བཅུ་དང་། མཚམས་མེད་པ་ལྔ་ལ་སོགས་ཏེ་གསུང་རབ་ཀུན་ལས་འགལ་བའི་སྡིག་པ་མི་དགེ་བའི་ལས་བདག་གིས་ཅི་བགྱིས་པ་དང་། གཞན་ལ་བཅོལ་བ་དང་། གཞན་བགྱིད་པ་ལ་རྗེས་སུ་ཡི་རང་བ་དེ་དག་རྡུལ་ཙམ་བག་ཙམ་ཡང་མ་ལུས་པར་མཐོལ་ཞིང་བཤགས་སོ། །སྦྱངས་ཤིང་བསལ་ཏོ། །གཞིག་ཅིང་འདོན་ཏོ། །མི་འཆབ་བོ། །མི་སྦེད་དོ། །མི་བསྙེན་མི་བགྱིད་དོ། །དེ་ནས་རྗེས་སུ་ཡི་རང་བ་ནི། ཇི་ལྟར་དུས་གསུམ་གྱི་སངས་རྒྱས་དེ་དག་བླ་ན་མེད་པའི་བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་ལྟར། བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་ཀྱང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །དེ་ནས་ཆོས་འཁོར་བསྐོར་བར་བསྐུལ་བ་ནི། ཕྱོགས་བཅུ་ན་དེ་བཞིན་གཤེགས་པ་གང་དག་སེམས་ཅན་གྱི་དོན་དུ་མངོན་པར་རྫོགས་པ་སངས་རྒྱས་ཀྱང་དམ་པའི་ཆོས་བཙུན་པར་མཛད་པའི་སླད་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བའི་ས་ལ་བཞེས་པ་དེ་དག་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བླ་ན་མེད་པར་བསྐོར་བར་བསྐུལ་མ་འཚལ་ལོ། །དེ་ནས་མྱ་ངན་ལས་མི་འདའ་བར་གསོལ་བ་ནི། འཇིག་རྟེན་གྱི་ཁམས་རབ་འབྱམས་ཆོས་ཀྱི་དབྱིང་ཀྱིས་ཁྱབ་པ་ཐམས་ཅད་ན། དེ་བཞིན་གཤེགས་པ་གང་དག་འདུ་བྱེད་ཐམས་ཅད་མི་རྟག་པ་དང་། འབྱོར་པ་ཐམས་ཅད་མཐར་རྒུད་པར་འགྱུར་པའི་ཚུལ་བསྟན་ཅིང་། ཐབས་ཀྱིས་མྱ་ངན་ལས་འདའ་བར་བཞེད་པ་དེ་དག་ལ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་དུ་ཐུགས་རྗེ་ཆེན་པོའི་གཟུགས་ཀྱིས་ཕྱི་མའི་མཐའི་མུར་ཐུག་གི་བར་དུ་མྱ་ངན་ལས་མི་འདའ་ཞིང་བཞུགས་པར་གསོལ་བ་འཚལ་ལོ། །དེ་ནས་དགེ་བ་སྔོ་བ་ནི། བདག་ཅག་རྣམས་ཀྱི་དུས་གསུམ་གྱི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་པའི་མཐུས། བདག་ཅག་ལ་སོགས་པའི་སེམས་ཅན་མ་ལུས་པའི་སྡིག་པ་ཐམས་ཅད་ནི་བྱང་། བསོད་ནམས་ཐམས་ཅད་ནི་རྫོགས་ཏེ། དུས་འདི་ནས་ནམ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དགོངས་པའི་དབང་གིས་ཆེད་དུ་སྤྲུལ་པ་མ་གཏོགས་པར་ནམ་ཡང་ཚེ་རབས་ཐམས་ཅད་དུ་ངན་སོང་ལ་སོགས་པ་གནས་ངན་པར་མི་སྐྱེ་ཞིང་མི་ལྟུང་བར་ཤོག་ཅིག །ལོག་པ་མི་དགེ་བའི་ལས་ལ་མི་ཕྱོགས་མི་བགྱིད་པར་ཤོག་ཅིག །ལས་དང་ཉོན་མོངས་པའི་རྒྱུ་ལ་མི་ཕྱོགས་མི་བསོག་པར་ཤོག་ཅིག །སྨད་པའི་ལུས་དང་སྡུག་བསྔལ་གྱི་འབྲས་བུ་ཀུན་ལས་ཐར་ནས་ཕྱིན་ཆད་མི་མྱོང་བར་ཤོག་ཅིག །དུས་འདི་ནས་ནམ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྒོ་གསུམ་ནས་དགེ་བ་ཆུ་བོའི་རྒྱུན་བཞི་དུ་རྒྱུན་མི་ཆད་པར་ཤོག་ཅིག །ཚེ་རབས་ག་སྐྱེས་ཀྱང་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ལྡན་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་ལ་མཐུ་དང་དབང་ཡོད་པར་ཤོག་ཅིག །གང་དེ་བཞིན་གཤེགས་པ་འབའ་ཞིག་གིས་ཐུགས་སུ་ཆུད་པའི་ཆོས་བླ་ན་མེད་པའི་བྱང་ཆུབ་ཏུ་གདོན་མི་ཟ་བར་འཚང་རྒྱ་བའི་དོན་དེ་ཁོ་ན་ཉིད་གང་ཡིན་པ་དེ་བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་མ་ནོར་བར་ཁོང་དུ་ཆུད་ཅིང་བསྒོམས་ལ། གཞན་དག་ལའང་མ་ནོར་བར་སྟོན་ཅིང་འདྲེན་པར་ཤོག་ཅིག །མདོར་ན་བག་ཆགས་མ་ལུས་ཀུན་བྱང་ནས། །བསོད་ནམས་ཡེ་ཤེས་ཚོགས་ཆེན་ཡོངས་རྫོགས་ཏེ། །འགྲོ་བ་མ་ལུས་བྱིན་གྱིས་བསྒྲལ་བའི་ཕྱིར། །བདག་ཉིད་མྱུར་དུ་མངོན་པར་འཚང་རྒྱ་ཤོག །དེ་ནས་ཐུགས་དམ་བསྐུལ་པའི་ཕྱིར་གཟུངས་བཟླ་ཞིང་མདོ་སྡེ་བཀླག་པ་ནི། དཀྱིལ་འཁོར་ལ་བཀོད་ཅིང་སྤྱན་དྲངས་པའི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་མངོན་སུམ་པ་ལྟ་བུར་དམིགས་ནས། དཀོན་མཆོག་གསུམ་གྱི་ཡོན་ཏན་གྱི་མཐུའི་ཁྱད་པར་དང་། གཟུངས་སྔགས་ཀྱི་ཕན་ཡོན་ཇི་སྐད་བཤད་པ་ལ་ཡིད་ཆེས་དང་དད་གུས་ཆེར་བསྐྱེད་དེ། འདོད་པའི་དོན་ཞུ་བའི་འདུན་པ་རྩེ་གཅིག་པས། ངན་སོང་ཐམས་ཅད་རྣམ་པར་སྦྱོང་བའི་རྩ་རིག །ༀ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏེ་པ་རི་ཤོདྷ་ན་རཱ་ཛ་ཡ་ཏ་ཐཱ་ག་ཏ་ཡ་ཨརྷ་ཏེ་སམྱ་ཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་པཱ་པཾ་བི་ཤོ་དྷ་ནེ་ཤུདྡྷེ་བིཤུ་དྡྷེ་སརྦ་ཀརྨ་ཨ་ཝ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ། ལས་སྒྲིབ་རྣམ་པར་སྦྱོང་བ་མི་འཁྲུག་པའི་གཟུངས། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་ས་ཏྭ་ནཉྩ་སྭཱ་ཧཱ། དུས་བཟང་ལས་སྟོང་གི་གཟུངས། ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཤཱ ཀྱ་མུ་ན་ཡེ་སྭཱ་ཧཱ། ཉའི་གཟུངས། ༀ་པདྨ་དྷ་རི་ཧཱུཾ། བརྒྱད་ཀྱི་གཟུངས། ཏདྱ་ཏཱ་ཐ། ༀ་བྷཻ་ཥ་ཛྱེ་མ་ཧཱ་བྷཻ་ཥ་ཛྱེ་རཱ་ཛ་ས་མུངྒ་ཏེ་སྭཱ་ཧཱ། ཞེས་པ་རྣམས་ཅི་ནུས་བཟླ་ཞིང་། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས་བདག་སོགས་སེམས་ཅན་ཐམས་ཅད་ལ་ཁྱབ་པས་སྡིག་སྒྲིབ་སྦྱངས། འོད་ཟེར་དེས་བུམ་ཆུ་ལའང་ཁྱབ་པས་ནུས་པ་ཅན་དུ་གྱུར་པར་བསམ་མོ། །དེ་ནས་འཕགས་པ་རྟོགས་པ་ཆེན་པོ་ཡོངས་སུ་རྒྱས་པའི་མདོའི་གླེགས་བམ་རང་གིས་ཀློག་པའམ། གྲོགས་གཞན་ལ་འདོན་དུ་བཅུག་ཀྱང་རུང་ཞིང་། སྤྲོ་ཞིང་ནུས་ན་ཐར་པ་ཆེན་པོའི་མདོ་དང་། དཔང་སྐོངས་ཕྱག་བརྒྱ་པ་སོགས་ཀྱང་བཀླག་གོ །དེ་ནས་གཏོར་མ་བཏང་ཞིང་དབང་བསྐུར་བ་ནི། འདས་གཏོར་དང་ཆ་གསུམ་གྱི་གཏོར་མ་སྔར་བཤད་པ་བཞིན་དང་། དབང་ཆོག་ལྟར་ལྷ་མིའི་ཐེག་པའི་དབང་བསྐུར་རོ། །དེ་ནས་རྗེས་ཆོག་ནི། མཆོད་པ་དྲིར་མེད་ཡོངས་དག་པ། །རྣམ་མང་རྒྱ་ཆེ་ཐམས་ཅད་དང་། །སོ་སོའི་མངའ་ཐང་རྒྱ་ཆེན་དུ། །འོས་པ་བདེ་བར་སྦྱར་ཏེ་འབུལ། །ཞེས་པས་མཆོད་ནས། མ་རྙེད་ཡོངས་སུ་སོགསས་ཀྱི་ནོངས་པ་བཤགས། རས་བྲིས་ཡིན་ན། འདིར་ནི་གཟུགས་དང་སོགས་ཀྱིས་བརྟན་བཞུགས་བྱ། རྡུལ་ཚོན་ཡིན་ན། ༀ། ཁྱེད་ཀྱི་སེམས་ཅན་སོགས་ཀྱི་གཤེགས། ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་བདག་གིས་མཆོད་པས། སེམས་ཅན་མ་ལུས་པ་ཐམས་ཅད་ས་བཅུ་ལ་གནས་པར་བགྱིས་ཏེ། ཀུན་གྱིས་དེ་བཞིན་གཤེགས་པའི་ཡང་དག་པ་ཉིད་དུ་ཐུགས་སུ་ཆུད་པ་དང་ལྡན་པ་བགྱིད་པར་གྱུར་ཅིག །ཅེས་དགེ་བ་བསྔོ། དེ་ནས་བཀྲ་ཤིས་ནི། སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་གྱུར་ཅིག །སྟོན་མཆོག་དམ་པ་ལྷ་མིས་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་གྱུར་ཅིག །ཞི་བ་ཆགས་བྲལ་ལྷ་མིས༴ །ཆོས་ལ་ཕྱག༴ །སེམས་ཅན་གང་༴ །དེ་དག་ཐམས་ཅད་༴ །ཚོགས་ཀྱི་མཆོག་རབ་ལྷ༴ །དགེ་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །ཅེས་བརྗོད་པས་ཕྱོགས་དུས་ཐམས་ཅད་དུ་བདེ་ལེགས་དང་ལྡན་པར་བྱའོ། །བརྒྱུད་པའི་མན་ངག་དང་བྲལ་ཀྱང་། །དབང་ཆེས་རང་བཟོར་སྦྱར་བའི་མུན། །མཐར་བྱེད་ཆོས་ཀྱི་ཉིན་མོར་བྱེད། །སྐལ་ལྡན་ཀུན་དགའི་དཔལ་དུ་ཤར། ལྷ་མིའི་ཐེག་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།

༈ ༀ་སྭ་སྟི། འགྲོ་ཀུན་འཁོར་བའི་ཆུ་གཏེར་ལས། གང་ཟག་བདག་མེད་རྟོགས་བྱེད་གྲུབ། །ཞི་བའི་གླིང་དུ་སྒྲོལ་མཛད་པ། །དེར་བཏུད་ཉན་ཐོས་སྒྲུབ་ཐབས་བཤད། །གཉིས་པ་ཉན་ཐོས་ཀྱི་དཀྱིལ་འཁོར་ནི། གང་དུ་བྱ་བའི་གཞིར་བྱི་དོར་བྱས་ཤིང་དྲི་བཟང་པོའི་ཆུས་ཆག་ཆག་བཏབ་པ་ལ། དཀྱིལ་འཁོར་ཁྱམས་དང་རྟ་བབས་སྤངས་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། ཕྱི་རོལ་ཏུ་རིན་པོ་ཆེའི་བྱེ་མ་བརྡལ་བའི་ས་གཞི་ལ་དཔག་བསམ་གྱི་ཤིང་དང་ཁྲུས་ཀྱི་རྫིང་བུ་ལ་སོགས་པས་བརྒྱན་པའི་མཐར་རྡོ་ར་དང་འོད་ཕྲེང་གིས་བསྐོར་བ། དབུས་ཀྱི་ལྟེ་བ་སེར་པོ། དེའི་ཕྱི་ནས་རིམ་པར་འདབ་བཞི་ཕྱོགས་ཚོན། འདབ་བརྒྱད་ཕྱི་ནང་གཉིས་དང་། འདབ་མ་བཅུ་དྲུག་པ་རྣམས་མཛེས་ཚོན་དུ་བྱ་ཞིག །ཚོན་ལྷག་མ་སྤྱི་དང་འདྲའོ། །ལྷ་གནས་རྣམས་སུ་སྐུ་རྟེན་ལྷ་སོ་སོའི་ཙཀླི་བཀོད། དབུས་ཀྱི་སྟོན་པའི་སྐུ་དང་གོ་ས་གཅིག་པར་གསུང་རྟེན་སོ་ཐར་གྱི་མདོ་ལྟ་བུའི་གླེགས་བམ་དང་། ཐུགས་རྟེན་རིང་བསྲེལ་ཅན་གྱི་མཆོད་རྟེན་རྣམས་ཀྱང་དགོད། དྲིའི་ཆུས་རྟེན་བྱིན་ཅན་ལ་ཁྲུས་བྱས་པའི་ཆུ་སླར་ཡང་བུམ་པ་ཆས་སུ་བཅུག་པའི་ནང་དུ་བླུགས་པ་དཀྱིལ་འཁོར་གྱི་མདུན་དང་། རྫས་དབང་གི་ཙཀླི། ཆོས་གོས་གསུམ་གདིང་ལྷུང་ཆུ་ཚགས་སོགས་ཀྱང་ཅི་བདེར་བཤམ། དཀྱིལ་འཁོར་གྱི་མཐའ་བསྐོར་དུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་མདུན་ལྟ་བུར་གཙང་ཞིང་བསོད་པའི་བཟའ་བཅའི་འདས་གཏོར་དང་། ཆ་གསུམ་གཏོར་མའང་ཅི་བདེར་བཤམ། རང་གི་མདུན་དུ་སྤོས་སྣོད་མཐོར་ནས་རོལ་མོའི་ཡོ་བྱད་སོགས་འདུ་བྱའོ། །དེ་ནས་ཆོ་ག་ནི། ཁྲུས་དང་རྒྱལ་བ་སྲས་བཅས་ལ་ཕྱག་འཚལ་བ་སྔོན་དུ་འགྲོ་བས་སྟན་ལ་འདུག་སྟེ། སྐྱབས་སེམས་ཚད་མེད་བཞི་བསྒོམ་པའི་རིམ་པ་ནི། ཐུབ་པ་མཆོག་དང་དམ་པའི་ཆོས། །འགྲོ་བའི་མུན་སེལ་དགྲ་བཅོམ་གྱི། །ཚོགས་ལ་བདག་ནི་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་མཆོག་སེམས་བསྐྱེད་པར་བགྱི། །ཞེས་ལན་གསུམ་དང་། སེམས་ཅན་ཐམས་ཅད་བདེ་བ་དང་ཞེས་སོགས་ལན་གསུམ། དེ་ནས། བུམ་པའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་རྟེན་འབྲེལ་སྙིང་པོའི་སྔགས་ཕྲེང་འོད་ཟེར་དཀར་པོ་འཕྲོ་བས་འཁོར་འདས་ཀྱི་བདུད་རྩི་ཐམས་ཅད་བསྡུས་ནས་འོད་དུ་ཞུ་བ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ་ལ། རྟེན་འབྲེལ་སྙིང་པོ་ལན་བདུན་བཟླ། མཐར། ཟླ་དཀྱིལ་སྔགས་ཕྲེང་དང་བཅས་པའང་བུམ་ཆུ་ལ་ཐིམ་པར་བསམ་ཞིང་། འཐོར་ཡབ་ཀྱིས་བླངས་ཏེ་གནས་ཡོ་ཐམས་ཅད་ལ་གཏོར་བས་རྟེན་དང་མཆོད་པའི་མ་དག་པ་ཐམས་ཅད་སྦྱངས་ནས། དག་ཅིག་བཟང་བ་ཕུན་སུམ་ཚོགས་པར་བྱིན་གྱིས་རློབ་པར་བསམ་མོ། །འདི་ནི་བུམ་བསྐྱེད་དེ་རབ་གནས་ཀྱང་ཡིན་ནོ། །དེ་ནས་དཀྱིལ་འཁོར་བསྐྱེད་ཅིང་བྱིན་གྱིས་བརླབ་པ་ནི། མདུན་བསྐྱེད་ཀྱི་གཞི་གཟུང་འཛིན་རགས་པས་བསྡུས་པའི་ཆོས་ཐམས་ཅད་མི་དམིགས་པ་སྟོང་པའི་ངང་ལ་དར་གཅིག་བཞག །དེ་ནས། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་སྔོན་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པའི་ཚེ་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་པའི་བདེན་པ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེང་འདིར་དེ་བཞིན་གཤེགས་པ་སྲས་དང་བཅས་པ་དང་། འཕགས་པ་ཆོས་སྐྱོང་བ་ཐམས་ཅད་ལ་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདི་དག་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་ཞིང་གི་བཀོད་པའི་ཡོན་ཏན་ལྟ་བུ་དང་ལྡན་པར་གྱུར་ཏེ། ས་གཞི་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་ལག་མཐིལ་ལྟར་མཉམ་པ། ལྗོན་ཤིང་ཆུ་མཚོ་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པའི་ཞིང་ཁམས་ཡོངས་སུ་དག་པའི་དབུས་སུ། བཀོད་པ་ཐམས་ཅད་ལས་འཕགས་པ་དེ་བཞིན་གཤེགས་པའི་བཀོད་པ་ལ་བརྟེན་པའི་ཕོ་བྲང་རིན་ཆེན་སྣ་བདུན་ལས་གྲུབ་པའི་ཁང་པ་བརྩེགས་པ། གྲུ་བཞི་པ། ཀ་བ་བཞི་ཟུག་པ། སྒོ་བཞི་དོད་པ། མཉམ་པ། ཉམས་དགའ་བ། ཤིན་ཏུ་རྣམ་པར་ཕྱེ་བས་མཛེས་པར་བྱས་པ། བཀྲ་བ། ལྟ་ན་སྡུག་པ། འོད་འབར་བ། ཐེམ་སྐས་བཞི་དང་ལྡན་པ། དཀྱིལ་འཁོར་གྱི་ནང་གི་དབུས་སུ་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་གདན། མཐའ་བསྐོར་དུ་གདན་གྱི་རི མ་པ་ནང་ནས། བཞི་དང་། བརྒྱད་དང་། བརྒྱད་དང་། བཅུ་དྲུག་དང་། ཤར་ལྷོའི་གྲྭ་རྣམས་སུ་པདྨའི་གདན། བྱང་ཤར་གྱི་གྲྭ་དང་སྒོ་བཞིར་རིན་པོ་ཆེའི་གདན་ཏེ། སྟོན་པ་བཅོམ་ལྡན་འདས་ལ་སོགས་པ་འཕགས་པ་རྣམས་གདན་འཛོམ་པའི་བཞུགས་གནས་སོ་སོའི་སྨོན་ལམ་ཁྱད་པར་ཅན་དང་མངའ་ཐང་དང་འཚམས་པར་གྲུབ་པ་མཛེས་པ་ཤ་སྟག་འབྱུང་བར་གྱུར་ཅིག །ཅེས་ལན་གསུམ་བརྗོད་དོ། །དེ་ནས་མཆོད་པ་བྱིན་རླབས་ནི། ཕྱི་ནང་ཀུན་ཏུ་ཡང་ཆ་རིས་དང་འཚམས་པར་ལྷ་དང་མིའི་ཡོ་བྱད་དམ་པ། ཁ་དོག་དང་། དྲི་དང་། རོ་དང་། རེག་པ་དང་ལྡན་པ་ཡིད་དུ་འོང་བ། གྱ་ནོམ་པའི་ཞལ་ཟས་དང་། ན་བཟའ་དང་། རྒྱན་དང་། རོལ་མོ་ལ་སོགས་པ་ཕུལ་དུ་ཕྱིན་པ་སྣ་ཚོགས་པ། ཕུང་པོ་གསུམ་པའི་མདོ་དང་། བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བའི་མཆོད་པའི་སྤྲིན་རྒྱ་མཚོ་ཐམས་ཅད་ཀྱིས་རྒྱས་པར་གང་ཞིང་རྒྱན་ཀླུབས་པ་དང་ལྡན་པར་གྱུར་ཅིག །འཕགས་པ་ཐམས་ཅད་གདན་འཛོམ་ནས། དེ་བཞིན་དུ་བྱིན་གྱིས་བརླབས་ཤིང་བཞེས་ཏེ་ལོངས་སྤྱོད་པར་གྱུར་ཅིག །ཅེས་ལན་གསུམ་དང་། མཆོད་སྤྲིན་གྱི་གཟུངས། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ན་མོ་བྷ་ག་ཝ་ཏེ་བཛྲ་སཱ་ར་པྲ་མརྡ་ནེ། ཏ་ཐཱ་ཱག་ཏ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ ཏདྱ་ཐཱ། ༀ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛ་བཛྲེ། མཧཱ་བིདྱཱ་བཛྲེ། མཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲ་སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་བརྗོད་པས་ཀྱང་བྱིན་གྱིས་བརླབ་བོ། །དེ་ནས་སྤྱན་འདྲེན་པ་ནི། སྤོས་བཏུལ་ཞིང་རོལ་མོའི་སྒྲ་དང་བཅས་ཏེ་འདུན་པ་རྩེ་གཅིག་པས། བདག་ཅག་གིས་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སོགས་པ་ཕྱོགས་བཅུ་དང་དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་པོའི་སྲས་དགྲ་བཅོམ་པ་དང་། ཕྱིར་མི་འོང་བ་དང་། ལན་གཅིག་ཕྱིར་འོང་བ་དང་། རྒྱུན་དུ་ཞུགས་པ་ལ་སོགས་པ་འཕགས་པ་ཉན་ཐོས་ཀྱི་ཚོགས་འཁོར་དང་བཅས་པ་ཐམས་ཅད་དགོངས་སུ་གསོལ། ཐུགས་རྗེ་ཆེན་པོ་དང་། བྱིན་གྱིས་བརླབས་བསམ་གྱིས་མི་ཁྱབ་པ་མངའ་ཞིང་། སྔོན་གྱི་སྨོན་ལམ་ཁྱད་པར་ཅན་ལས་གླེངས་ཏེ། བདག་ཅག་ལ་སོགས་པ་འགྲོ་བ་མང་པོ་སྐྱོབ་པའི་སླད་དུ་མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཞིང་མཆི་ན། མཆོད་པའི་ཚོགས་སྦྱང་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ། བྱིན་གྱིས་བརླབ་པར་ཅི་གནང་། ཞེས་དང་། ཕྱོགས་དུས་ཀུན་ནས་སྐྱབས་གསུམ་བཀའ་སྡོད་བཅས། །ཉོན་མོངས་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ཏེ། །དཔག་མེད་ཞིང་ནས་ཐོགས་མེད་རྫུ་འཕྲུལ་གྱིས། །འདིར་གཤེགས་མཆོད་སྤྲིན་རྒྱ་མཚོའི་དབུས་བཞུགས་གསོལ། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་དང་། །ཤེས་རབ་མེ་འབར་ཉོན་མོངས་མཚོ་སྐེམས་ཤིང་། །རྣམ་གྲོལ་བསོད་ནམས་ཞིང་དུ་བཀའ་སྡོད་པའི། །ཕྱོགས་བཅུའི་ཉན་ཐོས་དགེ་འདུན་བཞུགས་སོ་འཚལ། །ཡོན་སྦྱོར་མཆོད་པའི་གནས་སུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །འགྲོ་བའི་མགོན་པོ་ཤཱཀྱ་སེང་གེ་ཡིས། །སངས་རྒྱས་བསྟན་པ་གང་གིས་ཕྱག་ཏུ་བཞག །གསུང་རབ་རིན་ཆེན་སྒྲོམ་གྱི་ཁ་འབྱེད་པ། །ཆོས་སྐྱོང་དགྲ་བཅོམ་ཆེན་པོ་བཞུགས་སོ་འཚལ། །དམ་ཆོས་སྤེལ་བའི་སླད་དུ་སྤྱན་འདྲེན་གྱིས། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །སྤངས་དང་ཡེ་ཤེས་ཕུན་ཚོགས་སངས་རྒྱས་ཀྱང་། །གདུལ་བྱའི་དབང་གིས་ཉན་ཐོས་ཚུལ་འཛིན་ཅིང་། །ཁྱད་པར་ཅན་གྱི་ཕྲིན་ལས་ཆོས་སྐྱོང་བའི། །གནས་བརྟན་བཅུ་དྲུག་འདིར་སྤྱོན་གདན་ལ་བཞུགས། །དགེ་བསྙེན་སྐྱབས་གསོལ་བདེན་པའི་ཚིགས་ཉན་པ། །དཀོན་མཆོག་གསུམ་གྱི་ཞབས་འབྲིང་མཆིས་སོ་འཚལ། །བསོད་ནམས་རིན་ཆེན་གླིང་དུ་སྤྱན་འདྲེན་གྱིས། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ཞེས་བརྗོད་པས་རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་ཐུབ་པའི་དབང་པོ་འཕགས་པ་ཉན་ཐོས་ཆེན་པོའི་དགེ་འདུན་གྱི་འཁོར་དང་བཅས་པ། ཕྱི་བཞིན་འབྲང་བ་ཙུནྡ་ལ་སོགས་པ་དགེ་ཚུལ་དང་། དྷརྨ་ཏཱ་ལ་སོགས་པ་དགེ་བསྙེན། རྒྱལ་པོ་ཆེན་པོ་སྡེ་བཞིའི་ཚོགས་དང་བཅས་པ་སོ་སོའི་རྫུ་འཕྲུལ་གྱི་མཐུས་བྱོན་ནས་རང་རང་གི་གདན་ལ་བཞུགས་པར་གྱུར་པ་ནི། དབུས་སུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། ཕྱག་གཡས་ས་གནོན་དང་། གཡོན་མཉམ་བཞག་གི་ཕྱག་རྒྱ་མཛད་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། འདབ་མ་བཞིའི་གཡས་སུ་དགྲ་བཅོམ་པ། གཡོན་དུ་ཕྱིར་མི་འོང་། མདུན་དུ་ཕྱིར་འོང་། རྒྱབ་ཏུ་རྒྱུན་ཞུགས་རྣམས་འཁར་བསིལ་དང་ལྷུང་བཟེད་བསྣམས་པ། འདབ་བརྒྱད་ནང་མར་མདུན་ནས་གཡས་བསྐོར་དུ་མཆོག་བརྒྱ་དེ། ཀུན་དགའ་བོ་བསིལ་ཡབ། ཤཱ་རིའི་བུན་རི་པོ་ཆེ། མངྒལ་གྱི་བུ་པདྨ། རབ་འབྱོར་ཟླ་ཚེས། མ་འགགས་པ་མེ་ལོང་། འཆར་ཀ་འཁོར་ལོ། ཀ་དིཎྱ་རིན་པོ་ཆེའི་སྒྲོམ་བུ། རྟ་ཐུལ་ཕྲེང་བ་འཛིན་པའོ། །འདབ་བརྒྱད་ཕྱི་མར་མདུན་ནས་གཡས་བསྐོར་དུ་རང་རྒྱུད་པ་བརྒྱད་དེ། ཉེ་བར་འཁོར་ལྷུང་བཟེད། བ་ལང་བདག་མེ་སྒྲོན། འོད་སྲུང་པདྨ། སྒྲ་གཅན་ཟིན་གདུགས། གཅུང་དགའ་བོ་གདུ་བུ། མིང་ཅན་ཆན་པ། ནོར་སྦྱིན་ནེའུ་ལེ། གང་པོ་ནོར་བུ་འཛིན་པའོ། །ཕྱི་བསྐོར་གྱི་པདྨ་བཅུ་དྲུག་ལ་མདུན་ནས་གཡས་བསྐོར་དུ། ཡན་ལག་འབྱུང་སྤོས་ཕོར་དང་རྔ་ཡབ། མ་ཕམ་པ་མཉམ་བཞག །ནགས་ན་གནས་སྡིགས་མཛུབ་དང་རྔ་ཡབ། དུས་ལྡན་གསེར་གྱི་རྣ་བསྒོར། རྡོ་རྗེ་མོའི་བུ་སྡིག་མཛུབ་དང་རྔ་ཡབ། བཟང་པོ་ཆོས་འཆད་དང་མཉམ་བཞག །གསེར་བེའུ་རིན་པོ་ཆེའི་ཞགས་པ། །བྷ་ར་དྷྭ་ཛ་གསེར་ཅན་མཉམ་བཞག །བ་ཀུ་ལ་ནེའུ་ལེ། སྒྲག་ཅན་ཟིན་རིན་པོ་ཆེའི་པྲོག་ཞུ། ལམ་ཕྲན་བརྟན་མཉམ་བཞག །བྷྱ་ར་དྷྭ་ཛ་བསོད་སྙོམས་ལེན་གླེགས་བམ་དང་ལྷུང་བཟེད། ལམ་བརྟན་ཆོས་འཆད་དང་གླེགས་བམ། ཀླུའི་སྡོ་བུམ་པ་དང་འཁར་བསིལ། སྤེད་བྱེད་གླེགས་བམ། མི་ཕྱེད་པ་བྱང་ཆུབ་མཆོད་རྟེན་འཛིན་པ། དེ་ཐམས་ཅད་ཀྱང་གནས་བརྟན་དབང་པོ་དུལ་བའི་ཆ་ལུགས་ཅན། ཤར་ལྷོའི་གྲྭར་ཙུནྡ་དགེ་ཚུལ་འཁར་བསིལ་དང་ལྷུང་བཟེད། བྱང་ཤར་གྱི་གྲྭར་དགེ་བསྙེན་དྷརྨ་ཏཱ་ཐོར་ཅོག་ཅན་གླེགས་བམ་ཁུར་ཞིང་རྔ་ཡབ་དང་བུམ་པ་འཛིན་པ། སངས་རྒྱས་སྣང་བ་མཐའ་ཡས་ལ་གཟིགས་ཤིང་པུས་མོ་གཡས་པ་ལས་སྟག་སྤྲུལ་པ། ཤར་སྒོར་ཡུལ་འཁོར་སྲུང་དཀར་པོ་པི་ཝཾ། ལྷོར་འཕགས་སྐྱེས་པོ་སྔོན་པོ་རལ་གྲི། ནུབ་སྒོར་མིག་མི་བཟང་དམར་པོ་སྦྲུལ་ཞགས་དང་མཆོད་རྟེན། བྱང་སྒོར་རྣམ་ཐོས་སྲས་སེར་པོ་ཡིད་བཞིན་གྱི་རྒྱལ་མཚན་དང་ནེའུ་ལེ་འཛིན་པ། ཐམས་ཅད་ཀྱང་རང་རང་གི་འཁོར་བསམ་གྱི་མི་ཁྱབ་པ་དང་བཅས་ཏེ་བཞུགས་པར་བསམ་ལ། རིན་ཆེན་དུ་མ་ལས་གྲུབ་སེང་གེའི་ཁྲི། ཡིད་འཕྲོག་སྣ་ཚོགས་གོས་ཀྱིས་བཀབ་པ་ནི། སངས་རྒྱས་སྲས་དང་བཅས་ལ་ཕུལ་བ་ཡིས། འགྲོ་ཀུན་རྡོ་རྗེའི་གདན་ལ་འཁོད་གྱུར་ཅིག །ཅེས་གདན་དབུལ་ལོ། །དེ་ནས་མཆོད་ཡོན་སྦྲེང་བཞིན་དུ། ཆུ་བོ་གདྒཱའི་རྒྱུན་བཞིན་དུ། ཨརྒྷཾ་རྒྱུན་ཡང་མི་ཆད་དེ། བླ་མེད་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །ཡང་ཞབས་བསིལ་སྦྲིང་ཞིང་། །ཆུ་བོ་གངྒཱའི་རྒྱུན་བཞིན་དུ། །ཞབས་བསིལ་རྒྱུན་ཡང་མི་ཆད་དེ། །བླ་མེད་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །དེ་ནས་ཁྲུས་གསོལ་བ་ནི། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་བཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོད་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་གང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཞེས་སྙན་མནན་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ༀ་སརྦ་དེ་བ་ཏ་ཨརྩི་ཏ་ཨ་མྲྀ་ཏ་སྭཱ་ཧཱ། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་སྩལ་དུ་གསོལ། །ༀ་སརྦ་དེ་བ་ཏ་ཨརྩི་ཏ་ཨ་མྲྀ་ཏ་སྭཱ་ཧཱ། ཞེས་ཁྲུས་གསོལ་ཞིང་། ཁྲུས་ཁུ་སླར་ཡང་བུམ་པར་བླུག་གོ །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་པས་སྐུ་ཕྱིའོ། །དྲི་མེད་མཚན་ལ་སྒྲིབ་བསལ་མི་མངའ་ཡང་། །དད་པས་ངུར་སྨྲིག་རྒྱལ་མཚན་ཕུལ་བ་ཡིས། །ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་བརྟུལ་ཞུགས་མཆོག་ལ་སྤྱོད་པར་ཤོག །ༀ་བཛྲ་ཝཱ་ས་སེ་སྭཱ་ཧཱས་ན་བཟའ་དབུལ། དེ་ནས་ཚོགས་བསགས་པའི་དང་པོ་ཕྱག་འཚལ་བ་ནི། རྒྱས་པར་དཔང་སྐོང་ལྟར་བྱ་བར་གསུངས་པས་ཅི་འགྲུབ་དང་། འདིར་མདོར་བསྡུས་པའི་དབང་དུ་བྱས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་མཉམ་མེད་ཤཱཀྱ་ཐུབ་པ་འཁོར་འཕགས་པ་ཉན་ཐོས་ཀྱི་དགེ་འདུན་གྱི་ཚོགས་དང་བཅས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ཡོན་ཏན་རིན་ཆེན་མང་པོའི་ཚོགས་མངའ་ཞིང་། །མཚན་རབ་ཡེ་ཤེས་ཡོངས་སུ་དག་པའི་སྐུ། །གསེར་གྱི་མདོག་ཅན་ལྷ་དང་མིས་མཆོད་པ། །བཅོམ་ལྡན་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །ཤཱ་རའི་བུ་དང་མདྒལ་གྱི་བུ། །ཀུན་དགའ་བོ་དང་རབ་འབྱོར་མ་འགགས་པ། །འཆར་ཀ་ཀ་དི་ཎྱ་རྟ་ཐུལ་ཏེ། སྤྲུལ་པའི་ཉན་ཐོས་མཆོག་བརྒྱད་ལ་ཕྱག་འཚལ། །འོད་སྲུངས་ཉེ་བ་འཁོར་དང་བ་ལང་བདག །སྒྲ་གཅན་ཟིན་དང་དགའ་བོ་མིང་ཅན་དང་། །ནོར་སྦྱིན་འཕགས་པ་གང་པོ་རང་རྒྱུད་ཀྱི། །ཉན་ཐོས་མཆོག་ཆེན་བརྒྱད་ལ་ཕྱག་འཚལ་ལོ། །འགྲོ་བའི་མགོན་པོ་ཤཱཀྱ་སེང་གེ་ཡིས། །སངས་རྒྱས་བསྟན་པ་གང་གི་ཕྱག་ཏུ་བཞག །གསུང་རབ་རིན་ཆེན་སྒྲོལ་གྱི་ཁ་འབྱེད་པ། །དགྲ་བཅོམ་གནས་བརྟན་བཅུ་དྲུག་ལ་ཕྱག་འཚལ། །དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་པོའི་སྲས། །རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་དགྲ་བཅོམ། །ཞུགས་གནས་སྐྱེས་བུ་ཟུང་བཞི་ཡ་བརྒྱད་ཀྱི། །ཉན་ཐོས་གྲངས་ལས་འདས་ལ་ཕྱག་འཚལ་ལོ། །དགེ་བསྙེན་སྐྱབས་གསོལ་བདེན་པའི་ཚིག་ཉན་པ། །དཀོན་མཆོག་གསུམ་གྱི་ཞབས་འབྲིང་དྷརྨ་ཏཱ། །རྒྱལ་བའི་བསྟན་དང་རྣམ་བཞིའི་འཁོར་སྐྱོང་བ། །མཐུ་ཆེན་རྒྱལ་ཆེན་སྡེ་བཞི་ལ་ཕྱག་འཚལ། །དེ་ནས་མཆོད་པ་འབུལ་བ་ནི། འཕགས་པའི་ཚོགས་དེ་དག་ཐམས་ཅད་ལ་མཆོད་ཡོན་དང་བྱུག་པ། མེ་ཏོག་དང་བདུག་སྤོས། མར་མེ་དང་ཞལ་ཟས། རོལ་མོ་དང་སིལ་སྙན། གདུགས་དང་བ་དན་ལ་སོགས་པ་དངོས་སུ་ཅི་འབྱོར་བ་འདི་དག་དང་ཕྱོགས་བཅུ་ན་བདག་པོས་ཡོངས་སུ་མ་བཟུང་བ་ལྷ་དང་མིའི་རྫས་དམ་པ་བདེ་བའི་ཡོ་བྱད་ཕུན་སུམ་ཚོགས་པ་ཐམས་ཅད་དང་། གཟུངས་དང་རིག་པའི་མཐུ་དང་མོས་པའི་སྟོབས་ཀྱིས་བསྐྱེད་པའི་མཆོད་པའི་སྤྲིན་ཕུང་པོ་གསུམ་པའི་མདོ་དང་བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བ་རྒྱ་མཚོ་ཐམས་ཅད་ཀྱིས་ནམ་མཁའི་ཁམས་ཀྱི་མཐའ་ཀླས་པ་ཐམས་ཅད་རྒྱས་པར་བཀང་སྟེ་འབུལ་ལོ། །མཆོད་དོ། །བདག་གི་བར་བཞེས་པར་མཛད་དུ་གསོལ། འཇིག་རྟེན་ཁམས་ནི་དཔག་མེད་ན། མཆོད་ཡོན་ཇི་སྙེད་ཡོད་པ་དང་། བདག་གིས་གུས་པར་བཤམས་པ་འདི། རྒྱལ་བ་སྲས་དང་བཅས་ལ་འབུལ། ༀ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། དེ་བཞིན་དུ། ཞབས་བསིལ། མེ་ཏོག །བདུག་སྤོས། མ་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དང་། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻཝིདྱ། ཤཔྡ། ཞེས་པ་རྣམས་ཀྱིས་བརྗེས་ནས་དབུལ་ལོ། །དེ་ནས་བཤགས་པ་ལ་སོགས་པའི་ཡན་ལག་ཕྱི་མ་ལྔ་ནི། བདག་ཅག་རྣམས་ཀྱིས་ཐོག་མ་མ་མཆིས་པ་ནས་འཁོར་བ་ན་འཁོར་བའི་ཚེ་རབས་ཐམས་ཅད་དུ་སྡིག་པ་མི་དགེ་བའི་ལས་མདོར་ན་མི་བགྱི་བར་རིགས་པའི་ལས་ནི་བགྱིས། བགྱི་བར་འོས་པའི་ལས་མ་བགྱིས་པ་ལ་སོགས་པ་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང་། འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པ་ཅི་མཆིས་པ་ཐམས་ཅད་ཤིན་ཏུ་གནོང་ཞིང་འགྱོད་པའི་སེམས་ཀྱིས་མི་འཆབ་པར་མཐོལ་ཞིང་བཤགས་སོ། །དུས་གསུམ་གྱི་འཕགས་པ་དང་སོ་སོ་སྐྱེ་བོའི་དགེ་བའི་རྩ་བ་མཐའ་དག་གི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །ཕྱོས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ་ལོ། །འཇིག་རྟེན་གྱི་སྒྲོན་མེ་གང་དག་མྱ་ངན་ལས་འདས་པའི་ཚུལ་སྟོན་པར་བཞེད་པ་དེ་དག་ཐམས་ཅད་མྱ་ངན་ལས་མི་འདའ་བར་འཇིག་རྟེན་གྱི་དོན་མཛད་ཅིང་ཡུན་རིང་དུ་བཞུགས་པར་གསོལ་བར་འཚལ་ལོ། །མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སོགས་པ་འཕགས་པའི་ཚོགས་དེ་དག་ཐམས་ཅད་ལ་ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པ་དགེ་བའི་རྩ་བ་རླབས་པོ་ཆེ་འདི་དག་ཐམས་ཅད་ལ་མ་ལུས་པར་འཕགས་པའི་ཚོགས་རྣམས་ལ་དབུལ་ཞིང་འགྲོ་བ་ཐམས་ཅད་ལ་བསྟབས་ཤིང་བསྔོ་བར་བགྱིའོ། །དེ་ལྟར་ཕུལ་ཞིང་བསྔོས་པས་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་ཐོག་མ་མ་མཆིས་པའི་འཁོར་བ་ནས་བསགས་པའི་དགེ་བའི་རྩ་བ་ཅི་མཆིས་པའི་སྟོབས་དང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཕགས་པའི་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་སྔོན་གྱི་ཐུགས་དམ་བཟང་པོ་ལས་གླེངས་ཏེ་མཆོད་ཅིང་གསོལ་བ་གདབ་པའི་ཆོ་ག་བགྱིས་པ་ལས་ཕན་ཡོན་ཇི་སྐད་བཀའ་སྩལ་པ་ཐམས་ཅད་བདག་ཅག་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱིས་འཕྲལ་དུ་ཐོབ་ཅིང་ཡོངས་སུ་རྫོགས་ནས་མངོན་དུ་གྱུར་ཅིག །བདག་ཅག་ལ་སོགས་པས་ཐོག་མ་མ་མཆིས་པའི་འཁོར་བ་ནས་འཁོར་བར་བརྒྱུད་པ་རྣམས་སུ་སྡིག་པ་མི་དགེ་བའི་ལས་ཀྱི་སྒྲིབ་པར་གྱུར་པ་ཅི་མཆིས་པ་ཐམས་ཅད་མ་ལུས་པ་བསལ་ཏེ། གཏན་ཞི་ཞིང་བྱང་བར་གྱུར་ཅིག །སྔོན་གྱི་ལས་དེ་ལྟ་བུའི་རྣམ་པར་སྨིན་པ་ཡང་རུང་། འཕྲལ་གྱི་རྐྱེན་ལས་གྱུར་ཀྱང་རུང་སྟེ། ནད་ཀྱིས་གདུངས་པ་དང་། མི་དང་མི་མ་ཡིན་གྱི་གནོད་པས་གཙེས་པ་དང་། ཚེ་ཐུང་བ་དང་། འཁོར་དང་ལོངས་སྤྱོད་མི་མཐུན་པ་དང་། བསམ་པ་མི་འགྲུབ་ཅིང་བར་དུ་གཅོད་པ་མང་བ་སོགས་མི་དགེ་བ་དང་། བཀྲ་མི་ཤིས་པ་དང་ངན་པ་དང་། སྡིག་ཏོར་བགྲང་བ་ཐམས་ཅད་ཞི་ཞིང་གཏན་མི་འབྱུང་བར་གྱུར་ཅིག །འཕྲལ་དུ་ཡང་ཚེ་རིང་ཞིང་ནད་མ་མཆིས་པ་དང་། འཁོར་དང་ཡོ་བྱད་ཐམས་ཅད་མཐུན་ཞིང་འབྱོར་པ་ཕུན་སུམ་ཚོགས་པ་དང་། བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་སོགས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལ་དང་ལྡན་པར་གྱུར་ཅིག །ཚེ་རབས་ཐམས་ཅད་དུ་ཡང་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་པའི་ལུས་དང་ལོངས་སྤྱོད་དང་འཁོར་དང་གྲོགས་དང་དགེ་བའི་བཤེས་གཉེན་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །དམ་པའི་ཆོས་དང་རྟག་ཏུ་འཕྲད་ཅིང་ཐོས་པ་དང་བསམ་པ་དང་སྒོམ་པའི་སྒོ་ནས་དོན་མངོན་དུ་བགྱིད་པར་གྱུར་ཅིག །མདོར་ན་སེམས་ཅན་ཐམས་ཅད་ཀྱི་དོན་བགྱི་ཞིང་འཕགས་པའི་ལམ་སྒྱུབ་པ་ལ་ཐབས་མཁས་པ་དང་ཤེས་རབ་ཀྱི་མཐུ་ཐོགས་པ་མེད་པ་དང་ལྡན་ཏེ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ཐམས་ཅད་བདེ་བླག་ཏུ་ཉམས་འོག་ཏུ་ཆུད་པར་གྱུར་ཅིག །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་གཡུང་དྲུང་གི་སྐུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་ཆེན་པོ་མྱུར་དུ་ཐོབ་ནས་སེམས་ཅན་ཐམས་ཅད་སྲིད་པའི་མཚོ་ལས་སྒྲོལ་ཞིང་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་འགོད་པར་གྱུར་ཅིག །དེ་ནས་གཟུངས་བཟླ་བ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང་། དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་ཀྱི་མཐུ་དང་བྱིན་གྱིས་བརླབས་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་དང་། འཕགས་པ་སྐུ་གསུང་ཐུགས་ཀྱི་སྤྱོད་པ་མ་དག་པ་མི་མངའ་བ་རྣམས་ཀྱི་ཐུགས་ངེས་པའི་བདེན་པས། མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་འཕགས་པ་ཉན་ཐོས་ཀྱི་དགེ་འདུན་གྱི་ཚོགས་དང་བཅས་པ་ཐམས་ཅད་གདན་འཛོམ་པ་ཆེན་པོ་མཛད་དེ། མཆོད་པ་བཞེས་ཤིང་། གཟུངས་སྔགས་བཟླས་པ་ཚུལ་བཞིན་དུ་འགྲུབ་པར་བྱིན་གྱིས་རློབ་པར་མཛད་དེ། བདག་སོགས་འགྲོ་བ་མང་པོའི་དོན་དཔག་ཏུ་མེད་པ་མཛད་པར་གྱུར་ཅིག །དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་འཕྲོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ། དེས་འཕགས་པ་ཐམས་ཅད་སེམས་ཅན་གྱི་དོན་ལ་བསྐུལ་ཞིང་། ངན་སོང་གི་གནས་ཐམས་ཅད་སྦྱངས་ཏེ། སེམས་ཅན་ཐམས་ཅད་མཐོ་རིས་དང་ཐར་པའི་གོ་འཕང་ལ་འཇུག་པར་གྱུར་ཅིག །འོད་ཟེར་དེས་བདག་ཅག་རྣམས་ལ་ཁྱབ་པས་འགྲོ་དོན་དཔག་མེད་སྒྲུབ་ནུས་པའི་མཐུ་ཐོབ་སྟེ། དེ་བཞིན་གཤེགས་པ་རྣམས་དང་སྐུ་གསུང་ཐུགས་མཚུངས་པར་གྱུར་ཅིག །ཡང་འོད་ཟེར་དེ་དག་གཅིག་ཏུ་འདུས་པ་བུམ་པའི་གཟུངས་ཆབ་ལ་ཁྱབ་སྟེ་རེག་པ་ཙམ་གྱིས་མི་མཐུན་པའི་ཕྱོགས་ཞི་བར་བྱེད་པ། དཔལ་དང་བདེ་ལེགས་བསྐྱེད་པར་བྱེད་པའི་བདུད་རྩིའི་དག་བྱེད་དུ་གྱུར་ཅིག །བདག་ཅག་ལ་སོགས་པ་བསྒྲུབ་བྱའི་ལུས་དང་འཁོར་དང་ཡོ་བྱད་ཐམས་ཅད་ལ་ཁྱབ་སྟེ། ནད་དང་གནོད་པ་ཐམས་ཅད་ནི་བསལ། ལུས་སེམས་ཀྱི་སྐྱོན་ཐམས་ཅད་དང་ནི་བྲལ་ཏེ། ཆོས་ཀྱི་སྣོད་རུང་དུ་གྱུར་ཅིག །བདག་ཅག་རྣམས་ཀྱིས་འཕགས་པ་རྣམས་མངོན་སུམ་པ་ལྟ་བུར་དམིགས་ནས་གཟུངས་བཟླས་པས་དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་སྒོ་སྣ་ཚོགས་དང་ཚིག་འབྲུ་མཐའ་ཡས་པ་རྟོགས་ཤིང་རྣམ་པར་དག་པར་བྱིན་གྱིས་རློབ་པར་གྱུར་ཅིག །ཅེས་བདེན་ཚིག་གིས་བསྔོས་ནས། འཕགས་པ་རྣམས་ཀྱིས་གནང་ཞིང་ཕྲིན་ལས་མཛད་པར་ངེས་ཤེས་བསྐྱེད་དེ། ཇི་ལྟར་བསྔོས་པ་བཞིན་མངོན་དུ་གྱུར་པར་དམིགས་ནས། ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཤཱཀྱ་མུ་ན་ཡེ་སྭཱ་ཧཱ། ཞེས་པ་ཅི་ནུས་བཟླའོ། །དེ་ནས་གཏོར་མ་བཏང་ཞིང་དབང་བསྐུར་བ་ནི། འདས་གཏོར་དང་ཆ་གསུམ་གྱི་གཏོར་མ་སྔར་བཤད་པ་བཞིན་དང་། དབང་ཆོག་ལྟར་ཉན་ཐོས་ཀྱི་ཐེག་པའི་དབང་རྣམས་བསྐུར་རོ། །དེ་ནས་རྗེས་ཆོག་ནི། མཆོད་པ་དྲི་མེད་ཡོངས་དག་པ། །རྣམ་མང་རྒྱ་ཆེ་ཐམས་ཅད་དང་། །སོ་སོའི་མངའ་ཐང་རྒྱ་ཆེན་དུ། །འོས་པ་བདེ་བར་སྦྱར་ཏེ་འབུལ། །ཞེས་པས་མཆོད། མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་པ་བཤགས། རས་བྲིས་ཡིན་ན། འདིར་ནི་གཟུགས་དང་སོགས་ཀྱིས་བརྟན་བཞུགས་བྱ། རྡུལ་ཚོན་ཡིན་ན། ༀ། ཁྱེད་ཀྱི་སོགས་ཀྱིས་གཤེགས་ནས། སྨོན་ལམ་ནི། འདི་ལྟར་འབད་པས་བསྒྲུབས་པ་ཡི། །བསོད་ནམས་གྲུབ་པ་གང་ཡོད་པ། །དེས་ནི་འཇིག་རྟེན་མ་ལུས་པས། །ཐུབ་དབང་གོ་འཕང་ཐོབ་པར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །བླ་མེད་བླ་མའི་ཐུགས་རྗེ་དང་། །རྒྱལ་དང་རྒྱལ་སྲས་རང་རྒྱལ་དང་། །དགྲ་བཅོམ་བདེན་པའི་བྱིན་རླབས་ཀྱིས། །བསྔོ་བ་སྨོན་ལམ་འགྲུབ་པར་ཤོག །དེ་ནས་བཀྲ་ཤིས་ནི། བཅོམ་ལྡན་རྣམ་པར་གཟིགས་ནི་རྒྱལ་རིགས་གཟི་བརྗིད་ཅན། །ཚེ་ལོ་བརྒྱད་ཁྲིའི་དུས་ན་གྲོང་ཁྱེར་གཉེན་དྲུང་དུ། །པོ་ཏ་ལ་ཡི་ཤིང་དྲུང་མངོན་པར་སངས་རྒྱས་པའི། །བཀྲ་ཤིས་ཕུན་སུམ་ཚོགས་པས་དེང་འདིར་བདེ་ལེགས་ཤོག །བདེ་གཤེགས་གཙུག་ཏོར་ཅན་ནི་རྒྱལ་རིགས་རྫུ་འཕྲུལ་ཅན། །ཚེ་ལོ་བདུན་ཁྲིའི་དུས་ན་ཀ་ནིའི་གྲོང་ཁྱེར་དུ། །པུཎྜ་རི་ཀའི་ཤིང་དྲུང་མངོན་པར་སངས་རྒྱས་པའི། །བཀྲ་ཤིས་ཕུན་སུམ་ཚོགས་པས་དེང་འདིར་བདེ་ལེགས་ཤོག །རྒྱལ་བ་ཐམས་ཅད་སྐྱོབ་ནི་རྒྱལ་རིགས་བློ་གྲོས་ཅན། །ཚེ་ལོ་དྲུག་ཁྲིའི་དུས་ན་གྲོང་ཁྱེར་མཉམ་ཡོད་དུ། །ཤིང་དྲུང་སཱ་ལའི་དྲུང་དུ་མངོན་པར་སངས་རྒྱས་པའི། །བཀྲ་ཤིས་ཕུན་སུམ་ཚོགས་པས་དེང་འདིར་བདེ་ལེགས་ཤོག །ཐུབ་པ་འཁོར་བ་འཇིག་ནི་སྟོབས་ལྡན་བྲམ་ཟེའི་རིགས། །ཚེ་ལོ་བཞི་ཁྲིའི་དུས་ན་གྲོང་ཁྱེར་བདེ་ལྡན་དུ། །ཤི་རི་ཤ་ཡི་དྲུང་དུ་མངོན་པར་སངས་རྒྱ་པའི། །བཀྲ་ཤིས་ཕུན་སུམ་ཚོགས་པས་དེང་འདིར༴ །འདྲེན་པ་གསེར་ཐུབ་བསླབ་པ་མཆོག་ལྡན་བྲམ་ཟེའི་རིགས། །ཚེ་ལོ་སུམ་ཁྲིའི་དུས་ན་གྲོང་ཁྱེར་མཛེས་ལྡན་དུ། །ཨུ་དུམ྄་ཝ་རའི་ཤིང་དྲུང་མངོན་པར་སངས་རྒྱས་པའི། །བཀྲ་ཤིས་ཕུན་སུམ་ཚོགས་པས་དེང་འདིར༴ །སྐྱོབ་པ་འོད་སྲུངས་བྲམ་ཟེ་བླ་མེད་ཡོན་ཏན་ཅན། །ཚེ་ལོ་ཉི་ཁྲིའི་དུས་ན་ཝཱ་རཱ་ཎ་སཱི་རུ། །ནྱཱ་གྲོ་ཏའི་ཤིང་དྲུང་མངོན་པར་སངས་རྒྱས་པའི། །བཀྲ་ཤིས་ཕུན་སུམ་ཚོགས་པས་དེང་འདིར༴ །འགྲོ་མགོན་ཤཱཀྱ་ཐུབ་པ་རྒྱལ་རིགས་བརྩོན་འགྲུས་ཅན། །ཚེ་ལོ་བརྒྱ་པའི་དུས་ན་སེར་སྐྱའི་གྲོང་ཁྱེར་དུ། །ཨ་ཤྭཏྠ་ཡི་ཤིང་དྲུང་མངོན་པར་སངས་རྒྱས་པའི། །བཀྲ་ཤིས་ཕུན་སུམ་ཚོགས་པས་དེང་འདིར་བདེ་ལེགས་ཤོག །ཅེས་བརྗོད་ཅིང་མེ་ཏོག་འཐོར་བས་མཐའ་བརྒྱན་པར་བྱའོ། །ངག་ཚིག་བདེན་པས་རྩེ་གཅིག་ཏུ། །དབང་བཅུ་མངའ་བའི་འཕགས་ཚོགས་ལ། །མཆོད་ཅིང་གསོལ་ན་དམ་པའི་ཆོས། །འཕེལ་པའི་བྱིན་རླབས་དཔལ་འབར་འགྱུར། །ཉན་ཐོས་ཐེག་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།

༈ ༀ་སྭ་སྟི། འགྱུར་བཅས་སྲིད་རྩའི་རྟེན་འབྲེལ་རི། །བདག་མེད་ཕྱེད་དང་གཉིས་རྟོགས་པའི། །ཤེས་རབ་རྡོ་རྗེས་གཞིག་མཛད་དེར། །ཕྱག་བྱས་རང་རྒྱལ་སྒྲུབ་ཐབས་བཤད། །གསུམ་པ་རང་རྒྱལ་གྱི་དཀྱིལ་འཁོར་ནི། གང་དུ་བྱ་བའི་གཞི་བྱི་དོར་གྱིས་དག་པར་བྱ་ཞིང་། ཙནྡན་ལ་སོགས་པ་དྲིའི་ཆུས་ཆག་ཆག་བཏབ་པ་ལ། དཀྱིལ་འཁོར་ཁྱམས་དང་རྟ་བབས་སྤངས་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། ཕྱི་རོལ་དུ་རིན་པོ་ཆེའི་བྱེ་མ་བརྡལ་བའི་ས་གཞི་ལ་ཕྱིའི་རྟེན་འབྲེལ་རྒྱུ་དང་འགྲེལ་བ་མཚོན་བྱེད། ཤིང་གི་རྩ་བ། མྱུ་གུ། སྡོང་པོ། ལོ་མ། མེ་ཏོག །འབྲས་བུ་སྟེ་དྲུག་དང་། རྐྱེན་དག་འབྲེལ་བ་ནམ་མཁའ། རླུང་། མེ། ཆུ། ས། དཔྱིད་སོགས་དུས་བཞིའི་ཁ་དོག་གམ་མིང་སྟེ་དྲུག །ནང་གི་རྟེན་འབྲེལ་མ་རིག་པ་རྒན་མོ་ལོང་བ་ལྟ་བུ་སོགས་རྟེན་འབྲེལ་བཅུ་གཉིས་ཀྱི་གཟུགས་བྲི། དེའི་མཐར་ཁམས་གསུམ་མཚོན་བྱེད་པད་རྡོར་འོད་ཕྲེང་གསུམ་གྱིས་བསྐོར་བ། དབུས་ཀྱི་ལྟེ་བ་སེར་པོ། དེའི་ཕྱིར་འདབ་མ་བཅུ་གཉིས་མཛེས་ཚོན་དུ་བྱ་ཞིང་། ཚོན་ལྷག་མ་སྤྱི་ལྟར་དང། ལྷ་གནས་རྣམས་སུ་སྐུ་རྟེན། ལྷ་སོ་སོའི་འབུར་སྐུའམ་ཙཀླི། དེའི་གཙོ་བོ་དང་གོ་ས་གཅིག་པར་གསུང་རྟེན་འཕགས་པ་རྟེན་འབྲེལ་གྱི་མདོ་ལྟ་བུ་མདོའི་གླེགས་བམ་དང་། ཐུགས་རྟེན་དུ་རྟེན་འབྲེལ་སྙིང་པོ་ནང་གཟུངས་སུ་བཅུག་པའི་མཆོད་རྟེན་རྣམས་ཀྱང་དགོད། དཀྱིལ་འཁོར་གྱི་མཐའ་བསྐོར་དུ་མཆོད་པ་དང་། མདུན་དུ་བུམ་པ་ཆས་ཞུགས་སྤྱི་ལྟར་ལས་ཁྱད་པར་ཀེང་རུས་ཀྱི་མཚན་མ་བཏགས་པའི་ནང་དུ་རིན་ཆེན་འབྲུ་སྨན་དྲི་དང་བཅས་པའི་ཆུ་ཀླུང་གི་ཆུས་བཀང་བ་བཀོད། མེ་ལོང་གི་ངོས་ལ་ཙནྡན་དཀར་པོའི་བརྡར་ཕྱེ་བསྲེས་པའི་ཁུ་བས་རྟེན་འབྲེལ་སྙིང་པོ་ཚར་བདུན་བྲིས་ཏེ་ཚར་རེ་རེ་ལ་ལན་བདུན་བདུན་བཟླས་པ་བུམ་པའི་ཁར་བཞག །གཞན་ཡང་རྫས་དབང་གི་ཙཀླི། གཙང་ཞིང་བསོད་པའི་བཟའ་བཅའི་འདས་གཏོར་དང་། ཆ་གསུམ་གཏོར་མ་རྣམས་ཅི་བདེར་བཤམ། རང་གི་མདུན་དུ་སྤོས་སྣོད། འཐོར་ནས། རོལ་མོ་སོགས་ཉེར་མཁོའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །དེ་ནས་ཆོ་ག་ནི། ཁྲུས་དང་དཀོན་མཆོག་གསུམ་ལ་ཕྱག་བྱས་ནས། སྟན་ལ་འདུག་སྟེ། སྐྱབས་སེམས་ཚད་མེད་བཞི་སྒོམ་པའི་རིམ་པ་ནི། ན་མོ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །འདས་དང་མ་བྱོན་ད་ལྟར་གྱི། །བླ་མེད་དཀོན་མཆོག་རྣམ་གསུམ་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །ཞེས་པ་ལན་གསུམ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །འགྲོ་བ་སེམས་ཅན་བསྒྲལ་སླད་དུ། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཞེས་ལན་གསུམ་དང། སེམས་ཅན་ཐམས་ཅད་བདེ་བ་དང་ཞེས་སོགས་ཀྱང་ལན་གསུམ། དེ་ནས་གང་ཟག་གི་བདག་དང་ཆོས་བདག་བཟུང་བ་རང་བཞིན་མ་གྲུབ་པའི་ངང་ལ་དར་ཅིག་བཞག །དེའི་ངང་ལས་ཆོས་ཐམས་ཅད་རྟེན་འབྲེལ་སྒྱུ་མ་ལྟ་བུར་བལྟས་ལ། སྐད་ཅིག་གིས་བུམ་པའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ཉ་ཡོངས་སུ་གང་བ་ལ་གནས་པའི་རྟེན་འབྲེལ་སྙིང་པོའི་སྔགས་ཕྲེང་ཁ་དོག་དཀར་པོ། དེ་ལས་འོད་ཟེར་དཀར་པོ་འཕྲོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ནས་ལྷའི་བདུད་རྩིའི་རྒྱུན་རྣམས་བསྡུས་ཏེ་ཞུ་བའི་ཆུས་བུམ་པ་གང་བར་དམིགས་ནས། ལག་གཡས་བུམ་པ་ལ་བཀབ་པའི་རྒྱ་བཅས་ཏེ། ༀ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། ཞེས་པ་བརྒྱ་རྩ་བརྒྱད་བཟླ། ཡང་སྔགས་ཀྱི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་སྤྱན་དྲངས་ནས་རྟེན་རྣམས་ལ་ཐིམ་པར་བསམ། མཐར་ཟླ་དཀྱིལ་སྔགས་ཕྲེང་དང་བཅས་པའང་བུམ་ཆུ་ལ་ཐིམ་པར་བསམ་ཞིང་། དེས་རྟེན་དང་དཀྱིལ་འཁོར་ལ་ཁྲུས་བྱས་པའི་ཆུ་སླར་ཡང་བུམ་པར་བླུགས་སོ། །དེ་ནས་རྟེན་འབྲེལ་སྙིང་པོ་དང་། སྭ་བྷཱ་ཝའི་སྔགས་བརྗོད་ཅིང་བུམ་ཆུ་གཏོར་བས། གནས་དང་མཆོད་རྫས་ལ་སོགས་པའི་ཉེས་སྐྱོན་ཐམས་ཅད་སྦྱངས་ནས་དག་ཅིང་བཟང་བ་ཕུན་སུམ་ཚོགས་པར་གྱུར་པར་བསམ་ཞིང་། རྟེན་འབྲེལ་སྙིང་པོ་བརྗོད། དེ་ནས་དཀྱིལ་འཁོར་བསྐྱེད་ཅིང་བྱིན་གྱིས་རློབ་པ་ནི། མདུན་བསྐྱེད་ཀྱི་གཞིས་མཚོན་པའི་གཟུང་བ་ཕྲ་རགས་དང་འཛིན་པ་རགས་པས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་མ་གྲུབ་པའི་ངང་ལ་དར་ཅིག་བཞག །དེ་ནས། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་སྔོན་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པའི་ཚེ་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་པའི་བདེན་པ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས། དེང་འདིར་དེ་བཞིན་གཤེགས་པ་སྲས་དང་བཅས་པ་དང ། འཕགས་པ་ཆོས་སྐྱོང་བ་ཐམས་ཅད་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདི་དག་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་ཞིང་གི་བཀོད་པའི་ཡོན་ཏན་ལྟ་བུ་དང་ལྡན་པར་གྱུར་ཏེ། ཕྱི་ནང་གི་རྟེན་འབྲེལ་འབྱུང་ལྡོག་གི་འགྲོས་ཀྱིས་འཁོར་ཞིང་འགག་པའི་རྒྱུ་འབྲས་ཀྱི་མཚན་མས་ཡོངས་སུ་བསྐོར་བའི་ས་གཞི་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་ལག་མཐིལ་ལྟར་མཉམ་པའི་གཞི་ལ། བཀོད་པ་ཐམས་ཅད་ལས་འཕགས་པ་དེ་བཞིན་གཤེགས་པའི་བཀོད་པ་ལ་བརྟེན་པའི་ཕོ་བྲང་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་ཁང་བ་བརྩེགས་པ། གྲུ་བཞི་པ། ཀ་བ་བཞི་ཟུག་པ། སྒོ་བཞི་དོད་པ། མཉམ་པ། ཉམས་དགའ་བ། ཤིན་ཏུ་རྣམ་པར་ཕྱེ་བས་མཛེས་པར་བྱས་པ། བཀྲ་བ། ལྟ་ན་སྡུག་པ། འོད་འབར་བ། ཐེམ་སྐས་བཞི་དང་ལྡན་པ། དཀྱིལ་འཁོར་གྱི་ནང་གི་དབུས་སུ་རིན་པོ་ཆེའི་ཁྲི་པདྨ་ཟླ་བ་དང་བཅས་པ། དེའི་གཡས་གཡོན་དང་། ཕྱི་བསྐོར་གྱི་པད་འདབ་བཅུ་གཉིས་ཡོངས་སུ་རྒྱས་པའི་སྟེང་སོ་སོར་ཡང་ཟླ་བའི་གདན་རེ་རེ་དང་། སྒོ་བཞིར་རིན་པོ་ཆེའི་གདན་རྣམས་ཏེ། འཕགས་པ་རྣམས་གདན་འཛོམ་པའི་བཞུགས་གནས་སོ་སོའི་སྨོན་ལམ་ཁྱད་པར་ཅན་དང་མངའ་ཐང་དང་འཚམས་པར་གྲུབ་པ་མཛེས་པ་ཤ་སྟག་འབྱུང་བར་གྱུར་ཅིག །ཅེས་ལན་གསུམ་དང་། རྟེན་འབྲེལ་སྙིང་པོ་བརྗོད། དེ་ནས་མཆོད་པ་བྱིན་གྱིས་རློབ་པ་ནི། ཕྱི་ནང་ཀུན་ཏུ་ཆ་རིས་དང་འཚམས་པར་ལྷ་དང་མིའི་ཡོ་བྱད་དམ་པ་ཁ་དོག་དང་། དྲི་དང་། རོ་དང་། རེག་པ་དང་ལྡན་པ་ཡིད་དུ་འོང་པ། གྱ་ནོམ་པའི་ཞལ་ཟས་དང་། ན་བཟའ་དང་། རྒྱན་དང་། རོལ་མོ་ལ་སོགས་པ་ཕུལ་དུ་ཕྱིན་པ་སྣ་ཚོགས་པ། ཕུང་པོ་གསུམ་པའི་མདོ་དང་། བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བའི་མཆོད་པའི་སྤྲིན་རྒྱ་མཚོ་ཐམས་ཅད་ཀྱིས་རྒྱས་པར་གང་ཞིང་རྒྱན་ཀླུབས་པ་དང་ལྡན་པར་གྱུར་ཅིག །འཕགས་པ་ཐམས་ཅད་གདན་འཛོམ་ནས། དེ་བཞིན་དུ་བྱིན་གྱིས་བརླབས་ཤིང་བཞེས་ཏེ་ལོངས་སྤྱོད་པར་གྱུར་ཅིག །ཅེས་ལན་གསུམ་དང་། རྟེན་འབྲེལ་སྙིང་པོ་བརྗོད། དེ་ནས་སྤྱན་འདྲེན་པ་ནི། སྤོས་བཏུལ་ཞིང་རོལ་མོའི་སྒྲ་དང་བཅས་ཏེ། ཧཱུཾ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །འདས་དང་མ་བྱོན་ད་ལྟར་གྱི། །དཀོན་མཆོག་བླ་མེད་རིན་ཆེན་གསུམ། །རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །འགྲོ་བ་སེམས་ཅན་དོན་སླད་དུ། །ཐུགས་རྗེས་དགོངས་ཏེ་གཤེགས་སུ་གསོལ། །ༀ་ཡེ་དྷརྨཱ་སོགས་བརྗོད། ཅེས་སྤྱན་དྲངས་པས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་ཐུབ་པའི་དབང་པོ་འཁོར་འཕགས་པ་རང་སངས་རྒྱས་ཀྱི་ཚོགས། ཕྱི་བཞིན་འབྲང་བ་རྒྱལ་པོ་ཆེན་པོ་སྡེ་བཞི་དང་བཅས་པ་སོ་སོའི་རྫུ་འཕྲུལ་གྱི་མཐུས་བྱོན་ནས་རང་རང་གི་གདན་ལ་བཞུགས་པར་གྱུར་པ་ནི། དབུས་སུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། ཕྱག་གཡས་ས་གནོན་དང་། གཡོན་མཉམ་བཞག་གི་ཕྱག་རྒྱ་མཛད་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་གཡས་སུ་རང་རྒྱལ་བསེ་རུ་ལྟ་བུ་དང་། གཡོན་ན་ཚོགས་སྤྱོད་གཉིས་ཐལ་མོ་སྦྱར་བ། མཐའ་བསྐོར་ཡི་འདབ་མ་བཅུ་གཉིས་ལ་མདུན་ནས་གཡས་བསྐོར་དུ་རང་རྒྱལ་བཅུ་གཉིས་ཏེ། འཇིགས་མེད་རྡོ་རྗེ། སྣང་བ་བརྩེགས་པ་རིན་པོ་ཆེ། དཔའ་བོ་འདུལ་པ་རྡོ་རྗེ་རྩེ་ལྔ་པ། ཉོན་མོངས་གདུང་སེལ་བསིལ་ཡབ་། ཤེས་རབ་མགྱོགས་ཆེན་ཟླ་ཚེས། རྫུ་འཕྲུལ་ཆེར་སྟོན་མེ་དཔུང་། གདུང་བ་སེལ་བྱེད་དུང་། སྒྲ་ཆེན་པོ་ཆ་ལང་། བསེ་རུ་ལྟ་བུ་མཉམ་བཞག །རི་རྒྱལ་རིན་པོ་ཆེའི་སྙེ་མ། སེང་གེ་ལྟ་བུ་རྡོ་རྗེ། ཡིད་མྱུར་རྔ་ཡབ་བསྣམས་པ། ཐམས་ཅད་ཀྱང་དགེ་སློང་དགྲ་བཅོམ་པ་དབང་པོ་དུལ་བའི་ཆ་ལུགས་ཅན་གཙུག་ཏོར་ཅུང་ཟད་དང་བཅས་པ། ཤར་སྒོར་ཡུལ་འཁོར་སྲུང་དཀར་པོ་པི་ཝཾ། ལྷོ་སྒོར་འཕགས་སྐྱེས་པོ་སྔོན་པོ་རལ་གྲི། ནུབ་སྒོར་མིག་མི་བཟང་དམར་པོ་སྦྲུལ་ཞགས་དང་མཆོད་རྟེན། བྱང་སྒོར་རྣམ་ཐོས་སྲས་སེར་པོ་ཡིད་བཞིན་གྱི་རྒྱལ་མཚན་དང་ནེའུ་ལེ་འཛིན་པ། ཐམས་ཅད་ཀྱང་རང་རང་གི་འཁོར་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་བཞུགས་པར་བསམ་ཞིང་། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །གནས་མཆོག་གཞལ་ཡས་ཕོ་བྲང་འདིར། །རིན་ཆེན་པདྨའི་གདན་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ༀ་ཡེ་དྷརྨཱ་ཞེས་པས་གདན་ལ་བཞུགས་སུ་གསོལ་ལོ། །དེ་ནས་མེ་ལོང་གི་ནང་དུ་དཀྱིལ་འཁོར་གྱི་གཟུགས་བརྙན་འཆར་དུ་བཅུག་ལ་བུམ་པའི་ཆུས་ཁྲུས་ཆབ་སྦྲེང་བཞིན་དུ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ལྷ་རྫས་དམ་པའི་ཁྲུས་ཆབ་འདི། །བླ་མེད་དཀོན་མཆོག་གསུམ་ལ་འབུལ། །རྟེན་ཅིང འབྲེལ་བར་འབྱུང་བ་ཡི། །འགྲོ་བ་སེམས་ཅན་དོན་སླད་དུ། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །ༀ་ཡེ་དྷརྨཱ༴ ཞེས་ཁྲུས་གསོལ་བའི་ཆུ་སླར་ཡང་བུམ་པར་བླུགས། དེ་ནས་རས་མཆོག་གིས་སྐུ་འཕྱི་བཞིན་དུ། རྟེན་ཅིང་འབྲེལ་བར༴ །ལྷ་རྫས་དམ་པའི་སྐུ་ཕྱིས་འདི། །བླ་མེད་དཀོན་མཆོག༴ །རྟེན་ཅིང་འབྲེལ་བར༴ །འགྲོ་བ་སེམས་ཅན༴ །ཐུགས་རྗེས་དགོངས་ཏེ༴ །ༀ་ཡེ་དྷརྨཱ༴ ཞེས་འཕྱི། དེ་ནས་གོས་ཟུང་། རྟེན་ཅིང་༴ ལྷ་རྫས་དམ་པའི་ན་བཟའ་འདི། །བླ་མེད༴ །རྟེན་ཅིང་༴ །འགྲོ་བ༴ །ཐུགས་རྗེས༴ ༀ་ཡེ་དྷརྨཱ༴ །ཞེས་དབུལ་ལོ། །དེ་ནས་ཕྱག་བྱ་སྟེ། རྒྱས་པར་དཔང་སྐོང་ལྟར་བྱ་ཞིང་། འདིར་ཟོར་ཡང་བའི་དབང་དུ་བྱས་ནས་འདི་སྐད་ཅེས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་མཉམ་མེད་ཤཱཀྱ་ཐུབ་པ། འཁོར་འཕགས་པ་རང་སངས་རྒྱས་ཀྱི་དགེ་འདུན་གྱི་ཚོགས་དང་བཅས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །དཀོན་མཆོག་བླ་མེད་རིན་ཆེན་གསུམ། །སྐུ་ནི་རྟེན་ཅིང་འབྲེལ་བའི་སྐུ། །གསུང་ནི་རྟེན་འབྲེལ་འགག་མེད་སྟོན། །ཐུགས་ནི་རྟེན་འབྲེལ་ཐམས་ཅད་མཁྱེན། །སྐུ་གསུང་ཐུགས་ལ་ཕྱག་འཚལ་ལོ། །ཁམས་གསུམ་པ་ཡི་འགྲོ་ཀུན་གྱི། །ངན་སོང་ཐམས་ཅད་སྦྱོང་མཛད་ཅིང་། །ཆོས་ཀྱི་འཁོར་ལོ་བསྐོར་མཛད་པ། །ཤཱཀྱ་སེང་གེ་ལ་ཕྱག་འཚལ། །རྟེན་འབྲེལ་དོན་ལ་བརྟེན་གནས་པའི། །འཕགས་པ་རང་རྒྱལ་བཅུ་གཉིས་ནི། །འབྱུང་དང་ལྡོག་ལ་རབ་བཞུགས་པའི། །རང་རྒྱལ་གཙོ་ལ་ཕྱག་འཚལ་ལོ། །ཟབ་མོ་རྟེན་འབྲེལ་ལེགས་གོམས་པས། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །བརྟེན་མེད་ཚུལ་གྱིས་ཐུགས་ཆུད་པའི། །འཕགས་པར་རང་རྒྱལ་ཀུན་ལ་འདུད། །ཟབ་ཅིང་རྒྱ་ཆེ་གཟིགས་པ་པོ། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །མིག་མི་བཟང་དང་རྣམ་ཐོས་སྲས། །རྒྱལ་ཆེན་བཞི་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞེས་སོགས་ཀྱང་བརྗོད། དེ་ནས་མཆོད་པ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ལྷ་རྫས་དམ་པའི་ཡོན་ཆབ་འདི། །བླ་མེད་དཀོན་མཆོག་གསུམ་ལ་འབུལ། །རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །འགྲོ་བ་སེམས་ཅན་དོན་སླད་དུ། །ཐུགས་རྗེ་དགོངས་ཏེ་བཞེས་སུ་གསོལ། །ༀ་ཡེ་དྷརྨཱ་ནས། མ་ཧཱ་ཤྲ་མ་ཎཿ ༀ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། དེ་བཞིན་དུ་ཡོན་ཆབ་ཀྱི་གནས་སུ། །བདུག་སྤོས། མེ་ཏོག །མར་མེ། དྲི་མཆོག །ཞལ་ཟས། རོལ་མོ་རྣམས་དང་ཨརྒྷཾ་གྱི་གནས་སུ། དྷཱུ་པེ། པུཥྤེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱ། ཤཔྡ་ཞེས་པ་རྣམས་བཅུག་ནས་དབུལ་ལོ། །དེ་ནས་བཤགས་པ་ལ་སོགས་པ་ཡན་ལག་ཕྱི་མ་ལྔ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །རྒྱལ་བ་སྲས་བཅས་དགོངས་སུ་གསོལ། །བདག་ནི་མི་ཤེས་གཏི་མུག་པས། །རང་བཞིན་ཁ་ན་མ་ཐོའམ། །བཅས་པའི་སྡིག་པ་གང་བགྱིས་པ། །དེ་དག་ཐམས་ཅད་བཤགས་པར་བགྱི། །འཕགས་དང་སོ་སོ་སྐྱེ་བོ་ཡི། །དགེ་ཚོགས་ཀུན་ལ་རྗེས་ཡི་རང་། །འགྲོ་བའི་བསམ་པ་ཇི་བཞིན་དུ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །འཁོར་བ་ཇི་སྲིད་གནས་ཀྱི་བར། །མྱ་ངན་མི་འདར་བདག་གསོལ་འདེབས། །བདག་གིས་དགེ་བ་གང་བསགས་པ། །དེ་ཀུན་བྱང་ཆུབ་ཆེན་པོར་བསྔོ། །དེ་ནས་གཟུངས་བཟླ་བ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང་། །དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་ཀྱི་མཐུ་དང་བྱིན་གྱིས་བརླབས་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་དང་། འཕགས་པ་སྐུ་གསུང་ཐུགས་ཀྱི་སྤྱོད་པ་མ་དག་པ་མི་མངའ་བ་རྣམས་ཀྱི་ཐུགས་ངེས་པའི་བདེན་པས་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འདིར་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་འཕགས་པ་རང་སངས་རྒྱས་ཀྱི་དགེ་འདུན་གྱི་ཚོགས་དང་བཅས་པ་ཐམས་ཅད་གདན་འཛོམ་པ་ཆེན་པོ་མཛད་དེ། མཆོད་པ་བཞེས་ཤིང་། གཟུངས་སྔགས་བཟླས་པ་ཚུལ་བཞིན་དུ་འགྲུབ་པར་བྱིན་གྱིས་རློབ་པར་མཛད་དེ། བདག་སོགས་འགྲོ་བ་མང་པོའི་དོན་དཔག་ཏུ་མེད་པ་མཛད་པར་གྱུར་ཅིག །དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ལ་གནས་པའི་རྟེན་འབྲེལ་སྙིང་པོའི་སྔགས་ཕྲེང་ཁ་དོག་དཀར་པོ་ལས་འོད་ཟེར་འཕྲོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ། དེས་འཕགས་པ་ཐམས་ཅད་སེམས་ཅན་གྱི་དོན་མཛད་པར་བསྐུལ་ཞིང་། ངན་སོང་གི་གནས་ཐམས་ཅད་ཀྱང་སྦྱངས་ཏེ། སེམས་ཅན་ཐམས་ཅད་མཐོ་རིས་ཀྱི་རྟེན་ཕུན་སུམ་ཚོགས་པ་ཐོབ་ནས་མ་རིག་པ་སོགས་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ལུགས་ལྡོག་ཏུ་འགགས་པའི་རྣམ་གྲོལ་གྱི་གོ་འཕང་ལ་མྱུར་དུ་འཇུག་པར་གྱུར་ཅིག །འོད་ཟེར་དེས་བདག་ཅག་རྣམས་ལ་ཁྱབ་པས་འགྲོ་དོན་དཔག་མེད་སྒྲུབ་ནུས་པའི་མཐུ་ཐོབ་སྟེ་འཕགས་པའི་ཚོགས་རྣམས་དང་སྐུ་གསུང་ཐུགས་མཚུངས་པར་གྱུར་ཅིག །ཡང་འོད་ཟེར་དེ་དག་གཅིག་ཏུ་འདུས་པ་བུམ་པའི་གཟུངས་ཆབ་ལ་ཁྱབ་སྟེ་རེག་པ་ཙམ་གྱིས་མི་མཐུན་པའི་ཕྱོགས་ཞི་བར་བྱེད་པ། དཔལ་དང་བདེ་ལེགས་བསྐྱེད་པར་བྱེད་པའི་བདུད་རྩིའི་དག་བྱེད་དུ་གྱུར་ཅིག །བདག་ཅག་ལ་སོགས་པ་བསྒྲུབ་བྱའི་ལུས་དང་འཁོར་དང་ལོངས་སྤྱོད་ཐམས་ཅད་ལ་ཁྱབ་སྟེ། ནད་དང་གནོད་པ་ཐམས་ཅད་ནི་བསལ། ལུས་སེམས་ཀྱི་སྐྱོན་ཐམས་ཅད་ནི་བྲལ་སྟེ། ཆོས་ཀྱི་སྣོད་རུང་དུ་གྱུར་ཅིག །བདག་ཅག་རྣམས་ཀྱིས་འཕགས་པ་རྣམས་མངོན་སུམ་པ་ལྟ་བུར་དམིགས་ནས་གཟུངས་བཟླས་པས་དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་སྒོ་སྣ་ཚོགས་དང་ཚིག་འབྲུ་མཐའ་ཡས་པ་རྟོགས་ཤིང་རྣམ་པར་དག་པར་བྱིན་གྱིས་རློབ་པར་གྱུར་ཅིག །ཅེས་བདེན་པའི་ཚིག་གིས་བསྔོས་ནས། འཕགས་པ་རྣམས་ཀྱིས་གནང་ཞིང་ཕྲིན་ལས་མཛད་པར་ངེས་ཤེས་བསྐྱེད་དེ། ཇི་ལྟར་བསྔོས་པ་བཞིན་མངོན་དུ་གྱུར་པར་དམིགས་ནས། ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཤཱཀྱ་མུ་ནེ་ཡེ་སྭཱ་ཧཱ། ཞེས་པ་ཅི་ནུས་དང་། ༀ་ཡེ་དྷརྨཱ་སོགས་རྟེན་འབྲེལ་སྙིང་པོའང་ཅི་རིགས་པ་བཟླའོ། །དེ་ནས་དཀྱིལ་འཁོར་ལ་བརྟན་བཞུགས་བྱ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །རྒྱལ་བ་འཁོར་དང་བཅས་པ་རྣམས། །འགྲོ་བ་སེམས་ཅན་དོན་སླད་དུ། །ཇི་སྲིད་ཆོ་ག་མ་གྲུབ་བར། །ཐུགས་རྗེས་དགོངས་ཏེ་བཞུགས་སུ་གསོལ། །ༀ་ཡེ་དྷརྨཱ༴ མེ་ཏོག་འཐོར་བཞིན་དུ། རྒྱལ་བ་དགྲ་རྒྱལ་བདེན་པའི་བྱིན་རླབས་ཀྱིས། །བདེན་པ་གསུངས་པ་དེ་ལ་སྡིག་མེད་ཅིང་། །ལྷར་བཅས་ལྷ་མིན་གྱིས་རྟག་མཆོད་པ་ཡི། །བདེན་པ་དེ་ཡིས་དེང་འདིར་བདེ་ལེགས་ཤོག །ༀ་ཡེ་དྷརྨཱ༴ དམ་ཆོས་བདུད་རྩི་ཐམས་ཅད་མཁྱེན་པ་ཡི། །ཞལ་ནས་གསུངས་པ་བསིལ་བའི་རོ་འདི་ཡིས། །ཉོན་མོངས་འབར་བའི་མེ་ཡིས་གདུངས་གྱུར་པའི། །འགྲོ་བའི་སྡུག་བསྔལ་རྟག་ཏུ་ཞི་བྱེད་ཤོག །ༀ་ཡེ་དྷརྨཱ༴ འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏམ། །སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །ༀ་ཡེ་དྷརྨཱ༴ དེ་ནས་གཏོར་མ་བཏང་ཞིང་དབང་བསྐུར་བ་ནི། འདས་གཏོར་དང་ཆ་གསུམ་གཏོར་མ་སྔར་བཤད་པ་བཞིན་དང་། དབང་ཆོག་ལྟར་རང་རྒྱལ་གྱི་ཐེག་པའི་དབང་བསྐུར་རོ། །དེ་ནས་རྗེས་ཆོག་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཚོགས་ཀུན། །བླ་མེད་དཀོན་མཆོག་གསུམ་ལ་འབུལ། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །ༀ་ཡེ་དྷརྨཱ༴ ཞེས་པས་མཆོད། མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་པ་བཤགས། རྟེན་ཡོད་ན་སྔར་གྱི་བརྟན་བཞུགས་ཀྱི་རྐང་པ་བཞི་པ་ཉིད། ཇི་སྲིད་གཟུགས་བརྙན་གནས་ཀྱི་བར། །ཞེས་བརྗེས་པས་བརྟན་བཞུགས་བྱ། མེད་ན། ༀ། ཁྱེད་ཀྱི་སེམས་ཅན་སོགས་ཀྱིས་གཤེགས་ནས། བསྔོ་སྨོན་ནི། འདི་ལྟར་འབད་པས་བསྒྲུབས་པ་ཡི། །བསོད་ནམས་གྲུབ་པ་གང་ཡོད་པ། །དེས་ནི་འཇིག་རྟེན་མ་ལུས་པས། །ཐུབ་དབང་གོ་འཕང་ཐོབ་པར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །སོགས་དང་། འཇིག་རྟེན་བདེ་ཞིང་སོགས་དང་། བླ་མེད་བླ་མའི་ཐུགས་རྗེ་དང་། །རྒྱལ་དང་རྒྱལ་སྲས་རང་རྒྱལ་དང་། །དགྲ་བཅོམ་བདེན་པའི་བྱིན་རླབས་ཀྱིས། །བསྔོ་བ་སྨོན་ལམ་འགྲུབ་པར་ཤོག །དེ་ནས་བཀྲ་ཤིས་ནི། ཤིན་ཏུ་བརྒལ་དཀའ་འཁོར་བའི་མཚོ་ལས་བརྒལ། །བསོད་ནམས་ཡེ་ཤེས་དཔག་ཡས་ཚོགས་གཉིས་རྫོགས། །འགྲོ་བ་ཀུན་གྱི་གཉེན་གཅིག་དེ་བཞིན་གཤེགས། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྐྱེ་རྒ་ན་འཆི་མཐའ་དག་རྟག་ཏུ་སྤངས། །མ་རིག་མུན་པ་དྲུང་འཇོམས་སྒྲོན་མེའི་ཚོགས། །དམིགས་པའི་མཐའ་སྤངས་ལམ་གྱི་བདེ་འགྲོར་ཞུགས། བཀྲ་ཤིས་དེས་ཀྱང་༴ །རང་དོན་སྤངས་ཤིང་གཞན་དོན་ལྷུར་ལེན་པ། །འདོད་པའི་ཡོན་ཏན་ལྟ་བ་རྒྱང་བསྲིངས་ཏེ། དད་དང་བརྩོན་འགྲུས་གྲོགས་མཆོག་བྱང་ཆུབ་སེམས། །བཀྲ་ཤིས༴ །སྙིགས་དུས་སྨོན་ལམ་དབང་གིས་སྐུ་སྤྲུལ་ནས། །ཤིན་ཏུ་ཉོན་མོངས་གདུལ་དཀའ་འདུལ་མཛད་པ། །ཐབས་མཁས་ཐུགས་རྗེ་ཆེ་མངའ་རྐང་གཉིས་གཙོ། །བཀྲ་ཤིས༴ །ཅེས་མེ་ཏོག་འཐོར་ཞིང་རོལ་མོའི་སྒྲ་བྱའོ། །མན་ངག་བྲལ་བས་ཆོག་གཞུང་དང་། །རབ་གནས་མ་ཕྱེད་དེ་ལྟ་ནའང་། །དབང་ཤེད་ཆོས་ལ་བཙོངས་པའི་མུན། །བསམ་བྱེད་འོད་བརྒྱའི་དཔལ་འདིའོ། །རང་རྒྱལ་ཐེག་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།

༈ ༀ་སྭ་སྟི། རྣམ་འགྱུར་སྒྲིབ་གཉིས་བག་ཆགས་དཔུང་། །ཐོགས་མེད་ཡེ་ཤེས་རྡོ་རྗེ་ཡིས། །མཐར་མཛད་མགོན་པོ་དེར་བཏུད་ནས། །བྱང་སེམས་ཐེག་པའི་སྒྲུབ་ཐབས་བཤད། །བཞི་པ་བྱང་སེམས་ཀྱི་དཀྱིལ་འཁོར་ནི། གང་དུ་བྱ་བའི་གཞིར་དྲི་བཟང་པོ་དང་བ་བྱུང་གི་ཆུས་ཆག་ཆག་བཏབ་ལ། དཀྱིལ་འཁོར་ཁྱམས་དང་རྟ་བབས་སྤངས་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། མདའ་ཡབ་ཀྱི་ཕྱི་རོལ་ཏུ་རིན་པོ་ཆེའི་བྱེ་མ་བརྡལ་བའི་ས་གཞི་ལ་དཔག་བསམ་གྱི་ཤིང་དང་ཁྲུས་རྫིང་སོགས་བདེ་བ་ཅན་གྱི་ཞིང་བཀོད་ལྟ་བུས་བརྒྱན་པའི་མཐར་རྡོ་ར་དང་འོད་ཕྲེང་གིས་བསྐོར་བ། དབུས་ཀྱི་ལྟེ་བ་སེར་པོ། དེའི་མཐར་ནང་དུ་པདྨ་འདབ་མ་བཞི་དང ། ཕྱིར་འདབ་མ་བཅུ་པ་རྣམས་མཛེས་ཚོན་དང་། ཚོན་ལྷག་མ་སྤྱི་ལྟར་བྱ་ཞིང་། ལྷ་གནས་རྣམས་སུ་སྐུ་རྟེན་ལྷ་སོ་སོའི་འབུར་སྐུའམ་ཙཀླི་དང་། གཙོ་བོའི་སྐུ་དང་མཉམ་དུ་གསུང་རྟེན་ཤེར་སྙིང་གི་གླེགས་བམ་དང་། ཐུགས་རྟེན་དེ་བཞིན་གཤེགས་པའི་མཆོད་རྟེན། རིན་ཆེན་འབྲུ་སྨན་དྲི་བཟང་པོ་དང་བཅས་པའི་ཆུས་རྟེན་བྱིན་ཅན་ལ་ཁྲུས་བྱས་པས་བཀང་བའི་བུམ་པ་ཆས་སུ་བཅུག་པས་དཀྱིལ་འཁོར་གྱི་མདུན་དུ་སྟེགས་ལ་བཀོད། རྫས་དབང་གི་ཙཀླི་རྣམས་ཀྱང་ཅི་བདེར་བཤམ། དཀྱིལ་འཁོར་གྱི་མཐའ་ཨརྒྷཾ་ལ་སོགས་པའི་མཆོད་པ་ཅི་འབྱོར་པས་བསྐོར། མདུན་ལྟ་བུར་འདས་གཏོར་དང་། ཆ་གསུམ་གཏོར་མའང་ཅི་བདེར་བསྒྲིག །རང་གི་མདུན་དུ་རྡོར་དྲིལ་སྤོས་སྣོད་འཐོར་ནས་སོགས་ཡོ་བྱད་ཐམས་ཅད་ཚང་བར་འདུ་བྱའོ། །དེ་ནས་ཆོ་ག་ནི། ཁྲུས་སྔོན་དུ་འགྲོ་བས། མཁྱེན་བརྩེ་ནུས་པའི་བདག་ཉིད་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་མཁའ་ཁྱབ་ཏུ་བཞུགས་པར་མོས་ལ་ཕྱག་བྱས་ནས་སྟན་ལ་འདུག་སྟེ། སྐྱབས་སེམས་ཚད་མེད་བཞི་སྒོམ་པའི་རིམ་པ་ནི། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཞེས་ལན་གསུམ་དང་། ཤེས་རབ་སྙིང་རྗེ་དང་བཅས་པས། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བགྱིས་ནས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བགྱི། །ཞེས་ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་ཞེས་སོགས་ཀྱང་ལན་གསུམ་མོ། །དེ་ནས་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་སྒོམ་པ་ནི།་འདི་ལྟར་སྣང་བའི་ཆོས་ཐམས་ཅད་མི་དམིགས་པ་སྟོང་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའོ། །ཞེས་དེའི་ངང་ལ་དར་ཅིག་མཉམ་པར་བཞག །དེ་ལས་ལངས་ནས། ཆོས་ཐམས་ཅད་དོན་དམ་པར་སྤྲོས་པ་དང་བྲལ་བ་ཡིན་པ་ལ། འཕགས་པ་རྣམས་ཀྱིས་དེ་ཉིད་ཐུགས་སུ་ཆུད་པས་སྐུ་གསུང་ཐུགས་ནམ་མཁའ་དང་འདྲ་བར་གྱུར་ཏེ་སྒྲིབ་པ་མི་མངའ་ཞིང་། མཐུ་དང་བྱིན་རླབས་བསམ་གྱིས་མི་ཁྱབ་པའི་གོ་འཕང་བརྙེས་པར་གྱུར་ན། ཀྱེ་མ་སེམས་ཅན་འདི་དག་ནི་ཆོས་ཀྱི་དེ་ཁོ་ན་ཉིད་མ་རྟོགས་ཏེ་རྨོངས་པས་ཉོན་མོངས་པ་དང་སྡུག་བསྔལ་མང་པོས་གཟིར་ཞིང་ཉམ་ཐག་པའི་གནས་སུ་ལྷུང་བར་གྱུར་ལ། སེམས་ཅན་ཐམས་ཅད་ཀྱང་བདག་གི་ཚེ་རབས་ཀྱི་གཉེན་བཤེས་དྲིན་ཅན་གྱི་འཁོར་ལོ་ཤ་སྟག་ཡིན་ན། འདི་དག་ཇི་ལྟར་སྡུག་བསྔལ་ལས་ནི་གདོན། བདེ་བ་ལ་ནི་འགོད་པར་བྱ། དེའི་ཆེད་དུ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོའི་ཚོགས་ཐམས་ཅད་གདན་འཛོམ་པར་སྤྱན་དྲངས་ལ། མཐུ་དང་དཔུང་གཉེན་དུ་གསོལ་ཏེ། དེང་ནི་འཕགས་པའི་མཐུ་དང་བྱིན་རླབས་ཀྱིས་འགྲོ་བ་ཐམས་ཅད་ལ་ཕན་པ་བསྒྲུབ་པར་བྱ་ལ། ཕྱིས་ནི་བདག་ཉིད་གཅིག་པུས་གཞན་ལ་ལྟོས་པ་མེད་པར་ཐབས་ལ་མཁས་པའི་སྒོ་སྣ་ཚོགས་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བླ་ན་མེད་པ་ཡང་དག་པར་བསྒྲུབ་པར་བྱའོ། །སྙམ་དུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྐྱེད་དོ། །དེ་ནས་དཀྱིལ་འཁོར་བསྐྱེད་ཅིང་བྱིན་གྱིས་བརླབ་པ་ནི། མདུན་བསྐྱེད་ཀྱི་གཞི་མི་དམིགས་པ་སྟོང་ཉིད་སྤྲོས་པ་དང་བྲལ་བའི་ངང་ལས། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སོགས་ཏེ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་པའི་བདེན་པ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེང་འདིར་དེ་བཞིན་གཤེགས་པ་སྲས་དང་བཅས་པ་དང་། འཕགས་པ་ཆོས་སྐྱོང་བ་ཐམས་ཅད་གདན་འཛོམ་པའི་ཕོ་བྲང་གི་དཀྱིལ་འཁོར་དང་། མཆོད་པའི་ཚོགས་སྦྱར་བ་འདི་རྣམས་ཇི་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་གྱིས་བསྒྲུབས་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་ཞིང་གི་བཀོད་པའི་ཡོན་ཏན་ལྟ་བུ་དང་ལྡན་པར་གྱུར་ཏེ། ས་གཞི་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་ལག་མཐིལ་ལྟར་མཉམ་པ་ལ། རིན་པོ་ཆེའི་དཔག་བསམ་གྱི་ལྗོན་ཤིང་ཚར་དུ་དངར་བ་ལ་བཀྲ་ཤིས་པའི་བྱ་སྙན་པར་སྒྲོག་པ་སྣ་ཚོགས་གནས་པ། དེ་དག་ཀྱང་གསེར་གྱི་ཐ་གུས་བྲེས་པ་ལས་རིན་པོ་ཆེ་སྣ་ཚོགས་པ་དཔྱངས་ཤིང་དྲིལ་བུ་དང་གཡེར་ཁ་ཆོས་ཀྱི་སྒྲ་སྙན་པར་འཁྲོལ་བས་མཛེས་པ། ཡན་ལག་བརྒྱད་དང་ལྡན་པའི་མཚོ་དང་རྫིང་བུ་ལ་ཆུ་བྱ་དང་ལྷ་མོ་སྣ་ཚོགས་བདེ་བར་རྩེ་བ། ལྷའི་མེ་ཏོག་སྣ་ཚོགས་དང་རིན་པོ་ཆེའི་ཕྱེ་མ་གཅལ་དུ་བཀྲམ་པ་ལ་སོགས་པ་ཕུན་སུམ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པའི་ཞིང་ཁམས་ཡོངས་སུ་དག་པའི་དབུས་སུ། །བཀོད་པ་ཐམས་ཅད་ལས་འཕགས་པ་དེ་བཞིན་གཤེགས་པའི་བཀོད་པ་ལ་བརྟེན་པའི་ཕོ་བྲང་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་ཁང་པ་བརྩེགས་པ། གྲུ་བཞི་པ། ཀ་བ་བཞི་ཟུག་པ། སྒོ་བཞི་དོད་པ། མཉམ་པ། ཉམས་དགའ་བ། ཤིན་ཏུ་རྣམ་པར་ཕྱེ་བས་མཛེས་པར་བྱས་པ། བཀྲ་བ། ལྟ་ན་སྡུག་པ། འོད་འབར་བ། ཐེམ་སྐས་བཞི་དང་ལྡན་པ། དེ་བཞིན་གཤེགས་པའི་གནས། བྱང་ཆུབ་སེམས་དཔའི་དགེ་འདུན་དང་ལྡན་པའི་གཞལ་མེད་ཁང་ཆེན་པོ། ཡོན་ཏན་མཐའ་ཡས་པའི་རྒྱན་གྱིས་ཡོངས་སུ་སྤྲས་པའི་དབུས་སུ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་པད་ཟླ་བརྩེགས་པའི་གདན་དང་། མཐའ་བསྐོར་གྱི་པད་འདབ་བཞི་དང་བཅུ་རྣམས་ཀྱི་སྟེང་དུའང་པདྨ་དང་ཟླ་བ་རྒྱས་པའི་གདན་རེ་རེ། སྒོ་བཞིར་རིན་པོ་ཆེའི་གདན་ལ་སོགས་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སོགས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དང་། འཕགས་པ་དམ་པའི་ཆོས་སྐྱོང་བ་ཐམས་ཅད་གདན་འཛོམ་པའི་བཞུགས་གནས། འཕགས་པ་སོ་སོའི་སྨོན་ལམ་ཁྱད་པར་ཅན་དང་། མངའ་ཐང་དང་འཚམས་པར་གྲུབ་པ་མཛེས་པ་ཤ་སྟག་འབྱུང་བར་གྱུར་ཅིག །ཅེས་པ་ལན་གསུམ། དེ་ནས་མཆོད་པ་བྱིན་གྱིས་བརླབ་པ་ནི། ཕྱི་ནང་ཀུན་ཏུ་ཡང་ཆ་རིགས་དང་འཚམས་པར་ལྷ་དང་མིའི་ཡོ་བྱད་དམ་པ། ཁ་དོག་དང་། དྲི་དང་། རོ་དང་། རེག་པ་དང་ལྡན་པ་ཡིད་དུ་འོང་བ། གྱ་ནོམ་པའི་ཞལ་ཟས་དང་། ན་བཟའ་དང་། རྒྱན་དང་། རོལ་མོ་ལ་སོགས་པ་ཕུལ་དུ་ཕྱིན་པ་སྣ་ཚོགས་པ་ཕུང་པོ་གསུམ་པའི་མདོ་དང་། བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བའི་མཆོད་པའི་སྤྲིན་རྒྱ་མཚོ་ཐམས་ཅད་ཀྱིས་རྒྱས་པར་གང་ཞིང་རྒྱན་ཀླུབས་པ་དང་ལྡན་པར་གྱུར་ཅིག །འཕགས་པ་ཐམས་ཅད་ཀྱང་གདན་འཛོམ་ནས། དེ་བཞིན་དུ་བྱིན་གྱིས་བརླབས་ཤིང་བཞེས་ཏེ་ལོངས་སྤྱོད་པར་གྱུར་ཅིག །ཅེས་ལན་གསུམ་དང་། མཆོད་པའི་སྤྲིན་གྱི་གཟུངས། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ན་མོ་བྷ་ག་ཝ་ཏེ་བཛྲ་སཱ་ར་པྲ་མརྡ་ནེ། ཏ་ཐཱ་ག་ཏ་ཡ་ཨརྷ་ཏེ་ས་མྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲ་སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་ལན་གསུམ། ཡང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་བཞིན་དུ་གྱུར་ཅིག །ཅེས་ལན་གསུམ་མོ། །དེ་ནས་སྙན་གསན་དབབ་པ་ནི། སྤོས་བཏུལ་ཞིང་མེ་ཏོག་བླངས་ལ་ཐལ་མོ་སྦྱར་ཏེ། སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སོགས་པ་ཕྱོགས་བཅུ་ན་དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་དང་། དེ་དག་གིས་ལེགས་པར་གསུངས་པ། ལེགས་པར་སྒྲུབས་པ། ལེགས་པར་ཐུགས་སུ་ཆུད་པའི་དམ་པའི་ཆོས་དཀོན་མཆོག་གི་ངོ་བོ་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང་། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དང་། ཕྱག་ན་རྡོ་རྗེ་དང་། ཤཱ་རིའི་བུ་ལ་སོགས་པ་བྱང་ཆུབ་སེམས་དཔའི་དགེ་འདུན་དང་བཅས་པ་ཐམས་ཅད་དགོངས་སུ་གསོལ། ཐབས་མཁས་ཤིང་ཐུགས་རྗེ་ཆེན་པོ་དང་། མཐུ་དང་བྱིན་གྱིས་བརླབས་པ་བསམ་གྱིས་མི་ཁྱབ་པ་མངའ་ཞིང་། འགྲོ་བའི་དོན་དུ་སྨོན་ལམ་ཁྱད་པར་ཅན་མཛད་པ་ལས་གླེངས་ཏེ། བདག་སོགས་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ། དེང་མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཞིང་མཆི་ན། མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ། བྱིན་གྱིས་བརླབ་པར་ཅི་གནང་ཞེས་དང་། ན་མོ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། བླ་ན་མེད་པའི་དཀོན་མཆོག་གསུམ། རང་བཞིན་དཀྱིལ་འཁོར་ཆེན་པོ་ནས། གཟུགས་བརྙན་སྤྲུལ་པའི་དཀྱིལ་འཁོར་འདིར། ཐུགས་རྗེའི་དབང་གིས་དགོངས་སུ་གསོལ། ཞེས་པས་སྙན་གསན་དབབ། དེ་ནས་སྤྱན་འདྲེན་པ་ནི། སྤོས་ཐོགས་ཤིང་རོལ་མོ་འཁྲོལ་བ་དང་བཅས་ཏེ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་ཇི་སྙེད་བཞུགས་པ་ཐམས་ཅད། ཆོས་ཀྱི་དབྱིངས་དང་རིགས་ཐམས་ཅད་ན་བཞུགས་པའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་མཉེས་པར་བྱ་བ་དང་། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་སྤེལ་བའི་སླད་དུ། དེང་རྒྱལ་བ་སྲས་དང་བཅས་པ་སྤྱན་དྲངས་པའི་གནས་འདིར། མཆོད་པར་འོས་པའི་བདེ་བར་སྦྱར་བ་ཐམས་ཅད་ཀྱིས་བསྟབས་ཤིང་སྤྱན་འདྲེན་གྱིས། མཐུ་བསམ་གྱིས་མི་ཁྱབ་པ་དང་ལྡན་པས་རྣམ་པར་འཕྲུལ་པ་མཛད་དེ། ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་ཚུལ་གྱིས་གཤེགས་པར་གསོལ་ལོ། །ཕྱོགས་དུས་ཀུན་ནས་སྐྱབས་གསུམ་བཀའ་སྡོད་བཅས། །ཉོན་མོངས་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ཏེ། །དཔག་མེད་ཞིང་ནས་ཐོགས་མེད་རྫུ་འཕྲུལ་གྱིས། །འདིར་གཤེགས་མཆོད་སྤྲིན་རྒྱ་མཚོའི་དབུས་བཞུགས་གསོལ། །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཆོས་ཉིད་དབྱིངས་དང་ཡེ་ཤེས་དབྱེར་མེད་ཀྱང་། །གཞི་དང་ལམ་དང་རྣམ་པ་ཐམས་ཅད་མཁྱེན། །བདག་མེད་སྟོང་པ་དོན་དམ་ཡང་དག་མཐའ། །ཡུམ་ཆེན་ཕ་རོལ་ཕྱིན་མ་གཤེགས་སུ་གསོལ། །ཤར་ཕྱོགས་རིན་ཆེན་བཀོད་པའི་ཞིང་ཁམས་ནས། །བདེ་གཤེགས་དཀོན་མཆོག་འབྱུང་གནས་གཤེགས་སུ་གསོལ། །ལྷོ་ཕྱོགས་མྱ་ངན་མེད་པའི་ཞིང་ཁམས་ནས། །བདེ་གཤེགས་མྱ་ངན་མེད་པ་གཤེགས་སུ་གསོལ། །ནུབ་ཕྱོགས་བདེ་དང་ལྡན་པའི༴ བདེ་གཤེགས་རིན་ཆེན་འོད་འཕྲོ༴ བྱང་ཕྱོགས་རྒྱལ་བ་ཅན་གྱི༴ བདེ་གཤེགས་རྒྱལ་བའི་དབང་པོ༴ ཤར་ལྷོ་སྙིང་པོ་བྱང་ཆུབ༴ པདྨོ་དམ་པའི་དཔལ་མངའ༴ ལྷོ་ནུབ་རྡུལ་ཚོགས་བྲལ་བའི༴ བདེ་གཤེགས་ཉི་མ་སྣང་བ༴ ནུབ་བྱང་དབང་དུ་གྱུར་པའི༴ བདེ་གཤེགས་གདུགས་མཆོག་དམ་པ༴ བྱང་ཤར་ཏིང་འཛིན་བརྒྱན་པའི༴ ཏིང་འཛིན་གླང་པོ་དཔལ་མངའ༴ འོག་ཕྱོགས་པདྨ་ཅན་གྱི་ཞིང་༴ བདེ་གཤེགས་པདྨོའི་དཔལ་ཉིད༴ སྟེང་ཕྱོགས་འཇིག་རྟེན་མདངས་དགའི་ཞིང་ཁམས་ནས། །བདེ་གཤེགས་དགའ་བའི་དཔལ་ཅན་གཤེགས་སུ་གསོལ། །ༀ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་སྟྭཾ། ཞེས་སྤྱན་དྲངས་པས། ཕྱོགས་བཅུའི་ཞིང་ཁམས་རྣམས་པར་དག་པ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་རང་རང་གི་འཁོར་དཔག་ཏུ་མེད་པ་དང་བཅས་ཏེ་སོ་སོའི་འཕྲུལ་གྱི་མཐུས་བྱོན་ནས་རང་རང་གི་གནས་སུ་བཞུགས་པ་ནི། དཀྱིལ་འཁོར་གྱི་དབུས་ཀྱི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། ཕྱག་གཡས་ས་གནོན་དང་། གཡོན་མཉམ་བཞག་གི་ཕྱག་རྒྱ་མཛད་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། འདབ་མ་བཞིའི་ཤར་དུ་ཡུམ་ཆེན་མོ་གསེར་མདོག་ཕྱག་དང་པོ་གཉིས་མཉམ་བཞག །འོག་མ་གཉིས་ཆོས་འཆད་དང་གླེགས་བམ་འཛིན་པ། ལྷོར་ཕྱག་ན་རྡོ་རྗེ་སྔོན་པོ་རྡོ་རྗེ་དང་པདྨ། ནུབ་ཏུ་ཤཱ་རིའི་བུ་སེར་སྐྱ་འཁར་བསིལ་དང་ལྷུང་བཟེད། བྱང་དུ་སྤྱན་རས་གཟིགས་དཀར་པོ་པདྨ་དང་པུསྟི། ཤཱ་རིའི་བུ་དགེ་སློང་པུས་བཙུགས་དང་། གཞན་གསུམ་དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ཡུམ་རྡོར་སྐྱིལ་དང་གཞན་གཉིས་སེམས་སྐྱིལ་གྱིས་བཞུགས་པའོ། །འདབ་མ་བཅུའི་ཤར་སྟོད་དུ་སངས་རྒྱས་དགའ་བའི་དཔལ་སྔོ་སྐྱ་བུམ་པ་དང་གཡོན་དཀུར་བརྟེན། ཤར་དུ་དཀོན་མཆོག་འབྱུང་གནས་དཀར་པོ་མཆོག་སྦྱིན་གྱིས་རིན་པོ་ཆེ། ལྷོར་མྱ་ངན་མེད་པའི་དཔལ་སྔོན་པོ་འཁོར་ལོ། ནུབ་ཏུ་རིན་ཆེན་འོད་འཕྲོ་དཀར་པོ་མཆེ་བ། བྱང་དུ་རྒྱལ་བའི་དབང་པོ་ལྗང་གུ་པདྨ། ཤར་ལྷོར་པདྨོ་དམ་པའི་དཔལ་དཀར་པོ་པདྨ། ལྷོ་ནུབ་ཏུ་ཉི་མ་སྣང་བའི་དཔལ་དམ་པ་དམར་སྨུག་ཉི་མ། ནུབ་བྱང་དུ་གདུགས་ཆེན་དམ་པའི་དཔལ་ལྗང་གུ་སྣ་ཚོགས་རྡོ་རྗེ། བྱང་ཤར་དུ་ཏིང་འཛིན་གླང་པོ་དམ་པའི་དཔལ་སེར་པོ་ཆོས་འཆད་དང་གཡོན་གོས་འཛིན་པ། ནུབ་སྨད་དུ་པདྨོའི་དཔལ་སེར་པོ་པདྨ་དང་གཡོན་ལྟེ་བར་ཐལ་མོ་ཕྱིར་སྟོན་པ། ཕྱག་གཡོན་དམིགས་བསལ་མེད་པ་རྣམས་མཉམ་བཞག་མཛད་ཅིང་ཐམས་ཅད་ཀྱང་མཆོག་གི་སྤྲུལ་སྐུ་ཚངས་པར་སྤྱོད་པའི་ཆ་བྱད་ཅན་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་སྟེ་རྩ་བའི་ལྷའོ། །གཞན་ཡང་མགྲོན་ཐབས་ཀྱི་ལྷ་གཙོ་བོ་དང་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་མཐའ་བསྐོར་དུ་པད་འདབ་བརྒྱད་པ་རེ་རེའི་གདན་ལ། གཙོ་བའི་ཕྱོགས་བཞིར་དེ་བཞིན་གཤེགས་པ་བཞི་དང་མཚམས་བཞིར་ཡུམ་བཞི། ཕྱོགས་བཅུའི་དེ་བཞིན་གཤེགས་པ་བཅུའི་ཕྱོགས་བཞིར་བྱང་སེམས་བཞི་བཞི་དང་། མཚམས་བཞིར་ཡུམ་བཞི་བཞི་ལ་སོགས་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་མཐའ་ཡས་པའི་འཁོར་གྱིས་ཡོངས་སུ་བསྐོར་བའོ། །དེ་དག་གི་ཕྱི་རོལ་ཏུ་མཆོད་པའི་ལྷ་མོ་བརྒྱད་གཞན་ཡང་ཕྱོགས་སྐྱོང་བ་བཅུ་ལ་སོགས་ཏེ་དཀར་པོ་ལ་དགའ་བའི་ལྷ་རྣམས་དང་། སྒོ་བཞིར་རྒྱལ་པོ་ཆེན་པོ་བཞི་རྣམས་རང་རང་གི་འཁོར་དང་བཅས་ཏེ་བཞུགས་པར་མོས་ལ། བཅོམ་ལྡན་འཁོར་བཅས་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་འདི་བཞེས་ལ། །མཆོད་པས་བདག་ལ་དགྱེས་པར་མཛོད། །ༀ་སརྦ་ཏ་ཐཱ་ག་ཏ་ག་ག་ན་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་མཆོད་ཡོན་ཕུལ་ཏེ། མྱ་ངན་མི་འདའ་ཐུགས་རྗེའི་དང་། །ཉོན་མོངས་མི་སྤོང་གོས་པ་མེད། །མ་ཆགས་རང་བཞིན་དག་པས་ན། །མཉམ་ཉིད་ངང་དུ་བཞུགས་སུ་གསོལ། །ཕོ་བྲང་གཞལ་ཡས་དམ་པ་འདིར། །ཐུགས་རྗེས་དགོངས་པའི་ཕྲིན་ལས་རྣམས། །འགྲོ་དོན་རྫོགས་མཛད་དེ་བཞིན་དུ། །ཡུན་རིང་བརྟན་པར་བཞུགས་སུ་གསོལ། །པདྨ་ཨཱ་ས་ན་ཏིཥྛ་ས་མ་ཡ་སྟྭཾ། ཞེས་བཞུགས་སུ་གསོལ་ལ། ཁྲུས་གསོལ་ནི། ཁྱེད་ཀྱི་རང་བཞིན་ཡོངས་དག་པས། །སྲེད་སོགས་འཆིང་བ་མི་མངའ་ཡང་། །བདག་ཅག་སྒྲིབ་པ་སྦྱང་སླད་དུ། །གཙང་མ་ཆབ་ཀྱིས་སྐུ་ཁྲུས་གསོལ། །ༀ་སརྦ་དེ་ཝ་ཏ་ཨརྩི་ཏ་ཨ་མྲྀ་ཏ་སྭཱ་ཧཱ། དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ༀ་སརྦ་དེ་ཝ་ཏ༴ །ཞེས་ཁྲུས་གསོལ་བའི་ཆུ་སླར་ཡང་བུམ་པར་བླུག་གོ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱས་སྐུ་ཕྱིས་ལ། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་ཝཱ་ས་སེ་པྲ་ཏཱི་ཙྪ་སྭཱ་ཧཱས་གོས་ཟུང་དབུལ་ལོ། །དེ་ནས་ཕྱག་བྱ་བ་ནི། ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་གུས་པས་ཕྱག་བྱས་པར་མོས་ཏེ། རྒྱས་པར་ན་ཐར་པ་ཆེན་པོ་དང་རྟོགས་པ་ཆེན་པོའི་མདོ་ལས་འབྱུང་བ་གང་རུང་ངམ། བསྡུ་ན་དཔང་སྐོང་ལྟར་བྱ་བར་གསུངས་པའང་འགྲུབ་དཀའ་བས། འདིར་ཤིན་ཏུ་བསྡུས་པའི་དབང་དུ་བྱས་ཏེ་འདི་སྐད་ཅེས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་མཉམ་མེད་ཤཱཀྱ་ཐུབ་པ་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན། དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་རབ་འབྱམས་མ་ལུས་པའི་དཀོན་མཆོག་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷང་ངེ་བ། །མགོན་པོ་མཆོག་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞིང་བཅུར་སྐུས་ཁྱབ་ཟབ་ཡངས་གསུང་སྒྲ་ཅན། །ཇི་ལྟ་ཇི་སྙེད་ཐམས་ཅད་མཁྱེན་པའི་ཐུགས། །དུས་ཀུན་རྣམ་བཞི་ཕྲིན་ལས་ལྷུན་གྲུབ་པའི། །ཕྱོགས་བཅུའི་སངས་རྒྱས་རྣམ་ལ་ཕྱག་འཚལ་ལོ། །གདུལ་བྱའི་ཞིང་དུ་འགྲོ་དོན་རྫོགས་མཛད་ཕྱིར། །མི་བསྙེལ་ཐུགས་རྗེས་འཁོར་བའི་མཐའ་ལ་གཟིགས། །ཐབས་མཁས་ཐུགས་རྗེས་འགྲོ་དོན་ལྷུར་མཛད་པ། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་ངང་ལས་མ་གཡོས་ཀྱང་། །བདེ་གཤེགས་སྲས་བཅས་མཆོད་པའི་ཕྱིར། །སྒྱུ་མའི་ཚུལ་དུ་སྐུ་སྤྲུལ་པ། །ལྷ་མོ་བརྒྱད་ལ་ཕྱག་འཚལ་ལོ། །སངས་རྒྱས་བསྟན་པ་བསྲུང་མཛད་ཅིང་། །ལོག་འདྲེན་བགེགས་རྣམས་འདུལ་མཛད་པ། །ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་བཞི། །འཁོར་དང་བཅས་ལ་ཕྱག་འཚལ་ལོ། །མཁའ་ལྟར་ཁྱབ་པའི་རྒྱལ་བ་སྲས་བཅས་ལ། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པའི། །ལུས་འདི་ཞིང་རྡུལ་མཉམ་པར་རབ་སྤྲུལ་ནས། །རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །དེ་ནས་མཆོད་པ་འབུལ་བ་ནི། འཕགས་པའི་ཚོགས་དེ་དག་ཐམས་ཅད་ལ་མཆོད་ཡོན་དང་བྱུག་པ། མེ་ཏོག་དང་བདུག་སྤོས། མར་མེ་དང་ཞལ་ཟས། རོལ་མོ་དང་སིལ་སྙན། གདུགས་དང་བ་དན་ལ་སོགས་པ་དངོས་སུ་ཅི་འབྱོར་བ་འདི་དག་དང་། ཕྱོགས་བཅུ་ན་བདག་པོས་ཡོངས་སུ་མ་བཟུང་བ་ལྷ་དང་མིའི་རྫས་དམ་པ་བདེ་བའི་ཡོ་བྱད་ཕུན་སུམ་ཚོགས་པ་ཐམས་ཅད་དང་། གཟུངས་དང་རིག་པའི་མཐུ་དང་། མོས་པའི་སྟོབས་ཀྱིས་བསྐྱེད་པའི་མཆོད་པའི་སྤྲིན་ཕུང་པོ་གསུམ་པའི་མདོ་དང་བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བ་རྒྱ་མཚོ་ཐམས་ཅད་ཀྱིས་ནམ་མཁའི་ཁམས་ཀྱི་མཐའ་ཀླས་པ་ཐམས་ཅད་རྒྱས་པར་བཀང་སྟེ་འབུལ་ལོ། །མཆོད་དོ། །བདག་གི་བར་བཞེས་པར་མཛད་དོ་གསོལ། །མཆོད་ཡོན་ཕལ་ཆེན་མཆོད་ཡོན་བླ་རེ་དང་། །མཆོད་ཡོན་བཀོད་པའི་འོད་ཟེར་རབ་བཀྱེ་ཞིང་། །མཆོད་ཡོན་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད། །ༀ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་བཞིན་དུ་མཆོད་ཡོན་གྱི་གནས་སུ། ཞབས་བསིལ། མེ་ཏོག་སོགས་དང་། ཨརྒྷཾ་གྱི་གནས་སུ། པཱདྱཾ་སོགས་བཅུག་ནས་དབུལ། གཞན་ཡང་། བླ་མེད་དཀོན་མཆོག་གསུམ་པོ་དང་། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །ཡིད་འོང་མཆོད་སྤྲིན་ཐམས་ཅད་དང་། །རོལ་མོ་སིལ་སྙན་འཕན་གདུགས་དང་། །བླ་རེ་རྒྱལ་མཚན་ལྷབ་ལྷུབ་དང་། །མེ་ཏོག་ཕྲེང་བ་བདུག་པ་དང་། །མར་མེ་དྲི་ཆབ་ཞལ་ཟས་སོགས། །མཆོད་སྤྲིན་སྣ་ཚོགས་ཕྱོགས་བཅུར་འབུལ། །སྣ་ཚོགས་རིག་པའི་བདེན་པ་དང་། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་ཡི། །སངས་རྒྱས་ཞིང་ཁམས་རབ་འབྱམས་སུ། །བླ་མེད་མཆོད་པའི་སྤྲིན་འབྱུང་ཞིང་། །ཡོན་ཏན་དཔག་མེད་ཐམས་ཅད་ཀྱིས། །ཞབས་ལ་སྤྱི་བོས་གཏུགས་གྱུར་ཅིག །ཅེས་དང་། མཆོད་པའི་སྤྲིན་གྱི་གཟུངས་ཀྱང་བརྗོད་དོ། །དེ་ནས་ཡན་ལག་ཕྱི་མ་ལྔ་ནི། བདག་ཅག་རྣམས་ཀྱིས་ཐོག་མ་མ་མཆིས་པ་ནས་འཁོར་བ་ནས་འཁོར་བའི་ཚེ་རབས་ཐམས་ཅད་དུ་སྡིག་པ་མི་དགེ་བའི་ལས་མདོར་ན་མི་བགྱི་བར་རིགས་པའི་ལས་ནི་བགྱིས། བགྱི་བར་འོས་པའི་ལས་མ་བགྱིས་པ་ལ་སོགས་པ་དངོས་སྡིག་ཅི་མཆིས་པ་ཐམས་ཅད་ཡང་དག་པར་འཆགས་སོ། །དུས་གསུམ་གྱི་འཕགས་པ་དང་སོ་སོ་སྐྱེ་བོའི་དགེ་བའི་རྩ་བ་མཐའ་དག་གི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ་ལོ། །འཇིག་རྟེན་གྱི་སྒྲོན་མ་གང་དག་མྱ་ངན་ལས་འདའ་བའི་ཚུལ་སྟོན་པར་བཞེད་པ་དེ་དག་ཐམས་ཅད་ལ་མྱ་ངན་ལས་མི་འདའ་བར་འཇིག་རྟེ་གྱི་དོན་མཛད་ཅིང་ཡུན་རིང་དུ་བཞུགས་པར་གསོལ་བར་འཚལ་ལོ། །དེ་ལྟར་བགྱིས་པའི་བསོད་ནམས་ཀྱི་ཕུང་པོ་ཅི་མཆིས་པ་ཐམས་ཅད་བདག་གཞན་མ་ལུས་པ་བླ་ན་མེད་པའི་བྱང་ཆུབ་མངོན་དུ་བྱེད་པའི་རྒྱུར་བསྔོའོ། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །རྒྱལ་བ་སྲས་དང་བཅས་རྣམས་ལ། །ཕྱག་འཚལ་མཆོད་ཅིང་བཤགས་པ་དང་། །ཡི་རང་བསྐུལ་ཞིང་གསོལ་བ་དང་། །གཞན་ཡང་དགེ་བ་ཅི་བསགས་པ། །དེས་ནི་སེམས་ཅན་ཐམས་ཅད་དང་། །འཕགས་པ་སྐྱེ་བོའི་ཚོགས་ཀུན་གྱིས། །ཡེ་ཤེས་ས་ཡི་ལམ་གྱི་མཆོག །འཇུག་དང་གནས་དང་འཕར་བ་དང་། །སྤྱོད་པ་ཉིད་ཀྱི་ཡུལ་རྣམས་ནི། །གོ་རིམ་བཞིན་དུ་རབ་རྟོགས་ཏེ། །སྐུ་གསུམ་མཁྱེན་བཞིའི་ཚོགས་རྫོགས་ཤིང་། །བླ་མེད་སངས་རྒྱས་འགྲུབ་པར་ཤོག །དེ་ནས་གསོལ་བ་གདབ་པ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་དགོངས་སུ་གསོལ། ཁྱེད་རྣམས་ལ་ཐུགས་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས། སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་རྣམས་སྐུ་ཚེ་བརྟན་ཞིང་ཐུགས་ཀྱི་བཞེད་པའི་དོན་ལྷུན་གྱིས་གྲུབ་པ་དང་། དགེ་འདུན་རྣམས་ཀྱི་ཆོས་སྤྱོད་བཅུའི་སྒྲུབ་པ་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། དེ་དག་གི་མཐུ་དང་ནུས་པ་ལ་བརྟེན་ནས། སེམས་ཅན་ལ་བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང་ཞིང་། ཁྱད་པར་བདག་དང་བདག་གི་སློབ་པ་འདི་དག་གིས་གཙོ་བྱས་སེམས་ཅན་ཐམས་ཅད་སྒྲིབ་གཉིས་བྱང་། ཚོགས་གཉིས་རྫོགས་ནས། མྱུར་དུ་མངོན་པར་རྫོགས་པ་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་ཐུགས་དམ་བསྐུལ་བའི་ཆེད་དུ་གཟུངས་བཟླ་ཞིང་མདོ་བཀླག་པ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང་། དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་ཀྱིས་མཐུ་དང་བྱིན་གྱིས་བརླབས་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་དང་། འཕགས་པ་སྐུ་གསུང་ཐུགས་ཀྱི་སྤྱོད་པ་མ་དག་པ་མི་མངའ་བ་རྣམས་ཀྱི་ཐུགས་ངེས་པའི་བདེན་པས། མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སོགས་པ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་གདན་འཛོམ་པ་ཆེན་པོ་མཛད་དེ། མཆོང་པ་བཞེས་ཤིང་། གཟུངས་སྔགས་བཟླས་པ་ཚུལ་བཞིན་དུ་འགྲུབ་པར་བྱིན་གྱིས་རློབ་པར་མཛད་དེ། བདག་སོགས་འགྲོ་བ་མང་པོའི་དོན་དཔག་ཏུ་མེད་པ་མཛད་པར་གྱུར་ཅིག །དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་འཕྲོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ། དེས་འཕགས་པ་ཐམས་ཅད་སེམས་ཅན་གྱི་དོན་ལ་བསྐུལ་ཞིང་། ངན་སོང་གི་གནས་ཐམས་ཅད་སྦྱངས་ཏེ། སེམས་ཅན་ཐམས་ཅད་མཐོ་རིས་དང་ཐར་པའི་གོ་འཕང་ལ་འཇུག་པར་གྱུར་ཅིག །འོད་ཟེར་དེས་བདག་ཅག་རྣམས་ལ་ཁྱབ་པས་འགྲོ་དོན་དཔག་མེད་སྒྲུབ་ནུས་པའི་མཐུ་ཐོབ་སྟེ། དེ་བཞིན་གཤེགས་པ་རྣམས་དང་སྐུ་གསུང་ཐུགས་མཚུངས་པར་གྱུར་ཅིག །ཡང་འོད་ཟེར་དེ་དག་གཅིག་ཏུ་འདུས་པ་བུམ་པའི་གཟུངས་ཆབ་ལ་ཁྱབ་སྟེ་རེག་པ་ཙམ་གྱིས་མི་མཐུན་པའི་ཕྱོགས་ཞི་བར་བྱེད་པ། དཔལ་དང་བདེ་ལེགས་བསྐྱེད་པར་བྱེད་པའི་བདུན་རྩིའི་དག་བྱེད་དུ་གྱུར་ཅིག །བདག་ཅག་ལ་སོགས་པ་བསྒྲུབ་བྱའི་ལུས་དང་འཁོད་དང་ཡོ་བྱད་ཐམས་ཅད་ལ་ཁྱབ་སྟེ། ནད་དང་གནོད་པ་ཐམས་ཅད་ནི་བསལ། ལུས་སེམས་ཀྱི་སྐྱོན་ཐམས་ཅད་དང་ནི་བྲལ་ཏེ། ཆོས་ཀྱི་སྣོད་རུང་དུ་གྱུར་ཅིག །བདག་ཅག་རྣམས་ཀྱིས་འཕགས་པ་རྣམས་མངོན་སུམ་པ་ལྟ་བུར་དམིགས་ནས་གཟུངས་བཟླས་པས། དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་སྒོ་སྣ་ཚོགས་དང་ཚིག་འབྲུ་མཐའ་ཡས་པ་རྟོགས་ཤིང་རྣམ་པར་དག་པར་བྱིན་གྱིས་རློབ་པར་གྱུར་ཅིག །ཅེས་བདེན་ཚིག་གིས་བསྔོས་ནས། འཕགས་པ་རྣམས་ཀྱིས་གནང་ཞིང་ཕྲིན་ལས་མཛད་པར་ངེས་ཤེས་བསྐྱེད་དེ། ཇི་ལྟར་བསྔོས་པ་བཞིན་མངོན་དུ་གྱུར་པར་དམིགས་ནས། སྤྱིར། ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་དང་། ཏདྱ་ཐཱ། ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། ཞེས་པ་གཉིས་ཅི་ནུས་བཟླ་ཞིང་། བྱེ་བྲག་ཏུ་སོ་སོའི་སྙིང་པོ་བཟླ་ན། གཙོ་བོ་དང་ཕྱོགས་བཅུའི་སངས་རྒྱས་ལ་མུ་ནེ། ཡུམ་ཆེན་མོར། ༀ་དྷི་པྲ་ཛྙཱ་མ་ཧཱ་པྲ་ཛྙཱ་དྷརྨ་དྷཱ་ཏུ་སྭཱ་ཧཱ། ཕྱག་རྡོར་ལ། ༀ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཤཱ་རིའི་བུར། ༀ་ན་མཿ་ས་མནྟ་བུདྡྷཱ་ནཾ་བྷ་ག་ཝཱན་པྲ་བྷ་ཏ་ཐཱ་ག་ཏ་ཡ་ཨ་བ་ལོ་ཀི་ཏེ་ཀཱ་རུ་ཎ་ས་མ་ཡེ་སྭཱ་ཧཱ། སྤྱན་རས་གཟིགས་ལ། ༀ་ཨརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་མ་ཧཱ་ཀཱ་རུ་ཎི་ཀ་ན་མ་ཡེ་སྭཱ་ཧཱ། ཞེས་པ་རྣམས་ཀྱང་ཅུང་ཟད་རེ་བཟླ། ཁྱད་པར་གཟུངས་བུམ་ལ་དམིགས་ཏེ་མུ་ནེ་དང་ག་ཏེ་བཟླས་པས། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐུལ་ཏེ་སྐུའི་ཆ་ཐམས་ཅད་ནས་བྱུང་བའི་འོད་ཟེར་བུམ་ཆུ་ལ་ཁྱབ་པས་བྱིན་གྱིས་བརླབ་པར་བསམ་མོ། །དེ་ནས་ཤེས་རབ་སྙིང་པོ་ལྟ་བུ་མདོ་ཟབ་མོའི་གླེགས་བམ་བཀླག་ཅིང་། སྤྲོ་ཞིང་ནུས་ན་ཐར་པ་ཆེན་པོ་དང་རྟོགས་ཆེན་དང་དཔང་སྐོང་རྣམས་ཀྱང་ཐམས་ཅད་དམ་ཅི་རིགས་པ་རང་ངམ་གཞན་གྱིས་ཀྱང་རུང་སྟེ་ཅི་འགྲུབ་བཀླག་གོ། །དེ་ནས་གཏོར་མ་བཏང་ཞིང་དབང་བསྐུར་པ་ནི། འདས་གཏོར་དང་ཆ་གསུམ་གཏོར་མ་སྔར་བཞིན་དང་། དབང་ཆོག་ལྟར་བྱང་སེམས་ཀྱི་ཐེག་པའི་དབང་བསྐུར་རོ། །དེ་ནས་རྗེས་ཆོག་ནི། ཇི་ལྟར་འཇམ་དབྱངས་ལ་སོགས་པས། རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ༀ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྡ་པྲ་ཏཱི་ཙྪ་པཱུ་ཛ་མེ་གྷ་སོགས་ཀྱིས་མཆོད། དུས་གསུམ་གཤེགས་པའི་སངས་རྒྱས་ཀུན། །ཆོས་དང་ཚོགས་ཀྱི་མཆོག་བཅས་ལ། །ཞིང་རྡུལ་ཀུན་གྱི་གྲང་སྙེད་ཀྱི། །ལུས་བཏུད་པ་ཡིས་བདག་ཕྱག་འཚལ། །ཞེས་བསྟོད་ནས། མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་པ་བཤགས། རྟེན་ཡོད་ན། འདིར་ནི་གཟུགས་དང་སོགས་ཀྱིས་བརྟན་བཞུགས་བྱ། མེད་ན། ༀ། ཁྱེད་ཀྱིས་སེམས་ཅན་སོགས ཀྱིས་གཤེགས་སུ་གསོལ། དེ་ནས་བསྔོ་སྨོན་ནི། འཇམ་དཔལ་དཔའ་བོས་སོགས་ཤློ་ཀ་གཉིས་དང་། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །སོགས་དང་། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །སོགས་དང་། འབྱུང་པོ་གང་དག་སོགས་དང་། སངས་རྒྱས་སྐུ་གསུམ་བརྙེས་པའི་སོགས་བརྗོད་དོ། །དེ་ནས་བཀྲ་ཤིས་ནི། དམ་པ་ཏོག་དཀར་དགའ་ལྡན་ཕོ་བྲང་དམ་པ་རུ། །མི་ཕམ་མགོན་ལ་རྒྱལ་ཚབ་དམ་པར་དབང་བསྐུར་ཞིང་། །འཛམ་གླིང་ཉིད་དུ་གླང་ཆེན་ཐལ་ཀ་ལྟར་གཤེགས་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དམ་པར་ཟས་གཙང་སྲས། །བུད་མེད་མཆོག་གྱུར་གཡོ་སྒྱུ་སྤངས་པ་ལྷ་མཛེས་ཡུམ། །ལྷུམས་སུ་ཟླ་བཅུར་བཞུགས་ནས་འབྱོར་ལྡན་ཤཱཀྱའི་རིགས། །བཀྲ་ཤིས་དམ་པ་དེས་ཀྱང་༴ ལུམྦིའི་ཚལ་རབ་ཉམས་དགར་བླཀྴའི་ལྗོན་པ་ཡི། །ཡལ་ག་ནས་བཟུང་བལྟམས་ཚེ་ཚངས་དང་དབང་པོས་བཏུད། །མཁའ་ལ་གཤེགས་ཏེ་ཕྱུར་པོར་པདྨ་བྱུང་གྱུར་གང་། །བཀྲ་ཤིས་དམ་པ་དེས་ཀྱང་༴ ཕོ་བྲང་གཞལ་ཡས་ཁང་མཛེས་དྲང་སྲོང་མདུན་བཞག་ནས། །མཚན་བལྟས་ཤིས་པ་བརྗོད་དེ་སྟོན་པ་འབྱུང་འགྱུར་ཞེས། །ཤཱཀ་རིགས་བུད་མེད་འཁོར་གྱིས་བསྐོར་ཞིང་རབ་ཏུ་བརྒྱན། །བཀྲ་ཤིས་དམ་པ་དེས་ཀྱང་༴ གཞོན་ནུ་སྟོབས་ལྡན་རྒྱུ་རྩལ་ཡིག་འཕོངས་ཕུལ་དུ་ཕྱིན། །ཀུན་ལས་མཆོག་གྱུར་ལྷ་མིའི་འགྲན་ཟླ་རྣམས་ལས་རྒྱལ། །ཤཱཀ་རིགས་འཇིག་རྟེན་གསལ་ཕྱིར་བཙུན་མོའི་འཁོར་ལ་རོལ། །བཀྲ་ཤིས་དམ་པ་དེས༴ ཕོ་བྲང་ནས་བྱུང་ཕྱོགས་བཞིར་སྐྱེ་རྒ་ན་འཆི་གཟིགས། །མི་རྣམས་རྨོངས་མཛད་ལྷ་ཡིས་བཏེག་སྟེ་མཁའ་ལ་གཤེགས། །སྲིད་གསུམ་དག་ལས་རྒྱལ་ཕྱིར་མཐོན་མཐིང་དབུ་སྐྲ་བྲེགས། །བཀྲ་ཤིས་དམ་པ་དེས་ཀྱང་༴ ལྷ་ཡི་རྫུ་འཕྲུལ་གྱིས་བླངས་ན་བཟའ་ངུར་སྨྲིག་ཕུལ། །ནཻ་རཉྫ་ནར་ཐུབ་པའི་དཀའ་ཐུབ་ལོ་དྲུག་རྫོགས། །བསམ་གཏན་ལས་བཞེངས་ལེགས་སྐྱེས་མས་ཕུལ་འོ་ཐུག་བཞེས། །བཀྲ་ཤིས་དམ་པ༴ པདྨ་ལ་སོགས་ཁྱུ་མཆོག་བྱང་ཆུབ་ཤིང་དྲུང་དུ། །སྐྱིལ་མོ་ཀྲུང་བཅས་མི་གཡོ་མཆོག་གིས་བདུད་བཏུལ་ནས། །ཐོ་རེངས་བདུད་རྩི་འཆི་མེད་ཕུན་སུམ་ཚོགས་པ་བརྙེས། །བཀྲ་ཤིས་དམ་པ༴ ཝཱ་རཱ་ན་སཱིར་ཐོག་མར་ཆོས་ཀྱི་འཁོར་ལོ་བསྐོར། །ཀུན་ཤེས་ལ་སོགས་ལྔ་སྡེ་བཟང་ལ་བདེན་བཞི་བསྟན། །ལྷ་དང་མི་དང་ལྷ་མིན་རྣམས་ཀྱང་འདུས་གྱུར་པ། །བཀྲ་ཤིས་དམ་པ༴ ང་རྒྱལ་དྲེགས་པའི་མུ་སྟེགས་སྟོན་པ་དྲུག་བཏུལ་ནས། །གླང་ཆེན་རབ་མྱོས་རྦད་པའི་མ་རུངས་ལྷ་བྱིན་བཏུལ། །དྲང་སྲོང་མཆོག་དང་སྤྲེལ་རྒྱལ་ཅང་ཤེས་སྦྲང་རྩིས་མཆོད། །བཀྲ་ཤིས་དམ་པ་དེས༴ པདྨ་ལྟ་བུར་སྐྱོན་གྱིས་མ་གོས་ཤཱཀྱའི་རིགས། །ཟས་གཙང་སྲས་པོ་རྒྱལ་རིགས་མཆོག་གྱུར་འཁོར་ལོས་སྒྱུར། །བལྟམས་པ་ནས་བཟུང་དེ་ཡིས་མཛད་པ་མ་ལུས་རྫོགས། །བཀྲ་ཤིས་དམ་པ༴ བྱམས་པའི་སྟོབས་ཀྱིས་འགྲོ་བ་མ་ལུས་རབ་ཏུ་བསྒྲལ། །སེམས་ཅན་ཐམས་ཅད་སྨིན་གྲོལ་ཞི་བའི་ལམ་ལ་བཀོད། །རྩྭ་མཆོག་གྲོང་དུ་མཛད་པ་མཐར་ཕྱིན་དགོངས་པ་རྫོགས། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་བརྗོད་ཅིང་རོལ་མོའི་སྒྲ་དང་བཅས་པས་མེ་ཏོག་གི་སིལ་མ་ཕྱོགས་ཀུན་ཏུ་འཐོར་བར་བྱའོ། །འདིར་ལྷ་མི་ནས་བྱང་སེམས་ཀྱི་བར་གྱིས་དཀྱིལ་འཁོར་བཞིའི་ཆོག་གཞུང་ལའང་། ཁ་ཅིག་བདག་བསྐྱེད་དང་མདུན་བསྐྱེད་ལ་སོགས་པའི་རྣམ་བཞག་སྦྱོར་བར་མཛད་ནའང་རིགས་པར་མ་མཐོང་སྟེ། ལྷ་རྗེ་འགར་གྱི་ལས་ཐོར་། ནུབ་གཉིས་པ་ལ་མདོ་མཆོད་དང་བརྒྱད་མཆོད་བྱ། མཎྜལ་ཟླུམ་པོ་རུ་ལྷ་མི་ནས་ཉན་རང་བྱང་སེམས་ཀྱི་བར་གྱི་དབང་རྫོགས་པར་བསྐུར། ཞེས་གསུངས་པ་ལྟར། གླན་གྱི་ཡིག་རྙིང་ཐོ་ཡིག་རྣམས་སུའང་། རྟོགས་པ་ཆེན་པོའི་ཆོ་ག་དཔང་སྐོང་གི་མདོ་མཆོད་དང་། སྨན་བླའི་བརྒྱད་མཆོད། ཡི་གེ་ཁ་ཅིག་ལས་ཉན་ཐོས་ཀྱི་སྐབས་གནས་བརྟན་གྱི་ཆོ་ག་སྟེ། ཆོ་ག་གཞུང་གི་ཁོག་དེ་དག་གིས་དབུབ་པར་བཤད་པ་ལྟར། དེ་རྣམས་སུ་བདག་མདུན་གྱི་བསྐྱེད་ཆོག་སོགས་ཀྱི་ཐ་སྙད་ཡི་གེ་ཁུངས་མ་གང་ནས་ཀྱང་མི་འབྱུང་བས། དེས་ན་འདིར་བཀོད་པ་ཉིད་གནད་དང་འབྱོར་བར་མཐོང་ནས་བྲོས་སོ། །ཡང་དཀྱིལ་འཁོར་གྱི་གྲངས་ལ། སྒྲོལ་མ་བ་ཡབ་སྲས་ཡན་ཆད་གླན་ལུགས་ཀྱི་བླ་མ་རྣམས། ལྷ་མོ་དང་། ཉན་ཐོས་དང་། རང་རྒྱལ་དང་། བྱང་སེམས་རྣམས་ཀྱི་དཀྱིལ་འཁོར་ལ། གཙོ་བོའི་ཁྱད་པར་ཐམས་ཅད་ཐུབ་དབང་གིས་མཛད་པ་དང་། ལྷ་མི་ལ་རྣམ་སྣང་དང་བྱང་སེམས་ལ་ཡུམ་ཆེན་མོས་བརྗེ་བ་འདམ་ཁར་མཛད་པའང་སྣང་བ་ལས་གཞན་དུ་དཀྱིལ་འཁོར་གྱི་གྲངས་རེ་རེ་ལས་མི་མཛད་པར། གླན་ཆེན་པོ་རྡོ་རྗེ་འོད་ཀྱི་ཆོས་སྲས་འགོས་ཀྱི་ལས་ཐོ་དང་། གླན་བསོད་མགོན་གྱི་ལས་ཁྲིགས། །གཞན་ཡང་འཛམ་གླིང་པཎྜི་ཏའི་སྒྲུབ་ཐབས་སྣ་བདུན་རིན་པོ་ཆེའི་མཚན་ཅན་རྣམས་ཀྱིས་ཤེས་ནུས་ཤིང་། དེ་བས་ན་ཟུར་ཧམ་ཕྱིན་ཆད་ནས་དར་བའི་དཀྱིལ་འཁོར་གྱི་དབྱེ་བ། ལྷ་མི་ལ་བཅུ་གཅིག་གམ་ལྔ། ཉན་ཐོས་ལ་ལྔ། རང་རྒྱལ་ལ་བཞིའམ་གཉིས། བྱང་སེམས་ལ་བཅུའམ་ལྔར་ཕྱེ་བ་སོགས་ནི་སྤྲོས་འདོད་ཙམ་དུ་ཟད་མོད། འོན་ཀྱང་ལས་ཐོ་རྩ་བར། སཱཙྪ་དཔང་སྐོང་དཀྱིལ་འཁོར་མཆོད། ཅེས་པ་ཙམ་ལས་ཀྲྀ་ཡོག་ཡན་ཆད་ལྟ་བུའི་དཀྱིལ་འཁོར་གྱི་ལྷ་གྲངས་སོགས་མ་གསུངས་པར་མ་ཟད། བྱང་སེམས་མན་གྱི་དཀྱིལ་འཁོར་འདི་དག་ཚོགས་གསོག་གི་རྟེན་དུ་བཤམས་པ་ཙམ་ཡིན་པས་ན། ཆེས་ཆེ་བའི་འགལ་བ་ནི་མ་མཐོང་ངོ་། །ཡང་བྱང་སེམས་ཀྱི་དཀྱིལ་འཁོར་ལ་གླན་བསོད་མགོན་གྱིས་དབུས་སུ་ཐུབ་དབང་། འདབ་བཞིར་ཡུམ་ཆེན་མོ་སོགས་བཞི་བཀོད་ནས། ཕྱོགས་བཅུའི་སངས་རྒྱས་ལྷ་སྣམ་ལ་འགོད་པར་མཛད་ནའང་། འདིར་ནི་གླན་རྡོར་འོད་ཀྱི་ལུགས་འགོས་ཀྱི་ལས་ཐོ་ལྟར་པད་འདབ་བཅུ་ལ་བཀོད་པ་ཡིན་ནོ། །ངག་བརྗོད་ལས་འདས་དབྱིངས་ཟབ་མོར། །དབང་བསྒྱུར་ཡེ་ཤེས་རྟོགས་པའི་ཐབས། །བྱང་སེམས་ཐེག་པའི་ཆོས་ཀྱི་དཔལ། །མི་ནུས་ཡི་གེའི་སྣང་བ་ཤར། །བྱང་སེམས་ཐེག་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།

༈ ༀ་སྭ་སྟི། མི་འགྱུར་ཐུགས་རྗེའི་དཔལ་མངའ་ཞིང་། །ཐོགས་མེད་མཁྱེན་པས་འགྲོ་སྒྲོལ་གྱི། །ནུས་གཟུགས་རིགས་གསུམ་རྡོ་རྗེ་འཛིན། །དེར་བཏུད་ཀྲི་ཡའི་སྒྲུབ་ཐབས་བཤད། །དེ་ལྟར་འཇིག་རྟེན་ལྷ་མི་དང་འདས་པ་ལས་ཀུན་འབྱུང་འདྲེན་པའི་ཐེག་པ་གསུམ་སྟེ་བཞི་སོང་ནས། ཇི་སྐད་དུ། དཀའ་ཐུབ་རིག་བྱེད་ཐེག་པ་ནི། འདི་ཡང་ཡུལ་གྱི་གསུམ་ཉིད་དེ། ཞེས་པས་འདིར་དཀའ་ཐུབ་རིག་བྱེད་ལ། ཀྲི་ཡ་དང་ཨུ་པ་ཡ་གཉིས་ཐ་དད་དུ་ཕྱེ་སྟེ་དཀྱིལ་འཁོར་གསུམ་དགོས་ཞེས་འགའ་ཞིག་གསུངས་ནའང་། སློབ་དཔོན་བདེ་བ་གསལ་མཛད་ཀྱི་ལས་ཐོར་ཀྲི་ཡོག་གཉིས་སུ་བསྡུས་ཤིང་། མཁས་པ་གླན་སོགས་བླ་མ་གོང་མ་རྣམས་ཀྱང་དེ་ལྟར་བཞེད་པ་ཉིད་ལུགས་འདི་ལ་ཚད་མ་ཡིན་ནོ། །དེས་ན་ཀྲི་ཡོག་གཉིས་ལས། དང་པོ་ཡན་ལག་གི་དཀྱིལ་འཁོར་ལྔ་པ་ཀྲི་ཡ་ལ། ཐོག་མར་སྟ་གོ ན་ནི། སློབ་དཔོན་བདག་ཉིད་གཙང་སྦྲ་དང་ལྡན་པས་བདག་བསྐྱེད་ཀྱི་ཆོ་ག་བཟླས་པའི་བར་འོག་ནས་འབྱུང་བ་ལྟར་བླངས་རྗེས། མདུན་དུ་སྤྱན་དྲངས་པའི་ལྷ་ལ་གཏང་རག་དང་བཟོད་བསོལ་བྱས་ནས་གཤེགས་སུ་གསོལ། དེ་ནས་རང་ལྷའི་ང་རྒྱལ་ལ་གནས་པས་དཀྱིལ་འཁོར་གྱི་གཞི་བྱི་དོར་བྱ་ཞིང་བ་བྱུར་གིས་བྱུགས་ཏེ། སྐྱ་ཐིག་བཏབ་ནས་ལྷ་གནས་རྣམས་སུ་དྲིའི་ཐིག་ལེ་གཙོ་བོ་རིགས་གསུམ་ལ་གྲུ་བཞི་དང་འཁོར་རྣམས་ལ་ཟླུམ་པོ་རེ་བྱས་པའི་སྟེང་དུ་མེ་ཏོག་གི་ཚོམ་བུ་བཀོད་དེ། ཝཱ་གཱི་ཤྭ་ར་དང་། མ་ཎི་དང་། བཛྲ་པཱ་ཎི་དང་། ༀ་སྭ་བྷཱ་ཝ་སོགས་སྔགས་རྣམས་ལན་བདུན་རེ་བཟླས་ལ། ལྷ་རྣམས་གསལ་གདབ་པ་ནས་བསྟོད་པའི་བར་སྤྲོ་ན་འོག་གི་མདུན་བསྐྱེད་སོར་བཞག་བྱ་ཞིང་། དེ་ཙམ་ལོང་སྐབས་ཀྱིས་མ་ཁོམ་ན། དབུས་ཀྱི་སྟན་ལ་འཇམ་དཔལ་དབྱངས། དེའི་གཡས་ལོགས་སུ་སྤྱན་རས་གཟིགས། གཡོན་དུ་ཕྱག་ན་རྡོ་རྗེ། མཐའ་བསྐོར་དུ་སྦྱང་སྤེལ་བསྒྱུར་ཐོབ་ཚིམ་པ་དབང་དུ་བྱེད་པའི་ལྷ་དྲུག་དང་། སྒེག་སོགས་ལྷ་མོ་བཅུ་གཉིས་རྣམས་གསལ་བར་གྱུར། ཞེས་པའི་རྗེས་སུ། འོག་ནས་འབྱུང་བ་ལྟར་ཡེ་ཤེས་པ་དགུག་ཅིང་བསྟིམ་ནས། དྲི་སོགས་མཆོད་པ་ལྔ་སྔགས་རྒྱ་ཙམ་གྱིས་མཆོད་ཅིང་བསྟོད་པ་བྱ། གང་ལྟར་ཡང་དེ་རྗེས་དཀྱིལ་འཁོར་པ་དང་སངས་རྒྱས་ཀུན་ལ་དམིགས་ནས་གསོལ་བ་གདབ་པ་ནི། སྤོས་འཐུལ་ཞིང་དྲིལ་བུ་འཁྲོལ་བས། རིགས་གསུམ་མགོན་པོ་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །མགོན་པོ་ཐུགས་རྗེའི་བདག་ཉིད་ཅན། །སར་ནི་དཀྱིལ་འཁོར་བྲི་བར་བྱ། །དེ་ཕྱིར་བཅོམ་ལྡན་བདག་གུས་ལ། །བཀའ་དྲིན་གནང་བར་མཛད་པར་རིགས། །སངས་རྒྱས་འཇིག་རྟེན་མགོན་བརྩེ་དང་། །བྱང་ཆུབ་སེམས་དཔའ་འབྲས་གནས་དང་། གཞན་ཡང་གང་དག་གསང་སྔགས་ལྷ། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །གང་ཡང་འབྱུང་པོ་མཐུ་ཆེན་དང་། སེམས་ཅན་བསྟན་ལ་མངོན་དགའ་བ། །གང་སུ་ལྷ་ཡི་སྤྱན་མངའ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །རིགས་གསུམ་ཞེས་བྱའི་དཀྱིལ་འཁོར་ནི། །ཇི་ལྟར་ནུས་པར་ཉེར་སྦྱོར་བས། །འགྲོ་བ་སྦྱར་ཕྱིར་བྲི་བར་བྱ། །དེ་ཕྱིར་བདག་དང་སློབ་མ་ལ། རྗེས་སུ་བརྩེ་བས་ཉེར་དགོངས་ཏེ། །དཀྱིལ་འཁོར་དང་བཅས་ཐམས་ཅད་ནི། །ཉེ་བར་གནས་པར་མཛད་པའི་རིགས། །ཞེས་ལན་གསུམ་བརྗོད་ཅིང་སླར་ཡང་བསྟོད་ནས། མ་རྙེད་ཡོངས་སུ་སོགས་ཀྱི་མཐར་ཡིག་བརྒྱ་བརྗོད་ལ། ༀ་མུཿཞེས་སྤྱན་དྲངས་པའི་ལྷ་གཤེགས་སུ་གསོལ། སྔགས་ཀྱི་སྤྲུལ་པའི་ལྷ་དམ་ཚིག་པ་རྣམས་བདག་ལ་ཐིམ་པར་བསམ་མོ། །སློབ་མ་སྟ་གོན་ནི། ཁྲུས་བྱས་གྲལ་དུ་འཁོད། །མཎྜལ་ཕུལ་ལ། གསོལ་གདབ་ནི། རིགས་གསུམ་གཙོ་བོ་ཁྱོད་ལ་འདུད། །ཐར་པ་ཆེན་པོ་བདག་འདོད་དེ། །དེ་ཉིད་དབང་དང་དམ་ཚིག་དང་། །མགོན་པོ་དཔའ་བོར་སྐྱབས་སོང་ཞིང་། །ཐེག་ཆེན་ཁང་པར་གཞུགས་པ་དང་། །མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །ཞེས་ལན་གསུམ། དེ་ནས་སྐྱབས་སེམས་ཀྱི་སྡོམ་པ་འབོགས་ཏེ། སློབ་དཔོན་གྱི་རྗེས་སུ་ཟློས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །སློབ་དཔོན་བདག་ལ་དགོངས་སུ་གསོལ། སྲོག་ཆགས་སྡུག་བསྔལ་ཞི་བྱའི་ཕྱིར། །བདག་ནི་ཇི་སྲིད་འཚོའི་བར་དུ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །གུས་པས་ཡང་དག་སྐབས་སུ་མཆི། །སེམས་ཅན་ཐམས་ཅད་ནི་མཐའ་ཡས་པའི། །སྡུག་བསྔལ་ཉེ་བར་ཞི་བ་དང་། །ངན་འགྲོ་རྣམས་ལས་བསྒྲལ་བ་དང་། །ཉོན་མོངས་རྣམས་ལས་དགྲོལ་བའི་ཕྱིར། །སྲིད་པའི་མི་དགེ་དོག་པ་ན། །སྡུག་བསྔལ་སྣ་ཚོགས་ཅི་མཆིས་པ། །དེ་ལྟར་ཡོངས་སུ་སྐྱོབ་པའི་ཕྱིར། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །ཚེ་ཡི་མཐའ་ཀླས་གང་བྱེད་དང་། །གང་ཡང་ཅུང་ཟད་བྱེད་འགྱུར་པ། །མདོར་ན་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་ཐམས་ཅད་ཞི་བ་དང་། །གྲོལ་བར་བྱ་བའི་ཕྱིར་འབད་ཅིང་། །བྱང་ཆུབ་རབ་ཏུ་དགའ་བརྩོན་ནོ། །ཞེས་པས་རྒྱུད་སྦྱངས་ནས་མྱང་འདས་ཀྱི་བསམ་པ་བརྟན་པོ་བསྐྱེད་དུ་གཞུག །དེ་ནས་བྱིན་གྱིས་བརླབ་པ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། ཏདྱ་ཐཱ། ཧུ་ལུ་ཧུ་ལུ། ཏི ཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་པ་བཟླ་བཞིན་དུ་དྲིའི་ཆུས་སློབ་མའི་མགོ་ལ་བསང་གཏོར་བྱ་ཞིང་། ཡང་། ༀ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་པ་ལན་བདུན་བཟླ་བཞིན་དུ་ལག་པ་སྤྱི་བོར་བཞག །བྷྲཱུཾ་བརྒྱ་རྩ་དང་།ༀ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ལན་གསུམ་བཟླས་པས་ཀྱང་བྱིན་གྱིས་བརླབ་ཅིང་། སྤོས་ཀྱིས་ཀྱང་བདུག །སོ་ཤིང་ཛི་ནི་ཛིཀ་ཞེས་གཏད་ལ། བྷྲཱུཾ་ཞེས་དོར་དུ་བཅུག །ༀ་ཧྲཱིཿབི་ཤུདྡྷ་དྷརྨ་སརྦ་པཱ་པཾ་ནིཤྩ་ཨ་སྱ་ཤོ་དྷ་ཡ་སརྦ་བི་ཀ་ལ་པན་ཨ་པ་ན་ཡ་ཧཱུཾ་གིས་དྲིའི་ཁྱོར་ཆུ་ལན་གསུམ་བླུད། ༀ་ཨམྲྀ་ཏེ་ཧཱུཾ་ཕཊ་བཟླས་པའི་སྲུང་སྐུད་མདུད་པ་གསུམ་ལྡན་གདགས་ཤིང་། དེ་བཟླས་པའི་ཀུ་ཤ་ཆེ་ཆུང་སྟན་དང་སྔས་ཀྱི་དོན་དུ་སྦྱིན་ལ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། སོགས་དང་། སྐར་མ་རབ་རིབ་སོགས་དང་། སྡིག་པ་ཅི་ཡང་མི་བྱ་སྟེ། ཞེས་པ་ནས། འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ། ཞེས་པའི་བར་གྱིས་ཆོས་བཤད་ནས། བུ་ཀྱེ་སང་ནི་དཀྱིལ་འཁོར་མཆོག །མཐོང་བར་འགྱུར་རོ་ཉོལ་ཞིག་དང་། །རྨི་ལམ་མཐོང་བ་གང་ཡིན་པ། །དེ་ཀུན་ང་ལ་ལེགས་པར་སྨྲོས། །ཞེས་གདམས་ལ། ཕྱག་འཚལ་དུ་བཅུག་སྟེ་རང་གནས་སུ་བཏང་ངོ་། །བུམ་པ་སྟ་གོན་ནི། །བུམ་པ་མཚན་ཉིད་དང་ལྡན་པ་གཉིས་ལེགས་པར་བཀྲུས་ཤིང་གུ་གུལ་གྱིས་བདུག །མགུལ་ཆིངས་ཁ་རྒྱན་སོགས་ཆས་སུ་བཅུག །འབྲུ་ལྔ་དང་རིན་ཆེན་ལྔའི་ཐུམ་བུ་དང་སྨན་ལྔ་བཏགས་པའི་ཕྱེ་མ་རྣམས་ནང་རྫས་སུ་བླུག་ཅིང་ཆུ་གཙང་གིས་སུམ་གཉིས་ཙམ་བཀང་། བསང་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིག་རྒྱ་ཆེ་བ་མཚན་ཉིད་ཐམས་ཅད་ཚང་བ་ནང་ལྷའི་ཆུ་བོ་དང་ནང་རྫས་ཀྱིས་གང་བའི་མགྲིན་པར་ཟླ་དཀྱིལ་ལ་བཟླ་བྱའི་རིག་སྔགས་ཀྱི་ཕྲེང་བ་གནས་པ་ལས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་སེམས་སྔགས་ཀྱི་ལྷ་རྣམས་བདུད་རྩིའི་རྣམ་པར་སྤྱན་དྲངས་པས་བུམ་པ་གང་བར་བསམ་ཞིང་། རྣམ་བུམ་ལ་རིགས་གསུམ་གྱི་སྔགས་དང་། ལས་བུམ་ལ། ༀ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུཾ་ཕཊ། ཅེས་ཁམས་གསུམ་རྣམ་རྒྱལ་དང་། ལས་ཀུན་བྱེད་པ་ཐབས་སྦྱོར་གྱི་སྔགས། ༀ་ཨ་མྲྀ་ཏེ་ཧཱུཾ་ཕཊ་ཅེས་པ་བཟླ། ཐུན་མོང་དུ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་པའང་བཟླས་མཐར། ཛི་ན་ཛིཀ་གིས་མེ་ཏོག་དཀར་པོ་དང་། བྷྲཱུཾ་གིས་མཆོད་ཡོན་ཕུལ། ཨ་མྲྀ་ཏེ་བཟླ་ཞིང་གུ་གུལ་གྱིས་བདུག་གོ །དེ་ནས་ཆ་གསུམ་གཏོར་མ་བཏང་ཞིང་། བདག་གི་ལྷའི་སྐུ་གཟུགས་ཟླ་བའི་སྟེང་གི་ཡི་གེ་ལ་ཐིམ། དེ་ཟླ་བ་ལ་ཐིམ། དེ་རྣམ་སྨིན་གྱི་ལུས་ལ་ཐིམ་པར་བསམ་ལ་བཀྲ་ཤིས་བརྗོད་དོ། །དེ་ནས་དཀྱིལ་འཁོར་གྱི་དངོས་གཞིའི་ཉིན་པར་ཁ་དོག་ལྔའི་སྲད་བུ་ལ་བསང་གཏོར་བྱས། ལས་སྔགས་བཟླ་བཞིན་དུ་བསྒྲིལ། མདུན་གྱི་ནམ་མཁར་རྒྱལ་བ་སྲས་བཅས་བཞུགས་པར་མོས་ལ་མཆོད་དེ། ཤར་དང་ལྷོར་གནས་ཚངས་ཐིག་གཉིས། མེར་གནས་ཤར་ལྷོའི་རྩ་ཐིག་གཉིས། རླུང་གནས་ནུབ་བྱང་རྩ་ཐིག་གཉིས། མེ་དང་བདེན་བྲལ་གནས་ཟུར་ཐིག །གཉིས་གདབ་སློབ་དཔོན་འདུག་ཕྱོགས་ཏེ། སློབ་མ་དེ་ལྡོག་གཡས་བསྐོར་འགྲོ། ཞེས་པ་ལྟར་དང་པོ་མཁའ་དང་། དེ་ནས་ས་ལ་གདབ་ཅིང་། ཐིག་ཐེབས་ནས་ཚོན་རྩི་ལ་བསང་གཏོར་བྱས་ལ། ལས་སྔགས་བཟླ་བཞིན་དུ་ཐོག་མར་སློབ་དཔོན་གྱིས་དབང་ལྡན་གྱི་རྩིག་པ་དང་། དེ་ནས་ལྟེ་བ་སེར་པོ། འདབ་དྲུག་མཛེས་མཚོན། རྩིག་པ་ནང་ནས་སེར་སྔོ་དམར་ནག་དཀར་བ། སྒོ་གཞི་ཤར་དཀར། ལྷོ་སྔོ་བ་སོགས་ཕྱོགས་ཚོན། རྟ་བབས་མས་རིམ་བཞིན་སེར་ལྗང་སྔོ་དམར། ཁོར་ཡུག་པད་རྡོར་འོད་ཕྲེང་སོགས་ཚོན་ཐོབ་ལྷག་མ་སྤྱི་དང་འདྲ་ཞིང་། ལྷ་གནས་རྣམས་སུ་སོ་སོའི་སྐུ་རྟེན་ལྷ་ཙཀ་དང་། རྣམ་བུམ་རིག་གསུམ་གྱི་སྔགས་བཟླ་བཞིན་དུ་དཀྱིལ་འཁོར་གྱི་དབུས་སུ་མཉྫི་ལ་དགོད། ལས་བུམ་ཨ་མྲྀ་ཏ་བཟླ་བས་དཀྱིལ་འཁོར་གྱི་ཤར་སྒོའམ་སློབ་དཔོན་གྱི་མདུན་དུ་བཞག །དཀྱིལ་འཁོར་གྱི་མཐར་མདའ་དར་མེ་ལོང་ཅན་དང་། རལ་གྲི་དང་། ཕུར་བུ་བརྒྱད་དམ་བཞིས་བསྐོར་བ་ཚོན་སྐུད་ཀྱིས་བྲེས། མདུན་དུ་འདས་གཏོར་དང་། མཐའ་མཆོད་པས་བསྐོར། རྫས་དབང་གི་ཙཀླི་དང་། ཆ་གསུམ་གཏོར་མ་རྣམས་ཅི་བདེར་སྒྲིག །རང་གི་མདུན་དུ་མཆོད་ཡོན་བཟེད་ཞལ་དང་བཅས་པ། སྤོས་ཕོར། འཐོར་ནས། རྡོར་དྲིལ་སོགས་ཡོ་བྱད་ཐམས་ཅད་ཚོགས་པར་བཤམ་མོ། །དེ་ནས་ཆོ་ག་ནི། དང་པོ་ཁོ་ནར་གཙང་སྦྲ་དང་བཅས་ཏེ། སངས་རྒྱས་ཆོས་ཚོགས་མ་དང་། སེམས་ཅན་ཐམས་ཅད་བདེ་བ་དང་ཞེས་སོགས་ཀྱིས་སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་སྔོན་དུ་འགྲོ་བས། སློབ་དཔོན་རང་ཉིད་ཁྱིམ་པ་ཡིན་ན་སྨོས་མ་དགོས། རབ་ཏུ་བྱུང་བ་ཡིན་ནའང་ཐེག་པ་ཆེན་པོའི་གསོ་སྦྱོང་ལེགས་པ་མི་འགལ་ཞིང་ལེགས་པ་ཡིན་པས་དཀོན་མཆོག་གི་རྟེན་གྱི་དྲུང་དུ་པུས་བཙུགས་ཐལ་མོ་སྦྱར་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྟ་ཅང་ཤེས་ལྟ་བུ། གླང་པོ་ཆེན་པོ། བྱ་བ་བྱས་ཤིང་བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པ་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་བཀའ། ལེགས་པར་རྣམ་པར་གྲོལ་བའི་ཐུགས། ལེགས་པར་རྣམ་པར་གྲོལ་བའི་ཤེས་རབ་ཅན་དེ་དག་གིས། སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་དང་། གྲོལ་བར་བྱ་བའི་ཕྱིར་དང་། ནད་མེད་པར་བྱ་བའི་ཕྱིར་དང་། མུ་གེ་མེད་པར་བྱ་བའི་ཕྱིར་དང་། བླ་ན་མེད་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དུ་གསོ་སྦྱོང་ངེས་པར་མཛད་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བས་ཀྱང་། དུས་འདི་ནས་བཟུང་ནས་སང་ཉི་མ་མ་ཤར་བར་དུ་གསོ་སྦྱོང་ངེས་པར་བླང་བར་བྱའོ། །དེང་ནས་སྲོག་གཅོད་མི་བྱ་ཞིང་། གཞན་གྱི་ནོར་ཡང་བླང་མི་བྱ། །འཁྲིག་པའི་ཆོས་ཀྱང་མི་བྱ་སྟེ། །རྫུན་གྱི་ཚིག་ཀྱང་མི་སྨྲའོ། །སྐྱོན་ནི་མང་པོ་ཉེར་བརྟེན་པའི། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཁྲི་སྟན་མཐོན་པོ་མི་བྱ་ཞིང་། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་དང་ནི་རྒྱན། །གར་དང་གླུ་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོད་ལ་སོགས་མི་བྱེད་ལྟར། །དེ་བཞིན་སྲོག་གཅོད་ལ་སོགས་སྤང་། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་ལན་གསུམ་དང་། ༀ་ཨ་མོ་གྷ་ཤཱི་ལ་སམྦྷ་ར་སམྦྷ་ར། བྷ་ར་བྷ་ར། མ་ཧཱ་ཤུདྡ་ས་ཏྭ་པདྨ་བི་བྷཱུ་ཥི་ཏི་བྷཱུ་ཛ་དྷ་ར་དྷ་ར། ས་མནྟ་ཨ་བ་ལོ་ཀི་ཏེ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་ཉེར་གཅིག་བཟླའོ། །དེ་ནས་སྒྲུབ་ཁང་གི་ཕྱི་རོལ་ཏུ་དངོས་སུ་འགྲོ་བའམ་སོང་བར་མོས་ཏེ། ༀ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་བཟླས་པས་ཅི་དགར་ཁྲུས་བྱ་ཞིང་། ཆུ་སྙིམ་པ་གསུམ་མགོ་བོར་བླུགས་ལ་དབང་བསྐུར་ཏེ་དྲིལ་ཕྱིས་བྱས་ནས། ༀ་སུ་སིདྡྷི་ཀཱ་རི་ཧཱུཾ་ཞེས་ལན་བདུན་བཟླ་བཞིན་གཙུག་ཕུད་བཅིང་། ཚོག་པུར་སྡད་ལ་པུས་མོའི་བར་དུ་ལག་གཡོན་པར་ཆུ་གཙང་བཞག་པ་ལས་གཡས་པའི་སོར་མོས་བླངས་ཏེ། ཁ་རྣ་མིག་སྣ་ཁ་ལག་མགོ། །ལྟེ་བ་རྣམས་སུ་གཉིས་གསུམ་རེག །ཅེས་པ་ལྟར་ཉེ་རེག་བྱས་ཏེ་ནང་དུ་འཇུག་པའམ་ཞུགས་པར་མོས་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཞེས་ཕྱག་བྱས་ཏེ་འདུག་ནས། ལས་བུམ་གྱི་ཆུ་ལག་གཡོན་པར་བཞག་པ་ལས་གཡས་པས་འཐོར་བཞིན་དུ། སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་གྱུར་པའི། །སྤོས་དང་སྨན་སྦྱར་ཆུ་གཙང་རྒྱལ་བའི་ཁྲུས། །ཡེ་ཤེས་སྤྲིན་ཕུང་མཁའ་ལ་ཆར་འབེབས་པས། །མི་གཙང་དྲི་མའི་ཕྱོགས་རྣམས་དག་གྱུར་ཅིག །ༀ་ཤུདྡྷེ་ཤུདྡྷེ་ཤོ་དྷ་ནེ་སྭཱ་ཧཱ། ཞེས་དང་། ༀ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུཾ་ཕཊ་དང་། ༀ་ཨ་མྲྀཾ་ཏེ་ཧཱུཾ་ཕཊ། ཅེས་བཟླ་བས་བདག་གནས་ཡོ་བྱད་ཐམས་ཅད་ལ་བསང་གཏོར་བྱས་པས་བགེགས་བསལ། སྭ་བྷཱ་ཝའི་སྔགས་ཀྱིས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་ངང་ལ་དར་ཅིག་བཞག །དེ་ནས་དཀོན་མཆོག་གསུམ་དང་རིགས་གསུམ་འཁོར་བཅས་མཁའ་ཁྱབ་ཏུ་བཞུགས་པར་དམིགས་ལ། ཐལ་མོ་སྦྱར་ཏེ། ན་མོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དུས་འདི་ནས་བཟུང་སྟེ་ནམ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་སྐྱེ་བ་ཐོག་མ་མེད་པ་ནས་འཁོར་བ་ན་འཁོར་བའི་ཚེ། བདག་གིས་སྡིག་པ་མི་དགེ་བའི་ལས་ཅི་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བ་དེ་དག་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་སོ་སོར་བཤགས་སོ། །ཞེས་ལན་གསུམ། ན་མོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ། ནམ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཞི་བ་བླ་ན་མེད་པ་སོ་སོ་ར ང་གིས་རིག་པ་ལ་སྐྱབས་སུ་མཆིའོ། །ཕྱོགས་བཞིའི་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་ཕྱིར་མི་ལྡོག་པའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ། དེ་ནས་ལུས་དབུལ་བ་ནི། ན་མོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ་ནམ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། བདག་ཉིད་དུས་ཐམས་ཅད་དུ་ཡོང་ཡེ་འབུལ་གྱི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་ཐུགས་བརྩེ་བའི་སླད་དུ་བདག་བཞེས་སུ་གསོལ། ཞེས་ལན་གསུམ། དེ་ནས་ཐལ་མོ་ཁོང་སྟོང་དུ་སྦྱར་ཏེ་མཛུབ་མོ་ཅུང་ཟད་བཀུག་ཅིང་མཐེ་བོང་གཉིས་སྒྲེང་བ་དམ་ཚིག་གི་ཕྱག་རྒྱ་བཅིང་ལ། ཕྱག་རྒྱ་འདི་ནི་རྒྱ་ཆེ་སྟེ། །སངས་རྒྱས་སྐྱོབ་པ་རྣམས་ཀྱི་ཡིན། །སངས་རྒྱས་རྣམས་ཀྱི་དམ་ཚིག་ནི། །ཕྱག་རྒྱ་འདི་ལ་རབ་ཏུ་གནས། །ན་མཿས་མནྟ་བུདྡྷཱ་ནཱཾ་ཨ་ས་མེ་ཏྲི་ས་མ་ཡེ་སྭཱ་ཧཱ། ཞེས་པས་དམ་ཚིག་པར་བྱིན་གྱིས་བརླབ། དེ་ནས་ལག་གཉིས་ཁུ་ཚུར་བཅང་ནས་མཐེ་བོང་ནང་དུ་བཅུག་པ་སྦྱར་ལ་མཛུབ་མོ་གཉིས་སྒྲེང་བ་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱ་བཅིངས་ལ། རྒྱ་འདི་ཕྱག་རྒྱ་ཆེན་པོ་སྟེ། །ཆོས་དབྱིངས་རྣམས་ལ་སྦྱང་བའོ། །ན་མཿས་མནྟ་བུདྡྷཱ་ནཱཾ་དྷརྨ་དྷཱ་ཏུ་སྭ་བྷཱུ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པས་ཆོས་ཀྱི་དབྱིངས་སུ་བརླབ། དེ་ནས་སོར་མོ་རྒྱབ་སྦྱར་བ་བསྣོལ་ཏེ་མཐེ་བོང་གཉིས་རྒྱབ་སྤྲད་པ་འཁོར་ལོའི་ཕྱག་རྒྱ་བཅས་ལ། རྒྱལ་མཆོག་དཔལ་དང་ལྡན་པ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན། །འཇིག་རྟེན་མགོན་པོ་སྐྱོབ་པ་ཡི། །འཁོར་ལོ་རབ་ཏུ་འདི་བསྐོར་རོ། །ན་མཿས་མནྟ་བུདྡྷཱ་ནཱཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཞེས་པས་རྡོ་རྗེ་སེམས་དཔར་བརླབ་བོ། དེ་ནས། ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུཾ་རཾ། ༀ་བཛྲ་ཀྲོ་དྷ་ཧཱུཾ་ཛཿ ཞེས་པས། བདུད་རྩི་ཐབས་སྦྱོར་ལྗང་ནག་རྒྱ་གྲམ་དང་དྲིལ་བུ་འཛིན་པའི་ང་རྒྱལ་བཟུང་ལ། ཐལ་མོ་ཁོང་སྟོང་ལས་མཛུབ་མོ་གཉིས་ནང་དུ་བཅུག །མཐེ་བོང་དང་སྲིན་ལག་སྒྲེང་། གུང་མོ་དང་མཐེའུ་ཆུང་ཅུང་ཟད་བཀུག་པའི་ཕྱག་རྒྱ་བཅས་ལ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་བྷྱ་བི་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཧཱི་ཀ་རཀྵ་མ་ཧཱ་བ་ལེ་སརྦ་ཏ་ཐཱ་ག་ཏེ་པུཎྱ་ནི་ར་ཛ་ཏཱེ་ཧཱུཾ་ཧཱུཾ། ཏྲ་ཊ་ཏྲ་ཊ། ཨ་པྲ་ཏི་ཧ་ཏ་སྭཱ་ཧཱ། ཞེས་པས། བགེགས་རྣམས་འཇིགས་པར་བྱེད་པའི་ཁྲོ་ཚོགས་ཀྱིས་བདག་གནས་ཡོ་བྱད་ཐམས་ཅད་བསྲུངས་ཏེ་རྡོ་རྗེ་ཕྲེང་བའི་ར་བས་ཁྱབ་པར་གྱུར། ཡང་ཐལ་སྦྱར་ལས་མཛུབ་མོ་གཉིས་གུང་མོའི་རྒྱབ་ཏུ་སྦྱར་བ་གནས་ལྔར་གཏུག་ཅིང་། ན་མཿས་མནྟ་བཛྲ་ཎཱཾ་བཛྲ་ཀཱ་ཝཱ་ཙི་ཧཱུཾ། ཞེས་པས་གོ་བགོ །དེ་ནས་བདེན་སྟོབས་ཀྱིས་བགེགས་བསྐྲད་པ་ནི། ན་མོ། སྐྱབས་དམ་པའི་མཆོག །གླིང་དམ་པའི་མགོན། བསོད་ནམས་དམ་པའི་དཔལ་གྱི་ཞིང་། ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཐུགས་རྗེའི་མངའ་བདག །འགྲོ་བ་ཡོངས་ཀྱིས་དཔལ་མགོན། མཆོད་གནས་བླ་ན་མེད་པ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། བདེན་པ་ཡང་དག་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་དང་། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་། ལྷ་དང་དྲང་སྲོང་རྣམས་ཀྱི་བཀའ་བདེན་པ་དང་། ཡུམ་ཆེན་མོ་དང་སྲས་ཕྱོགས་བཅུའི་སངས་རྒྱས་ཀྱི་བཀའ་བདེན་པ་དང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་། འོད་དཔག་མེད་དང་། མི་བསྐྱོད་པ་དང་། འཇམ་དཔལ་དང་། སྤྱན་རས་གཟིགས་དང་། ཕྱག་ན་རྡོ་རྗེ་ལ་སོགས་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས། མཆོད་པ་དང་ཆོ་ག་ལ་བར་དུ་གཅོད་པའི་བགེགས་དང་ལོག་འདྲེན་གློག་ལྟར་གཡོ་ཞིང་རླུང་ལྟར་འཚུབ་པ། སྦལ་པ་རྨ་ཅན་དང་། ལོག་འདྲེན་གདོང་སྐྱ་དང་། དྲི་ཡི་ངད་ལྡན་དང་། གྲིབ་གནོན་སྲུལ་བུ་དང་། ཚངས་པ་སྦྱིན་ངན་དང་། ལོག་འདྲེན་སྣ་ཡོན་ལ་སོགས་པ་ཐམས་ཅད་འདིར་མ་གནས་པར་དེངས་ཤིག །ཧཱུཾ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མངགས་གཞུག་ཕོ་ཉའི་ལས་མཛད་པ། །ཁྲོ་ཆེན་བདུད་རྩི་འཁྱིལ་པ་ཡིས། །བགེགས་ཀྱི་སྦྱོར་བ་རྒྱུན་ཆོད་ཅིག །ཕཊ་ཅེས་བགེགས་བསྐྲད། དེ་ནས་མཐེའུ་ཆུང་བསྣོལ་བའི་སྟེང་དུ་སྲིན་ལག་གིས་མནན། དེའི་སྟེང་དུ་མཐེ་བོང་གིས་མནན་ཏེ། གུང་མོ་གཉིས་རྩེ་སྤྲད་པའི་རྒྱབ་ནས་མཛུབ་མོ་རྡོ་རྗེའི་རྭ་ལྟར་བྱས་པ་བསྟན་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། མ་ཧཱ་དཾཥྚོདྷ་ཊ་བྷཻ་ར་བཱ་ཡ། ཨ་སི་མུ་ས་ལ་དྷཱ་རཱ་ཡ་པ་ར་ཤུ་པཱ་ཤ་ཧསྟཱ་ཡ། ཏདྱ་ཐཱ། ༀ་ཨ་མྲྀ་ཏ་ཀུཎྜ་ལི། ཁ་ཁ། ཁཱ་ཧི་ཁ་ཧི། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། གྲྀཧྞ་གྲྀཧྞ། གརྫ་གརྫ། སྥོ་ཊ་སྥོ་ཊ། བིསྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བིགྷྣཱན་བི་ནཱ་ཡ་ཀཾ་མ་ཧཱ་ག་ན་པ་ཏི་ཛི་ཝི་ཏ་ཨནྟ་ཀ་རཱ་ཡ་སྭཱ་ཧཱ། ཞེས་བདུན་བཟླས་པས་བགེགས་གཞོམ་པར་བྱའོ། །དེ་ནས། ཛི་ན་ཛིཀ྄ །ཨ་རོ་ལིཀ྄ །བཛྲ་དྷྲིཀྲ །ཞེས་དང་། ཐལ་མོ་སྦྱར་བ་སྤྱི་བོར་བཞག་ལ། ཏ་ཐཱ་ག་ཏོདྦྷ་བ་ཡེ་སྭཱ་ཧཱ། རྡོ་རྗེ་རྩེ་ལྔའི་རྒྱ་སྙིང་གར་བཞག་ལ། ༀ་བཛྲོདྡྷ་བེ་ཡེ་སྭཱ་ཧཱ། ཞེས་པས་རིགས་གསུམ་འཁོར་བཅས་མངོན་སུམ་དུ་བཞུགས་པར་མོས་ཏེ། འཇིག་རྟེན་དག་གི་ཕྱོགས་ཀུན་ནས། །དེ་བཞིན་གཤེགས་པ་གང་བཞུགས་དང་། དགྲ་བཅོམ་བྱང་ཆུབ་སེམས་དཔའ་རྣམས། །བདག་གིས་མ་འཚལ་སྡིག་བགྱིས་དང་། །གང་ཡང་བགྱིད་དུ་སྩལ་བ་དང་། །རྗེས་སུ་ཡི་རང་བགྱིས་ལ་སོགས། །བག་མེད་པ་ནི་ཕྲ་མོ་ཡང་། །ལུས་ངག་ཡིད་ཀྱིས་བགྱིས་པ་རྣམས། །ཡང་དང་ཡང་དུ་མཐོལ་ཞིང་བཤགས། །སླན་ཆད་དེ་ལྟར་ཡོངས་མི་བགྱིད། །བདག་གིས་མི་དགེ་བགྱིས་པ་རྣམས། །རྫོགས་སངས་རྒྱས་ཀྱིས་མཁྱེན་པ་ལྟར། །བདག་ཀྱང་དེ་ལྟར་དམ་འཆའོ། །སྲོག་ཆགས་སྡུག་བསྔལ་ཞི་བྱའི་ཕྱིར། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །སངས་རྒྱས་ཆོས་དང་དགེ་འདུན་ལ། །གུས་པས་ཡང་དག་སྐྱབས་སུ་མཆི། །དེང་ནས་མཆོག་གི་ས་བོན་གང་། །ཐར་པ་བདུད་རྩིའི་འབྲས་བུ་སྨིན། །ཤིན་ཏུ་སྒོམས་པས་མཆོག་གྱུར་ཏེ། །དངོས་གྲུབ་ཕྱིར་ནི་དེ་བསྐྱེད་དོ། །དགེ་བའི་ལས་རྣམས་གང་དག་ཀུན། །འདི་དང་གཞན་དུ་བསགས་པ་རྣམས། །ཆོས་ཀྱི་ལོངས་སྤྱོད་སྣ་ཚོགས་ལ། །མཉམ་པར་བཞག་པས་ཡི་རང་ངོ་། །སྔོན་གྱི་རྒྱལ་བ་སྲས་བཅས་ཀྱིས། །སྨིན་ལམ་ཇི་ལྟར་མཛད་པ་ལྟར། །བདག་ཀྱང་དགེ་བ་ཀུན་རྟོགས་ནས། །དེ་བཞིན་དུ་ནི་སྨོན་ལམ་འདེབས། །འཕགས་པ་རྣམས་ཀྱིས་རྗེས་དགོངས་ཏེ། །མགོན་མ་མཆིས་པ་བདག་མྱུར་དུ། །སངས་རྒྱས་འགྲུབ་པར་མཛད་དུ་གསོལ། །དེ་དག་ནི་རྣལ་འབྱོར་ལ་འཇུག་པའི་བྱ་བའོ། །དེ་ནས་རྣལ་འབྱོར་དངོས་གཞི་ནི། བྱ་རྒྱུད་ཙམ་པོ་རྣམས་སུ་བདག་ཉིད་ལྷར་བསྐྱེད་པ་མི་འབྱུང་ཡང་། འདིར་བྱ་རྒྱུད་ཁྱད་པར་ཅན་སྤྱོད་རྒྱུད་དང་ཐུན་མོང་པའི་སྒྲུབ་ཚུལ་ལ་བདག་ཉིད་ལྷར་བསྐྱེད་པ་ཡོད་པས། དེའི་དབང་དུ་བྱས་ཏེ་བདག་བསྐྱེད་ནི། ཐོག་མར་བདག་གི་དེ་ཁོ་ན་ཉིད་བསྒོམ་སྟེ། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་དང་བཅས་པ་ལས་བདག་གིས་བསྒྲལ་ཏེ་ཆོས་ཀྱི་དབྱིངས་བྱང་ཆུབ་མཆོག་ལ་འགོད་པར་བྱ། དེའི་ཆེད་དུ་འདི་ལྟར་སྣང་བའི་ཆོས་ཐམས་ཅད་སེམས་ཙམ་སྟེ། དེ་ཡང་མི་དམིགས་པ་ནམ་མཁའ་ལྟ་བུའོ། །ཞེས་བརྗོད་ཅིང་བསྒོམ། དེ་ནས་ལྷའི་དེ་ཁོ་ན་ཉིད་ནི་ལྷ་དྲུག་བསྒོམ་པ་སྟེ། བདག་གི་དེ་ཁོ་ན་ཉིད་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་སྟོང་པ་ཉིད་དུ་གྱུར་པ་ནི་སྟོང་པའི་ལྷ། དེའི་ངང་ལས་རང་སེམས་ཟླ་བའི་དཀྱིལ་འཁོར་ཉ་གང་བསྒོམ་པ་ནི་ཡི་གེའི་ལྷ། ཟླ་དཀྱིལ་གྱི་སྟེང་དུ་ༀ་ཝཱ་གཱི་ཤྭ་རི་མུཾ་ཞེས་པའི་སྔགས་ཀྱི་ཡི་གེའི་གཟུགས་རང་སྒྲ་སྒྲོག་པ་ནི་སྒྲའི་ལྷ། སྔགས་དེ་ཉིད་ཟླ་དཀྱིལ་འདྲེན་ནས་སླར་ཡང་སྔགས་ཕྲེང་བཀོད་པའི་འོད་ཟེར་སྤྲོ་བསྡུས་སངས་རྒྱས་ཀྱི་མཛད་པ་བསྒྲུབས། ཟླ་བ་སྔགས་ཕྲེང་དང་བཅས་པ་ཡོངས་སུ་གྱུར་པ་ལས་རང་ཉིད་འཇམ་དཔལ་གཞོན་ནུར་གྱུར་པ་གསེར་གྱི་མདོག་ཅན་ཞལ་གཅིག་ཕྱག་གཉིས་པ། གཡས་རལ་གྲི་དང་གཡོན་ཨུཏྤ་ལའི་སྟེང་ན་གླེགས་བམ་འཛིན་པ། ཟུར་ཕུད་ལྔ་པ་དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། པད་ཟླའི་གདན་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པར་སྒོམ་པ་ནི་གཟུགས་ཀྱི་ལྷའོ། །དེ་ནས། ༀ་སརྦ་ཏ་ཐཱ་ག་ཏོདྦྷ་བ་ཡེ་སྭཱ་ཧཱ། ཞེས་དེ་བཞིན་གཤེགས་པའི་རིགས་ཀྱི་སྔགས་དང་ཐལ་མོ་བཀན་པ་ལས་མཛུབ་རྩེ་གཉིས་ཅུང་ཟད་བཀུག་པའི་རྒྱས་སྙིང་མགྲིན་སྨིན་མཚམས་དཔུང་མགོ་གཉིས་ཏེ་ལྔར་གཏུགས་ལ་བྱིན་གྱིས་རློབ། དེ་ནས་ཐལ་མོ་བཀན་པ་ལས་མཐེའུ་ཆུང་གཉིས་བསྣོལ་བའི་བར་དུ་སྲིན་ལག་གཉིས་བཀུག་སྟེ་གུང་མོ་གཉིས་གཤིབས་ལ་སྒྲེང་བའི་ཚིགས་གསུམ་པར་མཛུབ་མོ་གཉིས་བཀུག་ལ་མཐེ་བོང་གཉིས་སྦྱར་བའི་རྒྱ་བཅས་ལ། ༀ་བཛྲ་ཨགྣི་པྲ་དཱི་པྟཱ་ཡ་སྭཱ་ཧཱ། ཞེས་བརྫོད་པས་རྡོ་རྗེའི་གོ་ཆར་བྱས་ལ། དེ་ཉིད་ལས་མཛུབ་རྩེ་གཉིས་བཀྱེད་དེ་རྡོ་རྗེའི་ཚུལ་དུ་བྱས་པའི་རྒྱ་བཅས་པས་མགོ་དང་དཔུང་བ་གཉིས་སྙིང་མགྲིན་ལྔར་རེག་ཅིང་། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཧཱུཾ་ཁ་གི་ལི་ཧཱུཾ་ཕཊ། ཅེས་པས་གོ་གྱོན་པར་བསམ་སྟེ་ཕྱག་རྒྱའི་ལྷའོ། །དེ་ནས། འདི་ལྟར་གནས་སྐབས་ཐམས་ཅད་དུ། །ཡེངས་པ་མེད་པའི་ཏིང་འཛིན་གྱིས། །ལྷ་ཡི་འདུ་ཤེས་འབྲལ་མི་བྱ། །འདི་ནི་མཚན་མའི་ལྷ་རུ་གྲགས། །དེ་དག་ནི་རང་གི་ལྷ་སྒོམ་པའི་རྣལ་འབྱོར་དྲུག་གོ། །དེ་ནས་མདུན་གྱི་ལྷ་སྤྱན་དྲང་བའི་རྣལ་འབྱོར་ནི། ཡང་དག་པའི་སྨོན་ལམ་གྱི་སྟོབས་ཀྱིས་ཕྱོགས་འདིར་རིན་པོ་ཆེ་དུ་མ་ལས་གྲུབ་པའི་ཞིང་ཁམས་ས་གཞི་གསེར་གྱི་བྱེ་མ་བརྡལ་བར་གྱུར། ༀ་ཙཱ་ལ་བཱི་ར་ཧཱུཾ་སྭཱ་ཧཱ། དེའི་སྟེང་དུ་འོ་མའི་རྒྱ་མཚོ་སྐྱོན་དང་བྲལ་བ་པདྨ་དང་ཨུཏྤལ་ལ་སོགས་པས་བརྒྱན་ཅིང་འདབ་ཆགས་སྣ་ཚོགས་པས་གང་བར་གྱུར། ༀ་བི་མ་ལ་དྷ་ཧཱ་ཧཱུཾ། དེའི་དབུས་སུ་རིན་པོ་ཆེའི་རི་རབ་ཀྱི་སྟེང་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པདྨའི་རྒྱལ་པོ་ཡིད་ལས་བྱུང་བ་འདབ་མ་བརྒྱད་པ་སྔོང་བུ་དང་བཅས་པ་ཟེ་བ་རྒྱས་ཤིང་མཛེས་པའི་ལྟེ་བར་པདྨ་དང་ཟླ་བའི་གདན། སྟེང་དུ་རིན་པོ་ཆེའི་བླ་རེ་དང་བཅས་པར་གྱུར། །རྡོར་ཐལ་གྱི་སོར་མོ་གཡས་པ་སྟེང་དུ་ཡོད་པ་བྱས་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ནཱཾ་སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་བརྗོད་པས་རྟེན་བསྐྱེད། དེ་ནས་སྤྱན་དྲང་བ་ནི། སྣོད་གཙང་མར་སྤོས་ཆུ་གཙང་མ་མེ་ཏོག་དཀར་པོ་དང་བཅས་པའི་མཆོད་ཡོན་སྤོས་ཀྱིས་བདུག །བྷྲཱུཾ་དང་། ཛི་ན་ཛིཀ྄་བདུན་དང་། ༀ་ཥྚོཾ་བནྡྷ་སྭཱཧཱའང་ཅི་རིགས་བཟླས་པས་བྱིན་གྱིས་བརླབ་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ཞེས་ལན་གསུམ་གྱིས་ཕྱག་བྱས་ནས། རྡོ་རྗེ་ཐལ་མོ་ཁ་ཕྱེ་ལ་མཛུབ་མོ་གཉིས་རྩེ་སྦྱར་ཏེ་སྒྲེང་ཞིང་མཐེ་བོང་གཡས་པ་སྤྱན་འདྲེན་པའི་རྒྱས་མཆོད་ཡོན་བཏེགས་ལ། ༀ་ཝཱ་གཱི་ཤྭ་ར་ཨེ་ཧྱེ་ཧི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སྤྱི་བོའི་ཐད་ནས་བཟེད་ཞལ་དུ་ཕུལ་བས། འཇམ་དབྱངས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་མདུན་དུ་བྱོན་པར་གྱུར། དེ་ནས་ཐལ་སྦྱར་ལས་གུང་མཛུབ་སྲིན་གསུམ་རྡོ་རྗེ་ལྔ་པ་ལྟར་བྱས་ལ། ༀ་བཛྲ་ཨཱ་ས་ན་ཧཱུཾ་ཕཊ། ཅེས་པའི་སྔགས་རྒྱས། མདུན་དུ་གདན་ལ་བཞུགས་པར་གྱུར། དེ་ནས་གཡས་པའི་མཐེ་བོས་མཐེ་ཆུང་མནན་པ་རྡོ་རྗེ་རྩེ་གསུམ་པ་ལྟར་བྱས་ལ། ཤཾ་ཀ་རེ་ས་མ་ཡེ་སྭཱ་ཧཱ། ཞེས་པས་དམ་ལ་བཞག །དེ་ནས་ཚོགས་བསག་པ་ནི། མཆོད་པ་རྣམས་ལ་བསང་ཆུ་འཐོར་ཞིང་། ཏྲཻ་ལོ་ཀྱ་དང་། ཨ་མྲྀ་ཏེ་དང་། ཛི་ན་ཛ྄ིཀ་ཞེས་པས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མཆོད་རྫས་ཐམས་ཅད་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་སྤྲིན་ལྟ་བུ་བཟང་ཞིང་རྒྱ་ཆེ་ལ་རྒྱུན་མི་ཆད་པར་གྱུར། ཐལ་མོ་ཁོང་སྟོང་སྙིང་ག་ནས་རིམ་བསྐོར་གྱིས་བཏེགས་སྟེ་དཔྲལ་བར་སེ་གོལ་གྱིས་དགྲོལ་བཞིན་དུ། ༀ་སརྦ་བིཏྤཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་ཝརྟ་ཡ་ཨཱ་ཝ་རྟ་ཡ་ཧོཿ ༀ་བཛྲ་སྥ་ར་ཎ་ཁཾ། གཡོན་གུང་སྲིན་མཐེ་བོས་མནན། དེའི་རྒྱབ་ཀྱི་ཚིགས་གསུམ་པར་མཛུབ་མོ་དང་མཐེའུ་ཆུང་གཉིས་གདུབ་བུའི་ཚུལ་དུ་སྦྱར། ལག་གཡས་རྡོ་རྗེ་རྩེ་གསུམ་པའི་རྒྱ་གྱེན་བསྟན་གཡོན་གྱི་མཐེབ་མཛུབ་འོག་ནས་བཏོན་ཏེ་གུང་མོ་བཟུང་བ་ལྟར་བྱས་པའི་ཕྱག་རྒྱ་བཅས་པས་མཆོད་པའི་སྟེང་ནས་ཅབ་པེ་རེག་བཞིན་དུ། ༀ་ཏེ་ཛ་ཏེ་ཛ་སཾ་སིདྷི་སཱ་དྷཱ་ཡ་སྭཱ་ཧཱ། ཞེས་བཟླས་པས་གཟི་བྱིན་བསྐྱེད། ཨ་མྲྀ་ཏེ་དང་། ཛི་ན་ཛིཀ྄་གིས་བརྟན་པར་བྱས་ལ། ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་སྭཱ་ཧཱ། ཞེས་སྔགས་དེ་ཁོ་ན་དང་སོ་སོའི་རྒྱས། དྲི་མཆོག །མེ་ཏོག །བདུག་སྤོས། ལྷ་བཤོས་རྣམས་འབུལ་ཏེ། སོ་སོའི་རྒྱ་ནི། ལག་གཡས་སྐྱབས་སྤྱིན་གྱི་འཁྲིག་མ་གཡོན་པས་བཟུང་བ་དྲི་མཆོག །ཐལ་སྦྱར་ལས་མཛུབ་རྩེ་གཉིས་སྤྲད་པ་མཐེ་བོས་མནན་པ་མེ་ཏོག །གུང་སྲིན་མཐེའུ་ཆུང་གསུམ་གཅིག་ལ་གཅིག་བརྟེན་ཅིང་མཛུབ་རྩེ་གཉིས་སྤྲད་པ་མཐེ་བོས་མནན་པ་བདུག་སྤོས། ཐལ་མོ་ཁ་ཕྱེ་ལ་མཛུབ་མོ་གཉིས་དང་མཐེ་བོང་གཉིས་ཅུང་ཟད་བཀུག་པ་ལྷ་བཤོས། མར་མེ་ནི། ཨཱ་ལོ་ཀཱ་ཡ་ཨཱ་ལོ་ཀཱ་ཡ་སརྦ་བིདྱཱ་དྷཱ་ར་པཱུ་ཛི་ཏེ་སྭཱ་ཧཱ། ཞེས་པའི་སྔགས་དང་གཡོན་པའི་ཁུ་ཚུར་གྱི་སྟེང་དུ་གཡས་པའི་གུང་མོ་དང་མཐེ་བོང་རྩེ་སྤྲད་པ་སྒྲེང་བའི་རྒྱས་དབུལ་ལོ། །གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མ་རབ་རྒྱས་ཤིང་། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད་པ་བྱས་ཏེ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །དགེ་བ་ཀུན་ལ་རྗེས་ཡི་རང་། །ཆོས་འཁོར་མ་ལུས་བསྐོར་དུ་གསོལ། །མྱ་ངན་མི་འདར་བདག་གསོལ་འདེབས། །དགེ་ཀུན་བྱང་ཆུབ་ཆེན་པོར་བསྔོ། །དེ་ནས་བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རྡོ་རྗེ་འཛིན་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །སེམས་ཅན་ཐམས་ཅད་ལ་ཕན་པ་མཛད་པས་བཞུགས་ནས་བྱིན་གྱིས་རློབ་ཏུ་གསོལ་སྭཱ་ཧཱ། ཞེས་བརྗོད་ནས། ཕྲེང་བ་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཨདྡྷཱུ་ཏེ་བི་ཛ་ཡ་སིདྡྷི་སིདྡྷི་རྠེ་སྭཱ་ཧཱ་དང་། ༀ་རུ་ཙི་ར་མ་ཎི་པྲ་ཝ་རྟ་ན་ཡེ་སྭཱ་ཧཱ། ཞེས་བཟླས་པས་བྱིན་གྱིས་བརླབས་ཏེ། བདག་དང་མདུན་གྱི་ལྷ་གཉིས་ཀའི་ཐུགས་ཀར་ཟླ་དཀྱིལ་ལ་བཟླ་བྱའི་སྔགས་ཕྲེང་བཀོད་པ་ལ་དམིགས་ཏེ། ཕྲེང་བ་བགྲང་བཞིན་དུ། ༀ་ཝཱ་གཱི་ཤྭ་རི་མུཾ། ཞེས་པ་ཅི་ནུས་བཟླས་ལ། མཇུག་ཏུ་ལྷ་ལ་དང་བས་མིག་བལྟ་བཞིན། ན་མོ་བུདྡྷ་བོ་དྷི་ས་ཏྭ་བྷྱཿ ཞེས་ཕྱག་བྱས་ནས། སྲིན་ལག་གཉིས་ཀྱི་རྒྱབ་ཏུ་གུང་མོ་བཞག་སྟེ་སྦྱར། མཛུབ་མོ་གཉིས་ཀྱིས་གཡས་གཡོན་ལྡོག་པའི་གུང་སྲིན་དཀྲི། མཐེའུ་ཆུང་གཉིས་གཤིབས་ཏེ་སྒྲེང་། མཐེ་བོང་གཉིས་མཛུབ་མོའི་ཚིགས་དབུས་མར་བཞག་པ་བུམ་པའི་རྒྱ་བཅས་ལ། བདག་གི་བ ཟླས་བརྗོད་ཀྱི་དགེ་བའི་རྩ་བ་འདི་དངོས་གྲུབ་ཀྱི་དོན་དུ་བཅོམ་ལྡན་འདས་ལ་དབུལ་ལོ། །མགོན་པོ་ཁྱོད་ཀྱིས་མཆོག་དང་ཐུན་མོང་གི་དངོས་གྲུབ་སྩལ་དུ་གསོལ། ཞེས་ཞུའོ། །དེ་ནས་སླར་བཏང་བ་ནི། མདུན་གྱི་ལྷ་ལ་མཆོད་བསྟོད་བྱས་ནས་བཟོད་པར་གསོལ་ཏེ་མཆོད་ཡོན་ཕུལ་ལ། ༀ་ཝཱ་གཱི་ཤྭ་ར་གཙྪ། ཞེས་དང་། སྤྱན་འདྲེན་པའི་ཕྱག་རྒྱ་གྱེན་དུ་དཀྲོལ་བས། སྤྱན་དྲངས་པའི་ལྷ་གཞལ་ཡས་ཁང་དང་བཅས་པ་གཤེགས་པར་བསམ་ཞིང་། བདག་ལྷར་གསལ་བ་མ་བསྡུས་པར་འཇམ་དཔལ་གྱི་ང་རྒྱལ་ལ་གནས་པས། མདུན་གྱི་དཀྱིལ་འཁོར་ལ་དམིགས་ནས་ༀ་ཏྲཻ་ལོ་ཀྱ་དང་། ཨ་མྲྀ་ཏེས་བསང་། སྭཱ་བྷཱ་ཝས་མདུན་རྟེན་གྱིས་མཚོན་པའི་མ་དག་པའི་སྣང་བ་སྦྱངས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་བའི་ངང་ལས་ཡང་དག་པའི་སྨོན་ལམ་གྱི་སྟོབས་ཀྱིས་ས་ཕྱོགས་འདིར་རིན་པོ་ཆེ་དུ་མ་ལས་གྲུབ་པའི་ཞིང་ཁམས་ས་གཞི་གསེར་གྱི་བྱེ་མ་བརྡལ་བར་གྱུར། ༀ་ཙཱ་ལ་བཱི་ར་ཧཱུཾ་སྭཱ་ཧཱ། དེའི་སྟེང་དུ་འོ་མའི་རྒྱ་མཚོ་སྐྱོན་དང་བྲལ་བ་པདྨ་དང་ཨུཏྤལ་ལ་སོགས་པས་བརྒྱན་ཅིང་འདབ་ཆགས་སྣ་ཚོགས་པས་གང་བར་གྱུར། ༀ་བི་མ་ལ་དྷ་ཧཱ་ཧཱུཾ། དེའི་དབུས་སུ་རིན་པོ་ཆེའི་རི་རབ་ཀྱི་སྟེང་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་ཁང་པ་བརྩེགས་པ། གྲུ་བཞི་པ། ཀ་བ་བཞི་ཟུག་པ། སྒོ་བཞི་དོད་པ། རྟ་བབས་བཞིས་བརྒྱན་པ། མཉམ་པ། ཉམས་དགའ་བ། ཤིན་ཏུ་རྣམ་པར་ཕྱེ་བས་མཛེས་པར་བྱས་པ། བཀྲ་བ། ལྟ་ན་སྡུག་པ། འོད་འབར་བ། ཐེམ་སྐས་བཞི་དང་ལྡན་པ། རྡོ་རྗེ་འཛིན་པ་ཐམས་ཅད་ཉེ་བར་འདུ་བའི་གནས། དེ་བཞིན་གཤེགས་པ་ཐམས་ཅད་ལྷག་པར་དགྱེས་པས་རྣམ་པར་རོལ་བའི་གཞལ་མེད་ཁང་ཆེན་པོ། ཡོན་ཏན་མཐའ་ཡས་པའི་རྒྱན་གྱིས་ཡོངས་སུ་སྤྲས་པའི་དབུས་སུ་པདྨ་འདབ་མ་དྲུག་པ་རྣམ་པར་རྒྱས་པས་བསྐོར་བའི་ལྟེ་བར་པདྨའི་གདན་སུམ་སྒྲིགས་ཀྱི་དབུས་དང་གཡས་ཀྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ཉ་གང་བ་དང་། གཡོན་གྱི་སྟེང་དུ་ཉི་མའི་དཀྱིལ་འཁོར་འབར་བས་མཛེས་པ། འདབ་མ་དྲུག་སོགས་ལྷ་གནས་གཞན་རྣམས་སུའང་སོ་སོའི་གདན་གྱི་རིམ་པ་དང་། སྟེང་དུ་རིན་པོ་ཆེའི་བླ་བྲེ་དང་བཅས་པར་གྱུར། ཕྱག་རྒྱ་སྔར་ལྟར་བཅས་ལ། ན་མཿསརྦ་ཏ་ཐ་ག་ཏ་ནཱཾ་སརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་བརྗོད། དེ་ནས་སོ་སོའི་སྔགས་ལན་རེ་བརྗོད་པས་ལྷ་བསྒོམ་སྟེ། ༀ་ཝཱ་གཱི་ཤྭ་རི་མུཾ། གཙོ་བོ་འཇམ་དཔལ་ལོ། །ༀ་མ་ཎི་པདྨེ་ཧཱུཾ། སྤྱན་རས་གཟིགས། ༀ་བཛྲ་པཱ་ཎི་ཧཱུཾ། ཕྱག་རྡོར། ༀ་སྭ་བྷཱ་ཝ་ཤུདྡྷཱ ཿསརྦ་དྷ་རྨཱཿསྭ་བྷཱ་ཝ་ཤུདྡྷི ྅་ཧཾ། སྦྱང་བའི་ལྷ། ༀ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཥི་བྷྱཿསརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། སྤེལ་བའི་ལྷ། ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུཾ་ཕཊ། བསྒྱུར་བའི་ལྷ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ༀ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། ཐོབ་པའི་ལྷ། ༀ་ཛྙཱ་ན་ཨ་བ་ལོ་ཀི་ཏེ་ན་མཿས་མནྟ་སྥ་ར་ཎ་རསྨི་སཾ་བྷ་བ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲཱི་ད་ཡ་ཛྭ་ལ་ནི་སྭཱ་ཧཱ། ཚིམ་ལྷ། ན་མཿས་མནྟ་བུདྡྷཱ་ནཱཾ་གྲ་ཧེ་ཤྭ་རི་པྲ་བྷཉྩ་ཛ་ཏི་མ་ཧཱ་ས་མ་ཡ་སྭཱ་ཧཱ། དབང་དུ་བྱེད་པའི་ལྷ། ༀ་བཛྲ་ལཱ་སྱ་ཧཱུཾ། སོགས་བཞི་དང་། ༀ་བཛྲ་དྷཱུ་པེ་ཧཱུཾ། སོགས་བཞི་དང་། ༀ་བཛྲ་ཨང་ཀུ་ཤ་ཛཿ སོགས་བཞིས་སྒེག་སོགས་ལྷ་མོ་བཅུ་གཉིས་ཏེ། རང་རང་གི་སྔགས་བརྗོད་པའི་མོད་ལ་ལྷ་སོ་སོ་ཡིད་ཀྱིས་བསྒོམ་ནས་གསལ་གདབ་པ་ནི། དབུས་ཀྱི་གདན་ལ་འཇམ་དཔལ་གཞོན་ནུར་གྱུར་པ་སྐུ་མདོག་གསེར་བཙོ་མའི་མདངས་ཅན་འོད་ཀྱི་དྲྭ་བ་འགྱེད་པ། ཞི་འཛུམ་སྒེག་པའི་ཉམས་དང་ལྡན་པ། ཞལ་གཅིག་ཕྱག་གཉིས་པ། གཡས་ཤེས་རབ་ཀྱི་རལ་གྲི་སྔོ་སངས་དཔུང་པའི་ཐད་ཀར་འཕྱར་ཞིང་། གཡོན་ཨུཏྤལ་སྔོན་པོའི་རྩ་བ་ཐུགས་ཀར་འཛིན་པ་སྙན་གྱི་ཐད་ཀར་ཁ་བྱེད་པའི་སྟེང་ན་གླེགས་བམ་འཛིན་པ། དབུ་སྐྲ་རལ་པའི་ཟུར་ཕུད་ལྔ་དང་ལྡན་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། པད་ཟླའི་གདན་ལ་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་གཡས་ལོགས་ཀྱི་གདན་པད་ཟླ་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་ཞིང་། འོག་མ་གཉིས་ཤེལ་ཕྲེང་དང་པད་དཀར་སྡོང་བུ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་། དར་དང་རིན་པོ་ཆེས་བརྒྱན་པ། གཡོན་ལོགས་ཀྱི་གདན་པད་ཉི་ལ་གསང་བའི་བདག་པོ་སྐུ་མདོག་སྔོན་པོ་ཁྲོས་པའི་ཉམས་ཅན་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་དང་གཡོན་སྡིག་མཛུབ་མཛད་པ། ཞབས་གཡོན་བརྐྱང་བའི་དོར་སྟབས། སྟག་ལྤགས་ཀྱི་སྨད་དཀྲིས། དར་དང་རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་པའོ། །ཕྱི་རོལ་པདྨ་འདབ་མ་དྲུག་ལ་གཙོ་བོ་གསུམ་པོ་ཞལ་ནུབ་ཏུ་ཕྱོགས་པའི་མདུན་ནས་བརྩམས་ཏེ་གཡས་བསྐོར་དུ། སྦྱོང་བའི་ལྷ་ཤཱཀྱ་ཐུབ་པ་དཀར་པོ་ཐུགས་ཀར་ཐལ་མོ་ཁོང་སྟོང་དུ་སྦྱར་བའི་ནང་དུ་ཨ་ཡིག་དཀར་པོས་མཚན་པ། སྤེལ་བའི་ལྷ་རྣམ་པར་སྣང་མཛད་སེར་པོ་མཛོད་སྤུར་རིན་པོ་ཆེ་སྒྲོམ་བུའི་ཕྱག་རྒྱ་ཁཾ་སྔོན་པོས་མཚན་པ། བསྒྱུར་བའི་ལྷ་ཁྲོ་བོ་བདུད་རྩི་འཁྱིལ་བ་ལྗང་སྔོན་ཕྱག་གཉིས་མཐེ་བོང་བསྣོལ་ནས་སོར་མོ་ལྷག་མ་ཁ་འགྲམ་དུ་ཕྱིར་འགྱེད་པ་ཛཿདམར་གྱིས་མཚན་པ། ཐོབ་པའི་ལྷ་རིན་འབྱུང་སེར་པོ་གཡས་མཛུབ་མོ་ཐུགས་ཀར་སྒྲེང་ཞིང་གཡོན་མཆོག་སྦྱིན་ལ་ཏྲཾ་སེར་པོས་མཚན་པ། ཚིམ་པའི་ལྷ་དོན་ཡོད་གྲུབ་པ་ལྗང་གུ་གཡས་ཁུར་ཚུར་ཐུགས་ཀར་བཀན་ཞིང་གཡོན་མཆོག་སྦྱིན་འདེགས་པ་ཧཱ་ལྗང་གིས་མཚན་པ། དབང་དུ་བྱེད་པ འི་ལྷ་ཕྱག་རྡོར་སྔོན་པོ་ཕྱག་གཉིས་སོར་མོ་ནང་དུ་བསྣོལ་བའི་རྒྱ་སྤྱི་བོར་བཅིངས་པ་ལ་ཛཿདམར་པོས་མཚན་པ། ཐུབ་པ་ཚངས་པར་སྤྱོད་པའི་ཆ་ལུགས་དང་གཞན་རྣམས་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའོ། །ལྷ་སྣམ་ལ་ནུབ་ནས་བརྩམས་ཏེ་ཕྱོགས་བཞིར། སྒེག་མོ་དཀར་མོ་མེ་ལོང་། ཕྲེང་བ་མ་སེར་མོ་རིན་པོ་ཆེའི་ཕྲེང་བ། གླུ་མ་དམར་མོ་པི་ཝཾ། གར་མ་ལྗང་ཁུ་གར་རྒྱ། །ནུབ་བྱང་ནས་བརྩམས་ཏེ་མཚམས་བཞིར་སྤོས་མ་དཀར་སེར་སྤོས་ཁང་། མེ་ཏོག་མ་དམར་སེར་མེ་ཏོག །མར་མེ་མ་དམར་ལྗང་མར་མེ། དྲི་ཆབ་མ་དཀར་ལྗང་དུར་ཕོར། ཤར་ནས་བརྩམས་ཏེ་སྒོ་བཞིར་ལྕགས་ཀྱུ་མ་དཀར་པོ་ལྕགས་ཀྱུ། ཞགས་པ་མ་སེར་མོ་ཞགས་པ། ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག །དྲིལ་བུ་མ་ལྗང་གུ་དྲིལ་བུ་བསྣམས་པ། ཐམས་ཅད་ཀྱང་ཞི་ཞིང་འཛུམ་པ་དང་རིན་པོ་ཆེས་བརྒྱན་པ་སྟེ་རྩ་བའི་ལྷ་ཉི་ཤུ་རྩ་གཅིག་གོ །གཞན་ཡང་མགྲོན་ཐབས་ཀྱི་ལྷ་གཙོ་བོ་རིགས་གསུམ་གྱི་འཁོར་དུ། རིགས་ཀྱི་གཙོ་བོ་དེ་བཞིན་གཤེགས་པ་དང་། རིགས་ཀྱི་ཡུམ་དང་། རིགས་ཀྱི་སེམས་དཔའ་དང་། རིགས་ཀྱི་ཕོ་ཉ་ཕྱག་བརྙན་ལ་སོགས་པ་རྣམས་དང་། ལྷ་སྣམ་དང་ཕྱིའི་ཁོར་ཡུག་ལ་དཔའ་བར་འགྲོ་བ་སོགས་སྐལ་བཟང་གི་སེམས་དཔའ་བཅུ་དྲུག །དུས་ལྡན་མ་ལ་སོགས་པ་བཀྲ་ཤིས་ཀྱི་ལྷ་མོ་བརྒྱད། གཞན་ཡང་ཚངས་པ་དང་། དབང་ཕྱུག་དང་། ཁྱབ་འཇུག་སོགས་དཀྱིལ་འཁོར་དུ་འདུ་བར་འོས་པའི་ལྷ་ཐམས་ཅད་ཀྱང་བཞུགས་ཤིང་ཕྱོགས་ཐམས་ཅད་དུ་ཡོངས་སུ་བསྐོར་བར་གྱུར། དེ་ནས་སྤྱན་དྲང་བ་ནི། རང་གི་མདུན་དུ་བྱིན་གྱིས་བརླབས་པའི་མཆོད་ཡོན་དང་། བདུག་སྤོས་འཐུལ་བའི་སྣོད་བཞག །ལག་གཉིས་སྤྱན་འདྲེན་པའི་ཕྱག་རྒྱ་བཅས་ལ། ན་མོ། འཕགས་པའི་ཚོགས་ཐམས་ཅད་གསན་ཅིང་དགོངས་སུ་གསོལ། མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས་སུ་གསོལ། དེང་དུས་དྲུག་ལྷའི་ཉི་མ་ཐམས་ཅད་དགེ །བཟའ་སྐར་ཐམས་ཅད་བཀྲ་ཤིས། དགྲ་བཅོམ་པ་ཐམས་ཅད་ཟག་པ་ཟད། སངས་རྒྱས་ཐམས་ཅད་རྫུ་འཕྲུལ་ཆེ་བའི་སྐབས་འདིར། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་འཁོར་དང་བཅས་པ་སྤྱན་འདྲེན་ཞིང་མཆི་ན་གཤེགས་པར་མཛད་དུ་གསོལ་ལོ། །སྟོབས་བཅུའི་རྩལ་མངའ་མི་ཡི་སེང་གེ་གཤེགས། །གཏི་མུག་མུན་སེལ་འཇིག་རྟེན་སྒྲོན་མེ་གཤེགས། །ཉོན་མོངས་ནད་སེལ་སྨན་པའི་རྒྱལ་པོ་གཤེགས། །བདུན་བཞི་ཕམ་མཛད་ཐར་པའི་ལམ་སྟོན་གཤེགས། །དབང་མཆོག་རྒྱལ་པོ་འདིར་བྱོན་ཕྲིན་ལས་མཛོད། །ན་མཿས་མནྟ་བུདྷཱ་ནཱཾ། བུདྷཱ་དྷརྨ་སཾ་གྷ་ཨ་ས་མཻ་ཏྲཱི་ས་མེ་མ་ཧཱ་ས་མ་ཡེ་སྭཱ་ཧཱ། ཞེས་སྙན་གསན་ཕབ་ལ། སྤྱན་དྲང་བའི་ཕྱག་རྒྱ་དེས་མཆོད་ཡོན་བཏེགས་སྤྱི་བོའི་ཐད་ནས་བཟེད་ཞལ་དུ་སྦྲེང་བཞིན་དུ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས། །རིགས་གསུམ་རྒྱལ་བ་འཁོར་དང་བཅས། །རང་བཞིན་དཀྱིལ་འཁོར་ཆེན་པོ་ནས། །ཏིང་འཛིན་དཀྱིལ་འཁོར་ཆེན་པོ་འདིར། །འགྲོ་བའི་དོན་དུ་སྤྱན་འདྲེན་ན། །བྱིན་གྱིས་རློབ་ཕྱིར་གཤེགས་ནས་ཀྱང་། །བདག་གི་མཆོད་ཡོན་འདི་བཞེས་ལ། །མཆོད་པས་བདག་ལ་དགྱེས་པར་མཛོད། །ༀ་ཛི་ན་ཛིཀ྄་ཝཱ་གཱི་ཤྭ་ར། ཨ་རོ་ལིཀ྄་ལོ་ཀེ་ཤྭ་ར། བཛྲ་དྷྲཱྀ་ཀ྄་བཛྲ་པཱ་ཎི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཞེས་པས་མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ། གཞལ་ཡས་ཁང་གི་སྒོ་དབྱེ་བ་ནི། ཕྱོགས་བཅུར་རྒྱ་ཡོངས་མ་ཆད་པའི། །རིན་ཆེན་ལྷུན་གྲུབ་གཞལ་ཡས་ཁང་། །དབྱེ་སྡོམ་རྟོག་པ་མི་མངའ་ཡང་། །སྲི་ཞུའི་ཚུལ་དུ་སྒོ་དབྱེའོ། །ༀ་བཛྲ་སྥོ་ཊ་ག་ཏ་ཡེ་སྭཱ་ཧཱ། ཞེས་རྡོ་རྗེ་ནང་བསྡམ་དབྱེ་བའི་རྒྱས་སྒོ་ཕྱེ། དེ་ནས་ནམ་མཁར་བཞུགས་པའི་ལྷ་ལ་བསུ་བའི་མཆོད་ཡོན་སྦྲེང་བཞིན་དུ། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །ༀ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་པཱུ་ཛ་ག་ག་ན་ས་མ་ཡེ་སྭཱ་ཧཱ། དེ་ནས་ལྷ་རྣམས་གཞལ་ཡས་ཁང་གི་སྒོ་ནས་བྱོན་པ་ལ། ཡེ་ཤེས་རིན་ཆེན་གཞལ་ཡས་སུ། །ཉི་ཟླ་པདྨའི་གདན་འབུལ་གྱི། བདེ་གཤེགས་འཁོར་དང་བཅས་པ་རྣམས། །འགྲོ་བའི་དོན་དུ་བཞུགས་སུ་གསོལ། །ༀ་བཛྲ་ཨཱ་ས་ནི་ཧཱུཾ་ཕཊ། ཅེས་རྡོ་རྗེའི་འདུག་སྟངས་ཀྱི་སྔགས་རྒྱ་སྔར་ལྟར་དང་། ཐལ་མོ་སྦྱར་བ་ཁ་ཕྱེ་ལ། ༀ་ཀ་མ་ལ་ཡེ་སྭཱ་ཧཱ། ཞེས་པདྨའི་འདུག་སྟངས་ཀྱི་སྔགས་རྒྱ་དང་། ཕྱག་རྒྱ་དེ་ཉིད་ལས་སོར་མོ་དབུས་མ་གཉིས་གཅིག་ཏུ་སྦྱར་ལ། ༀ་བཛྲ་ཀ་མ་ལ་ཧཱུཾ་ཕཊ། ཅེས་དཔའ་བོའི་འདུག་སྟངས་ཀྱི་སྔགས་རྒྱས་གདན་ཕུལ་བ་ལ། དམ་ཚིག་པ་དང་གཉིས་མེད་དུ་བཞུགས་པར་བསམ་མོ། །དེ་ནས་མཆོད་པ་གསར་བ་རྣམས་སྔར་ལྟར་བྱིན་གྱིས་བརླབ་ཅིང་རྙིང་པ་རྣམས་ཀྱང་ཁ་གསོས་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། དེ་བཞིན་གཤེགས་ཀུན་བཀྲུས་གྱུར་པ། །དེ་བཞིན་བདག་གིས་ལྷ་རྣམས་ལ། །གཙང་མའི་ཆབ་ཀྱིས་ཁྲུས་གསོལ་ལོ། །ༀ་སརྦ་དེ་བ་ཏ་ཨརྩི་ཏ་ཨ་མྲྀ་ཏ་སྭཱ་ཧཱ། ཞེས་ཁྲུས་གསོལ་ལོ། །དངོས་སུ་ཁྲུས་ཆས་མེད་ན། མཉམ་པའི་ཐལ་མོ་ཁ་ཕྱེ་ལ་མཐེབ་མཛུབ་སྤྲད་པའི་ཕྱག་རྒྱས་སོ། །དེ་ནས་དེ་ལ་ཁ་དོག་སོགས་ཀྱི་རྐང་པ་ལྔ་པ། འཕགས་པ་རྡོ་རྗེ་འཛིན་དང་འཇམ་དཔལ་དབྱངས། །ཞེས་བརྗེས་པས་གོས་རྒྱན་དབུལ། གཙང་ཞིང་གཙང་མ་ལས་བྱུང་བའི། །ལྷ་རྫས་བཟང་པོའི་དྲི་འདི་དག །བདག་གིས་དད་པས་འབུལ་ལགས་ཀྱི། བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨཱ་ཧ་ར་ཨ་ཧ་ར་སརྦ་བིདྷྱ་དྷ་ར་པཱུ་ཛི་ཏེ་སྭཱ་ཧཱའི་སྔགས་རྒྱས་དྲི་ཆབ། གཙང་ཞིང་གཙང་མ་ལས་སྐྱེས་པའི། །ལྷ་རྫས་བཟང་པོའི་མེ་ཏོག་འདི། །བདག་གིས་དད་པས༴ བཞེས་ནས་བདག༴ ཨཱ་ཧ་རའི་སྔགས་རྒྱས་མེ་ཏོག །དྲི་ཞིམ་རྒྱས་པ་ལྷ་ཡི་རྫས། །ནགས་ཚལ་བཅུད་ནི་ཡིད་འོང་འདི། །བདག་གིས ༴ བཞེས་ནས༴ ཨཱ་ཧ་རའི་སྔགས་རྒྱས་བདུག་སྤོས། །སྨན་རྣམས་བཅུད་ནི་ཡི་གར་འོང་། །སྔགས་ཀྱི་ཞལ་ཟས་བཤོས་འདི་དག །བདག་གིས༴ བཞེས་ནས༴ ཨཱ་ཧ་རའི་སྔགས་རྒྱས་ཞལ་ཟས། གནོད་རྣམས་འཇོམས་ཤིང་བཀྲ་ཤིས་ལ། །དགེ་ཞིང་མུན་པ་རྣམ་སེལ་འདི། །བདག་གིས༴ བཞེས་ནས༴ ཨཱ་ལོ་ཀཱ་ཡ་ཨཱ་ལོ་ཀཱ་ཡ་སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་སྭཱ་ཧཱའི་སྔགས་རྒྱས་མར་མེ་དབུལ་ལོ། །དེ་ནས་བསྟོད་པ་ནི། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོ་ཞིང་། །དེ་བཞིན་གཤེགས་པ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་གྲོལ་བ། །གཅིག་ཏུ་དོན་དམ་མཆོག་གྱུར་པའི། །ཞི་གྱུར་ཆོས་ལ༴ གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ཞིང་། །དགེ་འདུན་ལ་ཡང་༴ གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེ་རབ་བརྒྱས་ཤིང་། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་དཔལ་དབྱངས་ལ༴ སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་དམ་པ་ཀུན་བསགས་པ། །སྤྱན་རས་གཟིགས་ཞེས་མཚན་གསོལ་བའི། རྟག་པར་བརྩེ་ལ༴ སྟོབས་པོ་ཆེ་ལ་དྲག་ཤུལ་ལྡན། །རིག་སྔགས་རྒྱལ་པོ་དགེ་བ་ཅན། །གདུལ་དཀའ་མཐའ་དག་འདུལ་བ་པོ། །རྡོ་རྗེ་འཛིན་ལ༴ སྦྱངས་སྤེལ་བསྒྱུར་བས་མཆོད་སྦྱིན་གནས། །ཐོབ་ཚིམ་དབང་བྱེད་སྔགས་ཀྱི་ལྷ། །སྣང་མཛད་བདུད་རྩི་རིན་འབྱུང་ཐུབ། །དོན་གྲུབ་ཕྱག་རྡོར་ལ་ཕྱག་འཚལ། །གཟུགས་མཛེས་ཕྲེང་བ་དབྱངས་སྙན་གར། །ཉེར་མཆོད་བཞི་དང་ཕྱག་རྒྱ་བཞིས། །རྒྱལ་བ་ཐམས་ཅད་མཉེས་མཛད་པ། །ལྷ་མོ་བཅུ་གཉིས་ལ༴ བདེ་གཤེགས་པདྨ་རྡོ་རྗེ་ཡི། །རིགས་གྱུར་དེ་བཞིན་གཤེགས་དང་ཡུམ། །རིགས་ཀྱི་སེམས་དཔའ་ཕོ་ཉ་དང་། །ཕྱག་བརྙན་བཅས་པ་ལ་ཕྱག་འཚལ། །ནོར་བུའི་རིགས་དང་གླང་པོའི་རིགས། །ལྔ་རྩེན་རིགས་དང་བ་གླང་གི །རིགས་སུ་གཏོགས་པའི་དཀར་ཕྱོགས་ཀྱི། །འཇིག་རྟེན་སྐྱོང་རྣམས་ལ་ཕྱག་འཚལ། །བསྟོད་པར་འོས་པ་སོགས་དང་། ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭ་ནཱཾ་སརྦ་ཏྲ་སཾ་ཀུ་རུ་མི་ཏ་ཨ་བྷི་ཛྙཱ་རཱ་ཤི་ནི་ན་མོ་སྟུ་ཏེ་སྭཱ་ཧཱ། ཞེས་ལན་བརྒྱད་བཟླའོ། །འདིར་གླན་གྱི་ཡིག་རྙིང་དུ་ལྷ་སོ་སོའི་བསྟོད་པ་རྒྱས་པར་འབྱུང་ཞིང་། རིན་ཆེན་ཕྲེང་བ་དེ་ལས་ཅུང་ཟད་བསྡུས་ཏེ་བཀོད་མོད། །འདིར་བྲིས་པ་ནི་ཤིན་ཏུ་བསྡུས་པ་སྟེ། སྤྲོ་ཞིང་ནུས་ན་དེ་གཉིས་གང་རིགས་ལས་བླངས་ན་ལེགས་པར་འགྱུར་རོ། །དེ་ནས་བཟླས་པ་ནི། ཝཱ་གཱི་ཤྭ་ར་དང་། མ་ཎི་དང་། བཛྲ་པཱ་ཎི་གསུམ་པོ་སྟོང་ཕྲག་སོགས་ཇི་ཙམ་ནུས་དང་། གཞན་ཡང་འཇམ་དབྱངས་ལ། ༀ་མཉྫུ་ཤྲཱི་ཀུ་མཱ་ར་མཱུཾ་སྭཱ་ཧཱ། སྤྱན་རས་གཟིགས་ལ། ༀ་ཨ་བ་ལོ་ཀི་ཏེ་ཀཱ་རུ་ཎ་མ་རཾ་ཧཱུཾ་ཛཿ སྭཱ་ཧཱ། ཕྱག་རྡོར་ལ། ༀ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་སྭཱ་ཧཱ། ཞེས་དང་། སྦྱང་བསྒྱུར་སོགས་དྲུག་དང་ལྷ་མོ་བཅུ་གཉིས་ཀྱི་སྔགས་རྣམས་ཉེར་གཅིག་ཙམ་རེ་དང་། །ཛི་ན་ཛི་ཀ྄ །ཨ་རོ་ལིཀ྄ །བཛྲ་དྷྲྀཀ྄ །གསུམ་ཡང་བརྒྱ་རྩ་རེ་བཟླ་སྟེ། བསྡུ་ན་དེ་ཙམ་གྱིས་ཆོག །ཡང་སྤྲོ་ཞིང་ནུས་ན་མགྲོན་ཐབས་ཀྱི་ལྷ་རྣམས་ཀྱི་སྔགས་ཀྱང་བདུན་ཙམ་རེ་བཟླ་སྟེ། ན་མཿས་མནྟ་བུདྡྷཱ་ནཱཾ་བཻ་རོ་ཙ་ན་ༀ་སཱ་ཧཱ། རྣམ་སྣང་། ཨ་མི་དྷེ་བ་ཧྲཱིཿསྭཱ་ཧཱ། སྣང་མཐའ། བཛྲ་ཨཀྵོ་བྷྱཿ ཧཱུཾ་སྭཱ་ཧཱ། མི་བསྐྱོད་པ། ༀ་རུ་རུ་སྤུ་རུ་ཛྭ་ལ་ཏི་ཥྛ་སིདྡྷི་ལོ་ཙན་ན་སྭཱ་ཧཱ། སྤྱན་མ། ༀ་པཎྜ་ལི་ཀི་ཏ་རཾ་པ་སྭཱ་ཧཱ། གོས་དཀར་མོ། ༀ་སུག་སྨེ་ཛྙཱ་ན་ཛཿཧཱུཾ་སྭཱ་ཧཱ། མཱ་མ་ཀཱི །ༀ་མ་ཧཱ་ཤྲཱི་ཡེ་ཙི་རི་མི་རི་ཡེ་སྭཱ་ཧཱ། དཔལ་གྱི་ལྷ་མོ། ༀ་ཏྲག་ས་རི་ཏེ་ཏེ་ཤན་ཏེ་ཤེན་སྭཱ་ཧཱ། གྲགས་ལྡན་མ། ན་མཿས་མནྟ་བཛྲ་ཎཱཾ་སརྦ་དྷརྨཱ་ནི་སེ་ཏ་ནི་བཛྲ་སི་པ་ར་ནི་སྭཱ་ཧཱ། སྟོབས་ཆེན་མོ། བཛྲ་ཏ་བཛྲ་པྲ་བྷ་ཏེ་སྭཱ་ཧཱ། རིག་སྔགས་མཛོད་སྤྲུལ་མ། བནྡྷ་བནྡྷ་མོ་ཧ་ཡ་མོ་ཧ་ཡ་བཛྲོ་དྡྷཱ་ཡེ་སྭཱ་ཧཱ། ལུ་གུ་རྒྱུད། ༀ་ཛྭ་ལ་ཛྭ་ལ་སྭཱ་ཧཱ། རྣམ་རྒྱལ་མ། ༀ་བཛྲ་ཡཀྵ་ཀྲོ་དྷ་ཧཱུཾ་ཕཊ། གཤིན་རྗེ་གཤེད། ༀ་ཁདྒ་བནྡྷ་སྥོ་ཊ་ཡ་སྭཱ་ཧཱ། རྟ་མགྲིན། །ༀ་ཨ་མྲྀ་ཏེ་ཧ་ན་ཧ་ན་བི་དུ་ན་བི་དུ་ན་གོ་ས་ཁ་ཨ་མྲྀ་ཏེ་མ་ཁ་སྭཱ་ཧཱ། བདུད་རྩི་ཐབ་སྦྱོར། ༀ་བྲཧྨ་ཎེ་སྭཱ་ཧཱ། ཚངས་པ། ཨོཾ་ག་ཎ་པ་ཏི་སྭཱ་ཧཱ། ལྷ་ཆེན། ༀ་བིཥྞ་བེ་སྭཱ་ཧཱ། ཁྱབ་འཇུག་གི་སྔགས་སོ། །དེ་ནས་བུམ་པ་ལ་གཟུངས་ཐག་གཏད་དེ་རྣམས་བུམ་དུ་རིགས་གསུམ་དང་། ལས་བུམ་དུ། ཏྲཻ་ལོ་ཀྱ་དང་། ཨ་མྲྀ་ཏེ། གཉིས་ཀ་ལ། ཨ་བྷི་ཥེ་ཀ་སྟ་གོན་གྱི་སྐབས་ལྟར་བཟླ་ཞིང་བུམ་ཆུ་ནུས་ལྡན་དུ་གྱུར་པར་བསམ་མོ། །དེ་ནས་ཐལ་མོ་བཀན་པ་ལས་མཛུབ་རྩེ་བཀུག་སྟེ། ཛི་ན་ཛིཀ྄ །ཐལ་སྦྱར་པདྨ་ཁ་ཕྱེ་བ་ལྟར་བཅས་ཏེ། ཨ་རོ་ལིཀ྄ །ཐལ་མོ་ལྡོག་སྟེ་སྦྱར་ལ་མཐེ་བོང་དང་མཐེའུ་ཆུང་གཉིས་སྦྱར་ལ། བཛྲ་དྷྲཱྀཀ྄ །ཅེས་སྔ་རྒྱ་རྣམས་ལན་གསུམ་གསུམ་གྱིས་རྒྱས་བཏབ་ཅིང་། ཤེར་སྙིང་ལྟ་བུའི་མདོ་ཅུང་ཟད་ཀླག་གོ། །དེ་ནས་གཏོར་མ་བཏང་ཞིང་དབང་བསྐུར་བ་ནི། འདས་གཏོར་དང་ཆ་གསུམ་གཏོར་མ་སྔར་བཞིན་དང་། དབང་ཆོག་ལྟར་སློབ་དཔོན་འཇུག་ཅིང་སློབ་མ་ལ་དབང་བསྐུར་བར་བྱའོ། །དེ་ནས་རྗེས་ཆོག་ནི། མཆོད་པ་ཁ་གསོས་ཏེ་བྱིན་གྱིས་བརླབས་ནས། དྲི་སོགས་མཆོད་པ་ལྔ་སྔགས་རྒྱ་ཙམ་གྱིས་ཕུལ་ནས། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཁྱེད་རྣམ་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་ཐམས་ཅད་སྐུ་ཚེ་བརྟན་ཞིང་ཐུགས་ཀྱི་བཞེད་པའི་དོན་ལྷུན་གྱིས་གྲུབ་པ་དང་། བདག་དང་སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པར་བྱིན་གྱིས་བརླབ་ཏུ་གསོལ། ཁྱད་པར་དུའང་བདག་དང་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་ལ་རང་རང་གི་སྐལ་བ་དང་འཚམས་པའི་ཕྲིན་ལས་རྣམ་པ་གསུམ་དང་། དངོས་གྲུབ་རྣམ་པ་གསུམ་དང་། བྱང་ཆུབ་རྣམ་པ་གསུམ་གྱི་བཀའ་དྲིན་སྩལ་ནས། མཐར་ཐུག་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་ས་ལ་འཇོག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ། ཡིག་བརྒྱ་བཟླ་ཞིང་། མ་རྙེད་ཡོགས་སུ་སོགས་ཀྱིས་བཟོད་པར་གསོལ། དཀྱིལ་འཁོར་མི་གཤེགས་ན། འདིར་ནི་གཟུགས་དང་སོགས་ཀྱིས་བརྟན་བཞུགས་བྱ། གཤེགས་ན་མཆོད་ཡོན་ཕུལ་ལ། ༀ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། སོགས་ཀྱི་མཐར་གཤེགས་སུ་གསོལ་བའི་རྒྱ་བཅས་ལ། ༀ་ཝཱ་གཱི་ཤྭ་ར་ལོ་ཀེ་ཤྭ་ར་བཛྲ་པཱ་ཎི་གཙྪ། ཞེས་སེ་གོལ་དང་བཅས་ཏེ་ཕྱག་རྒྱ་གྱེན་དུ་བཀྲོལ་བས། སྤྱན་དྲངས་པའི་ལྷ་གཞལ་ཡས་ཁང་དང་བཅས་པ་གཤེགས། སྔགས་ཀྱི་སྤྲུལ་པའི་ལྷ་དམ་ཚིག་པ་རྣམས་རིམ་གྱིས་བདག་ལ་ཐིམ། བདག་གི་ལྷའི་སྐུ་གཟུགས་ཟླ་བའི་སྟེང་གི་སྔགས་ཕྲེང་ལ་ཐིམ། དེ་ཟླ་བ་ལ། དེ་རྣམ་སྨིན་གྱི་ལུས་ལ་ཐིམ་པར་གྱུར། གཡོན་པའི་ཐལ་མོ་གན་རྒྱལ་གྱི་སྟེང་དུ་གཡས་པའི་རྒྱབ་སྦྱར་སོར་མོ་རྣམས་བསྣོལ་བའི་རྩེ་མོ་བཀུག་སྟེ་རྩ་བའི་ཕྱོགས་སུ་བསྟན་པ་གཡོན་དུ་བསྐོར་བཞིན་དུ། ༀ་ཧུ་ལུ་ཧུ་ལུ་ཙཎྜ་ལི་མ་ཏཾ་གི་སྭཱ་ཧཱ། ཞེས་པའི་སྔགས་རྒྱས་མཚམས་བཅིངས་པ་རྣམས་དགྲོལ་བར་བྱའོ། །དེ་ནས་བསྔོ་སྨོན་ནི། བདག་གི་དགེ་བའི་ལས་རྣམས་འདི་དག་གིས། འཇིག་རྟེན་དུ་ནི་མྱུར་དུ་འཚང་རྒྱ་ཤོག །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བགྱིད་ཅིང་། སྡུག་བསྔལ་གྱིས་གཟིར་སེམས་ཅན་སྒྲོལ་བར་ཤོག །ཅེས་སོགས་རྒྱ་ཆེར་གདབ་བོ། །དེ་ནས་བཀྲ་ཤིས་ནི། བཅོམ་ལྡན་གསེར་མདོག་རི་ཡི་རྒྱལ་པོ་འདྲ། །འཇིག་རྟེན་གསུམ་མགོན་འཇམ་དཔལ་དབྱངས་ཀྱི་སྐུ། །བདེ་གཤེགས་སྐུ་ཡི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཅོམ་ལྡན་དངུལ་མདོག་རི་ཡི༴ འཇིག་རྟེན་གསུམ་མགོན་སྤྱན་རས་གཟིགས་ཀྱི་གསུང་། །བདེ་གཤེགས་གསུང་གི་བཀྲ་ཤིས༴ བཀྲ་ཤིས་དེས་ཀྱང་༴ བཅོམ་ལྡན་མཐིང་མདོག༴ འཇིག་རྟེན་གསུམ་མགོན་ཕྱག་ན་རྡོ་རྗེའི་ཐུགས། །བདེ་གཤེགས་ཐུགས་ཀྱི༴ བཀྲ་ཤིས་དེས་ཀྱང་༴ ཤར་ལྷོ་ནུབ་བྱང་དཔལ་བེ་འཁོར་ལོ་དང་། །པདྨ་རྒྱལ་མཚན་གདུགས་བུམ་དུང་དང་ཉ། །ལྷ་མོ་བརྒྱད་ཀྱི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་བརྗོད་ཅིང་རོལ་མོའི་སྒྲ་དང་བཅས་པས་མེ་ཏོག་འཐོར། དེ་རྗེས་ཤེར་སྙིང་གི་མདོ་ཚར་གཅིག་ཀློག་གོ། །འདིར་ཀྲི་ཡའི་དཀྱིལ་འཁོར་ལ། རིགས་གསུམ་སོ་སོ་ལ་སྦྱར་བ འི་ལྷ་སོགས་དྲུག་གིས་བསྐོར་བ་ལྷ་བདུན་མའི་དཀྱིལ་འཁོར་གསུམ། གཙོ་བོ་རྣམ་སྣང་། དཔག་མེད། མི་བསྐྱོད་པ་གསུམ་ལ། གཡས་སུ་སོ་སོའི་རིགས་བདག། མདུན་དུ་ཡུམ། གཡོན་དུ་ཁྲོ་བོ། རྒྱབ་ཏུ་ཕོ་ཉ་སྟེ་ལྷ་ལྔ་མ་གསུམ་གྱི་ལྷ་སྣམ་ལ་ཁྲོ་བཅུ་བཀོད་པ་ལྷ་བཅོ་ལྔ་མའི་དཀྱིལ་འཁོར་གསུམ། དེའི་སྟེང་དུ་སྒེག་སོགས་བཅུ་གཉིས་བསྣན་པས་ཉེར་བདུན་མ་གསུམ། ཡང་ན་སེམས་དཔའ་བཅུ་དྲུག་བསྣན་པ་སོགས་དང་། འགའ་ཞིག་གཙོ་བོ་རྣམ་འཇོམས་ཀྱིས་བྱས་པ་སོགས་བཞེད་སྲོལ་མང་ནའང་། ལྷའི་གྲངས་དེ་དག་ནི་བདེ་བ་གསལ་མཛད་ཀྱི་ལས་ཐོར། རིགས་གསུམ་ཉི་ཤུ་རྩ་གཅིག་དང་། ཞེས་པ་དང་འགལ་ཞིང་། ཡང་རྣམ་སྣང་སོགས་ཀྱི་གཙོ་བྱས་པའི་ལྷ་ལྔ་མ་གསུམ་དཀྱིལ་འཁོར་གཅིག་ཏུ་བསྡུས་པའི་བཅོ་ལྔའི་སྟེང་དུ་སྦྱང་བའི་ལྷ་སོགས་དྲུག་བསྣན་ན་གནད་འདུས་པ་ལྟར་སྣང་ཡང་། སྔོན་གྱི་མཁས་པ་ལུགས་འདི་ལ་ཚད་མར་གྱུར་པ། རྣམས་ཀྱིས། གཙོ་བོའི་རིགས་གསུམ་རྣམ་སྣང་སོགས་རིགས་ཀྱི་གཙོ་བོ་ལ་མ་མཛད་པར། འཇམ་དབྱངས་སོགས་རིགས་ཀྱི་བདག་པོ་ལ་ངོས་བཟུང་ཞིང་། ལམ་ཁྱེར་གྱི་དུས་སུ་སྔགས་ཀྱང་ཝཱ་གཱི་ཤྭ་རི་སོགས་འབྱུང་བས་ན་འདིར་བཀོད་པ་ཉིད་མན་ངག་གི་གནད་དང་འབྱོར་བ་ཡིན་ནོ། །བླ་མའི་གསུམ་ངག་བདུད་རྩིའི་བཅུད། །ཤེས་རབ་དབང་པོས་མྱངས་པའི་མཐུས། །རང་གཞུང་རྣམ་དག་སྟོན་པའི་ཆོས། །སྐལ་བཟང་རེ་བའི་དཔལ་དུ་སྦྱིན། །བྱ་སྤྱོད་ཐུན་མོང་གི་ཐེག་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།

༈ ༀ་སྭ་སྟི། གདོད་ནས་མི་འགྱུར་ཆོས་དབྱིངས་ཀློང་། །ཐོགས་མེད་ཡེ་ཤེས་རྡོ་རྗེའི་རྩལ། །རིགས་ལྔར་སྟོན་མཛད་བླ་མ་ལ། །ཕྱག་བྱས་ཡོ་གའི་སྒྲུབ་ཐབས་བཤད། །ཡན་ལག་གི་དཀྱིལ་འཁོར་དྲུག་པ་ཡོ་ག་ལ། ཐོག་མར་ལྷ་སྟ་གོན་ནི། ལྷ་གནས་ངེས་པའི་ཕྱིར་སྐྱ་ཐིག་བཏབ་ཅིང་། མཆོད་གཏོར་རྒྱས་པར་བཤམས་ལ། སྔོན་གཏོར་ཡཀྵ་དང་མེའི་སྔགས་རྒྱས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་དུ་ༀ་ཡིག་ཞུ་བ་ལས་བྱུང་བའི་གཏོར་རྫས་རྣམས་འདོད་ཡོན་བདུད་རྩིའི་ཕུང་པོ་ཟད་མི་ཤེས་པར་བསམ་ལ། ཨ་ཀཱ་རོ་བརྗོད་པས་བརླབ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་ནས། ག་ན་ཁཾ་བ་ལིངྟ་སྭཱ་ཧཱས་ཕུལ། གང་དག་འདིར་གནས་ལྷ་དང་ཀླུ། སོགས་ཀྱི་མཐར། ཡཀྵས་ནག་ཕྱོགས་རྣམས་བསྐྲད། དེ་ནས། ༀ་བཛྲ་ས་ཏྭ་ཧཱུཾ་གིས་རང་རྡོར་སེམས་སུ་བསྐྱེད་ནས་མཆོད་པ་སྔར་ལྟར་བསང་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་གཞལ་ཡས་ཁང་མཚན་ཉིད་རྫོགས་པའི་ཕྱི་ནང་ཀུན་ཏུ་ༀ་ལས་རིན་པོ་ཆེའི་སྣོད་དུ་ༀ་ཡིག་ཞུ་བ་ལས་བྱུང་བའི་མཆོད་རྫས་རྣམས་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་ལྟར་བཟང་ཞིང་རྒྱ་ཆེ་བ་ནམ་མཁའི་མཐའ་ཀླས་པར་གྱུར། ཧཱུཾ། ཙནྡན་ཆུ་ལ་བདེན་པ་བརྡར་བ་ཡིས། །ཕྱོགས་བཅུར་གཏོར་བས་ཡོངས་སུ་དག་གྱུར་ཏེ། མི་བཙང་དྲི་མའི་ཚོགས་རྣམས་དག་གྱུར་ནས། །དྲི་མེད་ཡོན་ཏན་དག་དང་ལྡན་གྱུ་ཅིག །ༀ་སརྦ་བི་ཤོདྷ་ནི་ཧཱུཾ་ཧྲཱིཿ ཋཱ། ༀ་བཛྲ་པུཥྤེ་ཧཱུཾ། དེ་བཞིན་དུ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱེ། ཤཔྡ་རྣམས་ལན་གསུམ་གསུམ། དེ་ནས་སྐྱབས་འགྲོ་ནས་བཟུང་བདག་གི་རྣལ་འབྱོར་རྫོགས་པར་བྱས་ལ། དཀྱིལ་འཁོར་གྱི་གཞི་ཡཀྵས་བསང་། ཤཱུ་ནྱ་ཏཱས་སྦྱངས། སྟོང་པའི་ངང་ལས་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་ནང་འབྱུང་བཞི་རི་རབ་དང་བཅས་པའི་སྟེང་དུ་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་ཉིས་རིམ་མཚན་ཉིད་ཡོངས་སུ་རྫོགས་པའི་ལྟེ་བ་ལིང་ཚེ་དགུའི་དབུས་དང་ཕྱོགས་བཞིར་འཁོར་ལོ་རྩིབས་བཞི་པ་རེ་རེ། ལྷ་གནས་ཀུན་ཏུ་སོ་སོའི་གདན་རྣམས་གསལ་བར་གྱུར། དེ་ནས་སོ་སོའི་གནས་སུ་རང་སྔགས་བདུན་རེ་བརྗོད་ཅིང་དྲིའི་ཐིག་ལེ་མེ་ཏོག་གི་ཚོམ་བུ་དང་བཅས་པ་བྱས་ལ། དབུས་ཀྱི་གདན་ལ་ༀ་ལས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སེར་པོ་ཀུན་ཏུ་ཞལ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་རྩིབས་བཞིར་སྦས་ཡུམ་བཞི་ཕྱོགས་ཀྱི་ལིང་ཚེ་བཞིའི་ལྟེ་བའི་གདན་ལ་ཤར་དུ་ཧཱུཾ་ལས་མི་བསྐྱོད་པ། ལྷོར་ཏྲཱཾ་ལས་རིན་འབྱུང་། ནུབ་ཏུ་ཧྲཱིཿལས་སྣང་མཐའ། །བྱང་དུ་ཨཱཿལས་དོན་གྲུབ། སོ་སོའི་རྩིབས་ལ་རང་རིགས་ཀྱི་སེམས་དཔའ་བཞི་བཞིས་བསྐོར་བ། མཚམས་ཀྱི་ལིང་ཚེ་དང་། གྲྭ་བཞི་དང་སྒོ་རྣམས་སུ་སྒེག་སོགས་བཅུ་གཉིས་གཞལ་ཡས་ཁང་ཕྱི་མའི་སྣམ་བུའི་ཕྱོགས་རེར་བྱང་ཆུབ་སེམས་དཔའ་བཞི་བཞི་སྟེ་བཅུ་དྲུག་རྣམས་གསལ་བར་གྱུར། ཡེ་ཤེས་པ། མ་ལུས་སེམས་ཅན་གྱིས་སྤྱན་དྲངས། །ཛཿཧཱུཾ་བཾ་ཧོཿས་གཉིས་མེད་དུ་བྱས་པ་ལ། ༀ་སརྦ་ཏ་ཏཱ་ག་ཏ་པུཥྤེ་པཱུ་ཛ་མེ་གྷ་སོགས་ནས། ཤཔྡའི་བར་གྱིས་མཆོད། དེ་ནས་བུམ་པ་སྟ་གོན་ནི། སྤྱིར་དཀྱིལ་འཁོར་གྱི་སྒོ་དྲུག་དུ་ཁྲུས་བྱེད་པ་འཇུག་སྒོའི་བུམ་པ་དང་། གཙོ་བོའི་རྣམ་རྒྱལ། ལྷ་སོ་སོའི་ལྷ་བུམ། ལས་བུམ། མཆོད་པའི་གར་བུམ་སྟེ་ལྔའམ། ལྷ་བུམ་རྣམ་རྒྱལ་ལ་བསྡུས་ཏེ་བཞི་བཤད་ནའང་འགྲུབ་དཀའ་བས། འདིར་རྣམ་རྒྱལ་དང་ལས་བུམ་གཉིས་སུ་བསྡུས་ཏེ། བུམ་པ་གཉིས་ཀ་ལྷའི་མཚན་མ་ཅན་མགུལ་ཆིངས་ཁ་རྒྱན་སོགས་ཆས་སུ་བཅུག་པའི་ནང་དུ་སྨན་ལྔ། འབྲུ་ལྔ། རིན་ཆེན་ལྔ། དྲི་ལྔ་རྣམས་སྤོས་ཆུ་དང་སྦྱར་བས་བཀང་བའི་སྟེང་དུ་གཟུངས་རྡོར་བཞག །བསང་སྦྱངས། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བྷྲཱུཾ་ལས་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་རྣམ་རྒྱལ་བུམ་པའི་ནང་དུ་དཀྱིལ་འཁོར་གྱི་ལྷ་ཡོངས་སུ་རྫོགས་པ་དང་། ལས་བུམ་དུ་རྡོ་རྗེ་གནོད་སྦྱིན་རྣམས་གསལ་བར་གྱུར། ཡེ་ཤེས་པ། བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧ྄ཱུཾ་བཾ་ཧོཿས་བསྟིམ། མེ་ཏོག་ལ་སོགས་པས་མཆོད་ནས། གཟུངས་ཐག་ལ་འཇུལ་ཏེ། གཙོ་བུམ་དུ། ༀ་བུདྡྷཱ་བཻ་རོ་ཙ་ན་སོགས་དཀྱིལ་འཁོར་གྱི་ལྷའི་སྔགས་རྣམས་དང་། ལས་བུམ་ལ། བཛྲ་ཡཀྵ། ཐུན་མོང་དུ། ཨ་བྷི་ཥེ་ཀའང་ཅི་རིགས་བཟླས་མཐར་མེ་ཏོག་སོགས་ཀྱིས་མཆོད་དེ། ཡེ་ཤེས་པ་གཤེགས། མཆོད་ཡོན་ཕུལ་བས་དམ་ཚིག་པ་བུམ་ཆུར་གྱུར་པར་མོས་ལ། ཡིག་བརྒྱས་བརྟན་པར་བྱ་ཞིང་། བདུག་སྤོས་གྱིས་ཀྱང་བདུག་གོ །དེ་ནས་ཆ་གསུམ་གཏོར་མ་བཏང་ལ། སློབ་མ་སྟ་གོན་ནི། སློབ་མ་རྣམས་ཁྲུས་བྱས། །གྲལ་དུ་འཁོད། མཎྜལ་ཕུལ། གསོལ་བ་གདབ་པ་ནི། རྡོ་རྗེ་དབྱིངས་གཙོ་ཁྱོད་ལ་འདུད། །ཐར་པ་ཆེན་པོ་བདག་འདོད་དེ། །དེ་ཉིད་དབང་དང་དམ་ཚིག་དང་། །མགོན་པོ་དཔའ་བོར་སྐྱབས་སོང་ཞིང་། །ཐེག་ཆེན་ཁང་པར་གཞུག་པ་དང་། །མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །ཞེས་ལན་གསུམ། དེ་ནས་རྒྱུན་བཤགས་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆིས། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱིས། །བྱང་ཆུབ་མཆོག་གི་སེསམ་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ། ས་མ་ཡ་ཨ། ཞེས་བརྗོད་པས། སློབ་མའི་སྙིང་གར་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་སྟེར་དུ་ཧཱུཾ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་གསལ་བར་མོས་ལ། ༀ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ད་ཡཱ་མི། ཞེས་བརྗོད་དུ་གཞུག །རྡོ་རྗེ་རྩེ་ལྔ་པས་དངོས་སུ་རེག་ཅིང་། སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཞེས་སེམས་བསྐྱེད། དེ་ནས་ལས་བུམ་གྱི་ཆུས་བསང་གཏོར་བྱས་ལ། ༀ་བཛྲ་སཏྭ། ཞེས་པས། སློབ་མ་རྡོ་རྗེ་སེམས་དཔར་གསལ་བའི་སྙིང་གར་ཧཱུཾ་ལས་རྡོ་རྗེ། དཔྲལ་བར་ཏྲཱཾ་ལས་རིན་པོ་ཆེ། ལྐོག་མར་ཧྲཱིཿལས་པདྨ། སྤྱི་བོར་ཀཾ་ལས་སྣ་ཚོགས་དེ་རྡོ་རྗེ་རྣམས་བསྒོམས་པས་བྱིན་གྱིས་བརླབས་ལ། དྲི་ཆབ། མེ་ཏོག །བདུག་སྤོས། མར་མེ་རྣམས། ༀ་བཛྲ་གནྡྷེ་སོགས་ཀྱིས་སྦྱིན་པར་བྱའོ། །དེ་ནས་སོ་ཤིང་ཚད་ལྡན། བཛྲ་ས་ཏྭ་བདུན་བཟླས་པས་བྱིན་གྱིས་བརླབས་ནས་ཐལ་མོའི་བར་དུ་སྦྱིན་པ་རྩ་བ་འོག་ཏུ་བསྟན་ལ་དྲིའི་མཎྜལ་གྱི་དབུས་སུ། བཛྲ་ཧ་ས་ཧས་དོར་དུ་བཅུག་ལ་དངོས་གྲུབ་ཀྱི་ལྟས་བརྟག །རྨི་ལམ་གསལ་བའི་ཕྱིར་ཁྱོར་ཆུ། ཧྲཱིཿབི་ཤུདྡྷ་སྭཱ་ཧཱས་ལན་གསུམ་བླུད། བར་ཆད་བསྲུང་ཕྱིར་སྐུད་པ་སུམ་སྒྲིལ་མདུད་པ་གསུམ་པ་ཉིས་བསྐོར་གྱིས་དཔུང་པ་གཡོན་པར་བཅིངས་ཏེ། བསང་ཆུ་དང་བཅས་པའི་རྡོ་རྗེ་རྒྱ་གྲམ་དུ་རེག་ཅིང་། བཛྲ་རཀྵཿབཟླས་པས་བསྲུང་། རྨི་ལམ་མི་འཁྲུག་པའི་ཕྱིར། དྷྲཱི་བཟླས་པའི་ཀུ་ཤ་ཆེ་ཆུང་སྟན་དང་སྔས་ཀྱི་དོན་དུ་སྦྱིན་ནས། ཆོས་བཤད་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུ་མྺ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ནུས་པ་ཡིན། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་གང་། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་གིས་སྤྱོད་པའི་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པའི། །བདག་ཉིད་ཆེན་པོ་ཀུན་གྱི་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་དུ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་འདིར་ནི་དོང་བས་ན། །རང་བྱུང་སྐལ་པ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །ཞེས་བརྗོད་ཅིང་དོན་བཤད་ནས། བུ་ཀྱེ་སང་ནི་དཀྱིལ་འཁོར་མཆོག །མཐོང་བར་འགྱུར་རོ་ཉོལ་ཞིག་དང་། །རྨི་ལམ་མཐོང་བ་གང་ཡིན་པ། །དེ་ཀུན་ང་ལ་ལེགས་པར་སྨྲོས། །ཞེས་གདམས་ལ་རང་གནས་སུ་བཏང་ངོ་། །དེ་ནས་ལྷ་སྟ་གོན་གྱི་འཕྲོས་སྙན་གསན་དབབ་པ་ནི། པུས་བཙུགས་ཀྱིས་འདུག་ལ་སྤོས་འཐུལ་ཞིང་དྲིལ་བུ་འཁྲོལ་བས། རྣམ་པར་སྣང་མཛད་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །བདག་ནི་བརྩེ་བར་གྱུར་ནས་སུ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །སང་ནི་དཀྱིལ་འཁོར་བྲི་བར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་བས་སྣང་བ་མཛད་པའི་རིགས། །སངས་རྒྱས་འཇིག་རྟེན་མགོན་བརྩེ་དང་། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང་། །གསང་སྔགས་ལྷ་གཞན་གང་ལགས་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །གང་ཡང་འབྱུང་པོ་མཐུ་ཆེན་དང་། །གང་དུ་ལྷ་ཡི་སྤྱན་མངའ་བ། །སེམས་ཅན་དོན་ལ་དགའ་བ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །སང་ནི་དཀྱིལ་འཁོར་བཟང་པོའི་མིང་། །རྡོ་རྗེ་དབྱིངས་ནི་ཅི་ནུས་ཀྱིས། །ཆོ་ག་བཞིན་དུ་བྲི་ལགས་ན། །བདག་དང་སློབ་མར་བཅས་པ་རྣམས། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་རློབ་པར་མཛད་དུ་གསོལ། །ཞེས་སྙན་གསན་ཕབ་ལ། བཛྲཱོ་ཏྟཥྛི། ཞེས་དཀྱིལ་འཁོར་ནམ་མཁར་བཏེག་པ་ལ་མཆོད་བསྟོད་བྱས་ནས། ཚོན་རྩི་ཁ་དོག་ལྔ་ལ་ༀ་ཧཱུཾ་ཏྲཱཾ་ཧྲཱིཿ ཨཱཿ བྲིས་ལ། རང་གི་མདུན་དུ་དབུས་སུ་སེར་པོ་དང་ཤར་དུ་དཀར་པོ་སོགས་རིགས་ལྔའི་བཞུགས་ཚུལ་ལྟར་བཞག་ཅིང་། ཐིག་སྐུད་ཁ་དོག་ལྔ་ཡང་རིགས་འགྲེའི་ཚོན་གྱི་སྟེང་དུ་བཀོད་ནས། ཐིག་ཚོན་རྣམས་གཉུག་མའི་ཡི་གེ་ༀ་ཧཱུཾ་ཏྲཱཾ྄་ཧྲཱིཿཨཱཿའི་རྣམ་པ་ལྷ་སོ་སོའི་བདག་ཉིད་དུ་གྱུར། རང་གི་མིག་གཉིས་ཛཿ་ལས་ཉི་ཟླ་ལག་གཉིས་ཁུ་ཚུར་ལས་མཛུབ་མོ་སྦྲེལ་བ་ལྕགས་ཀྱུའི་རྒྱ་དང་། དཱིཔྟ་དྲྀ ཥྚ་ཨཾ་ཀུ་ཤ་ཛཿ ཞེས་མིག་གི་རྫི་མ་བསྐྱོད་པས། རིགས་ལྔ་ཡེ་ཤེས་པའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཐིག་ཚོན་སྤྱན་དྲངས་ཏེ་སོ་སོ་ལ་ཐིམ་པ་ཞུ་བ་ལས་བྱུང་བའི་ཐིག་ཚོན་དུ་གྱུར་པར་མོས་ལ། བཛྲ་ཡཀྵ་བཟླས་པའི་དྲིའི་ཆུས་དཀྱིལ་འཁོར་གྱི་གཞིར་བྱུགས་ལ། དེ་ནས་ཐིག་སྐུད་སློབ་དཔོན་གྱིས་བཟུང་བའི་སྣེ་སློབ་བུར་གཏད་ལ། ༀ་ཨ་ནྱོ་ནྱ་ནུ་ག་ཏཱ་སརྦ་དྷརྨཱཿསྤ་ར་སྤ་ར་ནུ་པྲ་བིཥྚཿསརྦ་དྷརྨཱཿཨ་དྱ ནྟཱ་ནུ་པྲ་ཏིཥྚཿསརྦ་དྷརྨཱཿༀ་ཨཱཿཧཱུཾ། ཞེས་སྒྲིལ་བ་རྡོ་རྗེ་ལ་དཀྲིས་ཏེ་རིན་པོ་ཆེའི་སྣོད་དུ་བཞག །ཡང་འབར་བའི་བལྟ་བས་ནམ་མཁའི་ལྷ་རྣམས་བསྐུལ་བ་ལ་མཆོད་དེ། རང་རྡོར་སེམས་དང་ཐིག་གཡོག་ལས་ཀྱི་རྡོ་རྗེ་སྙིང་ག་ནས་སྤྲུལ་པ་ལ་ཛཿཞེས་ཐིག་སྣ་གཏད་ཅིང་། དེས་ཀྱང་ཛཿཛཿཛཿཞེས་བླངས་ནས། ༀ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུཾ། ཞེས་གནམ་སའི་ཐིག་བསྐོར་ཕྱོགས་མ་འཁྲུལ་བར་གདབ་སྟེ། ནུབ་དང་ལྷོར་གནས་ཚངས་ཐིག་གཉིས། །མེ་རླུང་དེ་ཉིད་མེར་གནས་པས། །ཤར་ནུབ་བྱང་ལྷོའི་ལོག་ཐིག་གདབ། །མེ་དང་སྲིད་གནས་ཟུར་ཐིག་གཉིས། །གདབ་བོ་སློབ་དཔོན་འདུག་ཕྱོགས་ཏེ། །སློབ་མ་དེ་ལྡོག་གཡས་བསྐོར་འགྲོ། །ཞེས་སོ། །ལས་ཐིག་གི་ཆ་ཇི་ལྟར་དབྱེ་བ་ནི། །ལོགས་རེར་ཆ་ཆེན་བརྒྱད་བརྒྱད་དེ། །བཅུ་དྲུག་བཏབ་པའི་ནང་མ་གསུམ། །ཕྱེད་དུ་བགོས་ཏེ་དྲུག་ཏུ་བྱ། །དང་དྲུག་ཕྱེད་གདབ་ཕྱི་མ་གདབ། །གཉིས་པ་བཞི་བགོ་ལྔ་དབུས་དོར། །དེ་ནི་ནང་གི་སྒོ་ཡིན་ནོ། །ཆ་ཆེན་བཞི་པ་ཕྱི་ཡི་ཁྱམས། །ལྔ་བརྒྱད་དབུས་དོར་མཐའ་གཉིས་གདབ། །དྲུག་པ་ཕྱེད་གདབ་ཕྱི་མ་གདབ། །བདུན་པ་བཞིར་བགོ་ལྔ་ཕན་གྱིས། །ཚངས་ཐིག་གཡས་གཡོན་ཆ་ཆེན་གཉིས། །བསྣན་ལ་དང་པོ་ཕྱེད་ཕྱི་གདབ། །ཕྱི་མ་བཞིར་བཅད་ཕྱི་མའི་བསྒོ། །ནང་དུ་རྩ་ཐིག་ལ་རེག་པའི་གདུང་ཟླུམ་ཆ་བྲན་གཅིག་དང་། དེ་ལ་རྟེན་པའི་གདུང་བཞི་བསྣོལ་མར་བཏབ་པས་དབུས་ལིང་ཚེ་དགུ་པ། ཕྱིའི་འཁོར་ཡུག་པད་རྡོར་འོད་ཕྲེང་སྤྱི་ལྟར་བསྐོར་རོ། །ཐིག་ཐེབས་པ་དང་། ༀ་བཛྲ་བེ་གཱ་ཀྲ་མ་ཧཱུཾ། ཞེས་པས་ཐིག་འོག་ནས་འཛུལ་ཏེ་ནང་དུ་ཞུགས་ལ། ཧི་ཞེས་ཕྱོགས་ཀུན་ཏུ་ཁྲོ་བོའི་བལྟ་བས་བལྟ་ཞིང་། ཐར་པའི་སྒོ་ཕྱེ་བར་བསམ་ལ་སྒོ་ཐིག་དབྱིའོ། །དེ་ནས། ༀ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། ཞེས་བཟླས་ལ་རྡུལ་ཚོན་བཀྱེ་སྟེ། ཐོག་མར་སློབ་དཔོན་གྱིས་དབང་ལྡན་ནས་རེ་ཁཱ་ལྔ་ཕྱི་ནས་རིམ་པར་དཀར་སྔོ་དམར་ལྗང་སེར་པོ་རྣམས་བྲི་ཞིང་། དེ་ནས་ཅི་བདེ་བར་ལིང་ཚེ་དབུས་མ་སེར་པོ། །ཤར་སོགས་ཀྱི་ལིང་ཚེ་དང་ཁྱམས་ཕྱི་ནང་རྣམས་ཤར་དཀར། ལྷོ་སྔོ། ནུབ་དམར། བྱང་ལྗང་། གདུང་རྣམས་སྔོན་པོ་ལ་རྡོ་རྗེ་དཀར་པོ། རྟ་བབས་མས་རིམ་ནས་སེར་ལྗང་སྔོ་དམར། ཚོན་གཞན་རྣམས་སྤྱི་དང་འདྲ་ཞིང་། ལྷ་གནས་སོ་སོར་སྐུ་རྟེན་ཙཀླིའམ། འགོད་མི་བདེ་ན་རྡུལ་ཚོན་གྱིས་མཚན་མ་ཇི་ལྟར་རིགས་པ་ལྷ་རང་རང་གི་སྙིང་པོ་བརྗོད་བཞིན་དུ་བཀོད་ལ། ནམ་མཁར་བཏེགས་པའི་ལྷ་དེ་དང་དེ་མཚན་མ་དེ་ཉིད་དང་དབྱེར་མེད་པར་གནས་དེར་བཞུགས་པའི་མོས་པ་བྱ། དེ་ནས་ལྷག་ཆད་སོགས་ཀྱི་ངེས་པ་སྦྱང་བའི་ཕྱིར་རྡོ་རྗེ་སེམས་མའི་ཏིང་ངེ་འཛིན་གྱིས་མེ་ཏོག་གི་ཕྲེང་བ་བཟུང་། ༀ་བཛྲ་བེ་གཱ་ཀྲ་མ་ཧཱུཾ། ཞེས་དཀྱིལ་འཁོར་དུ་ཞུགས་ཏེ། ༀ་བཛྲ་ས་ཏྭ་ཧཱུཾ། ཞེས་དངོས་སུ་དཀྱིལ་འཁོར་གྱི་ཕྱི་དང་། ཡིད་ཀྱིས་འདོད་སྣམ་ནས་བསྐོར་ལ་ལྷར་བལྟས་ཏེ་མེ་ཏོག་ཕུལ་བ། རྐང་པ་བཞི་བཅའ་དང་ལག་པད་བསྐོར་གྱིས་བླངས་ནས་མགོ་ལ་བཅིང་། དེ་ནས་དངོས་སུ་དཀྱིལ་འཁོར་གྱི་ནུབ་དང་ཡིད་ཀྱིས་ནང་དུ་འདུག་ནས་རང་ཧཱུཾ་མཛད་ཀྱི་ང་རྒྱལ་གྱིས། རྡོ་རྗེ་མཛུབ་མོ་ཡང་དག་སྦྱར། །སྦྱར་ལ་བཀན་ཏེ་བསྡམས་ནས་སུ། །ཁྲོས་ནས་རབ་ཏུ་དབྱེ་བ་ནི། །སྒོ་དབྱེ་བ་ཡི་མཆོག་ཡིན་ནོ། །ༀ་བཛྲོདྦྷ་ཊ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ། ཞེས་པའི་སྔགས་རྒྱས་སྒོ་དབྱེ། དེ་ནས་རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་མེའི་སྔགས་རྒྱས་བསངས་གཏོར་བྱས་ལ། མཆོད་པ་རྣམས་སོ་སོའི་སྔགས་རྒྱས་བརླབས་ཏེ། མགོན་པོ་བདག་གི་བསོད་ནམས་དང་། །སངས་རྒྱས་བྱིན་རླབས་གཟི་ཆེན་དང་། །དེ་བཞིན་ཆོས་དབྱིངས་སྟོབས་ཀྱིས་སུ། །མཆོད་པའི་ཚོགས་རྣམས་གནས་གྱུར་ཅིག །ཅེས་བདེན་སྟོབས་བརྗོད་དེ། བུམ་པ་གཉིས་ལྟ་གོན་ལྟར་བཟླས་པ་ཅུང་ཟད་བྱས་ནས། རྣམ་རྒྱལ་དཀྱིལ་འཁོར་གྱི་དབུས་སུ་མཉྫི་ལ་བཀོད། ལས་བུམ་ཤར་སྒོའི་གཡོན་ནམ་དེར་ལྷང་ཀ་ཙམ་བྱས་ལ་སློབ་དཔོན་གྱི་མདུན་དུ་བཤམ། དཀྱིལ་འཁོར་གྱི་མཐར་མདའ་དང་མེ་ལོང་ཅན་དང་། རལ་གྲི་ཕུར་བུ་རྣམས་བརྒྱད་དམ་བཞིས་བསྐོར་བ་ཚོན་སྐུད་ཀྱིས་བྲེས། མདུན་དུ་འདས་གཏོར་དང་། མཐའ་མཆོད་པས་བསྐོར། རྫས་དབང་གི་ཙཀླི་རྣམས་དང་། ཆ་གསུམ་གཏོར་མའང་ཅི་བདེར་བསྒྲིག །རང་གི་མདུན་དུའང་མཆོད་ཡོན་བཟེད་ཞལ་དང་བཅས་པ། རྡོར་དྲིལ། སྤོས་སྣོད། འཐོར་ནས་སོགས་ཡོ་བྱད་ཐམས་ཅད་ཚོགས་པར་བཤམ་མོ། །དེ་ནས་ཆོ་ག་ནི། ༀ་བཛྲ་ཡཀྵ་ཧཱུཾ་གིས་ཁ་ལག་བཀྲུ། ས་མ་ཡ་སྟྭཾ་གིས་སྟན་ལ་འདུག་སྟེ། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དཔལ་ལྡན་བླ་མ་དམ་པ་རྣམས་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ༴ དམ་པའི་ཆོས་རྣམས་ལ༴ འཕགས་པའི་དགེ་འདུན་རྣམས་ལ༴ འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཤེར་རབ་སྙིང་རྗེ་དང་བཅས་པས། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བྱས་ནས། །རྫོགས་པའི་སངས་རྒྱས་ཐོབ་པར་བགྱི། །དེ་ནས། ༀ་སྭ་བྷཱ་ཝ་ཤུདྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་པས་ཆོས་ཐམས་ཅད་གདོད་མ་ནས་རྣམ་པར་དག་པའི་རང་བཞིན་སྟོང་པ་ཉིད་དུ་མོས་པས་ནང་གི་ཁྲུས་བྱས་ལ། སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས་རྡོ་རྗེ་སེམས་དཔར་གསལ་བའི་ལྐོག་མར་ཧྲཱིཿལས་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྕེའི་ཐད་ཀའི་འདབ་མ་གཅིག་ལྕེར་གྱུར་པའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཉལ་སྟབས་སུ་གནས་པར་གྱུར། ༀ་བཛྲ་ཛི་ཧཱ། ལག་པ་གཉིས་སུ་ཨ་ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེ། དེའི་སྟེང་དུ་ཧཱུཾ་ཧཱུཾ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་རེ་རེ། དེ་ཞུ་བ་ལས་རྡོ་རྗེའི་ལག་པ་སོར་མོ་རྣམས་ཀྱང་རྡོ་རྗེ་རྩེ་གཅིག་པར་གྱུར། དེ་ནས་རང་རྡོར་སེམས་སུ་གནས་པའི་བྱང་ཆུབ་ཀྱི་སེམས་མི་ཤིགས་པའི་ཧཱུཾ་དུ་གྱུར། ཧཱུཾ་གི་སྒྲས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཨེ་མ་སངས་རྒྱས་ཐམས་ཅད་ཀྱིས། །ཐུགས་རྗེ་ཅན་གྱི་ཐབས་ཆེན་གྱིས། །ཞི་ཡང་སེམས་ཅན་འདུལ་དོན་དུ། །དྲི་མ་མེད་པའི་ཁྲོ་བོར་གྱུར། །ཞེས་བརྗོད་པའི་རྐྱེན་གྱིས་རང་ཉིད་ཁྲོ་བོ་མེ་ལྟར་འབར་བ་སྐུ་མདོག་སྔོན་པོ་ཞལ་ཁྲོ་གཉེར་དང་བཅས་པ་བཞད་ཅིང་མཆེ་བ་ཅུང་ཟད་གཙིགས་པ། གཡས་རྡོ་རྗེ་གསོར་ཞིང་གཡོན་དྲིལ་བུ་སྙེམས་པའི་ཚུལ་གྱིས་འཆང་བ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་བསམ་ལ། ཁྲོ་བོ་སྤྱན་འདྲེན་པ་ནི། ཧཱུཾ། ཡེ་ཤེས་བསྐལ་པའི་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་བསྲེག །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སོ་འཚལ། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཀྱིས་གཤེགས་སུ་གསོལ། །ཞེས་པས། ཁྲོ་བོའི་སྤྲིན་དཔག་ཏུ་མེད་པ་སྤྱན་དྲངས་ལ། གཙོ་བོ་རང་ལ་བསྟིམ་ཞིང་འཁོར་རྣམས་བཀའ་སྡོད་དུ་གནས་པར་བསམ་ལ། མེ་ཏོག་སོགས་སྔགས་རྒྱ་ཙམ་གྱིས་མཆོད་ནས། ཧཱུཾ། རང་བཞིན་རྣམ་དག་དབྱིངས་ལས་ཁྲོ་བོར་སྤྲུལ། །སྐྱེ་བ་མེད་ལས་འཇིགས་བྱེད་སྐུར་སྟོན་པ། །གདུག་པ་འདུལ་ཕྱིར་མི་འགྱུར་ཐུགས་དམ་ཅན། །ཁྲོ་རྒྱལ་ཁམས་གསུམ་རྒྱལ་ལ་ཕྱག་འཚལ་ལོ། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །དཔའ་བོའི་སྟངས་སྟབས་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་སྲེག་པར་མཛད་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ང་ནི་གནས་འདིར་དཀྱིལ་འཁོར་ཆེན་པོ་སྒྲུབ། །བགེགས་ཀྱི་རིགས་ཚོགས་གང་ཡིན་བྱེར་བར་གྱིས། །ང་ནི་སངས་རྒྱས་ཀུན་དངོས་རྡོ་རྗེ་ཅན། །བཅོམ་ལྡན་བཀའ་ཡིས་དཀྱིལ་འཁོར་རབ་སྦྱོར་བས། །དཔལ་ལྡན་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །སངས་རྒྱས་རྣམ་འཕྲུལ་བྱིན་རླབས་སྒྲུབ་བྱེད་ཡིན། །གལ་ཏེ་ང་ཡིས་བཀའ་ལས་འདའ་བྱེད་ན། །ཡེ་ཤེས་ཅན་གྱི་རྡོ་རྗེ་རབ་འབར་བས། །མགོ་བོ་ཚལ་པ་བརྒྱར་ནི་འགས་བྱེད་དེ། །རྣམ་པར་འཇིག་པར་འགྱུར་བ་གདོན་མི་ཟ། །བདག་རྡོ་རྗེ་སློབ་དཔོན་མིང་འདི་ཞེས་བགྱི་བས་སློབ་མ་འདི་དག་རྫོགས་པའི་བྱང་ཆུབ་ཐོབ་པ་བྱ་བའི་ཕྱིར་དང་། སེམས་ཅན་ཐམས་ཅད་ཀྱིས་བླ་ན་མེད་པའི་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར། ས་ཕྱོགས་བཟང་པོ་འདིར་ནམ་མཁའ་དྲི་མ་མེད་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་བསྒྲུབ་པར་བྱ་ཡི། ལྷ་དང་། ལྷ་མ་ཡིན་དང་། གནོད་སྦྱིན་དང་། དྲི་ཟ་དང་། སྲིན་པོ་དང་། ཡི་དྭགས་དང་། ཤ་ཟ་དང་། འབྱུང་པོ་དང་། བརྗེད་བྱེད་དང་། མཁའ་འགྲོ་མ་དང་། གནོན་པོ་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། རིགས་སྔགས་འཆང་གྲུབ་པ་རྒན་པོ་དང་རྒན་མོ་གཡོག་དང་བཅས་པ་གང་དག་འཁོད་པ་དེ་དག་ཐམས་ཅད་འདི་ལྟར་རྡོ་རྗེ་འཆང་གི་བཀའ་ཐོས་ནས་མྱུར་བ་ཉིད་དུ་དེངས་ཤིག །གང་དག་མི་འགྲོ་བ་དེ་དག །ངའི་ཡེ་ཤེས་ཀྱི་རྡོ་རྗེ་འབར་བ། རབ་ཏུ་འབར་བ། ཀུན་ཏུ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་བྱེད་དོ། །ཧཱུཾ་ཧཱུཾ་ཧཱུཾ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། མ་ཧཱ་དཾཥྚོངྐ་ཊ་བྷཻ་ར་བཱ་ཡ། ཨ་སི་མུ་ས་ལ་དྷཱ་རཱ་ཡ་པ་ར་ཤུ་པཱ་ཤ་ཧསྟ་ཡ། ཏདྱ་ཐཱ། ༀ་ཨ་མྲྀ་ཏ་ཀུཎྜ་ལི། ཁ་ཁ། ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། གརྫ་གརྫ། བིསྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བིགྷྣཱན་བི་ན་ཡ་ཀཾ་མ་ཧཱ་ག་ཎ་པ་ཏི་ཛི་བི་ཏ་ཨནྟ་ཀ་རཱ་ཡ་སྭཱ་ཧཱ། ཞེས་རོལ་མོའི་སྒྲ་དང་བཅས་པས་ཚམ་རྔམས་ཀྱིས་བསྐྲད། གལ་ཏེ་མི་འགྲོ་བ་རྣམས་ལ། ༀ་བཛྲ་ཛྭ་ལཱ་ན་ལཱརྐ་ཧཱུཾ། ཞེས་གཡོན་ཁུ་ཚུར་སྙིང་ག་དང་གཡས་རྡོ་རྗེ་གསོར་བས་བགེགས་ལ་བསྣུན། དེས་གཞིག་དཀའ་བ་རྣམས། ཧཱུཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུཾ་ཕཊ། ཅེས་རྡོ་རྗེ་ནང་བསྡམ་ཀྱི་སོར་མོ་རྣམས་ནང་དུ་འབར་བ་ལྟར་བྱས་ལ་མཐེ་བོང་སྦྱར་ཏེ་སྒྲེང་བ་རྡོ་རྗེ་མེའི་རྒྱས་སྲེགས། འཚིག་དཀའ་བ་རྣམས་རྡོ་བསྡམས་བཅིངས་ལ་མཐེ་བོང་གཉིས་བརྐྱང་སྟེ་མཉམ་པ་རྡོ་རྗེ་སྤྱན་གྱི་རྒྱ་བཅས་ལ། བཛྲ་ནཻ་ཏྲི་བནྡྷ་སརྦ་བིགྷྣཱན། ཞེས་པས་བཅིང་བར་བྱ་སྟེ། དེ་རྣམས་ཀྱིས་བགེགས་སྔར་ཡོད་ཚར་བཅད་པའོ། །དེ་ནས་ཕྱིས་མི་འཇུག་པའི་ཕྱིར་གནས་བཅིང་བ་ནི། རྡོ་རྗེ་བསྡམས་པས་ལ་བརྐྱང་སྟེ། ༀ་བཛྲ་ཌོ་ཌྷོ་མེ་བྷ་བ་རཀྵ་སརྦཾ་སྭཱ་ཧཱ་ས་འོག་བཅིང་། རྡོ་རྗེ་ཁུ་ཚུར་བཅང་ལ་མགལ་མེ་བཞིན་བསྐོར་ཏེ་མགོ་བོའི་སྟེང་དུ་མཛུབ་མོ་ལྕགས་ཀྱུའི་ཚུལ་དུ་བཞག་པ་རྡོ་རྗེ་འཇིགས་བྱེད་ཅན་གྱི་རྒྱ་དང་། ༀ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ་ཀྱིས་སྟེང་བཅིང་། རྡོ་རྗེ་ཐལ་མོའི་མཐེ་བོང་གཉིས་བརྐྱང་ལ་མཛུབ་མོ་གཉིས་མཆེ་བ་ལྟར་བྱས་པ་རྡོ་རྗེ་གནོད་སྦྱིན་གྱི་རྒྱ་དང་ༀ་བཛྲ་ཡཀྵ་ཧཱུཾ་གིས་དེའི་འོག་བླ་རེའི་གནས་བཅིང་། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཐེ་ཆུང་སྦྲེལ་མཛུབ་རྩེ་གཉིས་སྦྱར་ཏེ་བཟློག་ནས་སྤྱི་བོར་བཞག་པ་རྡོ་རྗེ་གཙུག་ཏོར་གྱི་རྒྱ་དང་། ༀ་དྲུཾ་བྷནྡྷ་ཧཾ་གིས་ཤར་ཕྱོགས་བཅིང་། ཁུ་ཚུར་གཉིས་ཀྱི་མཁྲིག་མ་མདུད་པ་རྡོ་རྗེ་ཞགས་པའི་རྒྱ་དང་། ༀ་ཧཱུཾ་བཛྲ་པཱ་ཤ་ཧྲཱིཿ ཞེས་པས་བྱང་ཤར་བཅིང་། རྡོ་བསྡམས་ལས་མཐེ་བོང་གཉིས་བསྣོལ་མཛུབ་གཉིས་གཤིབས་ཏེ་ཕྱེ་ལ་མཐེ་ཆུང་བརྟན་པར་བྱས་པའི་རྒྱ་དང་། ༀ་བཛྲ་པཱ་ཏཾ་ཀེ་པཱ་ཏཾ་ཀེ་ནི་རཊྚ། ཞེས་པས་ནུབ་བཅིང་། རྡོ་རྗེ་གནོད་སྦྱིན་གྱི་རྒྱ་དེ་ཉིད་ཁར་བཞག་པ་རྡོ་རྗེ་ནག་མོའི་རྒྱ་དང་། ཧྲཱིཿབཛྲ་ཀཱ་ལི་རུ་ཊ་མ་ཊ། ཞེས་པས་བྱང་བཅིང་། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རི་བོ་འདེགས་པའི་ཚུལ་དུ་བྱས་པ་རྡོ་རྗེ་རྩེ་མོའི་རྒྱ་དང་། ༀ་བཛྲ་ཤི་ཁ་རེ་རུ་ཊ་མ་ཊ། ཞེས་པས་ལྷོ་བཅིང་། རྡོ་རྗེ་ཧཱུཾ་མཛད་ཀྱི་རྒྱ་ལས་མཛུབ་གུང་གཉིས་རྡོ་རྗེ་ར་བྱས་པ་རྡོ་རྗེ་ལས་ཀྱི་རྒྱ་དང་། ཧཱུཾ་བཛྲ་ཀརྨས་དཀྱིལ་འཁོར་བཅིང་། ཁུ་ཚུར་གཉིས་བཅིངས་ལ་མཁྲིག་མ་བསྣོལ་ཏེ་མཐེའུ་ཆུང་སྦྲེལ་ཞིང་མཛུབ་གཉིས་སྒྲེང་པ་ཧཱུཾ་མཛད་ཀྱི་རྒྱ་དང་། ཧཱུཾ་ཞེས་བརྗོད་པས་ནང་དུ་རྡོ་རྗེའི་ར་བ་བཅིང་། རྡོ་རྗེ་བསྡམས་པའི་རྒྱ་དང་། ༀ་བཛྲ་བནྡྷ་བཾ་ཞེས་པས་རྡོ་རྗེའི་དྲྭ་བ་བྱ། དེ་ལྟར་འོག་ཐམས་ཅད་རྡོ་རྗེའི་ས་གཞི། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་རེ། ཁོར་ཡུག་ཐམས་ཅད་རྡོ་རྗེའི་ར་བ་དང་དྲྭ་བ། མེ་རབ་ཏུ་འབར་བའི་སྲུང་འཁོར་གྱིས་ཁྱབ་པས་ཅིས་ཀྱང་མི་ཤིགས་པར་གྱུར། དེ་ནས་ཚོགས་བསགས་པ་ནི། ༀ་བཛྲ་ཧེ་རུ་བཾ་རང་ཉིད་རྡོ་རྗེ་རྒྱུར་གྱུར། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་མཛུབ་མོ་དག་དང་མཐེའུ་ཆུང་དག་མདུད་པ་གཡས་སུ་བསྐོར་བ་ཁའི་ཕྱོག་སུ་བཞག་པ་ལ་ལྟ་བཞིན་པས། ༀ་ཨཱཿབཛྲ་ཙཀྲ་ཧཱུཾ། ཞེས་བཟླས་པས། སྲུང་འཁོར་གྱི་ནང་མདུན་གྱི་ནམ་མཁའི་ཕྱོགས་སུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་སད་ནས་བཞུགས་པར་གྱུར་པ་ལ། པུཥྤེ་ལ་སོགས་པ་རྣམ་ལྔས་མཆོད། །དེ་ནས་ཕྱོགས་ཐམས་ཅད་ནས། ། སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་པྲ་ཎ་མེ་ན་བཛྲ་བནྡྷ་ནཱཾ་ཀ་རོ་མི། ཞེས་ཡན་ལག་ལྔ་གཏུགས་པའི་ཕྱག་བྱ་ཞིང་། སྤྲོ་ན་འདིར་སེམས་དཔའ་བཞིའི་ལུས་ཀྱི་གནས་ས་ལ་བབ་པའི་ཕྱོགས་བཞིའི་ཕྱག་ཀྱང་བྱའོ། །དེ་ནས་ཐལ་མོ་སྦྱར་ཏེ། ན་མོ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་སུ་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ཕྱོགས་བཅུའི་སངས་རྒྱས་ནས་རིག་སྔགས་ཀྱི་བར་གྱི་ལྷ་ཐམས་ཅད་ཀྱི་སྤྱན་སྔར་སྡིག་པ་ཐམས་ཅད་སོ་སོར་བླ་ན་མེད་པའི་སོ་སོར་བཤགས་པས་སོ་སོར་བཤགས་པར་བགྱིའོ། །ཕྱོགས་བཅུ་ན་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་ཡང་དག་པར་སོང་བ་དང་། ཡང་དག་པར་ཞུགས་པ་རྣམས་དང་། སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཐམས་ཅད་ལ་རྒྱ་ཆེར་རྗེས་སུ་ཡི་རང་བར་བགྱིའོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་མཛད་པ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ་བའི་ཕྱིར་བསྐུལ་བར་བགྱིའོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་བར་བཞེད་པ་གང་ཡིན་པ་དེ་དག་ཐམས་ཅད་ལ་མྱ་ངན་ལས་མི་འདའ་བར་གསོལ་བར་འཚལ་ལོ། །གང་ཡང་འཇིག་རྟེན་གྱི་ཁམས་འདིའམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ལྷ་དང་མི་རྣམས་ཀྱི་མཆོད་པའི་བྱེ་བྲག་མེ་ཏོག་དང་། བདུག་སྤོས་དང་། སྣང་གསལ་དང་། དྲི་ཆབ་དང་། རིན་ཆེན་གྱི་ཚོགས་དང་། རྒོད་པ་སོགས་རྩེད་འཇོའི་བདེ་བ་དང་། དཔག་བསམ་གྱི་ཤིང་བཟང་པོ་དང་། སེམས་ཅན་ཀུན་གྱི་དོན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ལུས་ངག་སེམས་ལས་བྱུང་བའི་མཆོད་པ་ཐམས་ཅད་དང་། རྣམ་པར་ཐར་པ་སྒོ་གསུམ་གྱི་ཏིང་ངེ་འཛིན་གསང་བའི་མཆོད་པ་མཆོག་རྣམས་ཏེ། མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཆོད་པ་གང་དག་ཡོད་དོ་འཚལ་དེ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་སུ་བྱ་བའི་ཕྱིར། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། །རིགས་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བགྱིའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་འབུལ་གྱིས། བདག་དུས་ཐམས་ཅད་དང་རྣམ་པ་ཐམས་ཅད་དུ་སོ་སོར་བཞེས་སུ་གསོལ། ཐུགས་རྗེ་ཆེན་པོ་དང་ལྡན་པའི་མགོན་པོ་ཁྱེད་རྣམས་ཀྱིས་དམ་ཚིག་ཆེན་པོའི་དངོས་གྲུབ་དམ་པ་བདག་ལ་སྩལ་དུ་གསོལ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། དགེ་བའི་རྩ་བ་འདི་དག་གིས། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྒུད་པ་ཐམས་ཅད་དང་བྲལ་བར་གྱུར་ཅིག །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་དང་ཡང་དག་པར་ལྡན་པའི་བདེ་བ་དང་ཡིད་བདེ་བ་ཉིད་ཀྱིས་མིའི་མཆོག་སངས་རྒྱས་སུ་ཚེ་འདི་ཉིད་ལ་གྱུར་ཅིག །བདག་གི་དགེ་བའི་ལས་རྣམས་འདི་དག་གིས། འཇིག་རྟེན་དུ་ནི་མྱུར་དུ་འཚང་རྒྱ་ཤོག །འགྲོ་ལ་ཕན་ཕྱིར་ཆོས་ཀྱང་སྟོན་བགྱིད་ཅིང་། སེམས་ཅན་དུཿཁས་གཟིར་ལས་སྒྲོལ་བར་ཤོག །ཅེས་ཚོགས་བསགས། དེ་ནས་ལག་གཉིས་མདུན་དུ་བཞག་ལ། ལག་མཐིལ་གཉིས་སུ་ཨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཨ། ཐལ་མོ་གཉིས་ལ་ཨཱ་ལི་བཅུ་དྲུག །མཐེ་བོང་ནས་བརྩམས་ཏེ་སོར་མོ་རྣམས་ལ་ༀ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿལས་རིགས་ལྔ་ཡབ་ཡུམ་བཅུར་གྱུར། ༀ་ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཱཿ ཞེས་པས་ཡབ་ཡུམ་ཕན་ཚུན་རེག་པར་བསམ་ལ་མཉམ་པའི་ཐལ་མོ་བྱ། སྥ་ར་སྥ་ར་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱཿ ཞེས་པས་རྗེས་སུ་ཞུགས་པར་བསམ་ལ་རྡོ་རྗེ་ཐལ་མོ་བྱ། ཨ་ཏྱནྟ་ཨ་ནུ་བིཥྚཱཿསརྦ་དྷ རྨཱཿབཛྲ་ཨཉྫ་ལི། ཞེས་པས་གཉིས་མེད་དུ་འདྲེས་པར་བསམ་ལ་རྡོ་རྗེ་བསྡམས་པའི་རྒྱ་བྱ། བཛྲ་བནྡྷ་ཏྲཊ། ཅེས་རྡོ་རྗེ་བསྡམས་པ་སྙིང་གར་དྲལ་བས་ཡེ་ཤེས་རྡོ་རྗེས་འཁོར་བའི་འཆིང་བ་དྲལ་བར་མོས། རྡོ་རྗེ་བསྡམས་པའི་མཐེ་བོང་ནང་དུ་བཅུག་པ་བཅིངས་ལ། བཛྲ་ཨ་བེ་ཤ་ཡ་ཨ་ཨཿ ཞེས་བཟླས་པས་དང་པོའི་རྡོ་རྗེ་དམར་པོ་འབར་བའི་རྣམ་པ་ཆར་བབས་པ་བཞིན་སྙིང་གར་ཕབ་ནས། དེ་བརྟན་པར་བྱ་སྟེ། ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་བ། ཤ་ཤྭ་བྷོ་མེ་བྷ་བ་ཧྲི་ད་ཡ་མེ། ཨ་དྷི་ཏིཥྚ་སརྦ་སིདྡྷི་མྨེ་པྲ་ཡཙྪ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ ཞེས་སྔར་གྱི་ཕྱག་རྒྱ་དགྲོལ། ཡང་སྔར་གྱི་ཕྱག་རྒྱ་ལས་མཐེ་བོའི་རྒྱབ་ཏུ་མཛུབ་མོ་བཀབ་པ་ནང་དུ་བཅུག་སྟེ། བཛྲ་མུཥྚི། དེ་བཀྲོལ་ནས་སེ་གོལ་གཏོག་ཅིང་། ༀ་བཛྲ་མུཥྚི་བཾ་གིས་བརྟན་པར་བྱའོ། །དེ་ནས་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་ནང་དུ་མཛུབ་མོ་གཉིས་སྦྱར་ནས་གྱེན་དུ་འཕངས་ཏེ། ༀ་སརྦ་ཨ་པཱ་ཡ་ཨ་ཀཪྵ་ན་བི་ཤོ་དྷ་ན་བཛྲ་ས་མ་ཡ་ཧཱུཾ་ཕཊ། ཅེས་པས་རང་རྡོ་རྗེ་ཁུ་ཚུར་དུ་གྱུར་པའི་ཐུགས་ཀའི་འོད་ཀྱིས་ངན་སོང་རྣམས་བསླང་བར་བསམ། དེ་རྣམས་ཀྱིས་བདག་ཅག་སྐྱོབ་ཏུ་གསོལ་ཞེས་བརྗོད་ཅིང་། རང་གིས་རྡོར་བསྡམས་ལས་གུང་མོ་གཉིས་དང་མཐའ་མ་བཞི་རྣམས་རྩེ་མོ་སོ་སོར་སྦྱར་ཏེ་དྲལ་ཞིང་། ༀ་བཛྲ་པཱ་ཎཱི་བི་སྥོ་ཊ་ཡ། སརྦ་ཨ་པཱ་ཡ་བནྡྷ་ནི་པྲ་མོ་ཀྵ་ཡ། སརྦ་ཨ་པ་ཡ་ག་ཏེ་བྷྱཿསརྦ་སཏྭཱཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏྲཊ། ཅེས་བརྗོད་དོ། །དེ་ནས་གཙོ་བོའི་དམ་རྒྱ་རྡོར་བསྡམས་ལས་གུང་མོ་མྱུ་གུ་ལྟར་མཉམ་པར་སྒྲེང་བ་བཅིངས་ལ། ས་མ་ཡ་སྟྭཾ་ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གཱི་ཤྭ་རི་ཧཱུཾ་ༀ་བཛྲ་མུཿ ཞེས་ལན་གསུམ་གྱིས་སྔར་རང་གིས། སྤྲུལ་པའི་ཚོགས་ཞིང་གི་ལྷ་རྣམས་རང་གི་སྙིག་གར་བསྡུས་པས་ལྷ་ཐམས་ཅད་ཀྱི་བདག་ཉིད་ཀྱི་བྱང་སེམས་ཟླ་བའི་དཀྱིལ་འཁོར་དུ་གྱུར། དེ་ནས་བདག་བསྐྱེད་ནི། རང་ཉིད་སྐད་ཅིག་གིས་རྡོར་སེམས་སུ་གསལ་བའི་སྙིང་གར་ཟླ་བ་ལ་གནས་པའི་རྡོ་རྗེའི་དབུས་སུ་གཉུག་མའི་ཡི་གེ་བཛྲ་ས་ཏྭ་བསམ། དེ་ནས། ༀ་སྭ་བྷཱུ་ཝ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་པས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་གྱུར། སྟོང་པའི་ངང་ལས་ནམ་མཁའི་ཕྱོགས་སུ་རང་གི་གཉུག་སེམས་བཛྲ་ས་ཏྭ། དཀར་ཆ་གཙོ་བོར་གྱུར་པའི་ཨཱ་ལི་བཅུ་དྲུག་ཞུ་བ་ལས་ཟླ་བ་དང་པོ་བཛྲ་ས་ཏྭས་མཚན་པ། དམར་ཆ་གཙོ་བོར་གྱུར་པའི་ཀཱ་ལི་སོ་དྲུག་ཞུ་བ་ལས་ཟླ་བའི་དཀྱིལ་འཁོར་གཉིས་པ། ཟླ་བ་གཉིས་པོ་དེ་བཛྲ་ས་ཏྭ་དང་བཅས་པ་ལས་དང་པོའི་རྡོ་རྗེ་འོད་ཟེར་གྱི་ཕྲེང་བ་དང་བཅས་པའི་ལྟེ་བར་བཛྲ་ས་ཏྭས་མཚན་པར་གྱུར། བཛྲོ྅ཧཾ། ཞེས་ང་རྒྱལ་བྱ། བཛྲ་ས་ཏྭ་ཞེས་ལན་གསུམ་བརྗོད་པས། རྡོ་རྗེ་དེ་ལས་རྡོར་སེམས་ཀྱིས་གཙོ་བྱས་པའི་དེ་བཞིན་གཤེགས་པའི་རིགས་ཀྱི་ལྷ་དཔག་མེད་སྤྲོས། དེས་སེམས་ཅན་གྱི་ཁམས་ཐམས་ཅད་རང་རིགས་ཀྱི་ལྷར་སད་པར་བྱས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་དབྱིངས་ཐམས་ཅད་བསྡུས་ཏེ་ཐིམ་པས་རྡོ་རྗེ་དེ་རང་རིགས་ཀྱི་ལྷ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་འདུས་པའི་བདག་ཉིད་དུ་གྱུར། བདག་ནི་སེམས་དཔའ་ཀུན་བདག་གྲགས། བདག་ཉིད་ཀྱང་ནི་བདག་ལ་གནས། བཛྲ་ས་ཏྭ་ཟླ་བའི་བདག་ཉིད་འོད་ཀྱི་ཕྲེང་བ་དང་བཅས་པའི་རྡོ་རྗེ་དེ་ཉིད་ཡོངས་སུ་གྱུར་པ་ལས། བདག་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ། ཞལ་གཅིག་ཕྱག་གཉིས་པ། ཞི་ཞིང་འཛུམ་ལ་མཚན་དཔེའི་ལང་ཚོ་རབ་ཏུ་རྒྱས་པ། ཕྱག་གཡས་པས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་དེ་འཛིན་པ་གཡོན་དྲིལ་བུ་དཀུར་བརྟེན་པ། རལ་པའི་ཐོར་ཅོག་ཅན་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། པད་ཟླའི་གདན་ལ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པར་གྱུར། བཛྲ་སཏྭོ ྅ཧཾ། ཞེས་ང་རྒྱལ་བྱ། མ་ཧཱ་ས་མ་ཡ་སཏྭོ྅ ཧཾ། ཞེས་པས། མཁའ་ལྟར་ཀུན་ཏུ་ཁྱབ་པའི་བདག་ཉིད་དུ་གྱུར་པའི་ང་རྒྱལ་བཟུང་ངོ་། །རྡོ་རྗེ་བསྡམས་པ་ལས་མཛུབ་མོ་གཉིས་བརྐྱང་བ་སེམས་མ་རྡོ་རྗེ་མའི་དམ་རྒྱ་བཅས་ཏེ། ས་མ་ཡ་ཧོཿ ཞེས་པས་ཐམས་ཅད་མཉམ་པའི་ང་རྒྱལ་བྱས་ལ། ས་མ་ཡ་ས་ཏྭ་ཨ་དྷི་ཏིཥྛ་སྭ་མཾ། ཞེས་པ་ལན་བཞིས་སྙིང་ག་དང་། དཔྲལ་བ་དང་། ལྐོག་མ་དང་། སྤྱི་བོ་རྣམས་སུ་དམ་རྒྱ་དེས་གཏུགས་པས། མི་ཤིགས་པའི་བདག་ཉིད་སེམས་མ་བཞིའི་ངོ་བོ་རྡོ་རྗེ། རིན་པོ་ཆེ། པདྨ། སྣ་ཚོགས་རྡོ་རྗེ་རྣམས་ཀྱིས་རྒྱས་བཏབ་པས་བྱིན་གྱིས་བརླབས་པར་གྱུར། དེ་ནས་སྙིང་གར་ཟླ་བ་ལ་ཧཱུཾ་ཡིག་བཀོད་པར་བསམ་ལ། རྡོར་སེམས་ཀྱི་ཕྱག་ཆེན་བཅས་ཏེ། བཛྲ་ས་ཏྭ་ལན་གསུམ། དེའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་བསམ་ཞིང་ཀློང་པའི་ཚུལ་དུ། ༀ་བཛྲ་ས་ཏྭ་ཧཱུཾ། ཞེས་ལན་གསུམ་བརྗོད་དོ། །དེ་ནས་བཟླས་པ་བྱ་སྟེ། བདག་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་བདག་ཉིད་དཔལ་རྡོ་རྗེ་སེམས་དཔར་གསལ་བའི་ཐུགས་ཀར་ཟླ་བ་ལ་གནས་པའི་ཧཱུཾ་ཡིག་དཀར་པོ་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་སྡུག་བསྔལ་ཐམས་ཅད་སྦྱངས་ནས། སླར་འདུས་པ་སྔགས་ཕྲེང་ལ་ཞུགས་པར་བསམ་ཞིང་། ལྷ་ཐམས་ཅད་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའ་སྔགས ༀ་བཛྲ་ས་ཏྭ་ཧཱུཾ། ཞེས་པ་ཁོ་ན་འམ། སྤྲོ་ན་དེའི་སྟེང་དུ་རིགས་ལྔའི་སྔགས། ༀ་བུདྡྷ་བཻ་རོ་ཙ་ན་ༀ། ༀ་བཛྲ་ཨཀྵོ་བྷྱཿཧཱུཾ། ༀ་རཏྣ་སཾབྷ་བ་ཏྲཱཾ། ༀ་པདྨ་ཨ་མི་ཏཱ་བྷ་ཧྲཱིཿ ༀ་ཀརྨ་ཨ་མོ་གྷ་སིདྡྷི་ཨཱཿ ཞེས་པ་རྣམས་ཀྱང་ཅི་རིགས་བཟླས་མཐར། ཡིག་བརྒྱ་ལན་གསུམ་གྱིས་བརྟན་པར་བྱའོ། །དེ་ནས་དོན་བྱས་པའི་སེམས་ཅན་དེ་རྣམས་ཀྱིས་བདག་རྡོ་རྗེ་སེམས་དཔའི་ངོ་བོར་གནས་པ་ལ་མཆོད་པར་བསམ་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱཧཱ། དེ་བཞིན་དུ། ཨརྒྷཾ་གྱི་གནས་སུ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱེ། ཤཔྡ་རྣམས་བཅུག་པས་མཆོད། མཚན་བརྒྱའམ་བསྡུས་པ་ལ་དགའ་ན། རང་བཞིན་ཆོས་སྐུ་དག་པའི་ཀློང་། །སྣ་ཚོགས་ཐབས་མཁས་ཐུགས་རྗེ་ཡིས། །རིགས་ལྔ་ཡེ་ཤེས་ལྔར་སྟོན་པ། །རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ། །ཞེས་བསྟོད། དེ་ནས་བུམ་བསྐྱེད་ནི། བུམ་པ་བསང་སྦྱངས། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བྷྲུཾ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྷའི་གོས་ཀྱིས་མགུལ་དཀྲིས་པ། དཔག་བསམ་ཤིང་གི་ཁ་རྒྱན་ཅན། མཚན་ཉིད་ཐམས་ཅད་རྫོགས་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་རྣམ་རྒྱལ་བུམ་པའི་ནང་དུ་ལིང་ཚེ་དགུ་པ་སྒོ་ཕྱི་ནང་དང་བཅས་པའི་གཞལ་ཡས་ཁང་དུ་གྱུར་པའི་ལིང་ཚེ་དབུས་མར་ༀ་ལས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཡུམ་བཞི་སྦས་པའི་མཚན་མས་བསྐོར་བ། ཕྱོགས་ཀྱི་ལིང་ཚེ་བཞིའི་ལྟེ་བར་ཤར་དུ་ཧཱུཾ་ལས་མི་བསྐྱོད་པ། ལྷོར་ཏྲཱཾ་ལས་རིན་ཆེན་འབྱུང་ལྡན། ནུབ་ཏུ་ཧྲཱིཿལས་སྣང་བ་མཐའ་ཡས། བྱང་དུ་ཨཱཿལས་དོན་ཡོད་གྲུབ་པ། དེ་བཞིའི་མདུན་རྒྱབ་གཡས་གཡོན་རྣམས་སུ་རང་རིགས་ཀྱི་སེམས་དཔའ་བཞི་བཞིས་བསྐོར་བ། མཚམས་ཀྱི་ལིང་ཚེ་དང་། གྲྭ་བཞི་དང་། སྒོ་རྣམས་སུ་སྒེག་སོགས་བཅུ་གཉིས། ཕྱིའི་སྣམ་བུ་ལ་སེམས་དཔའ་བཅུ་དྲུག་རྣམས་བཞུགས་པ། ཐམས་ཅད་ཀྱང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ལས་བུམ་གྱི་ནང་དུ་པད་ཟླར་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་ནག་པོ་མཆེ་བ་ཞལ་གྱི་གྲྭ་གཉིས་སུ་འཛིན་པ་རྣམས་གསལ་བར་གྱུར། ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་བསྟིམ། ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། སོགས་ཀྱིས་མཆོད། ཆོས་དབྱིངས་ཡེ་ཤེས་རྣམ་པར་དག །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །སེམས་མ་བཞི་དང་བཅས་པ་ལ། །མཆོག་ཏུ་དད་པས་ཕྱག་འཚལ་བསྟོད། །མེ་ལོང་ཡེ་ཤེས་རྣམ་པར་དག །མི་བསྐྱོད་རྡོ་རྗེ་བཅོམ་ལྡན་འདས། །སེམས་དཔའ་བཞི་དང་བཅས་པ་ལ། །མཆོག་ཏུ་དད་པས་ཕྱག་འཚལ་བསྟོད། །མཉམ་ཉིད་ཡེ་ཤེས་རྣམ་པར༴ རིན་ཆེན་འབྱུང་ལྡན་བཅོམ་ལྡན༴ སེམས་དཔའ་བཞི་དང་༴ མཆོག་ཏུ་དད་པས༴ ཀུན་རྟོག་ཡེ་ཤེས་རྣམ་པར ༴ སྣང་བ་མཐའ་ཡས་བཅོམ༴ སེམས་དཔའ་བཞི་དང་༴ མཆོག་ཏུ་དད་པས༴ ནན་ཏན་ཡེ་ཤེས་རྣམ ༴ དོན་ཡོད་གྲུབ་པ་བཅོམ ༴ སེམས་དཔའ་བཞི་དང་༴ མཆོག་ཏུ ༴ ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །བདེ་གཤེགས་ཆོས་ཀྱི་དབྱིངས་བསྐུལ་བ། །མཆོད་པའི་ལྷ་མོ་བརྒྱད་རྣམས་ལ། །མཆོག་ཏུ་དད་པས༴ ཚད་མེད་བཞི་དང་བསྡུ་བ་བཞིས། །བདེ་གཤེགས་ཐམས་ཅད་སྤྱན་འདྲེན་པའི། །ཡེ་ཤེས་སྒོ་སྐྱོང་བཞི་རྣམས་ལ། །མཆོག་ཏུ༴ སྒོ་ཡི་ཁྱམས་ཀྱི་ནང་གནས་པ། །བྱམས་པ་ལ་སོགས་བཅུ་དྲུག་ནི། །དང་པོ་རབ་དགའ་ལ་སོགས་གནས། །ས་གནས་རྣམས་ལ་ཕྱག་འཚལ་ལོ། །ཞེས་དང་། ལས་བུམ་ལ། འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོག་ཅིང་། བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་ལོ། །ཞེས་བསྟོད། དེ་ནས་གཟུངས་ཐག་ལ་འཇུས་ཏེ། ལྷ་རྣམས་ཀྱི་སྐུའི་ཆ་ཐམས་ཅད་ལས་ཡེ་ཤེས་ལྔའི་རང་བཞིན་གྱི་བདུད་རྩིའི་ཆུ་རྒྱུན་བབས་པས་བུམ་པ་གང་བར་དམིགས་ཏེ། རྣམ་རྒྱལ་དུ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་སྔགས་སམ། བསྡུ་ན། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གཱི་ཤྭ་ར་ཧཱུཾ། ཞེས་པ་ཙམ་དང་། ལས་བུམ་ལ། ༀ་བཛྲ་ཡཀྵ་ཧཱུཾ། ཞེས་བཟླ། ཐུན་མོང་དུ། ཨ་བྷི་ཥེ་ཀ་ཡང་ཅུང་ཟད་བཟླས་ལ། མཆོད་བསྟོད་བྱས་ནས། ཡེ་ཤེས་པ། ༀ་བཛྲ་མུཿས་གཤེགས་སུ་གསོལ་ལ། མཆོད་ཡོན་ཕུལ་བས། དམ་ཚིག་པ་ཞུ་བ་བུམ་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ་ལ། ཡིག་བརྒྱ་བརྗོད་པས་བརྟན་པར་བསམ་མོ། །དེ་ནས་མདུན་བསྐྱེད་སྒྲུབ་མཆོད་ནི། རྡུལ་ཚོན་གྱི་དཀྱིལ་འཁོར། ཡཀྵས་བསང་། ༀ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་སྦྱངས་ཏེ། ཆོས་ཐམས་ཅད་སྟོང་ཉིད་ཡེ་ཤེས་རྡོ་རྗེའི་རང་བཞིན་དུ་གྱུར། སྟོང་པའི་ངང་ལས་ཨེ་ཡཾ་རཾ་ཝཾ་ལཾ་སུཾ་ལས་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་པདྨ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་རྫོགས་པའི་ག ཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན་པའི་ནང་དུ། དེའི་ཕྱེད་ཚད་ཀྱི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། གཉིས་ཀའང་ཕྱི་ནས་རིམ་པར་སྔོ་སེར་དམར་ལྗང་དཀར་བའི་རྩིག་པ་རིམ་པ་ལྔས་བསྐོར་བའི་སྟེང་དུ་ཕ་གུ་དང་དྲྭ་བ་དྲྭ་ཕྱེད་ལ་སོགས་པས་བརྒྱན་པ། ཤར་དཀར། ལྷོ་སྔོ། ནུབ་དམར། བྱང་ལྗང་བ། གཞལ་ཡས་ཁང་ནང་མར་རྩིག་པ་ལ་རེག་པའི་རྡོར་ཕྲེང་ཟླུམ་པོ་ལ་བརྟེན་པའི་ཀ་བ་བརྒྱད་དང་ལྡན་པའི་རེའུ་མིག་དགུའི་ཕྱོགས་བཞི་དབུས་དང་ལྔར་འཁོར་ལོ་རྩིབས་བཞི་པ་རེ་རེའི་ལྟེ་བར་དབུས་སུ་སེང་གེ །ཤར་དུ་གླང་པོ། ལྷོར་རྟ་མཆོག །ནུབ་ཏུ་རྨ་བྱ། བྱང་དུ་མཁའ་ལྡིང་རྣམས་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བ། ལྷ་གནས་གཞན་རྣམས་སུ་པད་ཟླའི་གདན་རེ་རེ་གསལ་བར་གྱུར། རིའུ་མིག་དབུས་མའི་ལྟེ་བའི་གདན་ལ། ༀ་བུདྡྷ་བཻ་རོ་ཙ་ན་ༀ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྐུ་མདོག་སེར་པོ་ཀུན་ཏུ་ཞལ། ཕྱག་གཉིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པ། རྩིབས་བཞིའི་མདུན་དུ་ས་ཏྭ་བཛྲི་ཧཱུཾ། སེམས་མ་རྡོ་རྗེ་མའི་ངོ་བོ་རྡོརྗེ་རྩེ་ལྔ་པ་དཀར་པོ། གཡས་སུ་རཏྣ་བཛྲཱི་ཏྲཱཾ་རིན་ཆེན་རྡོ་རྗེའི་མའི་ངོ་བོ་ནོར་བུ་རིན་པོ་ཆེ། རྒྱབ་ཏུ་དྷརྨ་བཛྲི་ཧྲཱིཿཆོས་རྡོ་རྗེ་མའི་ངོ་བོ་པདྨ་དཀར་དམར་འདབ་མ་བཅུ་དྲུག་པའི་འདབ་བརྒྱད་མཐུར་དུ་གྱེས་ཤིང་འདབ་བརྒྱད་སྟེང་དུ་འཛུམ་པའི་ནང་ན་དང་པོའི་རྡོ་རྗེ་རྩེ་ལྔ་པ་ཆུད་པ། གཡོན་དུ་ཀརྨ་བཛྲི་ཨཱཿརྡོ་རྗེ་ལས་མའི་ངོ་བོ་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པ་རྣམས་སོ། །རིའུ་མིག་ཤར་མའི་ལྟེ་བའི་གདན་ལ་ༀ་བཛྲ་ཨཀྵོ་བྷྱཿ ཧཱུཾ་མི་བསྐྱོད་པ་དཀར་པོ་གཡས་ས་གནོན་དང་གཡོན་མཉམ་བཞག །རྩིབས་བཞིའི་མདུན་མར་ༀ་བཛྲ་ས་ཏྭ་ཧཱུཾ་རྡོ་རྗེ་སེམས་དཔའ་དཀར་པོ་གཡས་སོར་མོ་དབུས་མ་གསུམ་བསྒྲེང་བའི་གུང་མོའི་རྩེར་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་པའི་ཚུལ་དང་གཡོན་དྲིལ་བུ་དཀུར་བརྟེན་པ། གཡས་སུ་ༀ་བཛྲ་རཱ་ཛ་ཛ་རྡོ་རྗེ་རྒྱལ་པོ་སེར་པོ་ཕྱག་གཉིས་ལྕགས་ཀྱུ། རྒྱབ་ཏུ་ༀ་བཛྲ་རཱ་ག་ཧོཿརྡོ་རྗེ་ཆགས་པ་དམར་པོ་ཨུཏྤ་ལ་དམར་པོ་ཁ་མ་བྱེ་བའི་མདེའུ་ཅན་གྱི་མདའ་གཞུ་འགེང་པ། གཡོན་དུ་ༀ་བཛྲ་སཱ་དྷུ་དྷུ་རྡོ་རྗེ་ལེགས་པ་ལྗང་གུ་སྙིང་གར་ཕྱག་གཉིས་རྡོ་རྗེ་དང་བཅས་པའི་མཐེབ་མཛུབ་ཀྱིས་སེ་གོལ་རྡེབ་པའོ། །རིའུ་མིག་ལྷོའི་ལྟེ་བའི་གདན་ལ་ༀ་རཏྣ་སམྦྷ་བ་ཏྲཱཾ། རིན་ཆེན་འབྱུང་ལྡན་སྔོན་པོ་གཡས་མཆོག་སྦྱིན་དང་གཡོན་མཉམ་བཞག །རྩིབས་བཞིའི་མདུན་མར་ༀ་བཛྲ་རཏྣ་ཏྲཱཾ་རྡོ་རྗེ་རིན་ཆེན་སྔོན་པོ་གཡས་ཁུ་ཚུར་གྱིས་རིན་པོ་ཆེ་དཔྲལ་བ་དང་གཡོན་དྲིལ་བུ་དཀུར་བརྟེན་པ། གཡས་སུ་ༀ་བཛྲ་ཏེ་ཛརྻ་རྡོ་རྗེ་གཟི་བརྗིད་དམར་པོ་གཡས་ཉི་མའི་དཀྱིལ་འཁོར། རྒྱབ་ཏུ་ༀ་བཛྲ་ཀེ་ཏུ་བྷྲི་རྡོ་རྗེ་རྒྱལ་མཚན་སྔོན་པོ་གཡས་རྒྱལ་མཚན། གཡོན་དུ་ༀ་བཛྲ་ཧ་ས་ཧ་རྡོ་རྗེ་བཞད་པ་དཀར་པོ་གཡས་སོའི་ཕྲེང་བ་འཛིན་པའོ། །རེའུ་མིག་ནུབ་མའི་ལྟེ་བའི་གདན་ལ་ༀ་པདྨ་ཨ་མི་ཏཱ་བྷཱ་ཧྲཱི༔ སྣང་བ་མཐའ་ཡས་དམར་པོ་ཕྱག་གཉིས་མཉམ་བཞག །རྩིབས་བཞིའི་མདུན་མར་ༀ་བཛྲ་དྷརྨ་ཧྲཱིཿརྡོ་རྗེ་ཆོས་དམར་པོ་གཡོན་པདྨ་དཀུར་བརྟེན་པའི་ཁ་གཡས་པའི་མཐེབ་མཛུབ་ཀྱིས་ཐུགས་ཀར་འགྱེད་པ། གཡས་སུ་ༀ་བཛྲ་ཏིཀྵྞ་དྷྲཱི་རྡོ་རྗེ་རྣོན་པོ་སྔོན་པོ་གཡས་རལ་གྲི་འཕྱར་ཞིང་གཡོན་ཐུགས་ཀར་པུསྟི། རྒྱབ་ཏུ་ༀ་བཛྲ་ཧེ་ཏུ་ཀྲུཾ་རྡོ་རྗེ་རྒྱུ་སེར་པོ་གཡས་པའི་གུང་མོ་ལ་འཁོར་ལོ་རྩིབས་བརྒྱད་པ་བསྐོར་བ། གཡོན་དུ་ༀ་བཛྲ་བྷཱ་ཥབྷཱ་རྡོ་རྗེ་སྨྲ་བ་དམར་པོ་གཡས་རྡོ་རྗེས་མཚན་པའི་ལྕེ་འཛིན་པའོ། །རིའུ་མིག་བྱང་མའི་ལྟེ་བའི་གདན་ལ་ༀ་ཀརྨ་ཨ་མོ་གྷ་སིདྡྷི་ཨཱཿདོན་ཡོད་གྲུབ་པ་ལྗང་གུ་གཡས་སྐྱབས་སྦྱིན་དང་གཡོན་མཉམ་བཞག །རྩིབས་བཞིའི་མདུན་མར་ༀ་བཛྲ་ཀརྨ་ཀཾ་རྡོ་རྗེ་ལས་ལྗང་ཀུ་གཡས་པའི་གུང་མོས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་གཏོད་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། གཡས་སུ་ༀ་བཛྲ་རཀྵ་ཧཾ་རྡོ་རྗེ་སྲུང་བ་ཆེན་པོ་ཕྱག་གཉིས་ཀྱིས་གོ་ཆ། རྒྱབ་ཏུ་ༀ་བཛྲ་ཡཀྵ་ཧཱུཾ་རྡོ་རྗེ་གནོད་སྐྱིན་སྔོན་པོ་ཕྱག་གཉིས་རྡོ་རྗེའི་མཆེ་བ་ཁ་འགྲམ་སོ་སོར་འཛིན་པ། གཡོན་དུ་ༀ་བཛྲ་སནྡྷི་བཾ་རྡོ་རྗེ་ཁུ་ཚུར་སེར་པོ་ཕྱག་གཉིས་དམ་ཚིག་གི་ཁུ་ཚུར་གྱིས་རྡོ་རྗེ་རྩེ་ལྔ་པ་འཚིར་བའོ། །མཚམས་ཀྱི་རིའུ་མིག་བཞིའི་ཤར་ལྷོར་ༀ་བཛྲ་ལཱ་སྱ་ཧཱུཾ་སྒེག་མོ་དཀར་མོ་སྙེམས་པའི་ཚུལ་གྱིས་ཕྱག་གཉིས་དཀུར་བརྟེན་པའི་གཡས་པས་མེ་ལོང་། ལྷོ་ནུབ་ཏུ་ༀ་བཛྲ་མཱ་ལེ་ཏྲཱཾ་ཕྲེང་བ་མ་སེར་མོ་ཕྱག་གཉིས་ཀྱི་རིན་པོ་ཆེའི་ཕྲེང་བ། ནུབ་བྱང་དུ་ༀ་བཛྲ་གྷི་རྟི་ཧྲཱིཿགླུ་མ་དམར་མོ་ཕྱག་གཉིས་ཀྱིས་པི་ཝཾ་བརྡུང་བ། བྱང་ཤར་དུ་ༀ་བཛྲ་ནྲྀ་ཏྱ་ཨ་གར་མ་ལྗང་གུ་ཕྱག་གཉིས་ཀྱིས་རྡོ་རྗེ་རྩེ་གསུམ་བསྣམས་ནས་གར་བསྒྱུར་བ། ཤར་ལྷོ་ནས་བརྩམས་ཏེ་གྲྭ་བཞིར་གཡས་བསྐོར་དུ་ༀ་བཛྲ་དྷཱུ་པེ་ཧཱུཾ། སྤོས་མ་དཀར་མོ་ཕྱག་གཉིས་ཀྱིས་སྤོས་ཕོར། ༀ་བཛྲ་པུཥྤེ་ཏྲཾ་མེ་ཏོག་མ་སེར་པོ་གཡོན་མེ་ཏོག་གི་སྣོད་འཛིན་པ་ལས་གཡས་པས་འཐོར་བ། ༀ་བཛྲ་ཨཱ་ལོ་ཀེ་ཧྲཱིཿམར་མེ་མ་དམར་སྐྱ་ཕྱག་གཉིས་མར་མེའི་མཆོད་སྡོང་། ༀ་བཛྲ་གནྡྷེ་ཨ་དྲི་ཆབ་མ་ལྗང་ཁུ་གཡོན་དུང་ཕོར་ལས་གཡས་པས་དྲི་བྱུག་པ། ཤར་ནས་གཡས་བསྐོར་གྱི་སྒོ་བཞིར་ༀ་བཛྲ་ཨཾ་ཀུ་ཤ་ཛཿརྡོ་རྗེ་ལྕགས་ཀྱུ་དཀར་པོ་ཕྱག་གཉིས་ཀྱིས་ལྕགས་ཀྱུ། ༀ་བཛྲ་པཱ་ཤ་ཧཱུཾ་རྡོ་རྗེ་ཞགས་པ་སེར་པོ་ཕྱག་གཉིས་ཀྱིས་ཞགས་པ། ༀ་བཛྲ་སྥོ་ཊ་བཾ་རྡོ་རྗེ་ལྕགས་སྒྲོག་དམར་པོ་ཕྱག་གཉིས་ཀྱི་ལྕགས་སྒྲོག །ༀ་བཛྲ་ཨཱ་བེ་ཤ་ཨ་རྡོ་རྗེ་འབེབས་པ་ལྗང་གུ་གཡས་དྲིལ་བུ་དཔུང་མགོའི་ཐད་དུ་འཁྲོལ་བ། དེ་རྣམས་ཀྱི་ཕྱག་གཡོན་མ་སྨོས་པ་ཐམས་ཅད་གདན་ལ་བརྟེན་པའོ། །དཀྱིལ་འཁོར་ཕྱི་མའི་ཕྱོགས་བཞིའི་ལྷ་སྣམ་ལ། ༀ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭཱ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝ་རེ་སྭཱ་ཧཱ། ཤར་དུ་བྱང་ཆུབ་སེམས་དཔའ་བྱམས་པ། མཐོང་བ་དོན་ཡོད། ངན་སོང་ཀུན་འདྲེན། མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་བཞི་དཀར་པོ། ལྷོར་སྤོས་ཀྱི་གླང་པོ། དཔའ་བར་འགྲོ་བ། ནམ་མཁའ་མཛོད། ཡེ་ཤེས་ཏོག་བཞི་སེར་པོ། ནུབ་ཏུ་འོད་དཔག་མེད། ཟླ་འོད། བཟང་སྐྱོང་། དྲྭ་བ་ཅན་གྱི་འོད་བཞི་དམར་པོ། བྱང་དུ་རྡོ་རྗེ་སྙིང་པོ། བློ་གྲོས་མི་ཟད་པ། སྤོབས་པ་བརྩེགས་པ། ཀུན་ཏུ་བཟང་པོ་བཞི་ལྗང་གུ། སྐལ་བཟང་གི་སེམས་དཔའ་བཅུ་དྲུག་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། གཙོ་འཁོར་ཐམས་ཅད་ཀྱང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་། དེ་བཞིན་གཤེགས་པ་ལྔ་པོ་དབུ་སྐྲ་རལ་པའི་ཐོར་ཅོག་ཅན། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དང་ཉི་མའི་རྒྱབ་ཡོལ་མངའ་བ། འཁོར་རྣམས་སེམས་དཔའི་སྐྱིལ་མོ་ཀྲུང་དང་ཟླ་བའི་རྒྱབ་ཡོལ་ཅན། རྡོ་རྗེ་གནོད་སྦྱིན་ཁྲོ་བོ་དང་གཞན་ཐམས་ཅད་ཞི་ཞིང་འཛུམ་ལ་སྒེག་པའི་ལང་ཚོ་རབ་ཏུ་རྒྱས་པའོ། །དེ་ནས་རང་ཧཱུཾ་མཛད་ཀྱི་རྒྱལ་དུ་འཕོས་ནས། ༀ་བཛྲོདྒྷ་ཊ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ། ཞེས་པའི་སྔགས་རྒྱས་སྒོ་ཕྱེ་ལ། རང་རྡོ་རྗེ་སེམས་དཔར་ང་རྒྱལ་འཕོས་པས་ཡེ་ཤེས་པ་སྤྱན་དྲང་སྟེ། སྤོས་དང་རྡོར་དྲིལ་འཛིན་ཞིང་དབྱངས་དང་བཅས་པས། ཧཱུཾ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་རྣམ་སྣང་འཁོར་བཅས་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་བཛྲ་དྷཱ་ཏུ་བཻ་རོ་ཙ་ན་ས་པ་རི་ཝཱ་ར་དྲྀ་ཤྱ་ཧོཿ ༀ་བཛྲ་དྷཱ་ཏུ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་རྒྱ་དང་། ཛཿཧཱུཾ་བཾ་ཧོཿའི་སྔགས་རྒྱས་སྒོ་ཁང་སོ་སོར་དགུག་གཞུག་བཅིངས་མཉེས་བྱས་ཏེ་སྤྱན་དྲངས་པ་ལ། མཆོད་ཡོན་སྦྲེང་བཞིན་དུ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་རྗེས་ཐུགས་དཔག་མཛད་དུ་གསོལ། །ༀ་བཛྲ་ས་ཏྭ་ཧཱུཾ། ༀ་ག་ག་ན་ས་མ་ཡ་སྭཱ་ཧཱ། དེ་ནས་ཁྲུས་གསོལ་ཏེ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ༀ་བཛྲ་སརྦ་དེ་བ་ཏ་ཨར་ཙི་ཏ་ཨ་མྲྀ་ཏེ་ཧ་ར་སྭཱ་ཧཱ། དེ་ནས་གདན་དབུལ་ཏེ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ༀ་པདྨ་ཨཱ་ས་ན་ཧཱུཾ། དེ་ནས། ༀ་བཛྲ་པུཥྤེ་ཧཱུཾ། སོགས་ཀྱིས་རྣམ་ལྔ་ཕུལ་ལ། ༀ་བཛྲ་ཨཾ་ཀུ་ཤ་ཛཿ ༀ་བཛྲ་པཱ་ཤ་ཧཱུཾ། ༀ་བཛྲ་སྥོ་ཊ་བཾ། ༀ་བཛྲ་ཨཱ་བེ་ཤ་ཨཱཿ ཞེས་པའི་སྔགས་དང་ཕྱག་རྒྱ་བཞིས་སྒོ་ཁང་ན་བཞུགས་པའི་ཡེ་ཤེས་པ་རྣམས་དམ་ཚིག་པ་ལ་དགུག་གཞུག་བཅིང་མཉེས་བྱས་ལ། རྡོ་རྗེ་གནོད་སྦྱིན་གྱི་ལས་རྒྱ་དང་། ༀ་བཛྲ་ཡཀྵ་ཧཱུཾ། ལན་གཉིས་ཀྱིས་ཕྱི་འབྲང་གི་བགེགས་བསྐྲད་ཅིང་བསྲུང་། རྡོ་རྗེ་ཁུ་ཚུར་གྱི་ལས་རྒྱ་བཅས་ལ། བཛྲ་སནྡྷི་བཾ་གྱིས་སྒོ་བཅད། དེ་ནས་སྐབས་འདིར་ཕྱག་རྒྱ་བཞིས་རྒྱས་གདབ་སྟེ། དེ་ལ་དམ་རྒྱ་ནི། ཐལ་མོ་རྩེ་སྤྲད་དེ། ས་མ་ཡ་སྟྭཾ། ཞེས་ཞབས་བརྡབས་པས་དགའ་བ་བསྐྱེད་ནས་རྣམ་སྣང་གི་དམ་རྒྱ་བཅས་ལ། བཛྲ་དྷཱ་ཏུ་དྲྀ་ཤྱ། མདུན་གྱི་ཡེ་ཤེས་པ་ལ་བལྟ། ཛཿཧཱུཾ་བཾ་ཧོཿས་བསྟིམ། ས་མ་ཡ་སྟྭཾ། རྒྱབ་ཏུ་ཉི་མའི་འོད་ཁྱིམ་གྲུབ། ས་མ་ཡ་སྟྭཾ་ཨ་ཧཾ། རྣམ་སྣང་གི་ང་རྒྱལ་བྱ། བཛྲ་དྷཱ་ཏུ། ལན་གསུམ་བཟླས་པས་ཐུགས་ཀར་ཉི་མ་ལ་སྙིང་པོ་བསམ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གཱི་ཤྭ་ར་ཧཱུཾ། ཞེས་ལན་གསུམ་བརྗོད་ཅིང་སྙིང་པོའི་མཐར་བཀོད། དེས་མཚོན་ཏེ་རིགས་གཞན་བཞི་ལ། རང་རང་གི་དམ་རྒྱ་འཆའ་ཞིང་སྔགས་གཞན་རྣམས་འདྲ་བ་ལས། སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གཱི་ཤྭ་རའི་ཚབ་ཏུ། ༀ་བཛྲ་ས་ཏྭ་ཧཱུཾ། ༀ་བཛྲ་རཏྣ་ཧཱུཾ། ༀ་བཛྲ་དྷརྨ་ཧཱུཾ། ༀ་བཛྲ་ཀརྨ་ཧཱུཾ་བཞིས་བརྗེ། དེ་བཞིན་དུ་འཁོར་རྣམས་ལ། སུ་ར་ཏ་སྟྭཾ། ཐལ་མོ་རྩེ་སྤྲད་པའི་ཞབས་བརྡབས་པས་དགའ་བ་བསྐྱེད། རྡོར་སེམས་ཀྱི་དམ་རྒྱ་བཅས་ལ། བཛྲ་ས་ཏྭ་དྲྀ་ཤྱ་ཡིས་བལྟ། ཛཿཧཱུཾ་བཾ་ཧོཿས་བསྟིམ། ས་མ་ཡ་སྟྭཾ། ཟླ་བའི་རྒྱབ་ཡོལ། ས་མ་ཡ་སྟྭཾ་ཨ་ཧཾ་གིས་ང་རྒྱལ། བཛྲ་ས་ཏྭ་གསུམ་གྱིས་ཐུགས་ཀར་ཟླ་བར་སྙིང་པོ། དེའི་མཐར། ༀ་བཛྲ་ས་ཏྭ་ཧཱུཾ། ཞེས་བཀོད་ལ་ལན་གསུམ། དེས་མཚོན་ཏེ་རྡོ་རྗེ་རྒྱལ་པོ་སོགས་རང་རང་གི་དམ་རྒྱ་འཆའ་ཞིང་། བཛྲ་ས་ཏྭའི་ཚབ་ཏུ། བཛྲ་རཱ་ཛ་སོགས་རང་སྔགས་ཀྱིས་བརྗེ་བ་མ་གཏོགས་འདྲའོ། །དེ་ལྟར་རྒྱས་བཏབ་པས་ལྷ་ཐམས་ཅད་ཀྱི་སྙིང་གར་དང་པོའི་རྡོ་རྗེ་རྩེ་ལྔ་པས་མཚན་པར་གྱུར། དེ་ལ་སོ་སོའི་དམ་རྒྱ་འཆིང་ཚུལ་ནི། རྡོ་རྗེ་བསྡམས་པ་གཞིར་བཞག་ནས། གུང་མོ་མྱུ་གུ་ལྟར་མཉམ་པར་སྒྲེང་བ་རྣམ་སྣང་། གུང་མོ་ནང་དུ་གཤིབས་ནས་སྦས་པ་མི་བསྐྱོད་པ། གུང་མོ་རིན་ཆེན་འདྲ་བ་རིན་འབྱུང་། གུང་མོ་པདྨ་ལྟར་དགུག་པ་མཐའ་ཡས། རྡོར་བསྡམས་ཟླུམ་པོ་ལས་མཛུབ་མོ་བཀུག་པ་དོན་གྲུབ། རྡོར་བསྡམས་ལས་གུང་མོ་གཤིབས་ཏེ་སྒྲེང་ཞིང་མཐེ་བོང་དང་མཐེ་ཆུང་བཞི་ཕྲལ་ནས་སྒྲེང་བ་ནི་རྡོར་སེམས། །མཛུབ་གཉིས་ལྕགས་ཀྱུ་འདྲ་བ་རྡོ་རྗེ་རྒྱལ་པོ། མཛུམ་གཉིས་ལྟོ་སྦྱར་ནས་བརྐྱང་པ་རྡོ་རྗེ་ཆགས་པ། མཐེབ་མཛུབ་ཀྱི་སེ་གོལ་སྙིང་གར་རྡེབ་པ་རྡོ་རྗེ་ལེགས་པ། མཐེ་བོང་གཤིབས་ཤིང་མཛུབ་རྩེ་སྤྲད་པ་ལས་ཚིགས་བཅག་པ་རྡོ་རྗེ་རིན་ཆེན། རྡོ་རྗེ་ཐལ་མོ་ལས་མཐེབ་མཛུབ་སྔར་ལྟར་བྱས་པ་རྡོ་རྗེ་གཟི་བརྗིད། རྡོར་བསྔམས་ལས་སྲིན་ལགས་མཐེ་ཆུང་གཉིས་མཉམ་པར་གཤིབས་པ་རྡོ་རྗེ་རྒྱལ་མཚན། དེ་ཉིད་བསྐོར་ནས་ཁའི་ཕྱོགས་བཞག་པ་རྡོ་རྗེ་བཞད་པ། མཐེ་བོང་མཉམ་གཤིབས་མཛུབ་རྩེ་གཉིས་བཀུག་པ་རྡོ་རྗེ་ཆོས། གུང་མོ་གཤིབས་ཏེ་སྒྲེང་བའི་རྩེ་བཀུག་པ་རྡོ་རྗེ་རྣོན་པོ། དེ་ལས་སྲིན་ལག་དང་མཐེ་ཆུང་གཤིབས་བ་རྡོ་རྗེ་རྒྱུ། རྡོར་བསྔགས་ལས་མཐེ་བོང་གཉིས་ཕན་ཚུན་དུ་ཕྱེ་ལ་ཐལ་མོ་བཀན་ཏེ་ཁའི་ཕྱོགས་བཞག་པ་རྡོ་རྗེ་སྨྲ་བ། རྡོར་བསྡམས་ལས་མཐེ་བོང་མཐེའུ་ཆུང་རྩེ་སྤྲད་དེ་བཀྱེད་པ་རྡོ་རྗེ་ལས། དེ་ལས་མཛུམ་མོ་གཤིབས་ཏེ་སྙིང་གར་བརྐྱང་པ་རྡོ་རྗེ་བསྲུང་བ། མཛུབ་གཉིས་བཀུག་པ་ལྕགས་ཀྱུ་ལྟར་བྱས་ཤིང་མཐེ་ཆུང་གཉིས་གཤིབས་པ་མཆེ་བ་ལྟར་བྱས་པ་རྡོ་རྗེ་གནོད་སྦྱིན། མཐེ་ཆུང་གཉིས་ཀྱི་ནང་དུ་མཐེ་བོང་བཅུག་པའི་རྩ་བ་མཛུབ་མོ་གཉིས་ཀྱིས་འཆིར་བ་རྡོ་རྗེ་ཁུ་ཚུར། རྡོར་བསྡམས་ཀྱི་མཐེ་བོང་མཉམ་པ་སྙིང་གར་བཞག་པ་སྒེག་མོ། རྡོ་རྗེ་ཐལ་མོ་ཕྲེང་མ། རྡོ་རྗེ་ཐལ་སྦྱར་ཏེ་ཁ་ནས་དབྱུང་བ་གླུ་མ། རྡོར་ཐལ་བསྐོར་བ་སྤྱི་བོར་བཞག་པ་གར་མ། རྡོར་བསྡམས་བཅིང་བ་མཐུར་དུ་བླུག་པ་སྤོས། རྡོར་ཐལ་ཕྱེ་ནས་གྱེན་དུ་འཐོར་བ་མེ་ཏོག །རྡོར་བསྡམས་ལས་མཐེ་བོང་མཉམ་པ་མར་མེ། རྡོར་ཐལ་ཕྱེ་ནས་བརྐྱང་བ་བྱུག་པ། རྡོར་བསྡམས་ལས་མཛུབ་མོ་གཡས་པ་བཀུག་པ་ལྕགས་ཀྱུ། རྡོར་བསྡམས་ལས་མཐེ་བོང་གཡས་པ་ནང་དུ་བཅུག་ལ་མདུན་པ་ཞགས་པ། མཐེ་བོང་མཛུབ་མོ་སོ་སོར་རྩེ་སྤྲད་པ་གདུ་བུ་ལྟ་བུ་ལྕགས་སྒྲོག །རྡོ་རྗེ་བཅིང་བ་ལས་མཛུབ་མོ་ནང་དུ་བཅུག་ལ་མཐེ་བོང་གཉིས་ཀྱིས་བསྡམས་པ་དྲིལ་བུའོ། །དེ་ནས་ཆོས་རྒྱ་ནི། ལྷ་ཐམས་ཅད་ཀྱི་ལྐོག་མར་ཧྲཱིཿལས་པདྨ་དམར་པོ་འདབ་བརྒྱད་ཀྱི་འདབ་མར་ཨ་ལས་ཟླ་བའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་དཀར་པོ་ཆུར་ཉལ་བ། ༀ་བཛྲ་ཛི་ཧྭ། རྡོ་རྗེའི་ལྟེ་བར་ལྷ་རང་རང་གི་ཆོས་ཡིག་རིགས་ལྔ་ལ་བཛྲ་ཛྙཱ་ན་རེ་རེ་དང་། སེམས་དཔའ་དང་སྒེག་སོགས་བཅུ་གཉིས་ལ་རིམ་པར། ས་མ་ཡ་སྟྭཾ། ཨཱ་ན་ཡ་སྭ། ཨ་ཧོ་སུ་ཁ། སཱ་དྷུ་སཱ་དྷུ། སུ་མ་ཧཱ་སྟྭཾ། རཱུ་པོ་དྱོ་ཏི། ཨཪྠ་པྲ་པྟི། ཧ་ཧ་ཧཱུཾ་ཧེ། སརྦ་ཀཱ་རི། དུ་ཁ་ཙྪེ་ད། བུདྡྷ་བ་དྷི། པྲ་ཏི་ཤཔྟ། སུ་བ་ཤི་ཏྭཾ། ནི་རྦ་ཡ་ཏྭི། ཤ་ཏྲཾ་བྷ་ཀྵ། སརྦ་སིདྡྷི། མ་ཧཱ་ར་ཏི། རཱུ་བོ་ཤོ་བྷེ། ཤོ་ཌ་ས་ཁྱ། སརྦ་པཱུ་ཛེ། པྲ་ཧླ་ད་ནི། ཕ་ལ་ག་མི། སུ་ཧེ་ཛཱ་གྲི །སུ་གནྡྷ་གི །ཨཱ་ཡ་ཧེ་ཛཿ ཨཱ་ཱཡ་ཧེ་ཧཱུཾ། ཧེ་སྥོ་ཊ་བཾ། གྷཎྜེ་ཨ་ཨཱཿརྣམས་ཀྱིས་མཚན་པས་རང་སྒྲ་གྲགས་པར་མོས་ཞིང་ངག་ནས་བརྗོད་དོ། །དེ་ནས་ལས་རྒྱ་ནི། ལྷ་ཐམས་ཅད་ཀྱི་ཐུགས་ཀར་སྣ་ཚོགས་རྡོ་རྗེ་རེ་རེ་གསལ་བར་བསམ་ལ། དཀུ་གཡོན་དུ་ཁུ་ཚུར་བཅིངས་པ་ཁ་སྦྱར་བ་ལས་འོག་མ་མཛུབ་མོ་དང་སྟེང་མ་མཐེའུ་ཆུང་ནས་བཀྲོལ་ཏེ་བ་དན་བསྐྱོད་པ་སྔོན་དུ་འགྲོ་བའམ། བསྡུས་པ་ལའང་པད་བསྐོར་སྔོན་དུ་འགྲོ་བས་རང་རང་གི་ལས་རྒྱ་བཅའ་བཞིན་དུ་རིགས་ལྔ་ལ། ༀ་བཛྲ་དྷཱ་ཏུ་རེ་རེ་དང་། འཁོར་རྣམས་ལ་རིམ་པར། ༀ་བཛྲ་ས་ཏྭ། ༀ་བཛྲ་རཱ་ཛ། ༀ་བཛྲ་རཱ་ག །ༀ་བཛྲ་སཱ་དྷུ། ༀ་བཛྲ་རཏྣ། ༀ་བཛྲ་ཏེ་ཛ། ༀ་བཛྲ་ཀེ་ཏུ། ༀ་བཛྲ་ཧ་ས། ༀ་བཛྲ་དྷརྨ། ༀ་བཛྲ་ཏིཀྵྞ། ༀ་བཛྲ་ཧེ་ཏུ། ༀ་བཛྲ་བྷ་ཥ། ༀ་བཛྲ་ཀརྨ། ༀ་བཛྲ་རཀྵ། ༀ་བཛྲ་ཡཀྵ། ༀ་བཛྲ་སནྡྷི། ༀ་བཛྲ་ལཱ་སྱ། ༀ་བཛྲ་མཱ་ལེ། ༀ་བཛྲ་གཱི རྟི། ༀ་བཛྲ་ནྲྀ་ཧྱེ། ༀ་བཛྲ་དྷཱུ་པེ། ༀ་བཛྲ་པུཥྤེ། ༀ་བཛྲ་ཨཱ་ལོ་ཀེ །ༀ་བཛྲ་གནྡྷེ། ༀ་བཛྲ་ཨཾ་ཀུ་ཤ །ༀ་བཛྲ་པཱ་ཤ །ༀ་བཛྲ་སྥོ་ཊ། ༀ་བཛྲ་ཨཱ་བེ་ཤ །སོ་སོའི་ལས་རྒྱ་འཆིང་ཚུལ་ནི། རྣམ་སྣང་ལ་བྱང་ཆུབ་མཆོག་རྒྱ། མི་བསྐྱོད་རིན་འབྱུང་དོན་གྲུབ་གསུམ་ལག་གཡོན་ནུ་མ་གཡོན་པའི་ཐད་དུ་ཆོས་གོས་ཀྱི་གྲྭ་འཛིན་པའི་ཚུལ་དང་གཡས་ས་གནོན་སོགས་སོ་སོའི་ཕྱག་ཆེན། སྣང་མཐའ་ཕྱག་གཉིས་གཉམ་བཞག །ལག་གཡས་རྡོ་རྗེ་གསོར་ཚུལ་དང་གཡོན་བསྒྱིང་བ་དང་བཅས་པ་ནི་རྡོར་སེམས། ལག་གཉིས་ལྕགས་ཀྱུ་འཛིན་པ་ལྟ་བུ་རྡོ་རྗེ་རྒྱལ་པོ། མདའ་འཕང་ཚུལ་རྡོ་རྗེ་ཆགས་པ། མཐེབ་མཛུབ་ཀྱི་སེ་གོལ་སྙིང་གར་གཞག་པ་རྡོ་རྗེ་ལེགས་པ། །ཁུ་ཚུར་གཉིས་གཤིབས་དཔྲལ་བར་བཞག་པ་རྡོ་རྗེ་རིན་ཆེན། རྡོ་རྗེ་ཁུ་ཚུར་གཉིས་སྟེང་འོག་ཏུ་སྦྱར་བ་སྙིང་གར་བཞག་པ་རྡོ་རྗེ་གཟི་བརྗིད། ཁུ་ཚུར་གཡོན་པར་གཡས་པའི་གྲུ་མོ་བཙུགས་པ་རྡོ་རྗེ་རྒྱལ་མཚན། གཡས་གཡོན་སོ་ཕྲེང་འཛིན་ཚུལ་ཁ་ཕྱོགས་བསྐོར་བ་རྡོ་རྗེ་བཞད་པ། གཡས་པའི་མཐེབ་མཛུབ་ཀྱིས་གཡོན་པའི་པདྨ་ཁ་འབྱེད་པ་ལྟར་བྱེད་པ་རྡོ་རྗེ་ཆོས། སྙིང་གར་གཡོན་པ་རལ་གྲི་མདུད་པ་ལྟར་བྱེད་པ་རྡོ་རྗེ་རྣོན་པོ། རྡོ་རྗེ་ཁུ་ཚུར་ཁ་སྦྱར་ལ་མགལ་མེ་ལྟར་བསྐོར་བ་རྡོ་རྗེ་རྒྱུ། རྡོ་རྗེ་ཁུ་ཚུར་གཉིས་ཁ་ནས་དབྱུང་བ་ལྟར་བྱེད་པ་རྡོ་རྗེ་སྨྲ་བ། རྡོ་རྗེ་ཐལ་མོ་གར་བསྐོར་བཀྲོལ་ནས་འགྲམ་གཡས་གཡོན་དང་སྤྱི་བོར་བཞག་པ་རྡོ་རྗེ་ལས། གོ་ཆ་བཀོན་ཚུལ་རྡོ་རྗེ་སྲུང་བ། ཁུ་ཚུར་ལས་མཐེ་ཆུང་གཉིས་མཆེ་བ་ལྟ་བུ་ཁ་འགྲམ་དུ་བཞག་པ་རྡོ་རྗེ་གནོད་སྦྱིན། ཁུ་ཚུར་གཉིས་དཀུ་གཡོན་དུ་མནན་པ་རྡོ་རྗེ་ཁུ་ཚུར། རྡོ་རྗེ་བསྒྱིངས་ཚུལ་གྱིས་འདུད་པ་སྒེག་མོ། ཕྲེང་བ་བཅིང་པ་ཕྲེང་མ། རྡོ་རྗེ་ཚུལ་ཁ་ནས་དབྱུང་བ་གླུ་མ། རྡོ་རྗེ་གར་བསྐོར་བ་གར་མ། རྡོ་རྗེ་ཁུ་ཚུར་གྱིས་བདུག་པ་དང་འཐོར་བ་དང་བསྐོར་བ་དང་བྱུག་པ་ལྟར་བྱ་བ་མཆོད་པའི་ལྷ་མོ་བཞི། ཁུ་ཚུར་ལས་གཡས་པའི་མཛུབ་མོ་དང་གཡོན་པའི་མཐེ་ཆུང་བཅིང་བ་ལྕགས་ཀྱུ་དང་། མཁྲིག་མ་མདུད་པ་ཞགས་པ། མཛུབ་གཉིས་གདུ་བུ་ལྟར་བྱས་པ་ལྕགས་སྒྲོག །རྒྱབ་གཉིས་མཉམ་སྟེ་མནན་པ་དྲིལ་བུའོ། །དེ་ནས་ཕྱག་ཆེན་ནི། ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བ་ལ་དང་པོའི་རྡོ་རྗེ་རྩེ་ལྔ་པ་རེ་གསལ་གཏབ་ལ། སྔགས་ནི་ལས་རྒྱ་བཞིན་ལས་ཐོག་མའི་ༀ་ཡིག་བོར་བ་ཡིན་ལ། ཕྱག་རྒྱའི་སྒར་མདུན་བསྐྱེད་གསལ་འདེབས་ཀྱི་མངོན་རྟོགས་ལྟར་འཆིང་ངོ་། །འདིར་མ་ཟད་སྔར་གྱི་དམ་རྒྱའི་མཇུག་ཏུ་སོ་སོའི་སྔགས་སྙིང་པོའི་མཐར་བཀོད་དེ་ལན་གསུམ་བཟླ་བ་དང་། ཆོས་རྒྱའི་སྔགས་རྣམས་འདོན་པའི་ཚེ་ཡང་ལྷ་སོ་སོའི་ཕྱག་ཆེན་སྟོན་པའི་ལུགས་འབྱུང་སྟེ། ངེས་པར་དགོས་པ་མ་ཡིན་ཀྱང་ལྷ་དེ་དང་དེ་ནི་འདིའོ་ཞེས་ཤེས་པའི་ཆེད་ཙམ་མོ། །ཁྱམས་ཕྱི་མའི་སེམས་དཔའ་རྣམས་ལ་ནི་རིམ་པ་བཞིན་འཁོར་ལོ་བསྒྱུར་བ་བཞིའི་ཕྱག་རྒྱས་བཏབ་པར་བྱའོ། །དེ་ནས་རྡོ་རྗེ་རིན་ཆེན་གྱི་དམ་རྒྱ་དང་ༀ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཾ། ཞེས་པས། དེ་བཞིན་གཤེགས་པ་རྣམས་ལ་རིན་པོ་ཆེའི་ཅོད་པན་གྱིས་དབང་བསྐུར། རྡོར་ཐལ་ལས་གུང་མོ་གཤིབས་ཏེ་སྒྲེང་བའི་ཚིགས་དབུས་མར་མཛུབ་རྩེ་བཀུག་པ་སྦྱར་བ་སྤྱི་བོར་བཞག་ནས། ༀ་བཛྲ་དྷཱ་ཏྭཱི་ཤྭ་རཱི་ཧཱུཾ་བཛྲཱི་ཎི་ཨ་བྷི་ཥིཉྩ་མཾ། རྡོར་ཐ་ལས་གུང་མོ་གཤིབས་སྒྲེང་མཆོག་མར་བཞག་ནས། ༀ་བཛྲ་བཛྲཱི་ཎི་ཧཱུཾ་ཨ་བྷི་ཥིཉྩ་མཾ། དེའི་གུང་མོ་བཅག་སྟེ་རིན་ཆེན་ལྟར་བྱས་པ་རྣ་ལྟག་གཡས་པར་བཞག་ནས། ༀ་རཏྣ་བཛྲཱི་ཎི་ཧཱུཾ་ཨ་བྷི་ཥིཉྩ་མཾ། རྡོར་ཐལ་གྱི་གུང་སྲིན་མཐེའུ་ཆུང་གསུམ་པད་འདབ་ལྟར་བྱས་པ་ལྟག་པར་བཞག་ནས། ༀ་དྷརྨ་བཛྲཱི་ཎི་ཧཱུཾ་ཨ་བྷི་ཥིཉྩ་མཾ། སོར་མོ་ཐམས་ཅད་བརྐྱང་བ་རྣ་ལྟག་གཡོན་པར་བཞག་ནས། ༀ་ཀརྨ་བཛྲཱི་ཎི་ཧཱུཾ་ཨ་བྷི་ཥིཉྩ་མཾ། ཞེས་གཞན་ཐམས་ཅད་ལ་རིན་པོ་ཆེ་རྩེ་བྲན་གྱི་ཅོད་པན་གྱིས་དབང་བསྐུར། དེ་ནས། ༀ་ཏྲུཾ་ཞེས། སྙིང་མགྲིན་ལྟག་སྙིང་ནུ་བར་དང་། སྙིང་མགྲིན་རྒྱབ་དང་དཔྲལ་བ་དགུར། རྡོ་རྗེ་ཁུ་ཚུར་གཉིས་མདུད་པ་འཆིང་བཞིན་དུ་གོ་བགོས་ལ། རྣ་བའི་སྟེག་དུ་ལག་ཕྱེ་སྟེ། ༀ་བཛྲ་ཏུཥྱ་ཧོཿ ཞེས་ཐལ་མོ་རྩེ་སྤྲད་དེ་གཤམ་བརྡབས་ནས་བརྐྱང་བས། དར་དཀར་པོས་གནས་དགུར་མདུད་དེ་རྣ་བའི་སྟེང་ནས་ཡར་ལྕུགས་ལ་ལྷག་མ་ལུས་མཉམ་དུ་དཔྱངས་པར་བསམ་མོ། །དེ་ནས་མཆོད་པ་ཡཀྵ་དང་མེས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་དུ་ༀ་ཡིག་ཞུ་བ་ལས་བྱུང་བའི་མཆོད་རྫས་རྣམས་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་ལྟར་བཟང་ཞིང་རྒྱ་ཆེ་བ་ནམ་མཁའི་མཐའ་ཀླས་པར་བསམ་ལ། ༀ་བཛྲ་པུཥྤེ་ཧཱུཾ་ནས། ཤཔྡའི་བར་ལན་གསུམ་གསུམ་བརྗོད་པས་བྱིན་གྱིས་བརླབས་ནས། གནས་འདི་འམ་ནི་གཞན་དག་ན། །ལྷ་སོགས་བདག་གིར་མ་བྱས་པའི། །མེ་ཏོག་ཆུ་སྐྱེས་ཐང་སྐྱེས་རྣམས། །ཐུབ་པའི་སྐྱེས་མཆོག་རྣམས་ལ་འབུལ། །ༀ་སརྦ་ཏ་ཐཱ་ག་ཏ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། གནས་འདི་འམ་ནི༴ གང་དག་སྤོས་ཀྱི་ཤིང་བཟང་པོ། །ལྷ་ཡི་སྤོས་སོགས་རྨད་བྱུང་བ། །ཐུབ་པའི་དབང་ཕྱུག་རྣམས་ལ་འབུལ། །དྷཱུ་པེ༴ གནས་འདི་འམ་ནི༴ རིན་ཆེན་བཟང་པོ་ཆེར་འབར་དང་། །སྣང་བའི་ཤིང་ལས་བྱུང་བ་དང་། །ཉི་མ་ཟླ་བ་ལ་སོགས་འོད། །ཕྱོགས་རྣམས་ཀུན་ཏུ་སྤྲོས་ཏེ་འབུལ། །ཨཱ་ལོ་ཀེ༴ གནས་འདི་འམ༴ དྲི་ཡི་ཤིང་རྣམས་བཟང་པོའི་ཆབ། །ཕྱོགས་རྣམས་ཀུན་ཏུ་སྤྲོས་པ་ཡིས། །ཐུབ་པའི་དབང་ཕྱུག༴ གནྡྷེ༴ གནས་འདི་འམ༴ ཞལ་ཟས་རོ་མཆོག་བརྒྱ་ལྡན་པ། །ཐམས་ཅད་སྦྱར་བའི་བཤོས་འདི་དག །ཐུབ་པའི༴ ནཻ་ཝིདྱ༴ གནས་འདིའམ༴ དྲི་མེད་ཡིད་དུ་འོང་བ་ཡི། །སིལ་སྙན་དམ་པ་འདི་དག་ནི། །ཐུབ་པའི་དབང་༴ ཤཔྡ༴ དེ་ནས་ༀ་ལས་རིན་པོ་ཆེ་སྣ་བདུན་ལ་སོགས་པ་ཡིད་ཀྱིས་སྤྲུལ་ཏེ། བདེ་བར་གཤེགས་པ་ཐམས་ཅད་ལ། །འཁོར་ལོ་རིན་ཆེན་འདི་ཕུལ་བས། །སྲིད་པའི་འཁོར་ལོ་རྒྱུན་བཅད་དེ། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཙཀྲ་རཏྣ་པཱུ་ཛི་ཏེ་ཧཱུཾ། བདེ་བར་གཤེགས་པ༴ ནོར་བུ་རིན་ཆེན༴ བཀྲེས་ཤིང་འཕོངས་པ་རྒྱུན་བཅད་དེ། །འབྱོར་བ་ཕུན་སུམ་ཚོགས་པར་ཤོག །མ་ཎི༴ བདེ་བར༴ བཙུན་མོ༴ ཤེས་རབ་དབྱིངས་ཀྱི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འབྲེལ་བར་ཤོག །ཝ་ཏི༴ །བདེ་བར ༴ བློན་པོ ༴ བསམ་ཡས་བསྟན་པ་རབ་འཛིན་ཅིང་། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག །མ་ཧཱ་ཏ༴ བདེ་བར༴ གླང་པོ༴ བླ་མེད་ཐེག་པར་རབ་ཞོན་ནས། །ཐམས་ཅད་མཁྱེན་གྲོང་བགྲོད་པར་ཤོག །ཧ་སྟི༴ བདེ་བར ༴ རྟ་མཆོག༴ སྲིད་པའི་གཟེབ་ལས་ངེས་གྲོལ་ཏེ། །རྫུ་འཕྲུལ་ཤུགས་ཐོབ་འཚང་རྒྱ་ཤོག །ཏུ་རངྒ་ཨ་ཤྭ༴ བདེ་བར་གཤེགས་པ་ཐམས་ཅད་ལ། །དམག་དཔོན་རིན་ཆེན་འདི་ཕུལ་བས། །ཕལ་གྱི་རྒོལ་བ་ཚར་བཅད་ནས། །བསྙེངས་བྲལ་མཆོག་ནི་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཁངྒ་རཏྣ་པཱུ་ཛི་ཏེ་ཧཱུཾ། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ཏུ་གཟུགས་མཆོག་ཅི་མཆིས་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་རཱུ་པ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུཾ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་བརྗོད་སྒྲ་སྙན་ཡིད་འོང་ལྡན། །མོས་བློས་དཀྱིལ་འཁོར ༴ བཞེས་ཤིག་བླ་མེད༴ ཤཔྡ་ཀཱ་མ༴ ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང་། །ཨ་ཀར་ལ་སོགས་དབང་པོ་ཚིམ་བྱེད་དྲི། །མོས་བློས༴ བཞེས་ཤིག༴ གནྡྷེ༴ ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་བརྟས་བྱེད་རོ་མཆོག་ཅི་མཆིས་པ། མོས་བློས ༴ བཞེས་ཤིག༴ ར་ས༴ ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་དབང་པོ་ཚིམ་བྱེད་རྣམས། །མོས་བློས ༴ བཞེས་ཤིག༴ སྥ་ཪྴེ༴ ཞེས་པ་རྣམས་ཀྱང་སོ་སོའི་ཕྱག་རྒྱ་དང་བཅས་དབུལ་ལོ། །དེ་ནས་ལུས་ཀྱི་གང་སྔོན་དུ་འགྲོ་བས་གསང་བའི་ལྷ་མོ་བརྒྱད་ཀྱི་ལས་རྒྱ་བཅས་ཏེ། རྡོ་རྗེ་སེམས་དཔའ་བསྡུས་པ་ན། རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ནི་གླུ་བླངས་པས། །རྡོ་རྗེ་ལས་ཀུན་བྱེད་པར་འགྱུར། །ༀ་བཛྲ་ས་ཏྭ་སུ། སཾ་གྲ་ཧཱ་ད། བཛྲ་རཏྣ་མ་ནུ་ཏྟ་རཾ། བཛྲ་དྷརྨཱ་གཱ་ཡ་ནེ། བཛྲ་ཀརྨཱ་ཀ་རོ་དྦྷ་བེ། ༀ་བཛྲ་ལཱ་སྱ་ཧཱུཾ། ༀ་བཛྲ་མཱ་ལེ་ཏྲཱཾ། ༀ་བཛྲ་གཱི་ཏི་ཧྲཱིཿ ༀ་བཛྲ་ནྲྀ་ཏྱེ་ཨཱཿ ༀ་བཛྲ་དྷཱུ་པེ་ཧཱུཾ། ༀ་བཛྲ་པུཥྤེ་ཏྲཱཾ། ༀ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ༀ་བཛྲ་གནྡྷེ་ཨཱཿ སྤྲོ་ན་རིག་མ་བཅུ་དྲུག་དང་རྡོར་དྲིལ་བྱིན་གྱིས་བརླབས་ནས་དམ་ཚིག་གསུམ་གྱི་མཆོད་པའང་བྱའོ། །དེ་ནས་རྡོར་དྲིལ་འཛིན་ཅིང་དབྱངས་དང་བཅས་པས་བསྟོད་པ་བྱ་སྟེ། ཧཱུཾ། སྣང་སྟོང་རྡོ་རྗེ་ནམ་མཁའི་དབྱིངས། །ཆོས་དབྱིངས་ཡེ་ཤེས་རྡོ་རྗེའི་སྐུ། །རྡོ་རྗེ་མཆོག་གི་ཕྱག་རྒྱ་ཅན། །ཕྱག་འཚལ་རྣམ་པར་སྣང་མཛད་ལ། །གཟུང་འཛིན་རྡོ་རྗེ་བརྟན་པའི་ས། །མེ་ལོང་ཡེ་ཤེས་རྡོ་རྗེའི་སྐུ། །རྡོ་རྗེ་ས་གནོན་ཕྱག་རྒྱ་ཅན། །ཕྱག་འཚལ་རྡོ་རྗེ་མི་བསྐྱོད་ལ། །རིན་ཆེན་རྡོ་རྗེ་འབར་བའི་མེ། །མཉམ་ཉིད་ཡེ་ཤེས་རྡོ་རྗེའི་སྐུ། །རྡོ་རྗེ་མཆོག་སྦྱིན་ཕྱག་རྒྱ་ཅན། །ཕྱག་འཚལ་རིན་ཆེན་འབྱུང་ལྡན་ལ། །མཐའ་ཡས་རྡོ་རྗེ་ཆོས་ཀྱི་ཆུ། །ཀུན་རྟོག་ཡེ་ཤེས་རྡོ་རྗེའི་སྐུ། །རྡོ་རྗེ་ཏིང་འཛིན་ཕྱག་རྒྱ་ཅན། །ཕྱག་འཚལ་སྣང་བ་མཐའ་ཡས་ལ། །དོན་ཡོད་རྡོ་རྗེ་བསྐྱོད་པའི་རླུང་། །ནན་ཏན་ཡེ་ཤེས་རྡོ་རྗེའི་སྐུ། །རྡོ་རྗེ་སྐྱབས་སྦྱིན་ཕྱག་རྒྱ་ཅན། །ཕྱག་འཚལ་རྡོ་རྗེ་དོན་གྲུབ་ལ། །མེ་ལོང་ཡེ་ཤེས་བྱིན་རླབས་ལས། །སེམས་མ་རྡོ་རྗེའི་ཕྱ་རྒྱ་སྟེ། །རྡོ་རྗེ་དཀར་པོ་རྩེ་ལྔ་ལ། །བསྟོད་ཅིང་གུས་པས་ཕྱག་འཚལ་ལོ། །མཉམ་ཉིད་ཡེ་ཤེས་བྱིན་རླབས༴ རིན་ཆེན་སེམས་མའི་ཕྱག་རྒྱ༴ རིན་ཆེན་སེར་པོ་ཟུར་བརྒྱད་ལ། །བསྟོད་ཅིང་གུས་པས༴ ཀུན་རྟོག་ཡེ་ཤེས་བྱིན༴ ཆོས་ཀྱི་སེམས་མའི་ཕྱག༴ པད་དཀར་འདབ་མ་བཅུ་དྲུག་ལ། །བསྟོད་ཅིང་༴ བྱ་གྲུབ་ཡེ་ཤེས་བྱིན༴ ལས་ཀྱི་སེམས་མའི་ཕྱག༴ རྡོ་རྗེ་རྒྱ་གྲམ་ལྗང་གུ་ལ། །བསྟོད་ཅིང་གུས་པས༴ རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ཏུ་བཟང་། །ཕྱག་འཚལ་ཕྱག་ན་རྡོ་རྗེ་ལ། །རྡོ་རྗེ་རྒྱལ་པོ་སངས་རྒྱས་མཆོག༴ རྡོ་རྗེ་ལྕགས་ཀྱུ་དེ་བཞིན་གཤེགས། །ངེས་པའི་རྒྱལ་པོ་རྡོ་རྗེ་མཆོག །ཕྱག་འཚལ་རྡོ་རྗེ་འགུགས་ཁྱོད་ལ། །རྡོ་རྗེ་ཆགས་པ་བདེ་ཆེན་པོ། །རྡོ་རྗེ་མདའ་ནི་དབང་བྱེད་པ། །བདུད་ཀྱི་འདོད་པ་རྡོ་རྗེ་ཆེ། །ཕྱག་འཚལ་རྡོ་རྗེ་གཞུ་ཁྱོད་ལ། །རྡོ་རྗེ་ལེགས་པ་སེམས་དཔའ་མཆོག །རྡོ་རྗེ་མགུ་བ་དགའ་བ་ཆེ། །རབ་དགྱེས་རྒྱལ་པོ་རྡོ་རྗེ་མཆོག །ཕྱག་འཚལ་རྡོ་རྗེ་དགྱེས་ཁྱོད་ལ། །རྡོ་རྗེ་རིན་ཆེན་རྡོ་རྗེ་དོན། །རྡོ་རྗེ་ནམ་མཁའ་ནོར་བུ་ཆེ། །ནམ་མཁའ་སྙིང་པོ་རྡོ་རྗེ་ཕྱུག །ཕྱག་འཚལ་རྡོ་རྗེ་སྙིང་ཁྱོད་ལ། །རྡོ་རྗེ་གཟི་བརྗིད་འབར་བ་ཆེ། །རྡོ་རྗེ་ཆེན་པོ་རིན་ཆེན་དཔལ། །ཕྱག་འཚལ་རྡོ་རྗེ་དཔའ་ཁྱོད་ལ། །རྡོ་རྗེ་བཞད་མོ་བཞད་པ་ཆེན། །རྡོ་རྗེ་འཛུམ་པ་ངོ་མཚར་ཆེ། །དགའ་ཞིང་རབ་དགའ་རྡོ་རྗེ་སྟོན། །ཕྱག་འཚལ་རྡོ་རྗེ་དགའ་ཁྱོད་ལ། །རྡོ་རྗེ་ཆོས་རབ་དེ་ཉིད་སྟོན། །རྡོ་རྗེ་པད་མ་རབ་དགའ་བྱེད། །འཇིག་རྟེན་དབང་ཕྱུག་རབ་མཛེས་སྤྱན། །ཕྱག་འཚལ་རྡོ་རྗེ་སྤྱན་ཁྱོད་ལ། །རྡོ་རྗེ་རྣོན་པོ་ཐེག་པ་ཆེ། །རྡོ་རྗེ་རལ་གྲི་མཚོན་ཆེན་པོ། །འཇམ་དཔལ་རྡོ་རྗེ་རབ་ཏུ་ཟབ། །ཕྱག་འཚལ་རྡོ་རྗེ་བློ་ཁྱོད་ལ། །རྡོ་རྗེ་རྒྱུ་དང་སྙིང་པོ་ཆེ། །རྡོ་རྗེ་འཁོར་ལོ་ཚུལ་ཆེན་པོ། །རབ་བསྐོར་རྡོ་རྗེ་ལས་བྱུང་བ། །ཕྱག་འཚལ་རྡོ་རྗེ་སྙིང་པོ་ལ། །རྡོ་རྗེ་གསུང་བ་རང་རིག་མཆོག །རྡོ་རྗེ་ཟློས་པ་རབ་སྒྲུབ་སྦྱིན། །མི་གསུང་རྡོ་རྗེ་མཆོག་གྲུབ་པ། །ཕྱག་འཚལ་རྡོ་རྗེ་གསུང་ཁྱོད་ལ། །རྡོ་རྗེ་ལས་རབ་རྡོ་རྗེ་དཀའ། །ལས་ཀྱི་རྡོ་རྗེ་ཀུན་རབ་སྒྲོལ། །རྡོ་རྗེ་ངེས་པར་རྒྱ་ཆེ་བ། །ཕྱག་འཚལ་རྡོ་རྗེ་ལས་ཁྱོད་ལ། །རྡོ་རྗེ་བསྲུང་བ་བརྟན་པ་ཆེ། །རྡོ་རྗེ་གོ་ཆ་སྲ་བ་ཆེ། །རྡོ་རྗེ་བརྩོན་འགྲུབ་ཐུབ་དཀའ་བ། །ཕྱག་འཚལ་རྡོ་རྗེ་བརྩོན་འགྲུས་ལ། །རྡོ་རྗེ་གནོད་སྦྱིན་ཐབས་ཆེན་པོ། །རྡོ་རྗེ་མཆེ་བ་འཇིགས་པ་ཆེ། །བདུད་འཇོམས་རྡོ་རྗེ་མི་ཟད་པ། །ཕྱག་འཚལ་རྡོ་རྗེ་དྲག་པོ་ལ། །རྡོ་རྗེ་མཚམས་སྦྱོར་རབ་ཏུ་སྡུད། །རྡོ་རྗེ་འཆིང་བ་རྣམ་གྲོལ་བྱེད། །རྡོ་རྗེ་ཁུར་ཚུར་དམ་ཚིག་མཆོག །ཕྱག་འཚལ་རྡོ་རྗེ་ཁུ་ཚུར་ལ། །རྣམ་དག་རྡོ་རྗེ་ཐུགས་ཀྱི་ཡུམ། མི་དམིགས་རྡོ་རྗེ་མཚན་མ་འཇོམས། །རྡོ་རྗེ་ཏིང་འཛིན་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་སྒེག་མོ་ལ། །རྣམ་དག་རྡོ་རྗེ་ཡོན་ཏན་ཡུམ། །ཡིད་བཞིན་རེ་བ་སྐོང་བར་མཛད། །རྡོ་རྗེ་ཕྲེང་བའི་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་ཕྲེང་བ་ལ། །རྣམ་དག་རྡོ་རྗེ་གསུང་གི་ཡུམ། །གསུང་རབ་རྒྱ་མཚོ་སྒྲོག་པའི་དོན། །རྡོ་རྗེ་པི་ཝཾ་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་དབྱངས་མཁན་ལ། །རྣམ་དག་རྡོ་རྗེ་ལས་ཀྱི་ཡུམ། །ལས་ཀྱི་རྡོ་རྗེ་འགྲོ་དོན་མཛད། །བདུད་འདུལ་རྡོ་རྗེ་ཕྱག་རྒྱ་གར། །ཕྱག་འཚལ་རྡོ་རྗེ་གར་མཁན་ལ། །སྤྲིན་ལྡིང་རྡོ་རྗེ་བདུག་པ་མོ། །རྡོ་རྗེ་ཚིམ་བྱེད་ཀུན་ཏུ་ཚིམ། །རྡོ་རྗེ་སྤོས་ཁང་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་བདུག་པ་ལ། །ལྟ་མཛེས་རྡོ་རྗེ་ཐམས་ཅད་མཛེས། །རྡོ་རྗེ་མེ་ཏོག་ཀུན་ཏུ་མཛེས། །རྡོ་རྗེ་མེ་ཏོག་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་མེ་ཏོག་ལ། །འོད་གསལ་རྡོ་རྗེ་མདའ་ཡི་མེ། །རྡོ་རྗེ་སྤྱན་གྱིས་མ་རིག་སེལ། །རྡོ་རྗེ་གསལ་བྱེད་ཕྱག་རྒྱ་འཛིན། ཕྱག་འཚལ་རྡོ་རྗེ་མར་མེ་ལ། །རྡོ་རྗེ་ཙནྡན་བདུད་རྩིའི་ཆུ། །རྡོ་རྗེ་བདུད་རྩིས་རྣམ་རྟོག་འཁྲུ། །རྡོ་རྗེ་དག་བྱེད་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་དྲི་ཆབ་ལ། །རྣམ་དག་བསྐུལ་བྱེད་ཐུགས་རྗེའི་དོན། །ཐུགས་རྗེ་རྒྱུན་འདྲེན་རྡོ་རྗེ་འདྲེན། །རྡོ་རྗེ་འགུགས་མཛད་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་ལྕགས་ཀྱུ་ལ། །མི་གཏོང་རྡོ་རྗེ་ཆོས་ཀྱི་དོན། །རྡོ་རྗེ་འདྲེན་མཛད་མི་འགྱུར་དོན། །རྡོ་རྗེ་འཆིང་མཛད་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་ཞགས་པ་ལ། །རྡོ་རྗེ་ཆོས་ཉིད་མི་འགྱུར་དོན། །རྡོ་རྗེ་མགྱོགས་བྱེད་གློག་ལྟར་མྱུར། །རྡོ་རྗེ་ལྕགས་སྒྲོག་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་ལྕགས་སྒྲོགས་ལ། །རྡོ་རྗེ་འབེབས་པ་བརྟན་པའི་མཆོག །རྡོ་རྗེ་བསྐྱོད་མཛད་ཀུན་གྱི་ལས། །རྡོ་རྗེ་འབེབས་མཛད་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་དྲིལ་བུ་ལ། །སྒོ་ཡི་ཁྱམས་ཀྱི་ནང་གནས་པ། །བྱམས་པ་ལ་སོགས་བཅུ་དྲུག་ནི། །དང་པོ་རབ་དགའ་ལ་སོགས་གནས། །ས་གནས་རྣམས་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ནས། བཅོམ་ལྡན་འདས་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་རྣམས་ཀྱིས་བདག་ཅག་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་དུ་གསོལ་ཞེས་འདོད་དོན་གསོལ། དེ་ནས་དཀྱིལ་འཁོར་བརྟན་པའི་ཆེད་དུ་བཟླས་པ་བྱ་སྟེ། རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅས་ལ། ༀ་བཛྲ་ས་མ་ཡ་ཧཱུཾ། ཞེས་པས། རང་ཉིད་མདུན་བསྐྱེད་ཀྱི་དཀྱིལ་འཁོར་དུ་ཞུགས་ལ། རིགས་སོ་སོ་དང་རང་ཐ་མི་དད་པར་བསམ་སྟེ། འདི་ལྟར། ༀ་བཛྲ་དྷ་རས་མི་བསྐྱོད་པ། རཏྣ་དྷ་རས་རིན་འབྱུང་། པདྨ་དྷ་རས་སྣང་མཐའ། བི་ཤྭ་དྷ་རས་དོན་གྲུབ། ཏ་ཐཱ་ག་ཏཱ་ས་མ་ཡ་མ་ཏི་ཀྲ་མ་ཏ་ཐཱ་ག་ཏ་ས་མ་ཡ་དྷ་ར་ཨཱ ཏྨ་ཀོ་྅ཧཾ་གིས་གཙོ་བོ་རྣམ་སྣང་དང་ཐ་མི་དད་པར་བསམ་ལ། སྔགས་དེ་རྣམས་སྤྲེལ་ནས་ལན་གསུམ་བཟླས་པས་ང་རྒྱལ་བཟུང་། དེ་ནས། རང་ཉིད་རིགས་འདུས་རྡོ་རྗེ་སེམས་དཔའི་རྣམས་པས་གཙོ་བོའི་ཐུགས་ཀ་ནས་འཐོན་ཏེ་རང་གནས་སུ་འདུག་ལ་བཟླ་སྟེ། ལྷ་རྣམས་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་དང་ཐུགས་རྗེའི་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་པར་བསམ་ལ། ༀ་བུདྡྷ་བཻ་རོ་ཙ་ན་ༀ། ༀ་བཛྲ་ཨཀྵོ་བྷྱཿཧཱུཾ། ༀ་རཏྣ་སཾ་བྷ་བ་ཏྲཱཾ། ༀ་པདྨ་ཨ་མི་ཏཱ་བྷ་ཧྲཱིཿ ༀ་ཀརྨ་ཨ་མོ་གྷ་སིདྡྷི་ཨཱཿ ཞེས་པ་རྣམས་བརྒྱ་རྩ་ཙམ་རེ་དང་། ས་ཏྭ་བཛྲི་ཧཱུཾ། རཏྣ་བཛྲ་ཏྲཱཾ། པདྨ་བཛྲི་ཧྲཱིཿ ཀརྨ་བཛྲི་ཨཱཿ ༀ་བཛྲ་ས་ཏྭ་ཧཱུཾ། ༀ་བཛྲ་རཱ་ཛ་ཛཿ ༀ་བཛྲ་རཱ་ག་ཧོཿ ༀ་བཛྲ་སཱ་དྷུ་དྷུ། ༀ་བཛྲ་རཏྣ་ཏྲཱཾ། ༀ་བཛྲ་ཏེ་ཛརྻ། ༀ་བཛྲ་ཀེ་ཏུ་བྷྲི། ༀ་བཛྲ་ཧ་ས་ཧ། ༀ་བཛྲ་དྷརྨ་ཧྲཱིཿ ༀ་བཛྲ་ཏིཀྵྞ་དྷི། ༀ་བཛྲ་ཧེ་ཏུ་ཀྲུཾ། ༀ་བཛྲ་བྷཱ་ཥ་བྷ། ༀ་བཛྲ་ཀརྨ་ཀཾ །ༀ་བཛྲ་རཀྵ་ཧཾ། ༀ་བཛྲ་ཡཀྵ་ཧཱུཾ། ༀ་བཛྲ་སནྡྷི་བཾ། ༀ་བཛྲ་ལཱ་སྱ་ཧཱུཾ། ༀ་བཛྲ་མཱ་ལེ་ཏྲཱཾ། ༀ་བཛྲ་གཱི་ཏི་ཧྲཱིཿ ༀ་བཛྲ་ནྲྀ་ཏྱེ་ཨཱཿ ༀ་བཛྲ་དྷཱུ་པེ་ཧཱུཾ། ༀ་བཛྲ་པུཥྤེ་ཏྲཱཾ། ༀ་བཛྲ་ཨཱ་ལོ་ཀེ་ཧྲཱི༔ ༀ་བཛྲ་གནྡྷེ་ཨཱཿ ༀ་བཛྲ་ཨངྐུ་ཤ་ཛཿ ༀ་བཛྲ་པཱ་ཤ་ཧཱུཾ། ༀ་བཛྲ་སྥོ་ཊ་བཾ། ༀ་བཛྲ་ཨཱ་བེ་ཤ་ཡ་ཨཱཿ ༀ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སཱ་ཧཱ། ཞེས་པ་རྣམས་ཉེར་གཅིག་གམ་བདུན་བདུན་ཙམ་རེ་དང་། སྙིང་པོ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གཱི་ཤྭ་རི་ཧཱུཾ། ཞེས་པའང་ཅི་ནུས་བཟླ་ཞིང་། ཡུངས་ཀར་ལའང་བསྡགས་སོ། །དེ་ནས་འདས་གཏོར་དང་ཆ་གསུམ་གཏོར་མ་སྔར་ལྟར་གཏོར་ཞིང་། སྦྱིན་སྲེག་ཀྱང་ཅི་འགྲུབ་བྱ་སྟེ་ལོག་ན་ཡོད་དོ། །དེ་ནས་དབང་ཆོག་ལྟར་སློབ་དཔོན་རང་ཉིད་དཀྱིལ་འཁོར་དུ་འཇུག་ཅིང་སློབ་མ་ལ་དབང་བསྐུར་བར་བྱའོ། །དེ་ནས་རྗེས་ཆོག་ནི། མཆོད་པ་ཁ་གསོལ་ཏེ་བྱིན་གྱིས་བརླབས་ནས། ༀ་སརྦ་ཏ་ཐཱ་ག་ཏ་པུ ཥྤེ་པཱུ་ཛ་སོགས་ནས། ཤཔྡའི་བར་དང་། ༀ་བཛྲ་ལཱ་སྱ་ཧཱུཾ། སོགས་ལྷ་མོ་བརྒྱད་ཀྱིས་ཀྱང་མཆོད། བསྟོད་པར་འོས་པ་སོགས་ཀྱིས་བསྟོད་ནས། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ནུས་པ། མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་ཐམས་ཅད་སྐུ་ཚེ་བརྟན་ཞིང་ཐུགས་ཀྱི་བཞེད་པའི་དོན་ལྷུན་གྱིས་འགྲུབ་པ་དང་། བདག་དང་སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པར་བྱིན་གྱིས་བརླབ་ཏུ་གསོལ། ཁྱད་པར་དུའང་བདག་ཉིད་ཆེན་པོ་ཁྱེད་རྣམས་ལ་ཅི་འབྱོར་པའི་མཆོད་པ་ཇི་སྙེད་ཀྱིས་མཆོད་པའི་མཐུས། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས་ཏེ་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཀྱི་ས་ལ་འགོད་པའི་བཀའ་དྲིན་སྩལ་དུ་གསོལ། ཞེས་འདོད་དོན་གསོལ་ནས། ལྷོ་སོ་སོའི་དམ་རྒྱ་བཅས་ཏེ་སྙིང་པོ་ལན་གསུམ་གྱི་མཐར། བཛྲ་མུཿཞེས་ཕྱག་རྒྱ་བཀྲོལ་བས། ལྷ་ཡེ་ཤེས་པ་རྣམས་དམ་ཚིག་པ་ལས་ཕྱེ་ནས་བཞུགས་པར་མོས་ལ། རྡོ་རྗེ་རིན་ཆེན་གྱི་དམ་རྒྱ་སྙིང་ག་གནས་བཏེགས་ཏེ་མཛོད་སྤུར་བཞག་ལ། ༀ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཾ། ཞེས་རང་དང་ཕྱག་རྒྱའི་ལྷ་ཐམས་ཅད་ལ་དབང་བསྐུར། སརྦ་མུ་ཏྲཱཾ་མཻ་ཏྲི་ཀུ་རུ་ཝ་ར་ཀ་བ་ཙེ་ནཾ་མ། ཞེས་ལག་གཉིས་ཁུ་ཚུར་བསྡམས་ཏེ། ༀ་ཏྲུཾ། ཞེས་གནས་དགུར་མདུད་པ་བཅིངས་ལ། བཛྲ་ཏུཥྱ་ཧོཿ ཞེས་ཐལ་མོའི་གཤམ་བརྡབ་ཏེ་བརྐྱང་བས་གོ་བགོ །རེ་ཞིག་དཀྱིལ་འཁོར་མི་གཤེགས་ན། མདུན་བསྐྱེད་ཀྱི་ཡེ་ཤེས་པ། འདིར་ནི་གཟུགས་དང་སོགས་ཀྱིས་བརྟན་བཞུགས་བྱས་ནས་བདག་བསྐྱེད་ཀྱི་ཕྱག་རྒྱ་དགྲོལ་ཞིང་གོ་བ་ཁྱད་པར་རོ། །གང་ལྟར་ཡང་ཡིག་བརྒྱ་མང་དུ་བཟླ་ཞིང་། མ་རྙེད་ཡོངས་སུ་སོགས་ཀྱིས་བཟོད་གསོལ་བྱས་ཏེ། བཛྲ་ས་ཏྭ ས་མཆོད་ཡོན་ཕུལ་ནས། ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། ཅེས་སོགས་ཀྱིས་སྔར་ཕྱེ་བའི་ཡེ་ཤེས་པ་རྣམས་གཤེགས་སུ་གསོལ། གལ་ཏེ་དཀྱིལ་འཁོར་གཤེགས་ན། དེའི་ཚེ་རྡོར་སེམས་ཀྱི་ཕྱག་རྒྱ་བཅིངས་ཏེ། དཀྱིལ་འཁོར་ལ་ལན་གསུམ་བསྐོར་ནས། ༀ་བཛྲ་ས་ཏྭ་མུཾ། ཞེས་ཕྱག་རྒྱ་དེ་ཉིད་སྤྱི་བོར་བཀྲོལ་བས། བདག་མདུན་གྱི་ཡེ་ཤེས་པ་ཐམས་ཅད་དག་པའི་ཞིང་དུ་གཤེགས། ལག་གཉིས་ཀྱི་སྲིན་ལག་མཐེའུ་ཆུང་མཐེ་བོང་རྣམས་ལུག་རྒྱུད་དུ་སྦྲེལ་ཞིང་གུང་མཛུབ་བརྐྱང་བ་ཆན་པའི་རྒྱས་སྲུང་འཁོར་གྱི་མཚམས་བཀྲོལ་ཏེ་གཤེགས། སྤྲུལ་པའི་དཀྱིལ་འཁོར་རྣམས། ཛཿཧཱུཾ་བཾ་ཧོཿས་རང་ལ་བསྡུས་ཏེ། ཡིག་བརྒྱ་བཟླ། ད་ེ ནས་བར་ཆད་བསྲུང་བའི་ཕྱིར་རྡོ་རྗེ་ལས། རྡོ་རྗེ་སྲུངབ། རྡོ་རྗེ་གནོད་སྦྱིན། རྡོ་རྗེ་ཁུ་ཚུར་བཞིའི་དམ་རྒྱ་འཆིང་ཞིང་སྔགས་ལན་གསུམ་རེ་བརྗོད་པས་བསྲུང་། རང་རྡོར་སེམས་སུ་གསལ་བའི་སྙིང་གར་བརྟན་གཡོ་ཐམས་ཅད་འོད་གསལ་དུ་བཅུག་པར་མོས་ལ། ཨ་ཀཱ་རོ་བཟླ་བས་རྡུལ་ཚོན་བསྡུས་ཞིང་ཕྱགས་ཏེ་དམན་པ་རྣམས་ཆུ་བོར་དོར། དེ་ནས་བསྔོ་སྨོན་ནི། དགེ་བའི་རྩ་བ་འདིས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་གསང་སྔགས་དང་། རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱའི་སྒོ་ནས་ཚོགས་གཉིས་རླབས་པོ་ཆེ་མྱུར་དུ་རྫོགས་ཏེ་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག །ཚེ་འདི་ལའང་བདག་གཞན་ཐམས་ཅད་ཀྱི་ནད་དང་གདོན་གྱི་རིགས་སུ་གྱུར་པ་ཐམས་ཅད་དང་། རྨི་ལྟས་མཚན་མ་ངན་པ་དང་། གཞན་གྱི་བསམ་སྦྱོར་ངན་པ་སོགས་གནོད་པ་དང་བར་ཆད་ཀྱི་རིགས་སུ་གྱུར་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་གྱུར་ཅིག །བཀྲ་ཤིས་པ་དང་ཡིད་ལ་བསམ་པ་ཐམས་ཅད་ཆོས་དང་མཐུན་པར་འགྲུབ་པར་གྱུར་ཅིག །ཇི་ལྟར་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྔོས་པ་དང་སྨོན་ལམ་བཏབ་པ་དེ་བཞིན་དུ་བདག་གིས་ཀྱང་བསྔོ་ཞིང་སྨོན་ལམ་གདབ་པར་བགྱིའོ། །ཞེས་སོགས་རྒྱ་ཆེར་གདབ། དེ་ནས་བཀྲ་ཤིས་ནི། རྣམ་པར་སྣང་མཛད་ཡེ་ཤེས་དམ་པ་མཚོ་ཆེན་ལྡན། །ཟླ་བ་ཉ་འདྲའི་སྐུ་མངའ་སྲིད་པ་མཐར་ཕྱིན་པ། དགོངས་པ་མཐའ་དག་རྫོགས་པའི་བཀྲ་ཤིས་གང་ཡིན་པ། བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །མི་འཁྲུག་རྒྱལ་པོ་སྲིད་དང་གཏི་མུག་རྣམ་སྦྱོང་བ། དགེ་བ་མཉམ་མེད་སེམས་ཅན་དོན་རྫོགས་རབ་ལྡན་པ། །མགོན་པོ་ཡོན་ཏན་རྫོགས་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར༴ སངས་རྒྱས་ཀུན་གྱི་ཡོན་ཏན་རྣམས་ཀྱིས་བརྒྱན་བྱས་ཤིང་། །ཡང་དག་འབྱོར་པའི་སྦྱིན་པ་སྦྱིན་མཛད་མི་བསླུ་བ། །རིན་ཆེན་འབྱུང་ལྡན་ཞེས་བྱའི་བཀྲ་ཤིས༴ བཀྲ་ཤིས་དམ༴ བསམ་གཏན་དང་ནི་ཏིང་འཛིན་ཕ་རོལ་ཕྱིན་གནས་ཤིང་། །ཡེ་ཤེས་པདྨའི་སྟེང་བཞུགས་དཔག་མེད་ཚེ་ལྡན་པའི། །འོད་དཔག་མེད་པའི་བྱིན་རླབས་བཀྲ་ཤིས༴ བཀྲ་ཤིས་དམ་པ་དེས་ཀྱང་༴ སེམས་ཅན་དོན་ཕྱིར་ལས་ལ་ཐུགས་ནི་སྦྱོར་མཛད་པའི། །འགྲོ་བ་ཐམས་ཅད་འཆིང་བས་བཅིངས་ལས་སྒྲོལ་མཛད་པ། །ཐུགས་མཆོག་དོན་ཡོད་གྲུབ་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་བརྗོད་ཅིང་རོལ་མོའི་སྒྲ་དང་བཅས་པས་མེ་ཏོག་འཐོར་རོ། །འདིར་ཡོ་གའི་ཆོག་གཟུང་ཕལ་ཆེ་བར། ཡོ་ག་རང་ལུགས་ཀྱི་སྒྲུབ་ཚུལ་ལ་སྔགས་རྒྱ་སོགས་མང་བས་སྒྲུབ་དཀའ་བར་བཟུང་ནས། ཟོར་ཡང་བའི་དབང་དུ་མཛད་དེ། བླ་མེད་ཀྱི་ཆོ་གའི་རིགས་འགྲེ་སྦྱར་བ་དང་། ལག་ལེན་ཞིབ་པའི་ཕྱོས་རྣམས་སུའང་ཀུན་རིག་གི་རྒྱས་འགེབས་དང་། དེར་ཞལ་འཕང་བ་ཙམ་མཛད་མོད། དེ་ལྟ་ནའང་ལུགས་འདི་ལ་ཚད་མར་གྱུར་པ་གླན་གྱི་རིག་འཛིན་རྣམས་ཀྱི་དགོངས་པ་ལྟར་འདིར་ནི་ཡོ་ག་རང་ལུགས་ཀྱི་སྒྲུབ་ཚུལ་བཀོད་པ་སྟེ། དེ་ལ་ཡང་གླན་བསོད་ནམས་མགོན་པོའི་ཡོ་གའི་ལས་སྡེབས་ཆེ་བར། ཕྱག་རྒྱ་མ་བཀྲོལ་ན་གསལ་བར་བྱ། བཀྲོལ་ན་རྣལ་འབྱོར་ཆེན་པོ་བསྐྱེད་པ་རྫོགས་པར་བྱ། དེ་མི་ནུས་ན་རྣལ་འབྱོར་གཅིག་དང་ལྡན་པར་བྱར་རུང་། ཞེས་ལྷག་ཆད་སོགས་ཀྱི་ཉེས་པ་སྦྱང་ཕྱིར་རྡོ་རྗེ་ཤུགས་འཇུག་གིས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་དུ་ཞུགས་ནས་མེ་ཏོག་འབུལ་བའི་ཚེ་གསུངས་པ་ལྟར། རྒྱས་པར་རྣལ་འབྱོར་ཆེན་པོ་སྒོམ་དགོས་པར་བཞེད་ནའང་། ཧ་ཅང་སྤྲོས་པས་འདིར་བཏང་སྙོམས་སུ་བྱས་ཏེ། རྣལ་འབྱོར་གཅིག་པའི་ལུགས་སུ་བཀོད་པ་ཡིན་ནོ། །དེ་ལའང་འཛམ་གླིང་པཎྜི་ཏའི་མདོའི་ཡོ་གའི་སྒྲུབ་ཐབས་སུ། རང་ཉིད་རྡོར་སེམས་སུ་སེམས་དཔའ་ལུས་སྒྲུབ་དང་ཤས་ཆེར་འདྲ་བའི་ཆོ་ག་དམ་ཚིག་གི་ཕྱག་རྒྱས་སྒྲུབ་པར་མཛད་པ་སྣང་ནའང་། འདིར་རྣལ་འབྱོར་ཆེན་པོའི་ནང་ཚན་བདག་བྱིན་རླབས་ཀྱི་ཆོ་གས་སྒྲུབ་པ་ཉིད་འབྲེལ་བར་མཐོང་ནས་བྲིས་པ་ཡིན་ནོ། །མདུན་བསྐྱེད་སྒྲུབ་ཚུལ་ལའང་། གླན་སྟོན་ཆེན་པོ་རྡོ་རྗེའི་འོད་ཀྱིས་མཛད་པའི་ལས་སྡེབས་འགོས་གཙང་པ་ལས་བརྒྱུད་དེ་འོངས་པའི་ཡི་གེར། དེ་ནས་རྡོ་རྗེ་སྒྲུབ་པ་ལྷ་ཐམས་ཅད་ཆོ་ག་གསུམ་གྱིས་བསྐྱེད་དོ། །དེ་མི་ནུས་ན་ལྷའི་མིང་བརྗོད་ཅིང་ང་རྒྱལ་བྱའོ། ཞེས་གསུངས་པའི་རྒྱས་པ་རྡོ་རྗེ་སྒྲུབ་པའི་ལས་ཧ་ཅང་མང་བས་འདིར་སོ་སོའི་མིང་སྔགས་བརྗོད་པ་ཙམ་གྱིས་བསྐྱེད་པ་ཡིན་ནོ། །འོ་ན་བདག་བསྐྱེད་ལ་རྣལ་འབྱོར་ཆེན་པོ་དང་། མདུན་བསྐྱེད་ལ་རྡོ་རྗེ་སྒྲུབ་བྱེད་ཚུལ་ཇི་ལྟར་ཞེ་ན། རྣལ་འབྱོར་ཆེན་པོ་ནི། འདིར་བདག་བསྐྱེད་དུ་བྲིས་པའི་བདག་བྱིན་རླབས་རྡོར་སེམས་སུ་བསྐྱེད་པའི་ཐུགས་ཀའི་སྙིང་པོའི་མཐར་སྔགས་ཕྲེང་བཀོད་པ་ཡན་ཆད་སོང་རྗེས། རང་གཞི་ལུས་རྡོར་སེམས་ཀྱི་སྙིང་གར་ཟླ་དཀྱིལ་གྱི་སྟེང་དུ་དཀྱིལ་འཁོར་སྤྲུལ། རང་གཞི་ལུས་ལས་ཕྱེ་ནས་སྙིང་གར་ཞུགས་ཏེ་བདག་འཇུག་ལེན་པ་ནི་བསྙེན་པ་དང་ཉེ་བསྙེན་ནོ། །སྒྲུབ་པ་ནི། སྙིང་གའི་དཀྱིལ་འཁོར་རང་དང་བཅས་པ་གཞི་ལུས་ཀྱི་ལྷའི་ཐུགས་ཀར་བསྟིམ་ནས། དམ་ཚིག་གི་ཕྱག་རྒྱས་སེམས་དཔའ་ལུས་སྒྲུབ་བྱ། སྒྲུབ་ཆེན་ནི། རྟེན་གཞི་ལུས་དང་བརྟེན་པ་ཉེར་བརྒྱད་པོ་ལ་ཡེ་ཤེས་པ་སྤྱན་དྲངས་ཏེ་བསྟིམ། ཕྱག་རྒྱ་བཞིས་བཏབ། དེ་ནས་སྔར་བཞིན་བདག་འཇུག་བླངས་རྗེས། ལྷ་མོ་བརྒྱད་དང་། རྡོར་དྲིལ་བྱིན་གྱིས་བརླབས་ནས་དམ་ཚིག་གསུམ་བཟུང་སྟེ་མཆོད་པ་རྣམས་སོ། །ཡང་རྡོ་རྗེ་སྒྲུབ་པ་ནི། རང་རྡོར་སེམས་སུ་བསྐྱེད་པ་ནས་བདག་འཇུག་སྔ་མའི་མིང་དབང་གི་བར་བཤད་མ་ཐག་པ་ལྟར་བྱས་རྗེས། ལྷ་རང་རང་གི་ཕྱག་ཆེན་འཆའ་བཞིན་དུ་རྡོ་རྗེ་བསྒྲུབ་པ་བྱ་སྟེ། དེའང་མདུན་བསྐྱེད་ཀྱི་ལྷ་རེ་རེ་བཞིན་ལ། སྔགས་ཚན་གསུམ་གྱིས། དང་པོས་རང་དམ་ཚིག་པ་རེ་བསྲེག་པའི་རྐྱེན་གྱིས་སོ་སོའི་ཕྱག་མཚན་དུ་བསྒྱུར། སྔགས་གཉིས་པས་དེའི་ང་རྒྱལ་བྱ། སྔགས་གསུམ་པས་ལྷ་སོ་སོའི་ཞལ་ཕྱག་གི་རྣམ་པར་བསྒྱུར་ཏེ་སྒོམ་པ་ནི་རྡོ་རྗེ་སྒྲུབ་པའོ། །དེ་ནས་ཡེ་ཤེས་པ་བཅུག་ལ་ཕྱག་རྒྱ་བཞིས་རྒྱས་འདེབས་པ་སོགས་བྱ་བ་ཡིན་ནོ། དེར་མ་ཟད་བདག་བསྐྱེད་རྣལ་འབྱོར་ཆེན་པོའི་ལུགས་སུ་མཛད་པའང་བསྙེན་པ་བསྡུས་པའི་ལུགས་ཡིན་པས། རྒྱུ་མཚན་དེ་དག་གི་ཕྱིར་ན། ཡི་གེ་འདི་ལ་རྒྱས་པའི་ཡན་ལག་དུ་མ་བསྣན་དུ་ཡོད་མོད། དོར་བྱ་ནི་མེད་པར་རློམ་མོ། །དཔང་གྱུར་གླན་སྟོན་མན་ངག་བཞིན། །འགྲོ་འདིའི་ཤེར་དབང་པོདྨོའི་ཚལ། །བཞད་བྱེད་ཆོས་ཀྱི་ཉི་མའི་དཔལ། །ལེགས་བཤད་འོད་སྟོང་སྤྲོ་བཞིན་ཤར། །ཡོ་གའི་ཐེག་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ། །འདུས་པ་མདོའི་ཡན་ལག་གི་དཀྱིལ་འཁོར་རྣམས་ཀྱི་སྒྲུབ་དཀྱིལ་དངོས་གྲུབ་འདོད་འཇོ་ལས། ཕྱི་དབང་རྒྱུད་ཀྱི་ཆུ་བོའི་དཀྱིལ་འཁོར་དྲུག་བཤད་པའི་སྐབས་ཏེ་གཉིས་པའོ།། །།

༈ ༀ་སྭ་སྟི། གང་ཐུགས་མི་འགྱུར་བདེ་བ་ཆེའི། །སྣང་བརྙན་འགག་མེད་ཞི་ཁྲོའི་ལྷར། །སྟོན་མཛད་དཔལ་ལྡན་རྡོ་རྗེ་སེམས། །དྲིན་ཅན་བླ་མའི་ཞབས་ལ་འདུད། །བླ་མེད་བསྐྱེད་དང་རྫོགས་པའི་དཀྱིལ་འཁོར་ཁྱད། །བཤད་ནས་རྒྱུད་ལུགས་གཙོར་བྱས་ཆུ་བོ་བཞི། །གང་དུ་བསྐུར་བ་ཐུན་མོང་རྩ་དཀྱིལ་གྱི། །ཆོ་ག་རྗེ་ཡི་གསུང་ལ་ཁ་འཕངས་སྟོན། །དེ་ལྟར་ཡོ་ག་མན་ཆད་ཡན་ལག་གི་དཀྱིལ་འཁོར་དྲུག་སོང་ནས། འདིར་བླ་མེད་ཀྱི་དཀྱིལ་འཁོར་བཤད་པ་ལ་དོན་གསུམ་སྟེ། ནང་དབང་དང་སྒྲུབ་དབང་གང་དུ་བསྐུར་བྱའི་དཀྱིལ་འཁོར་བདུན་པ་དང་བརྒྱད་པའི་ཁྱད་པར་བཤད། དེས་དེ་དང་དེ་ལ་དཀྱིལ་འཁོར་སོ་སོ་བ་མེད་དམ་སྙམ་པའི་ལོག་རྟོག་བསལ། ད་ལྟའི་ཕྱག་བཞེས་ལྟར་གྱི་སྒྲུབ་དཀྱིལ་རྗེ་བླ་མས་མཛད་པ་ལ་ཁ་འཕང་བའོ། །དང་པོ་ལ་གཉིས་ཏེ། ནང་དབང་གང་དུ་བསྐུར་བའི་དཀྱིལ་འཁོར་དང། སྒྲུབ་དབང་གང་དུ་བསྐུར་བའི་དཀྱིལ་འཁོར་རོ། །དང་པོ་ནི། བསྐྱེད་བྱ་རྟེན་དང་བརྟེན་པར་བཅས་པའི་དཀྱིིལ་འཁོར་གྱི་ངོ་བོ་རྗེ་བླ་མས་མཛད་པའི་སྒྲུབ་ཐབས་དངོས་གྲུབ་ཆར་འབེབས་ལྟར་ལས། ནང་དབང་འབྱུང་ཆུའི་ཡན་ལག་གི་དཀྱིལ་འཁོར་ཟུར་དུ་འབྱེད་པའི་སྐབས་འདིར། ཇི་ལྟར་བསྐྱེད་པའི་ཆོ་ག་མ་ཧཱ་ཡོ་ག་དང་སྒོ་བསྟུན་ནས་ཆོ་ག་གསུམ་བསྐྱེད་ལ་སོགས་པས་རིམ་གྱིས་བསྐྱེད་པའི་ཚུལ་སྟོན་ཏེ། འདྲེན་པའི་ལས་བྱང་ཆེ་ལེ་ལས། དེ་ནས་ཏིང་འཛིན་གསུམ་བསྒོམས་ཏེ། གཞལ་ཡས་ཁང་དུ་གསུང་ཡིག་འབྲུ་སོ་སོ་ལས་ཐུགས་ཕྱག་མཚན། དེ་ལས་སྐུ་ཕྱག་རྒྱ་རྫོགས་པར་བསྐྱེད་ནས། ཡེ་ཤེས་ཀྱི་ལྷ་སྤྱན་དྲངས་ལ། མཆོད་དེ། བསྙེན་སྒྲུབ་ཚང་བ་དང་། སློབ་མ་དཀྱིལ་འཁོར་དུ་དྲངས་ཏེ། ཞེས་གསུངས་པའི་ཕྱིར། དེ་བས་ན་འདིར་ཡན་ལག་གི་དཀྱིལ་འཁོར་བདུན་པ་ནང་དབང་གི་དཀྱིལ་འཁོར་མ་ཧཱ་ཡོ་གའི་སྒྲུབ་ཐབས་ལ། སྤྱིར་སྔོན་འགྲོ་དང་། རྗེས་ཀྱི་རིམ་པ་རྣམས་དང་། དངོས་གཞིའི་དབང་བསྐུར་ཞིང་བྱིན་གྱིས་བརླབ་པ་མན་ཆད་སྒྲུབ་ཐབས་དངོས་གྲུབ་ཆར་འབེབས་སོར་བཞག་ལས་ཁྱད་པར་མེད་ཅིང་། ཏིང་འཛིན་གསུམ་གྱིས་ཁོག་དབུབ་པ་དང་། རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་གཉིས་ལ་ཁྱད་པར་གྱི་སྒོས་ཆོས་ཅུང་ཟད་ཡོད་པ་བསྒྱུར་ཚུལ་ནི། ཏིང་འཛིན་གསུམ་གྱི་སྐབས་སུ། འདི་ལྟར་སྣང་བའི་ཆོས་ཐམས་ཅད་སྐྱེ་བ་མེད་པའི་དབྱིངས་ཞེས་སོགས་ལྷུག་པ་རྣམས་དོན་ལ་མི་འགལ་ཡང་། རྣམ་པ་རྒྱུད་ལུང་གཉིས་ཀྱི་རང་སྐད་མ་འདྲེས་པར་ཕྱེད་པའི་ཆེད་དུ་དཀྱིལ་འཁོར་གསུམ་གྱི་བཤད་པ་བཞག་ནས། དེ་ཏིང་ལ། འདི་ལྟར་སྣང་བའི་ཆོས་ཐམས་ཅད་མི་དམིགས་ཤིང་སྤྲོས་པ་དང་བྲལ་བ་སྟོང་པ་ཉིད་གྱུར། ཀུན་ཏིང་ལ། དེ་བཞིན་ཉིད་མ་རྟོགས་པའི་སྒྱུ་མ་ལྟ་བུའི་སེམས་ཅན་རྣམས་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་ཆེན་པོ་མཁའ་ཁྱབ་ཏུ་སྣང་བར་གྱུར། རྒྱུ་ཏིང་ལ། རང་རིག་སྣང་སྟོང་གཉིས་སུ་མེད་པའི་རང་བཞིན་ཨ་དཀར་པོའི་རྣམ་པར་གྱུར། གཞི་དབང་ཆེན་གྱི་དཀྱིལ་འཁོར་བསྒོམ་པའི་སྐབས་སུ། རྩ་བ་བྱང་ཆུབ་སེམས་ཀྱི་རང་བཞིན་ཨ་ཡིག་དཀར་པོ་དྲི་མ་མེད་པར་གསལ་བ་ལས། ཨེ་ཨཾ་ར་སུཾ་ཀེཾ་རཾ་རྣམས་ཆད། འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། ཡུམ་ལྔའི་མཁའ་ཀློང་རྣམ་པར་དག་པ་འབྱུང་བ་ལྔའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པ་ནི། ཞེས་པ་ནས། འབྱམས་ཀླས་པར་གྱུར་གྱི་བར། དེ་ནས་རྟེན་གཞལ་ཡས་ཁང་དངོས་སྒོམ་པའི་ཚེ། དེའི་དབུས་སུ་རྒྱུའི་ཨ་ལས་བྷྲཱུཾ་ཆད། བྷ་ག་གསང་བའི་འོད་ཟེར་ལས། ཞེས་པ་ནས། བྷྲཱུཾ་བི་ཤྭ་བི་ཤུདྷེ་ཀ་པཱ་ལ་བྷྲཱུཾ། ཞེས་པས་སྒྲ་གདངས་ཀྱི་རྐྱེན་གྱི་བྷྲཱུཾ་ཡིག་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ནམ་མཁའ་ཐམས་ཅད་ཕོ་བྲང་གི་གཞལ་ཡས་ཁང་འབྱམས་ཀླས་པར་གྲུབ་པ་ནི། ཞེས་པ་ནས། གནས་མཆོག་རབ་འབྱམས་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཞེས་པའི་བར་དཀྱུས་བཞིན། གཉིས་པ་བརྟེན་པ་ལྷ་བསྐྱེད་པ་ལ། ཇི་ལྟར་བསྒོམ་པའི་ཚུལ་དང་། བསྒོམ་བྱ་ལྷ་སོ་སོའི་མངོན་རྟོགས་སོ། །དང་པོ་ནི། ཆོ་ག་གསུམ་གྱིས་རིམ་པར་བསྐྱེད་པར་བྱ་བ་སྟེ། རྒྱུའི་ཨ་ལས་ཞི་ཁྲོའི་ཡི་གེ་འཁོར་ལོའི་སྤྲིན་ཕུང་རིམ་པ་བཞིན་སྤྲོ་བ་ནི། སྟེང་ཁང་ཞི་བའི་དཀྱིལ་འཁོར་གྱི་གཙོ་བོ་དང་བྱ་བྱེད་གཉིས་ཀྱི་གནས་སུ། ༀ་ཨ། རིགས་ལྔའི་གནས་སུ། ཧཱུཾ་མཱུཾ། ༀ་ལཱཾ། སྭཱ་མཱཾ། ཨཱ་པཱཾ། ཧཱཾ་ཏཱཾ། སེམས་དཔའ་བརྒྱད་ཀྱི་གནས་སུ། ཀྵཱིཾ་ཧཱུཾ། ཏྲཾ་ཏྲཾ། ཧྲཱིཾ་ཧྲཱིཾ། ཛྲི་ཨཾ། མཻ་ཛཿ ཐླྷིཾ་ཧཱུཾ། ཧཱུཾ་བཾ། མཱུཾ་ཧོཿ ཐུབ་པ་དྲུག་གི་གནས་སུ། ཀྲཱིཾ་ཏྲུཾ་སྲུཾ་པྲཾ་ཀྵཾ་ཡེ། མཐར་བྱེད་བཞིའི་གནས་སུ། ཧཱུཾ་ཛཿ ཧཱུཾ་ཧཱུཾ། ཧཱུཾ་བཾ། ཧཱུཾ་ཧོཿ འོག་ཁང་ཁྲོ་བོའི་དཀྱིལ་འཁོར་གྱི་དབུས་སུ། ཧཱུཾ་ཧཱུཾ། དབང་མཆོག་དང་ཁྲག་འཐུང་དགུའི་གནས་སུ་ཧཱུཾ་ཡིག་ཟུང་དགུ། གློ་འབུར་དང་གྲུ་ཆད་ལ་ཧ་བརྒྱད། ཁྱམས་དང་པོའི་ཕྱོགས་མཚམས་སུ་ཧེ་བརྒྱད་དང་། སྒོར་ཕཊ་བཞི། ཁྱམས་གཉིས་པའི་ཕྱོགས་མཚམས་སུ་ཨ་བརྒྱད་དང་། སྒོར་ཛཿཧཱུཾ་བཾ་ཧོཿ ཁྱམས་གསུམ་པར་བྷྱོ་ཉི་ཤུ་རྩ་བརྒྱད་ཕྱོགས་རེར་དྲུག་དྲུག་དང་། སྒོ་བཞིར་རེ་རེ། ཁྱམས་བཞི་པར་ཨེ་སུམ་ཅུ་རྩ་གཉིས་ཕྱོགས་རེར་བདུན་བདུན་དང་སྒོ་བཞིར་རེ་རེ། ཁྱམས་ལྔ་པར་ཧཱུཾ་བདུན་དང་སྒོར་ཏིང་བཞི། ཁྱམས་དྲུག་པར་ཧཱུཾ་བཅོ་བརྒྱད་ཕྱོགས་རེར་གསུམ་གསུམ་དང་ཤར་ནུབ་ཀྱི་ནང་དང་སྒོ་བཞིར་རེ་རེ། ཁྱམས་བདུན་པར་ཧཱུཾ་ཡིག་ཟུང་སུམ་ཅུ་ཕྱོགས་མཚམས་བརྒྱད་དུ་གསུམ་གསུམ་དང་ཤར་ནུབ་ཀྱི་ནང་དང་སྒོ་བཞིར་རེ་རེ། ཁྱམས་བརྒྱད་པའི་ཤར་ཕྱོགས་སུ་ཛཿ ལྷོར་ཧཱུཾ། ནུབ་ཏུ་བཾ། བྱང་དུ་ཧོཿརྣམས་དྲུག་ཅུ་དྲུག་ཅུ། ཁྱམས་དགུ་པར་མ་དྲུག་ཅུ་ཕྱོགས་རེར་བཅོ་ལྔ་བཅོ་ལྔ་སྟེ། ཐམས་ཅད་ཀྱང་ལྷ་རང་རང་གི་ཁ་དོག་ཏུ་གསལ་བར་གྱུར་པ་ལ། ཨ་ཞེས་བརྗོད་པས་གཞིའི་ཨ་དེ་འོད་དུ་ཞུ་ནས་ཡིག་འབྲུ་རྣམས་ལ་ཁྱབ་པར་ཐིམ་པས་ཤིན་ཏུ་གསལ་ཞིང་འབར་བར་གྱུར། ཡིག་འབྲུ་རྣམས་ལས་འོད་ཟེར་འཕྲོས། སངས་རྒྱས་ཀྱི་མཛད་པ་བསྒྲུབས། སླར་འདུས་ནས་ཡིག་འབྲུ་རྣམས་ལ་ཐིམ་པ་འོད་དུ་ཞུ་བ་ལས་ལྷ་སོ་སོའི་ཕྱག་མཚན་དུ་གྱུར། དེ་རྣམས་ལས་འོད་ཟེར་འཕྲོས། སངས་རྒྱས་ཀྱི་མཛད་པ་བསྒྲུབས། སླར་འདུས་ནས་ཕྱག་མཚན་རྣམས་ལ་ཐིམ་པ་འོད་དུ་ཞུ་བ་ཉིད་ལྷ་རྣམས་ཀྱི་གསང་སྔགས་བརྗོད་པའི་རྐྱེན་གྱིས་ཞི་ཁྲོ་ལྔ་བརྒྱ་ཞེ་བདུན་གྱི་དཀྱིལ་འཁོར་འཁོར་ལོའི་ལྷ་དེ་དང་དེའི་སྐུར་བཀྲ་ལམ་གྱིས་གསལ་བར་གྱུར་པ་ནི། ཞེས་སོ། །གཉིས་པ་ནི། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ༀ། ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མནྟ་ཨཿ དབུས་ཀྱི་གདན་ལ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ། །ཞེས་པ་ནས། རྒྱུད་ལུང་མན་ངག་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཞེས་པའི་བར་དཀྱུས་ལྟར་དང་། ཞར་བྱུང་མགྲོན་ཐབས་ཀྱི་ལྷ་བསྒོམ་པའི་སྐབས་སུ། དཀྱིལ་འཁོར་ཆེན་པོའི་སྟེང་འོག་ཕྱོགས་མཚམས་ཀྱི་སྲུང་བའི་འཁོར་ལོ་ལ་ཁྲོ་བཅུ་ཡབ་ཡུམ་རང་རང་གི་ཕྱག་བརྙན་ཕྲ་མེན་ཉི་ཤུ་དང་བཅས་པས་བསྐོར་བའི་དབུས་གཞལ་ཡས་ཁང་ཆེན་པོའི་འོག་གཞི་པདྨའི་ཆུ་བའི་མདུན་དུ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང་། གཞན་ཡང་སྤྲུལ་པ་དང་ཡང་སྤྲུལ། ནག་མོ་མཆེ་གཤོག་ཅན་དང་། ཞེས་པ་ནས། གོ་བགོ་ལུས་བསྲུང་གི་བར་དཀྱུས་ལྟར་རོ། །དེ་བཞིན་དུ་དཀྱིལ་ཆོག་ལའང་མཚན་བཅས་ཀྱི་ཏིང་ངེ་འཛིན་གྱིས་ས་སྦྱང་བ་དང་། ལྷ་སྟ་གོན་གྱི་རྟེན་གཞལ་ཡས་ཁང་བསྒོམ་པའི་ཚེ། རང་གི་ཐུགས་ཀའི་ཧཱུཾ་ལས་ས་བོན་སྤྲོས་ཏེ་བསྒོམ་ཞིང་། ས་བཟུང་བ་དང་། ཡན་ལག་རབ་གནས་ཀྱི་ལས་བུམ། ཡན་ལག་ཅན་གྱི་ལྷ་བུམ་སྟ་གོན་གྱི་ལྷ་རྣམས་ཆོ་ག་གསུམ་བསྐྱེད་བྱེད་བའི་ཁྱད་པར་ཙམ་ལས། གཞན་ཐམས་ཅད་རྗེ་བླ་མས་མཛད་པའི་དཀྱིལ་ཆོག་དྲི་མེད་འོད་ཕྲེང་བཞིན་ཤེས་པར་བྱའོ། །དེ་དག་ཀྱང་ཁྲོ་ལུང་ཆེ་བའི་སྒོམ་ཁོག་ལས། རྒྱུད་ཀྱིས་ལྷ་བསྐྱེད་ལུང་གིས་གསལ་བཏབ་ལ། ཞེས་པ་ལྟར་ལྷ་རྣམས་རྒྱུད་ལྟར་ཆོ་ག་གསུམ་གྱིས་བསྐྱེད་ནས་ལུང་གི་ཞི་ཁྲོས་གསལ་འདེབས་པ་ཡིན་ནོ། །ཡང་འདིར་བསྒོམ་བྱའི་ལྷ་གྲངས་ལ་ཅུང་ཟད་དཔྱད་པར་བྱ་སྟེ། དེ་ཡང་དབང་ཆོག་ནི་ཆེ་མཆོག་ཏུ་རིགས་འདུ་ཞིང་། ཞི་ཁྲོའི་གཙོ་བོ་ཀུན་བཟང་དང་ཆེ་མཆོག་གཉིས་ནི། ཨ་ནུ་རང་གཞུང་གི་སྒོམ་ཚུལ་ལྟར་ལྷ་རྣམས་ལུས་ལ་འགོད་པའི་ཚེ། དེ་གཉིས་གཞི་ལུས་ཀྱི་ལྷ་ཡིན་པས་སམ། ཡང་ན་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བྱེད་རིགས་དྲུག་པ་ཡིན་པའི་ཕྱིར་དང་། དེར་མ་ཟད་གཙོ་བོ་གཉིས་དབང་མཆོག་དང་གསུམ་ཡབ་ཡུམ་ཕྱེ་བའི་ལྷ་དྲུག་པོ་ལུང་གི་ཞི་ཁྲོའི་ཚིག་ཟིན་ལས་ཀྱང་མི་འབྱུང་བ་ལྟར་ལོགས་སུ་མ་བགྲངས་པས། རེ་ཞིག་ལྷ་ལྔ་བརྒྱ་ཞེ་གཅིག་བྱུང་ལ། དེའི་སྟེང་དུ་རྡོ་རྗེ་གཞོན་ནུ་དང་ཁྲོ་བཅུ་ཡབ་ཡུམ། ཁྲ་ཐབས་ཉི་ཤུ་སྟེ་ཞེ་གཉིས་བསྣན་ནས་ལྷ་གྲངས་ལྔ་བརྒྱ་དང་བརྒྱད་ཅུ་གྱ་གསུམ་དུ་ངེས་པ་ཡིན་ཏེ། འདྲེན་པའི་ལས་བྱང་ཆེ་ལེར། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་སྐད་ཅིག་ཡུད་ལ་ནམ་མཁའ་གང་ནས་གང་དུ་ཁྱབ་པ་ཐམས་ཅད་དུ་དབང་གི་དཀྱིལ་འཁོར་ཞི་ཁྲོའི་ལྷ་ལྔ་བརྒྱ་དང་བརྒྱད་ཅུ་རྩ་གསུམ་གྱིས་གང་བར་མཛད་ནས། ཞེས་དང་། བང་རིམ་དང་པོའི་སྟེང་དུ་ཞི་བའི་ལྷ་ཞེ་གཉིས་བཀོད། ཅེས་པ་ནས། ཕྱོགས་མཚམས་སྟེང་འོག་དང་མཎྜལ་གྱི་རྩར་ཕུར་པའི་ལྷ་ཞེ་གཉིས་དགོད། ཅེས་པའི་བར་གསུངས་ཤིང་། ནང་དབང་གི་དབང་དོན་རྒྱ་ཆེར་འབྱེད་པ་ལས། དཀྱིལ་འཁོར་དགུ་ཡི་རིམ་པར་སློབ་དཔོན་གདན། མ་གཏོགས་བརྒྱད་ལ་ལྔ་བརྒྱ་བརྒྱད་ཅུ་གསུམ། ཞེས་གསུངས་པའི་ཕྱིར་རོ། །མདོ་ཡོངས་རྫོགས་ཀྱི་དབང་དུ་བྱས་པའི་ཡན་ལག་གི་དཀྱིལ་འཁོར་བདུན་པ་མ་ཧཱའི་སྒྲུབ་ཐབས་ལེ་ཚན་ནོ། །གཉིས་པ་སྒྲུབ་དབང་གང་དུ་བསྐུར་བའི་དཀྱིལ་འཁོར་ནི། རྩ་རྒྱུད་ལས་གསུངས་པ་དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་ཏེ། དེ་ཡང་ཇི་ལྟར་བསྐྱེད་པའི་ཆོ་ག་ཨ་ནུའི་ཐེག་པ་རང་ལུགས་བཞིན་དུ། འདི་ལྟར་སྣང་བའི་ཆོས་ཐམས་ཅད་རང་གི་ཕུང་ཁམས་སྐྱེ་མཆེད་དུ་འདུ་ཞིང་། དེ་ཉིད་གདོད་ནས་ལྷའི་རང་བཞིན་དུ་ཤེས་པས། ལྷ་རྣམས་ཀྱི་གསང་སྔགས་བརྗོད་པ་ཙམ་གྱིས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་ལྟར་གཅིག་ཅར་དུ་གསལ་འདེབས་པ་ཡིན་པས་ན། བསྐྱེད་ཚུལ་དང་ཆོ་ག་མ་གཞི་རྗེའི་སྒྲུབ་ཐབས་དངོས་གྲུབ་ཆར་འབེབས་ལྟར་ལས་མི་འདྲ་བའི་ཁྱད་པར་ལས་ཀྱི་རིམ་པའི་ཏིང་ངེ་འཛིན་དང་། རྗེས་ཆོག་གི་སྐབས་སུ་ཕྲ་མོ་རེ་གཉིས་ཙམ་དང་། བྱེ་བྲག་བསྐྱེད་བྱ་ཁྲོ་བོའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་ངོ་བོ་ཆས་མི་མཐུན་པས། དེ་དག་གི་ཁ་བསྒྱུར་ཚུལ་ནི། སྔོན་འགྲོའི་ལས་བདུན་དང་། དངོས་གཞིའི་ཏིང་ངེ་འཛིན་གསུམ་ནས། རྡོ་རྗེའི་ཀུན་ཏུ་སྤྲས་པ། ཞེས་པའི་བར། ཕྱི་ནང་རིམ་པ་དགུ་པ་ཞེས་པ། རིམ་པ་ལྔ་པ་ཞེས་བསྒྱུར་ཞིང་གཞན་དཀྱུས་ལྟར་ལས། དེ་ནས། ཁྱམས་གྲུ་བཞི་པ་ལྔ་རིམ་ཕྱོགས་མདོག་ཅན་གྱི་བར་ཁྱམས་བཞི་ལ་སྒོ་སྒོ་ཁྱུད་ཅན་རྒྱན་མེད་པ་གཉིས་གཉིས་ཏེ་བརྒྱད་དང་། ཕྱི་ཁྱམས་ལྔ་པ་ལ་སྒོ་རྟ་བབས་ལ་སོགས་པ་སྒོ་རྒྱན་དང་ལྡན་པའི་སྒོ་དགུས་ཀུན་ཏུ་གསལ་བར་གྱུར་པའི་ནང་མ་གྲུ་ཆད་དང་བཅས་པའི་ལྟེ་བ་རིའུ་མིག་དགུ་པ། དེའི་ཕྱིར་འཁོར་ལོ་རྩིབས་བརྒྱད་པ་དྲུག་རིམ་གྱིས་བསྐོར་བའི་ལྟེ་བ་དང་། འཁོར་ལོ་རིམ་པ་གཉིས་པ་དང་། དྲུག་པ་གསུམ་གྱི་མཐར་རྡོ་རྗེ་དང་། ཐོད་པ་དང་། འབར་བའི་ཕྲེང་བ་སྟེ་མུ་ཁྱུད་སུམ་རིམ་དང་། འཁོར་ལོ་རིམ་པ་གཞན་བཞི་ལ་མུ་ཁྱུད་རྐྱང་པ་རེ་རེས་བསྐོར་བ། ཕྱི་ནས་རིམ་པ་བཞིན་ཁྱད་པར་དུ་གྱུར་པས་སྤགས་པ། ཞེས་པ་ནས། བྱོལ་སོང་གཙོ་བོ་བརྒྱད་རེ་རེས་དྲེགས་པ་ཕོ་མོ་མནན་པ། ཞེས་པའི་བར་དང་། དེ་ནས། འཁོར་ལོ་རྣམས་ཀྱི་ཕྱོགས་ཀྱི་རྩིབས་ལ་པདྨ་ཉི་ཟླ་དྲེགས་པའི་གདན་དང་། ལྷ་གནས་གཞན་རྣམས་སུ་ཉི་མ་དང་ཞིང་གི་གདན་ལ་སོགས་པ་རིགས་དང་མཐུན་པའི་གདན་རེ་རེ། ཕོ་བྲང་སྟེང་གི་འཁོར་ལོའི་ལྟེ་བར་སེང་གེའི་ཁྲི་ཆ་གཉིས། ཞེས་པ་ནས། སྟེང་ཁང་ཞི་བ་རྫོགས་པའི། འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཞེས་པའི་བར་རོ། །འོག་ཁང་ཁྲོ་བོའི་དཀྱིལ་འཁོར་བསྐྱེད་པའི་སྐབས་སུ། དང་པོ་གཙོ་བོ་བསྐྱེད་པ་ནི། ༀ་ས་ང་ཤྲཱི་ཧེ་རུ་ཀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་བཛྲ་ཙཎྜ་སརྦ་དུཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་སྭཱ་ཧཱ། ས་ང་ཤྭ་རི་ཁ་མུཾ་སྭཱ་ཧཱ། ཞེས་བརྗོད་པས་རྒྱུ་བྱང་ཆུབ་ཀྱི་སེམས་ཉིད་སྔགས་ཀྱི་སྒྲ་གདངས་ཀྱི་སད་པ་ལས། དབུས་ཀྱི་གདན་ལ་བཅོམ་ལྡན་འདས་དཔལ་ཆེན་པོ་རྡོ་རྗེ་ས་ང་ཤྲཱི་ཧེ་རུ་ཀ་སྐུ་མདོག་མཐིང་ནག་ཉི་མ་བྱེ་བའི་འོད་ལྟར་འབར་བའི་གཟི་བྱིན་ཅན། ཞེས་པ་ནས། རྫོགས་པར་སྣང་བའི་བདག་ཉིད་ཆེན་པོར་གྱུར་པའོ། །ཞེས་པའི་བར་རོ། །གཉིས་པ་ཁྲག་འཐུང་དྲུག་ཅུ་རྩ་བཞི་བསྐྱེད་པ་ནི། ཕྱོགས་ཀྱི་རིའུ་མིག་བཞི་ལ་རིགས་བཞིའི་འཁོར། ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་སྭཱཧཱ། བཛྲ་ཤྭ་རི་ཁ་མུཾ་སྭཱ་ཧཱ། ཤར་དུ་རྡོ་རྗེ་རྒྱལ་ཚབ་ཞེས་བྱ་བའི་ཞེ་སྡང་རྡོ་རྗེ་དཀར་པོ་གཡས་རྡོ་རྗེ། དེ་བཞིན་དུ། བཛྲ་གྱི་གནས་སུ། རཏྣ་སོགས་ཀྱིས་བརྗེ་བ་འགྲེ་ཤེས་པར་བྱས་ལ། རཏྣ། ལྷོར་རྡོ་རྗེ་གུང་ཕུར་ཞེས་བྱ་བའི་ང་རྒྱལ་རིན་ཆེན་སྔོན་པོ་གཡས་རིན་པོ་ཆེ། པདྨ། ནུབ་ཏུ་རྡོ་རྗེ་ཀིང་ཞེས་བྱ་བའི་འདོད་ཆགས་པདྨ་དམར་པོ་གཡས་པདྨ། ཀརྨ། བྱང་དུ་རྡོ་རྗེ་ལས་ཞེས་བྱ་བའི་ཕྲག་དོག་སྣ་ཚོགས་པ་ལྗང་གུ་གཡས་རྒྱ་གྲམ། ཐམས་ཅད་ཀྱི་གཡོན་བྷན་དམར་འཛིན་ཅིང་། ཞེ་སྡང་རྡོ་རྗེ་མ་སོགས་རང་མདོག་གི་ཡུམ་དྲིལ་བུ་བསྣམས་པ་དང་འཁྲིལ་བའོ། །མཚམས་ཀྱི་རིའུ་མིག་བཞི་ལ་ཆོ་འཕྲུལ་ཆེན་པོའི་འཁོར། ༀ་སརྦ་ཏ་ཐཱ་ག་ཏ་ས་ནུ་མ་ཧཱ་ཤྲཱི་སོགས། ཤར་ལྷོར་ནམ་མཁའི་དབང་ཕྱུག་སྔོ་སྐྱ། ས་ནེ། ལྷོ་ནུབ་ཏུ་རྣམ་གྲོལ་སྦྱིན་པ་དམར་སེར། ས་ནོ། ནུབ་བྱང་དུ་རྣམ་གྲོལ་སྒྲོག་པ་དམར་ལྗང་། ཝ་ར། བྱང་ཤར་དུ་ཐམས་ཅད་གྲུབ་པ་སེར་སྐྱ། བཞི་ཀ་ཕྱག་གཡས་གར་བསྒྱུར་ཞིང་། གཡོན་གྱིས་ཡུམ་ནམ་མཁའི་དབང་མོ་སོགས་རང་མདོག་ཅན་དྲིལ་བུ་བསྣམས་པ་ལ་འཁྱུད་པའོ། །ཧཱུཾ། རུ་དྲ་རྣམ་གསུམ་སོགས་ཤློ་ཀ་གཉིས། འཁོར་ལོ་དང་པོ་རྩིབས་བརྒྱད་ཀྱི་ཕྱོགས་ཀྱི་རྩིབས་བཞིར་དམ་ཚིག་ཆེན་པོའི་འཁོར། ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་གརྦྷ་མ་ཧཱ་ཤྲཱི་སོགས། ཤར་དུ་རྡོ་རྗེ་སྙིང་པོ་དཀར་པོ་གཡས་རྡོ་རྗེའི་མྱུ་གུ། རཏྣ་གརྦྷ། ལྷོར་ནོར་བུའི་སྙིང་པོ་སེར་པོ་གཡས་རིན་པོ་ཆེའི་མྱུ་གུ། པདྨ་གརྦྷ། ནུབ་ཏུ་པདྨའི་སྙིང་པོ་དམར་པོ་གཡས་པདྨའི་མྱུ་གུ། ཀརྨ་གརྦྷ། བྱང་དུ་བཀོད་པའི་སྙིང་པོ་ལྗང་གུ་གཡས་རལ་གྲིའི་མྱུ་གུ། དེ་ཐམས་ཅད་གཡོན་འཁྱུད་སྟབས་ཀྱི་ཡུམ་རྡོ་རྗེ་དབང་ཕྱུག་མ་སོགས་རང་མདོག་ཅན་དྲིལ་བུ་བསྣམས་པ་ལ་འཁྱུད་པའོ། །ཧཱུཾ། རྣམ་ཤེས་བཞི་དང་ཡུལ་བཞི་ཅིང་སྣང་ཡང་། དམ་ཚིག་ཆེན་པོ་བསྒོམས་པའི་བྱིན་རླབས་ཀྱིས། ལྷ་རྟོག་གཉིས་མེད་རྟོགས་ལས་མི་འདའ་བའི། དམ་ཚིག་ཆེན་པོ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། འཁོར་ལོ་རིམ་པ་གཉིས་པའི་ཕྱོགས་ཀྱི་རྩིབས་བཞིར་ཚན་མེད་པའི་འཁོར། ༀ་སརྦ་ཏ་ཐཱ་ག་ཏ་མཻ་ཏྲི་གརྦྷ། ཤར་དུ་བྱམས་པའི་སྙིང་པོ་དཀར་པོ་གཡས་རྡོ་རྗེ། ཀཱ་རུ་གརྦྷ། ལྷོར་སྙིང་རྗེའི་སྙིང་པོ་སེར་པོ་གཡས་རིན་ཆེན། ལོ་ཀ་གརྦྷ། ནུབ་ཏུ་དགའ་བའི་སྙིང་པོ་དམར་པོ་གཡས་པདྨ། བི་དུ་མ་གརྦྷ། བྱང་དུ་བཏང་སྙོམས་ཀྱི་སྙིང་པོ་ལྗང་གུ་ག ཡས་རལ་གྲི། དེ་ཐམས་ཅད་གཡོན་སྐྱབས་སྦྱིན་གྱིས་ཡུམ་བདེ་བའི་དབང་ཕྱུག་མ་སོགས་སྐྱབས་སྦྱིན་གྱི་དྲིལ་བུ་བསྣམ་པ་ལ་འཁྱུད་པའོ། །ཧཱུཾ། དབང་པོ་བཞི་དང་དུས་བཞི་ཅིང་སྣང་༴ ཚད་མེད་ཡབ་ཡུམ༴ ཚད་མེད་རྣམ་བཞིའི་ཡོན་ཏན་མ་ལུས་པ། ཡེ་ཤེས་ཆེན་པོར་མ་འདྲེས་ཡོངས་རྫོགས་ཤོག །ན་མོ་ཧཱུཾ། འབར་བའི་ཕྲེང་བས་བཅད་པའི་ཕྱིར་རོལ། འཁོར་ལོ་རིམ་པ་གསུམ་པའི་ཕྱོགས་ཀྱི་རྩིབས་བཞིར་རོལ་པ་ཆེན་པོའི་འཁོར། ༀ་སརྦ་ཏ་ཐཱ་ག་ཏ་ཡཀྵ། ཤར་དུ་ཡཀྴ་ཧེ་རུ་ཀ་སྨུག་ནག་རྡོ་རྗེ། རཀྵ། ལྷོར་རཀྴ་ཧེ་རུ་ཀ་སྔོ་ནག་བེ་ཅོན། བི་ཤ །ནུབ་ཏུ་བི་ཤ་ཧེ་རུ་ཀ་དམར་ནག་པདྨ། བི་ཤྭ། བྱང་དུ་བི་ཤྭ་ཧེ་རུ་ཀ་ལྗང་ནག་ཕག་གི་མཆེ་བས་མཚན་པའི་རལ་གྲི། དེ་ཐམས་ཅད་གཡོན་བྷཉྫ་དམར་གྱིས་གང་བ་འཛིན་པས། ཡུམ་ཡཀྵ་ཤྭ་རཱི་ཀ་ལ་སོགས་པ་གཡས་མཆེ་བས་མཚན་པའི་དྲིལ་བུ་དང་གཡོན་བྷན་དམར་བསྣམས་པ་ལ་འཁྱུད་པའོ། །ཧཱུཾ། ཕྲག་དོག་སྡང་སྙེམས་གཏི་མུག་ཅིར་སྣང་ཡང་། །ཁྲག་འཐུང་ཡབ་ཡུམ་བརྒྱད་དུ་བསྒོམས་པའི་མཐུས། །རྣམ་བཞི་དྲེགས་པའི་རྒྱུ་འབྲས་ཀུན་བསྒྲལ་ནས། །དབྱིངས་དང་ཡེ་ཤེས་རོལ་པའི་དོན་རྟོགས་ཤོག །ན་མོ་ཧཱུཾ། འཁོར་ལོ་རིམ་པ་བཞི་པའི་ཕྱོགས་ཀྱི་རྩིབས་བཞིར་འཇིགས་བྱེད་ཆེན་པོའི་འཁོར། ༀ་སརྦ་ཏ་ཐཱ་ག་ཏ་ཏེ་ཤྭ་། ཤར་དུ་ཏེ་ཤྭ་ཧེ་རུ་ཀ་སྨུག་ནག་རྡོ་རྗེས་མཚན་པའི་སེང་གེའི་རྒྱལ་མཚན་ཁ་གདེངས་པ། ཀེ་ཤྭ །ལྷོར་ཀེ་ཤྭ་ཧེ་རུ་ཀ་སེར་ནག་རིན་པོ་ཆེས་མཚན་པའི་སྟག་གི་རྒྱལ་མཚན་ཁ་གདེངས་པ། པེ་ཤྭ །ནུབ་ཏུ་པེ་ཤྭ་ཧེ་རུ་ཀ་དམར་ནག་པདྨས་མཚན་པའི་སྤྱན་ཀིའི་རྒྱལ་མཚན་ཁ་གདེངས་པ། བི་ཤྭ །བྱང་དུ་བི་ཤྭ་ཧེ་རུ་ཀ་ལྗང་ནག་རལ་གྲིས་མཚན་པའི་དོམ་གྱི་རྒྱལ་མཚན་ཁ་གདེངས་པ། དེ་ཐམས་ཅད་གཡོན་དུང་དམར་འཛིན་པས་ཀེ་ཤ་ཤྭ་རཱི་ཀ་ལ་སོགས་པ་ལ་འཁྱུད་ཅིང་། ཡུམ་རྣམས་ཀྱང་ཕྱག་མཚན་ཡབ་ལྟར་ལས་རྒྱལ་མཚན་ལ་དྲིལ་བུས་མཚན་པའོ། །ཧཱུཾ། གཉིས་འཛིན་རྟོག་པའི་སྡུག་བསྔལ་ཅིར༴ འཇིག་བྱེད་ཡབ་ཡུམ་བརྒྱད་དུ༴ གདུག་ཅན་མ་ལུས་དངངས་ཤིང་འཇིགས་བྱས་ནས། །སྒྲོལ་སྦྱོར་ཟད་མྱོས་ལས་བཞི་མཐར་ཕྱིན་ཤོག །ན་མོ་ཧཱུཾ། འཁོར་ལོ་རིམ་པ་ལྔ་པའི་ཕྱོགས་ཀྱི་རྩིབས་བཞིར་འཇོམས་བྱེད་ཆེན་པོའི་འཁོར། ༀ་སརྦ་ཏ་ཐཱ་ག་ཏ་ཏྲག་ཤྭ། ཤར་དུ་ཏྲག་ཤྭ་ཧེ་རུ་ཀ་སྨུག་ནག་རྡོ་རྗེས་མཚན་པའི་ཞིང་དབྱུག །ཧྲི་ཤྭ། ལྷོར་ཧྲི་ཤྭ་ཧེ་རུ་ཀ་སེར་ནག་རིན་པོ་ཆེས་མཚན་པའི་ཞིང་དབྱུག །ཀ་ཤྭ། ནུབ་ཏུ་ཀ་ཤྭ་ཧེ་རུ་ཀ་དམར་ནག་པདྨས་མཚན་པའི་ཞིང་དབྱུག །བག་ཤྭ། བྱང་དུ་པ་ཤ་ཧེ་རུ་ཀ་ལྗང་ནག་རྒྱ་གྲམ་གྱིས་མཚན་པའི་ཞིང་དབྱུག །དེ་ཐམས་ཅད་གཡོན་དུང་མར་འཛིན་པས་ཏྲག་ཤ་ཤྭ་རའི་ཀ་སོགས་ཡུམ་རྣམས་ཡབ་ལྟར་ལས་ཞིང་དབྱུག་ལ་དྲིལ་བུ་སྒྲ་སྒྲོག་པས་མཚན་པ་བསྣམས་པ་ལ་འཁྱུད་པའོ། །ཧཱུཾ། མ་རུངས་གདུག་པའི་དངོས་པོ༴ འཇོམས་བྱེད་ཡབ་ཡུམ་བརྒྱད་དུ༴ གདུག་པ་ཅན་རྣམས་འཇོམས་པར་བྱེད་པ་ཡི། །སྒྲོལ་ཞིང་སྟོབ་པའི་ཕྲིན་ལས་མཐར་ཕྱིན་ཤོག །ན་མོ་ཧཱུཾ། འཁོར་ལོ་རིམ་པ་ཐ་མའི་ཕྱོགས་ཀྱི་རྩིབས་བཞིར་ཟ་བྱེད་ཆེན་པོའི་འཁོར། ༀ་སརྦ་ཏ་ཐཱ་ག་ཏ་རུ་ཏི། ཤར་དུ་རུ་ཏི་ཧེ་རུ་ཀ་སྨུག་ནག་གཡས་པས་སྙིང་ཟ་བ། རཀྟི། ལྷོར་རག་ཏི་ཧེ་རུ་ཀ་སེར་ནག་གཡས་ནང་ཁྲོལ་ཟ་བ། ཁཱ་ཧི། ནུབ་ཏུ་ཁཱ་ཧི་ཧེ་རུ་ཀ་དམར་ནག་གཡས་སྐེ་ཁྲག་འཇིབ་པ། ས་ཧ། བྱང་དུ་ས་ཧ་ཧེ་རུ་ཀ་ལྗང་ནག་གཡས་ཡན་ལག་ཟ་བ། དེ་ཐམས་ཅད་གཡོན་དུང་དམར་འཛིན་པས། ཡུམ་རུ་ཏི་ཤྭ་རཱི་ཀ་སོགས་གཡས་དྲིལ་བུ་འཁྲོལ་ཞིང་གཡོན་བྷཉྫ་བསྣམས་པ་ལ་འཁྱུད་པ། ལྷ་ཚོགས་དེ་ཐམས་ཅད་ཀྱང་འབར་བའི་གར་དགུ་དང་ལྡན་ཞིང་། དུར་ཁྲོད་རོལ་པའི་ཆས་ཅན། སོ་སོའི་གདན་ལ་རོལ་པའོ། །ཧཱུཾ། ཆགས་སྡང་རྨོངས་པའི་རྟོག་པ༴ ཟ་བྱེད་ཡབ་ཡུམ་བརྒྱད་དུ༴ བསྒྲལ་བའི་ཞིང་རྣམས་མ་ལུས་གནས་སྟོན་ནས། །སྤོང་ལེན་མེད་པར་སྤྱོད་པའི་མཐུ་ཐོབ་ཤོག །ན་མོ་ཧཱུཾ། འདིར་འགྲེལ་ཆུང་དུ། ཕྱོགས་ཀྱི་རིའུ་མིག་བརྒྱད་དང་། འཁོར་ལོ་དང་པོ་དང་གཉིས་པའི་ལྷ་རྣམས་ཞི་བར་མཛད་པ་ལྟར་ན། རིགས་ལྔ་དང་སེམས་དཔའ་ཡབ་ཡུམ་ཚང་བས། སྟེང་ཁང་ཞི་དཀྱིལ་ལོགས་སུ་མ་བསྒོམས་ཀྱང་ཆད་པར་མི་འགྱུར་རམ་སྙམ་མོད། འདིར་ནི་རྒྱ་བདུན་འགྲེལ་སོགས་སུ་ཞི་བ་ཡིན་པའི་གསལ་བྱེད་མེད་ཅིང་བསྐྱེད་སྔགས་དང་མཚན་གྱི་ཀྱང་ཁྲོ་བོ་སྟོན་པར་མ་ཟད། རྩ་རྒྱུད་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་གྱི་ལེའུ་ལས། སྤྱན་འབར་བ་དྲུག་ཅུ་རྩ་བཞི་ནི་ཧེ་རུ་ཀ་ཡབ་ཡུམ་དྲུག་ཅུ་རྩ་བཞིར་གསལ་ལོ། །ཞེས་དབུ་ཉེར་གཅིག་ལ་སྤྱན་གསུམ་གསུམ་སྟེ་རེ་གསུམ། སྦས་སྤྱན་གཅིག་བཅས་རེ་བཞིན་སྦྱར་བའི་ལྷ་ཐམས་ཅད་ཧེ་རུ་ཀར་གསུངས་བ་དང་། ཟུར་ཧམ་གྱིས་ཀྱང་། མདོ་ཆེན་ཀུན་འདུས་རྒྱུད་ལྟར་ཚོགས་ཆེན་འདུས། ཨ་ནུ་གཙོ་ལྟར་ཞི་འོད་ཁྲོ་ཧེ་རུ། ཆེ་མཆོག་རྒྱལ་པོ་བཛྲ་རྒྱལ་ཚབ་ནི། ཞེས་སོགས་གསུངས་པ་ལྟར་བྱས་པའོ། །ཡང་འཁོར་ལོ་རྩིབས་བརྒྱད་ཀྱི་ལྷ་རྣམས་ཕྱོགས་རྩིབས་ལ་བཀོད་ནས། མཚམས་རྩིབས་རྣམས་སྟོང་པར་འཇོག་པ་ནི་རྣལ་འབྱོར་སའི་སྒྲོལ་མ་ལས། འདི་དག་ནི་འཁོར་ལོའི་རྩིབས་རེ་རེ་ལ་གོ་རིམ་བཞིན་དུ་དགོད་ཅེས་ཟེར་ན། ཡོད་མཚམས་ཀྱི་འཁོར་ལོ་ཡེ་ཤེས་ཀྱི་ཡུལ་བས་སྟོང་པར་བཞག་སྟེ། ཕྱོགས་ཀྱི་འཁོར་ལོ་རྣམས་ལ་ཐབས་དང་ཤེས་རབ་སྦྱོར་བའི་སྟངས་སྟབས་སུ་བཞུགས། ཞེས་གསུངས་པ་ལྟར་བཀོད་པ་སྟེ། ཐབས་ཤེས་སོ་སོར་དགོད་པར་འདོད་ན། ཕྱོགས་རྣམས་སུ་ཡབ་དང་མཚམས་ལ་ཡུམ་རྣམས་སྤེལ་ཏེ་དགོད་དོ། །གསུམ་པ་བཀའ་ཉན་གྱི་འཁོར་རྣམས་བསྐྱེད་པ་ནི། གྲུ་ཆད་ཀྱི་ལྷ་སྣམ་ནང་མ་ལ་གསང་བའི་བུ་མོའི་འཁོར། ༀ་བཛྲ་ག་རཱ་ཧ། ཤར་ལྷོའི་ཤར་དུ་མཛོད་ལྡན་མ་སོགས་གཞན་འདྲ་བ་ལས། བཞུགས་གནས་ཀྱི་ཁྱད་པར་ནི། ལྷོ་ནུབ་ཀྱི་ལྷོར་ཆོམ་རྐུན་མ། ནུབ་བྱང་གི་ནུབ་ཏུ་རབ་རྨོངས་མ། བྱང་ཤར་གྱི་བྱང་དུ་རོ་ལང་མ། ཤར་ལྷོའི་ལྷོར་སྦོས་མོ། ལྷོ་ནུབ་ཀྱི་ནུབ་ཏུ་དྲོད་མོ། ནུབ་བྱང་གི་བྱང་དུ་དུར་ཁྲོད་མ། བྱང་ཤར་གྱི་ཤར་དུ་གཏུམ་མོ། ཞེས་བསྒྱུར། གྲུ་ཆད་ཀྱི་ལྷ་སྣམ་ཕྱི་མ་ལ་དགའ་བའི་བུ་མོའི་འཁོར། ༀ་བཛྲ་སིདྷ་མུ་ཁཱི་ཧེ། ཤར་ལྷོའི་ཤར་དུ་སེང་གདོང་སེར་མོ་སོགས་སྔར་ལྟར་འགྲེའོ། །ཁྱམས་དང་པོ་ལ། ༀ་བཛྲ་ཀྲོ་དྷ་ཧཱུཾ། བཅུས། ཤིན་ཏུ་གསོད་པ་ཆེན་པོའི་འཁོར་ཁྲོ་བོ་བཅུ་རང་རང་གི་ཟ་བྱེད་མཆེ་བ་ཅན་གྱི་གདོང་ཅན་སོ་སོའི་ཡུམ་དང་། སྤྲུལ་པ་ཁྲ་ཐབས་ཉི་ཤུ་དང་བཅས་པའི་སྟེང་འོག་གི་ཁྲོ་བོ་ཤར་ནུབ་དང་། མཚམས་ཀྱི་ཁྲོ་བོ་རྣམས་རང་གནས། ཕྱོགས་ཀྱི་ཁྲོ་བོ་བཞི་པོ་ཤར་སྟོད་ལ་སོགས་པའི་ཕྱོགས་ཀྱི་སྒོ་དང་པོ་རྣམས་སུ་བཞུགས་པའོ། །ཧཱུྃ། རུས་མགོ་ཚིགས་མགོའི༴ ཁྲོ་བཅུ་ཡབ་ཡུམ་ཟ་གསོད་བསྒོམས་པའི་མཐུས། ཁ མས་གསུམ་གདུག་པ་མ་ལུས་སོགས་སོ། །ཁྱམས་དེ་ཉིད་ལ་མ་མོ་བརྒྱད་དང་གིང་བཅོ་བརྒྱད་ཀྱང་བཞུགས་ཏེ། མ་མ་དུན་བྷྱོ་བརྒྱད་ཀྱིས། ཨེ་ཀ་ཛཱ་ཊི་དང་། རྡོ་རྗེ་གར་དབང་དང་། རྡོ་རྗེ་གསལ་མ་དང་། རྡོ་རྗེ་ཀུན་བཟང་མ་དང་། རྡོ་རྗེ་ཡེ་ཤེས་མཆོག་དང་། རྡོ་རྗེ་དཔུང་སྒྲོལ་མ་དང་། རྡོ་རྗེ་སྒྲོལ་མ་དང་། རྡོ་རྗེ་སྲོག་གཅོད་མ་དང་བརྒྱད་ཕྱོགས་རེར་གཉིས་གཉིས་སོ། །ཧཱུཾ། ཤ་ཁྲག་རྩ་ཡི་དངོས་པོ༴ མ་མོ་བརྒྱད་དུ་བསྒོམས་པའི༴ ཚེ་སྲོག་སོགས་སོ། །ཀིཾ་ཀ་ར་ཧ་ཧ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། བཅོ་བརྒྱད་ཀྱིས། རྡོ་རྗེ་ཆགས་ཆེན་དང་། རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་སྲིན་པོ་དང་། རྡོ་རྗེ་རོ་ལངས་དང་། རྡོ་རྗེ་དཀྱིལ་འཁོར་འཛིན་དང་། རྡོ་རྗེ་ཕྱོགས་འདུལ་དང་། རྡོ་རྗེ་དུས་མཚམས་དང་། རྡོ་རྗེ་ལངྐ་དང་། རྡོ་རྗེ་འཆི་བདག་དང་། དེ་དག་གི་སྦྱོར་བའི་ཡུམ་ཁམས་གསུམ་དབུགས་འགེངས་ཆེན་མོ་དང་། ལྕགས་ཀྱུ་འདྲེན་བྱེད་དང་། སྟོང་གསུམ་དབང་སྡུད་དང་། རླུང་ལྟར་འཕྱོ་བ་དང་། གློག་འགྱུ་མ་དང་། རྣ་ཉན་ཕྲ་མ་མཁན་དང་། རྦོད་གཏོང་ལེན་པར་བྱེད་མ་དང་། སྙིང་རྗེས་སྒྲོལ་བ་ཆེན་མོ་དང་། ཕྱག་ཚང་མཉེས་བྱེད་ཆེན་པོ་དང་བཅོ་བརྒྱད་པོ་ཤར་ནུབ་ཏུ་ལྔ་ལྔ་དང་ལྷོ་བྱང་དུ་བཞི་བཞིའོ། །ཧཱུཾ། གུར་རྩིབས་བཅོ་བརྒྱད་སོགས་སོ། །ཤར་སྨད་ལ་སོགས་པའི་ཕྱོགས་བཞིའི་སྒོ་གཉིས་པ་རྣམས་སུ་ཤིན་ཏུ་གུས་པའི་འཁོར། ༀ་བཛྲ་ཨཱརྱ་ཏེ་ཛ་ཏེ་ང་ཛཿ ཤར་སྒོར་རྟ་གདོང་མ་དཀར་མོ་སོགས་སོ། ཁྱམས་གཉིས་པ་ལ། ཨེ་ཨ་ར་ལི་ཧཱུཾ། སོ་གཉིས་ཀྱིས། ཤར་དུ་མཁའ་འགྲོ་དགའ་བྱེད་མ། འདྲེན་བྱེད་མ། སྤོར་བྱེད་མ། གསོད་བྱེད་མ་དང་བཞི། ལྷོར་འབར་བྱེད་མ། གཟི་བརྗིད་མ། འཇོམས་བྱེད་མ། བོང་བུའི་གདོང་མ་དང་བཞི། ནུབ་ཏུ་ཆགས་བྱེད་མ། ཆགས་བྲལ་མ། འཁོར་ལོ་མ། རྒྱས་འདེབས་མ་དང་བཞི། བྱང་དུ་སྣ་ཚོགས་ལུས། བསྲུང་བ་མོ། གནོད་སྦྱིན་མོ། ཡང་དག་འཕྲོག་མ་དང་བཞི། ཤར་ལྷོར་བྱ་རྒོད་གདོང་མ། བཞད་གདོང་མ། འུག་གདོང་མ། སྣ་ཚོགས་མཆོག་གི་གཟུགས་ཅན་མ་དང་བཞི། ལྷོ་ནུབ་ཏུ་བོང་བུའི་གདོང་མ། ར་གདོང་མ། བྱི་ལའི་གདོང་མ། རུས་འཕྲེང་མ་དང་བཞི། ནུབ་བྱང་དུ་ལྟོ་འཕྱང་མ། བུམ་འཛིན་མ། འཐབ་རྩོན་མ། ལྕེ་སྦྱང་འཁོར་ཅན་མ་དང་བཞི། བྱང་ཤར་དུ་བུམ་སྣ་མ། རྣམ་འཇོམས་མ། འབོད་སྒྲོག་མ། དྷ་ཤྭ་གྲཱི་བ་དང་བཞི་སྟེ། ཕྱོགས་མཚམས་ཀྱི་བཞི་བཞི་རིགས་བསྡུས་པས་མཁའ་གྲོ་བརྒྱད་དང་། དེ་དག་རྫུ་འཕྲུལ་གྱིས་འགྲོ་བའི་སྤྲུལ་པ་མཛེས་སྡུག་འོད་འབར་སོགས་ཤུགས་འགྲོ་བརྒྱད་དང་བཅས་པའོ། །ཧཱུཾ། སོ་དང་རུས་པའི༴ མཁའ་འགྲོ་ཤུགས་འགྲོ་བསྒོམས་པའི་སོགས་སོ། །ཕྱོགས་ཀྱི་སྒོ་དང་པོ་བཞིར། ༀ་ཤྲཱི་བཛྲ་མུདྒ་ར་མུ་ཁ་ཤྭ་ར་ཡཱ་ཡ་ན་མཿ ཤར་སྒོར་དཀར་མོ་མིག་གཅིག་རྒྱས་འདེབས་མ་སོགས་སོ། །སྒོ་གཉིས་པ་བཞིར། བཛྲ་དུནྟིང་བྷྱོ། བཞིས། ཤར་སྒོར་གླིང་བཞི་མགྱོགས་མ་སོགས་དང་། ཧཱུཾ། ཤ་ཁྲག་རྩ་ཡི་དངོས་པོ༴ སྲིང་མོ་བཞི་རུ་སོགས་སོ། །ཁྱམས་གསུམ་པ་ལ། ཧེ། བཅུ་དྲུག་གིས། ཁྱབ་བྱེད་ཆེན་མོ་ཁྱུང་གི་མགོ་དང་། གསོད་བྱེད་ཆེན་མོ་སྲེ་མོང་མགོ་དང་། མགྱོགས་མ་སྙེགས་བྱེད་ཁྲའི་མགོ་དང་། འབྱིན་བྱེད་པུ་ཤུད་མགོ་དང་། མྱོས་བྱེད་སྨིག་བུའི་མགོ་དང་། རྐུན་མོ་བྱི་ལའི་མགོ་དང་། གདུག་བྱེད་སྦྲུལ་གྱི་མགོ་དང་། སྒྲིན་བྱེད་ཕ་ཝང་གི་མགོ་ཅན་བརྒྱད་པོ་ཕྱོགས་དང་མཚམས་ལ་བཞུགས་ཤིང་། ཕྱོགས་ཀྱི་སྒོ་གཉིས་གཉིས་ཏེ་བརྒྱད་ལ། སྟག་དང་བྱ་རྒོད། ཤ་བ་དང་འུག་པ། བྱི་ལ་དང་པུ་ཤུད། སེང་གེ་དང་ཕ་ཝང་གི་གདོང་ཅན་བརྒྱད་དོ། །ཧཱུཾ། སྣ་ཚོགས་རྟོག་པའི་སྣང་བ་ཅིར༴ རྡོ་རྗེ་ཕྲ་མེན་བསྒོམས༴ སྲིད་གསུམ་གདུག་པའི་ཚོགས་རྣམས་ཀུན་བསྒྲལ་ནས། །མངོན་སྤྱོད་དྲག་པོའི་འཕྲིན་ལས་ལྷུན་གྲུབ་ཤོག །ན་མོ་ཧཱུཾ། ཁྱམས་དེ་ཉིད་ཀྱི་ཕྲ་མེན་བརྒྱད་པོ་རེ་རེའི་གཡོན་ཕྱོགས་སུ། ༀ་བཛྲ་ཨ་པྲ་ཏི་ཧ་ཨཱརྻ་ནི་ཙ་ཏུ་རྟ་ར་ཕཊ་རཀྨོ་ཧཱུཾ་བརྒྱད་ཀྱིས། ཤར་དུ་འབར་མ་ཉི་ཟེར་ཅན་སོགས་སོ། །ཁྱམས་བཞི་པ་ལ། ཧཱུཾ། བཅུ་དྲུག་གིས། རྡོ་རྗེ་གནོད་སྦྱིན་མ་ཛ་གད་ཀྱིས་བཀང་བའི་བྱི་རུ་ལ་སོགས་པའི་ཕོར་པ་ཐོགས་པ་བརྒྱད་ཕྱོགས་མཚམས་དང་། སྒོར་སྲིན་མོ་རཀྟས་བཀང་པའི་གཞོང་པ་ཐོགས་པ་བརྒྱད་དོ། །ཧཱུཾ། འཇིག་རྟེ་བསྐྱེད་སྡུད་དངོས་པོ༴ གནོད་སྦྱིན་སྲིན་མོ་བསྒོམས་པའི༴ སྨན་གྱིས་གསོ་ཞིང་ཆགས་པས་བསྡུས་བྱས་ནས། །ཐབས་ཤེས་བདེ་བས་ཀུན་ཏུ་ཁྱབ་པར་ཤོག །ན་མོ་ཧཱུཾ། ཁྱམས་ལྔ་པ་ལ། མ་ནུ་རཀྵ་སཱི་བྷྱོ་ནས། ཨིནྡྲ་ཎཱི་བྷྱོ། ཤར་སྟོད་ནས་རིམ་བཞིན་སོགས་དང་། ཕྱོགས་ཀྱི་མ་དྲུག་གི་ཕྱི་རོལ་ཏུ། བྷ་ན་བྷ་ན་ཨཾ་ཀུ་ཤ་ཛཿ ཧ་ལ་ཧ་ལ་པ་ཤ་ཧཱུཾ། གརྫ་གརྫ་སྥོ་ཊ་བཾ། པ་ཙ་པ་ཙ་གཎྜེ་ཧོཿ ཀྲོ་དྷ་ཀྲོ་དྷཱི་ཧཱུཾ། མ་མེ་ཤྭ་ར་ཧཱུཾ། ཞེས་བརྗོད་པས། ཤར་སྨད་དུ་མི་མོ་གསེར་གྱི་མདུན་ཞུ་ཅན་དང་། ཤར་ལྷོར་དུང་གི་སྤྱང་མོ་མགོ་དགུ་མ། ལྷོར་མི་མོ་སྟག་གི་ཚུལ་ཅན། ལྷོ་ནུབ་ན་ལྕགས་ཀྱི་སྤྱང་མོ་མགོ་དགུ་མ། ནུབ་སྟོད་དུ་མི་མོ་དུང་གི་ཚུལ་མཆུ་ཅན། ནུབ་བྱང་ན་ཟངས་ཀྱི་སྤྱང་མོ་མགོ་དགུ་པ། བྱང་ན་མི་མོ་ལྕགས་ཀྱི་མཆུ་ཅན་མ། བྱང་ཤར་ན་གཡུ་སྤྱང་མགོ་དགུ་མ། ཤར་སྟོད་ན་སྟེང་གི་ཕོ་ཉ་ལྕགས་ཀྱི་བྱ་ཁྲ་ཆེན་མོ། ནུབ་སྨད་དུ་འོག་གི་ཕོ་ཉ་ལྕགས་ཀྱི་བྱི་བ་ཆེན་མོ་སྟེ། ཕོ་ཉའི་གཙོ་མོ་བཅུ་འཁོར་དང་བཅས་པས་སུམ་བརྒྱ་དྲུག་ཅུ་རྣམས་བཞུགས་པར་གྱུར། ཧཱུཾ། ལུས་བཅུད་རྩ་མདུད་དངོས་པོ༴ ཕོ་ཉ་སུམ་བརྒྱ་དྲུག་ཅུ༴ དམ་ཚིག་ཉམས་དང་དགྲ་བགེགས་ཀུན་བསྒྲལ་ནས། གནོད་པའི་བར་ཆད་མིང་ཡང་མེད་པར་ཤོག །ན་མོ་ཧཱུཾ། བཞི་པ་རིག་འཛིན་རྩལ་འཆང་གི་དཀྱིལ་འཁོར་བསྐྱེད་པ་ནི། ༀ་མ་ཧཱ་གུ་རུ་ཤཱ་རི་རཾ་གཱི་ལི་ཧཱུཾ། རྒྱུའི་རྟ་བབས་ཀྱི་ཕྱི་རོལ་ཁོར་ཡུག་ཟླུམ་པོ་ལ་སོགས་སོ། །ལྔ་པ་ཞར་བྱུང་མགྲོན་ཐབས་ཀྱི་ལྷ་བསྐྱེད་པ་ནི། རྟ་བབས་ཀྱི་སྒོར་རྡོ་རྗེ་ཁམ་རྒྱ་མ་དྲུག་དང་། གཞན་ཡང་སྤྲུལ་པ་དང་། ཡང་སྤྲུལ་སོགས་ནས། ལས་ཀྱི་རིམ་པའི་ཏིང་ངེ་འཛིན་ལས་ཕྱག་རྒྱའི་མཆོད་པའི་འགོའི་ལག་པ་བྱིན་རླབས་ཀྱི་ལཱཾ་མཱུཾ་མཱཾ་པཱཾ་ཏཱཾ་རྣམས་ཀྱིས་མཚན་པར་གྱུར་ཞེས་པའི་བར་དཀྱུས་ལྟར་བྱས་རྗེས། རྣལ་འབྱོར་མཆོག་གི་ལག་གཉིས་ལ། །ཉི་ཟླ་འབར་བའི་ལིདྒ་ནི། །ཨ་དང་མ་གཉིས་གསལ་བཞག་སྟེ། །ཐབས་དང་ཤེས་རབ་གཉིས་མེད་སྦྱར། །འདི་ནི་ཕྱག་རྒྱ་འབྱུང་བའི་རྒྱུ། །དེ་ནས། ༀ་དང་མཱུཾ་གཉིས་རྩེ་སྤྲད་ལ། །ཞེས་སོགས་ཞི་བ་ཡབ་ཡུམ་གྱི་སྤྱི་རྒྱ་ཡན་དང་། ཁྲོ་བོའི་ཕྱག་རྒྱ་ནི། མཉམ་པའི་ཚུལ་དུ་གནས་པ་ལ། མ་ཡི་སྟེང་དུ་ཨ་ཉིད་བཞག །བྱ་བ་ཐམས་ཅད་བྲལ་བའི་རྒྱ། །འདི་ནི་ཁྲག་འཐུང་རིགས་ལྔའི་འོ། །ཨ་དང་མ་ཡི་འབྲུ་བཅུ་རྣམས། །འཕྲོ་འདུ་བྱ་ཞིང་ཀུན་ཏུ་བསྒྱུར། གཡས་སུ་འཁྱིལ་ཞིང་གཡོན་དུ་འཁྱུག །འདི་ནི་ཆོ་འཕྲུལ་འབྱུང་བའི་རྒྱ། །ཨ་དང་མ་ཡི་འབྲུ་བཅུ་རྣམས། སོ་སོར་བཅངས་ཏེ་མྱུ་གུར་བྱ། །ཤིན་ཏུ་གཏོད་དེ་ཀུན་ཏུ་བསྒྱུར། །འདི་ནི་སྙིང་པོ་འབྱུང་བའི་རྒྱ། །མ་ཡི་སྦྱིན་པ་གཏོང་ཚུལ་ལ། །ཨ་ཡིས་ཐམས་ཅད་སྐྱོབ་བྱེད་པ། །འདི་ནི་ཚད་མེད་ཆེན་པོ་ཡི། །ཀུན་ལ་སྙོམས་པའི་ཕྱག་རྒྱ་ཡིན། །མ་ཉིད་ཁྲག་རྣམས་འཕྲོག་པའི་སྣོད། །ཨ་ཉིད་སོ་འཕྲེང་མཆེ་བར་སྦྱར། །འདི་ནི་ཐམས་ཅད་རོལ་པ་ཡི། །འཇིགས་ཚུལ་སྟོན་པའི་ཕྱག་རྒྱ་ཡིན། །ཨ་དང་མ་གཉིས་རྟིང་སྦྱར་ཏེ། །སོ་འཕྲེང་མཆེ་བའི་ཚུལ་གྱིས་ནི། །ཤིན་ཏུ་ཁ་གླལ་པ་ཡི་ཚུལ། །འདི་ནི་འཇིགས་བྱེད་ཆེན་པོའི་རྒྱ། །མ་ཡིས་བཟུང་སྟེ་འཐེན་ནས་ནི། །ཨ་ཡིས་གདེངས་ཤིང་འཇོམས་བྱེད་པ། །འཇོམས་བྱེད་ཆེན་པོའི་ཕྱག་རྒྱ་ཡིན། །མ་དང་ཨ་ཡིས་མགོ་མཇུག་ནས། །བཟུང་བའི་ཚུལ་དུ་བྱས་ནས་ནི། །ཁ་ཡིས་འདྲེན་ཅིང་འཐེན་བྱེད་པ། །ཟ་བྱེད་ཆེན་པོའི་ཕྱག་རྒྱ་ཡིན། །ཨ་དང་མ་ཡི་ཤེས་རབ་ལས། །གཡས་གཡོན་ཚུལ་གྱིས་བསྒྱུར་བྱས་ཏེ། །སོ་སོ་ཇི་ལྟར་ཡིན་ཐབས་སྦྱར། །ཁྲག་འཐུང་རྣམས་ཀྱི་ཡུམ་གྱི་རྒྱ། །ཞེས་པ་ཙམ་མམ། འཁོར་གཞན་རྣམས་ཀྱི་རྒྱ་བྱེད་པར་སྤྲོ་ན། ཀ་སིང་ཞལ་འཕངས་པ་ལྟར་བླངས་རྗེས། ཁྲོ་བཅུའི་སྤྱི་རྒྱ། དཔའ་བོ་གདན་ལས་བཞེངས་ནས་ནི། །ཕྱོགས་མཚམས་ཀུན་ཏུ་བལྟས་བྱས་ནས། །ཤིན་ཏུ་འགྱིང་ཤིང་བརྗིད་པར་བྱ། །ཨ་དང་མ་ཡི་འབྲུ་རྣམས་ནི། །སོ་སོར་བསྡམས་ནས་དཀུར་བརྟེན་བྱ། །འདི་ནི་ཁྲོ་བོ་སྤྱི་ཡི་རྒྱ། །དེ་ནས་རྟ་གདོང་སོགས་སྒོ་མ་དང་། དབང་མོའི་རྒྱ་ཞལ་འཕངས་ལྟར་བླང་ཞིང་། འབར་མ་རྣམས་ཀྱི་ཕྱག་རྒྱ་ནི། །ཞེས་སོགས་དང་། སྡེ་ཚན་སོ་སོའི་མཐར་ཡང་། འབར་བའི་གདན་ལ་བཞེངས་ནས་ཀྱང་། །སོགས་ནས། བཟླས་པའི་དུས་སོ་སོའི་སྔགས་བསྒྱུར་བ་ཙམ་ལས་གཞན་གོ་བགོ་ལུས་བསྲུང་གི་བར་སྒྲུབ་ཐབས་ཀྱི་དཀྱུས་ལྟར་བྱ་བ་ཡིན་ནོ། །དེ་བཞིན་དུ་དཀྱིལ་ཆོག་ཀྱང། སྒྲུབ་དབང་ཁོ་ནའི་ཚེ་ས་ཆོག་མི་དགོས་ནའང་རྩ་དཀྱིལ་ལོགས་སྒྲུབ་ལྟ་བུའི་ཚེ་སྤྱིར་དྲི་མེད་འོད་འཕྲེང་ལྟར་ལས། ཁྱད་པར་ས་སྦྱང་བཟུང་དང་། ལྷ་བུམ་སྟ་གོན་གྱི་བསྐྱེད་བྱ་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་ཁྱད་པར་བསྒྱུར་བ་ཙམ་ལས་གཞན་མེད་དོ། །མདོ་ཡོངས་རྫོགས་ཀྱི་དབང་དུ་བྱས་པའི་ཡན་ལག་གི་དཀྱིལ་འཁོར་བརྒྱད་པ་ཨ་ནུའི་སྒྲུ་ཐབས་ཀྱི་ལེ་ཚན་ནོ། །གཉིས་པ་དེས་དེ་དང་དེ་ལ་དཀྱིལ་འཁོར་སོ་སོ་བ་མེད་དམ་སྙམ་པའི་ལོག་རྟོག་བསལ་བ་ནི། ནང་དབང་དང་སྒྲུབ་དབང་གི་དཀྱིལ་འཁོར་འདི་གཉིས་ནི། དོན་ལ་ཡན་ལག་ཅན་རྩ་བའི་དཀྱིལ་འཁོར་ཡིན་ཏེ། དང་པོ་མ་ཧཱ་དང་ཐུན་མོང་པའི་རྩ་དཀྱིལ་ལམ། ཚོགས་ཆེན་འདུས་པའི་དཀྱིལ་འཁོར་དང་། གཉིས་པ་ཐུན་མིན་གྱི་མདོ་རྩ་བའི་དཀྱིལ་འཁོར་དང་། ཚོགས་ཆེན་འདུས་པའང་དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་ཞེས་ཀྱང་བྱ་སྟེ། མཚན་གསུམ་ལྡན་ནོ། །དེས་ན་དེ་གཉིས་ཀ་རྩ་བའི་དཀྱིལ་འཁོར་ཡིན་པས། རྒྱུད་ལུགས་ཀྱི་ཆུ་བོ་བཞི་དེ་དང་དེ་གང་རུང་དུ་བསྐུར་རུང་སྟེ། དེའི་འཐད་པ་གཞན་དུ་འཆད་དོ། །འདིར་ཡན་ལག་གི་དཀྱིལ་འཁོར་སོ་སོར་ཕྱེ་བ་མན་ངག་གི་ལུགས་སམ་མདོ་ཡོངས་རྫོགས་ཀྱི་ཆུ་བོ་བཞི་དང་། རྩ་བའི་དཀྱིལ་འཁོར་དུ་བསྐུར་བྱ་རྒྱུད་ལུགས་ཀྱི་ཆུ་བོ་བཞི་སྟེ། ལུགས་གཉིས་གཅིག་ཏུ་དྲིལ་ནས་བསྐུར་བའི་ཕྱག་བཞེས་འདི་ལ་སྒྲུབ་དབང་ལ་དཀྱིལ་འཁོར་ཟུར་དུ་མ་མཛད་པས། དེ་དང་དེ་ལ་དཀྱིལ་འཁོར་སོ་སོར་མེད་དམ་སྙམ་པའི་ལོག་རྟོག་སྐྱེ་སྲིད་པས་དེ་བསལ་བའི་ཕྱིར། དེང་སང་ཕྱག་བཞེས་སུ་མི་མཛད་ཀྱང་། དཀྱིལ་འཁོར་གཉིས་པོའི་ཁ་བསྒྱུར་ལུགས་གོ་བདེ་བར་སྦྱར་བ་ཡིན་ལ། དེ་ཡང་དཀྱིལ་འཁོར་དེ་དང་དེར་འབྱེད་པའི་ཁུངས་ནི། སློབ་དཔོན་བདེ་བ་གསལ་མཛད་ཀྱིས་མཛད་པའི་ལས་ཐོའི་ནང་དབང་གི་སྐབས་སུ། ཚོགས་ཆེན་འདུས་པའི་དཀྱིལ་འཁོར་བཞེངས། །ཞེས་དང་། སྒྲུབ་དབང་གི་སྐབས་སུ། དུར་ཁྲོད་གསང་བའི་ལུགས་སུ་བཞེངས། ཞེས་སོ་སོར་གསུངས་པའི་ཕྱིར་དང་། དུར་ཁྲོད་གསང་བའི་དཀྱིལ་འཁོར་ནི། འདིར་བཀོད་ཕྱི་མ་ཉིད་ཡིན་པས། རྩ་རྒྱུད་ཀྱི་དཀྱིལ་འཁོར་འདི་ཉིད་སྟོན་པ་ཚོགས་ཆེན་འདུས་པའི་སྒྲུབ་ལུགས་ཀྱི་ལེའུར། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་ཞེས་བྱ་བ་འདི་རྒྱ་ཆེར་བཤད་དོ། །ཞེས་དང་། སྒྲུབ་པ་རྩ་བའི་དཀྱིལ་འཁོར་དུ། །དུར་ཁྲོད་གསང་བ་མཆོག་གི་མདོ། །ཞེས་སོགས་གསུངས་སོ། །དེ་ལྟར་ན། རྒྱུད་དང་མན་ངག་གི་ལུགས་ཀྱི་དབང་གཉིས་གཅིག་ཏུ་དྲིལ་ནས་བསྐུར་བའི་ལུགས་འདིར་སྒྲུབ་དབང་གི་དཀྱིལ་འཁོར་དོར་ཞིང་། རྒྱུད་ལུགས་ཀྱི་ཕྱི་དབང་རྩ་དཀྱིལ་དུ་སླར་ཡང་ཟློས་ཏེ་བསྐུར་བས། ཆད་པ་དང་ལྷག་པའི་སྐྱོན་གཉིས་ཀ་གནས་སོ་ཞེ་ན། དེའི་སྐྱོན་སྤོང་དང་། དེ་ལྟར་མཛད་པའི་དགོས་པ་ནི་གཞན་དུ་རྒྱས་པར་བཤད་ཅིང་། འཆད་པར་ཡང་འགྱུར་ཏེ། འདིར་ཡི་གེས་འཇིགས་སོ། །གསུམ་པ་ད་ལྟའི་ཕྱག་བཞེས་ལྟར་གང་དུ་བསྐུར་བའི་སྒྲུབ་དཀྱིལ་རྗེ་བླ་མས་མཛད་པ་ལ་ཁ་འཕང་བ་ནི། མདོ་དབང་ལ་ཡན་ལག་གི་དཀྱིལ་འཁོར་དང་། ཡན་ལག་ཅན་རྩ་བའི་དཀྱིལ་འཁོར་གཉིས་སུ་ཕྱེ་ནས། རྩ་བའི་དཀྱིལ་འཁོར་གྱི་སྐབས་སུ་ཚོགས་ཆེན་འདུས་པ་ཐུན་མོང་གི་དཀྱིལ་འཁོར་བཞེངས་ཏེ། དེར་རྒྱུད་ལུགས་ཀྱི་ཕྱི་དབང་དང་། རྒྱུད་དང་མན་ངག་ཐུན་མོང་གི་ནང་དབང་། རྒྱུད་ལུགས་གཙོ་བོར་བྱས་པའི་སྒྲུབ་དབང་གི་མཇུག་ཏུ་གསང་དབང་རྫོགས་པའི་ཆུ་བོ་གཉིས་མདོར་བསྡུས་པ་རེ་སྦྲེལ་ཏེ། ཆུ་བོ་བཞི་རྫོགས་མཛད་པའི་སྒྲུབ་མཆོད་ཆོ་ག་གཞུང་ནི། རྗེ་བླ་མ་དམ་པའི་གསུང་རབ་ལེགས་བཤད་རྨད་དུ་བྱུང་བའི་སྒྲུབ་ཐབས་དངོས་གྲུབ་ཆར་འབེབས་དང་། དཀྱིལ་ཆོག་དྲི་མེད་འོད་འཕྲེང་ལྟར་ཤེས་པར་བྱ་ཞིང་། དེ་ལྟར་ནའང་སྒྲུབ་ཐབས་ཀྱི་རྒྱས་འབྲིང་བསྡུས་པའི་འདོར་ལེན་དང་། དཀྱིལ་ཆོག་ཏུ་ཞལ་འཕངས་གནང་བའི་སློབ་མ་སྟ་གོན་ལ་སོགས་པ་དང་། དེར་མ་ཟད་སྒྲུབ་ཆེན་དང་སྦྲེལ་བའི་བསྙེན་སྒྲུབ་ཡན་ལག་བཞིའི་ཆིངས་ཀྱི་སྒྲུབ་ཁོག །ཕྱི་ནང་གི་རབ་གནས་སྦྱིན་སྲེག་ལ་སོགས་པ་རྣམས་རིགས་མཐུན་གྱི་སྡེ་ཚན་སྡེབས་པའི་ཟུར་འདེབས་རེ་ལོགས་སུ་འདྲི་བར་འདོད་པས། དེ་དང་དེར་ཤེས་པར་བྱའོ། །རྒྱུད་ལུང་དཀྱིལ་འཁོར་གྱི་ཁྱད་པར་ཕྱེ་བས་ལོག་རྟོག་བསལ་ནས་ཕྱག་བཞེས་ཀྱི་གནད་ངོ་སྤྲད་པའི་ལེ་ཚན་ནོ། །ཡོངས་གྲགས་ངག་བགྲོས་ཁོ་ནའི་རྗེས། །མ་བཟླས་ཤེས་བརྩོན་དབང་པོ་ཡིས། །ཆོས་འདིའི་རྒྱུད་འགྲེལ་མན་ངག་ལ། །ཞིབ་དཔྱད་ལེགས་བཤད་དཔལ་དུ་བསྐྲུན། །འདུས་པ་མདོའི་ཡན་ལག་གི་དཀྱིལ་འཁོར་རྣམས་ཀྱི་སྒྲུབ་དཀྱིལ་དངོས་གྲུབ་འདོད་འཇོ་ལས། ནང་དབང་འབྱུང་བའི་ཆུ་བོ་དང་། སྒྲུབ་དབང་གྲགས་པའི་ཆུ་བོ་གཉིས་ཀྱི་དཀྱིལ་འཁོར་བཤད་པའི་སྐབས་ཏེ་གསུམ་པའོ།། །།

༈ ༀ་སྭ་སྟི། འགྱུར་བདེའི་བག་ཆགས་ཆེས་ཕྲ་བའང་། །མཆོག་བདེའི་གཉིས་མེད་ཡེ་ཤེས་ཀྱི། །རྡོ་རྗེས་གཏན་བཅོམ་སྐུ་བཞིའི་བདག །དཔལ་ལྡན་བླ་མ་ལ་བཏུད་ནས། །བདེ་ཆེན་ཡེ་ཤེས་ཆུ་བོའི་རྒྱུན། །དངོས་གྲུབ་རྦ་རླབས་གཡོ་བ་ཅན། །ལེགས་བཤད་ཆོག་གཞུང་འབབ་སྟེགས་ལས། །སྐལ་ལྡན་ཞིང་སར་ལྷུང་ལྷུང་འབེབས། །འདིར་མདོ་ཡོངས་རྫོགས་ཀྱི་དབང་དུ་བྱས་པའི་གསང་དབང་རྫོགས་པའི་ཆུ་བོའི་དཀྱིལ་འཁོར་ལ། ཀུན་རྫོབ་བྱང་སེམས་དང་། དོན་དམ་བྱང་སེམས་ཀྱི་དཀྱིལ་འཁོར་གཉིས་ལས། དང་པོ་ཀུན་རྫོབ་བྱང་སེམས་ཀྱི་དབང་ལུས་ལ་བསྐུར་བའི་དཀྱིལ་འཁོར་ནི། བླ་མའི་ལུས་དཀྱིལ་དུ་བསྐུར་བ་ཡིན་པས། ཕྱི་མཚན་མའི་དཀྱིལ་འཁོར་བཤམ་པ་ལ་ལྟོས་མི་དགོས་ཤིང་། སློབ་དཔོན་དངོས་དབང་བསྐུར་བའི་ནུས་པ་མེད་པ་དང་། སློབ་མ་བླ་མ་ཡབ་ཡུམ་གྱི་གསང་རྫས་མཁའ་གསང་ལས་དངོས་སུ་ལེན་མི་ནུས་པར་མ་ཟད། བདུད་རྩིའི་འཕྲད་དང་སྦྱར་ནས་ཀྱང་འཐུང་མི་ནུས་པའི་རྟོག་པ་ཅན་ཡིན་ནའང་། གསང་རྫས་བདུད་རྩི་རིལ་བུ་ཙམ་ལ་བརྟེ་ནས། དངོས་སུ་སྒྲུབ་ཏུ་མི་རུང་བའམ་མི་ནུས་པ་ཐམས་ཅད་ཏིང་ངེ་འཛིན་གྱིས་བསྒྲུབ་པར་བྱ་བ་ཡིན་མོད། དེ་ལྟ་ནའང་གང་ཟག་དེ་ལྟ་བུའི་ངོར་བདུད་རྩིའི་དཀྱིལ་འཁོར་བཤམ་པ་དང་། སྔོན་དུ་སྒྲུབ་པའི་ཆོ་ག་མཛད་པ་ཕྱག་བཞེས་སུ་སྣང་ཞིང་། དེ་ལའང་རིན་ཆེན་འཕྲེང་བ་སོགས་སུ་སྨན་སྒྲུབ་ཀྱི་རིགས་འགྲེ་སྦྱར་ཏེ་ཁྲོ་མཁར་གྱི་དཀྱིལ་འཁོར་སྒྲུབ་པ་མཛད་ནའང་། རྩ་བའི་དཀྱིལ་འཁོར་དུ་ཞལ་བྱང་ལ་བརྟེན་ནས་ཁྲོ་མཁར་གྱི་དཀྱིལ་འཁོར་གྱི་བདུད་རྩི་བསྒྲུབས་ཟིན་པས་འདིར་ལོགས་སྒྲུབ་མི་དགོས་པར་མ་ཟད། སྐབས་འདིར་བདུད་རྩིའི་དཀྱིལ་འཁོར་དེ་ལྟར་སྒྲུབ་དགོས་པའི་ཤེས་བྱེད་ཀྱང་མེད་པས་ན། འདིར་གླན་གྱི་ཟབ་དབང་གི་ལས་མེད་དང་། གླན་རྡོར་འོད་ཀྱི་ཕྱག་བཞེས་ལྟར་འགོས་ཀྱི་ལས་ཐོ་དང་། བཀོལ་བྱང་སོགས་ཡིག་རྙིང་གི་དགོངས་པ་ལྟར་སྒྲུབ་པར་བྱེད་པ་ལ། ཐོག་མར་དཀྱིལ་འཁོར་ནི། བདུད་རྩི་བྱང་སེམས་ཀྱི་ལྡེ་གུ་སོགས་རྫས་སུམ་ཅུས་ཆག་ཆག་བཏབ་པའི་གཞིར་འཁོར་ལོ་རྩིབས་བཞི་པའི་ལྟེ་བ་མཐིང་ག །མཐའ་རྡོ་ར་འོད་འཕྲེང་གིས་བསྐོར་བ་བྲི། འདིར་སྒོ་རྫོགས་འདྲི་བའི་ཕྱག་ལེན་ཀྱང་བྱུང་མོད། བདུད་རྩིའི་སྟན་ཙམ་ཡིན་པས་འདིས་ཆོག་གོ །དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་ཁར་བྷཉྫ་དུམ་བུ་གཅིག་པའི་ནང་དུ་ཛ་གད་ལ་བླ་མ་ཡབ་ཡུམ་གྱི་གསང་རྫས་བྱང་སེམས་ཀྱི་ཕབས་སྦྱར་བའི་བདུད་རྩི་རིལ་བུ་བཏབ་པ་བུར་སྦྲང་སོགས་ཀྱི་འཕྲད་དང་སྦྱར་བས་བཀང་། ཁ་དར་དམར་གྱིས་བཅད་པའི་སྟེང་དུ་མཁར་བའི་མེ་ལོང་ལ་སྔར་གྱི་རྫས་སུམ་ཅུས་བྱུག་པའི་ཁར་སིནྡྷུར་སྙོམས་པར་བཀྲམ་པ་ལ། ཡུམ་གྱི་མཁའ་མཚོན་པའི་ཆོས་འབྱུང་གི་དབུས་སུ་འཁོར་ལོ་རྩིབས་བརྒྱད་ལྟེ་བ་དང་བཅས་པར་ཟླ་གམ་དགུ་བྲིས་པ་ལ་སྐྱེས་པའི་ས་བོན་ནམ་མ་འབྱོར་ན་ཅུ་གང་གིས་ལྷ་དགུའི་མཚན་མ་དགོད། མཐའ་བསྐོར་དུ་ཅི་འབྱོར་པའི་མཆོད་གཏོར་དང་། ཚོགས་ཀྱི་ཡོ་བྱད་རྣམས་བཤམ་མོ། །དེ་ནས་ཆོ་ག་ལ། ཐོག་མར་བསྲུང་འཁོར་ནི། འདི་ལྟར་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཀུན་ཏུ་བཟང་མོའི་མཁའ་ཀློང་རྣམས་པར་དག་པ་ལས། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ །ཞེས་བརྗོད་པས་བདག་ཉིད་ཞེ་སྡང་རྡོ་རྗེ་ཡབ་ཡུམ་རྗེས་ཆགས་ཀྱིས་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་སྤྲིན་ཁྲོ་བོ་དང་མཚོན་ཆའི་ཚོགས་མཁའ་ཁྱབ་ཏུ་སྤྲོས་པས་བགེགས་ཐམས་ཅད་ཆོས་ཉིད་བདེ་བ་ཆེན་པའི་དབྱིངས་སུ་སྦྱངས། ཚུར་འདུས་པ་ལས་འོད་གསལ་བདེ་བ་ཆེན་པོའི་རང་མདངས་རྡོ་རྗེ་སྲུང་བའི་འཁོར་ལོས་མི་ཕྱེད་པར་བཅིངས་པར་བསམ་མོ། དེ་ནས་བཤགས་པ་ནི། ཞི་ཁྲོའི་ལྷ་ཚོགས་མཁའ་ཁྱབ་ཏུ་སད་པར་དམིགས་ནས། ༀ། ལུས་འདི་རྩ་ཡི་གཙོ་བོ་ཕལ་པ་རྣམས། །ཡེ་ནས་སྤྲུལ་སྐུར་གནས་པ་མ་ཤེས་ཏེ། །དབྱིབས་ཀྱི་ལྷ་སྐུ་རྩ་ལ་བསྒོམ་མ་ཤེས། སྤྲུལ་སྐུར་རང་བཞིན་ལྷུན་གྲུབ་འབྲས་བུར་བཤགས། །ལུས་གནས་ཡི་གེ་ལོངས་སྐུར་གནས་པ་ལ། །ལམ་དུ་མ་ཤེས་བདེ་བ་མ་བསྒོམས་པས། །གཏུམ་མོ་དྲོད་ཀྱི་འབྲས་བུ་མ་ཐོབ་སྟེ། །འབྲས་བུ་ལོངས་སྤྱོད་རྫོགས་པའི་ངང་དུ་བཤགས། །ཡེ་ནས་བདུད་རྩི་ཐིག་ལེ་ཆེན་པོ་ནི། །ཆོས་སྐུ་དྲི་མ་མེད་པར་གནས་པ་ལ། །མ་ཤེས་མ་རྟོགས་བདུད་རྩིར་མ་སྦྱངས་པ། །འབྲས་བུ་ཆོས་ཀྱི་སྐུ་ཡི་ངང་དུ་བཤགས། །ཡེ་ནས་ཐམས་ཅད་ངོ་བོ་ཉིད་ཀྱི་སྐུ། །མ་སྦྱངས་གནས་ལུགས་དོན་དུ་མ་རྟོགས་པས། །ལམ་བསྟན་རྡོ་རྗེ་རྦ་རླབས་ལམ་མ་བསྒོམས། །འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་རུ་བཤགས། །ཞེས་ཐབས་ལམ་དབང་གི་འབྲས་བུའི་བཤགས་པའོ། །དེ་ནས་དམ་བཅའ་བ་ནི། བདེ་བ་ཆེན་པོའི་གསེང་ལམ་གྱིས་སེམས་ཅན་གྱི་དོན་སྒྲུབ་པའི་ལྷག་བསམ་བརྟན་པོས། ༀ། འགྲོ་དྲུག་རྒྱལ་བའི་སྲས་པོ་འདི། །མ་རྟོགས་ལོག་པར་འཁྱམས་པ་རྣམས། །རྒྱལ་བའི་སྲས་སུ་བསྐྱེད་ནས་ནི། །འཁོར་བའི་རྒྱུན་རྣམས་བཅད་པར་བྱ། །དེ་ནས་བྱིན་དབབ་པ་ནི། བདག་ཉིད་རྡོ་རྗེ་ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་ཡེ་ཤེས་ཀྱི་འཁོར་ལོ་ཐབས་ཅད་མཁའ་ཁྱབ་ཏུ་སད་ནས་བདག་གནས་ཡོ་བྱད་རྣམས་ལ་ཐིམ་པས་བདེ་བ་ཆེན་པའི་རོལ་མོར་འབར་བར་བསམ་ལ། ༀ་ཧཱུཾ། ཨ་ལ་ལ་ཧོ༔ བྷ་ག་ཝཱན་ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་བདུད་རྩི་ལྔས་སྤགས་པའི་འདོམས་དཀྲིས་ཀྱི་རས་དང་གུ་གུལ་སོགས་ཀྱི་སྤོས་སྲེག་ཅིང་རོལ་མོའི་སྒྲ་བྱའོ། །དེ་ནས་མཆོད་པ་བྱིན་གྱིས་བརླབ་པ་ནི། རཾ་ཡཾ་ཁཾ་གིས་མཆོད་རྫས་ཀྱི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་སྦྱངས། སྟོང་པའི་ངང་ལས་མཆོད་སྣོད་ཀུན་ཏུ་བཟང་མོའི་མཁའ་ཀློང་རྣམ་པར་དག་པའི་དབྱིངས་སུ། མཆོད་རྫས་རྣམས་ཡེ་ཤེས་ཀུན་ཏུ་བཟང་པོའི་རོལ་པར་མཉམ་པར་སྦྱོར་བའི་བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀྱི་རང་རྩལ་འདོད་ཡོན་གྱི་རྣམ་པ་ཐམས་་ཅད་པར་འཆར་བའི་སྤྲིན་ཆེན་པོར་གྱུར། ༀ་ཨཱཿཧཱུཾ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཧཱུཾ། མ་ཧཱ་བ་ལིངྟ་ཧཱུཾ། མ་ཧཱ་རཀྟ་བྷྲཱུཾ་སྭཱ་ཧཱ། ན་མསྶ་མནྟ་བུདྡྷཱ་ནཱཾ་ག་ག་ན་ཁཾ་སྭཱ་ཧཱ། ༀ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ། པུཥྤེ་པུ། ཨཱ་ལོ་ཀེ་ཧྲཱིཿ གནྡྷེ་གན། ཞེས་པས་བྱིན་གྱིས་བརླབ། དེ་དག་ནི་སྔོན་འགྲོའོ། །ཆོས་ཐམས་ཅད་སྐྱེ་བ་མེད་པའི་དབྱིངས་ཡེ་ཇི་བཞིན་པ་ཀུན་ཏུ་བཟང་མོའི་མཁའ་ཀློང་རྣམ་པར་དག་པའི་ངང་ལ་དར་ཅིག་མཉམ་པར་བཞག །དེའི་ངང་ལས་འགག་མེད་སྙིང་རྗེ་རིག་པའི་རྩལ་སྣང་ཡེ་ཤེས་ཀུན་ཏུ་བཟང་པོའི་རོལ་པ་རང་བཞིན་ལྷུན་གྲུབ་ཏུ་སྣང་བ་ལས། དབྱིངས་དང་ཡེ་ཤེ་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་ཀྱི་སེམས་ཨ་ཡིག་དཀར་པོ་དྲི་མ་མེད་པ། ༀ་བཛྲ་ས་ཏྭ་ཨ། ཞེས་བརྗོད་པས། ཨ་ཡིག་ཡོངས་སུ་གྱུར་པ་ལས། བདག་ཉིད་སྐད་ཅིག་གི་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྔོན་པོ་ཞི་ཞིང་འཛུམ་ལ་མཚན་དཔེའི་ལང་ཚོ་རབ་ཏུ་རྒྱས་པ། གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པ། རྫོགས་པའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རང་སྣང་གི་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྔོན་མོ་གཡས་དྲིལ་བུ་དང་གཡོན་རྡོ་རྗེ་འཛིན་པ་དང་མཉམ་པར་སྦྱོར་བ། དར་གྱི་ཆས་གོས་ལྔ་དང་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་བརྒྱན་པ། ཡབ་ཀྱི་གནས་ལྔའི་རྩ་འཁོར་གྱི་དབུས་སུ་ༀ་ཨཱཾ་ཧཱུཾ་སྭཱ་ཧཱཾ་རྣམས་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་སྤྱི་བོར་རྣམ་པར་སྣང་མཛད་དཀར་པོ། མགྲིན་པར་འེད་དཔག་མེད་དམར་པོ། སྙིང་གར་མི་བསྐྱོད་པ་སྔོན་པོ། ལྟེ་བར་རིན་ཆེན་འབྱུང་ལྡན་སེར་པོ། གསང་བར་དོན་ཡོད་གྲུབ་པ་ལྗང་ཁུ། དེ་རྣམས་གཡས་རང་རྟགས་ཐུགས་ཀ་དང་། གཡོན་དྲིལ་བུ་དཀུར་བརྟེན་པ། ཡན་ལག་བཞི་ལ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་པས་སྒོ་བ་བཞི། ཡུམ་གྱི་གནས་ལྔའི་རྩ་འཁོར་གྱི་དབུས་སུ་ལཱཾ་པཱཾ་མཱུཾ་མཱཾ་ཏཱཾ་རྣམས་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། སྤྱི་བོར་སྤྱན་མ་དཀར་མོ། མགྲིན་པར་གོས་དཀར་མོ་དམར་མོ། སྙིང་གར་དབྱིངས་ཕྱུག་མ་སྔོན་མོ། ལྟེ་བར་མཱ་མ་ཀཱི་སེར་མོ། གསང་བར་སྒྲོལ་མ་ལྗང་ཁུ། དེ་རྣམས་གཡས་དྲིལ་བུ་དཀུར་བརྟེན་ཅིང་གཡོན་རང་རྟགས་ཐུགས་ཀ །ཛཿཧཱུཾ་བཾ་ཧོཿཞེས་པས་ལག་གཡས་ལ་མི་ཕམ་མ། གཡོན་ལ་རོ་ལངས་མ། ཁ་ལ་ཁྲོ་གཉེར་མ། བྷ་གའི་སྒོར་རལ་གཅིག་མ་རྣམས་གསལ་བར་གྱུར། དེ་ནས་ཡབ་ཀྱི་གསང་གནས་ཧཱུཾ་ལས་རྡོ་རྗེ་དམར་པོ་རྩེ་ལྔ་པ་ལྟེ་བར་ཧཱུཾ། རྩེ་མོར་ༀ། བུ་གར་ཨ་ཡིག་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པ། ཡུམ་གྱི་མཁའ་ཨཱཿལས་པདྨ་ཟེའུ་འབྲུར་ཧྲཱིཿདམར་པོ་འབར་བས་མཚན་པའི་ནང་དང་། ཕྱི་རོལ་སིནྡྷུ་རའི་དཀྱིལ་འཁོར་དབྱེར་མེད་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་དུ་གསལ་བའི་དབུས་སུ་རྩ་དགུའི་ངོ་བོ་འཁོར་ལོ་རྩིབས་བརྒྱད་ལྟེ་བ་དང་བཅས་པའི་སྟེང་དུ་ཟླ་གམ་རེ་རེས་མཚན་པ་ལ། བྱང་ཆུབ་ཀྱི་སེམས་བདེ་བའི་ཡེ་ཤེས་ཀྱི་ངོ་བོ་ཧེ་རུ་ཀ་ཡབ་ཡུམ་ག་རཱི་བརྒྱད་ཀྱིས་བསྐོར་བར་བསམ་ཞིང་། ཡུམ་གྱི་མཁའ་དབྱིངས་ཟླ་གམ་ལ། །གྲུབ་པའི་གཞལ་ཡས་ཁང་དུ་བསྐྱེད། །རྩིབས་བརྒྱད་ཟླ་གམ་དགུར་གསལ་ལ། །བྱང་ཆུབ་སེམས་ལས་ཕྱག་རྒྱའི་ཚོགས། །ལྷ་དགུ་གསལ་བའི་ཡེ་ཤེས་བསྐྱེད། །དེས་ནི་ཐམས་ཅད་རྫོགས་པར་འགྱུར། །ཞེས་གསལ་གདབ། དེ་ནས་བདུད་རྩིའི་དཀྱིལ་འཁོར་། ཧཱུཾ་བིགྷྣཱནྟ་ཀྲྀཏ་ཕཊ་ཀྱིས་བསང་། རཾ་ཡཾ་ཁཾ་གིས་སྦྱངས། སྟོང་པའི་ངང་ལས་བཛྲ་ཙཀྲ་ཞེས་བརྗོད་པས་བདུད་རྩིའི་སྣོད་བྷཉྫ་དུམ་བུ་གཅིག་པ་དཔྲལ་བ་རང་ལ་བསྟན་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བཅུད་ཡེ་ཤེས་ལྔའི་ངོ་བོར་ཞུ་བས་ཡོངས་སུ་གཏམས་པའི་སྤྲིས་མ་འཁོར་ལོ་རྩིབས་བཞི་པའི་རྣམ་པར་གྱུར། ཧཱུཾ་མཱུཾ། ཨཱོཾ་ལཱཾ། སྭཱཾ་མཱཾ། ཨཱཾ་པཱཾ། ཧཱཾ་ཏཱཾ། ཞེས་བརྗོད་པས་འཁོར་ལོའ་ིལྟེ་བར་མི་བསྐྱོད་པ་ཡབ་ཡུམ། རྩིབས་བཞིའི་ཤར་དུ་རྣམ་སྣང་། ལྷོར་རིན་འབྱུང་། ནུབ་ཏུ་མཐའ་ཡས། བྱང་དུ་དོན་གྲུབ་རྣམས་ཡབ་ཡུམ་ཁ་སྦྱོར་དུ་བཞུགས་པའོ། །དེ་ནས་རང་དང་མདུན་གྱི་བདུད་རྩི་མེ་ལོང་དང་བཅས་པའི་དཀྱིལ་འཁོར་ཐམས་ཅད་ལ། ༀ་མ་ཧཱ་ཤཱུ་ནྱ་ཏཱ་སོགས་ཡེ་ཤེས་ལྔས་དབང་བསྐུར། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་སོགས་ཀྱི་རྡོ་རྗེ་གསུམ་དུ་བརླབ། རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྙན་གསན་དབབ། ཨེ་ཧྱེ་ཧི་ས་སྤྱན་དྲངས། །ཛཿཧཱུཾ་བཾ་ཧོཿས་བསྟིམ། ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་གྱིས་བརྟན་པར་བྱས། ཀུན་བཟང་། ཞབས་བསིལ། བཞི་བསྣོལ། སྨན་གཏོར་རཀྟས་མཆོད། ༀ། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །སྐུ་གསུང་ཐུགས་ཀྱིས་ཀུན་ཏུ་ཁྱབ། །སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ། །ཧོཿ ཞེས་པས་བསྟོད། དེ་ནས་རྗེས་ཆགས་ཀྱིས་བཟླས་པ་བྱ་བ་ནི། རང་གཞི་ལུས་རྡོར་སེམས་ཡབ་ཡུམ་དང་། བདུད་རྩིའི་དཀྱིལ་འཁོར་ཡབ་ཡུམ་དུ་གསལ་བས། ཕན་ཚུན་ལྟ་བས་ཆོག་མི་ཤེས་པ་ལ་མིག་ཞུ་ཞིང་བལྟ་བས་གཟུགས་ཀྱི་དགའ་བ་བསྐྱེད། དེ་ནས་སྒྲ་ཐོས་པས་མི་ངོམས་པའི་ངག་སྙན་པོས་ཡབ་ཡུམ་བསྣོལ་མར། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། རཱ་ག་ཡཱ་མི། རཱ་ཧོ་ཧཾ། ཞེས་བརྡས་བསྐུལ། སྟེང་འོག་གི་དྲི་ཞིམ་རྒྱས་པ་སྣོམ་ཞིང་ཏི་བ་སུ་ཁེ། ལྕེ་མཆུ་འཇིབ་པའི་རོ་མྱང་བས་གནྡྷེ་ཙིཏྟ། ཞེས་བརྡ་བསྲེས་ལ། དེ་ནས་ཡུམ་གྱིས། པདྨའི་ཟེའུ་འབྲུ་འབར་བ་འདི། །འཛུམ་པའི་མདངས་ཀྱིས་འབུལ་ལགས་ན། །དགྱེས་པ་རྡོ་རྗེའི་ཆོ་འཕྲུལ་ལས། །བྱང་ཆུབ་ཆར་སྤྲིན་དབབ་ཏུ་གསོལ། །ཞེས་བསྐུལ་བའི་ལན་དུ་ཡབ་ཀྱིས། །ཨེ་མ་ཡིད་ཀྱི་དགའ་བདེ་མོ། །གདུང་བའི་སྙིང་འཕྲེང་ཤེས་རབ་གཟུངས། །པདྨའི་ག་བུ་འཁྱིལ་བ་ལ། །བདེ་བའི་རྡོ་རྗེ་བྱང་ཆུབ་འབར། །ཞེས་བསྐུལ་ནས། ཛཿཧཱུཾ་བཾ་ཧོཿ ཞེས་ཕན་ཚུན་བཟུང་འཁྱུད་བསྡམས་པས་མཉེས་ཏེ། ཡབ་ཀྱིས། འདོད་པའི་དབང་མོ་ཐམས་ཅད་ནི། །ཆགས་པས་འགྱིང་བའི་གཙོ་མོ་ཡིན། །ཆགས་པ་རྣམ་པར་སྦྱང་བའི་ཕྱིར། །འདོད་པ་གནས་སུ་དྲང་བར་བྱ། །ཞེས་ཡབ་ཡུམ་དགྱེས་པར་རོལ་པའི་བདེ་བའི་སྒྲས་དེ་བཞིན་གཤེགས་པ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཞི་བ་རིགས་ལྔ་དང་ཧེ་རུ་ཀ་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་ནམ་མཁའ་གང་བར་སྤྱན་དྲངས། དེ་ཐམས་ཅད་སྟོང་གསུམ་འགེངས་པ་ཙམ་གྱི་འདོད་ཆགས་ཆེན་པོའི་རོལ་པས་བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ། རང་དང་བདུད་རྩིའི་དཀྱིལ་འཁོར་ལ་ཐིམ། རང་གི་ལུས་དཀྱིལ་གྱི་རིགས་ལྔ་ཡང་རྗེས་ཆགས་ཀྱི་མེས་ཞུ་བ་དང་ལྷན་ཅིག་ཏུ་སྐུའི་དབྱིབས་བརྒྱུད། ཡུམ་གྱི་མཁའ་ལ་བྱང་སེམས་ཀྱི་ཆར་ཆེན་པོ་ཕབ་པས་མཁའ་གསང་གི་དཀྱིལ་འཁོར་རྣམས་བདེ་བ་ཆེན་པོས་མཉེས་པར་བྱས། དེ་ལས་ཀྱང་བྱང་ཆུབ་ཀྱི་སེམས་སྤྲིན་མཁའ་ཁྱབ་ཏུ་སྤྲོས། །རྒྱལ་བ་རྣམས་མཆོད། ཉན་རང་རྣམས་འགོག་པ་ལས་བསླང་སྟེ་བདེ་བའི་ཡེ་ཤེས་ཀྱི་མྱུ་གུ་བསྐྱེད། བྱང་སེམས་རིག་པ་འཛིན་པ་རྣམས་ཀྱི་ཤེས་སྒྲིབ་ཕྲ་མོ་རྣམས་སྦྱངས་ཏེ་ཆོས་སྐུའི་ངང་དུ་བརླན་པར་བྱས། སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་བསལ་ནས་འོད་གསལ་དུ་སྦྱངས། ཚུར་འདུས་པ་དཀྱིལ་འཁོར་གྱི་ལྷ་རྣམས་རོལ་པའི་བྱང་སེམས་དང་ལྷན་ཅིག་ཐོད་པའི་བདུད་རྩི་ལ་འདྲེན་པས་བྱིན་གྱིས་བརླབས་པར་བསམ་སྟེ། ཧཱུཾ་྄བཛྲ་ངྷྲིཀ྄་མཱུཾ་དྷཱ་ཏྭེ་ཤྭ་རཱི། སོགས་རིགས་ལྔ་ཡབ་ཡུམ་སྦྲེལ་བའི་སྔགས་ཤམ་དུ། ཤྲཱི་མ་ཧཱ་སུ་ཁ་བོ་དྷི་བཛྲ་ཧཱུཾ་ཧོཿཨཾ། ཞེས་སྙན་པའི་དབྱངས་ལ་བཅུག་སྟེ་ཅི་ནུས་བཟླ། མཐར་བདུད་རྩིའི་དཀྱིལ་འཁོར་གྱི་རིགས་ལྔའང་བདེ་བའི་ངོ་བོར་ཞུ་སྟེ། བདུད་རྩི་ལ་བསྟིམ། དེ་ནས་ཚོགས་མཆོད་བྱ། ཆ་གསུམ་གཏོར་མ་ལས་གཞུང་བསྲང་བའི་སྔོན་དུ་གཏོང་བའི་ཕྱག་ལེན་ལྟར་ཡང་རུང་ལ། འདིར་བཏང་ཡང་མི་འགལ། དེ་ནས་དབང་ཆོག་ལྟར་སློབ་དཔོན་འཇུག་ཅིང་སློབ་མ་ལ་ཀུན་རྫོབ་བྱང་སེམས་ཀྱི་ཟབ་མོའི་དབང་བསྐུར་རོ། །རྗེས་ཆོག་ནི། ཡབ་ཡུམ་སྦྱོར་བའི་སེམས་སྤྲིན་གྱིས། མཚན་མའི་དཀྱིལ་འཁོར་གྱིས་མཚོན་པའི་སྣོད་བཅུད་ཐམས་ཅད་སྦྱངས་ནས་རང་ལ་ཐིམ། བདག་ཉིད་ཀྱང་བདེ་བ་ཆེན་པོས་སྣང་གསུམ་འགགས་པའི་འོད་གསལ་རྣམ་པར་མི་རྟོག་པའི་དབྱིངས་སུ་བསྟིམ་ནས་མཉམ་པར་བཞག །དེའི་ངང་ལས་ཟུང་འཇུག་རྡོ་རྗེ་སེམས་དཔའི་སྐུར་ལངས་ཏེ། སྨོན་ལམ་དང་བཀྲ་ཤིས་ནི། ༀ། འཕོ་ཆེན་བཅུ་གཉིས་དབུ་མའི་ལམ་དུ་བཞུགས། །གཏུམ་མོ་འབར་བས་ཟླ་བ་བདུད་རྩིར་ཞུ། །འབྱུང་ལྡོག་དགའ་བཞིའི་འགྲོས་རྫོགས་མི་འགྱུར་བའི། །བདེ་ཆེན་ཡེ་ཤེས་ཚེ་འདིར་མངོན་གྱུར་ཤོག །ཆོས་ཉིད་གསང་བ་ཡུམ་གྱི་བྷ་གའི་ཀློང་། །ཡེ་ཤེས་རྡོ་རྗེ་རྗེས་ཆགས་མཉམ་སྦྱོར་བའི། །བདེ་ཆེན་བྱང་ཆུབ་སེམས་ཀྱི་བདེན་པ་དེས། །སྲིད་ཞིའི་དགེ་ལེགས་ཡོངས་རྫོགས་བཀྲ་ཤིས་ཤོག །ཅེས་མེ་ཏོག་འཐོར་ཞིང་རོལ་མོའི་སྒྲ་སྦྱར་རོ། །འདིར་ཕལ་ཆེ་བ་དག །ཡུམ་གྱི་མཁའི་དཀྱིལ་འཁོར་ལ་ཞི་བ་ཞེ་གཉིས་བསྐྱེད་པར་མཛད་པ་ནི་རིགས་པ་མ་ཡིན་ཏེ། རྩ་རྒྱུད་ཀྱི་གསང་སྦྱོར་སྒྲུབ་པའི་ལེའུར་ལྷ་དགུ་བསྐྱེད་པར་སྔར་གསལ་འདེབས་ཀྱི་ཚེ་བརྗོད་པ་བཞིན་དང་། དེས་མེ་ལོང་གི་དཀྱིལ་འཁོར་ཡང་དེ་ལྟར་བྲི་དགོས་པར་གྲུབ་སྟེ། ཕྱི་གཟུགས་བརྙན་གྱི་དཀྱིལ་འཁོར་བཞིན་དུ་ནང་ཡུམ་གྱི་མཁའ་ལའང་བསྒོམ་དགོས་པར་བཤད་པའི་ཕྱིར་དེ་སྐད་དུའང་ལེའུ་དེ་ལས་ཡབ་ཡུམ་གྱི་གནས་ལྔར་རིགས་ལྔ་ཡབ་ཡུམ་བསྐྱེད་པ་དང་རྗེས་འབྲེལ་དུ་གསུངས་ཏེ། འདི་ལྟར། གཟུངས་སུ་བྱིན་གྱིས་བརླབ་པ་ནི། དེ་ཡི་གཟུགས་ཀྱི་ཕུང་པོ་ལ། བདེ་བར་གཤེགས་པའི་ས་བོན་ལྔ། །འཕྲོ་འདུ་གསལ་བར་གྱུར་པ་དེས། །རྒྱས་བཏབ་བྱིན་རླབས་དབང་བསྐུར་ནས། །བདེ་གཤེགས་ཡུམ་ལྔའི་སྐུ་མཆོག་གསལ། །རྡོ་རྗེ་ཐབས་ལའང་དེ་བཞིན་ཏེ། །དེ་ལྟར་གསལ་བར་གྱུར་པ་དང་། ཡུམ་གྱི་མཁའ་ལ་མེ་རི་བསྒོམ། །གསང་བ་དབུགས་ཀྱི་ཟླ་གམ་ལ། བྱང་ཆུབ་སེམས་ཀྱི་སྤྲོ་བསྡུ་བྱ། །གཟུགས་བརྙན་ཇི་ལྟར་གསལ་བ་བཞིན། །ཆགས་པའི་མཁའ་ལ་དེ་བཞིན་ནོ། །ཞེས་གསུངས་པའི་ཕྱིར། འདི་ཉིད་གསང་དབང་གི་ཆོ་གཞུང་ལ་སྦྱོར་རིགས་པའང་འགྲེལ་ཆུང་ལས། རྣལ་འབྱོར་བདེ་བ་ཆེན་པོའི་དངོས་གྲུབ་སྒྲུབ་པ་དང་།གསང་བའི་དབང་བསྐུར་བ་དང་། འཕགས་པ་མཆོད་པ་དང་། འགྲོ་བ་རྒྱལ་བའི་སྲས་སུ་བསྐྱེད་པའི་ཕྱིར། གསང་སྦྱོར་སྒྲུབ་པའི་ལེའུ་གསུངས་སོ། །ཞེས་འབྱུང་བས་སོ། །གསུང་ངག་ཟབ་མོ་བདུད་རྩིའི་རྒྱུན། །རྣ་བའི་དབང་པོའི་འཇུག་ངོགས་ལས། །ཆོས་ཀྱི་འཁོར་ལོར་འཁྱིལ་བ་ཡི། །ཟེགས་མ་ལེགས་བཤད་དཔལ་འདི་འཐོར། །ཀུན་རྫོབ་བྱང་སེམས་ཀྱི་གསང་དབང་ལུས་ལ་བསྐུར་བའི་དཀྱིལ་འཁོར་གྱི་ལེ་ཚན་ནོ།། །།

༈ ༀ་སྭ་སྟི། རྣམ་འགྱུར་དུ་མར་སྣང་ཡང་དབྱིངས་ཡེ་ཤེས། །དབྱེར་མེད་དོན་དམ་བྱང་སེམས་དཀྱིལ་འཁོར་གསུམ། །མ་འདྲེས་ཡོངས་རྫོགས་རང་རིག་རྡོ་རྗེ་སེམས། །ཇི་བཞིན་མངོན་གྱུར་དྲིན་ཅན་བླ་མར་འདུད། །རང་གནས་ཡེ་ཤེས་དོན་དམ་བྱང་སེམས་དབང་། །ངོ་སྤྲོད་གནད་ཀྱིས་རང་ངོ་སྤྲོད་པའི་ཐབས། །ལྟ་བ་ཡེ་འབྱམས་གསང་དབང་རྫོགས་ཆུ་ཡིས། །ཆོག་གཞུང་ཀུན་བཟང་དོན་གྱི་འཕྲིན་ལས་བརྩམ། །གཉིས་པ་དོན་དམ་བྱང་སེམས་ཀྱི་དཀྱིལ་འཁོར་ནི། དྲི་དང་བ་བྱུང་གིས་ཆག་ཆག་བཏབ་པའི་གཞི་ལ་པད་འདབ་བཅུ་དྲུག་མུ་ཁྱུད་ཕྱི་ནང་དང་བཅས་པའི་མཐར་སྙིང་གི་རྩ་བ་མདུན་དང་རྩེ་མོ་རྒྱབ་ཕྱོགས་སུ་བསྟན་པ་བྲི། ཚོན་ནི་པད་འདབ་ལྟེ་བ་དང་བཅས་པ་དམར་པོ། མུ་ཁྱུད་ནང་མ་འོད་ཟེར་དང་། ཕྱི་མ་དཀར་པོ་ལ་རྡོ་རྗེ་སྔོན་པོའི་འཕྲེང་བ། དབུས་ཀྱི་ལྟེ་བ་ལ་ཨ་དཀར་པོ་མགོ་རྒྱབ་མདུན་དུ་བསྟན་པའི་ཞལ་སྤྲོད། འདབ་མ་རྣམས་ལའང་ཨ་དཀར་པོ་ཞལ་ནང་དུ་བལྟ་བ་བྲི། བུམ་པ་ཨ་དཀར་གྱི་མཚན་མ་ཅན་གྱི་ནང་དུ་བཅུད་བུམ་རྫས་སྤྱི་དང་མཐུན་པའི་སྟེང་དུ་སྐྱེ་བདུན་པའི་ཤ་དང་རིང་བསྲེལ་སོགས་དམ་རྫས་བྱིན་ཅན་གྱི་ཕབ་ཀྱང་བླུག་ཅིང་། འབྲས་བུ་ཅན་གྱི་ཤིང་དང་རྨ་བྱའི་མདོངས་ཀྱིས་ཁ་བརྒྱན་ལ། བུམ་ཆུ་ཨ་ལས་ཆོས་ཉིད་རྒྱུ་རྐྱེན་མེད་པའི་བདུད་རྩིར་བསམ་ནས་དཀྱིལ་འཁོར་གྱི་དབུས་སུ་མཉྫི་ལ་འགོད། བུམ་པའི་ཁར་དགོངས་ཉམས་ཀྱི་གླུ་གསུང་བ་པོའི་རིག་འཛིན་རྣམས་ཀྱི་ཙཀླི་ཡང་བཞག །དཀྱིལ་འཁོར་གྱི་མཐར་ཅི་འབྱོར་པའི་མཆོད་པ་དང་། སྨན་གཏོར་རཀྟ། ཚོགས་ཀྱི་ཡོ་བྱད་ལ་སོགས་པས་བསྐོར། དེ་ནས་ཆོ་ག་ནི། ཐོག་མར་ཞི་བའི་འཕྲིན་ལས་གཞུང་བསྲང་བར་གསུངས་ཀྱང་། དབང་འདི་དུས་ཚིགས་བཅད་ནས་ཕྱིས་བསྐུར་བ་ལ་དགོངས་ཀྱི། དིང་སང་རྩ་བའི་དཀྱིལ་འཁོར་མ་བསྡུས་པར་སྦྲེལ་ནས་མཛད་པའི་ཕྱིར། ཞི་བའི་ཆོག་འཕྲིན་ཟུར་དུ་བྱ་མི་དགོས་པས། ཁྱད་པར་གྱི་ལས་གཞུང་ཀུན་བཟང་དོན་གྱི་འཕྲིན་ལས་ལ་འཇུག་སྟེ། མཚམས་བཅད་པ་ནི། བར་དུ་བཅད་བྱ་གཅོད་བྱེད་ཐམས་ཅད་རྒྱུ་རྐྱེན་མེད་པར་རང་བྱུང་། བྱེད་པ་པོ་མེད་པར་ལྷུན་གྱིས་གྲུབ་པས་རྣམ་པར་མི་རྟོག་པའི་ངང་ལ་མཉམ་པར་བཞག་ནས་འདི་སྐད་ཅེས། ཧཱུཾ། མི་རྟོག་ཡེ་ཤེས་བགེགས་བསལ་ནས། འདི་ལས་གང་ཞིག་འགལ་བྱེད་པ། །འཇིགས་པ་ཐམས་ཅད་དེ་ལ་འོང་། །སྔགས་འཆང་རྣམས་ཀྱིས་སྤོང་བར་འགྱུར། །བཛྲ་ཛྭ་ལ་རཾ། ཞེས་རྣམ་པར་མི་རྟོག་མི་ཕྱེད་པའི་རྡོ་རྗེ་ཡེ་ཤེས་ཀྱི་རང་རྩལ་མེ་འབར་བ་དང་བཅས་པས་མཚམས་བཅད་དོ། །དེ་ནས་བཤགས་པ་ནི། སྡིག་སྒྲིབ་ཐམས་ཅད་དམིགས་མེད་བྱ་རྩོལ་མེད་པའི་ངང་ལ་མཉམ་པར་བཞག་ནས། ཧཱུཾ། གཞི་ཉིད་མ་བཅོམ་ལྷུན་གྱིས་གྲུབ་པ་ལ། །དགག་སྒྲུབ་གཉིས་སུ་ལྟ་བ་ཐང་རེ་ཆད། །བཟང་ངན་གཉིས་སུ་འཛིན་པ་ཉོན་རེ་མོངས། །མ་བཅོས་བྱང་ཆུབ་ངང་དུ་བཤགས་པར་བགྱི། །ལྟ་བའི་རང་བཞིན་བཟའ་གཏད་མེད་པ་ལ། །བཟའ་གཏད་གཉིས་སུ་ལྟ་བ་ཐང་རེ་ཆད། །ཡུལ་སེམས་གཉིས་སུ་འཛིན་པ་ཉོན་རེ་མོངས། །རང་ས་བྱང་སེམས་ཀློང་དུ་བཤགས་པར་བགྱི། །སྒོམ་པ་ཅོག་བཞག་དམིགས་གཏད་མེད་པ་ལ། །དམིགས་གཏད་གཉིས་སུ་ལྟ་བ་ཐང་རེ་ཆད། །བཞག་འཇོག་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཅོག་བཞག་བྱང་སེམས་ཀློང་དུ་བཤགས་པར་བགྱི། །སྤྱོད་པ་འཛིན་མེད་བླང་དོར་མེད་པ་ལ། བླང་དོར་གཉིས་སུ་ལྟ་བ་ཐང་རེ་ཆད། །གཙང་རྨེ་གཉིས་སུ་འཛིན་པ་ཉོན་རེ་མོངས། །ལྷུག་པ་བྱང་སེམས་ཀློང་དུ་བཤགས་པར་བགྱི། །དམ་ཚིག་བསྲུང་མེད་འདའ་ཉམས་མེད་པ་ལ། །འདའ་ཉམས་གཉིས་སུ་ལྟ་བ་ཐང་རེ་ཆད། །བཤགས་གསོ་གཉིས་སུ་འཛིན་པ་ཉོན་རེ་མོངས། །བསྲུང་མེད་བྱང་སེམས་ཀློང་དུ་བཤགས་པར་བགྱི། །ས་ལམ་བགྲོད་མེད་རྩོལ་སྒྲུབ་འདས་པ་ལ། །རྩོལ་སྒྲུབ་གཉིས་སུ་ལྟ་བ་ཐང་རེ་ཆད། །བགྲོད་ཐོབ་གཉིས་སུ་འཛིན་པ་ཉོན་རེ་མོངས། །བགྲོད་མེད་བྱང་ཆུབ་ཀློང་དུ་བཤགས་པར་བགྱི། །འབྲས་བུ་ཇི་བཞིན་ཡེ་སངས་རྒྱས་པ་ལ། །སྤང་ཐོབ་གཉིས་སུ་ལྟ་བ་ཐང་རེ་ཆད། །རྒྱུ་འབྲས་གཉིས་སུ་འཛིན་པ་ཉོན་རེ་མོངས། །ལྷུན་གནས་བྱང་སེམས་ཀློང་དུ་བཤགས་པར་བགྱིས། །དེ་ནས་མཆོད་གཏོར་བརླབ་པ་ནི། དངོས་འཛིན་རྣམས་ལྷག་མཐོང་གི་མེ། །ཡེ་ཤེས་ཀྱི་རླུང་། ཞི་གནས་ཀྱི་ཆུས་བསྲེགས་གཏོར་བཀྲུས་པར་མོས་པས། རཾ་ཡཾ་ཁཾ། ཞེས་སྣང་མེད་ཀྱི་ངང་ལ་དར་གཅིག་བཞག །དེའི་ངང་ལས་ཡེ་ཇི་བཞིན་པ་ཀུན་ཏུ་བཟང་མོའི་མཁའ་ཀློང་དུ། ཡེ་ཤེས་ཀུན་ཏུ་བཟང་པོའི་རྩལ་སྣང་མ་འགགས་པ། རང་བཞིན་ལྷུན་གྱི་གྲུབ་པའི་འདོད་ཡོན་གྱི་རོལ་མོར་ཤར་བར་མོས་ནས། ༀ་ཨཱཿཧཱུཾ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཧཱུཾ། མ་ཧཱ་བ་ལིཾ་ཏ་ཧཱུཾ། མ་ཧཱ་རཀྟ་བྷྲཱུཾ་སྭཱ་ཧཱ། ཞེས་བྱིན་གྱིས་བརླབ་པོ། དེ་དག་ནི་སྦྱོར་བའོ། །དེ་ནས་དངོས་གཞི་ནི། ཡུམ་ཀུན་ཏུ་བཟང་མོའི་མཁའ་ཀློང་སྐྱེ་མེད་སྤྲོས་པ་དང་བྲལ་བ་ཡེ་ཇི་བཞིན་པའི་དཀྱིལ་འཁོར་ཉིད་རྣམ་པ་གཞལ་ཡས་ཁང་གདན་དང་བཅས་པར་མོས་ནས། གསལ་གདབ་པ་ནི། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་རཏྣ་མཎྜ་ལ་བྷྲཱུཾ། བཾ་པདྨ་མཎྜལ། མ་སཱུརྻ་མཎྜལ། ཨ་ཙནྡྲ་མཎྜ་ལ། ཏྲི་རཏྣ་མཎྜ་ལ། སིཾ་ཧ་རཱ་ཛ་ནི་ཏི་ར་བཾ། ཧཱུཾ། རྨད་བྱུང་བྱང་ཆུབ་སེམས་ཀྱི་གནས། །གཞལ་མེད་ཁང་མཛེས་དེ་དག་ནི། །མེ་དང་འདྲ་བར་འོད་གསལ་ཞིང་། །རིན་ཆེན་ལས་བྱས་ཤིན་ཏུ་སྣང་། །ཉི་མ་ཟླ་བའི་གདན་དང་འོད། །ཞིང་རྣམས་གདན་ཆེན་གསལ་བར་གྱུར། །ཞེས་པས་རྟེན་བསྐྱེད། དེ་ནས་བརྟེན་པ་བསྐྱེད་པ་ནི། ཡུལ་དབྱིངས་དེ་ཉིད་ཡུལ་ཅན་ཡེ་ཤེས་དང་གཉིས་སུ་མེད་པ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་བདེ་བ་ཆེན་པོ་ཉིད་རྣམ་པ་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་མཐིང་ག་ཕྱག་མཉམ་བཞག་དང་། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན། ཀུན་ཏུ་བཟང་མོ་དང་འདུ་འབྲལ་མེད་པར་བཞུགས་པའི་རྩལ་སྣང་ཞི་ཁྲོ་རིག་འཛིན་བཀའ་སྡོད་དང་བཅས་པའི་དཀྱིལ་འཁོར་རབ་འབྱམས་སུ་མ་འགགས་པར་ཤར་བ་ཐམས་ཅད་ཀྱང་རང་བྱུང་གི་ཡེ་ཤེས་གཅིག་གི་རོལ་པར་སད་པར་བསམ་ཞིང་། ཐུགས་ཙིཏྟ་རིན་པོ་ཆེའི་ཕོ་དྲང་མཚོན་བྱེད་བརྡའི་དཀྱིལ་འཁོར་ཡང་། དབྱིངས་རྒྱུ་རྐྱེན་མེད་པར་རང་བྱུང་བ་ཀུན་ཏུ་བཟང་མོ་དང་། ཡེ་ཤེས་བྱེད་པ་པོ་མེད་པར་ལྷུན་གྲུབ་ཏུ་ཤར་བ་ཀུན་ཏུ་བཟང་པོ་གཉིས་གདོད་ནས་མ་སྐྱེས་པའི་ཆོས་ཉིད་ཡི་གེ་ཨའི་རྣམ་པ་དང་། ཡེ་ཤེས་ཀྱི་རྩལ་སྣང་ཚོགས་བརྒྱད་དང་། དབྱིངས་ཀྱི་རྩ་སྣང་ཡུལ་བརྒྱད་ཀྱང་གདོད་ནས་དག་པའི་ཀུན་བཟང་ཨ་ཡིག་བཅུ་དྲུག་གི་རྣམ་པར་བཞུགས་པར་མོས་ནས་འདི་སྐད་ཅེས། རང་གི་སྙིང་པོར་རང་བྱས་ལ། །བསམ་ཡས་ལྷུན་གྱིས་གྲུབ་པའི་སྐུ། །སངས་རྒྱས་མི་སྒོམ་བདག་ཉིད་སྒོམ། །རང་གི་ལྷ་ནི་ཀུན་བཟང་སྒོམ། །དུས་གསུམ་བཞུགས་པའི་སངས་རྒྱས་དང་། །རྡོ་རྗེ་འཆང་དབང་རྣལ་འབྱོར་དང་། །དཔལ་ཆེན་ཁྲག་འཐུང་མ་མོའི་ཚོགས། །གཞན་ཡང་རྣམ་པ་མང་པོའི་ཚོགས། །ལྷ་དང་ལྷ་མིན་རླུང་ལྷ་དང་། །གཤིན་རྗེ་ཀླུ་དང་མེ་ལྷ་དང་། །གནོད་སྦྱིན་སྲིན་པོ་འབྱུང་པོའི་ཚོགས། །དབང་མེད་དད་པས་འདུས་པ་དང་། །ལྷ་ཡི་ཚོགས་ཀྱིས་གང་བ་རྣམས། །རྣལ་འབྱོར་རང་རིག་ཆེན་པོ་ཡིས། །གསང་བའི་གནས་རྣམས་གཅིག་ཏུ་སྒོམ། །ཡེ་ཤེས་རང་བྱུང་བྱང་ཆུབ་སེམས། །སངས་རྒྱས་ཐམས་ཅད་བདག་གིས་བྱས། །ཡེ་ཤེས་ལྷ་རྣམས་རང་ལས་བྱུང་། །འདི་ནི་རྨད་དུ་བྱུང་བའི་སྐུ། །གསང་བའི་དཀྱིལ་འཁོར་དམ་པ་ཡིན། །མི་གཡོ་བ་ནི་སྐུ་ཡི་རྒྱ། །མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །མི་ལེན་པ་ནི་བདག་མེད་ཅིང་། །མིང་འདིར་ཚིག་བྲལ་མཉམ་ཉིད་དོ། །ཞེས་ངེས་ཤེས་བསྐྱེད་དོ། །དེ་ནས་ཡེ་ཤེས་པ་དྲང་ཞིང་བསྟིམ་པ་ནི། ཡེ་ནས་འཁོར་འདས་གཉིས་སུ་མེད་པའི་དགོངས་པ་ལ་མཉམ་པར་བཞག་ནས་འདི་སྐད་ཅེས། སངས་རྒྱས་མི་གཤེགས་བདག་ཉིད་གཤེགས། །ལྷ་ཡང་གཞན་ནས་འབོད་མི་དགོས། །བྱ་བ་མེད་པས་ལས་རྣམས་ཟིན། །ཨེ་ཧྱེ་ཧི་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཛཿཛཿ བུདྡྷ་ས་ཏྭ་ཨ་ཏི་ཡོ་ག་ས་མ་ཡ་སྟྭཾ། ཛཿཧཱུཾ་བཾ་ཧོཿ ཏིཥྛ་བཛྲ། དེ་ནས་བདག་ཉིད་ཀྱིས་རང་གི་ཡེ་ཤེས་ཡུལ་མེད་རང་གསལ་དུ་མཇལ་བ་ལ་ངོ་མཚར་བའི་ཚུལ་གྱིས། གང་ལ་སངས་རྒྱས་གུས་མཛད་པའི། །དོན་དེ་ལ་ཡང་ཕྱག་འཚལ་ལོ། །སངས་རྒྱས་ཀུན་ལ་བརྩེར་དགོངས་ནས། །གང་གི་དོན་དུ་མཛད་པ་ཡི། །དོན་མཛད་དེ་ལ་ཕྱག་འཚལ་ལོ། །ཕྱག་རྒྱའི་མཆོད་པ་ནི། །ཆོས་ཀུན་མཉམ་ཉིད་དུ་རྟོགས་པ་ལས་མི་འདའ་ན་སྒུལ་བསྐྱོད་ཐམས་ཅད་ཕྱག་རྒྱ་ལས་མི་འདའ་སྟེ། ཕྱག་རྒྱ་མི་བསྐྱོད་ཡན་ལག་བསྐྱོད། རང་བྱུང་མཆོག་གི་ཕྱག་རྒྱའོ། །དེ་ནས་ཕྱི་མདོ་སྡེ་དང་མཐུན་པ་རྣམ་པར་གྲོལ་བའི་ཕུང་པོ་ལྔ་དང་། ནང་རྒྱུད་སྡེ་དང་མཐུན་པར་སྨན་གཏོར་རཀྟའི་མཆོད་པ་རྣམས་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་བྱ་རྩོལ་མེད་པའི་ངང་དུ་དབུལ་ཏེ། ཧཱུཾ། ཕུང་པོ་ཚོགས་ཀྱི་ཡན་ལག་འདི། །རྣམ་གྲོལ་ཕུང་པོ་ལྔ་རུ་ཐིམ། །བདག་ལས་བྱུང་བའི་ཁུ་བ་ཡིས། །བདག་གི་ལུས་ལ་རབ་བརྒྱན་ཏེ། །དངོས་གྲུབ་མཆོག་རྣམས་བདག་ལས་བྱུང་། །སྨན་མཆོག་ནད་སེལ་བདེར་འཚོ་བ། །དུག་གསུམ་སྨན་མཆོག་བྱང་ཆུབ་སེམས། །འཇིག་རྟེན་སྨན་མཆོག་འདི་ཡིན་ནོ། །ལྷུན་གྱིས་གྲུབ་པས་མི་བསྔོ་ཞིང་། །གདོད་ནས་དག་པའི་བདུད་རྩི་ཡིན། །བུདྡྷ་བ་ཌ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མཆོད་པ་གཞན་ལ་མི་མཆོད་དོ། །བདག་ཉིད་ཀུན་གྱི་ལྷ་ཡིན་པས། །ཀུན་གྱི་མཆོད་པས་བདག་ལ་མཆོད། །ཀུན་མཆོད་ཡོན་ཏན་རྣམ་ལྔ་ཡང་། །ཆོས་ཉིད་དག་པའི་རྒྱན་དུ་གསུངས། །མི་བཟུངས་གཏོར་བས་གཏོར་མ་ཡིན། །བུདྡྷ་ས་ཏྭ་མ་ཧཱ་བ་ལིཾ་ཏ་རཀྟ་ཁཱ་ཧི། དེ་ནས་གདོད་ནས་རང་བཞིན་གྱིས་རྣམ་པར་དག་པས་འབྲས་བུ་གཞན་ནས་བཙལ་དུ་མེད་པའི་ཕྱིར་སྨོན་པ་མེད་པའི་ངང་ལས་སྒྱུ་མའི་ཚུལ་གྱིས་སྨོན་ལམ་གདབ་པ་ནི། །གང་གི་དོན་དུ་བྱས་པའི་དོན། །དེ་དག་བདག་ལ་གྲུབ་གྱུར་ཅིག །གཞལ་ཡས་མེ་འོད་འབར་བ་ལྟར། །དོན་དེ་བདག་གིས་རིག་གྱུར་ཅིག །སངས་རྒྱས་ཀུན་དང་མཉམ་པ་ཡི། །སངས་རྒྱས་ཀུན་སངས་རྒྱས་གྱུར་ཅིག །དེ་ནས་འཛབ་ནི། འགོས་ཀྱི་ལས་ཐོར། རྫོགས་ཆེན་གྱི་བཟླས་པ། ༀ་ཨཱཿཧཱུཾ་ལ་བྱ་ཞེས་གསུངས་པའི་དོན། ཕྱི་ལྟར་ན་ལུང་བུམ་པ་ཅན་ནམ་དབུགས་རང་བབས་གང་རུང་གི་སྟེང་ནས་འབྱུང་འཇུག་གནས་གསུམ་ཡི་གེ་གསུམ་གྱི་གདངས་སུ་མོས་པས་རྡོ་རྗེའི་བཟླས་པ་བྱ། ནང་ལྟར་སྒོ་ལྔ་གསལ་ལ་རྟོག་མེད་ཀྱི་ངང་ནས་རླུང་སོ་མང་བཞག །གསང་བ་ལྟར་བརྗོད་བྱ་རྗོད་བྱེད་ཐམས་ཅད་དང་བྲལ་བའི་ཆོས་ཉིད་ཀྱི་ངང་བསལ་བཞག་མེད་པར་ཀློད་དེ། སྙིང་པོ་མི་བརྗོད་བདག་ཉིད་བརྗོད། །རང་གི་སྙིང་པོ་རང་སྔགས་ཀྱིས། །གྲུབ་པའི་སྙིང་པོ་ཆུད་མི་ཟ། །འཛབ་དང་བསྙེན་པ་འབུལ་མི་དགོས། །དངོས་གྲུབ་གཞན་ནས་མི་སློང་སྟེ། །མི་གསུང་མཉམ་བཞག་སྔགས་ཚིག་གོ། །ༀ་བུདྡྷ་བ་ཌ་མ་ཧཱ་ཨ་ཏི་ཡོ་ག་ས་མ་ཡ་སྟྭཾ། ཤ་པ་རུ་པ་ཨ་ཧོཿ སུ་ཁ་དེ་བ་ཤི་ཤི། ཞེས་པའི་དགོངས་པ་བསྐྱང་ངོ་། །དེ་ནས་གྲགས་སྟོང་ཆོས་ཉིད་ཀྱི་རང་སྒྲས་བསྟོད་པ་ནི། །རང་བཞིན་གྱིས་རྣམ་པར་དག་པའི་ཡོན་ཏན་མ་བཙལ་ལྷུན་གྲུབ་ལ། །བླང་དོར་གཉིས་མེད་ཀྱི་ངང་ནས་ངེས་ཤེས་བསྐྱེད་པ་སྟེ། སངས་རྒྱས་ཀུན་བས་སྔར་སངས་རྒྱས། །མི་ཤེས་དྲི་མ་ཡེ་ནས་མེད། །དཔལ་གྱི་རྣམ་རྒྱལ་དེ་བཞིན་དུ། །ལོངས་སྤྱོད་དབང་ཕྱུག་དཔལ་དང་མཉམ། །རྡོ་རྗེ་ཉི་མ་གཟི་བརྗིད་དང་། །འོད་སྟུག་ཤིན་ཏུ་འབར་བ་ཡི། །བཞེད་ཅིང་དམ་དུ་མཛད་པ་ཡི། །དགའ་མགུ་རངས་པ་རྣམས་སུ་གྱུར། །པདྨ་བཞད་པས་ཆོས་ཀུན་གྱི། །རྟོགས་མཛད་སངས་རྒྱས་ཐམས་ཅད་ཀྱིས། །བྱང་ཆུབ་སེམས་འདི་བརྙེས་གྱུར་ནས། །སྐད་ཅིག་གཅིག་ལ་རྟོགས་གྱུར་ཏེ། །སྙིང་པོ་བྱང་ཆུབ་ཉིད་དུ་འགྱུར། །རྡོ་རྗེ་གདན་ལ་ཡང་སངས་རྒྱས། །སྐུ་མེད་ཆོས་ཀྱི་སྐུ་ཡིས་སྟོང་གསུམ་ཟིལ་གྱིས་གནོན། །གསུང་མེད་རིག་པའི་གསུང་གིས་བསྟན་པ་རྒྱས་པར་སྒྲོག །རྟོག་མེད་ཡེ་ཤེས་ཐུགས་ཀྱིས་ཅིར་ཡང་ས་ལེ་མཁྱེན། །སྟོན་པ་ཀུན་ཏུ་བཟང་ལ་ཕྱག་འཚལ་བསྟོད། །དེ་ནས་དམ་ཅན་ལ་བཅོལ་བསྐུལ་གཏོར་མ་བསྔོ་བ་ནི། འཁོར་གསུམ་མི་དམིགས་པས་བྱ་རྩོལ་དང་བྲལ་བའི་ངང་ནས། ཆོས་ཀྱི་དབྱིངས་ནི་ནམ་མཁའི་མཐའ་དང་མཉམ། །བྱང་ཆུབ་རྙེད་དཀའ་རང་ལ་ཡོད་བཞིན་དུ། །གསང་བའི་སྙིང་པོ་གང་ལ་གནས་པ་ན། །དམ་ཅན་རྒྱ་མཚོ་རྣམས་ཀྱང་དེ་ན་གནས། །ཐུགས་རྗེ་རྒྱ་མཚོ་ཡོན་ཏན་ཀུན་ལ་ཁྱབ། །ལྷ་དང་ཀླུ་ཡང་བདེན་པའི་བཀའ་ཉན་ཏེ། །ཚོགས་ཀྱི་རྒྱན་རྣམས་བཀྲམ་པ་ཡང་། །མཉམ་པས་རིམ་པའི་བཀོད་པ་མེད། །གཅིག་པས་ཕྱོགས་སུ་བསྔོ་དང་བྲལ། །དེ་ནས་ཚོགས་རྫས་བཀྲམ་ཞིང་བརླབ་པ་ནི། ཆོས་ཐམས་ཅད་གཙང་དམེ་གཉིས་མེད་བླང་དོར་དང་བྲལ་བ་ཡེ་ནས་དག་པའི་བདུད་རྩི་ཡིན་པས་རྫས་བསག་ཅིང་བསྐྱར་བརླབ་མི་དགོས་པའི་དོན་ལ་ངེས་ཤེས་བསྐྱེད་ནས། ཚོགས་ཀྱི་རྒྱན་རྣམས་བཀྲམ་པ་ཡང་། །རང་བཞིན་གནས་པས་དབྲི་བ་མེད། །ཡིད་ཀྱིས་བཤམས་པའི་ཡོན་བདག་སྟེ། །བལྟས་པས་སྟོབས་ནི་བཀྲམ་པའོ། །དེ་ནས་མཆོད་བཤགས་སྟོབ་པ་བྱ་བ་ནི། མཆོད་བྱ་མཆོད་བྱེད་མཆོད་རྫས་ཀུན་གཉིས་མེད་ཀྱི་ངང་དུ་རོ་གཅིག་པར་བལྟས་ལ། ཧཱུཾ། རྣམ་པར་རྟོག་མེད་དུས་གསུམ་རྒྱལ་བའི་ཐུགས། །ཉོན་མོངས་ཞེན་པའི་དབང་གིས་རང་འཐས་ཀྱང་། དོན་རྟོགས་གསལ་བའི་སྐྱེས་བུ་གཉིས་སུ་མེད། །ཆོས་ཉིད་ལྷམ་མེ་ལྷང་ངེས་གསལ་བའོ། །ཆོས་ཉིད་མཉམ་པའི་ངང་དུ་ཐམས་ཅད་གཅིག །བདེ་ཆེན་རྒྱལ་པོ་ལྷུན་གྲུབ་ལ། ལྷུན་གྲུབ་མཐར་ཕྱིན་མཆོད་པ་བཞེས། བུདྡྷ་བ་ཌ་ཁཱ་ཧི། དེ་ནས་བར་འདིར་དབང་ཆོག་བཞིན་དོན་དམ་བྱང་སེམས་ཀྱི་དབང་སེམས་ལ་བསྐུར་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱང་རང་གི་སེམས་ཉིད་ལས་གཞན་དུ་མ་གྱུར་པར་ཐག་བཅད་ནས་ཡེ་ཤེས་ལ་ཡེ་ཤེས་རོལ་པའི་ཚུལ་གྱིས་ཚོགས་རྫས་རྣམས་ལ་ལོངས་སྤྱོད་ལ། ལྷག་མ་བཏང་ཞིང་བཀའ་བསྒྱུར་བྱ་བ་ནི། ཟག་མེད་ཀྱི་བདུད་རྩིར་ཡེ་ནས་དག་པ་འཁོར་གསུམ་མི་དམིགས་པའི་ངང་ནས་བསྔོ་བསྒྱུར་བྱ་བ་སྟེ། ལྷག་མ་མེད་པར་ཡོངས་སུ་རྫོགས། །འགྱུར་བ་མ་ཡིན་དྲང་པོར་གནས། །དེ་ནས་རྗེས་ཆོག་དཀྱིལ་འཁོར་བསྡུ་པ་ནི། །དཀྱིལ་འཁོར་གྱི་འཁོར་ལོ་ཡང་རང་བྱུང་ཡེ་ཤེས་ཀྱི་རྩལ་སྣང་ཙམ་ལས་བསྐྱེད་པའི་བྱ་བྱེད་ལ་ལྟོས་པ་མེད་པའི་ཕྱིར་བསྡུ་བའང་མ་གྲུབ་པས། སྐྱེ་འགག་མེད་པའི་ཆོས་ཉིད་དབྱིངས་ཡེ་གཉིས་མེད་བྱང་ཆུབ་སེམས་ཀྱི་ངང་ལ་བསལ་བཞག་མེད་པར་བཞག་ནས། ནམ་མཁའ་བཞིན་དུ་མཐའ་མཉམ་ཞིང་། །གཞན་ལ་ལྟོས་འགྱུར་ཆོས་མ་ཡིན། །དེ་ལས་ལངས་ཏེ་རྒྱུན་གྱི་རྣལ་འབྱོར་ནི། །སྤྱོད་ལམ་ཐམས་ཅད་དུ་ཞེན་འཛིན་དང་བྲལ་བ་སྒྱུ་མ་ལྟ་བུའི་ངང་ནས་དགེ་བའི་ལས་རྣམས་ལ་བརྩོན་པས་ཆད་མཐར་བསལ་ཏེ། བླ་མ་མཆོད་དང་བསྟོད་པ་དང་། །དེ་བཞིན་བསོད་ནམས་ཐམས་ཅད་ལ། །མ་ཆགས་མི་གཡོའི་སྟོབས་མེད་པར། །བྱས་ན་འཆིང་བ་ཆེན་པོར་འགྱུར། །ཞེས་དོན་བསམ་མོ། །དེ་ནས་སྨོན་ལམ་ཤིས་བརྗོད་ནི། ཐིག་ལེ་ཆེན་པོར་སྐུ་དང་ཞིང་ཁམས་རྫོགས། །དམ་ཚིག་ཆེན་པོར་སྤང་བླང་མཚན་མ་དག །ཁྱབ་བརྡལ་ཆེན་པོར་རེ་དོགས་མདུད་པ་གྲོལ། །རྫོགས་པ་ཆེན་པོར་ཆོས་སྐུ་མངོན་གྱུར་ཤོག །རྩ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །རང་རིག་བྱང་ཆུབ་སེམས་ཀྱི་རང་རྩལ་ཉིད། །ཆོས་དབྱིངས་ཀུན་ཏུ་བཟང་མོའི་མཁའ་ཀློང་དུ། །ཡེ་ཤེས་རྩལ་ཆེན་རྫོགས་པའི་བཀྲ་ཤིས་ཤོག །ཅེས་བརྗོད་ཅིང་མེ་ཏོག་འཐོར་བ་དང་རོལ་མོའི་སྒྲ་བྱའོ། །མན་ངག་གནད་ཀྱིས་ཡེ་ཤེས་ཞལ། །རང་ངོ་སྤྲོད་ཐབས་རྩལ་དབང་གི། ཆོས་གཞུང་ཆོས་ཉིད་རྗེས་འགྲོའི་དཔལ། བྱ་རྩོལ་མེད་པའི་འཕྲིན་ལས་སོ། །དོན་དམ་བྱང་སེམས་ཀྱི་དབང་སེམས་ལ་བསྐུར་པའི་དཀྱིལ་འཁོར་གྱི་ལེ་ཚན་ནོ། །འདུས་པ་མདོའི་ཡན་ལག་གི་དཀྱིལ་འཁོར་རྣམས་ཀྱི་སྒྲུབ་དཀྱིལ་དངོས་གྲུབ་འདོད་འཇོ་ལས། གསང་དབང་རྫོགས་པའི་ཆུ་བོའི་དཀྱིལ་འཁོར་གཉིས་བཤད་པའི་སྐབས་ཏེ་བཞི་པའོ།། །།

༈ ༀ་སྭ་སྟི། མི་འགྱུར་ཚེ་དབང་བཅོམ་ལྡན་འདས། །འགག་མེད་སྤྲུལ་པའི་ཟློས་གར་གྱིས། །དོན་མཛད་རྡོ་རྗེ་སློབ་དཔོན་ལ། །བཏུད་ནས་འཆི་མེད་སྒྲུབ་ཐབས་བྲི། །འདིར་མཐའ་བརྟེན་ཚེ་དབང་གི་དཀྱིལ་འཁོར་ནི། དྲི་དང་བ་བྱུང་དང་བདུད་རྩིས་ཆག་ཆག་བཏབ་པའི་གཞི་ལ། བྱིན་གྱིས་བརླབས་པའི་ཐིག་ཚོན་གྱིས་དཀྱིལ་འཁོར་ཁྱམས་སྤངས་པའི་གྲུ་བཞི་སྒོ་བཞི་རྟ་བབས་བརྒྱད་མའི་ནང་དུ། རྩ་ཐིག་ལ་ཐུག་པའི་རྡོ་རྗེ་ར་བ་ཟླུམ་བསྐོར་གྱི་དབུས་སུ་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་གམ་དམར་པོ་ལ་ལོགས་མདུན་བསྟན། ཚོན་ཤར་དཀར། ལྷོ་སེར། ནུབ་སྔོ། བྱང་ལྗང་། རྩིག་པ་འང་ནང་ནས་དམར་དཀར་སེར་སྔོ་ལྗང་བ། ཕྱིའི་ཁོར་ཡུག་པད་རྡོར་འོད་ཕྲེང་རྣམས་སྤྱི་དང་འདྲ་བར་བྲི་ཞིང། ལྷ་གནས་རྣམས་སུ་སོ་སོའི་མཚན་མ་ཇི་ལྟར་རིགས་པ་འགོད། དབུས་སུ་མཉྫིའི་ཁར་རིན་པོ་ཆེའི་བུམ་ཆས་ལྡན། སྨན། འབྲུ། རིན་ཆེན། དྲི། བདུད་རྩི་སྟེ་ལྔ་ཚན་ལྔ་དང་། ཚེ་རྟེན་དུ་འོས་པའི་རྫས་སའི་སྙིང་པོ་གསེར། ཆུའི་ཚྭ། ཤིང་གི་བུར་སྦྲང་། འབྲུའི་ཆང་། རྩིའི་མར་ཏེ་སྙིང་པོ་ལྔའི་བཅུད་ཀྱི་གང་བར་བྱ་ཏེ། བྷཉྫ་མཚན་ལྡན་ལྕང་ལོ་ཅན་གྱིས་ཁ་བཅད་ལ་རྡོ་རྗེའི་གཟུངས་ཐག་གིས་བཏགས་པ་བཞག །རྒྱས་པར་ན་དེའི་ཕྱི་རོལ་དུ་གསང་ཡུམ་བཞིའི་རིན་པོ་ཆེའི་བུམ་པ་དང་། གྲྭ་བཞིར་ལྷ་སྤྱི་ལ་ཡ་མཚན་འབྱུང་བའི་བུམ་པ་ཞེས་པ་ཐོད་པ་མཚན་ལྡན་ནམ་ཁམ་སའི་བུམ་པ་བཞི་འཇོག་པར་གསུང་ནའང་། མ་འབྱོར་ན་དབུས་ཀྱི་བུམ་པ་གཅིག་པུ་ལ་བསྡུས་ཀྱང་མི་འགལ། ཚེ་འབྲང་ནི་གསང་ཡུམ་གྱི་བུམ་པ་བཀོད་ཡོད་ན་བཞི་བྱས་ལ་སོ་སོའི་ཁར་འཇོག་པར་བཤད་ཀྱང་འདིར་བུམ་པ་གཅིག་དུ་བསྡུས་པའི་ཚེ་དཀྱིལ་འཁོར་གྱི་མདུན་དུ་འགོད། ཚེ་རིལ་དང་ཚེ་ཆང་གཉིས་ཚེ་འབྲང་དང་བུམ་བཅུད་ལ་ཚང་ནའང་ཕྱག་ལེན་ལྟར་ལོགས་སུ་བཀོད་པ་རྣམས་པ་གསལ་བས་གཡས་སུ་ཚེ་རིལ། གཡོན་དུ་ཐོད་ཆང་། རྒྱབ་ཏུ་མར་མེ། མཐའ་བསྐོར་དུ་ཞབས་བསིལ་དང་བཞི་བསྣོལ། སྨན་གཏོར་རྣམས་བཤམ། རང་གི་མདུན་དུ་རྩ་བའི་དཀྱིལ་འཁོར་གྱི་ལས་བུམ་དང་། གཞན་ཡང་ཌཱ་དྲིལ། འཐོན་ནས། མདའ་རྒོད་སྒྲོ་མར་དར་ལེ་བརྒན་དང་གསེར་གཡུ་མེ་ལོང་རྣམས་བཏགས་པ་སོགས་ཡོ་བྱད་ཐམས་ཅད་ཚོགས་པར་འདུ་བྱས་ལ། ཁྲུས་དང་ཙནྡན་གྱི་དྲིལ་བགོས་ནས་སྟན་ལ་འདུག་སྟེ། ཆོ་ག་ལ་སྔོན་འགྲོ་ནི། ཚོགས་ཞིང་རྣམས་མཁའ་ཁྱབ་ཏུ་གསལ་བཏབ་ལ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། ཞེས་སོགས་རྒྱུན་བཤགས་ཀྱིས་རྒྱུད་སྦྱངས་ནས། རང་ཉིད་པདྨ་ཧེ་རུ་ཀ་ཡབ་ཡུམ་དུ་གསལ་བའི་ཤངས་ཀྱི་ཧཱུཾ་རིང་དང་སེམས་སྤྲིན་ཁྲོ་མཚོན་འབར་བའི་རྣམ་པར་སྤྲོས་པས་བགེགས་ཐམས་ཅད་ཚར་བཅད། ཚུར་འདུས་པ་བསྲུང་བ འི་གུར་དུ་འཁྲིགས་པར་བསམ་ལ། ཕཊ་ཕཊ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ། ཧ་ལ་ཧ་ལ། བཛྲ་རཀྵ་ཛྭ་ལ་རཾ། དེ་ནས་མཆོད་རྫས་རྣམས། རཾ་ཡཾ་ཁཾ་གིས་སྦྱངས། སྟོང་པའི་ངང་ལས་མཆོད་སྣོད་དབྱིངས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་མཆོད་རྫས་ཡེ་ཤེས་ལྔའི་རྣམ་རོལ་ནམ་མཁའ་གང་བར་བསམ་ལ། ན་མཿས་མནྟ་བུདྡྷཱ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། ༀ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ། པུཥྤེ་པུ། ཨཱ་ལོ་ཀེ་ཧྲཱིཿ གནྡྷེ་གན། སྨན་གཏོར་རྣམས། སྟོང་པའི་ངང་ལས་སྣོད་བྷཉྫ་འབར་བའི་དབྱིངས་སུ་བཅུད་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔའི་ངོ་བོར་གནས་པ་ལ་འཁོར་འདས་ཀྱི་བདུད་རྩི་ཐམས་ཅད་བསྡུས་ནས་ཞུ་ཞིང་འདྲེས་པས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་འགྱུར་པར་བསམ་ཞིང་། ༀ་ཨཱཿཧཱུཾ། ཞེས་ལན་གསུམ། དེ་ནས་དངོས་གཞི་ལ་གསུམ་ལས། དང་པོ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་ཅིང་བསྐུར་བརླབ་བྱ་བ་ནི། འདི་ལྟར་སྣང་བའི་ཆོས་ཐམས་ཅད་སྐྱེ་བ་མེད་པའི་དབྱིངས་ཡེ་ཇི་བཞིན་པའི་ངང་ལས། དེ་ལྟར་མ་རྟོགས་པ་ལ་འགག་མེད་སྙིང་རྗེ་རིག་པའི་རྩལ་སྣང་ཡེ་ཤེས་ཀྱི་རོལ་པར་ཤར་བ་ལས། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཨ་ཡིག་དཀར་པོ་འབར་བ། དེ་ལས་ཨེ་ཡཾ་ཝཾ་ལཾ་སུཾ་རཾ། བྷྲུཾ་བི་ཤྭ་བི་ཤུདྡྷེ། ཞེས་ཆོ་འཕྲུལ་གྱི་རང་སྒྲར་གྲགས་པ་ལས་ཡུམ་ལྔའི་མཁའ་ཀློང་རྣམ་པར་དག་པ་འབྱུང་བཞི་རི་རབ་མེའི་འཁོར་ཡུག་དང་བཅས་པའི་དབུས་སུ་ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་། གྲུ་བཞི་སྒོ་བཞི་པ་རྟ་བབས་བརྒྱད་དང་ལྡན་པའི་དབུས་སུ་རྡོ་རྗེ་ར་བས་ཟླུམ་པོར་བསྐོར་བའི་ནང་པདྨ་འདབ་མ་བརྒྱད་པ། ལྟེ་བར་ཟླ་གམ་དམར་པོས་མཚན་པ། ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་བདེ་བ་ཅན་གྱི་ཞིང་ཁམས་ལྟ་བུར་གྱུར་པའི་ལྟེ་བ་དང་། ཕྱོགས་ཀྱི་འདབ་མ་བཞིར། རྨ་བྱ། གླང་ཆེན། རྟ་མཆོག །སེང་གེ །ཤང་ཤང་རྣམས་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་པད་ཉིད་ཟླ་བ་སྟེ་ལྔ་བརྩེགས། མཚམས་ཀྱི་པད་འདབ་བཞི་དང་གྲྭ་བཞིར་པད་ཉི་ཟླ་བའི་གདན། གཙོ་བོའི་མདུན་རྒྱབ་གཡས་གཡོན་དང་སྒོ་བཞིར་པད་ཉིའི་གདན་རེ་རེ། སེམས་ཉིད་ཨ་ཡིག་དཀར་པོ་དབུས་ཀྱི་གདན་སྟེང་བབས་པར་གྱུར། ཨཱཾ་ཨཱ་རོ་ལིཀ །པཱཾ་རཱ་ག་ར་ཏི། ཞེས་བརྗོད་པས་བཅོམ་ལྡན་འདས་སྣང་མཐའ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་དང་ཡུམ་གོས་དཀར་མོ་གཉིས་ཀ་ཕྱག་གཡས་པས་པདྨ་དམར་པོ་འཛིན་པ། ཕྱོགས་ཀྱི་འདབ་མ་བཞིས་ༀ་ལཱཾ་ཞེས་པས་རྣམ་སྣང་དང་སྤྱན་མ་འཁོར་ལོ། སྭཱ་མཱཾ། རིན་འབྱུང་དང་མཱ་མ་ཀཱི་རིན་པོ་ཆེ། ཧཱུཾ་མཱུཾ། མི་བསྐྱོད་པ་དང་དབྱིངས་ཕྱུག་མ་རྡོ་རྗེ། ཧཱཾ་ཏཱཾ། དོན་གྲུབ་དང་སྒྲོལ་མ་རལ་གྲི། ཡབ་ཡུམ་ཐམས་ཅད་ཕྱག་གཡོན་འཆི་མེད་བདུད་རྩིས་གང་བའི་བུམ་པ་འཛིན་པ། ཡབ་རྣམས་རྫོགས་པའི་སྐྱིལ་ཀྲུང་ལ་ཡུམ་རྣམས་པདྨའི་སྐྱིལ་ཀྲུང་གིས་འཁྲིལ་བ། གཙོ་བོའི་ཕྱོགས་བཞིའི་གདན་ལ་མདུན་ནས་གཡས་བསྐོར་དུ། ལཱཾ། རྒྱལ་མཚན་མཆོག་ལྡན་མ་རིན་པོ་ཆེའི་རྒྱལ་མཚན་དང་ལྕགས་ཀྱུ། མཱཾ། རིན་ཆེན་གཏེར་འཛིན་མ་གཏེར་གྱི་བུམ་པ་དང་ཞགས་པ། པཱཾ། དབང་བསྐུར་ལྡན་མ་དབང་བསྐུར་བའི་བུམ་པ་དང་ལྕགས་སྒྲོག །ཏཱཾ། དཔལ་ལྡན་མཛོད་ལྡན་མ་རིན་པོ་ཆེའི་ཟ་མ་ཏོག་དང་དྲིལ་བུ། ཀྵིཾ་ཧཱུཾ། ཏྲཾ་ཏྲཾ། ཧྲཱིཾ་ཧྲཱིཾ། ཛྲཱིཾ་ཨཾ་ཞེས་པས་མཚམས་ཀྱི་འདབ་མ་བཞིར་ས་སྙིང་སོགས་ཐུགས་ཀྱི་སེམས་དཔའ་བཞི། ཡུལ་གྱི་སེམས་མ་བཞི་དང་བཅས་པ། མཻ་ཛཿ ཐླྷིཾ་ཧཱུཾ། ཧཱུཾ་བཾ། མཱུཾ་ཧོཿ ཞེས་པས་གྲྭ་བཞིར་བྱམས་པ་སོགས་དབང་པོའི་སེམས་དཔའ་བཞི། དུས་བཞིའི་སེམས་མ་དང་བཅས་པ། སེམས་དཔའ་ཡབ་ཡུམ་ཐམས་ཅད་ཀྱང་གཡས་རང་རང་གི་ཕྱག་མཚན་དང་གཡོན་ཚེའི་བུམ་པ་འཛིན་པ། ཡབ་རྣམས་གཡས་བརྐྱང་བའི་ཕྱེད་སྐྱིལ་ལ་གཡོན་ནས་སོ་སོའི་ཡུམ་གྱིས་འཁྱུད་པ། ཛཿཧུཾ་བཾ་ཧོཿ ཞེས་པས་སྒོ་བཞིར་ལྕགས་ཀྱུ་མ་སོགས་གཡས་རང་རྟགས་དང་གཡོན་ཚེ་བུམ། ལྷ་མོ་བརྒྱད་པོ་གཡོན་བརྐྱང་བའི་ཕྱེད་སྐྱིལ་གྱིས་བཞུགས་པ། གཙོ་འཁོར་ཐམས་ཅད་ཀྱང་སྐུ་མདོག་དཀར་པོ་གསལ་འཚེར་འབར་བ། ཞི་བའི་ཉམས་དགུས་རྒྱས་ཤིང་། དར་གྱི་ཆས་གོས་ལྔ་དང་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་མཛེས་པར་སྤྲས་པའོ། །མགོ་བོའི་གནས་ལྔར་རིགས་ལྔའི་དབང་རྒྱ་འཆིང་བཞིན་དུ། ༀ་མ་ཧཱ་པྲ ཏྱ་བེཀྵ་ཎཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ་྅་ཧཾ། དེ་བཞིན་དུ། ཨཱ་ད ཪྴ། ས་མ་ཏཱ། ཤཱུ་ནྱ་ཏཱ། ཀྲྀ་ཏྱཱ་ནུཥྛཱ་ན། ཞེས་སྤྱི་བོའི་གནས་ལྔར་དེ་བཞིན་གཤེགས་པ་ལྔ་རྗེས་ཆགས་ཀྱིས་ཞུ་བའི་ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་དབང་བསྐུར་བས། ཉོན་མོངས་པ་ལྔ་སྦྱངས། ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་གནས་བསྒྱུར། ཆུ་ལྷག་མ་སྤྱི་བོར་བརྟན་པ་ཡོངས་སུ་གྱུར་པ་ལས་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་པར་གྱུར། སྤྱི་མགྲིན་སྙིང་གར་ཟླ་བ་པདྨ་ཉི་མ་ལ་གནས་པའི་ༀ་ཨཱཿཧཱུཾ། འཕྲོ་འདུས་ཡོངས་སུ་གྱུར་པ་ལས་རྣམ་སྣང་། འོད་དཔག་མེད། མི་བསྐྱོད་པ་རྣམས་ཀྱིས་རྒྱས་བཏབ་པར་བསམ་ལ། རྡོ་རྗེའི་ཕྱག་རྒྱ་གནས་གསུམ་དུ་གཏུག་ཅིང་། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཁོ་྅་ཧཾ། དེ་བཞིན་དུ། ཝཱ་ཀ་དང་ཙིཏྟ་འགྲེ། གཉིས་པ་རང་བཞིན་གྱི་དཀྱིལ་འཁོར་དང་གཉིས་སུ་མེད་པར་བྱས་པ་ལ་མཆོད་ཅིང་བསྟོད་པ་ནི། ག་གོ་ནའི་ཕྱག་རྒྱ་བཅིངས་ལ། རང་གི་སྙིང་གའི་འོད་ཟེར་གྱིས་བསྐུལ་བས་དེ་བཞིན་གཤེགས་པ་ཐམས་ཅད་བདེ་བ་ཆེན་པོའི་ངང་ལས་ཆོས་འཕྲུལ་གྱི་རོལ་པ་ཡེ་ཤེས་ཀྱི་འཁོར་ལོའི་རྣམ་པར་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་དགུག་གཞུག་བཅིངས་མཉེས་ཀྱིས་དབྱེར་མེད་གྱུར་པ་ལ། གཙོ་བོའི་ཐུགས་ཀ་ནས་རང་ཉིད་གཙོ་བོ་གཉིས་པས་རྣམ་པས་ཐོན་ནས་དཀྱིལ་འཁོར་གྱི་ཤར་སྒོའི་ཐད་དུ་གནས་པས་མཆོད་ཅིང་བསྟོད་པར་བསམ་ཞིང་། ༀ་ན་མ་ཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཥེ་བྷྱཿསརྦ་ཏཏྑཾ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ༀ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་ན་མཿ་ས་མནྟ་བུདྡྷཱ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། ༀ་ཤྲཱི་བཛྲ་རཱ་ག་ངྷཱུ་པེ་ངྷཱུ། པུཥྤེ་པུ། ཨཱ་ལོ་ཀེ་ཧྲཱིཿ གནྡྷེ་ག་ན། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཨི་དཾ་པུཥྤེ་དྷཱུ་པེ་བ་ལིཾ་པྲ་ཏཱི་ཙྪ་ཧོཿཁ་རཾ་ཁཱ་ཧི། ཞེས་ཀུན་བཟང་ཞབས་བསིལ་བཞི་བསྣོལ་སྨན་གཏོར་རྣམས་ཀྱིས་མཆོད་ནས། བསྟོད་པ་ནི། ཧྲཱིཿ བཅོམ་ལྡན་མགོན་པོ་ཚེ་དཔག་མེད། སྒྲིབ་པའི་དྲི་མ་མ་ལུས་སེལ། །མཁའ་དང་མཉམ་པའི་སྐུ་མངའ་བ། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །མཆོག་ཏུ་རྣམ་པར་དག་པའི་གསུང་། །གསུང་རབ་དམ་པ་ཡི་གེ་མེད། །བརྗོད་དུ་མེད་ཅིང་སྤྲོས་བྲལ་བ། །རྡོ་རྗེའི་གསུང་ལ་ཕྱག་འཚལ་ལོ། །ཤིན་ཏུ་རྣམ་པར་དག་པའི་ཐུགས། །ཆགས་མེད་ཡེ་ཤེས་གཉིས་མཁྱེན་པ། །སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི། །རྡོ་རྗེའི་ཐུགས་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ནས། དངོས་གྲུབ་གསོལ་བ་ནི། ཧོཿ ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་བཅོམ་ལྡན་འདས་དཔལ་སྣང་བ་མཐའ་ཡས་ལ་སོགས་པ་རིགས་ལྔའི་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་འཁོར་དང་བཅས་པ་ཐམས་ཅད་གསན་ཅིང་དགོངས་སུ་གསོལ། ཁྱེད་རྣམས་ལ་ཕྲིན་ལས་སུ་གསོལ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་དངོས་གྲུབ་ཀྱི་སྐལ་བ་གང་མཆིས་པ་ཐམས་ཅད་དང་། ཁྱད་པར་དུའང་འགྱུར་བ་མེད་པའི་ཚེ། འཆི་བ་མེད་པའི་སྲོག །རྒུད་པ་མེད་པའི་ལང་ཚོ་སོགས་སྐྱེ་ཤི་མེད་པ་རྡོ་རྗེའི་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་གང་ལགས་པ་ཐམས་ཅད་སྔོན་གྱི་ཐུགས་དམ་ལས་མ་འདའ་བར་དུས་ད་ལྟ་ཉིད་དུ་སྩལ་དུ་གསོལ། གསུམ་པ་ཚེ་སྒྲུབ་པའི་ཆོ་ག་ལ་བཞི་སྟེ། ཚེ་རྟེན་བསྐྱེད་པ། དགུག་ཅིང་བསྟིམ་པ། སྦ་ཞིང་རྒྱས་གདབ་པ། མ་གྲུབ་ན་སྤོགས་པའི་ཆོ་གའོ། །དང་པོ་ནི། རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་དང་གཉིས་སུ་མེད་པར་གྱུར་པ་ལས། ཕཊ་ཛཿ ཞེས་པས། བུམ་པའི་དཀྱིལ་འཁོར་ལོགས་སུ་ཕྱེ་ནས་མདུན་གྱི་ནམ་མཁར་བཞུགས་པར་གྱུར། བདག་ཉིད་པདྨ་ཚེ་དཔག་མེད་དུ་གསལ་བའི་ཐུགས་ཀར་ཉི་ཟླའི་གའུ་ཁ་སྦྱོར་གྱི་གཞལ་ཡས་ཁང་གི་དབུས་སུ་ཨཱ་ཡུཿ བྱང་ཆུབ་སེམས་ཀྱི་རང་བཞིན་ཐིག་ལེ་དམར་པོའི་རྣམ་པར་འཁྱིལ་བ་གསལ་འཚེར་འོད་འབར་བར་བསམ་མོ། །གཉིས་པ་ལ་གཉིས་ཀྱི་དང་པོ་ཚེ་དགུག་པ་ནི། རང་གི་ཐུགས་ཀའི་ཚེ་རྟེན་ལས་འོད་ཟེར་གསང་ཡུམ་ཚེ་འཛིན་མ་བཞི་དང་། དེ་ལས་ཀྱང་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་འཕྲོས་པས་རིམ་པར་བསྐུལ་བའི་འོད་ཟེར་ཕྱིར་སོང་སངས་རྒྱས་ཀྱི་ཞིང་ཐམས་ཅད་ལ་ཁྱབ་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེའི་ནུས་མཐུ་དང་། ཁྱད་པར་ནུབ་ཕྱོགས་པདྨ་དབང་གི་ཞིང་ཁམས་ན་བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་འཁོར་དང་བཅས་པའི་ཐུགས་ཀར་ཕོགས་པས་ཐུགས་དམ་བསྐུལ་ཏེ། དཔལ་བེའུ་ཉི་ཟླའི་གའུ་ནས་བྱང་ཆུབ་སེམས་ཀྱི་ཨཱ་ཡུཿདཀར་དམར་འོད་ཀྱི་རྣམ་པར་གསལ་ཞིང་འབར་བའི་རང་བཞིན་ཅན་བསྡུས་ཏེ་བདག་དང་བུམ་ནང་གི་ལྷའི་ཐུགས་ཀར་ཐིམ། ཡང་འོད་ཟེར་འཕྲོས་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་ཕོག་པས་རྡོ་ཁབ་ལེན་གྱིས་ལྕགས་བསྡུ་བ་ལྟར། ཕྱི་འབྱུང་བ་བཞིའི་མདངས་དང་བཅུད། ནང་འགྲོ་དྲུག་སེམས་ཅན་མ་ལུས་པའི་ཚེ་དང་བསོད་ནམས་གཟི་བྱིན་ཐམས་ཅད་འཆི་མེད་ཀྱི་བདུད་རྩི་འོད་ཟེར་དཀར་དམར་གསལ་འབར་གྱི་རྣམ་པར་བསྡུས་ཏེ། བུམ་ནང་གི་ལྷའི་ཐུགས་ཀ་དང་། བདག་གི་སྙིང་གའི་ཚེ་རྟེན་ལ་ཐིམ་པར་བསམ་ཞིང་། གཟུངས་ཐག་ལ་འཇུས་ཏེ། ཨཱཾ་ༀ་སྭཱ་ཧཱུཾ་ཧཱ། བྷྲཱུཾ་བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཨ། ཞེས་ཅི་ནུས་བཟླ་ཞིང་། སྐབས་སྐབས་སུ་ཚེའི་ཕོ་ཉ་བསྐུལ་ཞིང་བཏང་བ་ནི། བདག་གི་ཐུགས་ཀའི་འོད་ཀྱིས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་བསྐུལ་བས་སོ་སོ་ལས་རང་འདྲ་བའི་སྤྲུལ་པ་གྲངས་མེད་པ་སྤྲོས་ཏེ། འཁོར་འདས་སྣོ་བཅུད་ཀྱིས་མདངས་དང་ཚེ་བཅུད་བཀྲག་དང་གཟི་བྱིན་བསོད་ནམས་དང་ཡེ་ཤེས་ཐམས་ཅད་བསྡུས་ནས་བདག་དང་སྒྲུབ་རྫས་རྣམས་ལ་ཐིམ་པར་བསམ་ནས། མདའ་དར་གཡབ་ཅིང་སྤོས་རོལ་དང་བཅས་པས་། ཧྲཱིཿ ནུབ་ཕྱོགས་པདྨ་དབང་གི་ཞིང་ཁམས་ནས། །བཅོམ་ལྡན་རིགས་ལྔ་ཡབ་ཡུམ་ཚེ་དཔག་མེད། །སེམས་དཔའ་སེམས་མ་སྒོ་མར་བཅས་རྣམས་ཀྱིས། །ཚེ་དང་ཡེ་ཤེས་དགུག་པའི་ལས་མཛོད་ཅིག །ༀ་ནྲྀ་བྷྲཱུཾ་ཧཱུཾ་ཨཱ་ཡུ་ཥེ་ཛཿཛཿཧཱུཾ་ཨཱཿ འགྲོ་བ་ཡོངས་ཀྱི་ཚེ་ལ་མངའ་མཛད་མ། །དཀར་མོ་མགྱོགས་མ་ཞི་བྱེད་འོད་འཕྲོའི་ཚོགས། །ཚེ་དང་གཟི་བརྗིད་འགུགས་པའི་ལས་མཛད་མ། །རྡོ་རྗེ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག །ༀ་ནྲྀ་བྷྲཱུཾ་ཧཱུཾ་ཨཱ་ཡུ་ཥེ༴ འགྲོ་བ་ཡོངས་ཀྱི་ཚེ ༴ སྔོན་མོ་མགྱོགས་མ་རྒྱས་མཛད་འོད༴ ཚེ་དང་གཟི་བརྗིད་འགུགས་པའི༴ རྡོ་རྗེ་ཚེ་མཆོག་འགུགས་པའི༴ ༀ་ནྲྀ་བྷྲུཾ་ཧཱུཾ་ཨཱ་ཡུ་ཥེ༴ འགྲོ་བ་ཡོངས་ཀྱི་ཚེ་ལ༴ དམར་མོ་མགྱོགས་མ་དབང་བྱེད། །ཚེ་དང་གཟི་བརྗིད༴ རྡོ་རྗེ་ཚེ་མཆོག༴ ༀ་ནྲྀ་བྷྲཱུཾ་ཧཱུཾ་ཨཱ༴ འགྲོ་བ་ཡོངས་ཀྱི་ཚེ་ལ༴ ལྗང་མདོག་མགྱོགས་མ་དྲག་བྱེད༴ ཚེ་དང་གཟི་བརྗིད་འགུགས༴ རྡོ་རྗེ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག །ༀ་ནྲྀ་བྷྲཱུཾ་ཧཱུཾ་ཨཱ་ཡུ་ཥེ་ཛཿཛཿཧཱུཾ་ཨཱཿ གཉིས་པ་ཚེ་བསྟིམ་པ་ནི། ཚེ་དཔག་མེད་ཀྱི་ཐུགས་དཔལ་གྱི་བེའུ་ཉི་ཟླའི་གའུ་ནས་འཆི་བ་མེད་པའི་བདུད་རྩིའི་དྭངས་མ་དམར་གསལ་འབར་བའི་རྣམ་པར་བྱུང་བ་བདག་གི་སྙིང་གའི་ཚེ་རྟེན་ལ་སིབ་ཀྱིས་ཐིམ་པས་བཀྲག་མདངས་གཟི་བྱིན་འབར་བའི་འོད་ཀྱིས་ལུས་ནང་ཐམས་ཅད་མེར་ཁྲིག་གིས་གང་བས་ཚེའི་འགལ་རྐྱེན་ཐམས་ཅད་བསལ་ནས་འཆི་བ་མེད་པ་རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་པར་བསམ་ཞིང་། ཧྲཱིཿ ནུབ་ཕྱོགས་ཚེ་ཡི་དབྱིངས་མཆོག་གི །པདྨ་དབང་གི་ཞིང་ཁམས་སུ། །བྱམས་ལྡན་ཡེ་ཤེས་ཚེ་དཔག་མེད། །ཐུགས་ཀྱི་དཔལ་བེའུ་རིན་པོ་ཆེ། །ཉི་ཟླ་འོད་ཀྱི་གའུ་ན། །བྱང་ཆུབ་སེམས་ཀྱི་ཨཱཿཡུ་འབར། །དམར་གསལ་འབར་བའི་ཚེ་མཆོག་དེ། རིག་འཛིན་རྣལ་འབྱོར་རྣམས་ལ་འཕྲོ། །སྤྲོས་པས་དགུ་ལུང་དམ་པ་ཡིས། །ཙིཏྟའི་སྦུབས་ལ་བཀྲག་ཏུ་བསླན། །ཞེས་བསྐུལ་ནས། སྤྱི་བོའི་གནས་ལྔར་བུམ་ཆུ་གཏིག་ཅིང་། རིགས་ལྔ་སོ་སོའི་དབང་རྒྱ་འཆིང་བཞིན་དུ། ཨཱཾ་ཨ་རོ་ལིཀ་པཱཾ་རཱ་ག་ར་ཏི་བཛྲ་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཧཱུཾ། ༀ་ཛི་ན་ཛིཀ་ལཱཾ་དྭེ་ཥ་ར་ཏི་བཛྲ་ཨཱ་ཡུ༴ སྭཱ་རཏྣ་དྷྲྀཀ་མཱཾ་མོ་ཧ་ར་ཏི་བཛྲ་ཨཱ་ཡུ༴ ཧཱུཾ་བཛྲ་དྷྲྀཀ་མཱུཾ་དྷཱ་ཏྭེ་ཤྭ་རཱི་བཛྲ་ཨཱ་ཡུ༴ ཧཱཾ་པྲ་ཛྙཱ་དྷྲྀཀ་ཏཱཾ་བཛྲ་ར་ཏི་བཛྲ་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཧཱུཾ། གསུམ་པ་ལ་གཉིས་ཀྱི་དང་པོ་ཚེ་སྦ་བ་ནི། དེ་ལྟར་བྱང་ཆུབ་སེམས་ཀྱི་ཚེ་བསྟིམ་པས། བསྒྲུབ་བྱ་རང་ཉིད་དང་། བསྟིམ་བྱ་ཚེ་དང་བསོད་ནམས་ཡེ་ཤེས་ཀྱི་རྒྱུད་གསུམ་སྟེ། དེ་ཐམས་ཅད་བྱང་ཆུབ་སེམས་ཀྱི་རང་བཞིན་གདོད་ནས་མ་སྐྱེས་པའི་ཆོས་ཉིད་ཡིན་པས། དེ་ཉིད་ལ་སངས་རྒྱས་ཀྱིས་ཀྱང་རྐུ་ཞིང་འཕྲོག་པའི་གནས་མེད་དེ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་སྤྲོས་བྲལ་འཆི་མེད་གཉུག་མའི་རང་བཞིན་དུ་དག་པར་མོས་ལ། ཧྲཱིཿ ཚེ་ཡི་ངོ་བོ་རྒྱུད་གསུམ་པོ། །སྲོག་གི་ངོ་བོར་གཞལ་ཡས་ཁང་། །ལེ་བརྒན་འབར་བའི་དཀྱིལ་འཁོར་དུ། །ཨཱ་ཡུཿདམར་པོའི་འོད་འཕྲོས་པས། །འཆི་བ་མེད་པའི་སྲོག་བཙུགས་ཏེ། །འགྱུར་བ་མེད་པའི་གཡུང་དྲུང་ཡིན། །ཆོས་ཉིད་དབྱིངས་སུ་ཚེ་སྦས་པས། །དུས་གསུམ་རྒྱལ་བ་དགྲར་ལངས་ཀྱང་། །དེ་ལ་བཟུང་ཞིང་བརྟག་ཏུ་མེད། །གཉིས་པ་རྒྱས་གདབ་པ་ནི། འཆི་མེད་གཉུག་མའི་རང་བཞིན་དུ་རྣམ་པར་དག་པའི་ངང་ལས། དེའི་ཕྱག་རྒྱར་གསལ་བ་ནི། རང་གི་སྙིང་གར་ཟླ་གམ་དབང་གི་དཀྱིལ་འཁོར། དེའི་སྒོར་རྟ་མགྲིན་ཡབ་ཡུམ་རྒྱ་གྲམ་དང་བུམ་པ་འཛིན་པས་བསྲུང་བའི་ལས་མཛད་པ། ཟླ་གམ་གྱི་ནང་ན་རིན་པོ་ཆེ་དཔལ་བེའུ་ཟུར་བརྒྱད་པ་འབར་བ། དེའི་སྟེང་དུ་ཉི་ཟླའི་གའུ་ཁ་སྦྱོར། ཡས་མས་ནས་རྡོ་རྗེ་རྒྱ་གྲམ་གཉིས་ཀྱིས་གཏམས་པའི་སྟེང་འོག་གི་རྭ་རྩེ་འོད་ཟེར་གྱི་ཐག་པས་བཅིངས་པ། ཉི་ཟླའི་ནང་དུ་གུ་ཧྱ་གསེར་གྱི་རྡོ་རྗེ་མཚོན་གང་བ། དེའི་ལྟེ་བར་ༀ་ཨཱཿཧཱུཾ་དམར་པོ་འོད་འབར་བ་རྣམས་ཀྱིས་རྒྱས་བཏབ་པར་བསམ་ཞིང་། བྱང་ཆུབ་སེམས་ཀྱི་ཨཱ་ཨུཿདེ། སྐྱེ་མེད་དབྱིངས་སུ་སྦས་ནས་ཀྱང་། ཐ་མར་ཕྱག་རྒྱ་བདུན་གྱིས་གདབ། དང་པོ་སྐུ་གསུང་ཐུགས་ཀྱི་རྒྱ། །གཉིས་པ་གནོན་པའི་རྒྱ་གྲམ་རྒྱ། །གསུམ་པ་རྟ་མཆོག་དཔལ་གྱི་རྒྱ། །བཞི་པ་རིན་ཆེན་དཔལ་བེའུ་སྟེ། །ལྔ་པ་གསེར་གྱི་གུ་ཧྱའོ། །དྲུག་པ་ཟླ་གམ་དམར་པོ་ལ། །བདུན་པ་ཉི་ཟླའི་གའུ་འབར། །རྒྱ་བདུན་རིམ་པས་བཏབ་པ་ལས། །སུས་ཀྱང་འདའ་བར་མི་ནུས་སོ། །ཞེས་བརྗོད་དོ། །བཞི་པ་མ་གྲུབ་ན་སྤོགས་པའི་ཆོ་ག་ནི། ཡུན་རིང་བསྒྲུབས་ནས་མ་འགྲུབ་ན་སླར་ཁྲོ་དཀྱིལ་དུ་བྲི་སྒོམ་ཞལ་བསྒྱུར་བ་ཡིན་པས། ཤར་ཆོག་ཙམ་ལ་མ་སྒོམས་ཀྱང་ཆོག་མོད། དེ་ལྟར་ནའང་ལག་ལེན་གྱི་རྣམ་བཞག་མི་ནུས་པའི་ཕྱིར། བྲི་བ་མ་གྲུབ་ཀྱང་ཏིང་ངེ་འཛིན་གྱིས་ཞལ་བསྒྱུར་ཙམ་བྱེད་པར་སྤྲོ་ན། ཧཱུཾ་ཧ་ཧེ་ཕཊ་ཧཱུཾ། ཞེས་་པས་ཞི་བའི་ལྷ་ཚོགས་རྣམས་སྐད་ཅིག་གིས་ཁྲོ་བོའི་སྐུར་གྱུར་པ་ནི། དབུས་སུ་པདྨ། ཤར་དུ་བུདྡྷ། ལྷོར་རཏྣ། ནུབ་ཏུ་བཛྲ། བྱང་དུ་ཀརྨ་ཧེ་རུ་ཀ་ཡབ་ཡུམ་ཐམས་ཅད་གཡས་རིགས་ལྔའི་རང་རྟགས་དང་གཡོན་ཚེ་བུམ། སེམས་དཔའ་བརྒྱད་གནས་མར་གྱུར་ནས་པད་འདབ་དང་གྲྭའི་གཡས་ཕྱོགས་དང་། སེམས་མ་རྣམས་ཡུལ་མ་བརྒྱད་དུ་གྱུར་ནས་གནས་མ་རེ་རེའི་གཡོན་དུ་བཞུགས་པ། སྒོ་བཞིར་རྟ་གདོང་མ་སོགས་དང་། གཙོ་བོའི་ཕྱོགས་བཞིར་གསང་ཡུམ་ཁྲོ་མོ་བཞི་རྣམས་གཡས་སོ་སོའི་ཕྱག་མཚན་དང་། གཡོན་ཚེ་བུམ་འཛིན་པ། གཙོ་འཁོར་ཐམས་ཅད་ཀྱང་སྐུ་མདོག་དམར་པོ་མེའི་ཕུང་པོ་ལྟ་བུ་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བྱིན་འབར་བར་གྱུར་པ་ལས། ཕཊ་ཛཿས་བུམ་པའི་དཀྱིལ་འཁོར་ཀྱང་མདུན་དུ་ཕྱེ་ནས། བདག་ཉིད་པདྨ་ཧེ་རུ་ཀའི་ཐུགས་ཀར་ཚེ་རྟེན་གསལ་བ་ལས། འོད་ཟེར་ཉི་མའི་གདུང་བྱེད་ལྟ་བུ་ཚ་ཞིང་རྩུབ་པའི་རྩེ་ལས་དབང་གི་ལྷ་མོ་ཙཎྜ་ལཱི་དམར་མོ་གཡས་ལྕགས་ཀྱུ་དམར་པོ་འབར་བ་དང་། གཡོན་ཚེའི་སྣོད་རིན་པོ་ཆེའི་ཟ་མ་ཏོག་དཀར་པོ་ཐོགས་པ་དཔག་ཏུ་མེད་པ་སྤྲོས། ནམ་མཁའི་ཁམས་ཐམས་ཅད་ཁེངས་པས། རི་རབ་བཤིག །རྒྱ་མཚོ་དཀྲུགས། ས་གཞི་དྲལ་ཏེ། སྣོད་བཅུད་ཀྱི་ཚེ་དང་གཟི་བྱིན་ཐམས་ཅད་དང་། ཁྱད་པར་འཆི་བདག་གཤིན་རྗེ་ལ་སོགས་པའི་གདོན་བགེགས་ཐམས་ཅད་ཀྱི་ལག་ནས་ཚེ་བཅུད་དང་གཟི་བྱིན་འོད་དམར་གསལ་གྱི་རྣམ་པར་འཕྲོགས་པ་གཡོན་པའི་ཟ་མ་ཏོག་ཏུ་བསྡུས་ཏེ། རང་དང་བུམ་པ་ཚེའི་གཞལ་ཡས་ཁང་ལ་ཐིམ་པར་བསམ་ཞིང་། ཧཱུཾ་ཧ་ཧེ་ཕཊ་ཧཱུཾ། བྷྲཱུཾ་བཛྲ་ཨཱཿཡུ་ཥེ་ཧཱུཾ་ཨ། ཞེས་བཟླ་ཞིང་། ཚེའི་ཕོ་ཉ་བཏང་བ་ནི། ཧྲཱིཿ འཇིགས་བྱེད་འདས་པའི་དུས་ན་མངོན་བྱུང་བའི། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བ། །དཔལ་ཆེན་ཁྲག་འཐུང་རིགས་ལྔ་འཁོར་བཅས་ཀྱིས། །ཚེ་དང་ཡེ་ཤེས་འགུགས་པའི་ལས་མཛོད་ཅིག །ༀ་ནྲྀ་བྷྲཱུཾ་ཧཱུཾ་ཨཱ་ཡུ་ཥེ་ཛཿཛཿཧཱུཾ་ཨ། ཡེ་ཤེས་ཁྲོ་བོ་འབར་བ་ཡི། །ཐུགས་ཀྱི་དཔལ་བེའུའི་འོད་ཟེར་ལས། དབང་གི་ལྷ་མོ་མང་པོ་སྤྲོས། །ཟ་མ་ཏོག་དང་བཅས་པ་ཡི། །ལྕགས་ཀྱུ་དཀར་དམར་ལག་ན་ཐོགས། །ཁྱོད་ཀྱིས་འགྲོ་དྲུག་ཐམས་ཅད་ཀྱི། །ཚེ་དང་གཟི་བྱིན་ཐམས་ཅད་འཕྲོགས། །ཟ་མ་ཏོག་ཏུ་བསྡུས་ནས་ཀྱང་། །སྒྲུབ་མཆོག་བདག་ལ་བསྟིམ་པར་མཛོད། །མི་འགྱུར་ཚེ་ཡི་དངོས་གྲུབ་སྩོལ། །ༀ་བཛྲ་ཙཎྜ་ལཱི་ཧ་ཨོཾ་ནྲྀ་བྷྲཱུཾ་ཧཱུཾ་ཨཱ་ཡུ་ཥེ་ཛཿཛཿཧཱུཾ་ཨ། ཞེས་བཀུག་ནས་ཚེ་བསྟིམ་པ་མན་ཆད་སྔར་བཞིན་བྱ་བ་ཡིན་ནོ། །དེ་ལྟར་ཁྲོ་བོར་བསྒྱུར་མི་བསྒྱུར་གང་ལྟར་ཡང་སྦ་ཞིང་རྒྱས་བཏབ་པ་ཡན་སོང་བ་དང་། བར་འདིར་འདས་མ་འདས་ཀྱི་གཏོར་མ་བཏང་ཞིང་། དེ་ནས་དབང་ཆོག་ལྟར་ཚེའི་དབང་བསྐུར་རོ། །རྗེས་ཆོག་ནི། །མཆོད་པ་ཁ་གསོས་ཏེ་བྱིན་གྱིས་བརླབས་ནས། ཀུན་བཟང་། ཞབས་བསིལ། བཞི་བསྣོལ་གྱིས་མཆོད། བསྟོད་པར་འོས་པ་ཐམས་ཅད་ལ། །ཞེས་སོགས་ཀྱིས་བསྟོད། ཡིག་བརྒྱ་བཟླ་ཞིང་། མ་རྙེད་ཡོངས་སུ་སོགས་ཀྱིས་བཟོད་པར་གསོལ། རས་བྲིས་ཡིན་ན། འདིར་ནི་གཟུགས་དང་སོགས་ཀྱིས་བརྟན་བཞུགས་བྱ། རྡུལ་ཚོན་གཤེགས་པའི་ཚེ། ༀ། ཁྱེད་ཀྱིས་སེམས་ཅན་སོགས་ཀྱིས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་གི་ཐུགས་ཀའི་འོད་ཀྱིས་སྣོད་བཅུད་ཐམས་ཅད་སྦྱངས་ནས་གཞལ་ཡས་ཁང་ལ་ཐིམ། དེ་འཁོར་རྣམས་ལ། འཁོར་རྣམས་གཙོ་བོ་ཡབ་ཡུམ་ལ། ཡུམ་ཡབ་ལ། དེ་ཐུགས་ཀའི་ཐིག་ལེ་ལ། དེ་ཡང་མི་དམིགས་པའི་དབྱིངས་སུ་ཐིམ་པར་བསམ་ནས། སྔར་ཁྲོ་བོར་མ་བསྒྱུར་ནམ། ཨཱཾ་ཨཱ་རོ་ལིཀ །ཞེས་དང་། བསྒྱུར་ན། ༀ་པདྨ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཞེས་པས་ཐུན་མཚམས་ཀྱི་ལྷར་ལངས་ཏེ། གོ་ཆ་བགོ་བ་ནི། རང་གི་སྤྱི་བོར་ༀ། མགྲིན་པར་ཨཱཿ སྙིང་གར་ཧཱུཾ། བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾ། ཞེས་བརྗོད་པས། ལུས་རྡོ་རྗེའི་གོ་ཆས་བཞུ་ལུགས་སུ་གཡོགས་པས་སྒོ་གསུམ་རྡོ་རྗེ་གསུམ་དང་དབྱེར་མེད་དུ་བཅིངས་པར་བསམ་མོ། །དེ་ནས་བསྔོ་བ་ནི། འདིས་མཚོན་དུས་གསུམ་དགེ་བའི་མཐུས། །འགྲོ་ཀུན་འཆི་མེད་རྡོ་རྗེའི་གནས། །བཅོམ་ལྡན་ཚེ་དཔག་མེད་མགོན་གྱི། །གོ་འཕང་མྱུར་དུ་ཐོབ་པར་ཤོག །བཀྲ་ཤིས་ནི། ༀ། བྱིན་རླབས་བདུད་རྩིའི་ཆར་འབེབས་པའི། །རྩ་བརྒྱུད་བླ་མའི་བཀྲ་ཤིས་ཤོག །ཚེ་དང་ཡེ་ཤེས་དཔག་མེད་གཏེར། །སྣང་བ་མཐའ་ཡས་བཀྲ་ཤིས་ཤོག །ཡེ་ཤེས་བཞི་ཡི་རང་བཞིན་ཅན། །རིགས་བཞི་ཡབ་ཡུམ་བཀྲ་ཤིས་ཤོག །སྐྱེ་མཆེད་རྣམ་དག་རྒྱལ་བའི་སྲས། །སེམས་དཔའ་སེམས་མའི་བཀྲ་ཤིས་ཤོག །གསང་བའི་བུ་མོ་ཚེ་གཏེར་འཛིན། །མགྱོགས་མ་བཞི་ཡི་བཀྲ་ཤིས་ཤོག །ཚད་མེད་བཞི་ལྡན་ཕྱག་རྒྱ་བཞིས། །སྒོ་སྐྱོང་སྲུང་མའི་བཀྲ་ཤིས་ཤོག །གང་ལ་བསམ་པའི་དོན་འགྲུབ་པའི། །དོན་གྲུབ་མཆོག་གི་བཀྲ་ཤིས་ཤོག །ཅེས་རོལ་མོའི་སྒྲ་འཁྲོལ་ཞིང་མེ་ཏོག་གི་སིལ་མ་ཕྱོགས་ཐམས་ཅད་དུ་འཐོར་བས་དགེ་ལེགས་སུ་བྱའོ། །འདིར་མདོ་དབང་གི་ཚེ་ཆོག་སྔ་མ་རྣམས་སུ་དཀྱིལ་འཁོར་ལྟེ་བ་འཁོར་ལོ་རྩིབས་བཞི་པ་སོགས་སྒྱུ་འཕྲུལ་གྱིས་ཁོག་ཕུབ་ནས་མཛད་པ་ཤས་ཆེ་ནའང་། འདིར་ནི་མདོ་རང་རྐང་ཚུགས་པའི་དབང་དུ་བྱས་ནས། རྩ་རྒྱུད་ཀྱི་ལེའུ་བཅུ་གསུམ་པ་རྡོ་རྗེ་ཚེ་སྒྲུབ་པ་ལས་གསུངས་པ་ལྟར་བྲིས་པ་སྟེ། དེའང་རྒྱ་མདུད་འགྲེལ་དུ་ལྟེ་བ་ལིང་ཚེ་དགུའི་དབུས་སུ་པད་འདབ་བརྒྱད། ལིང་ཚེ་རྣམས་དང་སྒོ་ཁྱུད་བཞིར་ཟླ་གམ། བརྟེན་པ་ལྷ་ལ་ཡང་། རྩ་བཤད་དུ། ཕྱོགས་ཕྱོགས་གནས་སུ་ཚོམ་བུར་བྲི། །ཞེས་པའི་ཚོམ་བུ་ཞེས་པ་ལ་སྙེགས་པ་ཡིན་ནམ་སྙམ་སྟེ། རིགས་བཞིའི་འཁོར་དུ་རང་རིགས་ཀྱི་སེམས་དཔའ་ཡབ་ཡུམ་བཞི་བཞིས་བསྐོར་བས་སྤྱིར་ལྷ་ང་བརྒྱད་ཙམ་གསུངས་པ་དང་། ཚེ་རྟེན་བསྐྱེད་པའང་རྒྱ་བདུན་གྱིས་རྒྱས་འདེབས་པའི་སྐབས་སུ་འགྲེལ་པ་འདིར་ལུགས་གཉིས་གསུངས་པའི་སྔ་མར་ཡུམ་གྱི་མཁའ་དང་ཡབ་ཀྱི་ཐུགས་ཀར་བསྐྱེད་པ་གཉིས་འདམ་ཀ་དང་། རྒྱ་བདུན་གྱི་འདྲེན་ཚུལ་ཀྱང་སྔ་མ་འདིར་བཀོད་པ་དང་ཕལ་ཆེ་བ་འདྲ་ཞིང་། ཕྱི་མ་ཚིགས་བཅད་དུ་མཛད་པ་འགྲེལ་ཆུང་རྣལ་འབྱོར་སའི་སྒྲོན་མ་དང་དགོངས་པ་མཐུན་པ་སོགས་རྒྱ་འགྲེལ་དང་རྒྱུད་ཀྱི་མཆན་རྙིང་རྣམས་སུ་འགྲེལ་ཚུལ་ཐ་དད་པ་མང་ནའང་། འདིར་རྩ་རྒྱུད་ཀྱི་རྒྱུད་ཚིག་དངོས་བསྟན་ལྟར་བཀྲལ་བ་འདི་ཉིད་རྟེན་དང་བརྟེན་པའི་དཀྱིལ་འཁོར་གཉིས་ཀ་བྱ་སླ་བར་མ་ཟད། རང་བློའི་གོ་ཕྱོགས་ལ་གནད་ཀྱང་འདུས་པར་གོ་ནས། རོང་ཟོམ་ཆོས་ཀྱི་བཟང་པོས་མཛད་པའི་མདོའི་ཚེ་སྒྲུབ་ཀྱི་མན་ངག་ལྟར་བྲིས་པ་ཡིན་ནོ། །ཅིའི་ཕྱིར་འདི་ཉིད་གནད་འདུས་ཤིང་ཀུན་གྱི་དངོས་བསྟན་དུ་འགྱུར་ཞེ་ན། རྟེན་གྱི་དཀྱིལ་འཁོར་ནི། རྩ་རྒྱུད་ལས། དབུས་ཀྱི་པདྨ་འདབ་བརྒྱད་ལ། ༼དབུས་སུ་༽ ཟླ་གམ་དམར་པོ་༼དང་ཕྱི་རོལ་གྲུ་བཞི་པར་༽སྒོ་བཞིར་ལྡན། །ཐ་མ་༼འདབ་བརྒྱད་ཀྱི་༽རྡོ་རྗེ་ར་བས་བསྐོར། །ཞེས་ཆེས་གསལ་བ་དང་། བརྟེན་པ་ལྷའི་དཀྱིལ་འཁོར་ཡང་། །རིགས་བཞི་སངས་རྒྱས་ཡབ་ཡུམ་དང་། སོ་སོའི་འཁོར་གྱི་སེམས་དཔའ་རྣམས། །ཞེས་དང་། སྒོ་བཞིར་སྒོ་མ་བཞི་རྣམས་བཞག །ཅེས་དང་། གསང་བའི་བུ་མོ་བཞི་བཀོད་བཞག །ཅེས་གསུངས་ཤིང་། འདིར་ཚོམ་བུར་ཞེས་པས་ཀྱང་རིགས་ཆུང་བསྟ་པར་མ་ངེས་ཏེ། འོད་ཟེར་སྤྲོ་བའི་ཚེ། ཨཱ་ཡུཿཡུམ་བཞིའི་ཐུགས་ཀར་འཕྲོས། །དེ་བཞིན་ཚོམ་བུ་རིམ་པར་བརྒྱུད། །ཅེས་སྒོ་མའི་བར་འོད་ཟེར་རིམ་པར་སྤྲོ་བ་ལ་ཚོམ་བུ་ཞེས་གསུངས་པ་ལྟར་དང་། ཚེ་རྟེན་ཡང་རྔམ་གློག་ལས། ཚེ་དཔག་མེད་པའི་ཐུགས་ཀ་ནས། འཁྱིལ་ཞིང་འཚེར་བའི་བྱང་ཆུབ་སེམས། །ཉི་ཟླའི་གའུར་གནས་པ་དེ། ཨཱ་ཡུཿབྱང་ཆུབ་སེམས་སུ་ཞུ། ཞེས་སྙིང་གར་བསྐྱེད་ལ་གསལ་བ་དང་། ཕྱག་རྒྱ་བདུན་ཡང་ལུས་ཀྱི་གནས་གཞན་ལ་འདེབས་པ་ལས། སྙིང་གའི་ཚེ་རྟེན་ལ་འདེབས་པ་འདི་ཉིད་འབྲེལ་ཆགས་པར་མངོན་པའི་ཕྱིར་རོ། །རྒྱུད་དོན་མན་ངག་མ་ངེས་པས། མདོ་དབང་ཚེ་ཆོག་ཕལ་ཆེ་བར། རང་གཞུང་སྒོས་ཆོས་རྒྱང་བསྲིངས་མོད། །ཕྱིན་ཆད་ལེགས་བཤད་དཔལ་འདི་ལོངས། འདུས་པ་མདོའི་ཡན་ལག་གི་དཀྱིལ་འཁོར་རྣམས་ཀྱི་སྒྲུབ་དཀྱིལ་དངོས་གྲུབ་འདོད་འཇོ་ལས། མཐའ་རྟེན་ཚེའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་ལྔ་པའོ། །འདིར་སྨྲས་པ། མི་ཕྱེད་རྡོ་རྗེའི་ཚིག་གིས་དམ་བཅིངས་པའི། །གཞུང་ཟབ་དགོངས་དོན་འབྱེད་ནུས་བློ་དམན་ཡང་། །བླ་མའི་དྲིན་གྱིས་ཆ་ཙམ་རྟོགས་པ་གང་། །རང་བློ་གོམས་དང་གཞན་ལའང་ཕན་ཕྱིར་སྤེལ། །དག་གསལ་ངག་གི་སྦྱོར་བའི་རྟ་བདུན་གྱིས། །སྐལ་བཟང་དབང་ཕྱོགས་རི་བོའི་རྩེར་དྲངས་ནས། །ལེགས་བཤད་ཆོས་ཀྱི་ཉི་མ་འོད་པོ་ཆེས། །དཔལ་ལྡན་བླ་མའི་བཞེད་དགོངས་གསལ་བར་བྱས། །དེ་ཕྱིར་ཚུལ་འདིར་ཉེས་པ་ཡོད་མི་སྙམ། །རྒྱ་ལ་རྨོངས་དང་རྣམ་གཡེང་ལེ་ལོ་ཡིས། །ནོངས་པར་གྱུར་རྣམས་ཐོག་མེད་གཟིགས་མངའ་བའི། །སྤྱན་སྔར་འགྲོ་ཀུན་སྡིག་དང་ལྷན་ཅིག་བཤགས། །འདིར་འབད་རྣམ་དཀར་དགེ་བ་ཉི་ཟླའི་འགྲོས། །མཐའ་དག་འགྲོ་སེམས་མཁའ་ལ་རྟག་འཆར་བས། །མཆོག་བདེའི་དངོས་གྲུབ་སྣང་བ་མི་ཟད་པ། །འདོད་དགུར་འཇོ་བས་ཕན་བདེའི་དཔལ་འབར་ཤོག །མདོ་ཡོངས་རྫོགས་ཀྱི་དབང་དུ་བྱས་པའི་ཡན་ལག་གི་དཀྱིལ་འཁོར་རྣམས་ཀྱི་སྒྲུབ་དཀྱིལ་དངོས་གྲུབ་འདོད་འཇོ་ཞེས་བྱ་བ་འདི་ནི། རྗེ་བླ་མ་དམ་པའི་སྐུ་གསུང་ཐུགས་ཀྱི་སྲས་མཆོག་དམ་པ་སྐུ་ན་གཞོན་ནུར་གྱུར་ཀྱང་རིག་པའི་གནས་ཕལ་མོ་ཆེ་ཐུགས་སུ་ཆུད་པའི་པཎྜི་ཏ་ཡང་དག་པའི་ལམ་གྱི་ས་མཁན་ཆེན་པོ་རྡོ་རྗེའི་མཚན་ཅན་གྱི་བཀས་བསྐུལ་བ་ལྟར་རྩོམ་འདུན་ཡིད་ལ་བཅགས་པའི་སྟེང་། ཉེ་བར་བསྟན་འགྲོའི་དཔལ་མགོན་པད་གླིང་ལྔ་པ་གསུང་སྤྲུལ་ངག་དབང་ཀུན་བཟང་རྡོ་རྗེའི་ཞལ་སྔ་ནས་བཀའ་སྩལ་ནན་ཅན་དང་། གཞན་ཡང་ཟངས་ལ་མཁར་སྤྲུལ་སྐུ་རིན་པོ་ཆེ་དང་། ཐང་འབྲོག་སྤྲུལ་པའི་སྐུ་སོགས་སྔོན་གོམས་ཀྱི་ཡོན་ཏན་མངའ་བའི་སྐྱེས་ཆེན་དམ་པ་འགྲོ་དོན་ནུས་པ་དུ་མའི་གསུང་གིས་བསྐུལ་ཞིང་། ཁྱད་པར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་མཚན་བརྗོད་པར་དཀའ་བ་རྗེ་བཙུན་བླ་མ་དམ་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་བཀའ་ལུང་གིས་དབུགས་འབྱིན་པའི་གནང་བ་ལེགས་པར་ཐོབ་པ་ལ་བརྟེན་ནས། གང་གི་ཟླ་མེད་པའི་བཀའ་དྲིན་ཁོ་ནས་འཚོ་བའི་སྐལ་བ་ཅན་གཉོས་ཀྱི་དགེ་སློང་རྨོངས་པ་དྷརྨ་ཤྲཱིས་རང་ལོ་ལྔ་བཅུ་པའི་སྟེང་དུ་སོན་པ་ཉི་མ་ཞེས་པ་ཆུ་མོ་ལུག་གི་ལོ་ནག་པ་ཟླ་བའི་ཡར་ངོའི་ཚེས་བཅུ་བཞིའི་ཉིན་གངས་རིའི་ཁྲོད་ཀྱི་པདྨ་འོད་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭར་སུག་བྲིས་སུ་སྦྱར་བའོ། །འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་རྒྱུར་གྱུར་ཅིག། །།

རྩ་དཀྱིལ་སྒྲུབ་དབང་གི་ལས་བྱང་ཁོལ་བཏོན་བཀླག་ཆོག་ཏུ་བཀོད་པ།

རྩ་དཀྱིལ་སྒྲུབ་དབང་གི་ལས་བྱང་ཁོལ་བཏོན་བཀླག་ཆོག་ཏུ་བཀོད་པ་བཞུགས་སོ། །ༀ་སྭ་སྟི། གང་ཐུགས་མི་འགྱུར་བདེ་བ་ཆེའི། །སྣང་བརྙན་འགག་མེད་ཞི་ཁྲོའི་ལྷར། །སྟོན་མཛད་དཔལ་ལྡན་རྡོ་རྗེ་སེམས། །དྲིན་ཅན་བླ་མའི་ཞབས་ལ་འདུད། །བླ་མེད་བསྐྱེད་དང་རྫོགས་པའི་དཀྱིལ་འཁོར་ཁྱད། །བཤད་ནས་རྒྱུད་ལུགས་གཙོར་བྱས་ཆུ་བོ་བཞི། །གང་དུ་བསྐུར་བ་ཐུན་མོང་རྩ་དཀྱིལ་གྱི། །ཆོ་ག་རྗེ་ཡི་གསུང་ལ་ཁ་འཕང་སྟོན། །དེ་ལྟར་ཡོ་ག་མན་ཆད་ཡན་ལག་གི་དཀྱིལ་འཁོར་དྲུག་སོང་ནས། འདིར་བླ་མེད་ཀྱི་དཀྱིལ་འཁོར་བཤད་པ་ལ་དོན་གསུམ་སྟེ། ནང་དབང་དང་སྒྲུབ་དབང་གང་དུ་བསྐུར་བྱའི། དཀྱིལ་འཁོར་བདུན་པ་དང་བརྒྱད་པའི་ཁྱད་པར་བཤད། དེས་དེ་དང་དེ་ལ་དཀྱིལ་འཁོར་སོ་སོ་བ་མེད་དམ་སྙམ་པའི་ལོག་རྟོག་བསལ། ད་ལྟའི་ཕྱག་བཞེས་ལྟར་གྱི་སྒྲུབ་དཀྱིལ་རྗེ་བླ་མས་མཛད་པ་ལ་ཁ་འཕང་པའོ། །དང་པོ་ལ་གཉིས་ཏེ། ནང་དབང་གང་དུ་བསྐུར་བའི་དཀྱིལ་འཁོར་དང་། སྒྲུབ་དབང་གང་དུ་བསྐུར་བའི་དཀྱིལ་འཁོར་རོ། །དང་པོ་གཞན་དུ་ཤེས་པར་བྱས་ལ། གཉིས་པ་སྒྲུབ་དབང་གང་དུ་བསྐུར་བའི་དཀྱིལ་འཁོར་ནི། རྩ་རྒྱུད་ལས་གསུངས་པ་དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་ཏེ། དེ་ཡང་ཇི་ལྟར་བསྐྱེད་པའི་ཆོ་ག་ཨ་ནུའི་ཐེག་པ་རང་ལུགས་བཞིན་དུ། འདི་ལྟར་སྣང་བའི་ཆོས་ཐམས་ཅད་རང་གི་ཕུང་ཁམས་སྐྱེ་མཆེད་དུ་འདུ་ཞིང་། དེ་ཉིད་གདོད་ནས་ལྷའི་རང་བཞིན་དུ་ཤེས་པས། ལྷ་རྣམས་ཀྱི་གསང་སྔགས་བརྗོད་པ་ཙམ་གྱི་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་ལྟར་ཅིག་ཅར་དུ་གསལ་འདེབས་པ་ཡིན་པས་ན། བསྐྱེད་ཚུལ་དང་ཆོ་ག་མ་གཞི་རྗེའི་སྒྲུབ་ཐབས་དངོས་གྲུབ་ཆར་འབེབས་ལྟར་ལས། མི་འདྲ་བའི་ཁྱད་པར་ལས་ཀྱི་རིམ་པའི་ཏིང་ངེ་འཛིན་དང་རྗེས་ཆོག་གི་སྐབས་སུ་ཕྲ་མོ་རེ་གཉིས་ཙམ་དང་། བྱེ་བྲག་བསྐྱེད་བྱ་ཁྲོ་བོའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་ངོ་བོ་ཆེས་མི་མཐུན་པས། དེ་དག་གི་ཁ་བསྒྱུར་ཚུལ་ནི། སྔོན་འགྲོ་ལས་བདུན་དཀྱུས་བཞིན་སོང་ནས། དངོས་གཞིའི་ཏིང་ངེ་འཛིན་རྣམ་པ་གསུམ་ལས། དེ་བཞིན་ཉིད་ནི། མི་གནས་མི་རྟོག་བསམ་དང་བྲལ། །མ་ཆགས་ཆགས་བྲལ་ཡུལ་ལས་འདས། །ཅི་ཡང་མི་འབྱུང་ཅི་མ་ཡིན། །རང་བྱུང་རང་ཞི་བརྗོད་དང་བྲལ། །འདི་ལྟར་སྣང་བའི་ཆོས་ཐམས་ཅད་སྐྱེ་བ་མེད་པའི་དབྱིངས་ཡེ་ཇི་བཞིན་པ་ཀུན་ཏུ་བཟང་མོའི་མཁའ་ཀློང་རྣམ་པར་དག་པའི་དཀྱིལ་འཁོར་དུ་གནས་པར་བསམ་ལ། ཧཱུཾ། གནམ་ས་རི་བྲག་དངོས་པོ་ཅིར་སྣང་ཡང་། དེ་བཞིན་ཉིད་ཀྱི་ཏིང་འཛིན་བསྒོམས་པའི་མཐུས། །ཆོས་ཉིད་སྟོང་པ་ཉིད་དུ་དོན་རྟོགས་ནས། །སྤྲོས་པ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཞེས་པའོ། །ཀུན་སྣང་ནི། ཡོངས་ལ་ཁྱབ་པ་ཉི་མའི་འོད། །སྙིང་རྗེ་བྱང་ཆུབ་སེམས་ཡིན་ཏེ། །རྣམ་རྟོག་མུན་པ་སེལ་བར་སྣང་། །ཡིད་བཞིན་རིན་ཆེན་འབར་བའོ། །ཞེས་པས། དེ་བཞིན་ཉིད་མ་རྟོགས་པའི་སྒྱུ་མ་ལྟ་བུའི་སེམས་ཅན་རྣམས་ལ་འགག་མེད་སྙིང་རྗེ་རིག་པའི་རྩལ་སྣང་ཡེ་ཤེས་ཀུན་ཏུ་བཟང་པོའི་རོལ་པ་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དུ་སྣང་བར་བསམ་ལ། ཧཱུཾ། མ་རྟོག་སེམས་ཅན་སྡུག་བསྔལ་ཅིར་སྣང་ཡང་། །ཀུན་ཏུ་སྣང་བའི་ཏིང་འཛིན་བསྒོམས་པའི་མཐུས། །ཆོས་ཉིད་སྐྱེ་བ་མེད་པའི་དོན་རྟོགས་ནས། །གཉིས་སུ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཞེས་པའོ། །རྒྱུའི་ཏིང་ངེ་འཛིན་ནི། ཨ་ནི་ཆགས་མེད་ཡི་གེའི་མཛོད། །ཆོ་འཕྲུལ་རྟོག་པ་ཀུན་གྱི་རྒྱུ། །ཉོན་མོངས་སྐྱོན་བྲལ་ཟླ་བའི་མདོག །ཆོ་འཕྲུལ་སྣ་ཚོགས་འབྱུང་བའི་རྒྱུ། །ཞེས་པས། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཨ་དཀར་པོའི་རང་བཞིན་དུ་སྣང་བར་བསམ་ལ། ཧཱུཾ། མ་རིགས་སེམས་ཀྱི་དངོས་པོ་ཅིར་སྣང་ཡང་། །རྒྱུ་ཡི་ཏིང་འཛིན་བསྒོམས་པའི་བྱིན་རླབས་ཀྱིས། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་དོན་རྟོགས་ནས། །རང་བྱུང་ཡེ་ཤེས་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཞེས་པའོ། །གཉིས་པ་ལ། རྟེན་གཞལ་ཡས་ཁང་བསྒོམ་པ་དང་། བརྟེན་པ་ལྷ་བསྒོམ་པ་གཉིས་ཀྱི། དང་པོ་ལ་གསུམ་ལས། གཞི་དབང་ཆེན་གྱི་དཀྱིལ་འཁོར་བསྒོམ་པ་ནི། རྩ་བ་བྱང་ཆུབ་སེམས་ཀྱི་རྒྱུ་ལས། ཨེ་ཡཾ་ར་སུཾ་ཀེཾ་རཾ། ཞེས་ཆོ་འཕྲུལ་གྱི་རང་སྒྲར་གྲགས་པ་ལས་ཡུམ་ལྔའི་མཁའ་ཀློང་རྣམ་པར་དག་པ་འབྱུང་བ་ལྔའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པ་ནི། རྡོ་རྗེ་རིན་པོ་ཆེའི་འོད་སྣང་བས་ཀུན་ཏུ་མདངས་ཕྱུངས་པའི་མཁའ་ལ། རླུང་ནག་གི་ཕུང་པོ་རྒྱ་ཡོངས་སུ་མ་ཆད་པར་མཉམ་པ། ཁྲག་གི་ཕུང་པོ་རྦ་ཀློང་དུ་འཁྲུགས་པ་རྒྱ་ཡོངས་སུ་མ་ཆད་པ། མ་ཏྲཾ་གྱི་བརྣལ་དང་། སྤྲིས་མ་འབུར་འཕང་བར་ཆགས་པ། རུས་པའི་ཕུང་པོ་རྒྱ་ཀུན་ཏུ་མཉམ་པའི་གཞི་ལ། མུ་ཏིག་གི་གཅལ་དང་། ཨསྨ་གརྒྷ་འོད་འཁྲིགས་པའི་ནོར་བུ་རིན་པོ་ཆེ་འབར་བའི་བྲག་གཏམས་པ། བསྐལ་པའི་མེའུ་ཕུང་པོ་རབ་ཏུ་འབར་ཞིང་འཁྲུགས་པས་འབྱམས་ཀླས་པར་བསམ་མོ། །གཉིས་པ་རྟེན་གཞལ་ཡས་ཁང་དངོས་བསྒོམ་པ་ནི། ཡུམ་ལྔའི་མཁའ་ཀློང་རྣམ་པར་དག་པའི་སྙིང་པོ་ལས་ཆོ་འཕྲུལ་གྱི་སྒྲར་སྣང་བ་ནི། བྷ་ག་གསང་བའི་འོད་ཟེར་ལས། །བདེ་གཤེགས་བཞུགས་པའི་གཞལ་ཡས་ཁང་། །ནམ་མཁའི་མཐའ་ལྟར་དཔག་ཏུ་མེད། །དུས་གསུམ་རྒྱལ་བ་རྒྱ་མཚོའི་དབྱིངས། །བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཀ་པཱ་ལ་བྷྲཱུཾ། ཞེས་པའི་སྒྲ་གདངས་ཀྱི་རྐྱེན་ལས་ནམ་མཁའ་ཐམས་ཅད་ཕོ་བྲང་གི་གཞལ་ཡས་ཁང་འབྱམས་ཀླས་པར་གྲུབ་པ་ནི། འོག་ཁང་འབར་བའི་གཞལ་ཡས་ཕྱི་ནང་དུ་རིམ་པ་ལྔ་པ། འོད་ཟེར་ཀུན་ཏུ་འཕྲོ་བ། ག་བུ་ཆུང་བརྩེགས་པའི་རྩིགས་པ་ལ་གནམ་ལྕགས་ཀྱི་གཟེར་ཏ་ལེ་བར་བཏབ་པ། རྩིབས་ཀུན་ཏུ་ཉི་མ་དང་ཟླ་བ་རངས་པ་དང་མ་རངས་པ་འཕྱོ་བ། ཉ་ཆེན་པོའི་ཀ་གདུང་ལ། ཉ་ཕྲན་གྱི་དྲལ་གྲབ་གཏམས་པ། ཟླ་བའི་ཀ་བརྟེན་དང ། ཉི་མའི་ཀ་ལོ་དང་། སྤྲུལ་ཆུན་གྱི་ཀ་རྒྱན་ལ་སོགས་པ། ཧཱུཾ་གི་ཐོག་དང་། མེའི་ཆར་མངོན་པར་འབབ་པ། ཆོས་ཉིད་ཀྱི་བླ་རེས་རྣམ་པར་བརྒྱན་པ། ཡེ་ཤེས་ཀྱི་ལྡ་ལྡིས་མངོན་པར་བྲེས་པ། རྡོ་རྗེའི་རྒྱན་དང་འཕན་གྱིས་ཀླུབས་པ། སྤྲིན་ནག་གི་ཟར་ཚགས་དང་། སྤྲིན་ནག་གི་གྲིབ་སོ་ལྟ་བུས་གཞོལ་བའི་བར་བར་ཐམས་ཅད་ན། རིན་པོ་ཆེ་དང་། མུ་ཏིག་དང་། མེ་ཏོག་གིས་མཛེས་པ། འཁོར་བའི་མཎྜལ་ཡོ་བཀྲམ་པ་ལ། བམ་ཆེ་ཆུང་དང་། ཁོག་སྐམ་སྟོད་སྨད་དང་། ཡན་ལག་རིང་ཐུང་དང་། དབང་པོའི་ཕྲེང་བ་དང་། རྡོ་རྗེས་ཀུན་ཏུ་སྤྲས་པ། དེ་ནས་ཁྱམས་གྲུ་བཞི་པ་ལྔ་རིམ་ཕྱོགས་མདོག་ཅན་གྱི་བར་ཁྱམས་བཞི་ལ་སྒོ་སྒོ་ཁྱུད་ཅན་རྒྱན་མེད་པ་གཉིས་གཉིས་ཏེ་བརྒྱད་དང་། ཕྱི་ཁྱམས་ལྔ་པ་ལ་སྒོ་རྟ་བབས་ལ་སོགས་པ་སྒོ་རྒྱན་དང་ལྡན་པའི་སྒོ་དགུས་ཀུན་ཏུ་གསལ་བར་གྱུར་པའི་ནང་མ་གྲུ་ཆད་དང་བཅས་པའི་ལྟེ་བ་རེའུ་མིག་དགུ་པ། དེའི་ཕྱིར་འཁོར་ལོ་རྩིབས་བརྒྱད་པ་དྲུག་རིམ་གྱིས་བསྐོར་པའི་ལྟེ་བ་དང་། འཁོར་ལོ་རིམ་པ་གཉིས་པ་དང་། དྲུག་པ་གསུམ་གྱི་མཐར་རྡོ་རྗེ་དང་། ཐོད་པ་དང་། འབར་བའི་ཕྲེང་བ་སྟེ་མུ་ཁྱུད་སུམ་རིམ་དང་། འཁོར་ལོ་རིམ་པ་གཞན་བཞི་ལ་མུ་ཁྱུད་རྐྱང་པ་རེ་རེས་བསྐོར་བ། ཕྱི་ནས་རིམ་པ་བཞིན་ཁྱད་པར་དུ་གྱུར་པས་སྤགས་པ། ཕོ་བྲང་དབུས་མའི་སྟེང་ཁང་ཞི་བའི་དཀྱིལ་འཁོར་ཆེན་པོར་གནས་པ་ནི། གྲུ་བཞི་ལྷམ་པ་མཛེས་པར་སྣང་། །རིན་ཆེན་སྣ་བཞིའི་རྒྱུ་ལས་གྲུབ། །གློ་འབུར་བཞི་ཡང་མཁར་ཐབས་ཚུལ། །རིན་ཆེན་བཞི་ལས་གྲུབ་པའོ། །བུམ་པའི་རྩེ་མོ་ཆོས་ཀྱི་ཏོག །རྨ་བྱའི་མདོངས་ལྟར་ལྡན་པའོ། །སྒོ་བཞི་སྒོ་ཁྱུད་རྣམས་ཀྱིས་བརྒྱན། །རྟ་བབས་བརྒྱད་དང་ཡང་དག་ལྡན། །དབུས་ན་འཁོར་ལོ་རྩིབས་བཞི་པ། །ལྟེ་བར་བཅས་ཤིང་རྩིབས་བརྟེན་ལྡན། །གྲུ་ཆད་བར་ཁྱམས་མཛེས་པར་འབར། །རིན་ཆེན་འོད་ཟེར་འབར་བས་འཁྲིགས། །ཕོ་བྲང་འོག་མའི་སྒོའི་ཕྱི་ཁྱམས་ཀྱི་ཁོར་ཡུག་ཟླུམ་པོ་པདྨའི་ལྟེ་བ་ལ་རྫོགས་པའི་མཐར། རུ་དྲ་ལོངས་སྤྱོད་དང་བཅས་པ་དབྱིངས་སུ་བསྒྲལ་བའི་དུར་ཁྲོད་ཆེན་པོ་བརྒྱད། དུར་ཁྲོད་ཀྱི་ཆོས་རྣམས་ཀྱིས་འཇིགས་པར་བྱས་པའི་ཕྱི་ནང་རྡོ་རྗེ་སྲུང་བའི་གུར་ཁང་འབར་བ་མེའི་འོད་ཟེར་ཀུན་ཏུ་འཕྲོ་བས་ཡོངས་སུ་བསྐོར་བའོ། །གསུམ་པ་གདན་བསྐྱེད་པ་ནི། དཀྱིལ་འཁོར་འོག་མའི་དབུས་ཀྱི་ལྟེ་བར་རྡོ་རྗེ་བྲག་ཆེན་གཏམས་པ་ལ་པདྨ་དམར་པོ་འདབ་མ་སྟོང་དུ་གདལ་བ། དེའི་སྟེང་དུ་ཐབས་ཤེས་ཉི་ཟླ་བརྩེགས་པ་ལ་དབང་ཕྱུག་ཁྱོ་ཤུགས་ཉི་ཤུ་རྩ་བཞི་རྫོགས་པའི་སྟེང་ན་དཔའ་གཏུམ་སྟག །འཇིགས་བྱེད་སེང་གེ །གདུག་པ་གཟིག །གཏུམ་པ་དོམ། སྟོབས་ཀྱི་གླང་པོ། །བརྗིད་པའི་མ་ཧེ། འཛིན་པ་ཆུ་སྲིན། ཞེ་སྡང་སྦྲུལ་ཏེ། བྱོལ་སོང་གཙོ་བོ་བརྒྱད་རེ་རེས་དྲེགས་པ་ཕོ་མོ་མནན་པ། དེ་ནས་འཁོར་ལོ་རྣམས་ཀྱི་ཕྱོགས་ཀྱི་རྩིབས་ལ་པདྨ་ཉི་ཟླ་དྲེགས་པའི་གདན་དང་། ལྷ་གནས་རྣམས་སུ་ཉི་མ་དང་ཞིང་གི་གདན་ལ་སོགས་པ་རིགས་དང་མཐུན་པའི་གདན་རེ་རེ། ཕོ་བྲང་སྟེང་མའི་འཁོར་ལོའི་ལྟེ་བར་སེང་གེའི་ཁྲི་ཆ་གཉིས། རྩིབས་བཞིར་གླང་པོ། རྟ་མཆོག །རྨ་བྱ། ཤང་ཤང་གིས་བཏེགས་པའི་ཁྲི་རེ་རེ། དེ་རྣམས་ཀྱི་སྟེང་དུ་པད་ཉི་ཟླ་བ་སྟེ་ལྔ་བརྩེགས། སེམས་དཔའ་བརྒྱད་ཀྱི་གནས་སུ་པད་ཉི་ཟླ་བ། བྱ་བྱེད་གཉིས་ལ་རིན་པོ་ཆེའི་ཁྲི་དང་པད་ཉི་ཟླ་བ། ཐུབ་པ་དྲུག་ལ་པད་རྐྱང་དང་སྒོ་བ་བཞི་ལ་ཉི་མའི་གདན་རེ་རེ་གསལ་བར་བསྒོམ་ལ། ཧཱུཾ། སྣོད་ཀྱི་འཇིག་རྟེན་འབྱུང་བ་ཅིར་སྣང་ཡང་། གཞལ་ཡས་དབང་ཆེན་བསྒོམས་པའི་བྱིན་རླབས་ཀྱིས། །ཆོས་ཉིད་མཐའ་དབུས་མེད་པའི་དོན་རྟོགས་ནས། །འོག་མིན་གནས་སུ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ་དུར་ཁྲོད་རྫས་ཀྱི་དངོས་པོ་ཅིར་སྣང་ཡང་། །འབར་བའི་གཞལ་ཡས་བསྒོམས་པའི་བྱིན་རླབས་ཀྱིས། །རྫས་སུ་ལྟ་བ་རྟོག་པ་ཀུན་བྲལ་ནས། །གནས་མཆོག་རབ་འབྱམས་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཞེས་པས་གསལ་བཏབ་ཅིང་གཟི་བྱིན་བསྐྱེད་དོ། །གཉིས་པ་བརྟེན་པ་ལྷ་བསྐྱེད་པ་ལ། ཇི་ལྟར་བསྒོམ་པའི་ཚུལ་དང་། བསྒོམ་པའི་རིམ་པའོ། །དང་པོ་ནི། འདི་ལྟར་སྣང་བའི་ཆོས་ཐམས་ཅད་བདག་གི་ཕུང་ཁམས་སྐྱེ་མཆེད་དུ་འདུ་ལ། དེ་ཐམས་ཅད་ལྷའི་རང་བཞིན་དུ་ཡེ་ནས་སངས་རྒྱས་པར་ཤེས་པས་ལྷ་རྣམས་ཀྱི་གསང་སྔགས་ཆོས་ཉིད་ཀྱི་རང་སྒྲར་བསྒྲགས་པ་ཙམ་གྱིས་དྭངས་པའི་མཚོ་ལ་ཉི་ཟླ་གཟའ་སྐར་ཅིག་ཅར་དུ་ཤར་པ་ལྟར་བསྒོམ་པའོ། །གཉིས་པ་ལ། ལྷ་བསྐྱེད་པ་དངོས་དང་། དབང་བསྐུར་བྱིན་རླབས་བྱ་བ་གཉིས་ཀྱི། དང་པོ་ལའང་། སྟེང་ཁང་ཞི་བའི་དཀྱིལ་འཁོར་བསྐྱེད་པ་དང་། འོག་ཁང་ཁྲོ་བོའི་དཀྱིལ་འཁོར་བསྐྱེད་པ་དང་། ཕྱི་ཁྱབས་རིག་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ་དང་གསུམ་ལས དང་པོ་ནི། ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཙིཏྟ་ༀ། ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མནྟ་ཨ། དབུས་ཀྱི་གདན་ལ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་མཐིང་ག་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱི་རྡོ་རྗེ་དྲིལ་བུ། གཉིས་པ་བྱང་ཆུབ་མཆོག་གི་ཕྱག་རྒྱ། གསུམ་པ་མཉམ་གཞག་མཛད་པ། ཀུན་ཏུ་བཟང་མོ་སྔོན་མོ་དང་འཁྲིལ་བ། ཧཱུཾ་བཛྲ་དྷྲིཀ྄ །མུཾ་དྷཱ་ཏྭེ་ཤྭ་རཱི། གཙོ་བོའི་མདུན་དུ་མི་བསྐྱོད་པ་སྔོན་པོ་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི། དང་པོ་གཉིས་ཀྱི་རྡོ་རྗེ་དང་དྲིལ་བུ། གཉིས་པས་འཁོར་ལོ་དང་པདྨ། གསུམ་པས་རིན་པོ་ཆེ་དང་རལ་གྲི་འཛིན་པ་དབྱིངས་ཕྱུག་མ་སྔོན་མོ་རྡོར་དྲིལ་འཛིན་པས་འཁྱུད་པ། ༀ་ཛི་ན་ཛ྄ིཀ །ལཱཾ་དྭེ་ཥ་ར་ཏི། ཤར་གྱི་རྩིབས་ལ་རྣམ་སྣང་དཀར་པོ་དཀར་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི། གཡས་གསུམ་འཁོར་ལོ་རྡོ་རྗེ་རིན་ཆེན། གཡོན་གསུམ་དྲིལ་བུ་པདྨ་རལ་གྲི་འཛིན་པ། སྤྱན་མ་དཀར་མོ་འཁོར་ལོ་དང་དྲིལ་བུ་འཛིན་པས་འཁྱུད་པ། སྭཱཾ་རཏྣ་དྷྲིཀ྄ །མཱཾ་མོ་ཧ་ར་ཏི། ལྷོའི་རྩིབས་ལ་རིན་ཆེན་འབྱུང་ལྡན་སེར་པོ་སེར་སྔོ་དམར་བའི་ཞལ་གསུམ་ཕྱག་དྲུག་གི། གཡས་གསུམ་རིན་ཆེན་རྡོ་རྗེ་འཁོར་ལོ། །གཡོན་གསུམ་དྲིལ་བུ་པདྨ་རལ་གྲི་འཛིན་པ། མཱ་མ་ཀཱི་སེར་མོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པས་འཁྱུད་པ། ཨཱཾ་ཨཱ་རོ་ལིཀ྄ །པཱཾ་རཱ་ག་ར་ཏི། ནུབ་ཀྱི་རྩིབས་ལ་སྣང་མཐའ་དམར་པོ་དམར་དཀར་སྔོ་བའི་ཞལ་གསུམ་ཕྱག་དྲུག་གི། གཡས་གསུམ་པདྨ་རྡོ་རྗེ་འཁོར་ལོ། གཡོན་གསུམ་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། གོས་དཀར་མོ་དམར་མོ་པདྨ་དང་དྲིལ་བུ་འཛིན་པས་འཁྱུད་པ། ཧཱཾ་པྲ་ཛྙཱ་དྷྲིཀ྄ ཏཱཾ་བཛྲ་ར་ཏི། བྱང་གི་རྩིབས་ལ་དོན་ཡོད་གྲུབ་པ་ལྗང་གུ་ལྗང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི། གཡས་གསུམ་རལ་གྲི་རྡོ་རྗེ་འཁོར་ལོ། གཡོན་གསུམ་དྲིལ་བུ་རིན་ཆེན་པདྨ་འཛིན་པ། དམ་ཚིག་སྒྲོལ་མ་ལྗང་གུ་རལ་གྲི་དང་དྲིལ་བུ་འཛིན་པས་འཁྱུད་པ། ཡབ་རྣམས་རྫོགས་པའི་སྐྱིལ་མོ་ཀྲུང་དང་། ཡུམ་རྣམས་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་གིས་རོལ་བའོ། །ཧཱུཾ། ཕུང་པོ་ལྔ་དང་འབྱུང་བ་ཅིར་སྣང་ཡང་། རིགས་ལྔ་ཡབ་ཡུམ་བསྒོམས་པའི་བྱིན་རླབས་ཀྱིས། །ཡབ་ཡུམ་གཉིས་སུ་མེད་པའི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་ཤོག །ན་མོ་ཧཱུཾ། འཁོར་ལོའི་མཆན་བཞི་ལ་ཤར་ལྷོ་ནས་རིམ་པ་བཞིན། ཀྵཱིཾ་ཧི་རཱ་ཛ་ཡ། ཧཱུཾ་ལཱ་སྱེ་ས་མ་ཡ་སྟྭཾ། ས་སྙིང་དཀར་པོ་རིན་པོ་ཆེའི་མྱུ་གུ་འཛིན་པ་སྒེག་མོ་དཀར་མོ་མེ་ལོང་བསྣམས་པ། ཏྲཾ་ཨཱ་གརྦྷ་ཡ། ཏྲཾ་མཱ་ལྱེ་ས་མ་ཡ་ཧོཿ ནམ་སྙིང་སེར་པོ་རལ་གྲི། ཕྲེང་བ་མ་སེར་མོ་རིན་པོ་ཆེའི་ཕྲེང་བ། ཧྲཱིཿ་ཧཱ་ཧཱུཾ་པདྨ་པྲ་ད་མ། ཧྲཱིཾ་གཱི་ཏི་རཱ་གོ་ཧཾ། སྤྱན་རས་གཟིགས་དམར་པོ་པདྨ། གླུ་མ་དམར་མོ་པི་ཝཾ། ཛྲཱིཾ་ཀུ་རུ་པཱ་ཎ། ཨཾ་ནིརྟི་རཱ་ག་ཡ་མྱེ། ཕྱག་རྡོར་མཐིང་ག་རྡོ་རྗེ། གར་མ་ལྗང་གུ་གར་རྒྱ་མཛད་པའོ། །གྲུ་ཆད་བཞིའི་ཤར་ལྷོ་ནས་རིམ་པ་བཞིན། མཻ་དྷཱ་ར་ཎི་སྭཱ་ཧཱ། ཛཿ་དྷཱུ་པེ་པྲ་བེ་ཤ །བྱམས་པ་དཀར་སེར་ཀླུ་ཤིང་། སྤོས་མ་དཀར་སེར་སྤོས་ཁང་། ཐླྷིཾ་ནིསྶ་རཾ་བྷ་ཡ་སྭཱ་ཧཱ། ཧཱུཾ་པུཥྤེ་ཨཱ་བེ་ཤ །སྒྲིབ་སེལ་དམར་སེར་འཁོར་ལོ། མེ་ཏོག་མ་དམར་སེར་མེ་ཏོག་གི་ཕྲེང་བ། ཧཱུཾ་ས་རཱ་ཛཱ་ཡ་སྭཱ་ཧཱ། བཾ་དཱི་པ་སུ་གི་རཱི། ཀུན་བཟང་དམར་ལྗང་རིན་པོ་ཆེའི་སྙེ་མ། མར་མེ་མ་དམར་ལྗང་མར་མེ། མུཾ་ཤྲཱི་ཨཾ་རཱ་གཱ་ཡ་སྭཱ་ཧཱ། ཧོཿགནྡྷེ་ཙིཏྟ། འཇམ་དཔལ་དཀར་ལྗང་ཨུཏྤལ། དྲི་ཆབ་མ་དཀར་ལྗང་དུང་ཕོར་བསྣམས་པ་སྟེ། ཡབ་རྣམས་གཡོན་དྲིལ་བུ་འཛིན་ཅིང་ཕྱེད་སྐྱིལ་གྱིས་རོལ་བའི་གཡོན་ནས་ཡུམ་རྣམས་གཡས་དྲིལ་བུ་འཛིན་པས་འཁྱུད་པ། གཤེགས་པ་གཤེགས་མ། སེམས་དཔའ་སེམས་མ་དེ་རྣམས་དར་དང་རིན་པོ་ཆེའི་རྒྱན་སོགས་འཁོར་ལོས་སྒྱུར་བའི་ཆ་ལུགས་ཅན་ནོ། །ཧཱུཾ། དབང་པོ་རྣམ་ཤེས་ཡུལ་དུས་ཅིར་སྣང་ཡང་། །སེམས་དཔའ་སེམས་མ་བསྒོམས་པའི་བྱིན་རླབས་ཀྱིས། །ཐམས་ཅད་ལྷ་དང་ལྷ་མོའི་དོན་རྟོགས་ནས། །རྒྱལ་བའི་སྲས་སུ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ༀ། ཁྱམས་ཀྱི་ཤར་དུ་བྱེད་པ་པོ་ཀུན་ཏུ་བཟང་པོ་མཉམ་བཞག་སྐྱིལ་ཀྲུང་ཅན། ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མནྟ་ཨ། ཁྱམས་ཀྱི་ནུབ་ཏུ་ཀུན་ཏུ་བཟང་མོ་དཀར་མོ་ཆོས་འབྱུང་གི་ཕྱག་རྒྱ་ཅན་རྒྱན་སྤངས་པའོ། །ཧཱུཾ། ཡིད་དང་ཆོས་ཀྱི་དངོས་པོ་ཅིར་སྣང་ཡང་། །ཀུན་བཟང་ཡབ་ཡུམ་བསྒོམས་པའི་བྱིན་རླབས་ཀྱིས། །དབྱིངས་དང་ཡེ་ཤེས་གཉིས་མེད་དོན་རྟོགས་ནས། །ཆོས་སྐུ་འགྱུར་མེད་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ༀ་མུ་ནེ་ཀྲིཾ་སྭཱ་ཧཱ། ༀ་མུ་ནེ་ཧཱུཾ་ཏྲཱུཾ་སྭཱ་ཧཱ། ༀ་མུ་ནེ་སྲུཾ་སྭཱ་ཧཱ། ༀ་མུ་ནེ་བྲཾ་སྭཱ་ཧཱ། ༀ་མུ་ནེ་ཀྵཾ་སྭཱ་ཧཱ། ༀ་མུ་ནེ་ཡེ་སྭཱ་ཧཱ། ཁྱམས་ཀྱི་ཤར་ལྷོར་ལྷའི་ཐུབ་པ་དཀར་པོ་པི་ཝཾ། བྱང་དུ་ལྷ་མིན་གྱི་ཐུབ་པ་མཐིང་ག་གོ་ཆ། ལྷོར་མིའི་ཐུབ་པ་སེར་པོ་གསེག་པར། ནུབ་བྱང་དུ་བྱོལ་སོང་གི་ཐུབ་པ་དམར་ནག་པུསྟི། ལྷོ་ནུབ་ཏུ་ཡི་དྭགས་ཀྱི་ཐུབ་པ་སེར་ནག་སྒྲོམ་བུ། བྱང་ཤར་དུ་དམྱལ་བའི་ཐུབ་པ་དུད་ཁ་མེ་ཆུ་འཛིན་པ། ཐམས་ཅད་ཀྱང་མཆོག་གི་སྤྲུལ་སྐུའི་ཆ་བྱད་ཅན། འགྲོ་བའི་དོན་ལ་བཞེངས་སྟབས་ཀྱིས་གནས་པའོ། །ཧཱུཾ། འགྲོ་བ་རིགས་དྲུག་དངོས་པོ་ཅིར་སྣང་ཡང་། །ཐུབ་པ་དྲུག་ཏུ་བསྒོམས་པའི་བྱིན་རླབས་ཀྱིས། །རོལ་པ་ཅིར་ཡང་སྣང་བའི་དོན་རྟོགས་ནས། །སངས་རྒྱས་མཛད་པ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཧཱུཾ་ཡ་མཱནྟ་ཀྲྀ་ཏ་ཕཊ། ༀ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལ་ནཱི་ཧཱུཾ་ཕཊ། ཤར་སྒོར་གཤིན་རྗེ་གཤེད་སྨུག་ནག་ནྲྀ་མགོ་གདེངས་པ། ལྕགས་ཀྱུ་མ་སྨུག་ནག་ལྕགས་ཀྱུ་འཛིན་པ་དང་རོལ་བ། ཧཱུཾ་པྲཛྙནྟ་ཀྲྀ་ཏ་ཕཊ། ༀ་རཏྣ་དྷ་ར་མ་ཧཱ་ཀྲོ་དྷེ༴ ལྷོ་སྒོར་སྟོབས་པོ་ཆེ་སེར་ནག་རྡོ་རྗེ། ཞགས་པ་མ་སེར་ནག་ཞགས་པ་འཛིན་པ་དང་རོལ་བ། ཧཱུཾ་པདྨཱནྟ་ཀྲྀ་ཏ་ཕཊ། ༀ་པདྨ་དྷ་ར་མ་ཧཱ་ཀྲོ་དྷེ༴ ནུབ་སྒོར་རྟ་མགྲིན་དམར་ནག་ཐོད་དབྱུག་སྦྲུལ་གྱིས་དཀྲིས་པ། ལྕགས་སྒྲོག་མ་དམར་ནག་ལྕགས་སྒྲོག་འཛིན་པ་དང་རོལ་བ། ཧཱུཾ་བིགྷྣཱནྟ་ཀྲྀ་ཏ་ཕཊ། ༀ་ཀརྨ་དྷ་ར་མ་ཧཱ༴ བྱང་སྒོར་བདུད་རྩི་འཁྱིལ་བ་ལྗང་ནག་རྒྱ་གྲམ་འཛིན་པ། དྲིལ་བུ་མ་ལྗང་ནག་དྲིལ་བུ་འཛིན་པ་དང་རོལ་བ། ཐམས་ཅད་ཀྱང་ཁྲོ་གཏུམ་མི་བཟད་པའི་ཉམས་ཅན་གྱད་ཀྱི་དོར་སྟབས་ཀྱིས་བཞུགས་པའོ། །ཧཱུཾ། ཡན་ལག་བཞི་ཡི་དངོས་པོ་ཅིར་སྣང་ཡང་། །སྒོ་བ་ཡབ་ཡུམ་བསྒོམས་པའི་བྱིན་རླབས་ཀྱིས། །ཡབ་ཡུམ་འདུ་འབྲལ་མེད་པའི་དོན་རྟོགས་ནས། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། གཉིས་པ་འོག་ཁང་ཁྲོ་བའི་དཀྱིལ་འཁོར་བསྐྱེད་པ་ལ་གཉིས་ལས། དང་པོ་གཙོ་བོ་བསྐྱེད་པ་ནི། ༀ་ས་ང་ཤྲཱི་ཧེ་རུ་ཀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་བཛྲ་ཙཎྜ་སརྦ་དུ ཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་སྭཱ་ཧཱ། ས་ང་ཤྭ་རི་ཁ་མུཾ་སྭཱ་ཧཱ། ཞེས་བརྗོད་པས། རྒྱུ་བྱང་ཆུབ་ཀྱི་སེམས་ཉིད་སྔགས་ཀྱི་སྒྲ་གདངས་ཀྱིས་སད་པ་ལས། དབུས་ཀྱི་གདན་ལ་བཅོམ་ལྡན་འདས་དཔལ་ཆེན་པོ་རྡོ་རྗེ་ས་ང་ཤྲཱི་ཧེ་རུ་ཀ་སྐུ་མདོག་མཐིང་ནག་ཉི་མ་བྱེ་བའི་འོད་ལྟར་འབར་བའི་གཟི་བརྗིད་ཅན། ཞལ་ཉི་ཤུ་རྩ་གཅིག །ཕྱག་བཞི་བཅུ་རྩ་གཉིས་པ། རྩ་ཞལ་སྐུ་ལུས་དང་མཚུངས་པ། གཡས་ཞལ་གསུམ་སེར་དམར་ལྗང་བ། གཡོན་ཞལ་གསུམ་དམར་སྔོ་ལྗང་བ། དེའི་སྟེང་གི་དབུས་ཞལ་སེར་པོ། །གཡས་གཉིས་དམར་ལྗང་། གཡོན་གཉིས་མཐིང་དཀར། དེའི་སྟེང་གི་དབུས་ཞལ་མཐིང་ག །གཡས་གཉིས་སེར་ལྗང་། གཡོན་གཉིས་དམར་དཀར། དེའི་སྟེང་གི་དབུས་སྨུག །གཡས་དཀར་གཡོན་ལྗང་། ཀུན་གྱི་སྟེང་ཞལ་དམར་པོ་རྟ་སྐད་འཚེར་བ། ཞལ་རེ་རེ་བཞིན་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་ཅིང་། མཆེ་བ་རྣོན་པོ་བཞི་བཞི་གཙིགས་པ། རྣམ་པར་འགྱུར་བའི་ཁྲོ་གཉེར་ཅན། ཕྱག་ཞེ་གཉིས་ཀྱི། དང་པོ་གཉིས་ཀྱིས་ཀུན་བཟང་ཡབ་ཡུམ་ཐུགས་ཀར་བསྣོལ་ནས་འཛིན་པ་ལྷག་མ་གཡས་ཀྱི་ཉི་ཤུ་ན་རིགས་ལྔ། སེམས་དཔའ་བརྒྱད། ཁྲོ་བོ་བཞི། ལྷ། མི། ལྷ་མིན་གྱི་ཐུབ་པ་གསུམ། གཡོན་པ་ཉི་ཤུ་ན་ཡུམ་ལྔ། སེམས་མ་བརྒྱད། ཁྲོ་མོ་བཞི། བྱོལ་སོང་། ཡི་དྭགས། དམྱལ་བའི་ཐུབ་པ་རྣམས་འཛིན་པ། ཞིང་གི་གཡང་གཞི་དང་། གླང་པོ་ཆེའི་ཀོ་བརློན་པས་སྟོན་གཡོགས་ཤིང་། སྟག་གི་ལྤགས་པའི་ཤམ་ཐབས་གྲོལ་བ། མགོ་བའི་དོ་ཤལ་དང་། ཕྱག་རྒྱ་དྲུག །ཁྲག་ཞག་ཐལ་བ་སོགས་དུར་ཁྲོད་རོལ་པའི་ཆས་བརྒྱད་དང་། དཔལ་གྱི་ཆས་བརྒྱད་རྫོགས་པ། རལ་པ་དམར་སེར་འབར་ཞིང་། དབུ་རྒྱན་འཁོར་ལོ་དང་། མཆོད་རྟེན་དང་། རིན་པོ་ཆེར་སྣང་བ་ལས་རྒྱལ་བྱེད་དཔལ་རྟགས་ཀྱི་མཚན་མ་འབར་བ། གར་གྱི་ཉམས་དགུས་སྒེག་ཅིང་། སྤྲུལ་པའི་འོད་ཟེར་མཐའ་ཡས་པར་སྤྲོ་བ། ཡུམ་གནམ་ཞལ་དབྱིངས་ཀྱི་དབང་ཕྱུག་མ་སྔོན་མོ་དབུ་དགུ་ཕྱག་བཅོ་བརྒྱད་པ། རྩ་ཞལ་མཐིང་ག་ཧེ་རུ་ཀའི་གསང་བའི་རྡོ་རྗེ་དང་སྦྱོར་བ། གཡས་ཞལ་བཞི་ལྗང་དམར་མཐིང་སེར་ཡབ་ཀྱི་ཞབས་གཡས་པ་བཞི་དང་སྦྱོར་བ། གཡོན་ཞལ་བཞི་དམར་ལྗང་དཀར་དམར་ཡབ་ཀྱི་ཞབས་གཡོན་པ་བཞི་དང་སྦྱོར་བ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དུང་ཁྲག །ལྷག་མ་གཡས་པ་བརྒྱད་ན་གནས་ཀྱི་མ་མོ་བརྒྱད། གཡོན་པ་བརྒྱད་ན་ཡུལ་གྱི་ཕྲ་མེན་བརྒྱན་བསྣམས་པ། གཟིག་གི་ལྤགས་པའི་ཤམ་ཐབས་སོགས་ཁྲོ་མོའི་ཆས་ཀྱིས་བརྒྱན་པ། ཞབས་བཞི་བགྲད་པའི་སྟབས་ཀྱིས་སྟན་ལ་རོལ་ཞིང་། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་གདན་ཁྲི་ནས་དབུའི་གཙུག་ཏོར་མན་ཆད་ལ་རྫོགས་པར་སྣང་བའི་བདག་ཉིད་ཆེན་པོར་གྱུར་པའོ། །གཉིས་པ་ཁྲག་འཐུང་དྲུག་ཅུ་རྩ་བཞི་བསྐྱེད་པ་ནི། ཕྱོགས་ཀྱི་རེའུ་མིག་བཞི་ལ་རིགས་བཞིའི་འཁོར། ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་སྭཱ་ཧཱ། བཛྲ་ཤྭ་རི་ཁ་མུཾ་སྭཱ་ཧཱ། ཤར་དུ་རྡོ་རྗེ་རྒྱལ་ཚབ་ཅེས་བྱ་བའི་ཞེ་སྡང་རྡོ་རྗེ་དཀར་པོ་གཡས་རྡོ་རྗེ། ༀ་སརྦ་ཏ་ཐཱ་ག་ཏ་རཏྣ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་སྭཱ་ཧཱ། རཏྣ་ཤྭ་རི་ཁ་མུཾ་སྭཱ་ཧཱ། ལྷོར་རྡོ་རྗེ་གུང་ཕུར་ཞེས་བྱ་བའི་ང་རྒྱལ་རིན་ཆེན་སྔོན་པོ་རིན་པོ་ཆེ། ༀ་སརྦ་ཏ་ཐཱ་ག་ཏ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་སྭཱཧཱ། པདྨ་ཤ་རི་ཁ་མུཾ་སྭཱཧཱ། ནུབ་ཏུ་རྡོ་རྗེ་ཀིང་ཞེས་བྱ་བའི་འདོད་ཆགས་པདྨ་དཀར་པོ་གཡས་པདྨ། ༀ་སརྦ་ཏ་ཐཱ་ག་ཏ་ཀརྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་སྭཱ་ཧཱ། ཀརྨ་ཤྭ་རི་ཁ་མུཾ་སྭཱ་ཧཱ། བྱང་དུ་རྡོ་རྗེ་ལས་སྐྱེས་ཞེས་བྱ་བའི་ཕྲག་དོག་སྣ་ཚོགས་པ་ལྗང་གུ་གཡས་རྒྱ་གྲམ། ཐམས་ཅད་ཀྱི་གཡོན་བྷན་དམར་འཛིན་ཅིང་། ཞེ་སྡང་རྡོ་རྗེ་མ་སོགས་རང་མདོག་གི་ཡུམ་དྲིལ་བུ་བསྣམས་པ་དང་འཁྲིལ་བའོ། །མཚམས་ཀྱི་རེའུ་མིག་བཞི་ལ་ཆོ་འཕྲུལ་ཆེན་པོའི་འཁོར། ༀ་སརྦ་ཏ་ཐཱ་ག་ཏ་ས་ནུ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་སྭཱ་ཧཱ། ས་ནུ་ཤྭ་རི་ཁ་མུཾ་སྭཱ་ཧཱ། ཤར་ལྷོར་ནམ་མཁའི་དབང་ཕྱུག་སྔོ་སྐྱ། ༀ་སརྦ་ཏ་ཐཱ་ག་ཏ་ས་ནེ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་སྭཱ་ཧཱ། ས་ནེ་ཤྭ་རི་ཁ་མུཾ་སྭཱ་ཧཱ། ལྷོ་ནུབ་ཏུ་རྣམ་གྲོལ་སྦྱིན་པ་དམར་སེར། ༀ་སརྦ་ཏ་ཐཱ་ག་ཏ་ས་ནོ་མ་ཧཱ་ཤྲཱི་ཧེ་རུ་ཀ༴ ས་ནོ་ཤྭ་རི་ཁ་མུཾ༴ ནུབ་བྱང་དུ་རྣམ་གྲོལ་སྒྲོགས་པ་དམར་ལྗང་། ༀ་སརྦ་ཏ་ཐཱ་ག་ཏ་ཝ་ར་མ་ཧཱ་ཤྲཱི་ཧེ་རུ་ཀ༴ ཝ་ར་ཤྭ་རི་ཁ༴ བྱང་ཤར་དུ་ཐམས་ཅད་གྲུབ་པ་སེར་སྐྱ། བཞི་ཀ་ཕྱག་གཡས་གར་བསྒྱུར་ཞིང་། གཡོན་གྱིས་ཡུམ་ནམ་མཁའི་དབང་མོ་སོགས་དང་མདོག་ཅན་དྲིལ་བུ་བསྣམས་པ་ལ་འཁྱུད་པའོ། །ཧཱུཾ། རུ་དྲ་རྣམ་གསུམ་དངོས་པོ་ཅིར་སྣང་ཡང་། །ཁྲག་འཐུང་དགུ་རུ་བསྒོམས་པའི་བྱིན་རླབས་ཀྱིས། །བདུད་དང་སྲིན་པོའི་བར་ཆད་ཀུན་བསྒྲལ་ནས། །ཡེ་ཤེས་དགུ་རུ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཁམས་གསུམ་ས་དགུའི་དངོས་པོ་ཅིར་སྣང་ཡང་། །ཡུམ་ཆེན་དགུ་རུ་བསྒོམས་པའི་བྱིན་རླབས་ཀྱིས། །མ་བདུད་སྲིན་མོའི་བར་ཆད་ཀུན་བསྒྲལ་ནས། །ཐིག་ལེ་དགུ་རུ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། འཁོར་ལོ་དང་པོ་རྩིབས་བརྒྱད་ཀྱི་ཕྱོགས་ཀྱི་རྩིབས་བཞིར་དམ་ཚིག་ཆེན་པོའི་འཁོར། ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་ག རྦྷ་མ་ཧཱ་ཤྲཱི་ཧེ་རུ་ཀ༴ བཛྲ་གརྦྷ་ཤྭ་རི་ཁ་མུཾ་སྭཱ་ཧཱ། ཤར་དུ་རྡོ་རྗེ་སྙིང་པོ་དཀར་པོ་གཡས་རྡོ་རྗེའི་མྱུ་གུ། ༀ་སརྦ་ཏ་ཐཱ་ག་ཏ་རཏྣ་གརྦྷ་མ་ཧཱ་ཤྲཱི་ཧེ་རུ་ཀ༴ །རཏྣ་གརྦྷ་ཤྭ་རི་ཁ་མུཾ༴ ལྷོར་ནོར་བུའི་སྙིང་པོ་སེར་པོ་གཡས་རིན་པོ་ཆེའི་མྱུ་གུ། ༀ་སརྦ་ཏ་ཐཱ་ག་ཏ་པདྨ་གརྦྷ་མ་ཧཱ་ཤྲཱི་ཧེ་རུ་ཀ༴ པདྨ་གརྒྷ་ཤྭ་རི་ཁ་མུཾ༴ ནུབ་ཏུ་པདྨའི་སྙིང་པོ་དམར་པོ་གཡས་པདྨའི་མྱུ་གུ། ༀ་སརྦ་ཏ་ཐཱ་ག་ཏ་ཀརྨ་གརྦྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་སྭཱ་ཧཱ། ཀརྨ་གརྦྷ་ཤྭ་རི་ཁ་མུཾ་སྭཱཧཱ། བྱང་དུ་བཀོད་པའི་སྙིང་པོ་ལྗང་གུ་གཡས་རལ་གྲིའི་མྱུ་གུ། དེ་ཐམས་ཅད་གཡོན་འཁྱུད་སྟབས་ཀྱིས་ཡུམ་རྡོ་རྗེ་དབང་ཕྱུག་མ་སོགས་རང་མདོག་ཅན་དྲིལ་བུ་བསྣམས་པ་ལ་འཁྱུད་པའོ། །ཧཱུཾ། རྣམ་ཤེས་བཞི་དང་ཡུལ་བཞི་ཅིར་སྣང་ཡང་། དམ་ཚིག་ཆེན་པོ་བསྒོམས་པའི་བྱིན་རླབས་ཀྱིས། །ལྷ་རྟོག་གཉིས་མེད་རྟོགས་ལས་མི་འདའ་བའི། །དམ་ཚིག་ཆེན་པོ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། འཁོར་ལོ་རིམ་པ་གཉིས་པའི་ཕྱོགས་ཀྱི་རྩིབས་བཞིར་ཚད་མེད་པའི་འཁོར། ༀ་སརྦ་ཏ་ཐཱ་ག་ཏ་མཻ་ཏྲི་གརྦྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་སྭཱ་ཧཱ། མཻ་ཏྲི་གརྦྷ་ཤྭ་རི་ཁ་མུཾ་ཧཱ། ཤར་དུ་བྱམས་པའི་སྙིང་པོ་དཀར་པོ་གཡས་རྡོ་རྗེ། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་རུ་གརྦྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་སྭཱ་ཧཱ། ཀཱ་ར་གརྦྷ་ཤྭ་རི་ཁ་མུཾ་སྭཱ་ཧཱ། ལྷོར་སྙིང་རྗེའི་སྙིང་པོ་སེར་པོ་གཡས་རིན་ཆེན། ༀ་སརྦ་ཏ་ཐཱ་ག་ཏ་ལོ་ཀ་གརྦྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་སྭཱ་ཧཱ། ལོ་ཀ་གརྦྷ་ཤྭ་རི་ཁ་མུཾ་སྭཱ་ཧཱ། ནུབ་ཏུ་དགའ་བའི་སྙིང་པོ་དམར་པོ་གཡས་པདྨ། ༀ་སརྦ་ཏ་ཐཱ་ག་ཏ་བི་དུ་མ་གརྦྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་སྭཱ་ཧཱ། བི་དུ་མ་གརྦྷ་ཤྭ་རི་ཁ་མུཾ་སྭཱ་ཧཱ། བྱང་དུ་བཏང་སྙོམས་ཀྱི་སྙིང་པོ་ལྗང་གུ་གཡས་རལ་གྲི། དེ་ཐམས་ཅད་གཡོན་སྐྱབས་སྦྱིན་གྱིས་ཡུམ་བདེ་བའི་དབང་ཕྱུག་མ་སོགས་སྐྱབས་སྦྱིན་གྱིས་དྲིལ་བུ་བསྣམས་པ་ལ་འཁྱུད་པའོ། །ཧཱུཾ། དབང་པོ་བཞི་དང་དུས་བཞི་ཅིར་སྣང་ཡང་། །ཚད་མེད་ཡབ་ཡུམ་བསྒོམས་པའི་བྱིན་རླབས་ཀྱིས། །ཚད་མེ་རྣམ་བཞིའི་ཡོན་ཏན་མ་ལུས་པ། །ཡེ་ཤེས་ཆེན་པོར་མ་འདྲེས་ཡོངས་རྫོགས་ཤོག །ན་མོ་ཧཱུཾ། འབར་བའི་ཕྲེང་བས་བཅད་པའི་ཕྱིར་རོལ། འཁོར་རིམ་པ་གསུམ་པའི་ཕྱོགས་ཀྱི་རྩིབས་བཞིར་རོལ་པ་ཆེན་པོའི་འཁོར། ༀ་སརྦ་ཏ་ཐཱ་ག་ཏ་ཡཀྵ་མ་ཧཱ་ཤྲཱི་ཧེ་རུ་ཀ༴ ཡཀྴ་ཤྭ་རི་ཁ་མུཾ༴ ཤར་དུ་ཡཀྵ་ཧེ་རུ་ཀ་སྨུག་ནག་རྡོ་རྗེ། ༀ་སརྦ་ཏ་ཐཱ་ག་ཏ་རཀྴ་མ་ཧཱ་ཤྲཱི་ཧེ་རུ་ཀ༴ །རཀྴ་ཤྭ་རི་ཀ་མུཾ་སྭཱ་ཧཱ། ལྷོར་རཀྴ་ཧེ་རུ་ཀ་སྔོ་ནག་བེ་ཅོན། །ༀ་སརྦ་ཏ་ཐཱ་ག་ཏ་བི་ཤྭ་མ་ཧཱ་ཤྲཱི་ཧེ་རུ་ཀ༴ བི་ཤ་ཤྭ་རི་ཀ། ནུབ་ཏུ་བི་ཤ་ཧེ་རུ་ཀ་དམར་ནག་པདྨ། ༀ་སརྦ་ཏ་ཐཱ་ག་ཏ་བི་ཤྭ་མ་ཧཱ་ཤྲཱི་ཧེ་རུ་ཀ༴ །བི་ཤྭ་ཤྭ་རི་ཀ༴ བྱང་དུ་བི་ཤྭ་ཧེ་རུ་ཀ་ལྗང་ནག་ཕག་གི་མཆེ་བས་མཚན་པའི་རལ་གྲི། དེ་ཐམས་ཅད་གཡོན་བྷཉྫ་དམར་གྱིས་གང་བ་འཛིན་པས། ཡུམ་ཡཀྴ་ཤྭ་རི་ཀ་ལ་སོགས་པ་གཡས་མཆེ་བས་མཚན་པའི་དྲིལ་བུ་དང་གཡོན་བྷན་དམར་སྣམས་པ་ལ་འཁྱུད་པའོ། །ཧཱུཾ། ཕྲག་དོག་སྡང་སེམས་གཏི་མུག་ཅིར་སྣང་ཡང་། ཁྲག་འཐུང་ཡབ་ཡུམ་བརྒྱད་དུ་བསྒོམས་པའི་མཐུས། རྣམ་བཞི་དྲེགས་པའི་རྒྱུ་འབྲས་ཀུན་བསྒྲལ་ནས། དབྱིངས་དང་ཡེ་ཤེས་རོལ་པའི་དོན་རྟོགས་ཤོག །ན་མོ་ཧཱུཾ། འཁོར་ལོ་རིམ་པ་བཞི་པའི་ཕྱོགས་ཀྱི་རྩིབས་བཞིར་འཇིགས་བྱེད་ཆེན་པོའི་འཁོར། ༀ་སརྦ་ཏ་ཐཱ་ག་ཏ་ཏེ་ཤྭ་མ་ཧཱ་ཤྲཱི་ཧེ་རུ་ཀ༴ ཏེ་ཤྭ་ཤྭ་རི་ཀ་མུཾ་སྭཱ་ཧཱ། ཤར་དུ་ཏེ་ཤ་ཧེ་རུ་ཀ་སྨུག་ནག་རྡོ་རྗེས་མཚན་པའི་སེང་གེའི་རྒྱལ་མཚན་པ་ཁ་གདེངས་པ། ༀ་སརྦ་ཏ་ཐཱ་ག་ཏ་ཀེ་ཤྭ་མ་ཧཱ་ཤྲཱི་ཧེ་རུ་ཀ༴ །ཀེ་ཤྭ་ཤྭ་རི་ཀ་མུཾ༴ ལྷོར་ཀེ་ཤ་ཧེ་རུ་ཀ་སེར་ནག་རིན་པོ་ཆེས་མཚན་པའི་སྟག་གི་རྒྱལ་མཚན་ཁ་གདེངས་པ། ༀ་སརྦ་ཏ་ཐཱ་ག་ཏ་པ་ཤྭ་མ་ཧཱ་ཤྲཱི་ཧེ་རུ་ཀ༴ པ་ཤྭ་ཤྭ་རི་ཀ་མུཾ༴ ནུབ་ཏུ་པ་ཤ་ཧེ་རུ་ཀ་དམར་ནག་པདྨས་མཚན་པའི་སྤྱང་ཀིའི་རྒྱལ་མཚན་གདེངས་པ། ༀ་སརྦ་ཏ་ཐཱ་ག་ཏ་བི་ཤྭ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་སྭཱ་ཧཱ། བི་ཤྭ་ཤྭ་རི་ཀ་མུཾ་སྭཱ་ཧཱ། བྱང་དུ་བེ་ཤ་ཧེ་རུ་ཀ་ལྗང་ནག་རལ་གྲིས་མཚན་པའི་དོམ་གྱི་རྒྱལ་མཚན་ཁ་གདེངས་པ། དེ་ཐམས་ཅད་གཡོན་དུང་དམར་འཛིན་པས་ཀེ་ཤ་ཤྭ་རི་ཀ་ལ་སོགས་པ་ལ་འཁྱུད་ཅིང་། ཡུམ་རྣམས་ཀྱང་ཕྱག་མཚན་ཡབ་ལྟར་ལས་རྒྱལ་མཚན་པ་དྲིལ་བུས་མཚན་པའོ། །ཧཱུཾ། གཉིས་འཛིན་རྟོག་པའི་སྡུག་བསྔལ་ཅིར་སྣང་ཡང་། འཇིགས་བྱེད་ཡབ་ཡུམ་བརྒྱད་དུ་བསྒོམས་པའི་མཐུས། །གདུག་ཅན་མ་ལུས་སྔངས་ཤིང་འཇིགས་བྱས་ནས། །སྒྲོལ་སྦྱོར་བསྡམས་མྱོས་ལས་བཞི་མཐར་ཕྱིན་ཤོག །ན་མོ་ཧཱུཾ། འཁོར་ལོ་རིམ་པ་ལྔ་པའི་ཕྱོགས་ཀྱི་རྩིབས་བཞིར་འཇོམས་བྱེད་ཆེན་པོའི་འཁོར། ༀ་སརྦ་ཏ་ཐཱ་ག་ཏ་ཏྲག་ཤྭ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་སྭཱ་ཧཱ། ཏྲག་ཤྭ་ཤྭ་རི་ཀ་མཾ་སྭཱ་ཧཱ། ཤར་དུ་ཏྲག་ཤ་ཧེ་རུ་ཀ་སྨུག་ནག་རྡོ་རྗེས་མཚན་པའི་ཞིང་དབྱུག །ༀ་སརྦ་ཏ་ཐཱ་ག་ཏ་ཧྲི་ཤྭ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་སྭཱ་ཧཱ། ཧྲི་ཤྭ་ཤྭ་རི་ཀ་སྭཱ་ཧཱ། ལྷོར་ཧྲི་ཤ་ཧེ་རུ་ཀ་སེར་ནག་རིན་པོ་ཆེས་མཚན་པའི་ཞིང་དབྱུག །ༀ་སརྦ་ཏ་ཐཱ་ག་ཏ་ཀ་ཤྭ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་སྭཱ་ཧཱ། ཀ་ཤྭ་ཤྭ་རི་ཀ་མུཾ་སྭཱ་ཧཱ། ནུབ་ཏུ་ཀ་ཤ་ཧེ་རུ་ཀ་དམར་ནག་པདྨས་མཚན་པའི་ཞིང་དབྱུག །ༀ་སརྦ་ཏ་ཐཱ་ག་ཏ་བ ག་ཤ་མ་ཧཱ་ཤྲཱི་ཧེ་རུ་ཀ༴ བ ག་ཤྭ་ཤྭ་རི་ཀ༴ བྱང་དུ་པ་ཤ་ཧེ་རུ་ཀ་ལྗང་ནག་རྒྱ་གྲམ་གྱིས་མཚན་པའི་ཞིང་དབྱུག །དེ་ཐམས་ཅད་གཡོན་དུང་དམར་འཛིན་པས་ཏྲག་ཤ་ཤྭ་རི་ཀ་སོགས་ཡུམ་རྣམས་ཡབ་ལྟར་ལས་ཞིང་དབྱུག་ལ་དྲིལ་བུ་སྒྲ་སྒྲོག་པས་མཚན་པ་བསྣམས་པ་ལ་འཁྱུད་པའོ། །ཧཱུཾ། མ་རུངས་གདུག་པའི་དངོས་པོ་ཅིར་སྣང་ཡང་། །འཇོམས་བྱེད་ཡབ་ཡུམ་བརྒྱད་དུ་བསྒོམས་པའི་མཐུས། །གདུག་པ་ཅན་རྣམས་འཇོམས་པར་བྱེད་པ་ཡི། །སྒྲོལ་ཞིང་སྟོབ་པའི་ཕྲིན་ལས་མཐར་ཕྱིན་ཤོག །ན་མོ་ཧཱུཾ། འཁོར་ལོ་རིམ་པ་ཐ་མའི་ཕྱོགས་ཀྱི་རྩིབས་བཞིར་ཟ་བྱེད་ཆེན་པོའི་འཁོར། ༀ་སརྦ་ཏ་ཐཱ་ག་ཏ་རུ་ཏི་མ་ཧཱ་ཤྲཱི་ཧེ་རུ་ཀ༴ རུ་ཏི་ཤྭ་རི་ཀ༴ ཤར་དུ་རུ་ཏི་ཧེ་རུ་ཀ་སྨུག་ནག་གཡས་པས་སྙིང་ཟ་བ། ༀ་སརྦ་ཏ་ཐཱ་ག་ཏ་རཀྟི་མ་ཧཱ་ཤྲཱི་ཧེ་རུ་ཀ༴ རཀྟི་ཤྭ་རི་ཀ་མུཾ༴ ལྷོར་རག་ཏི་ཧེ་རུ་ཀ་སེར་ནག་གཡས་ནང་ཁྲོལ་ཟ་བ། ༀ་སརྦ་ཏ་ཐཱ་ག་ཏ་ཁཱ་ཧི་མ་ཧཱ་ཤྲཱི་ཧེ་རུ་ཀ༴ ཁཱ་ཧི་ཤྭ་རི་ཀ༴ ནུབ་ཏུ་ཁཱ་ཧི་ཧེ་རུ་ཀ་དམར་ནག་གཡས་སྐེ་ཁྲག་འཇིབ་པ། ༀ་སརྦ་ཏ་ཐཱ་ག་ཏ་ས་ཧ་མ་ཧཱ་ཤྲཱི་ཧེ་རུ་ཀ༴ ས་ཧ་ཤྭ་རི་ཀ་མུཾ༴ བྱང་དུ་ས་ཧ་ཧེ་རུ་ཀ་ལྗང་ནག་གཡས་ཡན་ལག་ཟ་བ། དེ་ཐམས་ཅད་གཡོན་དུང་དམར་འཛིན་པས་ཡུམ་རུ་ཏི་ཤྭ་རི་ཀ་སོགས་གཡས་དྲིལ་བུ་འཁྲོལ་ཞིང་གཡོན་བྷ ཉྫ་བསྣམས་པ་ལ་འཁྱུད་པ། ལྷ་ཚོགས་དེ་ཐམས་ཅད་ཀྱང་འབར་བའི་གར་དགུ་དང་ལྡན་ཞིང་། དུར་ཁྲོད་རོལ་པའི་ཆས་ཅན། སོ་སོའི་གདན་ལ་རོལ་བའོ། །ཧཱུཾ། ཆགས་སྡང་རྨོངས་པའི་རྟོག་པ་ཅིར་སྣང་ཡང་། །ཟ་བྱེད་ཡབ་ཡུམ་བརྒྱད་དུ་བསྒོམ་པའི་མཐུས། །བསྒྲལ་བའི་ཞིང་རྣམས་མ་ལུས་གནས་སྟོན་ནས། །སྤོང་ལེན་མེད་པར་སྤྱོད་པའི་མཐུ་ཐོབ་ཤོག །ན་མོ་ཧཱུཾ། འདིར་འགྲེལ་ཆུང་དུ། ཕྱོགས་ཀྱི་རེའུ་མིག་བརྒྱད་དང་། འཁོར་ལོ་དང་པོ་དང་གཉིས་པའི་ལྷ་རྣམས་ཞི་བར་མཛད་པ་ལྟར་ན། རིགས་ལྔ་དང་སེམས་དཔའ་ཡབ་ཡུམ་ཚང་བས། སྟེང་ཁང་ཞི་དཀྱིལ་ལོགས་སུ་མ་བསྒོམ་ཀྱང་ཆད་པར་མི་འགྱུར་རམ་སྙམ་མོད། འདིར་ནི་རྒྱ་བདུན་འགྲེལ་སོགས་སུ་ཞི་བ་ཡིན་པའི་གསལ་བྱེད་མེད་ཅིང་བསྐྱེད་སྔགས་དང་མཚན་གྱིས་ཀྱང་ཁྲོ་བོ་སྟོན་པར་མ་ཟད། རྩ་རྒྱུད་ཀྱི་རྒྱུར་གྱི་ཏིང་ངེ་འཛིན་གྱི་ལེའུ་ལས། སྤྱན་འབར་བ་དྲུག་ཅུ་རྩ་བཞི་ནི་ཧེ་རུ་ཀ་ཡབ་ཡུམ་དྲུག་ཅུ་རྩ་བཞིར་གསལ་ལོ། །ཞེས་ད བུ་ཉེར་གཅིག་ལ་སྤྱན་གསུམ་གསུམ་སྟེ་རེ་གསུམ་སྤས་སྤྱན་གཅིག་བཅས་རེ་བཞི་དང་སྦྱར་བའི་ལྷ་ཐམས་ཅད་ཧེ་རུ་ཀར་གསུངས་པ་དང་། ཟུར་ཧམ་གྱིས་ཀྱང་། མདོ་ཆེན་ཀུན་འདུས་རྒྱུད་ལྟར་ཚོགས་ཆེན་འདུས། །ཨ་ནུ་གཙོ་ལྟར་ཞི་འོག་ཁྲོ་ཧེ་རུ། །ཆེ་མཆོག་རྒྱལ་པོ་བཛྲ་རྒྱལ་ཚབ་ནི། །ཞེས་སོགས་གསུངས་པ་ལྟར་བྱས་པའོ། །ཡང་འཁོར་ལོ་རྩིབས་བརྒྱད་ཀྱི་ལྷ་རྣམས་ཕྱོགས་རྩིབས་ལ་བཀོད་ནས། མཚམས་རྩིབས་རྣམས་སྟོང་པར་འཇོག་པ་ནི་རྣལ་འབྱོར་སའི་སྒྲོལ་མ་ལས། འདི་དག་ནི་འཁོར་ལོའི་རྩིབས་རེ་རེ་ལ་གོ་རིམ་བཞིན་དུ་དགོད་ཅེས་ཟེར་ན། ཡོང་མཚམས་ཀྱི་འཁོར་ལོ་ཡེ་ཤེས་ཀྱི་ཡུལ་བས་སྟོང་པར་བཞག་སྟེ། ཕྱོགས་ཀྱི་འཁོར་ལོ་རྣམས་ལ་ཐབས་དང་ཤེས་རབ་སྦྱོར་བའི་སྟངས་སྟབས་སུ་བཞུགས། །ཞེས་གསུངས་པ་ལྟར་བཀོད་པ་སྟེ། ཐབས་ཤེས་སོ་སོར་འགོད་པར་འདོད་ན། ཕྱོགས་རྣམས་སུ་ཡབ་དང་མཚམས་ལ་ཡུམ་རྣམས་སྤེལ་ཏེ་དགོད་དོ། །གསུམ་པ་བཀའ་ཉན་གྱི་འཁོར་རྣམས་བསྐྱེད་པ་ནི། གྲུ་ཆད་ཀྱི་ལྷ་སྣམ་ནང་མ་ལ་གསང་བའི་བུ་མོའི་འཁོར། ༀ་བཛྲ་ག་རཱི་ཧཿ ཤར་ལྷོའི་ཤར་དུ་མཛོད་ལྡན་མ་ནག་མོ་ཞིང་དབྱུག་དང་བྷན་དམར། ༀ་བཛྲ་ཙ་རི་ཧཿ ལྷོ་ནུབ་ཀྱི་ལྷོར་ཆོམ་རྐུན་མ་སེར་མོ་མདའ་གཞུ་འགེངས་པ། ༀ་བཛྲ་པྲ་མོ་ཧེ་ཧཿ ནུབ་བྱང་གི་ནུབ་ཏུ་རབ་རྨོངས་མ་དམར་མོ་ཆུ་སྲིན་གྱི་རྒྱལ་མཚན་དང་ཐོད་ཁྲག །ༀ་བཛྲ་བེ་ཏ་ལཱི་ཧཿ བྱང་ཤར་གྱི་བྱང་དུ་རོ་ལངས་མ་ནག་མོ་རྡོ་རྗེ་དང་ཞིང་ཆུང་། ༀ་བཛྲ་པུཀྐ་སཱི་ཧཿ ཤར་ལྷོའི་ལྷོར་སྦོས་མོ་དམར་སེར་ཞིང་ཆུང་གི་རྒྱུ་མ་འདྲེན་པ། ༀ་བཛྲ་གྷ སྨ་རཱི་ཧཿ ལྷོ་ནུབ་ཀྱི་ནུབ་ཏུ་དྲོད་མོ་ལྗང་གུ་དུང་ཁྲག་རྡོ་རྗེས་དཀྲུག་པ། ༀ་བཛྲ་སྨ་ཤ་ནཱི་ཧཿ ནུབ་བྱང་གི་བྱང་དུ་དུར་ཁྲོད་མ་མཐིང་ནག་ཞིང་ཆུང་གི་གླུ་སྙིང་ཟ་བ། ༀ་བཛྲ་ཙཎྜ་ལཱི་ཧཿ བྱང་ཤར་གྱི་ཤར་དུ་གཏུམ་མོ་སེར་མོ་ཞིང་ཆུང་གི་མགོ་ལུས་འདྲལ་བའོ། །ཧཱུཾ། རྣམ་ཤེས་བརྒྱད་ཀྱི་དངོས་པོ་ཅིར་སྣང་ཡང་། །ག་རཱི་བརྒྱད་དུ་བསྒོམས་པའི་བྱིན་རླབས་ཀྱིས། །ཡུལ་ལ་མངོན་པར་རྟོག་པ་ཀུན་བཅོམ་ནས། །རྣམ་པར་རྟོག་པའི་འདུ་ཤེས་མེད་པར་ཤོག །ན་མོ་ཧཱུཾ། གྲུ་ཆད་ཀྱི་ལྷ་སྣམ་ཕྱ་ིམ་ལ་དགའ་བའི་བུ་མོའི་འཁོར། ༀ་བཛྲ་སིདྷ་མུ་ཁཱི་ཧེ། ཤར་ལྷོའི་ཤར་དུ་སེང་གདོང་སེར་མོ་རོ་ཟ་ཞིང་ལག་གཉིས་ཐུགས་ཀར་བསྣོལ་བ། ༀ་བཛྲ་བྱཱ་གྷྲི་མུ་ཁཱི་ཧེ། ལྷོ་ནུབ་ཀྱི་ལྷོ་སྟག་གདོང་མ་དམར་མོ་ལག་གཉིས་མཐུར་དུ་བསྣོལ་བ། ༀ་བཛྲ་ཤྲཱི་གཱ་ལ་མུ་ཁཱི་ཧེ། ནུབ་བྱང་གི་ནུབ་ཏུ་ཝ་གདོང་མ་ནག་མོ་ཞིང་ཆུང་ལྕེས་ལྡག་པ། ༀ་བཛྲ་ཤྭ་ནཱ་མུ་ཁཱི་ཧེ། བྱང་ཤར་གྱི་བྱང་དུ་ཁྱི་གདོང་མ་མཐིང་ནག་ཞིང་གི་ཁོག་པ་འདྲལ་བ། ༀ་བཛྲ་གྷྲྀ་དྡྷ་མུ་ཁཱི་ཧེ། ཤར་ལྷོའི་ལྷོར་རྒོད་གདོང་མ་དམར་མོ་ཞིང་གི་རྒྱུ་མ་འདྲེན་པ། ༀ་བཛྲ་ཀངྐ་མུ་ཁཱི་ཧེ། ལྷོ་ནུབ་ཀྱི་ནུབ་ཏུ་དུར་བྱའི་གདོང་མ་དམར་མོ་བམ་རོ་ཕྲག་བར་འཁུར་བ། ༀ་བཛྲ་ཀཱ་ཀ་མུ་ཁཱི་ཧེ། ནུབ་བྱང་གི་བྱང དུ་ཁྭ་གདོང་མ་ནག་མོ་རལ་གྲི་དང་བྷན་དམར། ༀ་བཛྲ་ཨུ་ལཱུ་ཀཱ་མུ་ཁཱི་ཧེ། བྱང་ཤར་གྱི་ཤར་དུ་འུག་གདོང་མ་མཐིང་ག་རྡོ་རྗེའི་དབྱུག་པ་འཛིན་པའོ། །ཧཱུཾ། དུར་ཁྲོད་བརྒྱད་ཀྱི་དངོས་པོ་ཅིར་སྣང་ཡང་། །ཕྲ་མེན་བརྒྱད་དུ་བསྒོམས་པའི་བྱིན་རླབས་ཀྱིས། །མཚན་མར་སྣང་བའི་དངོས་པོ་ཀུན་བྲལ་ནས། །རྣམ་པར་རྟོག་པའི་བར་ཆད་མེད་པར་ཤོག །ན་མོ་ཧཱུཾ། ཁྱམས་དང་པོ་ལ། ༀ་བཛྲ་ཀྲོ་དྷ་ཧཱུཾ་བཅུས། ཤིན་ཏུ་གསོད་པ་ཆེན་པོའི་འཁོར་ཁྲོ་བོ་བཅུ་རང་རང་གི་ཟ་བྱེད་མཆེ་བ་ཅན་གྱི་གདོང་ཅན་སོ་སོའི་ཡུམ་དང་། སྤྲུལ་པ་ཁྲ་ཐབས་ཉི་ཤུ་དང་བཅས་པའི་སྟེང་འོག་གི་ཁྲོ་བོ་ཤར་ནུབ་དང་། མཚམས་ཀྱི་ཁྲོ་བོ་རྣམས་རང་གནས། ཕྱོགས་ཀྱི་ཁྲོ་བོ་བཞི་པོ་ཤར་སྟོད་ལ་སོགས་པའི་ཕྱོགས་ཀྱི་སྒོ་དང་པོ་རྣམས་སུ་བཞུགས་པའོ། །ཧཱུཾ། རུས་མགོ་ཚིགས་མགོའི་དངོས་པོ་ཅིར་སྣང་ཡང་། །ཁྲོ་བཅུ་ཡབ་ཡུམ་ཟ་གསོད་བསྒོམས་པའི་མཐུས། །ཁམས་གསུམ་གདུག་པ་མ་ལུས་ཀུན་བསྒྲལ་ནས། །སངས་རྒྱས་ཕྲིན་ལས་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཁྱམས་དེ་ཉིད་ལ་མ་མོ་བརྒྱད་དང་གིང་བཅོ་བརྒྱད་ཀྱང་བཞུགས་ཏེ། མ་མ་དུན་བྷྱོ་བརྒྱད་ཀྱིས། ཨེ་ཀ་ཛཱ་ཊི་དང་། རྡོ་རྗེ་གར་དབང་དང་། རྡོ་རྗེ་གསལ་མ་དང་། རྡོ་རྗེ་ཀུན་བཟང་མ་དང་། རྡོ་རྗེ་ཡེ་ཤེས་མཆོག་དང་། རྡོ་རྗེ་དཔུང་སྒྲོལ་མ་དང་། རྡོ་རྗེ་སྒྲོལ་མ་དང་། རྡོ་རྗེ་སྲོག་གཅོད་མ་དང་བརྒྱད་ཕྱོགས་རེར་གཉིས་གཉིས་སོ། །ཧཱུཾ། ཤ་ཁྲག་རྩ་ཡི་དངོས་པོ་ཅིར་སྣང་ཡང་། མ་མོ་བརྒྱད་དུ་བསྒོམས་པའི་བྱིན་རླབས་ཀྱིས། །ཚེ་སྲོག་གནོད་པའི་བར་ཆད་ཀུན་བསྒྲལ་ནས། །ཉིན་མཚན་རྟག་ཏུ་ཐམས་ཅད་སྐྱོབ་པར་ཤོག །ན་མོ་ཧཱུཾ། ཀིཾ་ཀ་ར་ཧ་ཧ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། བཅོ་བརྒྱད་ཀྱིས། རྡོ་རྗེ་ཆགས་ཆེན་དང་རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་སྲིན་པོ་དང་། རྡོ་རྗེ་རོ་ལངས་དང་། རྡོ་རྗེ་དཀྱིལ་འཁོར་འཛིན་དང་། རྡོ་རྗེ་ཕྱོགས་འདུལ་དང་། རྡོ་རྗེ་དུས་མཚམས་དང་། རྡོ་རྗེ་ལངྐ་དང་། རྡོ་རྗེ་འཆི་བདག་དང་། དེ་དག་གི་སྦྱོར་བའི་ཡུལ་ཁམས་གསུམ་དབུགས་འགེངས་ཆེན་མོ་དང་། ལྕགས་ཀྱུ་འདྲེན་བྱེད་དང་། སྟོང་གསུམ་དབང་སྡུད་དང་། རླུང་ལྟར་འཕྱོ་བ་དང་། གློག་འགྱུ་མ་དང་། རྣ་ཉན་ཕྲ་མ་མཁན་དང་། རྦོད་གཏོང་ལེན་པར་བྱེད་མ་དང་། སྙིང་རྗེས་སྒྲོལ་བ་ཆེན་མོ་དང་། ཕྱག་ཚང་མཉེས་བྱེད་ཆེན་མོ་དང་། བཅོ་བརྒྱད་པོ་ཤར་ནུབ་ཏུ་ལྔ་ལྔ་དང་ལྷོ་བྱང་དུ་བཞི་བཞིའོ། །ཧཱུཾ། གུར་རྩིབས་བཅོ་བརྒྱད་དངོས་པོ་ཅིར་སྣང་ཡང་། །གིང་ཆེན་བཅོ་བརྒྱད་བསྒོམས་པའི་བྱིན་རླབས་ཀྱིས། །བསྒྲལ་བའི་ཞིང་བཅུ་མ་ལུས་ཀུན་བསྒྲལ་ནས། །སངས་རྒྱས་ཞིང་ཁམས་ཡོངས་སུ་དག་པར་ཤོག །ན་མོ་ཧཱུཾ། ཤར་སྨད་ལ་སོགས་པའི་ཕྱོགས་བཞིའི་སྒོ་གཉིས་པ་རྣམས་སུ་ཤིན་ཏུ་གུས་པའི་འཁོར། ༀ་བཛྲ་ཨཱ རྻ་ཏེ་ཛ་ཏེ་ང་ཛཿ ཤར་སྒོར་རྟ་གདོང་མ་དཀར་མོ་ལྕགས་ཀྱུ་དང་ཐོད་ཁྲག །ༀ་བཛྲ་ཨ་མུ་ཁེ་ཧཱུཾ། ལྷོར་སྒོར་ཕག་གདོང་མ་སེར་མོ་ཞགས་པ༴ ༀ་བཛྲ་ལོ་ཀ་བཾ། ནུབ་སྒོར་སྤྲེའུ་གདོང་མ་དམར་མོ་ལྕགས་སྒྲོག༴ ༀ་བཛྲ་བྷསྨི་པ་ལ་ཡ་བ་ཏུ་ཧོཿ བྱང་སྒོར་སྤྱང་གདོང་མ་ལྗང་གུ་དྲིལ་བུ་དང་ཐོད་ཁྲག་བསྣམས་པའོ། །ཧཱུཾ། ཆུ་བོ་བཞི་ཡི་དངོས་པོ་ཅིར་སྣང་ཡང་། །སྒོ་མ་བཞི་རུ་བསྒོམས་པའི་བྱིན་རླབས་ཀྱིས། །ཚད་མེད་བཞི་རུ་རྫོགས་པའི་དོན་རྟོགས་ནས། །ཕྲིན་ལས་རྣམ་བཞི་འདུ་འབྲལ་མེད་པར་ཤོག །ན་མོ་ཧཱུཾ། ཁྱམས་གཉིས་པ་ལ། ཨེ་ཨ་ར་ལི་ཧཱུཾ། སོ་གཉིས་ཀྱིས། ཤར་དུ་མཁའ་འགྲོ་དགའ་བྱེད་མ། འདྲེན་བྱེད་མ། སྤོར་བྱེད་མ། གསོད་བྱེད་མ་དང་བཞི། ལྷོར་འབར་བྱེད་མ། གཟི་བརྗིད་མ། འཇོམས་བྱེད་མ། བོང་བུའི་གདོང་མ་དང་བཞི། ནུབ་ཏུ་ཆགས་བྱེད་མ། ཆགས་བྲལ་མ། འཁོར་ལོ་མ། རྒྱས་འདེབས་མ་དང་བཞི། བྱང་དུ་སྣ་ཚོགས་ལུས། སྲུང་བ་མོ། གནོད་སྦྱིན་མོ། ཡང་དག་འཕྲོག་མ་དང་བཞི། ཤར་ལྷོར་བྱ་རྒོད་གདོང་མ། བཞད་གདོང་མ། འུག་གདོང་མ། སྣ་ཚོགས་མཆོག་གི་གཟུགས་ཅན་མ་དང་བཞི། ལྷོ་ནུབ་ཏུ་བོང་བུའི་གདོང་མ། ར་གདོང་མ། བྱི་ལའི་གདོང་མ། རུས་ཕྲེང་མ་དང་བཞི། ནུབ་བྱང་དུ་ལྟོ་འཕྱང་མ། བུམ་འཛིན་མ། འཐབ་རྩོན་མ། ལྕེ་སྤྱང་འཁོར་ཅན་མ་དང་བཞི། བྱང་ཤར་དུ་བུམ་སྣ་མ། རྣམ་འཇོམས་མ། འབོད་སྒྲོག་མ། དྷ་ཤ་གྲཱྀ་བ་དང་བཞི་སྟེ། ཕྱོགས་མཚམས་ཀྱི་བཞི་བཞི་རིགས་བསྡུས་པས་མཁའ་འགྲོ་བརྒྱད་དང་། དེ་དག་རྫུ་འཕྲུལ་གྱིས་འགྲོ་བའི་སྤྲུལ་པ་མཛེས་སྡུག་འོད་འབར་སོགས་ཤུགས་འགྲོ་བརྒྱད་དང་བཅས་པའོ། །ཧཱུཾ། སོ་དང་རུས་པའི་དངོས་པོ་ཅིར་སྣང་ཡང་། །མཁའ་འགྲོ་ཤུགས་འགྲོ་བསྒོམས་པའི་བྱིན་རླབས་ཀྱིས། །བར་དུ་གཅོད་པ་མ་ལུས་ཀུན་བསྒྲལ་ནས། །སྒྲུབ་པའི་བར་ཆད་མིང་ཡང་མེད་པར་ཤོག །ན་མོ་ཧཱུཾ། ཕྱོགས་ཀྱི་སྒོ་དང་པོ་བཞིར་། ༀ་ཤྲཱི་བཛྲ་མུངྒ་ར་མུ་ཁ་ཤྭ་ར་ཡཱ་ཡ་ན་མཿ ཤར་སྒོར་དཀར་མོ་མིག་གཅིག་རྒྱས་འདེབས་མ་རྡོ་རྗེ། ༀ་ཤྲཱི་བཛྲ་རག་མ་ཤྭ་ར་ཡཱ་ཡ་ན་མཿ ལྷོ་སྒོར་སེར་མོ་ལས་མཁན་ཚེ་འཕེལ་མ་མདའ་གཞུ་འགེངས་པ། ༀ་ཤྲཱི་བཛྲ་ཁ་ཊྭཱཾ་ཀ་པྲ་ཛྭ་ལ་ཡཱ་ཡ་ན་མཿ ནུབ་སྒོར་དམར་མོ་ཟ་བྱེད་དབང་སྡུད་མ་རྒྱལ་མཚན། ༀ་ཤྲཱི་བཛྲ་གྷཎྜེ་པྲ་ཛྭ་ལ་ཡཱ་ཡ་ན་མཿ བྱང་སྒོར་ནག་མོ་རལ་གཅིག་རྨོངས་བྱེད་མ་དྲིལ་བུ་བསྣམས་པའོ། །ཧཱུྃ། འབྱུང་བ་བཞི་ཡི་དངོས་པོ་ཅིར་སྣང་ཡང་། །གསང་བའི་ཡུམ་བཞི་བསྒོམས་པའི་བྱིན་རླབས་ཀྱིས། །ཆོས་ཉིད་དྭངས་སྙིགས་མེད་པའི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་ཤོག །ན་མོ་ཧཱུཾ། སྒོ་གཉིས་པ་བཞིར། བཛྲ་དུ ནྟིང་བྷྱོ་བཞིས། ཤར་སྒོར་གླིང་བཞི་མགྱོགས་མ། ལྷོ་སྒོར་མཁའ་ལ་ཁྱུང་ལྡིང་མ། །ནུབ་སྒོར་དམར་མོ་གཡག་ཐོད་མ། བྱང་སྒོར་ནག་མོ་སྡེར་ཆེན་མོ་དང་བཞིའོ། །ཧཱུཾ ཤ་ཁྲག་རྩ་ཡི་དངོས་པོ་ཅིར་སྣང་ཡང་། །སྲིང་མོ་བཞི་རུ་བསྒོམས་པའི་བྱིན་རླབས་ཀྱིས། །ཚེ་སྲོག་གནོད་པའི་བར་ཆད་ཀུན་བསྒྲལ་ནས། །ཉིན་མཚན་རྟག་ཏུ་ཐམས་ཅད་སྐྱོབ་པར་ཤོག །ན་མོ་ཧཱུཾ། ཁྱམས་གསུམ་པ་ལ། ཧེ་བཅུ་དྲུག་གིས། ཁྱབ་བྱེད་ཆེན་མོ་ཁྱུང་གི་མགོ་དང་། གསོད་བྱེད་ཆེན་མོ་སྲེ་མོང་མགོ་དང་། མགྱོགས་མ་སྙེགས་བྱེད་ཁྲའི་མགོ་དང་། འབྱིན་བྱེད་པུ་ཤུད་མགོ་དང་། མྱོས་བྱེད་སྨིག་བུའི་མགོ་དང་། རྐུན་མོ་བྱི་ལའི་མགོ་དང་། གདུག་བྱེད་སྦྲུལ་གྱི་མགོ་དང་། སྒྲིན་བྱེད་ཕ་ཝང་གི་མགོ་ཅན་བརྒྱད་པོ་ཕྱོགས་དང་མཚམས་ལ་བཞུགས་ཤིང་། ཕྱོགས་ཀྱི་སྒོ་གཉིས་གཉིས་ཏེ་བརྒྱད་ལ། སྟག་དང་བྱ་རྒོད། །ཤ་བ་དང་འུག་པ། བྱི་ལ་དང་པུ་ཤུད། སེང་གེ་དང་ཕ་ཝང་གི་གདོང་ཅན་བརྒྱད་དོ། །ཧཱུཾ༑ སྣ་ཚོགས་རྟོག་པའི་སྣང་བ་ཅིར་སྣང་ཡང་། རྡོ་རྗེ་ཕྲ་མེན་བསྒོམས་པའི་བྱིན་རླབས་ཀྱིས། སྲིད་གསུམ་གདུག་པའི་ཚོགས་རྣམས་ཀུན་བསྒྲལ་ནས། མངོན་སྤྱོད་དྲག་པོའི་ཕྲིན་ལས་ལྷུན་གྲུབ་ཤོག །ན་མོ་ཧཱུཾ། ཁྱམས་དེ་ཉིད་ཀྱི་ཕྲ་མེན་བརྒྱད་པོ་རེ་རེའི་གཡོན་ཕྱོགས་སུ། ༀ་བཛྲ་ཨ་པྲ་ཏི་ཧ་ཨཱརྻ་ནི་ཙ་ཏུ་རྟ་ར་ཕཊ་རཀྨོ་ཧཱུཾ་བརྒྱད་ཀྱིས། ཤར་དུ་འབར་མ་ཉི་ཟེར་ཅན་དམར་མོ་ཉི་ཟེར་གྱི་ཞགས་པ། ཤར་ལྷོར་མེ་ཁྱེར་གློག་ཕྲེང་མ་དམར་མོ་གློག་ཞགས། ལྷོར་སྐར་མདའ་འཕེན་སྔོན་མོ་མདུང་ཐུང་དང་སྐར་མདའ་འཕེན་པ། ལྷོ་ནུབ་ཏུ་སྲིན་མོ་རླུང་ནག་རལ་གྲིའི་སྐྲ་ཅན་སྔོན་མོ་ཁྱུང་ཁྲ་འགྱེད་པ། ནུབ་ཏུ་ཀླུ་མོ་ལྕེ་འབེབས་མ་དཀར་མོ་ཐོག་འབེབས་པ། ནུབ་བྱང་དུ་གནོད་སྦྱིན་ཁྱུང་ཐོགས་མ་སྔོན་མོ་ཁྱུང་འཛིན་པ། བྱང་དུ་བ་ལང་སྣ་གླང་པོའི་གདོང་ཅན་སྔོ་ནག་ཐོག་སེར་འབེབས་པ། བྱང་ཤར་དུ་མིག་འབྱིན་སྙིང་སྲེག་མ་ཐལ་ཀར་རལ་གྲི་འཕྱར་བའོ། །ཧཱུཾ༑ ཕྱོགས་མཚམས་བརྒྱད་ཀྱི་དངོས་པོ་ཅིར་སྣང་ཡང་། སྤོར་མ་བརྒྱད་དུ་བསྒོམས་པའི་བྱིན་རླབས་ཀྱིས། །སྣང་སྲིད་སྡེ་བརྒྱད་བར་ཆད་ཀུན་བསལ་ནས། །འཇིག་རྟེན་བར་ཆད་མིང་ཡང་མེད་པར་ཤོག །ན་མོ་ཧཱུཾ། ཁྱམས་བཞི་པ་ལ། ཧཱུཾ་བཅུ་དྲུག་གིས། རྡོ་རྗེ་གནོད་སྦྱིན་མ་ཛ་གད་ཀྱིས་བཀང་བའི་བྱི་རུ་ལ་སོགས་པའི་ཕོར་པ་ཐོགས་པ་བརྒྱད་ཕྱོགས་མཚམས་དང་། སྒོར་སྲིད་མོ་རཀྟས་བཀང་བའི་གཞོང་པ་ཐོགས་པ་བརྒྱད་དོ། །ཧཱུཾ། འཇིག་རྟེན་བསྐྱེད་སྡུད་དངོས་པོ་ཅིར་སྣང་ཡང་། །གནོད་སྦྱིན་སྲིན་མོ་བསྒོམས་པའི་བྱིན་རླབས་ཀྱིས། །སྨན་གྱིས་གསོ་ཞིང་ཆགས་པས་བསྡུས་བྱས་ནས། །ཐབས་ཤེས་བདེ་བས་ཀུན་ཏུ་ཁྱབ་པར་ཤོག །ན་མོ་ཧཱུཾ། ཁྱམས་ལྔ་པ་ལ། མ་ནུ་རཀྵ་སཱི་བྷྱོ། པྲཧྨ་ཎཱི་བྷྱོ། ར་ཏྲཱི་བྷྱོ། བེཥྞ་བཻ་བྷྱོ། ཀུ་མཱ་རཱི་བྷྱོ། ཨིནྡྲ་ཎཱི་བྷྱོ། ཤར་སྟོད་ནས་རིམ་བཞིན། སྲིན་མོ་སྨུག་ནག་གཡག་གདོང་རྩེ་གསུམ་འཛིན་པ། ཚངས་མ་དམར་སེར་སྦྲུལ་གདོང་རྩེ་ལྔ་དང་བྷན་དམར། འཁྲུག་མོ་དམར་སེར་གཟིག་གདོང་དབྱུག་ཏོ་དང་སྙིང་། ཁྱབ་འཇུག་མ་སེར་མོ་ཕ་ཝཾ་གདོང་ཅན་འཁོར་ལོ་དང་གུནྡྷེ། དབང་མོ་དམར་སྐྱ་དྲེད་གདོང་བམ་དབྱུག །བརྒྱ་བྱིན་མ་དཀར་དམར་སྲེ་མོང་མགོ་ཅན་ཐོད་ཁྲག་འཛིན་པའོ། །བཛྲ་པིདྒ་ལཾ་བྷྱོ། ཨ་མྲྀ་ཏཾ་བྷྱོ། ས་མྱ་བྷྱོ། དཎྜ་དཾ་བྷྱོ། རཀྵ་སཱི་བྷྱོ། བྷ་ཀྵ་སཱི་བྷྱོ། ལྷོ་སྟོད་ནས་རིམ་བཞིན། ཞི་བ་དམར་མོ་དོམ་མགོ་དུང་དམར་དང་རྒྱུ་ཞགས། བདུད་རྩི་མ་སྔོན་མོ་ཆུ་སྲིན་མགོ་ཅན་བུམ་པ། ཞི་བ་མ་སྔོ་སྐྱ་སྡིག་པའི་མགོ་ཅན་ཐོད་པ་བམ་རིལ་དང་ཏི་ར། བེ་ཅོན་མ་ནག་མོ་ཁྲ་མགོ་ཅན་ཐོད་རློན། སྲིན་མོ་དམར་ནག་ཝ་གདོང་ཞིང་གི་རྒྱུ་མ་འདྲེན་པ། ཟ་བྱེད་ནག་མོ་སྟག་མགོ་བམ་སྙིང་འབྱིན་པའོ། །ར་ཏི་བཛྲ་བྷྱོ། རུ་དྷི་ར་མཏྟཱ་བྷྱོ། ཨེ་ཀ་ཙ་རི་ཎཱི་བྷྱོ། མ་ནོ་ཧ་རཾ་བྷྱོ། སིདྡྷི་ཀཾ་བྷྱོ། བཱ་ཡ་བཱི་བྷྱོ། ནུབ་སྟོད་ནས་རིམ་བཞིན། དགའ་བྱེད་དམར་མོ་རྒོད་གདོང་རལ་གྲི་དང་འཁོར་ལོ། ཁྲག་འཐུང་མ་དམར་ནག་རྟ་གདོང་རྡོ་རྗེའི་དབྱུག་པ་དང་དུང་དམར། རྡོ་རྗེ་སེར་མོ་ཁྱུང་གདོང་རྡོ་རྗེ་དང་བྷན་དམར། འདོད་པ་དམར་སེར་ཁྱི་གདོང་ཞིང་ཆེན་ཟ་བ། ནོར་སྲུང་དཀར་དམར་པུ་ཤུད་མགོ་ཅན་པདྨ། རླུང་མོ་དམར་སྐྱ་ཤ་བའི་མགོ་ཅན་བམ་རོ་ཟ་བའོ། །མ་ཧཱ་མཱ་ར་ཎ་བཛྲ་བྷྱོ། ཨགྣཱི་བྷྱོ། བཱ་ར་ཧཱི་བྷྱོ། ཙ་མུཎྜཱི་བྷྱོ། སུ་ཏ་ནཾ་བྷྱོ། བ་རུ་ཎཱི་བྷྱོ། བྱང་སྟོད་ནས་རིམ་བཞིན། གསོད་བྱེད་མ་ལྗང་ནག་སྤྱང་གདོང་བམ་ཆེན་དང་རྔེའུ་ཆུང་། མེ་མོ་ལྗང་དམར་སྐྱིན་གདོང་མེ་སྒྲོན་དང་རྒྱུ་མ། ཕག་མོ་ལྗང་སེར་ཕག་གདོང་རྩེ་གསུམ་འཛིན་པ། རྒན་བྱེད་ལྗང་སྔོན་ཁྲ་མགོ་ཅན་རྒྱུ་མ་འདྲེན་ཅིང་དུང་ཁྲག་འཐོར་བ། སྣ་ཆེན་ལྗང་དམར་གླང་པོའི་གདོན་ཅན་བམ་རོ། ཆུ་ལྷ་མ་ལྗང་ནག་སྦྲུལ་གདོང་དུང་དམར་དང་སྦྲུལ་ཞགས་འཛིན་པའོ། །བཛྲ་མ་ཧཱ་ཀཱ་ལི་བྷྱོ། བཛྲ་ཙ་ཀཱ་ལ་བྷྱོ། བཛྲ་ཀུམྦྷ་ཀརྞ་བྷྱོ། བཛྲ་ལམྦྷོ་ད་ར་བྷྱོ། ཤར་སྒོར་ནག་མོ་ཆེན་མོ་ཁུ་བྱུག་མགོ་ཅན་ལྕགས་ཀྱུ། ལྷོ་སྒོར་ར་གདོང་སྔོན་མོ་རྒྱུ་ཞགས། ནུབ་སྒོར་སེང་གདོང་དམར་མོ་ལྕགས་སྒྲོག །བྱང་སྒོར་སྐྱ་ཀའི་མགོ་ཅན་ལྗང་ནག་དྲིལ་བུ་འཛིན་པའོ། །ཧཱུཾ། སྒལ་ཚིགས་ཉེར་བརྒྱད་དངོས་པོ་ཅིར་སྣང་ཡང་། དབང་ཕྱུག་ཉེར་བརྒྱད་བསྒོམས་པའི་བྱིན་རླབས་ཀྱིས། རྣམ་པར་རྟོག་པའི་བར་ཆད་ཀུན་བསལ་ནས། བར་ཆད་རྐྱེན་གྱི་སྡུག་བསྔལ་མེད་པར་ཤོག །ན་མོ་ཧཱུཾ། ཕྱོགས་ཀྱི་མ་དྲུག་གི་ཕྱི་རོལ་ཏུ། བྷ་ན་བྷ་ན་ཨངྐུ་ཤ་ཛཿ ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། གརྫ་གརྫ་སྥོ་ཊ་བཾ། པ་ཙ་པ་ཙ་གྷཎྜེ་ཧོཿ ཀྲོ་དྷ་ཀྲོ་དྷཱི་ཧཱུཾ། མ་མེ་ཤྭ་ར་ཧཱུཾ། ཞེས་བརྗོད་པས། ཤར་སྨད་དུ་མི་མོ་གསེར་གྱི་མདུན་ཞུ་ཅན་དང་། ཤར་ལྷོར་དུང་གི་སྦྱང་མོ་མགོ་དགུ་མ། ལྷོར་མི་མོ་སྟག་གི་ཚུལ་ཅན། ལྷོ་ནུབ་ན་ལྕགས་ཀྱི་སྤྱང་མོ་མགོ་དགུ་མ། ནུབ་སྟོད་དུ་མི་མོ་དུང་གི་ཚུལ་མཆུ་ཅན། ནུབ་བྱང་ན་ཟངས་ཀྱི་སྤྱང་མོ་མགོ་དགུ་མ། བྱང་ན་མ་མོ་ལྕགས་ཀྱི་མཆུ་ཅན་མ། བྱང་ཤར་ན་གཡུ་སྤྱང་མགོ་དགུ་མ། ཤར་སྟོད་ན་སྟེང་གི་ཕོ་ཉ་ལྕགས་ཀྱི་བྱ་ཁྲ་ཆེན་མོ། ནུབ་སྨད་དུ་འོག་གི་ཕོ་ཉ་ལྕགས་ཀྱུ་བྱི་བ་ཆེན་མོ་སྟེ། ཕོ་ཉའི་གཙོ་མོ་བཅུ་འཁོར་དང་བཅས་པ་སུམ་བརྒྱ་དྲུག་ཅུ་རྣམས་བཞུགས་པར་གྱུར། ཧཱུཾ། ལུས་བཅུད་རྩ་མདུད་དངོས་པོ་ཅིར་སྣང་ཡང་། ཕོ་ཉ་སུམ་བརྒྱ་དྲུག་ཅུ་བསྒོམས་པའི་མཐུས། དམ་ཚིག་ཉམས་དང་དགྲ་བགེགས་ཀུན་བསྒྲལ་ནས། གནོད་པའི་བར་ཆད་མིང་ཡང་མེད་པར་ཤོག །ན་མོ་ཧཱུཾ། བཞི་པ་རིག་འཛིན་རྩལ་འཆང་གི་དཀྱིལ་འཁོར་བསྐྱེད་པ་ནི། ༀ་མ་ཧཱ་གུ་རུ་ཤཱ་རི་རཾ་གཱི་ལི་ཧཱུཾ། རྒྱུའི་རྟ་བབས་ཀྱི་ཕྱི་རོལ་ཁོར་ཡུག་ཟླུམ་པོ་ལ་དམ་པའི་རིགས་ཅན་དྲ་མ་ལྔ་ལ་སོགས་པ་ནས་འཁོར་ལོའི་དབང་ཕྱུག་རྩ་བའི་བླ་མའི་བར་དུ་བྱོན་པའི་རྒྱ་བོད་ཀྱི་རིག་འཛིན། འདུན་པ་སེམས་པ་དང་། རིགས་ཆེན་འབྱེད་པ་དང་། དབུགས་ཆེན་འབྱིན་པ་དང་། ལུང་ཆེན་ཐོབ་པ་དང་། རྩལ་ཆེན་རྫོགས་པའི་རྩལ་རྣལ་འབྱོར་གྱི་ས་ལ་བཞུགས་པའི་དུས་གསུམ་གྱི་རིག་འཛིན་བླ་མ་བྱེ་བ་ས་ཡའི་ཚོགས་རྣམས་གསལ་བར་གྱུར། ཧཱུཾ། རིག་འཛིན་བླ་མ་བྱིན་རླབས་ལྡན་པའི་ཚོགས། །བརྒྱུད་པ་གསུམ་ལྡན་བསྒོམས་པའི་བྱིན་རླབས་ཀྱིས། །བསྐྱེད་རྫོགས་གསུམ་གྱི་དགོངས་པའི་དོན་རྟོགས་ནས། །རྒྱུད་ལུང་མན་ངག་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ལྔ་པ་ཞར་བྱུང་མགྲོན་ཐབས་ཀྱི་ལྷ་བསྐྱེད་པ་ནི། རྟ་བབས་ཀྱི་སྒོར་རྡོ་རྗེ་ཁམ་རྒྱ་མ་དྲུག་དང་། གཞན་ཡང་སྤྲུལ་པ་དང་། ཡང་སྤྲུལ་ནག་མོ་མཆེ་གཤོག་ཅན་དང་། འཛིན་བྱེད་དང་། སྒྲོལ་བྱེད་ལ་སོགས་པ་ཕྱག་བརྙན་འབུམ་ཕྲག་མཐའ་ཡས་པའི་ཚོགས་བསམ་གྱིས་མི་ཁྱབ་པས་ཀུན་ཏུ་ཁྱབ་ཅིང་གང་བར་བསམ་མོ། །དེ་ལྟར་དབྱིངས་རྩ་བ་བྱང་ཆུབ་སེམས་ཀྱི་རང་རྩལ་འགག་མེད་ཡེ་ཤེས་ཀྱི་འཁོར་ལོ་ཕྲིན་ལས་རྣམ་པ་བཞིའི་སྒྱུ་འཕྲུལ་གྱི་རོལ་པ་སེམས་ཅན་ཐམས་ཅད་ཀྱི་མོས་པ་དང་། བསམ་པ་དང་། དབང་པོའི་ཁྱད་པར་ཇི་ལྟ་བ་དང་འཚམས་པར་འཆར་བའི་དཀྱིལ་འཁོར་གྱི་སྤྲིན་ཆེན་པོར་རྟག་ཏུ་སྣང་ཞིང་འབར་བར་བསམ་མོ། །གཉིས་པ་དབང་བསྐུར་ཞིང་བྱིན་གྱིས་བརླབ་པ་ནི། རང་གི་སྤྱི་བོའི་གནས་ལྔར་དེ་བཞིན་གཤེགས་པ་རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པའི་རྗེས་ཆགས་ཀྱི་མེས་ཞུ་བའི་ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་དབང་བསྐུར་བར་བསམ་ལ། རིགས་ལྔའི་དབང་རྒྱ་སྤྱི་བོའི་གནས་ལྔར་འཇོག་ཅིང་། ༀ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་མ་ཧཱ་ཨཱ་དཪྴ་ཛྙཱ་ན༴ ༀ་མ་ཧཱ་ས་མ་ཏཱ༴ ༀ་མ་ཧཱ་པྲ་ཏྱ་བེ་ཀྵ་ཎ༴ ༀ་མ་ཧཱ་ཀྲྀ་ཏྱ་ནུཥྵཱ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱ་ཏྨ་ཀོ ྅་ཧཾ། ཞེས་དབང་སྔགས་རྣམས་རིམ་པར་བརྗོད་ལ། དབང་བསྐུར་བས་ཉོན་མོངས་པ་ལྔའི་དྲི་མ་སྦྱངས། ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་གནས་སྒྱུར། ཆུ་ལྷག་མ་སྤྱི་བོར་བརྟན་པོ་ཡོངས་སུ་གྱུར་པ་ལས་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་པར་བསམ་མོ། །བྱིན་གྱིས་རློབ་པ་ནི། སྤྱི་བོར་ཟླ་བ་ལ་གནས་པའི་ༀ་དཀར་པོ། དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། སྐུ་རྡོ་རྗེ་ལྷ་ཚོགས་ནམ་མཁའ་གང་བར་བྱོན། ༀ་ལ་ཐིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གཉིས་སུ་མེད་པར་གྱུར། ༀ་ཡོངས་སུ་གྱུར་པ་ལས་རྣམ་སྣང་དཀར་པོ་འཁོར་ལོ་འཛིན་པས་རྒྱས་བཏབ་པར་བསམ་ཞིང་། རྡོ་རྗེའི་ཕྱག་རྒྱ་སྤྱི་བོར་གཏུགས་ལ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། མགྲིན་པར་པདྨ་ལ་གནས་པའི་ཨཱཿ དམར་པོ། དེའི་འོད་ཟེར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། གསུང་རྡོ་རྗེའི་ལྷ་ཚོགས་ནམ་མཁའ་གང་བར་བྱོན། ཨཱ༔ལ་ཐིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་དང་གཉིས་སུ་མེད་པར་གྱུར། །ཨཱཿཡོངས་སུ་གྱུར་པ་ལས་སྣང་མཐའ་དམར་པོ་པདྨ་འཛིན་པས་རྒྱས་བཏབ་པར་བསམ་ཞིང་། རྡོ་རྗེའི་ཕྱག་རྒྱ་མགྲིན་པར། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱ་ཏྨ་ཀོ྅་ཧཾ། སྙིང་གར་ཉི་མ་ལ་གནས་པའི་ཧཱུཾ་སྔོན་པོ། དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། ཐུགས་རྡོ་རྗེའི་ལྷ་ཚོགས་ནམ་མཁའ་གང་བར་བྱོན། ཧཱུཾ་ལ་ཐིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དང་གཉིས་སུ་མེད་པར་གྱུར། ཧཱུཾ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་འཛིན་པས་རྒྱས་བཏབ་པར་བསམ་ཞིང་། རྡོ་རྗེའི་ཕྱག་རྒྱ་སྙིང་གར། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་ཅིང་། སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་ང་རྒྱལ་བྱས་ལ། ཧཱུཾ། ལུས་ངག་ཡིད་གསུམ་དངོས་པོ་ཅིར་སྣང་ཡང་། །དབང་བསྐུར་བྱིན་གྱིས་བརླབ་པའི་ནུས་མཐུ་ཡིས། །ཉོན་མོངས་དངོས་པོ་མ་ལུས་ཀུན་བྱང་ནས། །སྐུ་དང་ཡེ་ཤེས་ལྷུན་གྱི་གྲུབ་པར་ཤོག །ན་མོ་ཧཱུཾ། གསུམ་པ་ལས་ཀྱི་རིམ་པའི་ཏིང་ངེ་འཛིན་ལ། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་ཞིང་བསྟིམ་པ། ཕྱག་བྱ་བ། དམ་བཅའ་བ། མཆོད་པ་དབུལ་བ། དངོས་གྲུབ་གསོལ་བ། འཛབ་བཟླ་བའོ། དང་པོ་ནི། ག་གོ་ནའི་རྒྱ་བཅིངས་ཏེ། རང་གི་སྙིང་གའི་འོད་དང་རོལ་པ་ཆེན་པོའི་གླུ་བསྐུལ་བས་ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་ཐམས་ཅད་བདེ་བ་ཆེན་པོའི་ངང་ལས་ཆོ་འཕྲུལ་གྱི་རྣམ་རོལ་ཞི་ཁྲོ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་སད་པར་བསམ་ལ། ཧཱུཾ། ཚོགས་ཆེན་གཉིས་རྫོགས་ཐུགས་དམ་དབྱིངས་ཀྱི་ལྷ། །ལོངས་སྤྱོད་རྫོགས་མཛད་རོལ་པ་ཆེན་པོའི་སྐུ། །རྡོ་རྗེ་སེམས་དཔའ་སྐལ་བཟང་དཔལ་ཁྱོད་བདག །ཐབས་ཀྱི་རོལ་པས་བདེ་ཆེན་དབྱིངས་ནས་བཞེངས། །བཛྲ་ས་མཱ་ཛཿ རུ་ལུ་རུ་ལུ་ཧཱུཾ། ཞེས་སྙན་གསན་དབབ་པས་འབྱོན་མ་རག་པར་བསམ་ལ། ཧཱུཾ། ཆོས་སྐུ་རིག་པ་རང་སྣང་བ། །རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་དང་། །ཁམས་གསུམ་མ་ལུས་འདུལ་བ་ཡི། །ཁྲག་འཐུང་དཀྱིལ་འཁོར་འཁོར་བཅས་དང་། །རྡོ་རྗེ་འཆང་གྲལ་རིམ་བརྙེས་པའི། །རྣལ་འབྱོར་ཆེན་པོའི་རིག་འཛིན་རྣམས། །སྨོན་ལམ་དམ་ཚིག་ཚུལ་བཞིན་དུ། །གནས་འདིར་མ་ལུས་གཤེགས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿ ཨེ་ཧྱེ་ཧི། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཛཿ ཛཿ ཞེས་པས་དམ་ཚིག་གི་འཁོར་ལོ་དང་ཉེ་བར་སྤྱན་དྲངས་ཏེ། ༀ། ཐུགས་རྗེའི་ལྕགས་ཀྱུས་ཐུགས་དམ་རྒྱུད་བསྐུལ་ཞིང་། །བྱམས་པའི་ཞགས་པས་གནས་ནས་སྤྱན་ཡང་འདྲེན། །ལྕགས་སྒྲོག་བཀའ་ཡི་ཕོ་ཉ་གནས་བསྐྱོད་ལ། །བདེ་གཤེགས་བཞུགས་ཤིང་རྣམ་གྲོལ་དགྱེས་པ་བསྐྱེད། །ཛཿཧཱུཾ་བཾ་ཧོཿ བཛྲ་ས་མ་ཡ་མུ་དྲ་ཨ། བཛྲ་ཤྲཱི་ཧེ་རུ་ཀ་ཏི ཥྛ་ས་མ་ཡ་ལྷན། ཞེས་པས་རང་བཞིན་གྱི་དཀྱིལ་འཁོར་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་ཆུ་ལ་ཆུ་བཞག་པ་ལྟར་དབྱེར་མེད་དུ་བསྟིམ་ནས་བརྟན་པར་བཞུགས་སུ་གསོལ་ལ། ཧཱུཾ། སངས་རྒྱས་སེམས་ཅན་དངོས་པོ་ཅིར་སྣང་ཡང་། །བདེ་གཤེགས་སྤྱན་དྲངས་བསྟིམ་པའི་བྱིན་རླབས་ཀྱིས། །ཡེ་ནས་གཉིས་སུ་མེད་པའི་དོན་རྟོགས་ནས། །གཉིས་སུ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། གཉིས་པ་ཕྱག་བྱ་བ་ནི། ཧཱུཾ། རྡོ་རྗེ་རྐང་ལག་མཛེས་པའི་གར། །ནམ་མཁའི་རྡུལ་སྙེད་རབ་སྤྲུལ་ཏེ། །འབར་བའི་དཀྱིལ་འཁོར་མཉེས་བྱའི་ཕྱིར། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ། །ཨེ་མའོ་ངོ་མཚར་ཡ་མཚན་གྱི། །ཆོ་འཕྲུལ་ཀུན་གྱི་འབྱུང་གནས་གཙོ། །ངོ་མཚར་ཀུན་གྱི་བདག་པོ་མཆོག །རྡོ་རྗེ་རྒྱལ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དང་དཀྱིལ་འཁོར་དང། །ཕྱག་རྒྱ་བསྙེན་སྒྲུབ་སྒྲུབ་པ་དང་། །སྡོམ་དང་བརྟུལ་ཞུགས་ལས་རྣམས་དང་། །ནན་ཏུར་བདག་པོ་ཁྱོད་ལ་འདུད། །ཁྱོད་ནི་སངས་རྒྱས་ཀུན་གྱི་ཡབ། །དེ་བཞིན་རྒྱལ་བའི་སྙིང་པོར་གྱུར། །བདག་ཅག་རྣམས་ཀྱི་བརྟེན་པའི་གནས། །མ་རུངས་འདུལ་ཁྲོ་ཁྱོད་ལ་འདུད། །ཨ་ཏི་པཱུ་ཧོཿ པྲ་ཏི་པཱུ་ཧོཿ ཞེས་པས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ངང་དུ་རྟོགས་པ་ཉིད་འདྲེས་པ་ནན་ཏན་གྱི་ཕྱག་ཡིན་ལ། དེའི་ཕྱིར་ཕྱག་མཆོད་བྱ་བར་མི་དམིགས་ཀྱང་། འཇིག་རྟེན་སྲི་ཞུའི་ཚུལ་དུ། བདག་གི་སྤྲུལ་པའི་མཆོད་སྤྲིན་དང་། ནམ་མཁའ་གང་བའི་ཡེ་ཤེས་ཀྱི་ལྷ་ཚོགས་ཐམས་ཅད་ལྷ་ལ་ལྷ་རོལ་པའི་ཚུལ་གྱིས་རོལ་པར་བསམ་པ་སྟེ། ཕྱག་མཆོད་ཀྱི་གནས་སྐབས་ཐམས་ཅད་ལ་ཤེས་པར་བྱའོ། །ཧཱུཾ། བདག་དང་གཞན་དུ་ཁྱད་པར་ཅིར་སྣང་ཡང་། །དཀྱིལ་འཁོར་ལྷ་ལ་ཕྱག་བཙལ་བྱིན་རླབས་ཀྱིས། །ཡེ་ནས་འདྲེས་པ་ཆེན་པོའི་དོན་རྟོགས་ནས། །གཉིས་སུ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། གསུམ་པ་དམ་བཅའ་བ་ནི། ༀ་ཧཱུཾ། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང་། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་རླབས་མཛོད། །དུས་ངན་ཐ་མའི་འཇིག་རྟེན་འདིར། །སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབས། །བྱང་ཆུབ་སྤྱོད་དཀའ་བདག་གི་སྤྱད། །རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར། །བདག་ཅག་བསམ་པ་འགྲུབ་གྱུར་ཅིག །ཅེས་པས་དམིགས་པའི་ཡུལ། །སྒྲུབ་པའི་ཐབས། སྒྲུབ་པའི་ཕྲིན་ལས་གསུམ་གྱི་དོན་ལ་ལྷག་པའི་བསམ་པ་རྩེ་གཅིག་པར་དམ་བཅས་ལ། ཧཱུཾ། འགྲོ་དྲུག་སེམས་ཅན་སྡུག་བསྔལ་ཅིར་སྣང་ཡང་། །དམ་བཅའ་རྣམ་གསུམ་བྱས་པའི་བྱིན་རླབས་ཀྱིས། །བསམ་པ་མཐའ་རུ་ཕྱིན་པའི་དོན་རྟོགས་ནས། །བདག་གཞན་གཉིས་ཀའི་དོན་རྣམས་མཐར་ཕྱིན་ཤོག །ན་མོ་ཧུཾ། གཉིས་པ་མཆོད་པ་ལ་བཅུ་གཅིག་ལས། དང་པོ་ཕྱག་རྒྱའི་མཆོད་པ་ནི། ལག་པ་གཡས་ཀྱི་སོར་མོའི་བྲེ་ཁ་ལྔ་ལ། མ་སཱུ་རྱ་མཎྜ་ལ། ཉི་མའི་དཀྱིལ་འཁོར་ལྔ། གུང་མཛུབ་དབང་མོ་ཆུང་ངུ་སྦོམ་པོ་རྣམས་ལ། ༀ་ཧཱུཾ་སྭཱ་ཨཱཾ་ཧཱ། གཡོན་གྱི་སོར་མོའི་བྲེ་ཁ་ལྔ་ལ། ཨ ཙནྡྲ་མཎྜ་ལ། ཟླ་བའི་དཀྱིལ་འཁོར་ལྔ། གུང་མཛུབ་དབང་མོ་ཆུང་ངུ་སྦོམ་པོ་རྣམས་ལ། ལཱཾ་མཱུཾ་མཱཾ་པཱཾ་ཏཱཾ་རྣམས་ཀྱིས་མཚན་པར་གྱུར། རྣལ་འབྱོར་མཆོག་གི་ལག་གཉིས་ལ། ཉི་ཟླ་འབར་བའི་ལིདྒ་ནི། ཨ་དང་མ་གཉིས་གསལ་བཞག་སྟེ། ཐབས་དང་ཤེས་རབ་གཉིས་མེད་སྦྱར། འདི་ནི་ཕྱག་རྒྱ་འབྱུང་བའི་རྒྱུ། དེ་ནས། ༀ་དང་མཱུཾ་གཉིས་རྩེ་སྤྲད་ལ། །དེ་བཞིན་ཧཱུཾ་དང་ལཱཾ་དུ་སྦྱར། ཧཱ་དང་པཱཾ་ཡང་དེ་བཞིན་ཏེ། ཨཱཾ་དང་ཏཱཾ་དུ་སྦྱར་བ་ལས། རྒྱབ་སྦྱར་སྭཱ་དང་མཱཾ་སྒྲེང་བ། །འདི་ནི་ཡབ་ཀྱི་སྤྱི་རྒྱ་ཡིན། །ཧཱུཾ་བཛྲ་དྷྲིཀ྄ །འབར་བའི་གདན་ལ་བཞེངས་ནས་ཀྱང་། །མཆོད་བཞེས་དམ་སྐོངས་དངོས་གྲུབ་སྩོལ། །ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་མ་ཧཱ་མུ་དྲ་ཧཱུྃ། ཞེས་མདུན་དུ་བསྒྱུར་ནས་གཡོན་དུ་དགྲོལ། ལག་པ་ཐལ་མོ་སྦྱར་བ་ལས། །ༀ་དང་མཱུཾ་སྦྱར་ཧཱུཾ་དང ནི། །ལཱཾ་སྦྱར་སྭཱ་དང་པཱཾ་དུ་སྦྱར། །ཨཱཾ་དང་མཱཾ་སྦྱར་ཧཱ་ཏཱཾ་སྒྲེང་། །ཡུམ་གྱི་སྤྱི་རྒྱ་ཡིན་པར་བཤད། མཱུཾ་དྷ་ཏྭེ་ཤྭ་རཱི། འབར་བའི་གདན་ལ་བཞེངས་ནས་ཀྱང་། །མཆོད་བཞེས་དམ་སྐོངས༴ །ༀ་རུ་ལུ་རུ་ལུ༴ ཞེས་པས་མདུན་དུ་བསྒྱུར་ནས་གཡས་སུ་དགྲོལ། ཁྲོ་བོའི་ཕྱག་རྒྱ་ནི། མཉམ་པའི་ཚུལ་དུ་གནས་པ་ལ། །མ་ཡི་སྟེང་དུ་ཨ་ཉིད་བཞག །བྱ་བ་ཐམས་ཅད་བྲལ་བའི་རྒྱ། །འདི་ནི་ཁྲག་འཐུང་རིགས་ལྔའི་འོ། །འབར་བའི་གདན་ལ་བཞེངས་ནས་ཀྱང་། །མཆོད་བཞེས་དམ་སྐོངས༴ ༀ་རུ་ལུ་རུ་ལུ༴ ཨ་དང་མ་ཡི་འབྲུ་བཅུ་རྣམས། །འཕྲོ་འདུ་བྱ་ཞིང་ཀུན་ཏུ་བསྒྱུར། །གཡས་སུ་འཁྱིལ་ཞིང་གཡོན་དུ་འཁྱུག །འདི་ནི་ཆོ་འཕྲུལ་འབྱུང་བའི་རྒྱ། འབར་བའི་གདན་ལ་བཞེངས་ནས་ཀྱང་། །མཆོད་བཞེད་དམ་སྐོངས༴ ༀ་རུ་ལུ་རུ་ལུ༴ ཨ་དང་མི་ཡི་འབྲུ་བཅུ་རྣམས། །སོ་སོར་བཅངས་ཏེ་མྱུ་གུར་བྱ། །ཤིན་ཏུ་གཏོད་དེ་ཀུན་ཏུ་བསྒྱུར། །འདི་ནི་སྙིང་པོ་འབྱུང་བའི་རྒྱ། །འབར་བའི་གདན་ལ་བཞེངས་ནས་ཀྱང་། །མཆོད་བཞེས་དམ་སྐོངས༴ ༀ་རུ་ལུ་རུ་ལུ༴ མ་ཡི་སྦྱིན་པ་གཏོང་ཚུལ་ལ། །ཨ་ཡིས་ཐམས་ཅད་སྐྱོབ་བྱེད་པ། །འདི་ནི་ཚད་མེད་ཆེན་པོ་ཡི། །ཀུན་ལ་སྙོམས་པའི་ཕྱག་རྒྱ་ཡིན། །འབར་བའི་གདན་ལ་བཞེངས་ནས་ཀྱང་། །མཆོད་བཞེས་དམ་སྐོངས༴ ༀ་རུ་ལུ་རུ་ལུ༴ མ་ཉིད་ཁྲག་རྣམས་འཕྲོག་པའི་སྣོད། །ཨ་ཉིད་སོ་ཕྲེང་མཆེ་བར་སྦྱར། །འདི་ནི་ཐམས་ཅད་རོལ་པ་ཡི། །འཇིགས་ཚུལ་སྟོན་པའི་ཕྱག་རྒྱ་ཡིན། །འབར་བའི་གདན་ལ་བཞེངས་ནས་ཀྱང་། །མཆོད་བཞེས་དམ་སྐོངས༴ ༀ་རུ་ལུ་རུ་ལུ༴ །ཨ་དང་མ་གཉིས་རྟིང་སྦྱར་ཏེ། །སོ་ཕྲེང་མཆེ་བའི་ཚུལ་གྱིས་ནི། །ཤིན་ཏུ་ཁ་གླལ་པ་ཡི་ཚུལ། །འདི་ནི་འཇིགས་བྱེད་ཆེན་པོའི་རྒྱ། །འབར་བའི་གདན་ལ་བཞེངས་ནས་ཀྱང་། །མཆོད་བཞེས་དམ་སྐོངས༴ ༀ་རུ་ལུ་རུ་ལུ༴ མ་ཡིས་བཟུང་སྟེ་འཐེན་ནས་ནི། །ཨ་ཡིས་གདེངས་ཤིང་འདོམས་བྱེད་པ། །འཇོམས་བྱེད་ཆེན་པོའི་ཕྱག་རྒྱ་ཡིན། །འབར་བའི་གདན་ལ་བཞེངས་ནས་ཀྱང་། །མཆོད་བཞེས་དམ་སྐོངས༴ ༀ་རུ་ལུ༴ མ་དང་ཨ་ཡིས་མགོ་མཇུག་ནས། །བཟུང་བའི་ཚུལ་དུ་བྱས་ནས་ནི། ཁ་ཡིས་འདྲེད་ཅིང་འཐེན་བྱེད་པ། །ཟ་བྱེད་ཆེན་པོའི་ཕྱག་རྒྱ་ཡིན། །འབར་བའི་གདན་ལ༴ མཆོད་བཞེས༴ ༀ་རུ་ལུ༴ ཨ་དང་མ་ཡི་ཤེས་རབ་ལས། །གཡས་གཡོན་ཚུལ་གྱིས་བསྒྱུར་བྱས་ཏེ། །སོ་སོ་ཇི་ལྟར་ཡིན་ཐབས་སྦྱར། །ཁྲག་འཐུང་རྣམས་ཀྱི་ཡུམ་གྱི་རྒྱ། །འབར་བའི་གདན་ལ༴ མཆོད་བཞེས༴ ༀ་རུ་ལུ༴ གནས་མ་བརྒྱད་ཀྱི་ཕྱག་རྒྱ་ནི། །ག་རཱི་བྷན་དམར་ཞིང་དབྱུག་སྔོ། །ཙ་རཱི་མདའ་གཞུ་འགེངས་མ་སེར། །པྲ་མོ་ཆུ་སྲིན་རྒྱལ་མཚན་དམར། །བེ་ཏ་བྱིས་ཟ་རྡོར་འཕྱར་ནག །པུཀྐ་དམར་སེར་བྱིས་རྒྱུ་འདྲེན། །གྷསྨ་དུང་དམར་དཀྲུག་འཐུང་ལྗང་། །སྨ་ཤ་མཐིང་ནག་བྱིས་སྙིང་ཟ། །ཙཎྜ་སེར་སྐྱ་མཆོག་ལུས་འདྲལ། །འབར་བའི་གདན་ལ༴ མཆོད་བཞེས༴ ༀ་རུ་ལུ༴ ཡུལ་མ་བརྒྱད་ཀྱི་ཕྱག་རྒྱ་ནི། །སིདྷ་ཁ་རོ་སྣོལ་སེར་སེང་། བྱཱ་གྷྲྀ་གནས་ལྟ་བསྣོལ་མར་སྟག །ཤྲི་གཱལ་ནག་མོ་བྱིས་ལྡག་ཝ། །ཤྭ་ནཱ་འདྲལ་ལྟ་མཐིང་ག་སྤྱང། །གྲྀདྡྷ་མགྲིན་དམར་རྒྱུ་འདྲེན་རྒོད། །ཀངྐ་ཀང་ཕྲག་སྣར་མགོ་རིང་། །ཀཱ་ཀ་ཁ་རོ་བྷན་གྲི་ནག །ཨུ་ལཱུ་ལྕགས་ཀྱུ་མཐིང་ཚོགས་འུག །འབར་བའི་གདན་ལ༴ མཆོད་བཞེས༴ ༀ་རུ་ལུ༴ ཁྲོ་བཅུའི་སྤྱི་རྒྱ། དཔལ་བོ་གདན་ལ་བཞེངས་ནས་ནི། །ཕྱོགས་མཚམས་ཀུན་ཏུ་བལྟས་བྱས་ནས། །ཤིན་ཏུ་འགྱིང་ཞིང་བརྗིད་པར་བྱ། །ཨ་དང་མ་ཡི་འབྲུ་རྣམས་ནི། །སོ་སོར་བསྡམས་ནས་དཀུར་བརྟེན་བྱ། །འདི་ནི་ཁྲོ་བོ་སྤྱི་ཡི་རྒྱ། །འབར་བའི༴ མཆོད༴ ༀ་རུ་ལུ༴ སྒོ་མ་བཞི་ཡི་ཕྱག་རྒྱ་ནི། །རྟ་གདོང་སྔོན་མོ་ལྕགས་ཀྱུ་འཛིན། །ཕག་གདོང་ནག་མོ་མཆེ་ཞགས་ཅན། །སེང་གདོང་དམར་མོ་ལྕགས་སྒྲོག་སྡོམ། །སྤྱང་གདོང་ལྗང་ནག་དྲིལ་འཁྲོལ་འགྱེས། །འབར་བའི༴ མཆོད ༴ ༀ་རུ་ལུ༴ འཇིག་རྟེན་འདས་དང་མ་འདས་པའི། །ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར། །མ་མོ་རྣམས་ཀྱི་ཕྱག་རྒྱ་ནི། །སྲིན་མོ་སྨུག་ནག་ཐོད་རློན་འཆང་། །ཚངས་མ་དམར་སེར་པདྨ་བསྣམས། །ལྷ་ཆེན་དཀར་ལྗང་ཏྲི་ཤུ་ལ། །རྟོགས་འདོད་སྔོན་མོ་འཁོར་ལོ་འཆང་། །གཞོན་ནུ་དམར་མོ་མདུང་ཐུང་འཕེན། །བརྒྱ་བྱིན་དཀར་མོ་ཨིནྡྲ་གདེངས། །རྡོ་རྗེ་སེར་མོ་ཙནྡན་འཐུང་། །བདུད་རྩི་དམར་མོ་པདྨ་བསྣམས། །ཟླ་བ་དཀར་མོ་པུཎྜ་རི། །བེ་ཅོན་ལྗང་ནག་དབྱུག་ཐོ་འཕྱར། །སྲིན་མོ་དམར་མོ་དུང་ཁྲག་འཐུང་། །ཟ་བ་ལྗང་ནག་བ་སུ་འདྲེན། །དགའ་བ་དཀར་མོ་ཀ་ཏར་འཕྱར། །སྟོབས་ཆེན་དཀར་མོ་གཤོལ་མདའ་འཛིན། །རྡོ་རྗེ་སེར་མོ་སྤུ་གྲིས་གཅོད། །འདོད་པ་དམར་མོ་མདའ་གཞུ་འགེངས། །ནོར་སྲུང་དཀར་མོ་བུམ་པ་འཛིན། །རླུང་ལྷ་སྔོན་མོ་བ་དན་འཕྱར། །གསོད་བྱེད་དཀར་མོ་རལ་གྲི་འཛིན། །མེ་མོ་དམར་མོ་གསལ་ཤིང་འཕྱར། །ཕག་གདོང་ནག་མོ་མཆེ་ཞགས་ཅན། །རྒན་བྱེད་དམར་མོ་ཞིང་ཆུང་ཟ། །སྣ་ཆེན་དཀར་ལྗང་ཐོད་ཁྲག་འཐུང་། །ཆུ་ལྷ་སྔོན་མོ་སྦྲུལ་ཞགས་ཅན། །རྡོ་རྗེ་ནག་མོ་ལྕགས་ཀྱུ་འཛིན། །རྡོ་རྗེ་སེར་མོ་ར་མགོ་ཞགས། །རྡོ་རྗེ་དམར་མོ་ལྕགས་སྒྲོག་སྡོམ། །རྡོ་རྗེ་ལྗང་ནག་དྲིལ་འཁྲོལ་དགྱེས། །འབར་བའི་གདན་ལ༴ མཆོད་བཞེས༴ ༀ་རུ་ལུ༴ འབར་མ་རྣམས་ཀྱི་ཕྱག་རྒྱ་ནི། །སྐུ་མདོག་གདུལ་བྱའི་ཚུལ་འདྲ་ཞིང་། །གཡས་པ་རྡོ་རྗེ་འབར་བ་སྟེ། །གཡོན་བ་བྷནྡྷ་རཀྟ་འཛིན། །འབར་བའི༴ མཆོད༴ ༀ་རུ་ལུ༴ མཁའ་འགྲོ་རྣམས་ཀྱི་ཕྱག་རྒྱ་ནི། །རྡོ་རྗེ་གཤོག་པས་ཟིལ་གནོན་ཅིང་། །བྷནྡྷ་ཁྲག་འཐུང་ཆགས་པ་ཆེ། །འདོད་ཆགས་ཚུལ་གྱིས་འགྲོ་བ་འདུལ། །འབར་བའི༴ མཆོད་བཞེས༴ ༀ་རུ་ལུ༴ མ་བདུན་སྲིང་བཞིའི་ཕྱག་རྒྱ་ནི། །འཇོ་སྒེག་མཛེས་དམར་ཟོལ་གྱིས་ལྟ། གཡས་པ་འཁྱུད་ཚུལ་འཛིན་སྟབས་སྟོན། །གཡོན་པ་དུང་ཁྲག་འཐུང་བྱེད་པའོ། །འབར་བའི༴ མཆོད་བཞེས༴ ༀ་རུ་ལུ༴ རྡོ་རྗེ་གིང་ཆེན་བཅོ་བརྒྱད་ནི། །སྔོ་སྐྱ་འཇིགས་པའི་ཚུལ་སྟོན་ཅིང་། །གཡས་པ་གྲི་དང་མཚོན་ཆ་ཐོགས། །གཡོན་པས་འཛིན་ཅིང་གསོད་པར་བྱེད། །འབར་བའི༴ མཆོད་བཞེས༴ ༀ་རུ༴ ཕོ་ཉ་སུམ་བརྒྱ་དྲུག་ཅུའི་ཚུལ། །དཀར་དང་སྔོ་དང་དམར་དང་ནག །གསེར་དང་བྱུ་རུའི་མདོག་འདྲ་བ། །དྲུག་ཅུ་དྲུག་གིས་རྫོགས་པ་ནི། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང་། ཐོ་བ་གཤོག་པ་གཏུན་ཚོགས་འཛིན། །མ་ལུས་ཁྱབ་པའི་ཚུལ་གྱིས་གནས། །འབར་བའི་གདན་ལ་བཞེངས་ནས་ཀྱང་། །མཆོད་བཞེས་དམ་སྐོངས་དངོས་གྲུབ་སྩོལ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུཾ་མ་ཧཱ་མུ་དྲ་ཧཱུྃ། ཧཱུྃ། གཟུང་འཛིན་རྣམ་རྟོག་དངོས་པོ་ཅིར་སྣང་ཡང་། །ཕྱག་རྒྱའི་མཆོད་པ་ཕུལ་བའི་བྱིན་རླབས་ཀྱིས། །ཕྱག་རྒྱ་རྣམ་བཞི་ལྷུན་གྱིས་གྲུབ་ནས་ཀྱང་། །ཐམས་ཅད་ཕྱག་རྒྱ་ཆེན་པོར་ལྷུན་གྲུབ་ཤོག །ན་མོ་ཧཱུཾ། གཉིས་པ་ཀུན་བཟང་ནི། ཧཱུཾ། འཁོར་བ་རྒྱ་མཚོའི་ཡོ་བྱད་རྣམས། །སོགས་ནས། འགྲོ་དོན་མ་ལུས་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། བཟླས་པའི་དུས་སོ་སོའི་སྔགས་བསྒྱུར་བ་ཙམ་ལས་གཞན་གོ་བགོ་ལུས་སྲུང་གི་བར་སྒྲུབ་ཐབས་ཀྱི་དཀྱུས་ལྟར་བྱ་བ་ཡིན་ནོ། །དེ་བཞིན་དུ་དཀྱིལ་ཆོག་ཀྱང་སྒྲུབ་དབང་ཁོ་ནའི་ཚེ་ས་ཆོག་མི་དགོས་ནའང་རྩ་དཀྱིལ་ལོགས་སྒྲུབ་ལྟ་བུའི་ཚེ་སྤྱིར་དྲི་མེད་འོད་ཕྲེང་བ་ལྟར་ལས། ཁྱད་པར་ས་སྦྱང་བ་ཟུང་དང་། །ལྷ་བུམ་ལྟ་གོན་གྱི་བསྐྱེད་བྱ་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་ཁྱད་པར་བསྒྱུར་བ་ཙམ་ལས་གཞན་མེད་དོ། །མདོ་ཡོངས་རྫོགས་ཀྱི་དབང་དུ་བྱས་པའི་ཡན་ལག་གི་དཀྱིལ་འཁོར་བརྒྱད་པ་ཨ་ནུའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།

འདུས་པ་མདོ་ཡི་ཆོ་གའི་ཟུར་འདེབས་དཔག་བསམ་སྙེ་མ། དྷརྨཱ་ཤྲཱི།

འདུས་པ་མདོའི་ཆོ་གའི་ཟུར་འདེབས་དཔག་བསམ་སྙེ་མ་བཞུགས་སོ། །ༀ་སྭ་སྟི་སིདྡྷཾ། འདུས་པ་མདོའི་སྒྲུབ་དཀྱིལ་སྒྲུབ་ཁོག་དང་བཅས་པའི་ཟུར་འདེབས་ལས་རབ་འབྱམས་ཀྱི་འདོད་པ་སྟེར་བྱེད་དཔག་བསམ་སྙེ་མ་ཞེས་བྱ་བ། བླ་མ་དང་འདུས་པ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལ་ཕྱག་འཚལ་ལོ། །མི་འགྱུར་མཆོག་བདེའི་སྒྱུ་འཕྲུལ་རོལ་པའི་གར། །གྲངས་མེད་ཞི་ཁྲོའི་འཁོར་ལོ་བསྒྱུར་བ་པོ། །རིགས་ཀུན་ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས། །བཀའ་དྲིན་མཉམ་མེད་བླ་མའི་ཞབས་ལ་འདུད། །འདུས་པ་མདོ་ཡི་སྒྲུབ་ཐབས་དཀྱིལ་ཆོག་དང་། །སྒྲུབ་ཁོག་བཅས་པའི་ཟུར་འདེབས་ཕྱོགས་གཅིག་ཏུ། །སྡེབས་པ་ཕྲིན་ལས་རབ་འབྱམས་འདོད་པའི་འབྲས། །སྟེར་བྱེད་དཔག་བསམ་སྙེ་མ་དེང་འདིར་འཁྲུངས། །འདིར་སློབ་དཔོན་གྱིས་སྔོན་དུ་བྱ་བའི་བསྙེན་པ་སོགས་ལ་ཉེ་བར་མཁོ་བ་ལྷའི་ངོ་བོ་མདོ་ཐུན་མོང་བའི་དཀྱིལ་འཁོར་རྣམས་ཨ་ནུ་རང་ལུགས་ཀྱི་སྒྲུབ་ཚུལ་ལྟར་ལུས་དཀྱིལ་དུ་འགོད་པའི་ལས་བྱང་གནས་སྐབས་ཁྱེར་བདེ་བའི་ཆེད་དུ་ལུང་ཆུང་བ་ཞི་ཐུང་དང་ཁྲོ་ཐུང་ལ་བརྟེན་ནས་འབྲི་བར་བྱ་སྟེ། དེ་ལ་ཐོག་མར་ཞི་ཁྲོ་ཐུན་མོང་གི་སྔོན་འགྲོ་ནི། གནས་དབེན་པར་རྟེན་དང་མཆོད་གཏོར་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱས་ལ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཀུན་ཏུ་བཟང་མོའི་མཁའ་ཀློང་རྣམ་པར་དག་པའི་རང་རྩལ་ལས། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ །ཞེས་བརྗོད་པས། བདག་ཉིད་ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག་ཞག་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དུང་ཁྲག་འཛིན་པ་ཡུམ་ཀྲོ་དྷཱི་ཤྭ་དཱི་མ་དང་མཉམ་པར་སྦྱོར་བའི་སྐུར་གྱུར། ཕཊ་ཕཊ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ། ཧ་ལ་ཧ་ལ། ཞེས་བརྗོད་པས། ཐུགས་ཀའི་ཧཱུཾ་ལས་ཁྲོ་བོའི་སྤྲིན་སྤྲོས་པས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་པ་ལས་སྟེང་འོག་ཕྱོགས་མཚམས་བཅུར་ཉི་མ་ལ་གནས་པའི་ཕྱོགས་སྐྱོང་བཅུའི་སྙིང་གར། ༀ་བཛྲ་ཀྲོ་དྷ་ཀཱི་ལ་ཡ་ཕཊ་ཛཿ ཞེས་ཕུར་བུའི་ཚུལ་དུ་བཏབ་པ་རྣམས་ཁྲོ་བོ་བཅུར་གྱུར་པ་ནི། ༀ་ཧཱུཾ་ཀཱ་ར་བཛྲ་མ་ཧཱ་ཀྲོ་དྷ་ཧཱུཾ་ཧཱུཾ་ཕཊ། དེ་བཞིན་དུ་ཧཱུཾ་ཀཱ་རའི་ཚབ་ཏུ། བི་ཛ་ཡ། ནཱི་ལ་དཎྜ། ཡ་མཱནྟ་ཀ །ཨཱརྱ་ཨ་ཙ་ལ། ཧ་ཡ་གྲཱི་ཝ། ཨ་པ་རཱ་ཛི་ཏ། ཨ་མྲྀ་ཏ་ཀུཎྜ་ལཱི། ཏྲཻ་ལོ་ཀྱ་བི་ཛ་ཡ། མ་ཧཱ་བ་ལ་རྣམས་བཅུག་སྟེ། ཞེས་བརྗོད་པའི་རྐྱེན་གྱིས་རིམ་པ་བཞིན། སྟེང་དུ་ཧཱུཾ་མཛད། ཤར་དུ་རྣམ་རྒྱལ། མེར་དབྱུག་སྔོན་ཅན། ལྷོར་གཤིན་རྗེ་གཤེད། ལྷོ་ནུབ་ཏུ་མི་གཡོ་བ། ནུབ་ཏུ་རྟ་མགྲིན། རླུང་དུ་འདོད་པའི་རྒྱལ་པོ། བྱང་དུ་བདུད་རྩི་འཁྱིལ་བ། བྱར་ཤར་དུ་ཁམས་གསུམ་རྣམ་རྒྱལ། འོག་ཏུ་སྟོབས་པོ་ཆེ་རྣམས་སྐུ་སྟོད་ཁྲོ་བོ་ལ་སྨད་ཕུར་བུ་འབར་བའི་རྣམ་པས་བགེགས་ལ་གཟིར་བ། དབྱིངས་ཀྱི་ཡུམ་ཅན། སྤྲུལ་པའི་ཕྲ་མེན་ཉི་ཤུ་དང་ཡང་སྤྲུལ་བྱེ་བ་ས་ཡའི་ཚོགས་ཀྱི་སྤྲིན་འཕྲོ་བས་ཕྱོགས་ཀུན་གཏམས་ཏེ་ཅིས་ཀྱང་མི་ཤིགས་པར་བསམ་ཞིང་། ཧཱུཾ། སྟེང་འོག་ཕྱོགས་མཚམས་དངོས་པོ་ཅིར་སྣང་ཡང་། །ཁྲོ་བཅུ་ཡབ་ཡུམ་བསྒོམས་པའི་བྱིན་རླབས་ཀྱི། །ཕྱོགས་བཅུར་གནས་པའི་བགེགས་རྣམས་ཀུན་བསལ་ནས། །སྒྲུབ་པའི་བར་གཅོད་མིང་ཡང་མེད་པར་ཤོག །ན་མོ་ཧཱུཾ། དེ་ནས། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་བླ་མ་རིག་འཛིན་ཞི་ཁྲོ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་མཁའ་ཁྱབ་ཏུ་སད་པར་མོས་ལ། ཡེ་ནས་མཉམ་ཉིད་ཀྱིས་བཤགས་བྱས་པ་ཏེ། ཧཱུཾ། སྒྲིབ་པ་རྣམ་གཉིས་དངོས་པོ་ཅིར་སྣང་ཡང་། །ཡིད་ཀྱིས་མངོན་དུ་བཤགས་པའི་བྱིན་རླབས་ཀྱིས ། སྒྲིབ་པ་ཡེ་ནས་དག་པའི་དོན་རྟོགས་ནས། །ཡེ་ཤེས་རྣམ་གཉིས་མངོན་དུ་གསལ་བར་ཤོག །ན་མོ་ཧཱུཾ། དེ་ནས་མཆོད་རྫས་རྣམས་རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྣོད་དབྱིངས་ཀྱི་བྷཉྫན་བཅུད་དམ་རྫས་བཅུ་ཡེ་ཤེས་ལྔའི་ངོ་བོར་གནས་པའི་དབུས་སུ་ཆེ་མཆོག་ཧེ་རུ་ཀ །བདག་བདུད་རྩི་འཁྱིལ་བར་གསལ་བའི་གཡོན་པའི་མཐེབ་སྲིན་ལ་རྟ་མགྲིན་ཡབ་ཡུམ། བཛྲ་ཨ་མྲྀ་ཏེ་ༀ་ཨཱཿཧཱུཾ་ཧྲཱིཿཋཱ། ཞེས་བཟླས་པས། བདག་གི་འོད་ཀྱིས་འཁོར་འདས་ཀྱི་བདུད་རྩི་བསྡུས་ནས་ཐིམ་པས་ཞུ་ཞིང་། རྟ་མགྲིན་ཡབ་ཡུམ་རོལ་པའི་བྱང་སེམས་དང་རོ་གཅིག་ཏུ་འདྲེས་ནས་ཡེ་ཤེས་ཀྱི་བདུད་རྩིར་གྱུར། སྤྲོ་ན་དངོས་གྲུབ་བླང་བ་དང་བསང་གཏོར་གསུམ་ཡང་བྱའོ། །སྟོང་པའི་ངང་ལས་གཏོར་གཞོང་ཡུམ་ལྔའི་མཁའ་ཀློང་དུ། ༀ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིདྟ་བ་ལ་བཱ་དྱ་གུ་ཧྱ་ས་མ་ཡ་ཧཱུཾ་ཕཊ། ཅེས་བཟླས་པས། གཏོར་མ་ཡེ་ཤེས་ལྔའི་རོལ་པ་འདོད་ཡོན་ལོངས་སྤྱོད་ཀྱི་གཏེར་དུ་གྱུར། སྟོང་བའི་ངང་ལས་སྣོད་པདྨ་འབར་བའི་དབྱིངས་སུ། ༀ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུཾ་ཧྲཱིཿཋཱ། ཞེས་བཟླས་པས། བཅུད་རཀྟ་ཡེ་ཤེས་ཀྱི་རྦ་ཀློང་འཁྲུག་པ་ལ་ཁམས་གསུམ་གྱི་རཀྟ་ཐམས་ཅད་ཞུ་ཞིང་འདྲེས་པར་གྱུར། སྟོང་པའི་ངང་ལས་མཆོད་སྣོད་དབྱིངས་ཀྱི་ཞིང་ཁམས་སུ་མཆོད་རྫས་ཡེ་ཤེས་ལྔའི་རྣམ་རོལ་འདོད་ཡོན་གྱི་སྲིན་འཕྲོ་བརབསམ་ལ། ན་མ་སྶམནྟ་བུདྡྷཱ་ནཱཾ་ག་ག་ན་ས་མ་ཡེ་སྭཱ་ཧཱ། ༀ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ། པུཥྤེ་པུ། ཨཱ་ལོ་ཀེ་ཧྲཱིཿ གནྡྷེ་གན། ཞེས་བརྗོད་པས་བྱིན་གྱིས་བརླབས་ལ། ཧཱུཾ། ཐུན་མོང་རྫས་ཀྱི་དངོས་པོ་ཅིར་སྣང་ཡང་། མཆོད་པ་བྱིན་གྱིས་བརླབས་པའི་ནུས་མཐུ་ཡིས། །འདོད་པའི་ཡོན་ཏན་ཡོངས་སུ་རྫོགས་གྱུར་ནས། །དུས་གསུམ་བདེ་གཤེགས་མ་ལུས་མཆོད་པར་ཤོག །ན་མོ་ཧཱུཾ། ཞེས་བརྗོད་དོ། ༈ །གཉིས་པ་དངོས་གཞི་ལ། ཞི་ལུང་དང་། ཁྲོ་ལུང་གཉིས་ལས། དང་པོ་ཞི་ལུང་ནི། དབྱིངས་ཡེ་ཇི་བཞིན་པའི་དཀྱིལ་འཁོར་དང་། ཡེ་ཤེས་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གཉིས་དབྱེར་མེད་པའི་སྲས་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལས་སྔགས་ཀྱི་སྒྲ་གདངས་ཀྱིས་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་སད་པར་གྱུར་པ་ནི། བྷྲུཾ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ། དུ་ཏི་ནན་རཏྣ་སཱུརྻ་ཙནྡྲ་པདྨ། ཞེས་པས། ནམ་མཁའ་ཐམས་ཅད་ཡུམ་ལྔའི་མཁའ་ཀློང་འབྱུང་ལྔའི་དཀྱིལ་འཁོར་ལ་བརྟེན་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་རྟ་བབས་བརྒྱད་ཀྱིས་བརྒྱན་པའི་དབུས་སུ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་པད་ཉི་ཟླ་བ་བརྩེགས་པའི་གདན་དང་བཅས་པ་བཀྲ་ལམ་གྱི་གསལ་བར་གྱུར། ཧཱུཾ། སྣོད་ཀྱི་འཇིག་རྟེན་འབྱུང་བ་ཅིར་སྣང་ཡང་། །གཞལ་ཡས་དབང་ཆེན་བསྒོམས་པའི་བྱིན་རླབས་ཀྱིས། །ཆོས་ཉིད་མཐའ་དབུས་མེད་པའི་དོན་རྟོགས་ནས། །འོག་མིན་གནས་སུ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ༀ། ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མཱནྟ་ཨ། ཞེས་བརྗོད་པས། གདན་གྱི་སྟེང་དུ་བདག་ཉིད་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་ག་ཞི་ཞིང་རབ་ཏུ་འཛུམ་པའི་ཉམས་ཅན་མཚན་དང་དཔེ་བྱད་ཀྱིས་འབར་བ། ཞལ་གཅིག །ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་ཅན་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་པང་དུ་ཡུམ་ཀུན་ཏུ་བཟང་མོ་སྔོན་མོ་ཕྱག་གཉིས་ཀྱིས་ཡབ་ལ་འཁྱུད་ཅིང་པདྨའི་སྐྱིལ་མོ་ཀྲུང་གིས་འཁྲིལ་བ། གཉིས་ཀའང་དར་གྱི་ཆས་གོས་ལྔ་དང་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་སྤྲས་ཏེ། འོད་ཟེར་བྱེ་བ་དྲུག་ཕྲག་དྲུག་འཕྲོ་བའི་ཀློང་ན་བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས་པའོ། །རང་གཞི་ལུས་ཀུན་བཟང་ཡབ་ཡུམ་དུ་གསལ་བའི་ཐུགས་ཀར་འཁོར་ལོ་རྩིབས་བཞི་པའི་ལྟེ་བར། ཧཱུཾ་མཱུཾ་ཞེས་པས། མི་བསྐྱོད་པ་ཡབ་ཡུམ་སྔོན་པོ་རྡོར་དྲིལ། རྩིབས་བཞིའི་ཤར་དུ། ༀ་ལཱཾ། རྣམ་སྣང་ཡབ་ཡུམ་དཀར་པོ་འཁོར་ལོ་དང་དྲིལ་བུ། སྭཱཾ་མཱཾ། ལྷོར་རིན་འབྱུང་ཡབ་ཡུམ་སེར་པོ་རིན་པོ་ཆེ་དང་དྲིལ་བུ། ཨཱཾ་པཱཾ། ནུབ་ཏུ་སྣང་མཐའ་ཡབ་ཡུམ་དམར་པོ་པདྨ་དང་དྲིལ་བུ། ཧཱཾ་ཏཱཾ། བྱང་དུ་དོན་གྲུབ་ཡབ་ཡུམ་ལྗང་ཁུ་རལ་གྲི་དང་དྲིལ་བུ། ཕུང་པོ་ལྔ་དང་འབྱུང་བ་ཅིར་སྣང་ཡང་། །རིགས་ལྔ་ཡབ་ཡུམ་བསྒོམས་པའི་བྱིན་རླབས་ཀྱིས། །ཡབ་ཡུམ་གཉིས་སུ་མེད་པའི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་ཤོག །ན་མོ་ཧཱུཾ། གཡས་ཕྱོགས་ཀྱི་དབང་པོའི་རྩ་བཞི་ལ། ཀྵིཾ་ཧཱུཾ། མིག་ལ་ས་སྙིང་དང་སྒེག་མོ། ཛྲིཾ་ཧྲཱིཿ རྣ་བར་ཕྱག་རྡོར་དང་གླུ་མ། ཏྲཾ་ཏྲཾ། སྣ་ལ་ནམ་སྙིང་དང་ཕྲེང་བ་མ། ཧྲཱིཾ་ཨཾ། ལྕེ་ལ་སྤྱན་རས་གཟིགས་དང་གར་མ། གཡོན་ཕྱོགས་ཀྱི་དབང་པོ་ལ། མཻ་ཛཿ མིག་ལ་བྱམས་པ་དང་སྤོས་མ། ཐླྷིཾ་ཧཱུཾ། རྣ་བར་སྒྲིབ་སེལ་དང་མེ་ཏོག་མ། ཧཱུཾ་བཾ། སྣ་ལ་ཀུན་བཟང་དང་མར་མེ་མ། མུཾ་ཧོཿ ལྕེ་ལ་འཇམ་དཔལ་དང་དྲི་ཆབ་མ། དབང་པོ་རྣམ་ཤེས་ཡུལ་དུས་ཅིར་སྣང་ཡང་། །སེམས་དཔའ་སེམས་མ་བསྒོམས་པའི་བྱིན་རླབས་ཀྱིས། །ཐམས་ཅད་ལྷ་དང་ལྷ་མོའི་དོན་རྟོགས་ནས། །ཞིང་དང་སྤྱོད་ཡུལ་ཡོངས་སུ་དག་པར་ཤོག །ན་མོ་ཧཱུཾ། སྙིང་གའི་འཁོར་ལོའི་མདུན་དང་རྒྱབ་ཏུ། ཧཱུཾ་ཨ། བྱེད་པ་པོ་དང་བྱ་བ་མོ། ཡིད་དང་ཆོས་ཀྱི་དངོས་པོ་ཅིར་སྣང་ཡང་། །ཀུན་བཟང་ཡབ་ཡུམ་བསྒོམས་པའི་བྱིན་རླབས་ཀྱིས། །དབྱིངས་དང་ཡེ་ཤེས་གཉིས་མེད་དོན་རྟོགས་ནས། །ཆོས་སྐུ་འགྱུར་མེད་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཀྲཱིཾ་དཔྲལ་བར་ལྷའི་ཐུབ་པ། ཧཱུཾ་ཏྲུཾ་ལྕེ་སྟེང་དུ་ལྷ་མིན་གྱི་ཐུབ་པ། སྲུཾ་སྙིང་གར་མིའི་ཐུབ་པ། བྲཾ་ལྟེ་བར་བྱོལ་སོང་གི་ཐུབ་པ། ཀྵཾ་གསང་བར་ཡི་དྭགས་ཀྱི་ཐུབ་པ། ཡེ་རྐང་མཐིལ་གཡོན་པར་དམྱལ་བའི་ཐུབ་པ། འགྲོ་བ་རིགས་དྲུག་དངོས་པོ་ཅིར་སྣང་ཡང་། །ཐུབ་པ་དྲུག་ཏུ་བསྒོམ་པའི་བྱིན་རླབས་ཀྱིས། །རོལ་པ་ཅིར་ཡང་སྣང་བའི་དོན་རྟོགས་ནས། །སངས་རྒྱས་མཛད་པ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། རྐང་ལག་གི་མཐིལ་བཞི་ལ། ཧཱུཾ་ཛཿ ལག་གཡས་སུ་གཤིན་རྗེ་གཤེད་དང་ལྕགས་ཀྱུ་མ། ཧཱུཾ་ཧཱུཾ་གཡོན་པར་སྟོབས་ཆེན་དང་ཞགས་པ་མ། ཧཱུཾ་བཾ། རྐང་གཡོན་ལ་རྟ་མགྲིན་དང་ལྕགས་སྒྲོག་མ། ཧཱུཾ་ཧོཿ གཡས་པར་བདུད་རྩི་འཁྱིལ་བ་དང་དྲིལ་བུ་མ། ཡན་ལག་བཞི་ཡི་དངོས་པོ་ཅིར་སྣང་ཡང་། །སྒོ་བ་ཡབ་ཡུམ་བསྒོམས་པའི་བྱིན་རླབས་ཀྱིས། །བར་དུ་གཅོད་པ་མ་ལུས་ཀུན་བསལ་ནས། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། དེ་ལྟར་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་ལྟར་བཀྲ་ལམ་གྱིས་གསལ་བར་གྱུར། དེ་ནས་དབང་བསྐུར་བ་ནི། རིགས་ལྔའི་དབང་རྒྱ་སྤྱི་བོའི་གནས་ལྔར་འཇོག་ཅིང་། ༀ་མ་ཧཱ་ཤུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨཱ་དཪྴ། ས་མ་ཏཱ། པྲ་ཏྱ་བེ་ཀྵ་ཎ། ཀྲྀ་ཏྱ་ནུཥྛཱ་ན། ཞེས་བརྗོད་པས། སྤྱི་བོའི་གནས་ལྔར་དེ་བཞིན་གཤེགས་པ་རིགས་ལྔ་ཡབ་ཡུམ་རྗེས་ཆགས་ཀྱིས་ཞུ་བའི་ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་དབང་བསྐུར་བས། དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་པར་གྱུར། བྱིན་རླབས་ནི། རྡོ་རྗེའི་ཕྱག་རྒྱ་གནས་གསུམ་དུ་གཏུག་ཅིང་། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཝཱཀ ཙིཏྟ། གནས་གསུམ་དུ་ཟླ་བ་པདྨ་ཉི་མ་ལ་གནས་པའི་ༀ་ཨཱཿཧཱུཾ། འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་རྣམ་སྣང་། འོད་དཔག་མེད། མི་བསྐྱོད་པ་རྣམས་ཀྱིས་རྒྱས་བཏབ་པར་གྱུར། ཧཱུཾ། ལུས་ངག་ཡིད་གསུམ་དངོས་པོ་ཅིར་སྣང་ཡང་། །དབང་བསྐུར་བྱིན་གྱིས་བརླབས་པའི་ནུས་མཐུ་ཡིས། །ཉོན་མོངས་དངོས་པོ་མ་ལུས་ཀུན་བྱང་ནས། སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བ་ནི། བཛྲ་ས་མཱ་ཛཿ་ས་སྙན་གསན་ཕབ་ལ། ༀ། ཐུགས་རྗེའི་ལྕགས་ཀྱུ་སོགས་ཀྱི་མཐར། ཨེ་ཧྱེ་ཧི་ཨཱ་ན་ཡ་ཛཿ་ཧཱུཾ་བཾ་ཧོཿས་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿས་བསྟིམ་ལ། ཏིཥྛ་བཛྲ་གྱིས་བརྟན་པར་བྱས་ཏེ། དམ་ཚིག་གི་འཁོར་ལོ་དང་དབྱེར་མེད་དུ་བཞུགས་པར་གྱུར། ཧཱུཾ། སངས་རྒྱས་སེམས་ཅན་དངོས་པོ་ཅིར༴ བདེ་གཤེགས་སྤྱན་དྲངས་བསྟིམ་པའི་བྱིན་རླབས་ཀྱིས། །ཡེ་ནས་སངས་རྒྱས་ཡིན་པའི་དོན་རྟོགས་ནས། །གཉིས་སུ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། དེ་ནས་དབྱིངས་ལ་ཡེ་ཤེས་སམ་ལྷ་ལ་ལྷ་རོལ་པའི་ཚུལ་གྱིས་ཕྱག་མཆོད་བྱས་པར་མོས་ལ། ༀ་སརྦ་ཏ་ཐཱ་ག་ཏ་ས་ཏྭ་བནྡྷ་ནཱཾ་ཀ་རོ་མི། ཨ་ཏི་པུ་ཧོཿ པྲ་ཏི་པུ་ཧོཿ ཞེས་ཕྱག་བྱས་ལ། ཧཱུཾ། བཟང་ངན་ཆེ་ཆུང་ཁྱད་པར་ཅིར༴ དཀྱིལ་འཁོར་ལྷ་ལ་ཕྱག་བཙལ་བྱིན༴ ཡེ་ནས་འདྲེས་པ་ཆེན་པོའི་དོན༴ གཉིས་སུ་མེད་པར་ལྷུན་གྱིས༴ ན་མོ་ཧཱུཾ། ཧཱུཾ། འབྱུང་བ་ཆེན་པོ་ནམ་མཁའ་ནི། །འབྱུང་བ་ཆེན་པོ་ལྔ་ཡི་མཛོད། །ནམ་མཁའ་ལས་ནི་འདོད་པ་འབྱུང་། །འདོད་པའི་མཆོད་པ་འབྱུང་གྱུར་ཅིག །ༀ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ཀྱིས་ཀུན་བཟང་། ༀ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་སོགས་ཀྱིས་ཞབས་བསིལ། ༀ་ཤྲཱི་བཛྲ་རཱ་ག་དྷུ་པེ་དྷཱུ། པུཥྤེ་པུ། ཨཱ་ལོ་ཀེ་ཧྲཱིཿ གནྡྷེ་གན། ཞེས་བཞི་བསྣོལ་ཕུལ་ནས། ཧཱུཾ། བདག་དང་གཞན་གྱི་དངོས་པོ་ཅིར༴ དཀྱིལ་འཁོར་ལྷ་རྣམས་མཆོད་པའི༴ འཁོར་གསུམ་ཡོངས་སུ་དག་པའི་དོན༴ དངོས་གྲུབ་རྣམ་གསུམ་ལྷུན་གྱིས༴ ན་མོ་ཧཱུཾ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧིས་སྨན་མཆོད་ཕུལ། ཀཱ་ཡ་སིདྡྷི་ༀ། ཝཱ་ཀ་སིདྡྷི་ཨཱཿ་ཙིཏྟ་སིདྡྷི་ཧཱུཾ། ཞེས་སྨན་གྱིས་དངོས་གྲུབ་བླངས་ལ། ཧཱུཾ། བཞི་བརྒྱ་རྩ་བཞིའི་ནད་རྣམས་ཅིར༴ བདུད་རྩི་སྨན་མཆོག་མཆོད་པའི་བྱིན༴ ཡུན་དུ་གནོད་པའི་ནད་རྣམས་ཀུན་བྲལ་ནས། །སྐྱེ་ཤི་མེད་པར་ལྷུན་གྱིས་གྲུབ༴ ན་མོ་ཧཱུཾ། མ་ཧཱ་བི་ལིཾ་ཏ་པྲ་ཏཱི་ཙྪ་ཁཱ་ཧིས་གཏོར་མ་ཕུལ་ལ། ཧཱུཾ། སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་ཅིར༴ དམ་རྫས་གཏོར་མས་མཆོད་པའི་བྱིན༴ འཕྲལ་དུ་སྐབས་འཚོལ་གནོད་པ་ཀུན་བསལ་ནས། །འགྱུར་བ་མེད་པར་ལྷུན༴ ན་མོ་ཧཱུཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ་྅་ཧཾ། ཞེས་ལྷ་ཐམས་ཅད་སྙོམས་འཇུག་གི་བདེ་བས་མཉེས་པར་བསམ་པ་སྦྱོར་མཆོད་དང་། བོ་དྷི་ཙིཏྟ་སྥ་ར་ཎ་ཕཊ། ཅེས་བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས་སྤྲིན་སྤྲོས་པས་འཁོར་བའི་འཁྲུལ་རྟོག་འོད་གསལ་གྱི་དབྱིངས་སུ་བསྒྲལ་བས་བསྒྲལ་མཆོད་ཕུལ་ལ། ཧཱུཾ། ཆགས་སྡང་རྣམ་གཉིས་དངོས་པོ་ཅིར༴ ཏན་གན་རྣམ་གཉིས་ཕུལ་བའི་བྱིན༴ ཉོན་མོངས་དུག་གསུམ་རྩ་ནས་དག་གྱུར་ཏེ། །བདག་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། མ་ཧཱ་པཱུ་ཛ་ཧོཿ ཞེས་པས་སྣང་བ་ཐམས་ཅད་འདོད་ཡོན་གྱི་རོལ་མོར་འཆར་ཞིང་དེ་ཉིད་དབྱིངས་རིག་དབྱེར་མེད་བདེ་བ་ཆེན་པོར་རོ་མཉམ་པར་བལྟས་ལ། ཧཱུཾ། ཡུལ་དང་དབང་པོའི་དངོས་པོ་ཅིར་སྣང་ཡང་། །འདོད་ཡོན་རྣམ་ལྔས་མཆོད་པའི་བྱིན༴ ཡུལ་སེམས་གཉིས་སུ་མེད་པའི་དོན་རྟོགས་ནས། །སྤྱོད་ཡུལ་མ་ལུས་ཡོངས་སུ་དག་པར་ཤོག །ན་མོ་ཧཱུཾ། བསྟོད་པ་ནི། ཧཱུཾ། དབྱིངས་ཀུན་རང་བཞིན་རྣམ་དག་པས། །ཐུགས་རྗེའི་དབང་གིས་སྐུར་བཞེངས་པ། །རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་དག །རང་སྣང་ལྷ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ལ། ཧཱུཾ། ཉོན་མོངས་སྡུག་བསྔལ་དངོས་པོ་ཅིར་སྣང་ཡང་། །གླུ་དང་སྒྲ་སྙན་རོལ་མོས་བསྟོད་པའི་མཐུས། །ཐམས་ཅད་ཐེག་པ་ཆེན་པོའི་སྒྲར་གྱུར་ནས། །གསང་སྔགས་དོན་ཉིད་ཀུན་གྱིས་རྟོགས་པར་ཤོག །ན་མོ་ཧཱུཾ། སྨོན་ལམ་དང་འདོད་དོན་གསོལ་བ་ནི། ཧོཿ ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རིགས་ལྔ་རྒྱལ་བ་རྒྱ་མཚོ་འཁོར་བསམ་གྱིས་མི་ཁྱབ་པ་དང་བཅས་པ་ཐམས་ཅད་གསན་ཅིང་དགོངས་སུ་གསོལ། བདག་ཅག་རྣལ་འབྱོར་གྱི་མཆོད་པ་དམ་པ་རིག་པའི་ཁྱད་པར་ལས་བྱུང་བ་ཕྱི་ནང་གསང་བ་གསུམ་གྱི་ཚུལ་དུ་ཕུལ་བས་སྐུ་གསུང་ཐུགས་ཀྱི་རྒྱུད་མཉེས་པ་ཆེན་པོས་ཁྱབ་པར་གྱུར་ཅིག །དེའི་བྱིན་རླབས་ཀྱི་མཐའ་ཡས་བའི་སེམས་ཅན་ཐམས་ཅད་རྡོ་རྗེ་འཆང་གི་གྲལ་ཐོབ་པར་གྱུར་ཅིག །བདག་ཅག་གི་དམ་ཚིག་ཉམས་པ་ཐམས་ཅད་སྐོངས་ཏེ་དངོས་གྲུབ་ཀྱི་སྣོད་དུ་གྱུར་ནས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སར་སངས་རྒྱས་ཏེ་འཁོར་བ་ཀར་དག་པར་གྱུར་ཅིག །ཨ་ལ་ལ་ཧོཿ ཞེས་དང་། བདག་ཅག་དམ་ཚིག་འདི་ལ་མངོན་པར་ཞུགས་པ་རྣམས། །ཞེས་སོགས་ཀྱང་བརྗོད་ལ། ཧཱུཾ། ཡིད་ལ་བསམ་པའི་དངོས་པོ་ཅིར་སྣང་ཡང་། །སྨོན་ལམ་མངོན་དུ་བཏབ་པའི་བྱིན་རླབས་ཀྱིས། །ཡིད་ལ་ཅི་བསམ་ལྷུན་གྱིས་གྲུབ་ནས་ཀྱང་། །འགྲོ་དོན་མ་ལུས་ལྷུན་གྱི་གྲུབ་པར་ཤོག །ན་མོ་ཧཱུཾ། དེ་ནས་འཛབ་བཟླ་བ་ནི། གཞི་ལུས་ཀྱི་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཟླ་བ་ལ་ༀ་ཡིག་སྔོན་པོ་བཟླ་བྱའི་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། ལུས་དཀྱིལ་གྱི་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། སོ་སོའི་སྐུ་ལས་འཕྲོས་པའི་འོད་ཟེར་གྱིས་མཁའ་ཁྱབ་ཀྱི་རྒྱལ་བ་རྣམས་མཆོད། སེམས་ཅན་ཐམས་ཅད་ཀྱི་སྒོ་གསུམ་གྱི་སྡིག་སྒྲིབ་སྦྱངས་ཏེ་རང་གཞིན་ལྷ་སྔགས་འོད་གསལ་གྱི་འཁོར་ལོ། གནས་པ་མངོན་དུ་བྱས་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དང་དབྱེར་མེད་དུ་གྱུར། འོད་ཟེར་དེ་རྣམས་སླར་འདུས་རང་ལ་ཐིམ་པས་ཁམས་གསུམ་ལྷའི་དཀྱིལ་འཁོར་དུ་སད་པར་མོས་ལ། ལུས་ཀྱི་སྒུལ་བསྐྱོད་ཅི་བྱས་དམ་ཚིག་གི་ཕྱག་རྒྱ། ངག་གི་བཟླས་བརྗོད་ཆོས་ཉིད་ཀྱི་སྒྲ་གདངས། །སེམས་ཀྱི་དྲན་རྟོག་དབྱིངས་རིག་དབྱེར་མེད་རྩ་བ་བྱང་ཆུབ་ཀྱི་སེམས་སུ་རྟོགས་པར་བྱས་ཏེ། ༀ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུཾ་ཧཱུཾ། ཞེས་སྤྱི་འཛབ་ཁོ་ན་བཟླ་ཞིང་། །སྤྲོ་ན་སྒྲུབ་ཐབས་རྒྱས་པ་ལྟར་ཞི་བའི་བསྐྱེད་སྔགས་རྣམས་ཀྱང་ཅི་ནུས་བཟླའོ། །ཧཱུཾ། རྒྱུ་འབྲས་རྩོལ་བའི་སྡུག་བསྔལ་ཅིར་སྣང་ཡང་། །བསྙེན་སྒྲུབ་རྣམ་བཞིའི་འཛབ་བསྙེན་བྱས་པའི་མཐུས། །ཐམས་ཅད་ཀུན་ཏུ་བཟང་པོའི་དོན་རྟོགས་ནས། །དངོས་གྲུབ་རྣམ་གསུམ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། དེས་ཞི་ལུང་གི་དངོས་གཞི་ཚར་རོ། །གཉིས་པ་ཁྲོ་བོའི་ལུང་ནི། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་རྩ་བ་བྱང་ཆུབ་ཀྱི་སེམས་རང་བྱུང་གི་ཡེ་ཤེས་མ་འདྲེས་ཡོངས་རྫོགས་སུ་གསལ་བ་ལས། སྔགས་ཀྱི་སྒྲ་གདངས་ཀྱིས་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་སད་པར་གྱུར་པ་ནི། ཨེ་ཡཾ་ར་སུཾ་ཀེཾ་རཾ། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་བྷ་ཉྫ ཛྙཱ་ན་ཙཀྲ། སཱུརྻ་མཎྜ་ལ་དེ་བ་ཏིཥྛ་ནཾ་ཏི་ར་བཾ། ཞེས་པས། རང་གི་སེམས་དབུགས་ཁྲག་དང་ཤ་རུས་དྲོད་རྣམས་ཡེ་ཤེས་ཀྱི་རྩལ་སྣང་དུར་ཁྲོད་ཀྱི་རྫས་ཀྱི་ངོ་བོ་ལས། ཡུམ་ལྔའི་མཁའ་ཀློང་འབྱུང་ལྔའི་དཀྱིལ་འཁོར་དུ་གསལ་བ་ལ་བརྟེན་པའི་དུར་ཁྲོད་འབར་བའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་རྟ་བབས་བརྒྱད་ཀྱིས་བརྒྱན་པའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་རྡོ་རྗེའི་བྲག་ཆེན་པད་ཉི་ཟླ་བ་རྣམས་བརྩེགས་པའི་སྟེང་དུ་དབང་ཕྱུག་ཁྱོ་ཤུགས་ཉི་ཤུ་རྩ་བཞི་བྱོལ་སོང་གཙོ་བོ་བརྒྱད་ཀྱིས་བརྗིས་པའི་གདན་དང་བཅས་པ་གསལ་བར་གྱུར། ཧཱུཾ། དུར་ཁྲོད་རྫས་ཀྱི་དངོས་པོ་ཅིར་སྣང་ཡང་། འབར་བའི་གཞལ་ཡས་བསྒོམས་པའི་བྱིན་རླབས་ཀྱིས། །རྫས་སུ་ལྟ་བའི་རྟོག་པ་ཀུན་བྲལ་ནས། །གནས་མཆོག་རབ་འབྱམས་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ༀ་ཨ་ཀྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཀ་ཏ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ་ཕཊ། ཅེས་བརྗོད་པས། གདན་གྱི་སྟེང་དུ་བདག་ཉིད་བཅོམ་ལྡན་འདས་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་སྐུ་མདོག་མཐིང་ནག་འབར་བ་ཆེན་པོའི་གཟི་བྱིན་ཅན། མཐིང་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ་རྩེ་དགུ་རྩེ་ལྔ་རྩེ་གསུམ་པ། གཡོན་གསུམ་ཐོད་ཁྲག །ཞབས་བཞི་བརྐྱང་བསྐུམ་དོར་སྟབས་ཀྱིས་སྟན་ལ་རོལ་པ། ཡུམ་གནམ་ཞལ་དབྱིངས་ཀྱི་དབང་ཕྱུག་མ་སྔོན་མོ་གཡས་ཡབ་ལ་འཁྱུད་ཅིང་གཡོན་ཐོད་ཁྲག་སྟོབ་པ། གཉིས་ཀའང་གར་གྱི་ཉམས་དགུས་སྒེག་ཅིང་དུར་ཁྲོད་རོལ་པའི་ཆས་ཅན་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། འཁོར་འདས་ཀྱི་ཆོས་ཐམས་ཅད་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་གདན་ཁྲི་ནས་གཙུག་ཏོར་མན་ཆད་ལ་རྫོགས་པར་སྣང་བའི་བདག་ཉིད་ཆེན་པོར་གྱུར་པའོ། །རང་གཞི་ལུས་ཆེ་མཆོག་ཧེ་རུ་ཀར་གསལ་བའི་ཐུགས་ཀར་འཁོར་ལོ་རྩིབས་བརྒྱད་ལྟེ་བ་དང་བཅས་པ་ལ། ཙིཏྟའི་རྩ་དགུའི་བཅུད་ཧེ་རུ་ཀ་དགུ་དང་། རྩ་དགུ་ཀྲོ་དྷཱི་དགུར་གསལ་བ་ནི། འཁོར་ལོའི་ལྟེ་བར་ཧཱུཾ་ཧཱུཾ། ཞེས་པས། རྡོ་རྗེ་ཁྲག་འཐུང་མཐིང་ག་རྡོ་རྗེ་དང་དུང་དམར། རྩིབས་བརྒྱད་ཀྱི་ཤར་དུ་ཧཱུཾ་ཧཱུཾ་སངས་རྒྱས་ཁྲག་འཐུང་སྨུག་ནག་འཁོར་ལོ་དང་དུང་དམར། ལྷོར་ཧཱུཾ་ཧཱུཾ་རིན་ཆེན་ཁྲག་འཐུང་སེར་ནག་རྩེ་གསུམ་དང་དུང་དམར། ནུབ་ཏུ་ཧཱུཾ་ཧཱུཾ་པདྨ་ཁྲག་འཐུང་དམར་ནག་རལ་གྲི་དང་དུང་དམར། བྱང་དུ་ཧཱུཾ་ཧཱུཾ་ལས་ཀྱི་ཁྲག་འཐུང་ལྗང་ནག་རྒྱ་གྲམ་དང་དུང་དམར། ཤར་ལྷོར་ཧཱུཾ་ཧཱུཾ་རཀྴ་ཧེ་རུ་ཀ་མཐིང་ནག་དབྱུག་ཏོ་དང་དུང་དམར། ལྷོ་ནུབ་ཏུ་ཧཱུཾ་ཧཱུཾ་ས་ནུ་ཧེ་རུ་ཀ་སེར་ནག་དགྲ་སྟྭ་དང་དུང་དམར། ནུབ་བྱང་དུ་ཧཱུཾ་ཧཱུཾ་གུ་ཧྱ་ཧེ་རུ་ཀ་དུད་ཁ་རལ་གྲི་དང་དུང་དམར། བྱང་ཤར་དུ་ཧཱུཾ་ཧཱུཾ་ཡཀྵ་ཧེ་རུ་ཀ་ལྗང་ནག་བེ་ཅོན་དང་དུང་དམར། དེ་ཐམས་ཅད་ཀྱང་གར་དགུའི་ཉམས་ཅན་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་ཏེ་རང་མདོག་དང་མཚུངས་པའི་ཡུམ་རྣམས་གཡས་ཡབ་ལ་འཁྱུད་ཅིང་གཡོན་དུང་ཁྲག་སྟོབ་པ་དང་འཁྲིལ་བ། ཞབས་གཉིས་བརྐྱང་བསྐུམ་གྱིས་དྲེགས་པ་ཁྱོ་ཤུགས་དང་། ཁྱད་པར་རིགས་ལྔའི་ཁྲག་འཐུང་ལྔས་བྱོལ་སོང་གདུག་པ་ཅན་ཟུང་རེ་དང་བཅས་པ་བརྫིས་པའོ། །ཧཱུཾ། རུ་ཏྲ་རྣམ་གསུམ་དངོས་པོ་ཅིར་སྣང་ཡང་། ཁྲག་འཐུང་དགུ་རུ་བསྒོམས་པའི་བྱིན་རླབས་ཀྱིས། །བདུད་དང་སྲིན་པོའི་བར་ཆད་ཀུན་བསྒྲལ་ནས། །ཡེ་ཤེས་དགུ་རུ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཁམས་གསུམ་ས་དགུའི་དངོས་པོ་ཅིར་སྣང་ཡང་། །ཡུམ་ཆེན་དགུ་རུ་བསྒོམས་པའི་བྱིན་རླབས་ཀྱིས། །མ་བདུད་སྲིན་མོའི་བར་ཆད་ཀུན་བསྒྲལ་ནས། །ཐིག་ལེ་དགུ་རུ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། དབང་རྟེན་གྱི་རྩ་ཟུང་བཞིའི་རྩ་ནང་དུ་གནས་མ་བརྒྱད་ནི། མིག་གཉིས་སུ་ཧ་ཧ་ཞེས་པས་གཡས་པར་ག་རཱི་དང་། གཡོན་པར་པུཀྐ་སཱི། རྣ་བ་གཡས་གཡོན་དུ་ཧ་ཧ་པེ་ཏཱ་ལི་དང་གྷསྨ་རཱི། སྣ་གཡས་གཡོན་དུ་ཧ་ཧ་ཙ་རཱི་དང་སྨེ་ཤ །ལྕེའི་གཡས་གཡོན་གྱི་ཆར་ཧ་ཧ་པྲ་མོ་ཧཱ་དང་ཙཎྜ་ལཱི། ཧཱུཾ། རྣམ་ཤེས་བརྒྱད་ཀྱི་དངོས་པོ་ཅིར་སྣང་ཡང་། །ག་རཱི་བརྒྱད་དུ་བསྒོམས་པའི་བྱིན་རླབས་ཀྱིས། །ཡུལ་ལ་མངོན་པར་རྟོག་པ་ཀུན་བཅོམ་ནས། །རྣམ་པར་རྟོག་པའི་འདུ་ཤེས་མེད་པར་ཤོག །ན་མོ་ཧཱུཾ། དབང་རྟེན་གྱི་རྩའི་ཕྱིར་རོལ་ཏུ་ཡུལ་མ་བརྒྱད་ནི། མིག་གཡས་གཡོན་ལ་ཧེ་ཧེ་སེང་གདོང་མ་དང་རྒོད་གདོང་མ། རྣ་བ་གཡས་གཡོན་དུ་ཧེ་ཧེ་ཝ་གདང་དང་ཀངྐའི་གདོང་མ། སྣ་གཡས་གཡོན་དུ་ཧེ་ཧེ་སྟག་གདོང་མ་དང་ཁྭ་གདོང་མ། ལྕེའི་གཡས་གཡོན་དུ་ཧེ་ཧེ་ཁྱི་གདོང་མ་དང་འུག་གདོང་མ། ཧཱུཾ། དུར་ཁྲོད་བརྒྱད་ཀྱི་དངོས་པོ་ཅིར༴ ཕྲ་མེན་བརྒྱད་དུ་བསྒོམས་པའི༴ དམ་ཚིག་ཉམས་དང་དགྲ་བགེགས་ཀུན་བསྒྲལ་ནས། །རྣལ་འབྱོར་བར་ཆོད་མིང་ཡང་མེད་པར་ཤོག །ན་མོ་ཧཱུཾ། ཡན་ལག་གི་མཐིལ་བཞི་ལ་སྒོ་མ་བཞི་ནི། ལག་པ་གཡས་གཡོན་དུ་ཕཊ་ཕཊ་རྟ་གདོང་མ་དང་ཕག་གདོང་མ། རྐང་པ་གཡོན་གཡས་སུ་ཕཊ་ཕཊ་སྤྲེལ་གདོང་མ་དང་སྤྱང་གདོང་མ། ཧཱུཾ། སྐྱེ་རྒ་ན་འཆིའི་དངོས་པོ་ཅིར་སྣང་ཡང་། །སྒོ་མ་བཞི་རུ་བསྒོམས་པའི་བྱིན་རླབས་ཀྱིས། །བར་དུ་གཅོད་པའི་བདུད་བཞི་ཀུན་བཅོམ་ནས། །སྐྱེ་གནས་རྣམ་བཞིའི་མིང་ཡང་མེད་པར་ཤོག །ན་མོ་ཧཱུཾ། གནས་ཡུལ་སྒོ་སྐྱོང་རྣམས་སྐུ་མདོག་ཞལ་དང་ཕྱག་མཚན་རྒྱན་རྣམས་སྒྲུབ་ཐབས་རྒྱས་པ་ལྟར་གསལ་གདབ་བོ། །ལུས་ཀྱི་ཕྱོགས་མཚམས་སུ་འབར་མ་བརྒྱད་ནི། །ཨ་ཞེས་པས། སྙིང་གར་ཉི་ཟེར་ཅན་མ། ཨ། གཡས་ཕྱོགས་ཀྱི་ནུ་མར་མེ་ཁྱེར་གློག་ཕྲེང་མ། ཨ། ཕྲག་པར་སྐར་མདའ་འཕེན། ཨ། སོག་པར་སྲིན་མོ་རལ་གྲིའི་སྐྲ་ཅན། ཨ། སོག་ཕྲག་ཏུ་ཀླུ་མོ་ལྕེ་འབེབས་མ། ཨ། གཡོན་ཕྱོགས་ཀྱི་སོག་པར་གནོད་སྦྱིན་ཁྱུང་ཐོགས་མ། ཨ། ཕྲག་པར་བ་ལང་སྣ། ཨ། ནུ་མར་མིག་འབྱིན་སྙིང་སྲེག་མ་སྟེ། ཐམས་ཅད་ཀྱང་སྐུ་མདོག་དམར་ནག་རྡོ་རྗེ་དང་དུང་ཁྲག་བསྣམས་པའོ། །ཧཱུཾ། ཕྱོགས་མཚམས་བརྒྱད་ཀྱི་དངོས་པོ་ཅིར༴ སྤོར་མ་བརྒྱད་དུ་བསྒོམས་པའི༴ ལྷ་སྲིན་སྡེ་བརྒྱད་བར་ཆད་ཀུན་བསྒྲལ་ནས། །འཇིག་རྟེན་བར་ཆད་མིང་ཡང་༴ ན་མོ་ཧཱུཾ། སོག་པའི་འོག་གི་གཡས་གཡོན་གྱི་རྩིབ་མ་དང་པོ་གཉིས་གཉིས་ཏེ་ནམ་ཚོང་རྩིབ་མ་བཞི་ལ་གསང་བའི་ཡུམ་བཞི་ནི། ཛཿ གཡས་ཀྱི་དང་པོར་དཀར་མོ་རྒྱས་འདེབས་མ་རྡོ་རྗེ། ཧཱུཾ། གཡོན་དང་པོར་སེར་མོ་ཚེ་འཕེལ་མ་མདའ་གཞུ། བཾ། གཡོན་འོག་མར་དམར་མོ་དབང་སྡུད་མ་རྒྱལ་མཚན། ཧོཿ གཡས་འོག་མར་ནག་མོ་རྨོངས་བྱེད་མ་དྲིལ་བུ། ཧཱུཾ། དྭངས་མ་བཞི་ཡི་དངོས་པོ་ཅིར༴ གསང་བའི་ཡུམ་བཞི་བསྒོམས་པའི༴ བེམ་པོར་ལྟ་བའི་མཚན་མ་ཀུན་བསལ་ནས། །ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་ཤོག །ན་མོ་ཧཱུཾ། མཇིང་ཚིགས་ལྔ་སྒལ་ཚིག་ཉི་ཤུ་མཇུག་ཚིགས་གསུམ་རྣམས་སྡོམས་པའི་སྒལ་ཚིགས་ཉེར་བརྒྱད་ལ་བྷྱོ་ཞེས་པས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་པོ་རང་རང་གི་མགོ་བརྙན་ཅན་སྐུ་མདོག་ཕྱག་མཚན་དང་བཅས་པ་སོ་སོའམ། ཡང་ན་ཐམས་ཅད་ཀྱང་སྨུག་ནག་རྩེ་གསུམ་ཐོགས་པའོ། །སོ་སུམ་ཅུ་རྩ་གཉིས་ལ་ཨེ་ཞེས་པས་མཁའ་འགྲོ་སུམ་ཅུ་རྩ་གཉིས་པོ་ཐམས་ཅད་སྨུག་ནག་རྡོ་རྗེ་གཤོག་པ་དང་དུང་ཁྲག་བསྣམས་པའོ། །ཧཱུཾ། སོ་དང་སྒལ་ཚིགས་དངོས་པོ་ཅིར༴ མཁའ་འགྲོ་དབང་ཕྱུག་བསྒོམས་པའི༴ ལོ་ཟླ་མི་མཐུན་གནོད་པ་ཀུན་བསལ་ནས། །བར་ཆད་བགེགས་ཀྱི་སྡུག་བསྔལ་མེད་པར་ཤོག །ན་མོ་ཧཱུཾ། མགོ་དང་གཟུགས་དྲུག་ལ། ཧཱུཾ་ཞེས་པས་མ་མོ་བདུན། རྐང་ལག་གི་རྒྱབ་སྲེག་ནེ་བཞི་ལ་ཏིང་ཞེས་པས་སྲིང་མོ་བཞི་སྟེ་ཐམས་ཅད་འཇོ་སྒེག་མཛེས་དམར་གྱི་ཚུལ་ཅན་གཡས་འཁྱུད་སྟབས་དང་གཡོན་དུང་ཁྲག །ཧཱུཾ། དགྲ་དང་བགེགས་ཀྱི་བར་ཆད་ཅིང་༴ མ་བདུན་སྲིང་བཞི་བསྒོམས་པའི༴ ཚེ་སྲོག་གནོད་པའི་བར་ཆད་ཀུན་བསྒྲལ་ནས། །ཉིན་མཚན་རྟག་ཏུ་ཐམས་ཅད་བསྲུང་བར་ཤོག །ན་མོ་ཧཱུཾ། རྩིབ་མ་ཉེར་བཞི་ལས་ན མ་ཚོང་བཞི་སྟེང་དང་འོག་ཏུ་གཡས་གཡོན་གྱི་རྩིབ་ཐུང་རེ་རེ་བོར་བའི་གུར་རྩིབ་བཅོ་བརྒྱད་ལ་ཧ་ཞེས་པས་གིང་བཅོ་བརྒྱད་པོ་སྔོ་སྐྱ་གྲི་དང་བསྒྲལ་བྱ་འཛིན་པ། ཧཱུཾ། གནོད་པའི་བསམ་སྦྱོར་ངན་པ་ཅིར༴ གིང་ཆེན་བཅོ་བརྒྱད་བསྒོམས་པའི༴ ཀི་ཀང་གཤེད་གཞིའི་གནོད་པ་ཀུན་བསལ་ནས། །རྣམ་པར་རྟོག་པའི་བར་ཆད་མེད་པར་ཤོག །ན་མོ་ཧཱུཾ། རྐང་ལག་གི་སོར་ཚིགས་བཅོ་ལྔ་ཕྲག་བཞི་རེ་རེ་ལའང་རྩ་དྲུག་དྲུག་ལ་ཕོ་ཉ་སུམ་བརྒྱ་དྲུག་ཅུ་སྒོམ་པ་ལས། སོར་ཚིགས་ཀྱི་རྒྱབ་ཀྱི་རྩ་ཚིགས་རུས་དང་བཅས་པ་ལ་ཧཱུཾ་ཧུཾ་ཞེས་པས་སྟེང་གི་ཕོ་ཉ་ཁྲོ་བོ་ཁྲོ་མོ་ཡ་དྲུག་ཅུ་པོ་ཐམས་ཅད་སྔོན་པོ་གཤོག་པ་འཛིན་པ། ཧཱུཾ། ཀེང་རུས་ཚིག་ཀྱི་དངོས་པོ་ཅིར༴ ཁྲོ་བོ་ཁྲོ་མོ་བསྒོམས་པའི༴ ཁམས་གསུམ་གདུག་པ་མ་ལུས་ཀུན་བསྒྲལ་ནས། །དྲག་པོའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། སོར་ཚིགས་བཅོ་ལྔ་ཕྲག་བཞིའི་གཡས་གཡོན་གྱི་རྩ་བཞི་བཞི་སྟེ་དྲུག་ཅུ་ལ་ཕྱོགས་ཀྱི་ཕོ་ཉ་ཉིས་བརྒྱ་བཞི་བཅུ་ལས། ཛཿ ལག་གཡས་ཀྱི་ཚིགས་ཀྱི་རྩ་ལ་སྐུའི་ཕོ་ཉ་དཀར་མོ་ལྕགས་ཀྱུ་ཐོགས་པ་དྲུག་ཅུ། ཧཱུཾ་ལག་གཡོན་གྱི་ཚིགས་ཀྱི་རྩ་ལ་ཡོན་ཏན་གྱི་ཕོ་ཉ་སེར་མོ་ཞགས་པ་ཐོགས་པ་དྲུག་ཅུ། བཾ། རྐང་གཡོན་གྱི་ཚིགས་ཀྱི་རྩ་ལ་གསུང་གི་ཕོ་ཉ་དམར་མོ་ལྕགས་སྒྲོག་ཐོགས་པ་དྲུག་ཅུ་ཧོཿ རྐང་གཡས་ཀྱི་ཚིགས་ཀྱི་རྩ་ལ་ཕྲིན་ལས་ཀྱི་ཕོ་ཉ་ནག་མོ་ཐོ་བ་ཐོགས་པ་དྲུག་ཅུ། ཧཱུཾ། རྩ་དང་བཅུད་ཀྱི་དངོས་པོ་ཅིར༴ ཕོ་ཉ་ཉིས་བརྒྱ་བཞི་བཅུ་བསྒོམས་པའི་མཐུས། །དགྲ་དང་བགེགས་ཀྱི་བར་ཆད་ཀུན་བསྒྲལ་ནས། །བདག་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། མཐིལ་ཕྱོགས་ཀྱི་སོར་ཚིགས་བཅོ་ལྔ་ཕྲག་བཞིའི་རྩ་རེ་རེ་ལ། མ་ཞེས་པས་ལས་བྱེད་ཀྱི་ཕོ་ཉ་མ་མོ་བྱུ་རུའི་མདོག་ཅན་གཏུན་ཤིང་ཐོགས་པ་དྲུག་ཅུ། ཧཱུཾ། ཤ་དང་ཁྲག་གི་དངོས་པོ་ཅིར༴ མ་མོ་དྲུག་ཅུ་བསྒོམས་པའི༴ སྲིད་གསུམ་གདུག་པ་མ་ལུས་ཀུན་བསྒྲལ་ནས། །ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། གཞན་ཡང་སྐྲ་རྣམས་དུས་གསུམ་གྱི་རིག་འཛིན་བླ་མ་བྱེ་བ་ས་ཡའི་ཚོགས་དང་། བ་སྤུ་རྣམས་སྤྲུལ་པ་དང་ཡང་སྤྲུལ་ཕྱག་བརྙན་འབུམ་ཕྲག་མཐའ་ཡས་པའི་ཚོགས་བསམ་གྱིས་མི་ཁྱབ་པར་སྣང་བ། དེ་ལྟར་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་ལྟར་མ་འདྲེས་ཡོངས་རྫོགས་སུ་བཀྲ་ལམ་གྱིས་གསལ་བར་གྱུར། དེ་ནས་དབང་བསྐུར་དང་བྱིན་རླབས་ཞི་བ་ལྟར་བྱས་རྗེས། སྤྱན་འདྲེན་ནི། བཛྲ་ས་མཱ་ཛཿ རུ་ལུ་རུ་ལུ་ཧཱུཾ། ཞེས་པས་སྙན་གསན་དབབ། ༀ། ཐུགས་རྗེ་ལྕགས་ཀྱུ་སོགས་ཀྱི་མཐར། ཨེ་ཧྱེ་ཧི་ཤྲཱི་ཧེ་རུ་ཀ་ཨ་ར་ལི་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཛཿཧཱུཾ་བཾ་ཧོཿ ཨེ་ཨ་ར་ལི་ཧྲཱིཾ་ཧྲཱིཾ་ཞེས་པས་སྤྱན་དྲངས་ལ། ཛཿཧཱུཾ་བཾ་ཧོ༔ས་བསྟིམ་པ་ནས་བཟུང་། འདོད་ཡོན་གྱི་མཆོད་པའི༴ སྤྱོད་ཡུལ་མ་ལུས་ཡོངས་སུ་དག་པར་ཤོག །ན་མོ་ཧཱུཾ། ཞེས་པའི་བར་ཞི་བ་ལྟར་ལས། ཁྱད་པར་གཏོར་མཆོད་ཀྱི་རྗེས་སུ། མ་ཧཱ་རཀྟ་པྲ་ཏཱི་ཙྪ་ཁ་ཧིས་རཀྟ་ཕུལ་ལ། ཧཱུཾ། ཞེན་ཅིང་ཆགས་པའི་དངོས་པོ་ཅིར༴ ཁམས་གསུམ་ཁྲག་གི་རྒྱ་མཚོ་ཕུལ་བའི་མཐུས། །དུག་ལྔ་མ་ལུས་རྩ་ནས་དག་གྱུར་ཏེ། །གཉིས་མེད་མཆོད་པ་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ ༴ ཞེས་པ་བཅུག །བསྟོད་པ་ནི། ཧཱུཾ། བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུད་ཅིང་། །བྱམས་དང་སྙིང་རྗེས་དགྲ་ཟུན་མི་མངའ་ཡང་། །གདུག་པ་འདུལ་ཕྱིར་དུས་ལས་མི་འདས་པའི། །འཇིགས་བྱེད་ཁྲོ་བོའི་ཚོགས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ལ། ཧཱུཾ། ཉོན་མོངས་སྡུག་བསྔལ་དངོས་པོ་ཅིར་སྣང་ཡང་། །སོགས་ཞི་བ་ལྟར་རོ། །སྨོན་ལམ་དང་འདོད་གསོལ་ནི། ཧོཿ ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་བཅོམ་ལྡན་འདས་ཆེ་མཆོག་ཧེ་རུ་ཀ་ལ་སོགས་ཏེ་ཧེ་རུ་ཀ་དགུ་ཀློང་འབར་བ། ཁྲོ་བོ་དང་ཁྲོ་མོ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་གསན་ཅིང་དགོངས་སུ་གསོལ། བདག་ཅག་རྣམ་འབྱོར་གྱི་མཆོད་པ་དམ་པ་ཞེས་པ་ནས། འགྲོ་དོན་མ་ལུས་ལྷུན་གྱིས་གྲུབ་པར་ཤོག །ན་མོ་ཧཱུཾ། ཞེས་པའི་བར་དང་། འཛབ་དམིགས་ཀྱང་། གཞི་ལུས་ཀྱི་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཉི་མ་ལ་ཧཱུཾ་ཡིག་སྔོན་པོ་བཟླ་བྱའི་སྔགས་ཕྲེང་གིས་བསྐོར་བ་ལས་ཞེས་བསྒྱུར་བ་མ་གཏོགས་ཞི་བ་ལྟར་ལས། བཟླ་བྱའི་སྔགས་སྤྱི་འཛབ་གུ་ཧྱ་ཛྙཱ་ན་ཁོ་ནའམ། སྤྲོ་ན་སྒྲུབ་ཐབས་རྒྱས་པ་ལྟར་ཁྲོ་བོའི་བསྐྱེད་སྔགས་རྣམས་ཀྱི་ཅི་འགྲུབ་བཟླས་མཐར། ཧཱུཾ། རྒྱུ་འབྲས་རྩོལ་བའི་སོགས་སྔར་ལྟར་རོ། །དེ་ལྟར་ཞི་ཁྲོ་གང་བྱེད་ཀྱང་རྗེས་ཆོག་ཐུན་མོང་བ་ནི། ཚོགས་ཀྱི་ཡོ་བྱད་རྣམས་ཀྲོ་དྷི་ཤྭ་རཱིས་བསང་། རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས་ཏེ་སྦྱངས། སྟོང་པའི་ངང་ལས་ཚོགས་གཞོང་པདྨ་འབར་བའི་སྣོད་དུ་ཚོགས་རྫས་ཡེ་ཤེས་ཀྱི་བདུད་རྩི་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་སོ་སོའི་ལྷ་མོའི་རོལ་པ་བསམ་གྱིས་མི་ཁྱབ་པའི་སྤྲིན་འཕྲོ་བའི་ལོངས་སྤྱོད་ཀྱི་གཏེར་དུ་གྱུར་པར་བསམ་ཞིང་། ༀ་ཨཱཿཧཱུཾ། ལན་གསུམ་བརྗོད་པས་བྱིན་གྱིས་བརླབས་ལ། བདག་མཆོད་ཀུན་མཉེས་ཐམས་ཅད་ཚིམ། །ཀུན་ལ་ཕན་པའི་སྨན་ཡིན་ཏེ། །རྣལ་འབྱོར་བདག་ཉིད་ཆེན་པོ་ཡིས། །ཐམས་ཅད་བཟའ་ཞིང་བརྒྱད་པར་བྱ། །ཨ་ལ་ལ་ཧོཿ བཟའ་དང་བཅའ་དང་བཏུང་དང་བགོ། །འདོད་པའི་ཡོན་ཏན་ལྔ་ལྡན་པ། །ནམ་མཁའི་སྤྲིན་ལྟར་གཏིབས་དཔུངས་ནས། །དཀྱིལ་འཁོར་ཉིད་ལ་དཀྱིལ་འཁོར་ཐིམ། །ཨ་ལ་ལ་ཧོཿ ཞེས་ལུས་དཀྱིལ་འཁོར་ལྷ་རྣམས་མཆོད་པའི་དོན་དུ་ནང་གི་སྲེག་བླུགས་ཀྱིས་ཚིམ་པར་རོལ་ལ། ལྷག་མ་བསྡུས་ཏེ་ཆོ་ག་རྒྱས་བསྡུས་ཇི་ལྟར་རིགས་པས་བསྔོ་ཞིང་། བརྟན་མའི་གཏོར་སྐྱོང་ཡང་བྱས་ལ། ཉེར་བསྡུད་ནི། ཧཱུཾ། ཞེས་བརྗོད་པས་རང་གི་སྙིང་གའི་འོད་ཀྱིས་ཕོག་པས་དག་པའི་སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་ལ་ཐིམ། དེ་གཞི་ལུས་ཀྱི་ལྷ་ཡབ་ཡུམ་ལ་ཐིམ། ཡུམ་ཡབ་ལ། ཡབ་ཀྱི་ལུས་དཀྱིལ་གྱི་ལྷ་རྣམས་ཀྱང་གནས་དེ་ཉིད་དུ་འོད་དུ་ཞུ་ནས་གཞི་ལུས་ཀྱི་ལྷ་དང་བཅས་པ་ཡེ་ཤེས་སེམས་དཔའ་ལ། །དེ་ཏིང་འཛིན་སེམས་དཔའ་ཐུགས་སྲོག་གི་ཡི་གེ་ལ། །དེ་ཡང་ན་དའི་བར་དུ་རིམ་གྱིས་བསྡུས་ནས་མི་དམིགས་པར་གྱུར་པ་ལ་མཉམ་བཞག་བྱ། དེའི་ངང་ལས་ཆུ་ལས་ཉ་ལྡང་བ་ལྟར་རང་ཉིད་ཞི་བ་ལ་ཀུན་ཏུ་བཟང་པོ་དང་། ཁྲོ་བོར་ཧེ་རུ་ཀ་ཕྱག་གཉིས་པའི་སྐུར་ལངས་ལ། གོ་བགོ་ལུས་བསྲུང་ནི། རང་གི་སྤྱི་བོར་ༀ། མགྲིན་པར་ཨཱཿ སྙིང་གར་ཧཱུཾ་རྣམས་ཀྱིས་མཚན་པར་བམས་ལ། བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾ། ཞེས་ལུས་རྡོ་རྗེའི་གོ་ཆས་ཞུ་ལུགས་སུ་བཅིངས་པས་སྒོ་གསུམ་རྡོ་རྗེ་གསུམ་དང་དབྱེར་མི་ཕྱེད་པར་བསམ་ཞིང་བསྔོ་ཤིས་ཀྱིས་མཐའ་བརྒྱན། སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་རང་བཞིན་དུ་ཤེས་པས་སྤྱོད་ལམ་ཐམས་ཅད་དོན་ཡོད་པར་སྤྱོད་དོ། །ད་ནི་ཞི་ཐུང་ཁྲོ་ཐུང་གི་ཆོ་ག་འདི་ལ་བརྟེན་ནས་བསྙེན་པ་བྱེད་ཚུལ་གྱི་ཆིངས་ཅུང་ཟད་བསྟོད་ཏེ། དབེན་པར་མཚམས་དམ་པར་བཅད་ནས་ཐུན་བཞིའི་རིམ་པས་ཐོག་མར་ཞི་བའི་བསྙེན་པ་རྫོགས་པར་བྱ། དེ་རྗེས་ཞག་གཅིག་ངལ་བསོ་བའམ་ཞི་བ་སྔ་དྲོ་བསྡུས་པའི་ཕྱི་དྲོའི་ཐུན་ནས་བརྩམས་ཀྱང་རུང་སྟེང་ཁྲོ་བོའི་བསྙེན་པ་ལ་འཇུག་གོ། །ཚུལ་དེས་ཞི་ཁྲོ་གཉིས་ལ་རབ་མཚན་མའི་བསྙེན་པ་དང་། འབྲིང་དུས་བསྙེན་ཟླ་དྲུག་ལ་སོགས་པ། ཐ་མ་གྲངས་བསྙེན་ལ་རྒྱས་འབྲིང་བསྡུས་གསུམ་ལས། རྒྱས་པ་ནི། སོ་སོའི་སྒོས་འཛབ་བཟླ་བ་ཡིན་པས་ཀུན་བཟང་དང་ཆེ་མཆོག་གི་སྔགས་ཆིག་འབུམ་རེ། ཞི་བའི་རིགས་ལྔ་དང་རྒྱུད་ལུང་གི་ཧེ་རུ་ཀ་དགུ་ལ་ཆིག་ཁྲི་རེ། ཞི་བའི་སེམས་དཔའ་མན་ཆད་དང་། ཁྲོ་བོའི་དབང་མོ་ཡན་ཆད་ཀྱི་འཁོར་སྔགས་རྣམས་ལྔ་སྟོང་རེ། དེ་མན་ཆད་བཀའ་ཉན་གྱི་དཀྱིལ་འཁོར་ལ་ཆིག་སྟོང་རེ་ཙམ་དང་། སྤྱི་འཛབ་གུ་ཧྱ་ཉྫཱ་ན་ཞི་ཁྲོ་སོ་སོར་སུམ་འབུམ་རེས་མཐའ་བརྟེན་པའོ། །འབྲིང་པོ་ནི། ཞི་བ་རིགས་དྲུག་དང་ཁྲོ་བོ་ཧེ་རུ་ཀ་བཅུ་སྔར་ལྟར་ལས། འཁོར་སྔགས་རྣམས་དོར་ནས་སྤྱི་འཛབ་ལ་འཇུག་སྟེ་གྲངས་བཤད་མ་ཐག་པ་བཞིན་ནོ། །བསྡུས་པ་ནི། སྤྱི་འཛབ་གུ་ཧྱ་ཛྙཱ་ན་ཁོ་ན་ཞི་བ་ལ་འབུམ་ཕྲག་གསུམ་མམ་གཅིག་དང་། ཁྲོ་བོ་ལ་འབུམ་ཕྲག་བཞིས་མཐའ་བརྟེན་པ་བཟླ་ཞིང་། དེ་ཐམས་ཅད་ལ་འབུམ་རྗེས་སུ་ཁྲི་སོགས་བཅུ་ཆའི་གྲངས་ཀྱི་ཁ་སྐོང་བ་དང་། བཅུ་ཆའི་སྦྱིན་སྲེག་དང་བཅས་པ་བྱ་བ་ཡིན་ནོ། །གལ་ཏེ་བློ་ནུས་ཆུང་བས་ཁྲོ་བོ་ལ་ལུས་དཀྱིལ་གྱི་ལྷ་ཡོངས་རྫོགས་བསྒོམ་པར་མི་ནུས་པས་ནི། བཀའ་ཉན་གྱི་དཀྱིལ་འཁོར་རྣམས་དོར་ནས་ཧེ་རུ་ཀ་དགུ། གནས་ཡུལ་སྒོ་སྐྱོང་། སྤོར་མ་གསང་ཡུམ། དབང་མོ་རྣམས་ཏེ་རྩ་དཀྱིལ་གྱི་ལྷ་ཚོགས་ཙམ་བཀོད་ནས་བཟླས་བརྗོད་བགྱིས་ནའང་ཆད་པའི་སྐྱོན་མེད་དོ། །ཡང་ལུང་གི་ཞི་ཁྲོ་གཉིས་དཀྱུས་གཅིག་ལ་གྱེར་བའི་ཚེ། །ཕྱི་དཀྱིལ་ལ་འགོད་ན་སྒྲུབ་ཐབས་དངོས་གྲུབ་ཆར་འབེབས་ལྟར་ཞི་ཁྲོ་སྟེང་འོག་ཏུ་སྒོམ་པ་ཡིན་ལ། འདིར་ལུས་དཀྱིལ་གྱི་དབང་དུ་བྱས་ན། ཞི་ལུང་གི་བཟླས་པའི་བར་སོང་རྗེས་ཁྲོ་དཀྱིལ་དུ་གནས་བསྒྱུར་ཏེ། ཨེ་ཡཾ་སོགས་རྟེན་དང་བརྟེན་པའི་བསྐྱེད་སྔགས་དང་གསལ་འདེབས་ཀྱི་ཚིག་རྣམས་བརྗོད་པས། ཕྱི་རིན་པོ་ཆེའི་གཞལ་ཡས་ཁང་དེ་ཉིད་དུར་ཁྲོད་འབར་བའི་གཞལ་ཡས་ཁང་དང་གཞུ་ལུས་ཀྱི་ཀུན་བཟང་ཆེ་མཆོག །ལུས་དཀྱིལ་གྱི་རིགས་ལྔ་རྒྱུད་ཀྱི་ཧེ་རུ་ཀ་ལྔ། སེམས་དཔའ་བརྒྱད་གནས་མ། སེམས་མ་བརྒྱད་ཡུལ་མ། བྱ་བྱེད་ཐུབ་དྲུག་དང་བཅས་པ་འབར་མ། ཏ་ཀྲྀ་ཏ་ཡབ་བཞི་སྒོ་སྐྱོང་གདོང་མོ་བཞི། ཡུམ་བཞི་གསང་ཡུམ་བཞི་རྣམས་སུ་གནས་བསྒྱུར་ཞིང་། ལུང་གི་ཧེ་རུ་ཀ་བཞི་ཡུམ་བཅས། དབང་མོ། མཁའ་འགྲོ། མ་བདུན། སྲིང་བཞི། ཀིང་བཅོ་བརྒྱད། ཕོ་ཉ་སུམ་བརྒྱ་དྲུག་ཅུ་རྣམས་སྔགས་བརྗོད་པ་ཙམ་གྱིས་གསར་བསྐྱེད་དུ་ལམ་གྱིས་བསྒོམ་ཞིང་། བསྐུར་རློབ་དབབ་དྲངས་བསྟིམ་པ་རྣམས་མི་དགོས་པས་འདིར་མཆོད་བསྟོད་དང་བཟླས་པ་རྣམས་སོང་རྟིང་། རྗེས་ཆོག་གི་ཚོགས་གཏོར་དང་དཀྱིལ་འཁོར་བསྡུ་བ་རྣམས་བྱེད་པ་ཡིན་ནོ། །ལུང་གི་ཞི་ཁྲོ་ལུས་དཀྱིལ་དུ་སྒྲུབ་པའི་སྒོ་ནས་སྔོན་དུ་བྱ་བའི་བསྙེན་པ་ཇི་ལྟར་བྱ་བའི་ཆོ་ག་བཤད་པའི་ལེ་ཚན་ནོ།། །།

༈ ༀ་སྭ་སྟི། ད་ནི་སྒྲུབ་ཁོག་ཏུ་སྒྲུབ་ཞག་དུ་བྱེད་ཀྱི་ཆོག་ཁྲིགས་རྒྱས་པའི་སྐབས་ལས། སྤྲོ་ཞིང་ནུས་ན་བཟླས་པའི་དུས་ཞི་བ་ལ་འཛབ་བསྐུལ་དང་རྗེས་ཀྱི་བསྟོད་པ། ཁྲོ་བོ་ལ་གནས་སྒྱུར་གྱི་བསྟོད་པ་རྣམས་ཟུར་འདེབས་ལྟར་སྦྱར་བར་བྱ་ཞེས་ཁ་འཕངས་པ་ནི་འདི་ཡིན་ཏེ། དེ་ལ་ཐོག་མར་འཛབ་ཁང་དབྱེ་བ་དང་། འཛབ་དགོངས་ཀྱི་སྤྲོ་བསྡུའི་དམིགས་པ་སྒྲུབ་ཐབས་ལྟར་གསལ་བཏབ་ནས། འཛབ་བཟླ་བ་དངོས་ལ། ཞི་ཁྲོ་རིག་འཛིན་གསུམ་ལས། དང་པོ་ཞི་བ་ལ་ཡང་། བསྐུལ་བ་དང་། འཛབ་བཟླ་བ་དང་། བསྟོད་པ་འབུལ་བ་སྟེ་གསུམ་གསུམ་དུ་ཤེས་པར་བྱའོ། །ཧཱུཾ། རིག་པ་གསུང་གི་བྱིན་རླབས་ཀྱིས། །ལྗགས་ཀྱི་རྩེ་ལ་བཀྲམ་ནས་ནི། དུ་མ་ཉིད་དུ་སོ་སོར་གོ། །འཁོར་ལོ་འབར་བའི་ལྟེ་དབུས་སུ། །སེང་ཆེན་བསྣོལ་བའི་ཁྲི་སྟེངས་ན། །རིན་ཆེན་ཉི་ཟླ་པད་གདན་ལ། །ཨེ་མ་ཀུན་བཟང་རྡོ་རྗེ་ཉིད། །རིག་པའི་ཚུལ་སྣང་སངས་རྒྱས་པ། །སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡབ། །ཞལ་གསུམ་ཕྱག་དྲུག་འགྲོ་བ་འདུལ། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །དང་པོ་བྱང་ཆུབ་མཆོག་གི་རྒྱ། །བར་པ་རྡོ་རྗེ་དྲིལ་བུ་འཛིན། །ཐ་མ་མཉམ་བཞག་ཡེ་ཤེས་འཕྲོ། །ཡུམ་གྱི་དམ་པར་མཚན་གསོལ་བ། ཕྱི་ཡི་ཡུལ་ལ་སངས་རྒྱས་པ། །སྣང་སྲིད་ཐམས་ཅད་ཆོས་ཀྱི་དབྱིངས། །ཐབས་དང་ཤེས་རབ་འབྲེལ་བའི་ཡུམ། །བྱ་བ་མོ་དང་གཉིས་སུ་མེད། །བདག་གི་ཡི་དམ་ལྷ་ལགས་ཀྱི། །ཡི་དམ་ལྷ་ལ་མཆོད་པར་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཧཱུཾ། ཡིད་ཆོས་རང་རིག་མ་སྐྱེས་སེམས། །ཀུན་བཟང་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་བྱེད་པོར་དབང་བསྐུར་ནས། །མ་ལུས་ཀུན་གྱི་བྱེད་པོར་ཤོག །ཅེས་བསྐུལ་ལ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ༀ། ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མནྟ་ཨ། ཞེས་བཟླ། ཧཱུཾ། བྱང་ཆུབ་སེམས་མཆོག་ཡེ་ཤེས་རྡོ་རྗེ་ཐུགས། །སྲིད་གསུམ་དབང་སྡུད་ཐམས་ཅད་མཁྱེན་པའི་དཔལ། །སྙེལ་བ་མི་མངའ་འགྲོ་བའི་སྐྱབས་མཛད་པ། །ཀུན་བཟང་རྡོ་རྗེ་ཡིད་ལ་ཕྱག་འཚལ་ལོ། །ཧཱུཾ། གདོན་ནས་མ་བྱུང་མ་སྐྱེས་ཆོས་ཀྱི་དབྱིངས། །མི་སྐྱེ་མི་འགག་དངོས་པོར་འཛིན་དང་བྲལ། །འབྱུང་བྱེད་ཐམས་ཅད་བསྐྱེད་པ་ཡུམ་གྱི་ཚུལ། །བཟང་མོ་བྱ་བ་མོ་ལ་ཕྱག་འཚལ་ལོ། །ཞེས་བསྟོད། ༈ །དེ་བཞིན་དུ་རིགས་འགྲེ་ཤེས་པར་བྱས་ཏེ། ཧཱུཾ། རིག་པ་གསུང་གི་བྱིན་རླབས་ཀྱིས། །ལྗགས་ཀྱི་རྩེ་ལ་བཀྲམ་ནས་ནི། །དུ་མ་ཉིད་དུ་སོ་སོར་གོ། །འཁོར་ལོའི་ལྟེ་བར་གཙོ་བོའི་མདུན། །སེང་ཆེན་བསྣོལ་བའི་ཁྲི་སྟེངས་ན། །རིན་ཆེན་ཉི་ཟླ་པད་གདན་ལ། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་གཙོ། །སྐུ་མདོག་མཐིང་ག་འོད་དུ་འབར། །ཞལ་གསུམ་ཕྱག་དྲུག་འགྲོ་བ་འདུལ། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །རྡོ་རྗེ་འཁོར་ལོ་རིན་ཆེན་གཡས། །དྲིལ་བུ་པདྨ་རལ་གྲི་གཡོན། །ཡུམ་གྱི་དམ་པར་མཚན་གསོལ་བ། །ཀུན་ཏུ་བཟང་དང་གཉིས་སུ་མེད། །བདག་གི་ཡི་དམ་ལྷ་ལགས་ཀྱི། །ཡིད་དམ་ལྷ་ལ་མཆོད་པར་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཧཱུཾ། རྣམ་ཤེས་ནམ་མཁའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པས། །མི་བསྐྱོད་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་ཐུགས་སུ་དབང་སྒྱུར་ནས། །དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །ཧཱུཾ་བཛྲ་དྷྲི་ཀ྄ །མཱུཾ་དྷཱ་ཏྭེ་ཤྭ་རཱི། ༀ། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་སྟོང་པ་ཉིད་ཀྱི་ཚུལ་འཛིན་ཅིང་། །ཡོན་ཏན་ཡེ་ཤེས་ལྔ་དོན་ཐུགས་ཆུད་པའི། །རྒྱལ་མཆོག་མི་བསྐྱོད་པ་ལ་ཕྱག་འཚལ་ལོ། །དོན་དམ་གཉིས་མེད་དབྱིངས་སུ་གཅིག་པ་ལས། །རྡོ་རྗེ་དབྱིངས་ཕྱུག་ཡུམ་མཆོད་ཚུལ་འཛིན་ཅིང་། །ཡོན་ཏན་རྣམ་རྟོག་མི་མངའ་ཆ་འཛིན་མ། །རྒྱལ་ཡུམ་ཀུན་ཏུ་བཟང་ལ་ཕྱག་འཚལ་ལོ། །ཧཱུཾ། ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ། །གླང་ཆེན་བསྣོལ་བའི་ཁྲི་སྟེངས་ན། །རིན་ཆེན་ཉི་ཟླ་པད་གདན་ལ། །བཅོམ་ལྡན་རྣམ་པར་སྣང་མཛད་གཙོ། །སྐུ་མདོག་དཀར་པོ་འོད་དུ་འབར། །ཞལ་གསུམ་ཕྱག་དྲུག་འགྲོ་བ་འདུལ། །གཡས་སྔོ་གཡོན་དམར་དབུས་དཀར་ཞལ། །འཁོར་ལོ་རྡོ་རྗེ་རིན་ཆེན་གཡས། །དྲིལ་བུ་པདྨ་རལ་གྲི་གཡོན། །ཡུམ་གྱི་དམ་པར་མཚན་གསོལ་བ། །སངས་རྒྱས་སྤྱན་དང་གཉིས་སུ་མེད། །བདག་གི་ཡི་དམ་ལྷ་ལགས་ཀྱི། །ཡི་དམ་ལྷ་ལ་མཆོད་པར་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །གཟུགས་ཕུང་ས་ཡི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པས། །སྣང་མཛད་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སྐུ་རུ་དབང་སྒྱུར་ནས། །དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །ༀ་ཛི་ན་ཛིཀ྄ །ལཱཾ་དྭེ་ཥ་ར་ཏི། ༀ། ཆོས་སྐུ་ནམ་མཁའ་བཞིན༴ གཟུགས་སྐུ་མེ་ལོང་ལྟ་བུའི་ཚུལ་འཛིན་ཅིང་། །ཡོན་ཏན་ཆོས་ཀྱི་འཁོར་ལོ་བསྐོར་མཛད་པ། །རྒྱལ་མཆོག་རྣམ་སྣང་མཛད་ལ་ཕྱག་འཚལ་ལོ། །དོན་དམ་གཉིས་མེད་དབྱིངས་སུ་གཅིག་པ་ལས། །དེ་བཞིན་དབྱིངས་ཕྱུག་ཡུམ་མཆོག་ཚུལ་འཛིན་ཅིང་། །ཡོན་ཏན་ཡོད་མེད་སྟོང་པའི་ཆ་འཛིན་མ། །རྒྱལ་ཡུམ་སངས་རྒྱས་སྤྱན་ལ་ཕྱག་འཚལ་ལོ། །ཧཱུཾ། ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ། །རྟ་མཆོག་བསྣོལ་བའི་ཁྲི་སྟེངས་ན། །རིན་ཆེན་ཉི་ཟླ་པད་གདན་ལ། །བཅོམ་ལྡན་རིན་ཆེན་འབྱུང་ལྡན་གཙོ། །སྐུ་མདོག་སེར་པོ་འོད་དུ་འབར། །ཞལ་གསུམ་ཕྱག་དྲུག་འགྲོ་བ་འདུལ། །གཡས་སྔོ་གཡོན་དམར་དབུས་སེར་ཞལ། །རིན་ཆེན་རྡོ་རྗེ་འཁོར་ལོ་གཡས། །དྲིལ་བུ་པདྨ་རལ་གྲི་གཡོན། །ཡུམ་གྱི་དམ་པར་མཚན་གསོལ་བ། །མཱ་མ་ཀཱི་དང་གཉིས་སུ་མེད། །བདག་གི་ཡི་དམ་ལྷ་ལགས་ཀྱི། །ཡི་དམ་ལྷ་ལ་མཆོད་པར་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཚོར་བ་ཆུ་ཡི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པས། །འབྱུང་ལྡན་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་ཡོན་ཏན་དབང་སྒྱུར་ནས། །དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །སྭཱ་རཏྣ་དྷྲིཀ྄ མཱཾ་མོ་ཧ་ར་ཏི། ༀ། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་མཉམ་པ་ཉིད་ཀྱི་ཚུལ་འཛིན་ཅིང་། །ཡོན་ཏན་ཡིད་བཞིན་རེ་བ་སྐོང་མཛད་པ། །རྒྱལ་མཆོག་རིན་ཆེན་འབྱུང་ལ་ཕྱག་འཚལ་ལོ། །དོན་དམ་གཉིས་མེད་དབྱིངས་སུ་གཅིག་པ་ལས། །རིན་ཆེན་དབྱིངས་ཕྱུག་ཡུམ་མཆོག་ཚུལ་འཛིན་ཅིང་། །ཡོན་ཏན་ང་དང་བདག་མེད་ཆ་འཛིན་མ། །རྒྱལ་ཡུམ་མཱ་མ་ཀཱི་ལ་ཕྱག་འཚལ་ལོ། །ཧཱུཾ། ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ། །རྨ་བྱ་བསྣོལ་བའི་ཁྲི་སྟེངས་ན། །རིན་ཆེན་ཉི་ཟླ་པད་གདན་ལ། །བཅོམ་ལྡན་སྣང་བ་མཐའ་ཡས་གཙོ། །སྐུ་མདོག་དམར་པོ་འོད་དུ་འབར། །ཞལ་གསུམ་ཕྱག་དྲུག་འགྲོ་བ་འདུལ། །གཡས་དཀར་གཡོན་སྔོ་དབུས་དམར་ཞལ། །པདྨ་རྡོ་རྗེ་འཁོར་ལོ་གཡས། དྲིལ་བུ་རིན་ཆེན་རལ་གྲི་གཡོན། །ཡུམ་གྱི་དམ་པར་མཚན་གསོལ་བ། །གོས་དཀར་མོ་དང་གཉིས་སུ་མེད། །བདག་གི་ཡི་དམ་ལྷ་ལགས་ཀྱི། །ཡི་དམ་ལྷ་ལ་མཆོད་པར་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །འདུ་ཤེས་མེ་ཡི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པས། །མཐའ་ཡས་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་གསུམ་དུ་དབང་སྒྱུར་ནས། །དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །ཨཱཾ་ཨཱ་རོ་ལིཀ྄ །པཱཾ་རཱ་ག་ར་ཏི། ༀ། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་སོ་སོར་རྟོག་པའི་ཚུལ་འཛིན་ཅིང་། །ཡོན་ཏན་མཐའ་གཉིས་སྐྱོན་གྱིས་མ་གོས་པའི། །རྒྱལ་མཆོག་སྣང་མཐའ་ཡས་ལ་ཕྱག་འཚལ་ལོ། །དོན་དམ་གཉིས་མེད་དབྱིངས་སུ་གཅིག་པ་ལས། །པདྨ་དབྱིངས་ཕྱུག་ཡུམ་མཆོག་ཚུལ་འཛིན་ཅིང་། །ཡོན་ཏན་སྤྱི་དང་རང་གིས་ཆ་འཛིན་མ། །རྒྱལ་ཡུམ་གོས་དཀར་མོ་ལ་ཕྱག་འཚལ་ལོ། །ཧཱུཾ། བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ། །ཤང་ཤང་བསྣོལ་བའི་ཁྲི་སྟེངས་ན། །རིན་ཆེན་ཉི་ཟླ་པད་གདན་ལ། །བཅོམ་ལྡན་དོན་ཡོད་གྲུབ་པ་གཙོ། །སྐུ་མདོག་ལྗང་གུ་འོད་དུ་འབར། །ཞལ་གསུམ་ཕྱག་དྲུག་འགྲོ་བ་འདུལ། །གཡས་དཀར་གཡོན་དམར་དབུས་ལྗང་ཞལ། །རལ་གྲི་རྡོ་རྗེ་འཁོར་ལོ་གཡས། །དྲིལ་བུ་རིན་ཆེན་པདྨ་གཡོན། །ཡུམ་གྱི་དམ་པར་མཚན་གསོལ་བ། །དམ་ཚིག་སྒྲོལ་དང་གཉིས་སུ་མེད། །བདག་གི་ཡི་དམ་ལྷ་ལགས་ཀྱི། །ཡི་དམ་ལྷ་ལ་མཆོད་པར་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །འདུ་བྱེད་རླུང་གི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པས། །དོན་གྲུབ་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་ལས་སུ་དབང་སྒྱུར་ནས། །དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །ཧཱཾ་པྲ་ཛྙཱ་དྷྲིཀ྄ ཏཱཾ་བཛྲ་ར་ཏི། ༀ། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་བྱ་བ་གྲུབ་པའི་ཚུལ་འཛིན་ཅིང་། །ཡོན་ཏན་ཕྲིན་ལས་སྣ་ཚོགས་དོན་མཛད་པ། །རྒྱལ་མཆོག་དོན་ཡོད་གྲུབ་ལ་ཕྱག་འཚལ་ལོ། །དོན་དམ་གཉིས་མེད་དབྱིངས་སུ་གཅིག་པ་ལས། །ལས་ཀྱི་དབྱིངས་ཕྱུག་ཡུམ་མཆོག་ཚུལ་འཛིན་ཅིང་། །ཡོན་ཏན་བདག་གཞན་དོན་གྲུབ་ཆ་འཛིན་མ། །རྒྱལ་ཡུམ་དམ་ཚིག་སྒྲོལ་མར་ཕྱག་འཚལ་ལོ། ༈ །ཧཱུཾ། ཤར་ལྷོ་འཁོར་ལོའི་གོང་རས་ལ། །ཉི་ཟླ་པདྨ་གདན་སྟེང་ན། །བྱང་སེམས་ས་ཡི་སྙིང་པོ་དང་། །ཡུམ་ཆེན་ལྷ་མོ་ལཱ་སྱ་གཉིས། །གཉིས་མེད་རོལ་པའི་བྱིན་རླབས་ཀྱིས། །ལས་ཉོན་བག་ཆགས་སྦྱང་དུ་གསོལ། །མིག་གཟུགས་སེམས་ཕྱིར་མ་སྐྱེས་པ། །ས་སྙིང་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔར་དབང་སྒྱུར་ནས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །ཀྵིཾ་ཧི་རཱ་ཛ་ཡ། ཧཱུཾ་ལཱ་སྱེ་ས་མ་ཡ་སྟྭཾ། ཧཱུཾ། མེ་ལོང་ཡེ་ཤེས་ཁྱད་པར་ལས། །མཚན་དཔེ་སེམས་དཔའི་སྐུར་སྟོན་ཅིང་། །ཆེ་བའི་ཡོན་ཏན་བསྐྱེད་མཛད་པ། །ས་ཡི་སྙིང་པོར་ཕྱག་འཚལ་ལོ། །གཉིས་མེད་དབྱིངས་ཀྱི་ཁྱད་པར་ལས། །མཚན་དཔེ་ལྷ་མོའི་སྐུར་སྟོན་ཅིང་། །རྣམ་རྟོག་ཟིལ་གྱིས་གནོན་མཛད་མ། །ལཱ་སྱ་མ་ལ་ཕྱག་འཚལ་ལོ། །ཧཱུཾ། ལྷོ་ནུབ་འཁོར་ལོའི་གོང་རས་ལ། །ཉི་ཟླ་པདྨའི་གདན་སྟེང་ན། །བྱང་སེམས་ནམ་མཁའི་སྙིང་པོ་དང་། །ཡུམ་ཆེན་ལྷ་མོ་མཱ་ལྱེ་གཉིས། །གཉིས་མེད་རོལ་པའི་བྱིན་རླབས་ཀྱིས། །ལས་ཉོན་བག་ཆགས་སྦྱང་དུ་གསོལ། །སྣ་དྲི་སེམས་ཕྱིར་མ་སྐྱེས་པ། །ནམ་སྙིང་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔའ་དབང་སྒྱུར་ནས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །ཏྲཾ་ཨཱ་གརྦྷ་ཡ། ཏྲཾ་མཱ་ལྱེ་ས་མ་ཡ་ཧོཿ མཉམ་ཉིད་ཡེ་ཤེས་ཁྱད་པར་ལས། །མཚན་དཔེ་སེམས་དཔའི་སྐུར་སྟོན་ཅིང་། །རྣམ་རྟོག་དྲྭ་བ་གཅོད་མཛད་པ། །ནམ་མཁའི་སྙིང་པོར་ཕྱག་འཚལ་ལོ། །གཉིས་མེད་དབྱིངས་ཀྱི་ཁྱད་པར་ལས། །མཚན་དཔེ་ལྷ་མོའི་སྐུར་སྟོན་ཅིང་། །འཁོར་བ་ཟིལ་གྱིས་གནོན་མཛད་མ། །མཱ་ལྱེ་མ་ལ་ཕྱག་འཚལ་ལོ། །ཧཱུཾ། ནུབ་བྱང་འཁོར་ལོའི་གོང་རས་ལ། །ཉི་ཟླ་པདྨའི་གདན་སྟེང་ན། །བྱང་སེམས་སྤྱན་རས་གཟིགས་དབང་དང་། །ཡུམ་ཆེན་ལྷ་མོ་གཱི་ཏི་གཉིས། །གཉིས་མེད་རོལ་པའི་བྱིན་རླབས་ཀྱི། །ལས་ཉོན་བག་ཆགས་སྦྱང་དུ་གསོལ། །ལྕེ་རོ་སེམས་ཕྱིར་མ་སྐྱེས་པ། །སྤྱན་གཟིགས་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔར་དབང་སྒྱུར་ནས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །ཧྲཱི་ཧཱ་ཧཱུཾ་པདྨ་བྲ་ད་མ། ཧྲཱི་གཱི་ཏི་རཱ་ག་ཧཾ། སོར་རྟོག་ཡེ་ཤེས་ཁྱད་པར་ལས། །མཚན་དཔེ་སེམས་དཔའི་སྐུར་སྟོན་ཅིང་། །མཐའ་ཡི་དྲི་མས་མ་གོས་པ། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །གཉིས་མེད་དབྱིངས་ཀྱི་ཁྱད་པར་ལས། །མཚན་དཔེ་ལྷ་མོའི་སྐུར་སྟོན་ཅིང་། །གཉིས་མེད་དོན་གྱིས་ཚིམ་མཛད་པ། །གཱི་ཏི་མ་ལ་ཕྱག་འཚལ་ལོ། །ཧཱུཾ། བྱང་ཤར་འཁོར་ལོའི་གོང་རས་ལ། །ཉི་ཟླ་པདྨའི་གདན་སྟེང་ན། །བྱང་སེམས་ཕྱག་ན་རྡོ་རྗེ་དང་། །ཡུམ་ཆེན་ལྷ་མོ་ནིརྟི་གཉིས། །གཉིས་མེད་རོལ་པའི་བྱིན་རླབས་ཀྱིས། །ལས་ཉོན་བག་ཆགས་སྦྱང་དུ་གསོལ། །རྣ་སྒྲ་སེམས་ཕྱིར་མ་སྐྱེས་པ། །ཕྱག་རྡོར་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔར་དབང་སྒྱུར་ནས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །ཛྲཱི་ཀུ་རུ་པཱ་ཎ། ཨཾ་ནིརྟི་རཱ་ག་ཡཱ་མི། བྱ་གྲུབ་ཡེ་ཤེས་ཁྱད་པར་ལས། །མཚན་དཔེ་སེམས་དཔའི་སྐུར་སྟོན་ཅིང་། །རྣམ་རྟོག་མ་ལུས་འཇོམས་མཛད་པ། །ཕྱག་ན་རྡོ་རྗེར་ཕྱག་འཚལ་ལོ། །གཉིས་མེད་དབྱིངས་ཀྱི་ཁྱད་པར་ལས། །མཚན་དཔེ་ལྷ་མོའི་སྐུར་སྟོན་ཅིང་། །ཕྲིན་ལས་སྣ་ཚོགས་རྫོགས་མཛད་མ། །ནིརྟི་མ་ལ་ཕྱག་འཚལ་ལོ། །ཧཱུཾ། དཀྱིལ་འཁོར་ཤར་ལྷོའི་གྲུ་ཆད་ལ། ཉི་ཟླ་པདྨའི་གདན་སྟེང་ན། །བྱང་ཆུབ་སེམས་དཔའ་བྱམས་པ་དང་། །ཡུམ་ཆེན་ལྷ་མོ་དྷཱུ་པེ་གཉིས། །གཉིས་མེད་རོལ་པའི་བྱིན་རླབས་ཀྱིས། །ལས་ཉོན་བག་ཆགས་སྦྱང་དུ་གསོལ། །མིག་དབང་འདས་དུས་མ་སྐྱེས་པ། །བྱམས་པ་ཡབ་ཡུམ་རང་བཞིན་ལས། ཏིང་འཛིན་སེམས་དཔར་དབང་སྒྱུར་ནས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །མཻ་དྷཱ་ར་ཎེ་སྭཱ་ཧཱ། ཛཿདྷུ་པེ་པྲ་བེ་ཤ །རིག་པ་ཐུགས་ཀྱི་ཁྱད་པར་ལས། །མཚན་དཔེ་སེམས་དཔའི་སྐུར་སྟོན་ཅིང་། །རྒྱལ་བའི་ཡོན་ཏན་རྒྱས་མཛད་པ། །བྱམས་པའི་སྐུ་ལ་ཕྱག་འཚལ་ལོ། །སྐྱེ་མེད་ཆོས་དབྱིངས་བྱིན་རླབས་ལས། །མཚན་དཔེ་ལྷ་མོའི་སྐུར་སྟོན་ཅིང་། །སྐྱེ་མེད་དོན་ཉིད་སྟོན་མཛད་མ། །བདུག་སྤོས་མ་ལ་ཕྱག་འཚལ་ལོ། །ཧཱུཾ། དཀྱིལ་འཁོར་ལྷོ་ནུབ་གྲུ་ཆད་ལ། ཉི་ཟླ་པདྨའི་གདན་སྟེང་ན། །བྱང་སེམས་སྒྲིབ་པ་རྣམ་སེལ་དང་། །ཡུམ་ཆེན་ལྷ་མོ་པུཥྤེ་གཉིས། །གཉིས་མེད་རོལ་པའི་བྱིན་རླབས་ཀྱིས། །ལས་ཉོན་བག་ཆགས་སྦྱང་དུ་གསོལ། །རྣ་དབང་ད་ལྟར་མ་སྐྱེས་པ། །སྒྲི་སེལ་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔའ་དབང་སྒྱུར་ནས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །ཐླྷིཾ་ནིསྶ་རཾ་བྷ་ཡ་སྭཱ་ཧཱ། ཧཱུཾ་པུཥྤེ་ཨཱ་བེ་ཤ །ཡེ་ཤེས་རིག་པའི་བྱིན་རླབས་ལས། །མཚན་དཔེ་སེམས་དཔའི་སྐུར་སྟོན་ཅིང་། །སྐྱེ་མེད་ཆོས་སྐུར་སྟོན་མཛད་པ། །སྒྲིབ་སེལ་སྐུ་ལ་ཕྱག་འཚལ་ལོ། །སྐྱེ་མེད་ཆོས་དབྱིངས་བྱིན་རླབས་ལས། །མཚན་དཔེ་ལྷ་མོའི་སྐུར་སྟོན་ཅིང་། །རིག་པ་ཉིད་ལས་འཆར་མཛད་མ། །མེ་ཏོག་མ་ལ་ཕྱག་འཚལ་ལོ། །ཧཱུཾ། དཀྱིལ་འཁོར་ནུབ་བྱང་གྲུ་ཆད་ལ། །ཉི་ཟླ་པདྨའི་གདན་སྟེང་ན། །བྱང་སེམས་ཀུན་ཏུ་བཟང་པོ་དང་། །ཡུམ་ཆེན་ལྷ་མོ་དཱི་པ་གཉིས། །གཉིས་མེད་རོལ་པའི་བྱིན་རླབས་ཀྱིས། །ལས་ཉོན་བག་ཆགས་སྦྱང་དུ་གསོལ། །སྣ་དབང་མ་འོངས་མ་སྐྱེས་པ། །ཀུན་བཟང་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔར་དབང་སྒྱུར་ནས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །ཧཱུཾ་ས་རཱ་ཛཱ་ཡ་སྭཱ་ཧཱ། བཾ་དཱི་པ་སུ་གི་རཱི། ཡེ་ཤེས་རིག་པའི་བྱིན་རླབས་ལས། །མཚན་དཔེ་སེམས་དཔའི་སྐུར་སྟོན་ཅིང་། །འབྲས་བུའི་ཆོས་རྣམས་རྫོགས་མཛད་པ། །ཀུན་ཏུ་བཟང་ལ་ཕྱག་འཚལ་ལོ། །སྐྱེ་མེད་ཆོས་དབྱིངས་བྱིན་རླབས་ལས། །མཚན་དཔེ་ལྷ་མོའི་སྐུར་སྟོན་ཅིང་། །རིག་པ་ཉིད་ལ་གསལ་མཛད་མ། །མར་མེ་མ་ལ་ཕྱག་འཚལ་ལོ། །ཧཱུཾ། དཀྱིལ་འཁོར་བྱང་ཤར་གྲུ་ཆད་ལ། །ཉི་ཟླ་པདྨའི་གདན་སྟེང་ན། །བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་། །ཡུམ་ཆེན་ལྷ་མོ་གནྡྷེ་གཉིས། །གཉིས་མེད་རོལ་པའི་བྱིན་རླབས་ཀྱིས། །ལས་ཉོན་བག་ཆགས་སྦྱང་དུ་གསོལ། །ལྕེ་དབང་མ་ངེས་མ་སྐྱེས་པ། །འཇམ་དཔལ་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔར་དབང་སྒྱུར་ནས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །མུཾ་ཤྲཱི་ཨཾ་རཱ་ག་ཡ་སྭཱ་ཧཱ། ཧོཿགནྡྷེ་ཙིཏྟ། ཡེ་ཤེས་རིག་པའི་བྱིན་རླབས་ལས། །མཚན་དཔེ་སེམས་དཔའི་སྐུར་སྟོན་ཅིང་། །འཁོར་བའི་མཚན་ཉིད་རྟོགས་མཛད་པ། །འཇམ་པའི་དཔལ་ལ་ཕྱག་འཚལ་ལོ། །སྐྱེ་མེད་ཆོས་དབྱིངས་བྱིན་རླབས་ལས། །མཚན་དཔེ་ལྷ་མོའི་སྐུར་སྟོན་ཅིང་། །མཐའ་སྐྱོན་རྣམ་དག་རྟོགས་མཛད་མ། །དྲི་ཆབ་མ་ལ་ཕྱག་འཚལ་ལོ། ༈ །ཧཱུཾ། གཞལ་ཡས་སྣམ་བའི་ཤར་ལྷོ་ན། །རྣམ་དག་པདྨའི་གདན་སྟེངས་སུ། །ཐུབ་ཆེན་བརྒྱ་བྱིན་པི་ཝཾ་བསྣམས། །སྐུ་མདོག་དཀར་པོ་ལྷ་རྣམས་འདྲེན། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །འཆི་འཕོའི་སྡུག་བསྔལ་སྦྱང་དུ་གསོལ། །ཉོན་མོངས་དྲེགས་པ་མ་སྐྱེས་སེམས། །ལྷ་ཡི་ཐུབ་པའི་རང་བཞིན་ལས། །ཏིང་འཛིན་ཐུབ་པར་དབང་སྒྱུར་ནས། །གདུག་བྱ་མ་ལུས་འདྲེན་བྱེད་ཤོག །ༀ་མུ་ནེ་ཀྲཱིཾ་སྭཱ་ཧཱ། མཉམ་ཉིད་ཐུགས་ཀྱི་ངང་ལས་མ་གཡོས་ཀྱང་། །ང་རྒྱལ་འཇོམས་ཕྱིར་ལྷ་ཡི་ཐུབ་པར་སྤྲུལ། །ཐུགས་རྗེས་ལྟུང་བའི་སྡུག་བསྔལ་ཞི་མཛད་པ། །བཅོམ་ལྡན་ལྷ་ཡི་ཐུབ་པར་ཕྱག་འཚལ་ལོ། །ཧཱུཾ། གཞལ་ཡས་སྣམ་བུའི་བྱང་ཕྱོགས་ན། །རྣམ་དག་པདྨའི་གདན་སྟེངས་སུ། །ཐུབ་པ་ཐག་བཟང་གོ་ཆ་བསྣམས། །སྐུ་མདོག་མཐིང་ག་ལྷ་མིན་འདྲེན། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །འཐབ་རྩོད་སྡུག་བསྔལ་སྦྱང་དུ་གསོལ། །ཉོན་མོངས་ཁོང་ཁྲོ་མ་སྐྱེས་སེམས། །ལྷ་མིན་ཐུབ་པའི་རང་བཞིན་ལས། །ཏིང་འཛིན་ཐུབ་པར་དབང་བསྒྱུར་ནས། །གདུལ་བྱ་མ་ལུས་འདྲེན་བྱེད་ཤོག །ༀ་མུ་ནེ་ཧཱུཾ་ཏྲུཾ་སྭཱ་ཧཱ། མཉམ་ཉིད་ཐུགས་ཀྱི་ངང་ལས་མ་གཡོས་ཀྱང་། །ཕྲ་དོག་འཇོམས་ཕྱིར་ལྷ་མིན་ཐུབ་པར་སྤྲུལ། །ཐུགས་རྗེས་ཁོང་ཁྲོའི་སྡུག་བསྔལ་ཞི་མཛད་པ། །བཅོམ་ལྡན་ལྷ་མིན་ཐུབ་པར་ཕྱག་འཚལ་ལོ། །ཧཱུཾ། གཞལ་ཡས་སྣམ་བུའི་ལྷོར་ཕྱོགས་ན། །རྣམ་དག་པདྨའི་གདན་སྟེངས་སུ། །བཅོམ་ལྡན་ཤཱཀ་ཐུབ་གསེག་པར་བསྣམས། །སྐུ་མདོག་སེར་པོ་མི་རྣམས་འདྲེན། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །འགྱུར་པའི་སྡུག་བསྔལ་སྦྱང་དུ་གསོལ། །ཉོན་མོངས་འདོད་ཆགས་མ་སྐྱེས་སེམས། །མི་ཡི་ཐུབ་པའི་རང་བཞིན་ལས། །ཏིང་འཛིན་ཐུབ་པར་དབང་སྒྱུར་ནས། །གདུལ་བྱ་མ་ལུས་འདྲེན་བྱེད་ཤོག །ༀ་མུ་ནེ་སྲུཾ་སྭཱ་ཧཱ། མཉམ་ཉིད་ཐུགས་ཀྱི་ངང་ལས་མ་གཡོས་ཀྱང་། །འདོད་ཆགས་འཇོམས་ཕྱིར་མི་ཡི་ཐུབ་པར་སྤྲུལ། །ཐུགས་རྗེས་འཆི་འཕོའི་སྡུག་བསྔལ་ཞི་མཛད་པ། །བཅོམ་ལྡན་མི་ཡི་ཐུབ་པར་ཕྱག་འཚལ་ལོ། །ཧཱུཾ། གཞལ་ཡས་སྣམ་བུའི་ནུབ་བྱང་ན། །རྣམ་དག་པདྨའི་གདན་སྟེངས་སུ། །ཐུབ་པ་རབ་བརྟན་པུ སྟི་བསྣམས། །སྐུ་མདོག་དམར་ནག་བྱོལ་སོང་འདྲེན། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །བཀོལ་སྤྱོད་སྡུག་བསྔལ་སྦྱང་དུ་གསོལ། །ཉོན་མོངས་གཏི་མུག་མ་སྐྱེས་སེམས། །བྱོལ་སོང་ཐུབ་པའི་རང་བཞིན་ལས། །ཏིང་འཛིན་ཐུབ་པར་དབང་སྒྱུར་ནས། །གདུག་བྱ་མ་ལུས་འདྲེན་བྱེད་ཤོག །ༀ་མུ་ནེ་བྲཾ་སྭཱ་ཧཱ། མཉམ་ཉིད་ཐུགས་ཀྱི་ངང་ལས་མ་གཡོས་ཀྱང་། །གཏི་མུག་འཇོམས་ཕྱིར་བྱོལ་སོང་ཐུབ་པར་སྤྲུལ། །ཐུགས་རྗེས་གླེན་ལྐུགས་སྡུག་བསྔལ་ཞི་མཛད་པ། །བཅོམ་ལྡན་བྱོལ་སོང་ཐུབ་པར་ཕྱག་འཚལ་ལོ། །ཧཱུཾ། གཞལ་ཡས་སྣམ་བུའི་ལྷོ་ནུབ་ན། །རྣམ་དག་པདྨའི་གདན་སྟེངས་སུ། །ཐུབ་པ་ཁ་འབར་སྒྲོམ་བུ་བསྣམས། །སྐུ་མདོག་སེར་ནག་ཡི་དྭགས་འདྲེན། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །བཀྲེས་སྐོམ་སྡུག་བསྔལ་སྦྱང་དུ་གསོལ། །ཉོན་མོངས་སེར་སྣ་མ་སྐྱེས་སེམས། །ཡི་དྭགས་ཐུབ་པའི་རང་བཞིན་ལས། །ཏིང་འཛིན་ཐུབ་པར་དབང་སྒྱུར་ནས། །གདུལ་བྱ་མ་ལུས་འདྲེན་བྱེད་ཤོག །ༀ་མུ་ནེ་ཀྵཾ་སྭཱ་ཧཱ། མཉམ་ཉིད་ཐུགས་ཀྱི་ངང་ལས་མ་གཡོས་ཀྱང་། །སེར་སྣ་འཇོམས་ཕྱིར་ཡི་དྭགས་ཐུབ་པར་སྤྲུལ། །ཐུགས་རྗེས་བཀྲེས་སྐོམ་སྡུག་བསྔལ་ཞི་མཛད་པ། །བཅོམ་ལྡན་ཡི་དྭགས་ཐུབ་པར་ཕྱག་འཚལ་ལོ། །ཧཱུཾ། གཞལ་ཡས་སྣམ་བུའི་བྱང་ཤར་ན། །རྣམ་དག་པདྨའི་གདན་སྟེངས་སུ། །ཐུབ་པ་ཆོས་རྒྱལ་མེ་ཆུ་བསྣམས། །སྐུ་མདོག་དུད་ཁ་དམྱལ་བ་འདྲེན། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཚ་གྲང་སྡུག་བསྔལ་སྦྱང་དུ་གསོལ། །ཉོན་མོངས་ཞེ་སྡང་མ་སྐྱེས་སེམས། །དམྱལ་བའི་ཐུབ་པའི་རང་བཞིན་ལས། །ཏིང་འཛིན་ཐུབ་པར་དབང་སྒྱུར་ནས། །གདུལ་བྱ་མ་ལུས་འདྲེན་བྱེད་ཤོག །ༀ་མུ་ནེ་ཡེ་སྭཱ་ཧཱ། མཉམ་ཉིད་ཐུགས་ཀྱི་ངང་ལས་མ་གཡོས་ཀྱང་། །ཞེ་སྡང་འཇོམས་ཕྱིར་དམྱལ་བའི་ཐུབ་པར་སྤྲུལ། །ཐུགས་རྗེས་ཚ་གྲང་སྡུག་བསྔལ་ཞི་མཛད་པ། །བཅོམ་ལྡན་དམྱལ་བའི་ཐུབ་པར་ཕྱག་འཚལ་ལོ། ༈ །ཧཱུཾ། གཞལ་ཡས་ཁང་གི་ཤར་སྒོ་རུ། །རྡོ་རྗེ་བྲག་ཆེན་ཉི་གདན་སྟེང ། །འཇོམས་བྱེད་ཁྲོ་རྒྱལ་གཤིན་རྗེ་གཤེད། །འགུགས་པའི་ལྷོ་མོ་ལྕགས་ཀྱུ་མ། །གཉིས་མེད་རོལ་པའི་བྱིན་རླབས་ཀྱིས། །དྲི་ཟའི་གདོན་རྣམས་འདུལ་དུ་གསོལ། །རེག་ཤེས་རྟག་པར་མ་སྐྱེས་སེམས། །གཤེད་པོ་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་འཇོམས་པར་དབང་སྒྱུར་ནས། །གདུལ་བྱ་མ་ལུས་མཐར་བྱེད་ཤོག །ཧཱུཾ་ཡ་མཱནྟ་ཀྲྀ་ཏ་ཕཊ། ༀ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལ་ནཱི་ཧཱུཾ་ཕཊ། མེ་ལོང་ལྟ་བུའི་ཡེ་ཤེས་བྱིན་རླབས་ལས། །དྲི་ཟ་འདུལ་ཕྱིར་ཁྲོ་བོའི་སྐུར་སྟོན་ཅིང་། །ཐབས་ཀྱིས་ལྷ་ཡི་བུ་ཡི་བདུད་འཇོམས་པ། །ཁྲོ་རྒྱལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །གཉིས་མེད་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་ལས། །འགྲོ་བ་འདུལ་ཕྱིར་ཁྲོ་མོའི་སྐུར་སྟོན་ཅིང་། །ཐབས་ཀྱིས་འཁོར་བའི་གནས་ནས་འདྲེན་མཛད་པ། །རྡོ་རྗེ་ལྕགས་ཀྱུ་མ་ལ་ཕྱག་འཚལ་ལོ། །ཧཱུཾ། གཞལ་ཡས་ཁང་གི་ལྷོ་སྒོ་རུ། །རྡོ་རྗེ་བྲག་ཆེན་ཉི་གདན་སྟེང་། །འཇོམས་བྱེད་ཁྲོ་རྒྱལ་སྟོབས་པོ་ཆེ། །འཆིང་བའི་ལྷ་མོ་ཞགས་པ་མ། །གཉིས་མེད་རོལ་པའི་བྱིན་རླབས་ཀྱིས། །གཤིན་རྗེའི་གདོན་རྣམས་འདུལ་དུ་གསོལ། །རེག་བྱ་ཆད་པར་མ་སྐྱེས་སེམས། །སྟོབས་ཆེན་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་འཇོམས་པར་དབང་སྒྱུར་ནས། །གདུལ་བྱ་མ་ལུས་མཐར་བྱེད་ཤོག །ཧཱུཾ་པྲ་ཛྙཱནྟ་ཀྲྀ་ཏ་ཕཊ། ༀ་རཏྣ་དྷ་ར་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལ་ནཱི་ཧཱུཾ་ཕཊ། མཉམ་པ་ཉིད་ཀྱི་ཡེ་ཤེས་བྱིན་རླབས་ལས། །གཤིན་རྗེ་འདུལ་ཕྱིར་ཁྲོ་བོའི་སྐུར་སྟོན་ཅིང་། །ཐབས་ཀྱིས་འཆི་བདག་བདུད་རྣམས་འཇོམས་མཛད་པ། །ཁྲོ་རྒྱལ་སྟོབས་པོ་ཆེ་ལ་ཕྱག་འཚལ་ལོ། །གཉིས་མེད་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་ལས། །འགྲོ་བ་འདུལ་ཕྱིར་ཁྲོ་མོའི་སྐུར་སྟོན་ཅིང་། །ཐབས་ཀྱིས་བླ་མེད་གནས་སུ་འདྲེན་མཛད་པ། །རྡོ་རྗེ་ཞགས་པ་མ་ལ་ཕྱག་འཚལ་ལོ། །ཧཱུཾ། གཞལ་ཡས་ཁང་གི་ནུབ་སྒོ་རུ། །རྡོ་རྗེ་བྲག་ཆེན་ཉི་གདན་སྟེང ། །འཇོམས་བྱེད་ཁྲོ་རྒྱལ་རྟ་མགྲིན་དང་། །སྡོམ་བྱེད་ལྷ་མོ་ལྕགས་སྒྲོག་མ། །གཉིས་མེད་རོལ་པའི་བྱིན་རླབས་ཀྱིས། །ཀླུ་ཡི་གདོན་རྣམས་འདུལ་དུ་གསོལ། །རེག་བྱེད་བདག་འཛིན་མ་སྐྱེས་སེམས། །རྟ་མགྲིན་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་འཇོམས་པར་དབང་སྒྱུར་ནས། །གདུལ་བྱ་མ་ལུས་མཐར་བྱེད་ཤོག །ཧཱུཾ་པདྨ ནྟ་ཀྲྀ་ཏ་ཕཊ། ༀ་པདྨ་དྷ་ར་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལ་ནཱི་ཧཱུཾ་ཕཊ། སོ་སོར་རྟོག་པའི་ཡེ་ཤེས་བྱིན་རླབས་ལས། །ཀླུ་ཆེན་འདུལ་ཕྱིར་ཁྲོ་བོའི་སྐུར་སྟོན་ཅིང་། །ཐབས་ཀྱི་ཕུང་པོའི་བདུད་རྣམས་འཇོམས་མཛད་པ། །ཁྲོ་རྒྱལ་རྟ་མཆོག་དཔལ་ལ་ཕྱག་འཚལ་ལོ། །གཉིས་མེད་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་ལས། །འགྲོ་བ་འདུལ་ཕྱིར་ཁྲོ་མོའི་སྐུར་སྟོན་ཅིང་། །ཐབས་ཀྱིས་ཉོན་མོངས་གནས་ནས་འདྲེན་མཛད་པ། །ཉི་ཟླ་ལྕགས་སྒྲོག་མ་ལ་ཕྱག་འཚལ་ལོ། །ཧཱུཾ། གཞལ་ཡས་ཁང་གི་བྱང་སྒོ་རུ། །རྡོ་རྗེ་བྲག་ཆེན་ཉི་གདན་སྟེང་། །འཇོམས་བྱེད་ཁྲོ་རྒྱལ་བདུད་རྩི་འཁྱིལ། །འབེབས་བྱེད་ལྷ་མོ་དྲིལ་བུ་མ། །གཉིས་མེད་རོལ་པའི་བྱིན་རླབས་ཀྱིས། །གནོད་སྦྱིན་གདོན་རྣམས་འདུལ་དུ་གསོལ། །རེག་འདུལ་མཚན་འཛིན་མ་སྐྱེས་སེམས། །བདུད་རྩི་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་འཇོམས་པར་དབང་སྒྱུར་ནས། །གདུལ་བྱ་མ་ལུས་མཐར་བྱེད་ཤོག །ཧཱུཾ་བིགྷྣནྟ་ཀྲྀཏ་ཕཊ། ༀ་ཀརྨ་དྷ་ར་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལ་ནི་ཧཱུཾ་ཕཊ། བྱ་བ་གྲུབ་པའི་ཡེ་ཤེས་བྱིན་རླབས་ལས། །གནོད་སྦྱིན་འདུལ་ཕྱིར་ཁྲོ་བོའི་སྐུར་སྟོན་ཅིང་། །ཐབས་ཀྱིས་ཉོན་མོངས་བདུད་རྣམས་འཇོམས་མཛད་པ། །ཁྲོ་རྒྱལ་བདུད་རྩི་འཁྱིལ་ལ་ཕྱག་འཚལ་ལོ། །གཉིས་མེད་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་ལས། །འགྲོ་བ་འདུལ་ཕྱིར་ཁྲོ་བོའི་སྐུར་སྟོན་ཅིང་། །ཐབས་ཀྱིས་འགྲོ་བ་མ་ལུས་དོན་མཛད་མ། །རྡོ་རྗེ་དྲིལ་བུ་མ་ལ་ཕྱག་འཚལ་ལོ། །གཉིས་པ་ཁྲོ་བོ་ལའང་། །གནས་སྒྱུར་གྱི་བསྟོད་པ་གསལ་གདབ་པ་དང་། འཛབ་བཟླ་བ་གཉིས་སུ་ཤེས་པར་བྱའོ། །ཧཱུཾ། སྟོན་པ་ཀུན་ཏུ་བཟང་པོ་གནས་གྱུར་པ། །རྒྱལ་བ་ཁྲོ་རྒྱལ་ཀུན་གྱི་རྗེ་བཙན་ཡབ། །ཆེ་བའི་ནང་ནས་ཆེ་མཆོག་བླ་ན་མེད། །ཆེ་བཙན་འགྲན་ཟླ་བྲལ་བ་ཀུན་གྱི་མཆོག །སྐུ་གསུང་ཐུགས་ཀྱི་བདག་ལ་ཕྱག་འཚལ་ལོ། །ཚོགས་ཆེན་འདུས་པ་དབང་གི་དཀྱིལ་འཁོར་གྱི། །འཁོར་ལོ་འབར་བའི་དབུས་ཀྱི་ལྟེ་བ་རུ། །བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ །འབར་བའི་དབུ་ནི་ཉི་ཤུ་རྩ་གཅིག་གིས། །ས་ནི་ཉི་ཤུ་རྩ་གཅིག་རིམ་པས་མནན། །གཡས་གཡོན་ཕྱག་ནི་བཞི་བཅུ་རྩ་གཉིས་ན། །རྒྱལ་བ་སངས་རྒྱས་བཞི་བཅུ་རྩ་གཉིས་བཞུགས། །ཞབས་བརྒྱད་བགྲད་པས་ཁྲོ་མོའི་དབུ་བརྒྱད་བརྫིས། །ཉི་མ་སྟོང་གི་འོད་ཟེར་སྐུ་ལ་བརྗིད། །དཔལ་གྱི་ཆས་བརྒྱད་དུར་ཁྲོད་རྒྱན་རྣམས་རྫོགས། །ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །ཀུན་ཏུ་བཟང་མོ་ཆོས་ཉིད་གནས་གྱུར་པ། །དཔལ་འབར་ཁྲོ་མོ་ཀུན་གྱི་རྗེ་བཙན་ཡུམ། །ཤེས་རབ་དབྱིངས་ནས་སྐུ་བསྐྱེད་ཐུགས་རྗེར་ལྡན། །ཁྲོ་མོ་གནམ་ཞལ་མ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས། ༀ་ཨ་ཀྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཀ་ཏ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཧཱུཾ་ཕཊ། ཅེས་པ་ལ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་སྒྲེལ་ཏེ་བཟླའོ། །ཧཱུཾ། བཅོམ་ལྡན་དབང་མཆོག་ཧེ་རུ་ཀ །མཐིང་ནག་འཇིགས་སྐུ་གདུག་པ་འདུལ། །དབུ་གསུམ་དང་པོར་བྱུང་བ་ནི། གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །སྐུ་གསུང་ཐུགས་དང་ལྡན་པའི་དབུ། །ཁམས་གསུམ་མྱ་ངན་འདས་པའི་ཞལ། །དབུ་གསུམ་བར་དུ་རྔམས་པ་ནི། །གཡས་སྔོ་གཡོན་དམར་དབུས་མཐིང་ཞལ། །ཐབས་དང་ཤེས་རབ་སེམས་ཀྱི་དབུ། །སྲིད་གསུམ་དབྱིངས་སུ་སྒྲོལ་པའི་ཞལ། །དབུ་གསུམ་ཐ་མར་རྔམས་པ་ནི། །གཡས་གཡོན་དབུས་གསུམ་མཐིང་གའི་ཞལ། །ལུང་དང་མན་ངག་སེམས་ཀྱི་དབུ། ཁམས་གསུམ་རེ་བ་སྐོང་བའི་ཞལ། །བཅོ་བརྒྱད་ཕྱག་རྒྱ་རོལ་པ་ནི། །སྟོང་པ་བཅོ་བརྒྱད་དབྱིངས་སུ་ཐིམ། །བཅོ་བརྒྱད་ཕྱག་ན་བསྣམས་པ་ནི། །རྡོ་རྗེ་གློ་སྙིང་ཞིང་ཆུང་གཡས། །བྷཉྫ་ཞིང་ཆུང་ཏི་ར་གཡོན། །ཞིང་ཞགས་ཉི་མ་ཁུང་ཆེན་གཡས། །ཞིང་ཆེན་ཟླ་བ་འུག་པ་གཡོན། །མེ་དང་རྒྱ་མཚོ་གའུ་གཡས། །ཀླུ་དང་རིན་ཆེན་རི་རབ་གཡོན། །ཡོན་ཏན་བཅོ་བརྒྱད་དབྱིངས་སུ་རྫོགས། །ཁྲོ་རྒྱལ་རྒྱན་རྣམས་སྐུ་ལ་བརྗིད། །ཀྲོ་དྷཱི་མཐིང་ནག་འཁྲིལ་པའི་ཚུལ། །རྡོ་རྗེ་དུང་དམར་ཡབ་ལ་སྟོབ། ཁྲོ་རྒྱལ་དཔལ་ཆེན་ཧེ་རུ་ཀ །དབང་མཆོག་སྐུ་ལ་ཕྱག་འཚལ་བསྟོད། །ༀ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་ཧཱུཾ། སརྦ་ཏ་ཐཱ་ག་ཏ་ཀྲོ་དྷེ་ཤྭ་རཱི་ཧཱུཾ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། དྲེགས་པ་བསྣོལ་བའི་གདན་སྟེངས་སུ། །རྡོ་རྗེ་མི་བསྐྱོད་གནས་གྱུར་པ། ཁྲག་འཐུང་ཞེ་སྡང་འཇོམས་པའི་སྐུ། །འཇིག་བྱེད་འབར་བའི་སྐུར་སྤྲུལ་ནས། །མཆོད་ཅིང་བྱིན་རླབས་གསལ་སྒྲུབ་པ། །བཛྲ་ཧེ་རུ་ཀ་ལ་བསྟོད། །ནམ་མཁའ་ཀུན་བཟང་གནས་གྱུར་པ། །ཁྲོ་མོ་དབང་ཕྱུག་སྐུར་གསལ་བ། །ཐབས་དང་ཤེས་རབ་གཉིས་སུ་མེད། །བཛྲ་ཀྲོ་དྷེ་ཤྭ་རཱིར་བསྟོད། ༀ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷེ་ཤྭ་རཱི་ཧཱུཾ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ༈ །ཧཱུཾ། དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །འབར་བ་འཁོར་ལོའི་རྩིབས་བརྒྱད་ཀྱི། །ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །དྲི་ཟ་བསྣོལ་བའི་གདན་སྟེངས་སུ། །རྣམ་པར་སྣང་མཛད་གནས་གྱུར་པ། །ཁྲག་འཐུང་གཏི་མུག་འཇོམས་པའི་སྐུ། །འཇིགས་བྱེད་སྨུག་ནག་འབར་བར་གསལ། །མཆོད་ཅིང་སྒྲུབ་སྟེ་བྱིན་རླབས་པ། །བུདྡྷ་ཧེ་རུ་ཀ་ལ་བསྟོད། །སངས་རྒྱས་སྤྱན་མ་གནས་གྱུར་པ། །ཁྲོ་མོ་དབང་ཕྱུག་སྐུར་གསལ་བ། །ཐབས་དང་ཤེས་རབ་བྱང་ཆུབ་སེམས། །སྤྱན་དྲངས་མཆོད་ཅིང་སྒྲུབ་པ་ཡི། །བུདྡྷ་ཀྲོ་དྷེ་ཤྭ་རཱིར་བསྟོད། །ༀ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷེ་ཤྭ་རཱི་ཧཱུཾ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཧཱུཾ། ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །གཤིན་རྗེ་བསྣོལ་བའི་གདན་སྟེངས་སུ། །རིན་ཆེན་འབྱུང་ལྡན་གནས་གྱུར་པ། །ཁྲག་འཐུང་ང་རྒྱལ་འཇོམས་པའི་སྐུ། །འཇིགས་བྱེད་སེར་ནག་འབར་བར་གསལ། །སྤྱན་དྲངས་མཆོད་ཅིང་སྒྲུབས་པའི་ལྷ། །རཏྣ་ཧེ་རུ་ཀ་ལ་བསྟོད། །མཱ་མ་ཀཱི་ལས་གནས་གྱུར་པ། །འཇིགས་བྱེད་ཁྲོ་མོའི་སྐུར་བྱུང་བ། །ཡབ་ཡུམ་ཐབས་དང་ཤེས་རབ་ལས། །སྤྱན་དྲངས་མཆོད་ཅིང་སྒྲུབ་པ་ཡི། །རཏྣ་ཀྲོ་དྷེ་ཤྭ་རཱིར་བསྟོད། །ༀ་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷེ་ཤྭ་རཱི་ཧཱུཾ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཧཱུཾ། ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །ཀླུ་དབང་བསྣོལ་བའི་གདན་སྟེངས་སུ། །སྣང་བ་མཐའ་ཡས་གནས་གྱུར་པ། །དཔལ་ཆེན་ཁྲག་འཐུང་འདོད་ཆགས་འ ཇོམས། །འཇིགས་བྱེད་དམར་ནག་རལ་པ་ཅན། །བསྒོམས་ཤིང་མཆོད་དེ་སྒྲུབས་པ་ཡི། །པདྨ་ཧེ་རུ་ཀ་ལ་བསྟོད། །ན་བཟའ་དཀར་མོ་གནས་གྱུར་པ། །འཇིགས་བྱེད་ཁྲོ་མོའི་སྐུར་བྱུང་བ། །ཐབས་ཤེས་བྱང་ཆུབ་སེམས་སྒྲུབ་པ། །པདྨ་ཀྲོ་དྷི་ཤྭ་རིར་བསྟོད། །པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷེ་ཤྭ་རཱི་ཧཱུཾ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཧཱུཾ། བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །གནོད་སྦྱིན་བསྣོལ་བའི་གདན་སྟེངས་སུ། །དོན་ཡོད་གྲུབ་པ་གནས་གྱུར་པ། །འཇིགས་བྱེད་ཁྲག་འཐུང་ཕྲག་དོག་འཇོམས། །ལྗང་ནག་མེ་འབར་འཇིགས་པའི་གཟུགས། །གསལ་བར་བསྐྱེད་ཅིང་མཆོད་སྒྲུབ་པ། །ཀརྨ་ཧེ་རུ་ཀ་ལ་བསྟོད། །དམ་ཚིག་སྒྲོམ་ལསམ་གནས་གྱུར་པ། །འཇིགས་བྱེད་ཁྲོ་མོའི་སྐུར་སྟོན་པ། །ཡབ་ཡུམ་ཐབས་དང་ཤེས་རབ་ལས ། །ལྷག་མ་བྱང་ཆུབ་སེམས་འཕྲོས་པ། །ཀརྨ་ཀྲོ་དྷཱི་ཤྭ་རཱིར་བསྟོད། །ༀ་ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷེ་ཤྭ་རཱི་ཧཱུཾ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཧཱུཾ། ཤར་ལྷོ་འཁོར་ལོའི་རྩིབས་སྟེང་ན། །མཐུ་སྟོབས་མངའ་བདག་གནས་གྱུར་པ། །སྒྲོལ་བྱེད་ཆེན་པོ་བདུད་རྣམས་འཇོམས། །བདུད་དང་སྲིན་པོ་སྒྲོལ་ལ་བརྩོན། །མཐིང་ནག་འཇིགས་པའི་ཆ་ལུགས་ཅན། །རཀྴ་ཧེ་རུ་ཀ་ལ་བསྟོད། །ལྷ་མོ་རལ་གཅིག་གནས་གྱུར་པ། ཁྲོ་མོ་ཡབ་ཀྱི་ཆ་ལུགས་ཅན། །ཡབ་ཡུམ་ཐབས་དང་ཤེས་རབ་སྦྱོར། །རཀྴ་ཀྲོ་དྷེ་ཤྭ་རཱིར་བསྟོད། །ༀ་རཀྴ་ཤྲཱི་ཧེ་རུ་ཀ་རཀྴ་ཀྲོ་དྷེ་ཤྭ་རཱི་ཧཱུཾ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཧཱུཾ། ལྷོ་ནུབ་འཁོར་ལོའི་རྩིབས་སྟེང་ན། །མཁྱེན་རབ་བདག་པོ་གནས་གྱུར་པ། །སྒྲོལ་བྱེད་མ་མོ་མཁའ་འགྲོ་འདུལ། །སེར་ནག་མདོག་ཅན་འཇིགས་པའི་གཟུགས། །གང་སྒྲུབ་མཐུ་དང་དབང་སྩོལ་བའི། །ས་ནུ་ཧེ་རུ་ཀ་ལ་བསྟོད། །འཇིགས་རྟེན་བདག་མོ་གནས་གྱུར་པ། ཁྲོ་མོ་དབང་ཕྱུག་ཀུན་གྱི་རྗེ། །སྤྲུལ་པ་ཡང་སྤྲུལ་ཀུན་གྱི་མ། །ཐབས་དང་ཤེས་རབ་དབྱེར་མེད་པ། །ས་ནུ་ཀྲོ་དྷེ་ཤྭ་རཱིར་བསྟོད། །ༀ་ས་ནུ་ཤྲཱི་ཧེ་རུ་ཀ་ས་ནུ་ཀྲོ་དྷེ་ཤྭ་རཱི་ཧཱུཾ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཧཱུཾ། ནུབ་བྱང་འཁོར་ལོའི་རྩིབས་སྟེང་ན། །ཐུགས་རྗེའི་བདག་པོ་གནས་གྱུར་པ། །གསང་བའི་དོན་ལ་མངའ་མཛད་པ། །དམར་ནག་འཇིགས་པའི་ཆ་ལུགས་ཅན། །དུས་རྣམ་རྟག་ཏུ་གསང་བའི་ལྷ། །ཞེ་སྡང་འཁོར་བ་སྒྲོལ་ལ་བརྩོན། །གུ་ཧྱ་ཧེ་རུ་ཀ་ལ་བསྟོད། །གསུང་གི་བདག་མོ་གནས་གྱུར་པ། །ཁྲོ་མོ་ཆེན་མོ་གསང་བའི་ལྷ། །གསང་བའི་དོན་ལ་བསྐུལ་བྱེད་མ། །གུ་ཧྱ་ཀྲོ་དྷཱི་ཤྭ་རཱིར་བསྟོད། །ༀ་གུ་ཧྱ་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཀྲོ་དྷེ་ཤྭ་རཱི་ཧཱུཾ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཧཱུཾ། བྱང་ཤར་འཁོར་ལོའི་རྩིབས་སྟེང་ན། །བཛྲ་ཡཀྵ་གནས་གྱུར་པ། །དཔལ་ཆེན་དམ་ཚིག་མངའ་མཛད་པ། །ལྗང་ནག་འཇིགས་པའི་ཆ་ལུགས་ཅན། །བསྐལ་པ་བརྒྱར་ཡང་དམ་ཚིག་ལྷ། །ཡཀྴ་ཧེ་རུ་ཀ་ལ་བསྟོད། །ༀ་ཡཀྴ་ཤྲཱི་ཧེ་རུ་ཀ་ཡཀྴ་ཀྲོ་དྷེ་ཤྭ་རཱི་ཧཱུཾ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ༈ །ཧཱུཾ། ཚོགས་ཆེན་འདུས་པ་དབང་གི་དཀྱིལ་འཁོར་གྱི། །འབར་བའི་གློ་འབུར་བཞི་དང་གྲུ་ཆད་བཞིར། །ག་རཱི་ལ་སོགས་ཁྲོ་མོ་བརྒྱད་རྣམས་ནི། །གདུག་པ་ཐབས་ཀྱིས་འདུལ་བའི་དྲག་ཤུལ་ཅན། །སྐུ་མདོག་ཕྱག་མཚན་སྣ་ཚོགས་ཅིར་ཡང་སྟོན། །ཡེ་ཤེས་ཁྲོ་མོ་བརྒྱད་ལ་ཕྱག་འཚལ་བསྟོད། །ༀ་བཛྲ་ག་རཱི་ཧ། དེ་བཞིན་ག་རཱི་གནས་སུ། ཙ་རཱི། བྲ་མོ་ཧེ། བེ་ཏཱ་ལཱི། པུཀྐ་སཱི། གྷ་སྨ་རཱི། སྨ་ཤ་ནཱི། ཙཎྜ་ལཱི་རྣམས་བཅུག་པ་དང་། རུ་ལུ་སྤེལ། ༈ ཧཱུཾ། ཚོགས་ཆེན་འདུས་པ་དབང་གི་དཀྱིལ་འཁོར་གྱི། །འབར་བའི་བར་ཁྱམས་དང་པོ་གསེར་མདོག་ན། །སེང་གདོང་མ་སོགས་ཕྲ་མེན་བརྒྱད་རྣམས་ནི། །ཡེ་ཤེས་ལས་ལ་འགྱེད་པའི་ཕྲ་མེན་མ། །རྣམ་འཕྲུལ་ལས་ཀྱིས་འགྲོ་བའི་དོན་མཛད་པ། །ཕྲ་མེན་ཡུལ་མ་བརྒྱད་ལ་ཕྱག་འཚལ་བསྟོད། །ༀ་བཛྲ་སིདྷ་མུ་ཁཱི་ཧེ། སིདྷའི་གནས་སུ། བྱཱ་གྷྲི། ཤྲྀ་གཱ་ལ། ཤྭ་ན། གྲྀདྡྷ། ཀངྐ། ཀཱ་ཀ །ཨུ་ལཱུ་ཀ་རྣམས་བཅུག་པ་དང་། རུ་ལུ་སྤེལ། ༈ ཁྱམས་དེའི་ཤར་ལྷོ་ནུབ་བྱང་སྒོ་བཞི་རུ། །ཚད་མེད་བཞི་ཡིས་འགྲོ་བའི་དོན་མཛད་པ། །རྟ་གདོང་ཕག་གདོང་སྤྲེལ་གདོང་སྦྱང་གདོང་བཞི། །ཞི་རྒྱས་དབང་དྲག་ལས་ལ་ཐོགས་མེད་བརྩོན། །རྟག་ཆད་བདག་འཛིན་མཚན་མར་ལྟ་ལས་གྲོལ། །ཡེ་ཤེས་སྒོ་མ་བཞི་ལ་ཕྱག ༴ ༀ་བཛྲ་ཨཱརྱ་ཏེ་ཛ་ཏེ་ང་ཛཿ ༀ་བཛྲ་སྔོན་འགྲོས། ཨ་མུ་ཁེ་ཧཱུཾ། ལོ་ཀ་བཾ། བྷསྨི་པ་ལ་ཡ་བ་ཏུ་ཧོཿརྣམས་དང་། རུ་ལུ༴ ༈ ཧཱུཾ། ཚོགས་ཆེན་འདུས་པ་དབང་གི་དཀྱིལ་འཁོར་གྱི། །འབར་བའི་བར་ཁྱམས་གཉིས་པ་དཀར་པོ་ན། །ཆོས་ཉིད་རྣམ་དག་ངང་ལས་རང་སྣང་བའི། །སྣ་ཚོགས་ཅིར་ཡང་འགྱུར་པའི་སྐུ་མངའ་ཞིང་། །སྲིད་གསུམ་ཞིང་དུ་སྦྱོར་བས་གཡང་གཞི་གསོལ། །སྤོར་མ་ཆེན་མོ་བརྒྱད་ལ་ཕྱག་འཚལ༴ ༀ་བཛྲ་ཨ་པྲ་ཏི་ཧ་ཨཱརྻ་ནི་ཙ་ཏུ་ར་ཏ་ར་ཕཊ་རཀྨོ་ཧཱུཾ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ༈ །བར་ཁྱམས་དེ་ཡི་ཤར་ལྷོ་ནུབ་བྱང་སྒོར། །དགྱེས་པ་བསྐྱེད་པའི་གསང་བའི་ཡུམ་ཆེན་བཞི། །གཉིས་མེད་རོལ་པའི་བྱིན་རླབས་སྣ་ཚོགས་འཕྲོ། །ཤེས་རབ་ཡུམ་ཆེན་བཞི་ལ་ཕྱག༴ ༀ་ཤྲཱི་བཛྲ་མུཏྒ་ར་མུ་ཁ་ཤྭ་ར་ཡཱ་ཡ་ན་མཿ ༀ་ཤྲཱི་བཛྲ་རཱ་ག་མ་ཤྭ་ར་ཡཱ་ཡ་ན་མཿ ༀ་ཤྲཱི་བཛྲ་ཁ་ཊྭཱཾ་ཀ་པྲ་ཛྭ་ལ་ཡཱ་ཡ་ན་མཿ ༀ་ཤྲཱི་བཛྲ་གྷཎྜེ་པྲ་ཛྭ་ལ་ཡཱ་ཡ་ན་མཿ ཞེས་པ་རྣམས་དང་རུ་ལུ་སྤེལ། ༈ །ཧཱུཾ། ཚོགས་ཆེན་འདུས་པ་དབང་གི་དཀྱིལ་འཁོར་གྱི། །འབར་བའི་བར་ཁྱམས་གསུམ་པ་དམར་པོ་ན། །མི་སྲིན་ལ་སོགས་དབང་ཕྱུག་ཉི་ཤུ་བརྒྱད། །དྲེགས་པ་ལྷ་ཆེན་རྣམས་ཀྱི་ཆུང་མ་སྟེ། །དབང་དྲག་ལས་ལ་ཐོགས་པ་མེད་པར་སྤྱོད། །དབང་ཕྱུག་ཉི་ཤུ་བརྒྱད་ལ་ཕྱག༴ མ་ནུ་རཀྵ་སཱི། བྲ་ཧྨ་ཎཱི། ར་ཏྲི། བེཥྞ་བཻ། ཀུ་མཱ་རཱི། ཨིནྡྲ་ཎཱི། བཛྲཔིངྒ་ལཾ། ཨ་མྲྀ་ཏཾ། ས་མྱ། དཎྜ་དཾ། རཀྵ་སཱི། བྷ་ཀྵ་སཱི། ར་ཏི་བཛྲ། རུ་དྷི་ར་མཏྟཱ། ཨེ་ཀ་ཙ་རི་ཎཱི། མ་ནོ་ཧ་རཾ། སིདྡྷི་ཀཾ །བཱ་ཡ་ཝི། མ་ཧཱ་མཱ་ར་ཎ་བཛྲ། ཨགྣཱི། ཝ་ར་ཧྲཱི། ཙ་མུཎྜཱི། སུ་ཏ་ནཾ། བ་རུ་ཎཱི། བཛྲ་མ་ཧཱ་ཀཱ་ལི། བཛྲ་ཙ་ཀཱ་ལ། བཛྲ་ཀུམྦྷ་ཀཪྞ། བཛྲ་ལམྦོ་ད་ར། དེ་ཐམས་ཅད་ཀྱི་མཇུག་ཏུ་བྷྱོ་རེ་བཏགས་ཤིང་། རུ་ལུ་དང་སྤེལ་ལོ། ༈ །ཧཱུཾ། ཚོགས་ཆེན་འདུས་པ་དབང་གི་དཀྱིལ་འཁོར་གྱི། །འབར་བའི་བར་ཁྱམས་བཞི་པ་གསེར་མདོག་ན། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་དགུར་སྒྱུར་པའི་གཟུགས་ཅན་འཕྲུལ་མོ་ཆེ། །མ་སྲིང་བྱམས་པའི་ཚུལ་གྱིས་གྲོགས་མཛད་མ། །མཁའ་འགྲོ་སུམ་ཅུ་གཉིས་ལ་ཕྱག ༴ ཨེ་ཨཱ་ར་ལི་ཧཱུཾ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ༈ །ཧཱུཾ། ཚོགས་ཆེན་འདུས་པ་དབང་གི་དཀྱིལ་འཁོར་གྱི། །འབར་བའི་བར་ཁྱམས་ལྔ་པ་དམར་པོ་ན། །འཇིགས་རྟེན་དྲེགས་པ་འདུལ་བ་མ་མོའི་ཚོགས། །ཕྱི་འཁོར་འདུལ་ཞིང་ནང་འཁོར་སྐྱོང་མཛད་པ། །དུར་ཁྲོད་མ་བདུན་ལས་ཀྱི་སྲིང་མོ་བཞི། །བགེགས་སྲུང་མ་སྲིང་ཚོགས་ལ་ཕྱག༴ མ་མ་དྷཱ་ཏུ་ཧཱུཾ། བཛྲ་དུནྟིང་བྷྱོ། རུ་ལུ་དང་སྤེལ་ལ་བཟླ། ༈ །ཧཱུཾ་ཚོགས་ཆེན་འདུས་པ་དབང་གི་དཀྱིལ་འཁོར་གྱི། །འབར་བའི་བར་ཁྱམས་དྲུག་པ་དཀར་པོ་ན། །ཁམས་གསུམ་སྒྲོལ་བའི་གིང་ཆེན་བཅོ་བརྒྱད་ནི། སྲིད་གསུམ་ལས་ལ་ཐོགས་མེད་སྒྲོལ་ལ་བརྩོན། །བསྒྲལ་བའི་ཞིང་བཅུ་གཏན་ནས་བརླག་པར་བྱེད། །གིང་ཆེན་གིང་ལྕམ་ཚོགས་ལ་ཕྱག༴ ཀིངྐ་ར་ཧ་ཧ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ༈ །ཚོགས་ཆེན་འདུས་པ་དབང་གི་དཀྱིལ་འཁོར་གྱི། འབར་བའི་བར་ཁྱམས་བདུན་པ་ནག་པོ་ན། །བཅོམ་ལྡན་ཧཱུཾ་མཛད་ས་གསུམ་བརྗིད་ཀྱིས་གནོན། །ཁམས་གསུམ་འདུལ་མཛད་ཡེ་ཤེས་ལྷ་ཡི་ལྷ། །འཇིགས་བྱེད་འབར་བ་གདུག་པའི་ཚོགས་རྣམས་འཇོམས། །ཁྲོ་བོ་ཁྲོ་མོ་རྣམས་ལ་ཕྱག༴ ཀྲོ་དྷ་ཀྲོ་དྷཱི་ཧཱུཾ། ༀ་རུ་ལུ༴ ཧཱུཾ། ཚོགས་ཆེན་འདུས་པ༴ འབར་བའི་བར་ཁྱམས་བརྒྱད་པ་ཕྱོགས་མདོག་ན། །ཡེ་ཤེས་ཐུགས་རྗེས་ཕྱོགས་བཅུར་ཁྱབ་པ་ཡིས། །གདོན་བགེགས་འདུལ་བའི་ལས་ལ་ཐོགས་པ་མེད། །ཅི་བགྱི་བཀའ་ཉན་ལས་རྣམས་མྱུར་མཛད་པ། །ཕྱོགས་བཞིའི་ཕོ་ཉའི་ཚོགས་ལ༴ བྷ་ན་བྷ་ན་ཨཾ་ཀུ་ཤ་ཛཿ ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། གརྫ་གརྫ་སྥོ་ཊ་བཾ། པ་ཙ་པ་ཙ་གྷཎྜེ་ཧོཿ ཞེས་དང་རུ་ལུ་སྤེལ་བ་བཟླ། ༈ །ཧཱུཾ། ཚོགས་ཆེན་འདུས་པ༴ འབར་བའི་བར་ཁྱམས་དགུ་པ་ལྗང་ཁུ་ན། །སྟོང་ཁམས་ཡོངས་ཀྱི་ལས་ལ་དབང་བྱེད་པའོ། །མ་ཆེན་རྒྱལ་མོ་སྲིད་པ་གསུམ་གྱི་བདག༴ ཡུམ་ཆེན་ལས་ལ་དབང་བའི་དབང་མོ་ཆེ། །མ་མོ་དྲུག་ཅུའི་ཚོགས་ལ༴ མ་མེ་ཤྭ་ར་ཧཱུཾ། ༀ་རུ་ལུ༴ ༈ །གསུམ་པ་རིག་འཛིན་ལའང་བསྟོད་བཟླས་གཉིས་ཏེ། ཧཱུཾ། གཞལ་ཡས་ཁང་ཆེན་ཕྱི་རོལ་ཁོར་ཡུག་ན། །རིག་འཛིན་བླ་མ་བྱིན་རླབས་ལྡན་པའི་ཚོགས། །རྣལ་འབྱོར་ལྔ་ཡི་ས་ལ་ལེགས་བཞུགས་པའི། །རྩ་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །བསྐྱེད་རྫོགས་གསུམ་གྱི་དངོས་གྲུབ་འདིར་སྩོལ་ཅིག །ༀ་མ་ཧཱ་གུ་རུ་ཤ་རི་རཾ་གཱི་ལི་ཧཱུཾ། ཞེས་བཟླའོ། །ཞི་ཁྲོའི་འཛབ་རྒྱས་པའི་ཟུར་འདེབས་ལེ་ཚན་ནོ།། །།

༈ ༀ་སྭ་སྟི། ད་ནི་སྒྲུབ་ཁོག་ཏུ། ཆེ་མཆོག་ཞལ་བྱང་གི་ཆོ་གས་རྩ་དཀྱིལ་གྱི་སྙིང་པོ་བདུད་རྩི་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ་ཞལ་བསྒྱུར་བ་ཙམ་ལས། ཆོ་གའི་སྤྲོས་པ་གཞན་རྣམས་འདིར་མི་དགོས་ཀྱང་། ཡིག་རྒྱུན་མི་ནུབ་པའི་ཕྱིར་ལུགས་དེའི་ཆོག་ཁྲིགས་ཀྱང་ཟུར་འདེབས་སུ་འབྲི་བར་བྱ་ཞེས་ཁ་འཕང་བ་ནི་འདི་ཡིན་ཏེ། དེ་ལ་སྤྱིར་རྩ་རྒྱུད་ཀྱི་ལེའུ་ཉི་ཤུ་རྩ་བརྒྱད་པར། བདུད་རྩི་རང་བྱུང་གི་སྒྲུབ་པ་དང་། བདུད་རྩི་ཁྲོལ་བུ་དང་། ཕྱེ་མ་དང་། རིལ་བུ་དང་། སྐྱོ་མ་དང་། ལྡེ་གུ་དང་། ཞུན་ཆེན་དང་། རློན་སྦྱོར་དུ་སྒྲུབ་པ་དང་བརྒྱད་གསུངས་པ་ལས། འདིར་མཁོ་བ་ཁྲོལ་བུ་དང་། ཕྱེ་མ་གཉིས་ཀྱི་ཆོ་གའི་ཁོག་ཅུང་ཟད་བཤད་པ་ལ་གཉིས་ཀྱི། དང་པོ་ཁྲོལ་བུའི་ཐོ་བྱང་ནི། བདུད་རྩི་ལྔ་དང་། ཤ་ལྔ་དང་། དབང་པོ་ལྔ་དང་། སྐྱོབས་དང་འཕྲད་དུ་གྱུར་པའི་ལ་སྨན་བོད་སྨན་སོགས་ཐམས་ཅད་འཚོལ་བ་དང་བསྲེལ་བ་ལ་མཁས་པའི་སྒོ་ནས་ཚང་བར་འདུ་བྱས་ལ། དཀྱིལ་འཁོར་ནི་ཧེ་རུ་ཀ་འདུས་པར་དབུས་ལིང་ཚེ་དང་། རྔམས་གློག་ཏུ་པད་འདབ་བརྒྱད་པར་བཤད་ཀྱང་། རྩ་རྒྱུད་ལྟར་འདིར་སྒོ་བཞི་རྟ་བབས་ཅན་ཁྱམས་གྲུ་ཆད་གློ་འབུར་དང་བཅས་པའི་ནང་དུ་པདྨ་དམར་པོ་འདབ་བཞིའི་ལྟེ་བར་ཟླ་ག མ་ལོགས་མདུན་བསྟན་དང་། འདབ་བཞིར་ལོགས་ནང་བསྟན་རེ། ཕྱིའི་ཁོར་ཡུག་པད་རྡོར་མེའི་ར་བས་བསྐོར་བ་བྲིས་ལ། དེའི་སྟེང་དུ་སྨན་སྣོད་ནི། དབུས་སུ་ཐོད་པ་སྲུབས་མེད་ཚངས་སྐུད་ཅན། ཤར་དུ་དཀར་ཟླུམ་སུལ་འགྲེང་མཛོད་སྤུ་ཅན། ལྷོར་དུམ་གསུམ་ཤིང་ལོ་རྒྱས་པ། ནུབ་ཏུ་དུམ་གཉིས་སྨིན་མཚམས་གཉིས་ན་འབུར་ཡོད་པ། །བྱང་དུ་དུམ་བཞི་སྲུབས་རྒྱ་གྲམ་ཅན་རྣམས་བཀོད། དེ་དག་གི་ནང་དུ་སྨན་ནི། དབུས་སུ་དྲི་ཆེན། ཁྱི་ཤ །དབང་པོ་ལྔ་ལས་སྙིང་། ཨ་རུ་ར། ཀ་ཀོ་ལ་སོགས་བཞག །ཤར་དུ་བྱང་སེམས། བ་ལང་གི་ཤ །མིག །ག་པུར། དུ་རུ་ཀ་སོགས། ལྷོ་ཤའི་དྭངས་མ་གསུམ། རྟ་ཤ །རྣ་བ། གུར་གུམ། ཛཱ་ཏི་སོགས། ནུབ་ཏུ་པད་རཀ །བྱ་སྣ་ཚོགས་ཀྱི་ཤ །ལྕེ། པདྨ། ཙནྡན་སོགས། བྱང་དུ་དྲིལ་ཆུ། རི་དྭགས་སྣ་ཚོགས་ཀྱི་ཤ །སྣ། ལི་ག་དུར། གུ་གུལ་སོགས་ཏེ། སྨན་གཞན་རྣམས་རིགས་ལྔའི་ཕྱག་རྒྱའི་དབྱིབས་དང་། ཁ་དོག །རོ་ནུས་སོགས་སོ་སོའི་ལས་ཀྱིས་ཕྱེ་ནས་སྣོད་ལྔར་བཀོད་ཅིང་། མཚམས་བཞིར་ཡང་ཐོད་པའམ་སྣོད་ཇི་ལྟར་རིགས་པར་ཤར་ལྷོ་ནས་རིམ་བཞིན་འོ་མ་དང་། རིན་ཆེན་དང་། ཆང་དང་། ཆུ་རྣམས་བཞག །དེ་རྣམས་ཀྱི་སྟེང་ནས་དར་གཡོགས་ཤིང་ཚོན་སྐུད་རྒྱ་གྲམ་དུ་བཏབ་པའི་སྣེ་ནས་གཟུངས་ཐག་འདྲེན་པ་སོགས་སྤྱི་ལྟར་བྱའོ། ༈ ། དེ་ནས་སྨན་སྦྱང་བའི་དགོངས་རྒྱུན་ནི། རྩ་རྒྱུད་ལས། དམ་པ་དེ་ཉིད་གསང་ཆེན་གྱི། །རིགས་བརྒྱ་རིགས་ལྔ་རིགས་གཅིག་གིས། །ཐམས་ཅད་སྦྱང་བའི་མཆོག་ཏུ་བྱ། །ཞེས་པ་ལྟར་གསུམ་ལས། །དམ་པ་རིགས་བརྒྱས་སྦྱོང་བ་ནི། །མཚམས་གཅོད་སོགས་སྔོན་དུ་འགྲོ་བས། །དངོས་གཞི་ནི། ཧེ་རུ་ཀ་འདུས་པ་ལས། །དཀྱིལ་འཁོར་གཞལ་ཡས་གདན་དང་བཅས། །སངས་རྒྱས་དཀྱིལ་འཁོར་ཡབ་ཡུམ་གཉིས། །བསྐྱེད་ཅིང་བྱིན་རླབས་དབང་བསྐུར་བྱ། །གཉིས་མེད་གསལ་བསྟིམ་མཆོད་བྱས་ཏེ། །བྱིན་རླབས་སྨན་གྱི་ལྷ་མོ་སྦྲན། །བར་ཆད་བསལ་བ་རྒྱུན་དུ་བྱ། །དེ་ལས་འབར་བའི་དཀྱིལ་འཁོར་དུ། །ཞེས་པས་བསྐྱེད་པ་ནི། བདག་དང་མདུན་གྱི སྨན་དཀྱིལ་དབྱེར་མེད་དུ་བསྒོམས་ཏེ དབྱིངས་དང་ཡེ་ཤེས་གཉིས་མེད་རྩ་བ་བྱང་ཆུབ་ཀྱི་སེམས་ཉིད་བསྐྱེད་སྔགས་ཀྱིས་སད་པ་ལས། །རྟེན་གཞལ་ཡས་ཁང་མཚན་ཉིད་རྫོགས་པའི་ནང་དུ། །བརྟེན་པ་ལྷ་དབུས་དང་འདབ་བཞིར་རིགས་ལྔ། །གློ་འབུར་དང་གྲུ་ཆད་ལ་སེམས་དཔའ། །སྒོར་མཐར་བྱེད་རྣམས་ཡུམ་བཅས་དང་། །ཁྱམས་ཀྱི་ཕྱོགས་མཚམས་སུ་བྱ་བྱེད་དང་ཐུབ་དྲུག་སྟེ་བཞི་བཅུ་རྩ་གཉིས་ཞི་བའི་དཀྱིལ་འཁོར་བཀྲ་ལམ་གྱིས་གསལ་བར་བསྐྱེད་ལ། བསྐུར་རློབ་དབབ་དྲངས་བསྟིམ་བརྟན་མཆོད་ཅིང་བསྟོད་ནས། འགྲེལ་ཆུང་ལས། ཁྲུས་བྱ་བ་ནི་སྨན་གྱི་སྲུང་མ་རྣམས་དགའ་བར་བྱས་ནས་རྟོག་པ་གཞོམ་པའོ། །ཞེས་པས་སྨན་སྲུང་སྤྱན་དྲངས་ལ་རྟོག་བསལ་བྱས་རྗེས་འཛབ་ཁང་ཕྱེ་ནས། བདག་བསྐྱེད་ཀྱི་ཐུགས་ཀའི་འོད་ཀྱིས་ཐུགས་རྒྱུད་བསྐུལ་བས་མདུན་བསྐྱེད་ལ་སྤྲོ་བསྡུའི་དམིགས་པ་སྦྱར་ཏེ། ཞི་འཛབ་བོ་དྷི་ཙིཏྟ་བརྒྱ་རྩ་བརྒྱད་བཟླས། དེ་ནས་ཧཱུཾ་ཞེས་བརྗོད་པས་བདག་མདུན་གྱི་ཐུབ་པ་དྲུག་ཀུན་བཟང་ལ་བསྡུ། ཀུན་བཟང་ཡབ་ཡུམ་མི་བསྐྱོད་པ་དང་། མཐར་བྱེད་བཞི་རང་རང་གི་ཡུམ་ལ་བསྡུས་ཏེ། ཁྲོ་བོའི་རྟེན་བརྟེན་པའི་བསྐྱེད་སྔགས་བརྗོད་པ་ཙམ་གྱིས། །རྟེན་འབར་བའི་གཞལ་ཡས་ཁང་ཁྱམས་ཉིས་རིམ་ཅན་དང་། བརྟེན་པ་ཞི་བའི་ལྷ་ཚོགས་ཁྲོ་བོ་ངོ་མཚར་ཚོགས་ཀྱི་ལྷ་སུམ་ཅུར་བསྒྱུར་ཞིང་། ཁྱམས་ཕྱི་མར་དབང་མོ་རྣམས་ཀྲོང་བསྐྱེད་བྱས་ལ། མཆོད་ཅིང་བསྟོད་ནས། བདག་མདུན་སྤྲོ་བསྡུ་སྔར་ལྟར་སྦྱར་ཏེ། ཁྲོ་མཛབ་རུ་ལུའི་བཟླས་པ་བརྒྱ་རྩ་བརྒྱད་བཟླའོ། །དེ་ནས་བདག་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་དག་གི་སྐུ་ལས་འཕྲོས་པའི་འོད་ཟེར་དང་། སྨན་སྲུང་རྣམས་ཀྱིས་ཀྱང་བརྟན་གཡོ་འཁོར་འདས་ཀྱི་རྩི་བཅུད་ཐམས་ཅད་བསྡུས་པ་བྱང་སེམས་བདུད་རྩིའི་ཆུ་རྒྱུན་དུ་ཞུ་བ་བདུད་རྩིའི་དཀྱིལ་འཁོར་ལ་ཐིམ་པར་མོས་ལ། གཟུངས་ཐག་ལ་འཇུས་ཏེ། ཁྲོལ་བུ་སྤྱི་སྦྱང་བའི་སྙིང་པོ། ༀ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ར་ས་ཡ་ན་ཏ་ན་ཛ་ཡ་གུ་ཧྱ་སིདྡྷི་ཧཱུཾ་ཧྲཱིཿཋཱ། ཞེས་སྟོང་ཚང་བར་བཟླས་ལ་མཆོད་ཅིང་། ཐུན་བསྡུ་བ་ན། འཁོར་རྣམས་འོད་དུ་ཞུ་ནས་རིགས་ལྔ་ལ་ཐིམ། རིགས་ལྔ་ཡབ་ཡུམ་རྗེས་ཆགས་ཀྱིས་བདེ་བ་ཆེན་པོའི་ངོ་བོར་ཞུ་བ་དམ་རྫས་དང་རོ་གཅིག་ཏུ་གྱུར་པར་བསམ་མོ། །དེ་ནས་དེ་ཉིད་རིགས་ལྔས་འཇུ་འདུལ་བྱ་བ་ནི། སྨན་རྣམས་ཕྱོགས་བཞི་དབུས་དང་ལྔའི་སྣོད་དུ་བསྡུས་ཏེ། དབྱིངས་ཡེ་གཉིས་མེད་ལས་རྟེན་གཞལ་ཡས་ཁང་གི་དབུས་སུ་སྣོད་ཀ་པཱ་ལ་ལྔའི་ནང་དུ་པད་ཟླ་ཉི་མ་ལ་གནས་པའི་དམ་རྫས་བདུད་རྩི་ལྔ་པོ་དཔའ་བོ་འབྲུ་ལྔར་གྱུར་པ་སྤྲོ་བསྡུས་དེ་བཞིན་གཤེགས་པ་རིགས་ལྔ་ཡབ་ཡུམ་གྱི་སྐུར་བཀྲ་ལམ་གྱིས་གསལ་བར་མོས་ལ། དབང་བསྐུར་ནས་རྟོག་བསལ་གྱི་བར་དང་། འཛབ་ཁང་ཕྱེ་སྟེ་སྤྲོ་བསྡུ་སྔར་ལྟར་སྦྱར་ལ། རིགས་ལྔའི་འཛབ་བརྒྱ་རྩ་བརྒྱད་བཟླས་རྗེས། བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་མདུན་བསྐྱེད་ཀྱི་རིགས་ལྔ་ཡབ་ཡུམ་གཉམ་པར་སྦྱོར་བའི་བདེ་བའི་སྒྲ་དང་འོད་ཟེར་གྱིས་དོན་གཉིས་བྱས། ཡེ་ཤེས་ལྔའི་བཅུད་བསྡུས་པ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བབས་ཏེ་ཡེ་ཤེས་ཀྱི་བདུད་རྩི་མུ་ཏིག་དཀར་པོ་དྲི་མ་མེད་པ་ལྟར་འཁྱིལ་བར་མོས་ལ། ༀ་ཨཱཿཧཱུཾ་སྭཱ་ཧཱ་ཱཛྙཱ་ན་པཉྩ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ཞེས་སྟོང་བཟླ་ཞིང་། རིགས་ལྔ་ཡབ་ཡུམ་རྗེས་ཆགས་ཀྱིས་སོགས་བསྡུ་བ་སྔར་བཞིན་ནོ། །དེ་ནས་གསང་ཆེན་རིགས་གཅིག་ནི། སྨན་ཐམས་ཅད་སྣོད་གཅིག་ཏུ་བསྡུས་ཏེ། དབྱིངས་དང་ཡེ་ཤེས་གཉིས་མེད་ལས་ཧཱུཾ་ཞེས་བརྗོད་པས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དུ་བསྒོམས་ལ། དབང་ནས་རྟོག་བསལ་བར་དང་། འཛབ་ཁང་ཕྱེ་སྟེ་སྤྲོ་བསྡུས། རྡོར་སེམས་ཡབ་ཡུམ་གྱི་སྔགས་བརྒྱ་རྩ་དང་། དམིགས་པའི་འཕྲོ་འདུ་སྔར་ལྟ་བུས་སྨན་འཛབ། ༀ་ཨཱཿཧཱུཾ་སྭཱ་ཧཱ་ཛྙཱ་ན་བཛྲ་ཙིཏྟ་ས་མ་ཡ་སྭཱ་ཧཱ། ཞེས་སྟོང་བཟླས་ལ་ལྷ་སྔར་ལྟར་བསྡུའོ། །དེ་ལྟར་ཁྲོལ་སྒྲུབ་ནི་མདོ་དབང་དང་སྦྲེལ་བའི་སྨན་སྒྲུབ་ལ་མི་མཛད་པ་ཤས་ཆེ་བས་འདིར་ཐོ་བྱང་ཙམ་ལས་མ་སྨོས་ཏེ། བྱ་བར་སྤྲོ་ན་རྫས་བསག་ཅིང་བཤམ་པ་དང་། མཇུག་དོན་སོགས་ཆོ་གའི་རིམ་པ་རྣམས་ཞི་བ་པར་གསང་ཆེན་མྱུར་ལམ་ལྟ་བུས་ཁོག་ཕུབ་ནས་སྦྱར་ཤེས་པར་བྱའོ། ༈ །གཉིས་པ་ཕྱེ་མ་ལ་བཞི་སྟེ། བཏག་བཙག་བསྲེ་སྤོལ་གྱི་དགོངས་པ། ཡུམ་གྱིས་གླུ་བླངས་ཏེ་སྦྱོང་བ། གཞལ་ནས་དཀྱིལ་འཁོར་ལ་འགོད་པ། ཕྱེ་མ་སྒྲུབ་པའི་དགོངས་པའོ། །དང་པོ་ལ་གསུམ་ལས། འཐག་པའི་དགོངས་པ་ནི། རྩ་རྒྱུད་ལས། སྣོད་ཀྱི་སྨན་རྣམས་ཤེས་རབ་མས། །བསྡུས་ཏེ་འཐག་པའི་ཆོ་ག་ཡང་། །ཡུམ་གྱིས་བཟུང་ཞིང་ཡབ་ཀྱིས་འཐག །རིག་འཛིན་རྩལ་ཅན་དབབ་ཅིང་དྲང་། སོ་སོ་ལས་ཀྱི་སྔགས་བརྗོད་ཅིང་། །གཏན་གཏུན་ཐབས་དང་ཤེས་རབ་སྟེ། །སྨན་ཉིད་བྱང་ཆུབ་སེམས་སུ་སྦྱར། །ཞེས་གསུངས་ཏེ། ཡུམ་མམ་དེར་བཏགས་པའི་སློབ་མས་སྣོད་ཀྱིས་སྨན་རྣམས་བསྡུས་ཏེ་བསར་ལ། ཐོག་མར་རིག་འཛིན་རྣམས་དབབ་སྟེ། དཔོན་སློབ་ཐམས་ཅད་དཔལ་ཆེན་པོའི་ང་རྒྱལ་གྱིས་རུ་ལུའི་འཛབ་ཟླ་ཞིང་ཧསྟས་གཡབ། སྤོས་རོལ་དང་བཅས་པས་དཀྱིལ་འཁོར་ལ་བསྐོར་བས། ཞི་ཁྲོ་སྨན་གྱི་རིག་འཛིན་དང་བཅས་པ་ནམ་མཁའ་འགེངས་པ་ཙམ་དུ་བྱོན་ནས་བྱིན་གྱིས་རློབ་པར་བསམ་ལ་ཉམས་བསྐྱང་ངོ་། །དེ་ནས་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་སློབ་དཔོན་དཀྱིལ་འཁོར་ལ་ཕྱོགས་པའི་མདུན་དུ་ཡུམ་གནས་པའི་ཞབས་གཉིས་བསྣོལ་བའི་དབུས་སུ་ཞིང་ལྤགས་སྟེང་སྨན་གཞོང་བཀོད་པ་ཡུམ་གྱིས་མཁའ་དབྱིངས་ཀྱི་རྒྱས་བཟུང་། ཡབ་ཀྱིས་རྡོར་བསྡམས་ལས་མཛུབ་མོ་སྒྲེང་ཞིང་མཐེ་བོང་བཀུག་པས་གཏུན་བུ་བཟུང་སྟེ། གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་གྱིས། གཏན་པ་ཡུམ་གྱི་མཁའ། གཏུན་བུ་ཡབ་ཀྱི་རྡོ་རྗེ། སྨན་བྱང་སེམས་དཀར་དམར་གྱི་རང་བཞིན་དུ་མོས་ལ། འཐག་པ་ནི་འདོད་ཆགས་འཐག་པ་ཞེས་བྱ་སྟེ། རྒྱུད་ཀྱི་དངོས་བསྟན་གྱི་དགོངས་པའོ། །གཞན་ཡང་ཁྲོ་མོའི་གཏུན་ཁུང་དུ་ཁྲོ་བོ་འབར་བའི་གཏུན་ཚོགས་ཀྱིས་སྨན་དགྲ་བགེགས་ཀྱི་རྣམ་པར་བསམ་པ་ནི་ཞེ་སྡང་འཐག་པ་དང་། ཆོས་ཀྱི་དབྱིངས་སུ་རིག་པའི་ཡེ་ཤེས་ཀྱིས་རྣམ་རྟོག་གི་མཚན་མ་འཐག་པ་ནི་གཏི་མུག་འཐག་པ་ཞེས་ཐ་སྙད་མཛད་ཅིང་། དེ་ཐམས་ཅད་ཀྱི་ལས་སྔགས་ནི། ༀ་ཨཱཿ་ཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་མུ་ས་ལ་གྲ་ཧནྟེ་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་བཟླ་ཞིང་འཐག་གོ །བཙག་པའི་དགོངས་པ་ནི། དཀྱིལ་འཁོར་གྱི་ལྷོ་ཡུམ་གྱིས་དར་ཚགས་བཟེད་ཅིང་ཡབ་ཀྱིས་བླུག་ལ། ཆོས་ཉིད་ཀྱི་ཀློང་དུ་མཚན་རྟོག་རྡུལ་ཙམ་ཡང་མི་གནས་པར་བསམ་ཞིང་། ༀ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧོ་ས་ཡ་བི་ཤུདྡྷེ་ཧཱུཾ་ཧྲཱིཿ་ཋཱ། ཞེས་བརྗོད་ཅིང་འཚག་གོ །བསྲེ་སྤོལ་གྱི་དགོངས་པ་ནི། དཀྱིལ་འཁོར་གྱི་ནུབ་ཏུ་ཡབ་ཡུམ་གནས་པས་སྨན་སྣོད་ལ་ལྕགས་གཡའི་དྲི་མེད་པར་བྱས་ཏེ། སྦྱོར་ཚད་སོགས་ཕྱག་བཞེས་མཐོང་བརྒྱུད་ལྟར་ངེས་པས། དྲི་བཟང་རྣམས་དང་དམ་རྩིའི་དབང་ལག་མ་གཏོགས་ཐམས་ཅད་འདྲེས་པར་བསྲེ་ཞིང་འབྲུམ་མེད་པར་སྦོལ་བའི་སྟེང་དུ། ཆང་དང་འོ་མ་དང་རིན་ཆེན་དང་ཆུ་རྣམས་སོ་སོའི་ལས་སྔགས་རིམ་པར། ༀ་བཛྲ་ཨ་མྲྀ་ཏ་ཛ་གད་པྲ་ཝ་ཡ་སྭཱ་ཧཱ། ༀ་ག་ཏིཾ་སཾ་ཤོདྷ་ཡ་ཀྲོ་དྷི་ཤྭ་རཱི་སྭཱ་ཧཱ། ༀ་སརྦ་པཉྩ་ཨ་མྲྀ་ཏ་རཏྣ་ཙིཏྟ་ཧཱུཾ་ཧྲཱིཿཋཱ། ༀ་ཨ་མྲྀ་ཏ་བི་ཤུདྡྷ་ཀུཎྜ་ལཱི་སྭཱ་ཧཱ། ཞེས་བཟླ་བཞིན་དུ་ཁ་ཕྲུ་འདེབས་དེ་ནས་དམ་རྫས་ཀྱི་ཕབ་སྦྱར་བའི་ཆང་གི་ཉིང་ཁུ་བཏབ་ནས་སྐ་སླ་རན་པར་གྱུར་པ་དང་། དྲི་བཟང་གི་ཕྱེས་མདངས་སྒྱུར་ཞིང་དམ་རྩིའི་ཕྱེ་བཏབ་ལ་སྦོལ་བས། དབྱིངས་དང་ཡེ་ཤེས་གཉིས་མེད་དུ་གྱུར་པར་མོས་ལ། ༀ་བཛྲ་ཨམྲྀ་ཏ་མུ་ས་ལ་མུ་ས་ལ་ཧཱུཾ་ཕཊ། ཅེས་བཟླའོ། །གཉིས་པ་ནི། དཀྱིལ་འཁོར་གྱི་བྱང་དུ་ནམ་ཟླ་དང་བསྟུན་པའི་ཕབ་བཏབ་ལ་ཡུམ་གྱིས། ཀུན་ཏུ་བཟང་མོའི་གཞལ་ཡས་སུ། །ཐབས་དང་ཤེས་རབ་ལྡན་པ་ལས། །འཁོར་བ་བདུད་རྩིའི་སྨན་དུ་སྦྱར། །ཡེ་ཤེས་ལྔ་རུ་གསལ་བ་ལས། །འབྲས་བུ་སྐུ་གསུང་ཐུགས་སུ་རྫོགས། །འཆི་མེད་བདུད་རྩིས་གཅོང་རྙིང་སྦྱོང་། །ཞེས་གླུ་ལེན་ཞིང་འཁོར་འདས་བདེ་བ་ཆེན་པོ་རོ་གཅིག་ཏུ་གྱུར་པར་བསམ་ནས་མི་རྐང་ངམ་རྡོ་རྗེས་དཀྲུག་གོ །གསུམ་པ་ནི། རྩ་རྒྱུད་ལས། མཚན་མ་བརྟག་ཕྱིར་གཞལ་ནས་ནི། ཞེས་སོགས་གསུངས་པ་ལྟར། ༀ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཧྲཱིཿཋཱ། ཞེས་བཟླ་ཞིང་སྨན་དྲིལ་བུར་གཞལ་བས་གྲངས་ངེས་པར་བྱས་ཏེ། དར་དམར་གྱི་ཁུག་མར་བླུག །དེ་མོ་ཐོད་ལ་རཀྟས་འཁོར་ལོ་རྩིབས་བཞིར་རིགས་ལྔ་ཡུམ་གྱི་ས་བོན་བྲིས་པའི་ནང་དུ་བཅུག །ཕོ་ཐོད་ལ་བདུད་རྩིས་འཁོར་ལོ་རྩིབས་བཞིར་ཡབ་ལྔའི་ས་བོན་བྲིས་པས་སྟེང་ནས་བཀབ་སྟེ་ཁ་སྦྱར། དར་ཚོན་ལྔས་དྲིལ། མཆོག་གི་རྒྱུ་མས་རྒྱ་གྲམ་དུ་བཅིངས། །དེའི་སྣེ་མོ་སྟེང་དུ་མདུད་པ་ལ་རྡོ་རྗེ་རྒྱ་གྲམ་གྱིས་རྒྱས་བཏབ་པས་ཅིས་ཀྱང་མི་ཤིགས་པར་བསམ་མོ། །དེ་ནས་དྲག་སྔགས་སྤོས་རོལ་དང་བཅས་པས་བགེགས་བསྐྲད་ལ། སྨན་དབུས་ཀྱི་གཙོ་བོར་མངའ་གསོལ་ཏེ། ཆེ་མཆོག་གི་སྔགས་བཟླ་བཞིན་དུ་འདུས་པ་ཆེན་པོའི་དཀྱིལ་འཁོར་བཞེངས་པའི་སྟེང་གི་ལྡིང་ཁྲི་བར་མའི་དབུས་སུ་རུས་སྦལ་གྱི་ཁོག་པར་ཧྲཱིཿཡིག་བྲིས་པའི་སྟེང་དུ་བཀོད། ཤཱུ་ནྱ་ཏཱ་སོགས་དབང་སྔགས་བརྗོད་ནས་སྨན་གྱི་སྟེང་དུ་དབུ་རྒྱན་འཆིང་། གཟུངས་ཐག་བཏགས་ལ་སྲད་བུ་ཕྱིར་དྲངས་ཏེ་བཞག་གོ། །དེ་སྐད་དུའང་ཧེ་རུ་ཀ་འདུས་པར། །དང་པོར་བཏགས་བཙག་གཞལ་བྱས་ལ། །ཚད་དང་ལྡན་པའི་བདུད་རྩི་ནི། །བདུད་རྩི་འཁྱིལ་བར་མངའ་གསོལ་ལ། །བྱིན་བརླབས་དབང་བསྐུར་དབུས་སུ་བཞག །ཅེས་པའི་དོན་ནོ། ༈ །བཞི་པ་ཕྱེ་མ་སྒྲུབ་པའི་དགོངས་རྒྱུད་ནི། སྒྲུབ་གཞུང་གཞན་ལ་བརྟེན་པའི་ཕྱོགས་ལ་སྨན་གྱི་དཀྱིལ་འཁོར་དུ་ཞལ་སྒྱུར་པའི་ཚུལ་སྒྲུབ་ཁོག་ཏུ་བཤད་པ་ལྟར་ཡིན་ཞིང་། དེ་ལ་མདོའི་སྒྲུབ་པའི་སྐབས་འདིར་སྨན་ཞར་སྒྲུབ་ཙམ་ཡིན་པས་བཟླས་པའང་ལྷ་འཛབ་གཙོ་བོར་འདོན་པ་དེའི་གནད་ཀྱིས་སོ། །ད་རེས་འདིར་སྨན་རྐྱང་སྒྲུབ་ཀྱི་དབང་དུ་བྱས་པའི་ཆོ་ག་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་ནི། སྟོང་པའི་ངང་ལས་རང་ཉིད་ཞེ་སྡང་རྡོ་རྗེ་ཡབ་ཡུམ་དུ་གསལ་བའི་སྦྱོར་མཚམས་ནས་ཁྲོ་ཚོགས་འབར་བའི་སྤྲིན་སྤྲོས་པས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ནས་ཕྱོགས་བཅུར་འཁོད་པས་མཚམས་ཀྱི་ལས་མཛད་པར་མོས་ལ། ཧཱུཾ། རང་བྱུང་ཁྲོ་བོ་ཆེན་པོ་བཅུ། །བགེགས་རྣམས་ཐམས་ཅད་གཟིར་བའི་ཕྱིར། །ཕྱོགས་མཚམས་ཕུར་བུས་བཏབ་ནས་ནི། །བསྲུང་དང་མཚམས་ཀྱི་ལས་མཛོད་ཅིག །གརྫ། ཧ་ན། ད་ཧ། པ་ཙ། བནྡྷ། ཧུ་ལུ། ཏིཥྛ། ཚིནྡྷ། བྷིནྡྷ། སྥོ་ཊ་ཡ་ཧཱུཾ་ཕཊ། ༀ་སུམྦྷ་སོགས་ཀྱིས་གཟིར་མནན་བཅད་དོ། །བཤགས་པ་ནི། བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར། །དང་པོ་སྐྱེ་བ་ཐོག་མ་མེད་པ་ནས། །རྣམ་པར་སྨིན་པའི་ལུས་འདི་ཡན་ཆད་དུ། །མི་དགེའི་ལས་ཀྱིས་འགྲོ་བའི་རྒྱུ་བསགས་པ། །བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། །དམ་བཅའ་ནི། ༀ། ཀུན་ཏུ་བཟང་པོ་སོགས་ཤློ་ཀ་གཅིག །བྱིན་འབེབས་ནི། སྤོས་རོལ་དང་བཅས་པས། ཧཱུཾ། དུས་གསུམ་བདེ་གཤེགས་འཁོར་དང་བཅས། །རང་བཞིན་གནས་ནས་སྐུ་བསྐྱོད་དེ། །སྒྲུབ་པའི་གནས་མཆོག་འདིར་གཤེགས་ལ། །དབང་བསྐུར་བྱིན་ཕོབ་དངོས་གྲུབ་སྩོལ། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་བདག་གནས་ཡོ་བྱད་ཐམས་ཅད་ལ་རྡོ་རྗེ་གསུམ་གྱི་བྱིན་དབབ། དེ་ནས་བདུད་རྩི་གཏོར་མ་རཀྟ་ཕྱི་མཆོད་དང་བཅས་པའི་བྱིན་རླབས་ཞི་ཁྲོ་ཐུང་བའི་ཐུན་མོང་གི་སྔོན་འགྲོར་སྔར་བཤད་པ་ལྟར་ལས། བདུད་རྩི་བྱིན་རླབས་སོང་མཚམས་ཚིག་དང་བསྟུན་ནས་བསང་གཏོར་བྱ་ཞིང་། ཧཱུཾ། བདུད་རྩི་རང་བྱུང་ཆེན་པོ་འདི། །ཡེ་ཤེས་ལྷ་ལ་གཏོར་བྱས་པས། །བདག་དང་གཉིས་སུ་མེད་པར་འགྲུབ། །དམ་ཅན་མཆེད་ལ་གཏོར་བྱས་པས། །ཐུགས་དམ་གཉན་པོ་སྐོངས་པར་འགྱུར། །རྣལ་འབྱོར་པ་ལ་གཏོར་བྱས་པས། །རྟོག་སྒྲིབ་བག་ཆགས་བྱང་བར་འགྱུར། །མི་མཐུན་ཕྱོགས་ལ་གཏོར་བྱས་པས། །དྲག་པོ་གཏུམ་པོ་ཚིག་པར་འགྱུར། །མཆོད་པའི་རྫས་ལ་གཏོར་བྱས་པས། །ཐམས་ཅད་བདུད་རྩི་ཉིད་དུ་འགྱུར། །ཞེས་སྦྱར་རོ། །གཉིས་པ་དངོས་གཞི་ལ་བཞི་སྟེ། བདུད་རྩི་འཇུ་འདུལ་གྱི། བདུད་རྩི་སྐྱིལ་བའི། དབང་དུ་བྱ་བའི། དངོས་གྲུབ་བླང་བའི་དགོངས་པའོ། །དང་པོ་ནི། ཧེ་རུ་ཀ་འདུས་པ་ལས། ཏ་ཀྲྀཏ་བརྒྱད་དང་ཧེ་རུ་ཀ །སུམ་བརྩེགས་འབར་བའི་དཀྱིལ་འཁོར་བསྐྱེད། །དབང་བསྐུར་བྱིན་རླབས་གཉིས་མེད་བསྟིམ། །མཆོད་བསྟོད་བདུད་རྩི་སྲུང་མ་སྦྲན། །རང་རང་བདུད་རྩིའི་བཟླས་པ་དག །རྩེ་གཅིག་ཏིང་འཛིན་བར་ཆད་མེད། །ཅེས་པའི་ལས་རིམ་ལྟར་ལས། དང་པོ་དམ་ཚིག་པ་བསྐྱེད་པ་ནི། བདག་མདུན་སྒྲུབ་རྫས་གསུམ་དབྱེར་མེད་དུ་བསྒོམ་པ་སྟེ། ཧཱུཾ། ཨེ་མ་ཀུན་ཏུ་བཟང་པོ་ནི། །རང་བྱུང་ཆོས་སྐུ་ཆེན་པོ་ལས། །བྷ་གར་ཇི་བཞིན་བཞག་པ་ན། །བྱང་ཆུབ་དེ་ཉིད་ལྟུང་གནས་མེད། །ཅེས་པས་དེ་ཏིང་། བྱང་ཆུབ་སེམས་ནི་ཀུན་ཏུ་དག །ཐིག་ལེ་ཆོས་སྐུས་ཁྱབ་པའི་ཕྱིར། །ཡེ་ནས་དབྱེར་མེད་བྱ་མི་དགོས། །དབྱིངས་སུ་གྱུར་ནས་མཉམ་གནས་པའོ། །ཞེས་ཀུན་སྣང་། རྒྱུ་ཡི་ཏིང་འཛིན་འབྲས་བུ་ལས། །དེ་ཉིད་བྱང་ཆུབ་སེམས་སུ་གྱུར། །འབྱུང་ལྔ་ཡུམ་གྱི་དཀྱིལ་འཁོར་དག །བྱང་ཆུབ་སེམས་ལས་རིམ་བཞིན་བསྐྱེད། །ཨ། ཞེས་རྒྱུ་ཏིང་ངོ་། །དབྱིངས་དང་ཡེ་ཤེས་གཉིས་མེད་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཨའི་སྒྲར་སྣང་བ་ལས། ཨེ་ཡཾ་རཾ་ཀེཾ་བྷྲཱུཾ་ཞེས་པའི་སྒྲ་གདངས་ཀྱི་རྐྱེན་ལས་འབྱུང་ལྔའི་དཀྱིལ་འཁོར་ལ་བརྟེན་པའི་འབར་བའི་གཞལ་ཡས་ཁང་གདན་དང་བཅས་པ་བཀྲ་ལམ་གྱིས་སད་པར་བསམ་ལ། ཀུན་ཏུ་བཟང་མོ་ནམ་མཁའི་མཁའ་ཀློང་དུ། །དམ་ཚིག་སྒྲོལ་མ་རླུང་དཀྱིལ་རྒྱ་གྲམ་གཏམས། །མཱ་མ་ཀཱི་ནི་རཀྟའི་རྒྱ་མཚོར་འཁྲུག །སངས་རྒྱས་སྤྱན་མ་ཀེང་རུས་རི་རབ་སྟེ། །ན་བཟའ་དཀར་མོ་ཀུན་ཏུ་དྲོད་འབེབས་མ། །འབྱུང་ལྔ་ཡུམ་ལྔ་མཐའ་ཡས་ལྷུན་གྱིས་བརྟན། བྷྲཱུཾ་ལས་བསྐྱེད་པའི་གཞལ་ཡས་ཁང་། །ནམ་མཁའི་དབྱིངས་ན་མཉམ་པ་རུ། །ཚུལ་བཞིན་བྱིན་གྱིས་བརླབས་ནས་སུ། །གཞལ་ཡས་ཁང་ཆེན་གསལ་བར་འབར། །དེ་ལྟར་འདུས་པ་ཆེན་པོའི་འབར་བའི་དཀྱིལ་འཁོར་སྒོ་རིམ་དགུ་པའི་དབུས་གྲུ་ཆད་བཞི་གློ་འབུར་གྱིས་མཛེས་པའི་སྟེང་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་བདུད་རྩི་རང་བྱུང་གི་དཀྱིལ་འཁོར་ཡཾ་རཾ་ཨ་ལས་རླུང་མེ་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བར་པད་ཟླའི་གདན་ལ་བཅུད་ཤ་ལྔ་བདུད་རྩི་ལྔ་དེ་བཞིན་གཤེགས་པ་རིགས་ལྔ་ཡབ་ཡུམ་དུ་གྱུར་པ་རྗེས་ཆགས་ཀྱིས་མཉམ་པར་སྦྱོར་བས་བྱང་སེམས་ཡེ་ཤེས་ཀྱི་བདུད་རྩིར་ཞུ་ཞིང་འཁྱིལ་བ་ལ་དཔའ་བོ་འབྲུ་ལྡས་མཚན་པར་གྱུར། ༀ་ཧཱུཾ་སྭཱ་ཨཱཾ་ཧཱ། ཞེས་བརྗོད། འགྲོ་བ་འདུལ་བའི་དཀྱིལ་འཁོར་ནི། ཧཱུཾ་ཧཱུཾ་ཧཱུཾ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཧ་ལ་ཧ་ལ་ཧཱུཾ་ཕཊ། ཅེས་པའི་སྒྲ་གདངས་ཀྱི་རྐྱེན་ལས་ཁྲོ་བོའི་སྤྲིན་སྤྲོས་པས་གདུག་པ་ཅན་རྣམས་ཚར་བཅད། ཚུར་འདུས་པ་མཐར་བྱེད་བརྒྱད་དུ་གྱུར་ཏེ་བདུད་རྩིའི་དཀྱིལ་འཁོར་གྱི་ཕྱི་རོལ་རྩིབས་བརྒྱད་ལ་ཕྱོགས་སྐྱོང་གི་གདན་སྟེང་འཁོད་པར་གྱུར། དེའི་སྟེང་དུ་སྐུ་གདུང་འབར་བའི་དཀྱིལ་འཁོར་ནི། ༀ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷེ་ཤྭ་རཱི་ཧཱུཾ་ཕཊ། དེ་བཞིན་དུ་རཏྣ། པདྨ། ཀརྨ། ཞེས་པས་མཐར་བྱེད་བརྒྱད་ཀྱི་སྟེང་ཕྱོགས་བཞིར་རིགས་བཞིའི་ཧེ་རུ་ཀ་ཡབ་ཡུམ། ཁྲག་འཐུང་བཞིའི་སྟེང་དུ་ༀ་བཛྲ་ཤྲཱི་སོགས་ཞེས་པས། བཛྲ་ཧེ་རུ་ཀའི་ཞབས་བཞི་བགྲད་པས་རིགས་བཞིའི་ཁྲག་འཐུང་གི་དབུ་བརྫིས་པ། དེའི་སྟེང་དུ་མཁའ་མཉམ་ཀློང་གི་དཀྱིལ་འཁོར་ནི། མ་སཱུརྻ་མཎྜ་ལ། མུཾ། སྥ༴ སཾ༴ ཉིད་ཀྱིས་མུཾ་གྱིས་མཚན་པ་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ཨ་ཀྲ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཧཱུཾ་ཕཊ། ཅེས་པས་ཡུམ་གནམ་ཞལ་མ་དབུ་དགུ་ཕྱག་བཅོ་བརྒྱད་པ་ཞབས་བཞིས་བཛྲ་ཧེ་རུ་ཀའི་གཡས་གཡོན་གྱི་དབུ་གཉིས་བརྫིས་ཤིང་། རྩ་ཞལ་གྱི་དབུ་མའི་སྤྱན་བྷ་གར་ཕྱེད་ནུབ་ཙམ་དུ་ཆུད་པ། དེའི་སྟེང་དུ་འཆི་མེད་རྡོ་རྗེའི་དཀྱིལ་འཁོར་ནི། ཨ་ཙན་དྲ་མཎྜ་ལ། ཧཱུཾ། སྥ༴ སཾ༴ ཟླ་དཀྱིལ་ཧཱུཾ་གིས་མཚན་པ་ལས་འཕྲོ་འདུས། །ཨ་ཀྲ་མ་ཧཱ་ཤྲཱི་ཧྲེ་རུ་ཀ་ཧཱུཾ་ཕཊ། ཅེས་པས་ཆེ་མཆོག་ཧེ་རུ་ཀ་དབུ་ཉི་ཤུ་རྩ་གཅིག །ཕྱག་བཞི་བཅུ་རྩ་གཉིས་ཀྱིས་ཞི་བའི་ལྷ་ཚོགས་བསྣམས་པ། ཞབས་བརྒྱད་ཡུམ་གྱི་གཡས་ཞལ་གཡོན་བཞི་བཞི་དང་སྦྱོར་ཞིང་། གསང་བའི་རྡོ་རྗེ་ཡུམ་གྱི་རྩ་ཞལ་དང་སྦྱོར་བ། རྟ་མགྲིན་དབང་གི་དཀྱིལ་འཁོར་ནི་ཆེ་མཆོག་གི་དབུའི་རྩེར་རྟ་ཞལ་དམར་པོ་རྟ་སྐད་འཚེར་བ། དེ་ཐམས་ཅད་གདོད་ནས་རྣམ་པར་དག་པ་བདག་རང་བཞིན་གྱི་དཀྱིལ་འཁོར་དུ་རྫོགས་པའོ། །ཧ་ཧེ་ཕཊ་ཨ་ཛཿཧཱུཾ་བཾ་ཧོཿབྷྱོ་ཞེས་བརྗོད་པས་གནས་མ་བརྒྱད། ཡུལ་མ་བརྒྱད། སྒོ་སྐྱོང་གདོང་མོ་བཞི། སྤོར་མ་བརྒྱད། གསང་ཡུམ་བཞི། དབང་ཕྱུག་ཉེར་བརྒྱད་དེ་ཁྲག་འཐུང་རྩ་བའི་དཀྱིལ་འཁོར་དང་། གཞན་ཡང་མཁའ་འགྲོ་སོ་གཉིས། མ་མོ་བདུན། སྲིང་མོ་བཞི། ཀིང་བཅོ་བརྒྱད། ཕོ་ཉ་སུམ་བརྒྱ་དྲུག་ཅུ་སོགས་བཀའ་ཉན་གྱི་དཀྱིལ་འཁོར་དང་བཅས་པ་ཉི་མ་ལས་འོད་ཟེར་གྱི་ཚུལ་དུ་བཀྲ་ལམ་གྱིས་གསལ་བར་གྱུར། དབང་བསྐུར་བ་ནི། རིགས་ལྔའི་དབང་རྒྱ་སྤྱི་བོར་གཏུགས་ལ། ༀ་མ་ཧཱ་ཤཱུ་ནྱ་ཏཱ། ཨཱ་དཪྴ། ས་མ་ཏཱ། པྲ་ཏྱ་བེཀྵ་ཎ། ཀྲྀ་ཏྱ་ནུཥྛཱ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ ཧཾ། ཞེས་རིགས་ལྔ་ཡབ་ཡུམ་རྗེས་ཆགས་ཀྱིས་ཞུ་བའི་ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་དབང་བསྐུར་བས་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་པར་གྱུར། བྱིན་རླབས་ནི། རྡོ་རྗེ་རྒྱ་གནས་གསུམ་དུ་གཏུག་ཅིང་། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ ྅ ཧཾ། ཞེས་གནས་གསུམ་དུ་ༀ་ཨཱཿཧཱུཾ། འཕྲོ་འདུས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་གསུམ་གྱི་ལྷས་རྒྱས་བཏབ་པར་བསམ་མོ། །དེ་ནས་ཞལ་བྱང་གིས་གསལ་གདབ་པ་ནི། ཨེ་མའོ་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ །ཞེས་པ་ནས། བྱིན་རླབས་མཆོག་དང་ལྡན་པར་མཛད་དུ་གསོལ། །ཞེས་པའི་བར་སྒྲུབ་ཁོག་ལྟར་བརྗོད་དོ། །དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ཤིང་བསྟིམ་པ་ནི། རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་སད་པར་བསམ་ལ། བཛྲ་ས་མཱ་ཛཿརུ་ལུ་རུ་ལུ་ཧཱུཾ། ཞེས་པས་སྙན་གསན་དབབ་པ། ༀ། ཐུགས་རྗེའི་ལྕགས་ཀྱུ་སོགས་ཀྱི་མཐར། །ཛཿཧཱུཾ་བཾ་ཧོཿ ཨེ་ཧྱེ་ཧི། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཛཿ ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ བཛྲ་ས་མ་ཡ་མུ་དྲ་ཨ། བཛྲ་ཤྲཱི་ཧེ་རུ་ཀ་ཏིཥྛ་ས་མ་ཡ་ལྷན། ཞེས་བསྟིམ་པས། དམ་ཚིག་གི་འཁོར་ལོ་དང་དབྱེར་མེད་དུ་བཞུགས་པར་གྱུར་པ་ལ། གཙོ་བོའི་ཐུགས་ཀ་ནས་སྤྲོས་པའི་ཧེ་རུ་ཀ་ཕྱག་གཉིས་པས་མཆོད་བསྟོད་བྱས་པར་མོས་ནས། ཨ་ལ་ལ་ཧོཿ ཨ་ཏི་པུ་ཧོཿ མ་ཧཱ་པུ་རུ་ཤ་ཧོཿ ཞེས་ཕྱག་བྱ། དེ་ནས་ཀུན་བཟང་། ཞབས་བསིལ། བཞི་བསྣོལ་གྱིས་མཆོད་ལ། བདུད་རྩི་འབུལ་བ་ནི། ཧཱུཾ། རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །གཉིས་མེད་བདེ་ཆེན་ལས་བྱུང་བ། །བྱང་ཆུབ་སེམས་ནི་རྡོ་རྗེ་སྟེ། །ཟས་མཆོག་ཚེ་ཡི་དྲི་ཆེན་པོ། །ཤ་ཆེན་མཆོད་པ་རིན་པོ་ཆེ། །པདྨ་མེ་ཏོག་ཡང་དག་ལྡན། །རྡོ་རྗེ་ཆུ་སྟེ་བདུད་རྩི་མཆོག །ག་བུར་ཤེལ་གྱི་པོག་ཕོར་དྲི། །རིན་ཆེན་མེ་ལྟར་འབར་བའི་ཚོགས། །ཡོན་ཏན་འབུམ་ཕྲག་ཡངས་པའི་བཅུད། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔ་སེམས་ཅན་ཀུན་སྒྲོལ་བ། །དུག་ལྔ་སེལ་བའི་ཐབས་མཆོག་སྟེ། །ཐམས་ཅད་བདུད་རྩི་རྣལ་འབྱོར་ཆེ། །མ་ལུས་བསྡུས་པའི་ཐིག་ལེ་ཆེ། །སངས་རྒྱས་ཀུན་དང་མཉམ་སྦྱོར་བ། །གཅིག་ཏུ་དཔའ་བོའི་རོ་རྣམས་དང་། །གཉིས་སུ་མེད་པར་མཉམ་སྦྱར་ནས། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །རྒྱལ་བ་རྒྱ་མཚོ་ཐམས་ཅད་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེ་དགོངས་དབང་དང་དངོས་གྲུབ་སྩོལ། །ཡེ་སངས་རྒྱས་པའི་ཆེ་མཆོག་ཧེ་རུ་ཀ །སྐུ་དང་ཡེ་ཤེས་དཀྱིལ་འཁོར་ཉིད་ལ་རྫོགས། །རྣམ་དག་བདུད་རྩི་དམ་རྫས་མཉེས༴ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས༴ སྒྱུ་འཕྲུལ་དཀྱིལ་འཁོར་ཡེ་ཤེས་རང་སྣང་བའི། །རྒྱལ་བ་སངས་རྒྱས་བཞི་བཅུ་རྩ་གཉིས་ལ། །རྣམ་དག་བདུད་རྩི་དམ་རྫས༴ ཐུགས་རྗེས་བརྩེར་དགོངས་དབང་དང་༴ འཇམ་དཔལ་གཞོན་ནུ་རྟ་མགྲིན་ཡབ་ཡུམ་དང་། །བདུད་རྩི་སྲིད་འཛིན་མངའ་བདག་ལྷ་ཚོགས་ལ། །རྣམ་དག་བདུད་རྩི༴ ཐུགས་རྗེས་བརྩེར་དགོངས༴ ཁྲོ་མོ་གནམ་ཞལ་ག་སིཾ་བཅུ་དྲུག་བཅས། །ཡུམ་ཆེན་མཁའ་མཉམ་ཀློང་གི་དཀྱིལ་འཁོར་ལ། །རྣམ་དག་བདུད་རྩི༴ ཐུགས་རྗེས་བརྩེར༴ ཚོགས་རྗེ་ཚོགས་བདག་དཔལ་ཆེན་ཧེ་རུ་ཀ །སྐུ་གདུང་འབར་བའི་དཀྱིལ་འཁོར་ཡབ་ཡུམ་ལ། །རྣམ་དག་བདུད་རྩི༴ ཐུགས་རྗེས་བརྩེར༴ གནས་ཡུལ་སྒོ་སྐྱོང་སྤོར་མ་གསང་ཡུམ་བཞི། །དབང་ཕྱུག་མཁའ་འགྲོ་མ་སྲིང་གིང་ཕོ་ཉར། །རྣམ་དག་བདུད་རྩི༴ ཐུགས་རྗེས་བརྩེར༴ བསྲུང་དང་བསྐྲད་དང་མཚམས་ཀྱི་ལས་མཛད་པ། །རང་བྱུང་བདུད་འདུལ་ཁྲོ་བོ་བཅུ་རྣམས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །སློབ་དཔོན་མཆེད་ལྕམ་རིགས་དྲུག་ཕ་མ་སོགས། །འཁོར་འདས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ། །རྣམ་དག་བདུད༴ ཐུགས་རྗེ་བརྩེ་དགོངས༴ ཞེས་ཕུལ་ལ་དངོས་གྲུབ་བླང་བ་ནི། ཐུགས་ཀྱི་དངོས་གྲུབ་དམ་པ་ནི། །དངོས་པོ་མེད་ལས་དངོས་གྲུབ་བླང་། །བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་ལས། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །ཨ་ཧོ་སུ་ཁ་དྷརྨ་ཀཱ་ཡ་ༀ་ཨཱཿཧཱུཾ་སིདྡྷི་ཧྲཱིཿ ཞེས་ལན་གསུམ་མྱང་ངོ་། །ཨི་དཾ་པུཥྤེ་དྷཱུ་པེ་བ་ལིཾ་པྲ་ཏཱི་ཙྪ་ཧོས་གཏོར་མ་ཕུལ། ཡེ་ནས་རྒྱུ་ཉིད་དག་པ་ལ། ང་དང་བདག་ཏུ་རྟོག་པ་ཡིས། ཁམས་གསུམ་འཁོར་བའི་རྒྱུ་རུ་འགྱུར། ཁམས་གསུམ་ཐམས་ཅད་བསྒྲལ་བའི་ཞིང་། ཨ་ཙ་ལ་ས་མ་ཡ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་ཞེ་སྡང་བསྒྲལ་མཆོད་དང་། ལུས་ཀུན་ཡོངས་སུ་འཁྱུད་པ་ཡིས། །རྡོ་རྗེ་པདྨར་ལྡན་བྱས་པས། །རང་བྱུང་རྣམས་ཀྱི་བདེ་མཆོག་སེམས། །ཕུལ་བས་མྱུར་དུ་གྲུབ་པ་ཡིན། །རཱ་ག་པཱུ་ཛ་ཧོཿ ཞེས་པས་འདོད་ཆགས་སྦྱོར་མཆོད་དང་། །རྒྱུད་དྲུག་འཁོར་བ་སྟོང་པར་བསྒྲལ་སླད་དུ། །དུག་གསུམ་རྩད་བཅད་ཤ་ཁྲག་རུས་པའི་ཚོགས། །གཟུང་འཛིན་རྣམ་རྟོག་ཀུན་དང་བྲལ་བ་ཡི། །མཉམ་པ་ཆེན་པོའི་མཆོད་པ་བཞེས་སུ་གསོལ། །མ་ཧཱ་མཱཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཱཧི། མ་ཧཱ་ཀེཾ་ནི་རི་ཏི་ཁཱ་ཧི། ཞེས་པས་དུག་གསུམ་རོ་མཉམ་དང་། ལྷ་མོ་རོལ་མོ་བྲོ་གར་གླུ་ཡི་ཚིག །མཛེས་ལྡན་སྒྱུ་མའི་གར་དང་ཚངས་པའི་དབྱངས། །རྒྱལ་བའི་དཀྱིལ་འཁོར་རྣམས་ལ་འབུལ་ལགས་ན། །ཀུན་ཏུ་བཟང་པོའི་མཆོད་པར་བཞེས་སུ་གསོལ། །མ་ཧཱ་པཱུ་ཛ་ཧོཿ ཞེས་གླུ་གར་རོལ་མོ་ཡེ་ཤེས་ཀྱིས་མཆོད་དོ། །དེ་ནས་བསྟོད་པ་ནི། ཧཱུཾ། ཆོས་ཉིད་མཉམ་པའི་ངང་ལས་མ་གཡོས་ཀྱང་། །སྐུ་དང་ཡེ་ཤེས་དཀྱིལ་འཁོར་རང་སྣང་བ། །སྣང་སྲིད་ཐམས་ཅད་ཡབ་ཡུམ་སྐུ་ལ་རྫོགས། །ཆེ་མཆོག་ཡབ་ཡུམ་གཉིས་ལ་ཕྱག་འཚལ་བསྟོད། །དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །ཁམས་གསུམ་སེམས་ཅན་ཐམས་ཅད་འདྲེན་པའི་དཔལ། །འགྲོ་དྲུག་སེམས་ཅན་ཀུན་གྱི་སྒྲིབ་སྦྱོར་བ། །བདུད་རྩི་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །དུག་ལྔ་འབར་བ་སྐུ་ལྔར་སྦྱོར། །ལེན་པ་མེད་ཅིང་གཏོང་བ་མེད། །རིགས་ལྔ་དཔལ་ཆེན་ཡབ་ཡུམ་བཅུ། །སྐུ་གདུང་འབར་བ་ཁྱོད་ཕྱག་འཚལ། །ཆུ་ཟླ་ལྟ་བུར་རྟོག་བྲལ་ཞིང་། །ཐམས་ཅད་རྟོག་པ་ཡོངས་ཀྱིས་སྤོངས། །གནས་ཡུལ་སྒོ་དབང་འབར་མ་ཡུམ། །བདུད་རྩི་སྦྱོར་ལ་ཕྱག་འཚལ་བསྟོད། །བདག་ཏུ་འཛིན་མེད་རྣམ་པར་དག །བདུད་དང་ངན་སོང་གསུམ་ལས་ཐར། །མཁའ་འགྲོ་མ་སྲིང་ཀིང་ཕོ་ཉ། །བདུད་ཀྱི་བདུད་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ལ་གསོལ་བ་གདབ་པ་ནི། ཧོཿ སྤྲོས་པ་མེད་པའི་དབྱིངས། རྣམ་པར་དག་པའི་ངང་། ཡེ་ནས་ལྷུན་གྱིས་གྲུབ་པ་རང་བྱུང་རང་སྣང་གི་དཀྱིལ་འཁོར་ཆེན་པོ། བཅོམ་ལྡན་འདས་ཁྲོ་བོ་ཐམས་ཅད་ཀྱི་ཆེ་བའི་མཆོག །དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་དང་། ཁྲོ་མོ་གནམ་ཞལ་མ། སྐུ་གདུང་འབར་བའི་དཀྱིལ་འཁོར་ལ་སོགས་པ་རྣམས་དང་། ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད་པ་ལས་སྤྲུལ་པའི་སྐུ་ཕྱག་ན་བཞུགས་པའི་སངས་རྒྱས་བཞི་བཅུ་རྩ་གཉིས། དཀྱིལ་འཁོར་གྱི་ལྷ་མོ་གནས་ཡུལ་སྒོ་སྐྱོང་ཉི་ཤུ། དབང་མོ་ཀིང་སོགས་ཡེ་ཤེས་དང་ལས་ལས་གྲུབ་པ་བསམ་གྱིས་མི་ཁྱབ་པའི་ཚོགས་དང་བཅས་པ་རྣམས་མཁྱེན་པ་དང་བྱིན་རླབས་དམ་པ་མཛད་དུ་གསོལ། ཧོཿ རྣལ་འབྱོར་གི་མཆོད་པ་ལོངས་སྤྱོད་རྫོགས་པའི་ཚུལ་དུ་སྦྱར་བ་ཆོས་ཉིད་ལ་ཆོས་ཉིད་འབྱུང་བ་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པར་སྤྲུལ་ནས་བདག་ཉིད་ཆེན་པོ་འཁོར་དང་བཅས་པ་ལ་དབང་མི་འཚལ་བའི་སླད་དུ་ཕུད་དང་གཙང་མར་སྤགས་ཏེ་ཕུལ་བས། ཡེ་ཤེས་ལ་ཡེ་ཤེས་རོལ། ཆོས་ཉིད་ལ་ཆོས་ཉིད་རོལ་བའི་ཚུལ་གྱིས་བཞེས་ཤིང་ལོངས་སྤྱད་དུ་གསོལ། ཞེས་བརྗོད་ནས། ཡེ་ནས་གཉིས་མེད་ཀྱི་བཤངས་པའང་བྱའོ། །དེ་ཡན་ཆད་ཀྱིས་སྤྱིའི་དཀྱིལ་འཁོར་གསུམ་དབྱེར་མེད་དུ་བསྒྲུབས་ནས། ད་ཐ་དད་དུ་སྒྲུབ་པའི་ཕྱིར། ཕཊ་ཛཿ ཞེས་བརྗོད་པས་བདག་རང་བཞིན་གྱི་དཀྱིལ་འཁོར་ལས། མདུན་བསྐྱེད་བདུད་རྩི་རང་བྱུང་དང་ཆེ་མཆོག་རྩ་བའི་དཀྱིལ་འཁོར་ལྔ་སྟེ་དཀྱིལ་འཁོར་དྲུག་ལྔན་གྱི་ངོ་བོར་རྟེན་དང་བརྟེན་པར་བཅས་པ་ལོགས་སུ་ཕྱེ་ནས་མདུན་གྱི་ནམ་མཁར་མེ་རི་འདབས་འབྱར་གྱི་ཚུལ་དུ་བཞུགས་པར་བསམ་མོ། །དེ་ནས་སྨན་སྲུང་སྦྲན་པ་ནི། དར་སྣས་གཡབ་ཅིང་སྤོས་རོལ་དང་བཅས་པས། ཧཱུཾ། རྩི་དང་སྨན་གྱི་བདག་པོ་དང་། །རྟགས་ལྡན་རིག་འཛིན་བྲན་མོ་དག །རོལ་མོ་ཆ་བྱད་མང་པོས་འབོད། །འདིར་གཤེགས་བཅུད་ལེན་དངོས་གྲུབ་སྩོལ། །ཞེས་སྤྱན་དྲངས་པས་སྨན་གྱི་ཕོ་བྲང་སྟེང་གི་ནམ་མཁར་སྤྲིན་འཐིབས་པ་ལྟར་བྱོན་ནས་བཞུགས་པར་མོས་ལ། རྟོག་བསལ་ནི། བྱིན་གྱིས་བརླབས་པའི་བདུད་རྩི་འཐོར་ཞིང་། ཧཱུཾ། ཚངས་དང་དྲང་སྲོང་གཙང་མ་ཟ། །ལྷ་ཀླུ་བྲམ་ཟེའང་གཙང་མ་ཟ། །དེ་དག་གྲོལ་བར་ངས་མ་བཤད། །བདུད་རྩི་དག་པ་ཡེ་ཤེས་ལྔ། །རིགས་ལྔ་སྐུ་ལྔ་ལྷུན་གྲུབ་ཡིན། །གཉིས་མེད་རྟོགས་པའི་ཐབས་མཁས་ཀྱིས། །གཙང་རྨེ་མེད་པར་ཀུན་སྤྱོད་ན། །དེ་དག་གྲོལ་བར་ངས་བཤད་དོ། །ཅེས་པས་གཙང་རྨེའི་གཉིས་འཛིན་དག་ནས་སྨན་སྲུང་རྣམས་དངོས་གྲུབ་སྩོལ་བར་དགྱེས་བཞིན་དུ་བཞུགས་པར་གྱུར། དེ་ནས་ལྷ་འཛབ་ནི། ༀ། རྫོགས་པའི་ཡེ་ཤེས་རྨད་པོ་ཆེ། །ཟླ་གམ་དཀྱིལ་འཁོར་རིན་ཆེན་དབང་། །ཤར་གྱི་ཕྱོགས་སུ་ཁ་བལྟས་ནས། །འདས་པའི་བུདྡྷ་སྤྱན་ཡང་འདྲེན། །མཆོད་ཁང་ཡིད་བཞིན་རིན་པོ་ཆེ། །རུ་ལུ་འབྲུ་བརྒྱད་ཡེ་ཤེས་ཕྲེང་། །ཕར་འཕྲོས་པས་ནི་ཐུགས་དམ་བསྐུལ། །སླར་འདུས་པས་ནི་དངོས་གྲུབ་སྩོལ། །འདི་ཡང་བསྣེན་པའི་མཆོག་ཡིན་ཏེ། །ནམ་ཡང་ཉམས་པའི་དུས་མཐའ་མེད། །དུས་གསུམ་དབྱིངས་སུ་སྦྱོང་བར་མཛོད། །ཅེས་བསྐུལ་ནས་བདག་མདུན་སེམས་དཔའ་སུམ་བརྩེགས་ཀྱི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོ་འདུའི་དམིགས་པ་སྦྱར་ཏེ། རུ་ལུའི་བཟླས་པ་བརྒྱ་རྩས་ཉུང་མཐའ་བྱས་པ་བཟླ། དེ་ནས་སྨན་འཛབ་ནི། རང་གི་ཐུགས་ཀ་ནས་འོད་ཟེར་སྤྲོས་པ་མདུན་གྱི་བདུད་རྩིའི་ཕོ་བྲང་ལ་ཕོག་པས་སྨན་ཁོལ་བའི་ཟེར་རླངས་ལས་དཔའ་བོ་འབྲུ་ལྔའི་འོད་ཟེར་འཕྲོས་པ་འགྲོ་འདུལ་ནས་རྟ་མགྲིན་དབང་གི་དཀྱིལ་འཁོར་གྱི་བར་རིམ་པར་བརྒྱུད་དེ་མཆོད་ཅིང་ཐུགས་དམ་བསྐུལ་བས། དེ་དག་ལས་ཡེ་ཤེས་ཀྱི་འོད་ཟེར་བདུད་རྩིའི་ཆུ་རྒྱུན་རིམ་པར་བབས་པ་འགྲོ་འདུལ་གྱི་དཀྱིལ་འཁོར་ལས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་འཕྲོས། དེ་ལས་འོད་ཟེར་མཁའ་ཁྱབ་ཏུ་སྤྲོས་པས་སེམས་ཅན་གྱི་དོན་བྱས། འཕགས་པ་རྣམས་མཆོད། རྡོ་རྗེ་གསུམ་གྱི་བྱིན་རླབས་སོགས་འཁོར་འདས་ཀྱི་དྭངས་མའི་བཅུད་ཐམས་ཅད་བསྡུས་ནས་བདག་རང་བཞིན་གྱི་དཀྱིལ་འཁོར་ལ་ཐིམ། དེ་ཡང་གུ་ཧྱ་ལག་གི་ཕྱག་རྒྱ་རྟ་མགྲིན་ཡབ་ཡུམ་ལ་ཐིམ་པས་དེ་གཉིས་རོལ་པའི་བྱང་སེམས་དང་འདྲེས་པ་གཟུངས་ཐག་རྡོ་རྗེའི་ཁོང་སང་ནས་ཕྱུང་སྟེ་བདུད་རྩིའི་ཕོ་བྲང་ལ་ཐིམ་པས་སྨན་ཉིད་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་མུ་ཏིག་དཀར་བོ་དྲི་མ་མེད་པ་ལྟར་གྱུར་པར་མོས་ལ། གཡོན་པའི་མཐེབ་སྲིན་གྱིས་གཟུངས་ཐག་ལ་འཇུས་ཏེ། ༀ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཋཱ། ཞེས་དགུ་པའི་སྔགས་སུ་གྲགས་པ་སྟེ། ཧེ་རུ་ཀ་འདུས་པར། དགུ་པའི་ཕྱག་རྒྱས་མནན་ཅིང་བཟླ། ཞེས་པས་རྟགས་མ་མཐོང་བར་ཐུན་ཐམས་ཅད་ལ་སྔགས་དང་ཏིང་འཛིན་འདི་ཁོ་ན་བྱ་སྟེ། སྒྲུབ་ཁོག་ཏུ་བྲིས་པའི་སྔགས་དང་ཏིང་འཛིན་ནི་མདོའི་བདུད་རྩི་སྒྲུབ་པའི་ཆོ་ག་ཐུན་མོང་བ་ཙམ་ལ་བརྟེན་པའོ། །དེ་ཡང་སྔགས་སྟོང་ཕྲག་རེའི་མཚམས་སུ་ཚོགས་བྱ་བར་བཤད་ཀྱང་འགྲུབ་དཀའ་བས་ཐུན་རྗེས་མའི་མཐར་ལན་རེ་དང་། ཐུན་ཐམས་ཅད་ལ་སྟོང་སྟོང་གི་མཚམས་སུ་སྔགས་མཆོད་རེ་བྱ་ཞིང་། བསྙེན་གྲོགས་ཡོད་བཟླས་པ་གསུང་མི་ཆག་ཏུ་བཟླའོ། །གཞན་ཡང་དུས་གནད་དང་སྦྱར་བའི་ཉུལ་ལེ་བསལ་བ་དང་བྱིན་དབབ་པའང་སྒྲུབ་ཁོག་ཏུ་བཤད་པ་ལྟར་རོ། །ཐུན་བསྡུ་བ་ནི། མདུན་བསྐྱེད་ཀྱི་གཞལ་ཡས་ཁང་འཁོར་ལ། འཁོར་རྣམས་རིམ་བཞིན་སྙིང་པོའི་དཀྱིལ་འཁོར་ལ། དེ་ཉིད་རྟ་མགྲིན་དབང་གི་དཀྱིལ་འཁོར་ནས་འགྲོ་འདུལ་ཁྲོ་བོའི་དཀྱིལ་འཁོར་གྱི་བར་འོད་དུ་ཞུ་ནས་བདུད་རྩི་ལ་ཐིམ་པར་བསྒོམ་མོ། །བདག་རང་བཞིན་དཀྱིལ་འཁོར་འོད་གསལ་དུ་བསྡུ་ཞིང་ལྔང་བ་སྒྲུབ་ཐབས་ལྟར་རོ། །གཉིས་པ་བདུད་རྩི་སྐྱིལ་བའི་དགོངས་པ་ནི། ཧེ་རུ་ཀ་འདུས་པར། འོད་དང་དུ་བ་སྒྲ་དང་དྲིལ། །ལྷ་མོས་ལུང་བསྟན་བྱུང་བ་དང་། མང་དུ་འཕེལ་ན་གྲུབ་རྟགས་ཡིན། ཞེས་པ་ལྟར་རྟགས་ཅི་རིགས་བྱུང་བ་དང་། སྣོད་བྷཉྫའི་གཞལ་ཡས་ཁང་དུ་བཅུད་བདུད་རྩི་རྒྱ་མཚོར་སྐྱིལ་བ་ལ་སྨན་སྲུང་རྣམས་ཀྱིས་ཀྱང་མཚོ་ལ་སྦྲང་ཆར་བབས་པ་བཞིན་དུ་ཕོབ་པས་དངོས་གྲུབ་གསོས་བཏབ་པར་མོས་ལ། ༀ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུཾ་ཧྲིཿཋཱ། ཞེས་བཟླ་ཞིང་སྐྱིལ་ནས། སྨན་སྲུང་རྣམས་ཀྱང་བསྐུལ་ཞིང་། ༀ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་མེ་པྲ་བེ་ཤ་ཡ་པྲ་བེ་ཤ་ཡ་ཧཱུཾ་ཧྲཱིཿ་ཋཱ། ཞེས་བཟླ་ཞིང་དབབ་པའི་ཕྱག་རྒྱས་སྨན་ལ་གཏུག་གོ། །གསུམ་པ་དབང་དུ་བྱ་བའི་དགོངས་པ་ནི། རྟགས་བརྟན་ནས་དངོས་གྲུབ་བླང་རན་པ་དང་བྱ་སྟེ། སྨན་གྱི་ཕོ་བྲང་ནང་དུ་རྟ་མགྲིན་ཡབ་ཡུམ་གསལ་བའི་བྱང་སེམས་སྨན་དང་འདྲེས་ནས་གཟུངས་ཐག་ཁོང་སེང་གི་ལམ་བརྒྱུད་དེ་བྱུང་བ་བདག་ལ་ཐིམ་པར་བསམ་ཞིང་། ༀ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀྀ་ཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་བནྡྷ་བནྡྷ་ཧཱུཾ་ཧྲཱིཿ ཋཱ། ཞེས་བཟླས་པས་དངོས་གྲུབ་གཞན་གྱིས་མི་འཕྲོག་པར་བདག་གིས་ཐོབ་པར་བསམ་མོ། །བཞི་པ་དངོས་གྲུབ་བླང་བ་ནི། མཚམས་བཤགས་དམ་བཅའ་བྱིན་དབབ་རྣམས་སྔོན་དུ་འགྲོ་བས་དངོས་གྲུབ་བསྐུལ་བའི་འཛབ་ནི། ལྷ་ཚོགས་རྣམས་ཀྱི་གནས་ལྔ་ནས་རྡོ་རྗེའི་ལྔའི་དངོས་གྲུབ་ཐམས་ཅད་འཆི་མེད་བདུད་རྩིའི་རྣམ་པར་བྱུང་བ་རང་ལ་ཐིམ་པར་བསམ་ལ། ༀ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་མཉྫུ་ཤྲཱི་བྱ་བ་ལོ་ཀི་ཏེ་ཧཱུཾ་ཧྲཱིཿ་ཋཱ། ཞེས་བཟླ། དེ་ནས་གཡོན་པའི་མཐེབ་སྲིན་རྩེ་སྤྲད་པས་བདུད་རྩིའི་སྟེང་ནས་མནན་ཏེ། ཨ་ཧོ་སུ་ཁ་དྷརྨ་ཀཱ་ཡ་ནི་ཨ་མྲྀ་ཏ་སིདྡྷི་ཧཱུཾ་ཧྲཱིཿ ཋཱ། ཞེས་བཟླས་ནས། སྒྲུབ་ཁོག་ཏུ་གནད་ནས་བསྐུལ་བའི་ཚིག །ཧཱུཾ། ནམ་མཁའི་མཐའ་ཀླས་ཆོས་ཀྱི་དབྱིངས་ཀྱིས་ཁྱབ། །ཅེས་པ་ནས། བདག་གི་ལས་འབྲས་མཆིས་པར་མཛོད། །ཅེས་པའི་བར་གྱིས་བསྐུལ་རྗེས་མེ་ཏོག་དོར་ནས་སྨན་གྱི་དངོས་གྲུབ་བླང་ཞིང་དབང་ནོད་པ་གོ་ཆུ་རུབ་ཏུ་བྱ་བའང་སྒྲུབ་ཁོག་བཞིན་དུ་སྟེ། རྒྱས་པ་ལ་མོས་ན་གསང་ཆེན་མྱུར་ལམ་ལྟར་སྦྱར་རོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། རྒྱ་འགྲོལ་བ་དང་། བདུད་རྩིས་ལྷ་མཆོད་པ་དང་། བདུད་རྩི་བགོ་བ་སོགས་བདུད་རྩི་རང་གི་རྗེས་ཆོག་ཐུན་མོང་མ་ཡིན་པ་རྣམས་ནི་གསང་ཆེན་མྱུར་ལམ་ལྟར་ཤེས་པར་བྱ་ཞིང་། ཉིན་རེ་བཞིན་ཐུན་གྱི་མཐའ་རྣམས་སུ་བྱ་བའི་ལས་ཀྱི་མདེའུ་ཚོགས་གཏོར་དང་། དཀྱིལ་འཁོར་བསྡུ་བ། གོ་བགོ་ལུས་བསྲུང་བསྔོ་ཤིས་རྣམས་ནི། ཤས་ཆེར་ལས་བྱང་ཡིག་རྙིང་དུའང་འབྱུང་མོད་ཀྱི། འོན་ཀྱང་འདིར་ལག་ལེན་བདེ་ཕྱིར་སྒྲུབ་ཐབས་དངོས་གྲུབ་ཆར་འབེབས་ལྟར་བྱ་བ་ཡིན་ནོ། །མདོའི་སྒྲུབ་ཁོག་གི་སྨན་སྒྲུབ་ལས་འཕྲོས་བའི་ཟུར་འདེབས་ལེ་ཚན་ནོ།། །།

༈ ༀ་སྭ་སྟི། མི་འགྱུར་ལྷན་སྐྱེས་ཕྱག་རྒྱས་འཁོར་འདས་ཆོས། །གཉིས་མེད་ཡེ་ཤེས་རྡོ་རྗེར་བྱིན་བརླབས་ནས། །འགྲོ་ཀུན་ཕན་བདེར་མཛད་པོ་བླ་མ་ལ། །ཕྱག་བྱས་ཕྱི་ནང་དཀྱིལ་འཁོར་རབ་གནས་བཤད། །འདི་ལ་གཉིས་ཏེ། ཕྱི་མདོ་དང་ཐུན་མོང་བའི་རབ་གནས་དང་། ནང་ཐུན་མིན་གསང་སྔགས་བླ་མེད་ཀྱི་རབ་གནས་སོ། །དང་པོ་ནི། ཕྱག་བཞེས་སུ་འདུས་པ་མདོའི་ཡན་ལག་གི་དཀྱིལ་འཁོར་ཡོ་ག་མན་ཆད་ལ་རྟེན་འབྲེལ་གྱི་ཆོ་གས་རབ་གནས་མཛད་དོ། །དེའི་ལས་རིམ་ལ། སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བའི་ཆོས་ནི། ཉེ་འཁོར་གྱི་ས་གཞི་སྐྱང་ནུལ་དང་ཕྱགས་དར་གྱིས་དག་པར་བྱས་ལ་བའི་རྣམ་ལྔས་བྱུག །རྟེན་གྱི་མདུན་དུ་སྟེགས་བུ་གྲུ་བཞི་པ་ཁྲུ་གང་ལས་མི་ཆུང་པ་ལ་རྟེན་འབྲེལ་སྙིང་པོ་ལན་བདུན་བཟླས་པའི་ཙནྡན་གྱི་ཆུས་ཆག་ཆག་བཏབ་པའི་ཁར་དཀྱིལ་འཁོར་པདྨ་འདབ་བརྒྱད་བྲི། དེའི་དབུས་སུ་མཉྫིའི་ཁར་བུམ་པ་ཚད་ལྡན་དར་གྱི་མགུལ་ཆིངས་དང་འཁོར་ལོའི་མཚན་མ་ཅན་བཤུག་པ་སོགས་བཀྲ་ཤིས་པའི་ཤིང་གིས་ཁ་བརྒྱན་པའི་ནང་དུ་རིན་ཆེན་འབྲུ་སྨན་དྲི་སྟེ་ལྔ་ཚན་བཞིའི་རྫས་དང་ཆུ་གཙང་མས་བཀང་བ་བཀོད། བུམ་པའི་ཁར་གསེར་དངུལ་ལམ་མཁར་བའི་མེ་ལོང་ལ་ཙན་དན་དཀར་པོའི་ཆུས་རྟེན་འབྲེལ་སྙིང་པོ་ཚར་བདུན་བྲིས་པ་བཞག །ཡོན་ཆབ་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔའི་མཆོད་རྫས་ཅི་འབྱོར་དང་། ཁྲུས་སྡེར་མེ་ལོང་ཁྲུས་རས་གོས་ཟུང་མེ་ཏོག་སོགས་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ལ། ཁྲུས་དང་དཀོན་མཆོག་ལ་ཕྱག་བྱས་ནས་སྟན་བདེ་བ་ལ་འདུག་སྟེ། བདག་གི་རྣལ་འབྱོར་ནི། ལྷ་མི་དང་ཉན་རང་བྱང་སེམས་བཞི་ལ་ཐེག་པ་ཆེན་པོའི་གསོ་སྦྱོང་དང་སེམས་བསྐྱེད་ཀྱི་སྡོམ་པ་བླང་། ཆ་གསུམ་སྒོ་འབྱེད་ཀྲི་ཡོག་བཞི་ལ་རང་རང་གི་ལྷའི་རྣལ་འབྱོར་བཟླས་པའི་བར་བྱ་བའམ། ཡང་ན་དེ་ཐམས་ཅད་ལ་རང་གི་ལྷག་པའི་ལྷ་གང་ཡང་རུང་བ་བསྒོམས་ལ་བཟླས་པ་ཅུང་ཟད་ཅིག་བྱའོ། །དེ་ནས་འབྱུང་གཏོར། ༀ་ཨཱཿཧཱུཾ་གིས་འདོད་ཡོན་བདུད་རྩིའི་རྒྱ་མཚོར་བརླབས་ནས། ༀ་སརྦ་བིགྷྣན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ཀྱིས་བསྔོས་ལ། དེང་འདིར་རྟེན་རབ་ཏུ་གནས་པར་བྱེད་པ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག །ༀ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུཾ་ཕཊ། ཅེས་པས་བགེགས་བསྐྲད་ནས། མཆོད་རྫས་རྣམས་རྟེན་སྙིང་དང་། སྭ་བྷཱ་ཝས་བསང་སྦྱངས། སྟོང་པའི་ངང་ལས་གནས་ཁང་མཆོད་རྫས་དང་བཅས་པ་ཐམས་ཅད་དག་ཅིང་བཟང་བ་ཕུན་སུམ་ཚོགས་པར་བསམ་ལ། རྟེན་འབྲེལ་སྙིང་པོ་བརྗོད་པས་བྱིན་གྱིས་བརླབ་བོ། །གཉིས་པ་དངོས་གཞི་ནི། ཐོག་མར་བུམ་སྒྲུབ་བྱ་སྟེ། མེ་ལོང་ལ་བྲིས་པའི་རྟེན་སྙིང་ཚར་བདུན་པོ་རེ་རེ་ལའང་ཚར་བདུན་བདུན་ཏེ་བཞི་བཅུ་རྩ་དགུ་བཟླས་ལ་ཙནྡན་གྱི་ཆུས་སྔགས་ཀྱི་ཡི་གེ་བཀྲུས་པ་བུམ་པར་བླུག་ནས་བུམ་པ་རྟེན་སྙིང་དང་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་རྫོགས་པའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་རྟེན་འབྲེལ་སྙིང་པོའི་སྔགས་ཕྲེང་དཀར་པོ་གཡོན་དུ་འཁོར་བ་ལས་འོད་དཀར་པོ་འཕྲོས་པས། འཇིག་རྟེན་གྱི་ཁམས་ཐམས་ཅད་ནས་ལྷའི་བདུད་རྩིའི་ཆུ་རྒྱུན་རྣམས་བསྡུས་ལ་ཟླ་དཀྱིལ་སྔགས་ཕྲེང་དང་བཅས་པ་ཞུ་བའི་ཆུ་དང་རོ་གཅིག་ཏུ་གྱུར་པས་བུམ་པ་གང་བར་བསྒོམས་ཏེ། ལག་གཡས་པས་བུམ་པར་བཀབ་ལ་རྟེན་འབྲེལ་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་རྗེས། རྟེན་སྙིང་གི་སྔགས་མཐར། ཨརྒྷཾ། དྷཱུ་པེ། པུཥྤེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝཱི་དྱི། ཤཔྡ་པྲ་ཏཱི་ཙྪ་སྭཱ་ཧཱ། ཞེས་བཏགས་པས་བུམ་པ་ལ་མཆོད་པ་དབུལ་ལོ། །དེ་ནས་རྟེན་སྦྱང་ཞིང་བསྐྱེད་པ་ནི། མཆོད་རྟེན་གྱི་བུམ་པའི་ནང་དང་། གླེགས་བམ་གྱི་དབུ་ཤོག །སྐུ་རྟེན་གྱི་ཐུགས་ཀར་བསྒོམ་པ་ཡིན་པས། འདིར་གནས་བྱའི་དཀྱིལ་འཁོར་གྱི་ལྷའི་གཟུགས་བརྙན་རྣམས་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་རྟེན་འབྲེལ་སྙིང པོའི་སྔགས་ཕྲེང་དཀར་པོ་གཡོན་དུ་འཁོར་བ་ལས་འོད་ཟེར་དཀར་པོ་འཕྲོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས། དེས་སངས་རྒྱས་དང་བྱང་ཆུབ་སེམས་དཔལ་ཐམས་ཅད་བསྐུལ་བས་གནས་བྱའི་རྟེན་སོ་སོའི་རྣམ་པར་བྱོན་ནས་རང་རང་ལ་ཐིམ་པར་བསམ་ལ། རྟེན་སྙིང་བཟླ། མཐར་གནས་བྱའི་རྟེན་ཐུགས་ཀའི་སྔགས་ཕྲེང་དང་བཅས་པ་རོ་གཅིག་ཏུ་གྱུར་ཏེ་མི་དམིགས་པ་ལས། ༀ་ཡེ་དྷ་རྨཱ༴ ཞེས་བརྗོད་པས་སླར་ཡང་སྒྱུ་མ་ཙམ་དུ་རྟེན་སོ་སོའི་རྣམ་པར་བཞེངས་པར་གྱུར། དེ་ནས་ཡེ་ཤེས་པ་སྤྱན་དྲང་ཞིང་བསྟིམ་པ་ནི། སྤོས་བཏུལ་ཞིང་རོལ་མོའི་སྒྲ་དང་བཅས་པས། ཧཱུཾ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །འདས་དང་མ་བྱོན་ད་ལྟར་གྱི། །རྒྱལ་བ་སྲས་བཅས་མ་ལུས་ཀུན། །རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །འགྲོ་བ་སེམས་ཅན་དོན་སླད་དུ། །ཐུགས་རྗེས་དགོངས་ཏེ་གཤེགས་སུ་གསོལ། །ༀ་ཡེ་དྷརྨཱ་སོགས་བརྗོད་པས་སྤྱན་དྲངས་པ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །གནས་མཆོག་གཞལ་ཡས་ཕོ་བྲང་འདིར། །སོ་སོའི་གདན་ཁྲི་བཟང་པོ་ལ། །གཉིས་སུ་མེད་པར་བཞུགས་སུ་གསོལ། །ༀ་ཡེ་དྷརྨཱ༴ ཞེས་པས་ཡེ་ཤེས་པ་རྣམས་རྟེན་སོ་སོ་ལ་ཐིམ་པར་གྱུར། དེ་ནས་ཁྲུས་གསོལ་བ་ནི། མེ་ལོང་གི་ནང་དུ་རྟེན་གྱི་གཟུགས་བརྙན་འཆར་དུ་བཅུག་ལ། སྔར་བྱིན་གྱིས་བརླབས་པའི་བུམ་པས་བཀྲུ་ཞིང་། ༀ། ཕུན་སུམ་ཚོགས་པ་སོགས་དཀོན་མཆོག་གསུམ་གྱི་བཀྲ་ཤིས་སྔོན་དུ་འགྲོ་བས། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། ལྷ་རྫས་དམ་པའི་ཁྲུས་ཆབ་འདི། རྒྱལ་བ་སྲས་དང་བཅས་ལ་འབུལ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །འགྲོ་བ་སེམས་ཅན་དོན་སླར་དུ། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། ༀ་ཡེ་དྷརྨཱའི་སྔགས་ལན་གསུམ་བཟླས་པས་ཁྲུས་གསོལ་ནས། གཞན་སྔར་ལྟར་ལས། རྐང་བ་གཉིས་པའི་ཁྲུས་ཆབ་འདི་ཞེས་པའི་ཚབ་ཏུ། སྐུ་འཕྱིས་འདི། ན་བཟའ་འདི། མེ་ཏོག་ཕྲེང་། ཞེས་པ་རྣམས་བཅུག་ལྟེ། ཡེ་དྷརྨཱའི་སྔགས་དང་བཅས་པས་རས་ཀྱིས་འཕྱི་ཞིང་གོས་ཟུང་དང་མེ་ཏོག་གི་ཕྲེང་བ་རེ་རེ་དབུལ་ལོ། །དེ་ནས་མཆོད་པ་འབུལ་བ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ལྷ་རྫས་དམ་པའི་ཡོན་ཆབ་འདི། །རྒྱལ་བ་སྲས་བཅས་སོགས་སྔར་ལྟར་ལས། ༀ་ཡེ་དྷརྨཱ་ནས་ཤྲ་མ་ཎཿཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། དེ་བཞིན་དུ་ཡོན་ཆབ་ཀྱི་གནས་སུ། བདུག་སྤོས། མེ་ཏོག །མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དང་། ཨརྒྷཾ་གྱི་གནས་སུ། དྷཱུ་པེ། པུཥྤེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱེ། ཤཔྡ་རྣམས་བཅུག་སྟེ་ཕུལ་ནས། ཧཱུཾ། སྐུ་ནི་རྟེན་ཅིང་འབྲེལ་བའི་སྐུ། །གསུང་ནི་རྟེན་འབྲེལ་འགག་མེད་སྟོན། །ཐུགས་ནི་རྟེན་འབྲེལ་ཐམས་ཅད་མཁྱེན། །སྐུ་གསུང་ཐུགས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད་ལ། བརྟན་བཞུགས་ནི། རྟེན་གྱི་གཟུགས་བརྙན་མེ་ལོང་དུ་ཤར་བ་ལ་ལག་གཡས་པས་རེག་ནས་རྟེན་འབྲེལ་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་ལ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །རྒྱལ་བ་སྲས་བཅས་མ་ལུས་ཀུན། །རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །འགྲོ་བ་སེམས་ཅན་དོན་སླད་དུ། །ཇི་སྲིད་རྟེན་འདི་གནས་ཀྱི་བར། །ཐུགས་རྗེས་དགོངས་སྟེ་བཞུག་སུ་གསོལ། །ༀ་ཡེ་དྷརྨཱ་སོགས་དང་། ༀ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་བུམ་ཆུས་རླན་པའི་མེ་ཏོག་འཐོར་རོ། །སླར་ཡང་ཡོན་ཆབ་ལ་སོགས་པས་མཆོད་ནས། གཏོར་མ་རྟེན་སྙིང་དང་འབྲུ་གསུམ་གྱིས་བརླབས་ཏེ། ཨ་ཀཱ་རོའི་སྔགས་རོལ་མོའི་སྒྲ་དང བཅས་པས་སྲུང་མ་རྣམས་ལ་བྱིན་ཞིང་འཕྲིན་ལས་བཅོལ་ནས། འབྱུང་པོ་གང་དག་དང་། རྒྱལ་བ་དགྲ་རྒྱལ་བདེན་པའི་བྱིན་རླབས་ཀྱིས། །བདེན་པར་གསུངས་པ་དེ་ལ་སྡིག་མེད་ཅིང་། །ལྷར་བཅས་ལྷ་མིན་གྱིས་རྟག་མཆོད་པ་ཡི། །བདེན་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དམ་ཆོས་བདུད་རྩི་ཐམས་ཅད་མཁྱེན་པ་ཡི། །ཞལ་ནས་གསུངས་པ་བསིལ་བའི་རོ་འདི་ཡིས། །ཉོན་མོངས་འབར་བའི་མེ་ཡིས་གདུངས་གྱུར་པའི། །འགྲོ་བའི་སྡུག་བསྔལ་རྟག་ཏུ་ཞི་བྱེད་ཤོག །ཅེས་བརྗོད་ཅིང་། བུམ་ཆུ་དང་མེ་ཏོག་གི་སིལ་མ་འཐོར་པ་དང་། རོལ་མོའི་སྒྲ་ཡང་བྱའོ། །ཕྱི་མདོ་དང་ཐུན་མོང་བ་རྟེན་འབྲེལ་རབ་གནས་ཀྱི་ལེ་ཚན་ནོ།། །།

༈ ༀ་སྭ་སྟི། གཉིས་པ་ནང་ཐུན་མོང་མ་ཡིན་པ་གསང་སྔགས་བླ་མེད་ཀྱི་རབ་གནས་ཆོ་ག་ལ་གསུམ་སྟེ། རྒྱས་པ་དང་། འབྲིང་པོ་དང་། བསྡུས་པའོ། །དང་པོ་ནི། ཁྲོ་བོ་རྡོ་རྗེ་ལས་རིམ་ལས། སྡོམས་ནི་སྔོན་དུ་བྱ་བ་དང་། །ཏིང་འཛིན་ལྷག་བསྐྱེད་རང་བཞིན་དབབ། །དབང་པོའི་སྐྱོན་བསལ་མངའ་གསོལ་དང་། །ཁྲུས་གསོལ་བཀྲ་ཤིས་རས་ཀྱི་འཕྱི། །མཆོད་པ་ཕྱི་ནང་གསང་གསུམ་འབུལ། །བདེན་པའི་བྱིན་རླབས་དམིགས་བརྟན་བཞུགས། །ཡོན་བདག་བསྐོར་ཕྱག་སྨོན་ལམ་གདབ། །ཅེས་པ་ལྟར་དོན་དགུའམ་རྐང་པ་དྲུག་པ་དང་བདུན་པ་གཉིས་གཅིག་ཏུ་བསྡུས་ན་དོན་བརྒྱད་དུ་བསྟན་པའང་རིགས་བསྡུ་ན་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་ལའང་བདུན་གྱི། དང་པོ་བཤམས་བཀོད་ནི། གནས་བྱའི་དཀྱིལ་འཁོར་གྱི་མདུན་ཕྱོགས་སུ་ཁྲུས་སྟེགས་དྲི་དང་བ་བྱུང་གིས་ཆག་ཆག་བཏབ་པ་ལ་དཀྱིལ་འཁོར་པདྨ་འདབ་བརྒྱད་མཛེས་ཚོན་དུ་བྲི། དེའི་དབུས་སུ་མཉྫིའི་ཁར་རིན་པོ་ཆེའི་ཁྲུས་གཞོང་གི་ནང་དུ་མེ་ལོང་བཞག །དེའི་ནུབ་ཏུ་མཉྫིའི་ཁར་རབ་གནས་ཀྱི་དབང་བུམ་རྫས་སོ་ལྔའི་བཅུད་ཀྱིས་གཏམས་པ། ཤར་དུ་བུམ་པ་ལྟ་བུ་རི ན་པོ་ཆེའི་སྣོད་བདུན་དུ་ཆུ་གཙང་། སྤུ་ཆབ་སྟེ་བུལ། འདག་ཆལ་ཏེ་སུག་པ། འབྲུ་ལྔ། དྲི་ལྔ། སྨན་ལྔ། རིན་ཆེན་ལྔ་རྣམས་སྦྱར་བའི་ཆུས་གང་བ་སྟེ་ཞི་བའི་ཁྲུས་ཆུ་བདུན། ཁ་ཚར་མ་ཉམས་པའི་རས་དྲི་མ་མེད་པ་ལ་དྲིའི་ཐིག་ལེ་ལྔ་བྱས་པའི་སྐུ་འཕྱིས་དང་བཅས་པ། ལྷོར་ཐོད་པ་ལྟ་བུ་སྣོད་ཇི་ལྟར་རིགས་པར་ཞུན་ཆེན། ཐལ་ཆེན། ཁུ་བ། དྲི་ཆེན། ཤ་ཆེན་གྱི་དྭངས་མ། པད་རཀ །དྲི་ཆུ་རྣམས་སྦྱར་བའི་ཆུས་གང་བ་སྟེ་ཁྲོ་བོའི་ཁྲུས་ཆུ་བདུན། རོ་རས་ལ་བདུད་རྩིའི་ཐིག་ལེ་ལྔ་བྱས་པའི་སྐུ་འཕྱིས་དང་བཅས་པ། བྱང་དུ་མཁར་བའི་བུམ་པར་བ་བྱུང་ལྔ་སྨན་དང་དྲི་བཟང་སྦྱར་བའི་ཆུས་གང་བ་དང་། དེའི་གཡས་སུ་དྲི་ཞིམ་པོས་བགོས་པའི་ཏིལ་མར་རམ་འབྲུ་མར་གྱི་སྣོད་དང་། དྲི་དང་བ་བྱུང་སྦྱར་བའི་སྣོད། གཡོན་དུ་ཙནྡན་དཀར་དམར། ཨུ་དུམྦར་། ནྱཱ་གྲོ་ཏ། པཪྤ་ཏ་སྟེ་ཤིང་ཤུན་ལྔ་རྣམས་དུརྦའི་པིར་དང་བཅས་པ་དང་། དྲིའི་དུང་ཞལ་རྣམས་བཀོད། རྩ་བའི་དཀྱིལ་འཁོར་གྱི་ཕྱི་རོལ་ཤར་ཕྱོགས་སུ་ཁྲུས་སྟེགས་ཀྱི་གཡས་གཡོན་གང་བདེར་དབང་བོའི་སྐྱོན་བསལ་བའི་མིག་ཐུར་སོགས་བདུན་དང་། ཞི་ཁྲོའི་མངའ་དབུལ་གྱི་ཡོ་བྱད་དངོས་སམ་ཙཀ་ལི་དང་། ཞབས་བསིལ། བཞི་བསྣོལ། སྨན་གཏོར་རཀྟ་སོགས་མཆོད་རྫས་ཅི་འབྱོར་འབུལ་བའི་སྟེགས་བུ་བཀོད་ལེགས་པ་འདུ་བྱ། ལྷོ་ཕྱོགས་སུ་རྒྱས་པའི་སྦྱིན་སྲེག་གི་ཐབ་བཅའ། ནུབ་ཕྱོགས་སུ་ཆ་གསུམ། བྱང་ཕྱོགས་སུ་ཚོགས་ཀྱི་ཡོ་བྱད་རྣམས་བཤམ། གཞན་ཡང་མེ་ཏོག་ལ་སོགས་པ་ཉེར་མཁོའི་ཡོ་བྱད་ཐམས་ཅད་ཚང་བར་འདུ་བྱས་ལ། གཉིས་པ་བདག་བསྐྱེད་ནི། སྒྲུབ་ཐབས་ལྟར་ཞི་ཁྲོ་ཡོངས་རྫོགས་སམ། སྒྲུབ་མཆོད་དང་མ་འབྲེལ་བའི་རས་བྲིས་ལྟ་བུར་རྐྱང་ཆོག་བྱེད་ན་ལུས་དཀྱིལ་དང་སྦྱར་བའི་ཞི་ཐུང་ཙམ་ལ་བརྟེན་ཀྱང་རུང་ངོ་། །གསུམ་པ་བུམ་བཟླས་ནི། དབང་བུམ་བསང་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ཞེས་བརྗོད་པས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ་ཧཱུཾ་ༀ་སྭཱ་ཨཱཾ་ཧཱ་ཞེས་བརྗོད་པས་རིགས་ལྔ་ཡབ་ཡུམ་གྱི་སྐུ་བཀྲ་ལམ་གྱི་གསལ་བར་བསྐྱེད་ལ། བསྐུར་རློབ་དབབ་དྲང་བསྟིམ་བརྟན་མཆོད་ཅིང་བསྟོད་ནས། གཟུངས་ཐག་ལ་འཇུས་ཏེ། ཧཱུཾ་བཛྲ་དྷྲིཀ྄་མཱུཾ་དྷཱ་ཏྭི་ཤྭ་རཱི་སོགས་རིགས་ལྔའི་སྔགས་ལ་རྟེན་འབྲེལ་སྙིང་པོ་བཏགས་པ་ཅི་ནུས་བཟླས་ནས། ཡིག་བརྒྱས་བཟོད་པར་གསོལ་ལ་ལྷ་མི་ཞུ་བར་བཞག །ཆུ་བདུན་ཚན་གཉིས་ༀ་སྭ་བྷཱ་ཝ་སོགས་ཆོས་ཉིད་རྣམ་དག་གི་སྔགས་རྒྱས་རྫས་རྣམས་ཀྱི་དྲི་མ་སྦྱངས། ༀ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་རྫས་རྣམས་རྒྱ་ཆེར་སྤྲེལ། ༀ་བཛྲ་ཨ་མྲྀ་ཏ་སོགས་བདུད་རྩི་ཐབས་སྦྱོར་གྱི་སྔགས་རྒྱས་དྲི་མ་སྦྱོང་བ་ལ་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་ནུས་ལྡན་དུ་གྱུར་པར་བསམ་མོ། །བཞི་པ་རྒྱས་པའི་སྦྱིན་སྲེག་ནི། སྤྲོ་ཞིང་ནུས་ན་སྐབས་འདིར་བྱའོ། །ལྔ་པ་རྟེན་གྱི་བགེགས་སྦྱང་ནི། ཧཱུཾ་ཞེས་བརྗོད་པས་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་བདག་ཉིད་ཞེ་སྡང་རྡོ་རྗེ་འཇིགས་ཤིང་རྔམས་པའི་སྐུར་ཐོན་པའི་ཤངས་ཀྱི་ཧཱུཾ་རིང་དང་བྱང་ཆུབ་ཀྱི་སེམས་སྤྲིན་ཁྲོ་བོ་དང་མཚོན་ཆའི་ཚོགས་སུ་སྤྲོས་པས་བགེགས་ཐམས་ཅད་ཚར་བཅད་ནས་ཚུར་འདུས་པ་བསྲུང་བའི་གུར་དུ་འཁྲིགས་པར་བསམ་ལ། ཧཱུཾ། དབང་མཆོག་སྒྲུབ་པའི་གནས་འདི་རུ། །དཀྱིལ་འཁོར་རབ་ཏུ་གནས་བྱ་ཡིས། །ཕྱོགས་སྐྱོང་བཅུ་པོ་གནོན་པ་དང་། །འཁོར་གྱི་གདོན་བགེགས་མ་ལུས་ཀུན། །དུས་གསུམ་སངས་རྒྱས་བཀའ་བྱུང་གིས། །འདི་རུ་མ་འདུག་གཞན་དུ་དེངས། །ཞེས་བཀའ་བསྒོམས་ལ་རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ་བས། ༀ་བཛྲ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཨ་ཨ་ཨ་ཧཱུཾ་ཕཊ། ཅེས་དང་། གཞན་ཡང་ཁྲོ་བཅུའི་སྔགས་དང་སུམྦྷའི་སྔགས་བཟླ་ཞིང་གནས་བྱའི་གཞིར་གུ་གུལ་གྱིས་བདུག །ཡུངས་ཐུན་གྱིས་བྲབ་པ་སོགས་དྲག་པོའི་ཚམ་རྔམས་བྱའོ། །དྲུག་པ་རྟེན་གྱི་དྲི་མ་དང་བཟོ་བོ་ལ་སོགས་པའི་མི་ག ཙང་བའི་དྲི་མ་འཁྲུད་པ་ནི། རྟེན་གྱི་གཟུགས་བརྙན་མེ་ལོང་དུ་འཆར་དུ་བཅུག་ལ། ཐོག་མར། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོདྷ་ན་སྭཱ་ཧཱ། ཞེས་དྲི་དང་བ་བྱུང་སྦྱར་བ་བྱུག་ཅིང་དུརྦའི་པིར་གྱིས་བཀྲུ། ༀ་ཨཱཿཧཱུཾ་ཧྲཱིཿཋཱ། ཞེས་ཏིལ་མར་རམ་འབྲུ་མར་དྲི་ལྡན་དུརྦའི་པིར་གྱིས་བྱུག །སྣུམ་བསལ་བའི་ཕྱིར། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤྭ་དྷ་ནེ་སྭཱ་ཧཱ། ཞེས་ཤིང་ཤུན་ལྔའི་ཕྱེ་མས་ཕྱིས་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་རོལ་མོ་དང་བཅས་པས་དྲི་སྨན་བ་བྱུང་སྦྱར་བའི་བུམ་ཆུས་བཀྲུ་བར་བྱ་ཞིང་། ༀ་རཏྣ་པྲ་བྷཉྫ་ར་ཧ་སྭཱ་ཧཱ། ཞེས་རས་ཁ་ཚར་མ་ཉམས་པས་ཕྱིས་ཏེ། དྲིའི་དུང་ཞལ་ཐོགས་ལ། ༀ་བཛྲ་གནྡྷེ་སྭཱ་ཧཱ། ཞེས་དྲི་ལྔའི་ཆུ་ཐུགས་ཀར་བྱུག་གོ། །བདུན་པ་རང་གི་ལྷ་མཆོད་ཅིང་གསོལ་བ་གདབ་པ་ནི། ལག་གཡས་རྡོ་རྗེ་དང་བཅས་པའི་སྤོས་སྣོད་ཐོགས་ལ་གཡོན་དྲིལ་བུ་གསིལ་ཞིང་། རང་གི་ལྕེ་ཧཱུཾ་ལས་བྱུང་བའི་རྡོ་རྗེར་མོས་ལ། ཇི་ལྟར་སངས་རྒྱས་ཐམས་ཅད་ནི། །དགའ་ལྡན་གནས་ནས་གཤེགས་ནས་ཀྱང་། །ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར། །དེ་བཞིན་གཟུགས་བརྙན་འདིར་གཤེགས་གསོལ། །མགོན་པོ་འདིར་ནི་གཤེགས་ནས་ཀྱང་། །བྱང་ཆུབ་སེམས་ནི་བསྐྱེད་པ་དང་། །བདག་སོགས་སེམས་ཅན་དོན་སླད་དུ། །ཅི་འབྱོར་བ་ཡི་མཆོད་པ་ནི། །མེ་ཏོག་ལ་སོགས་འདི་བཞེས་ནས། །བདག་དང་སློབ་མར་བཅས་པ་ལ། །རྗེས་སུ་བརྩེ་བས་ཉེར་དགོངས་ཏེ། །ཀུན་གྱིས་བྱིན་གྱིས་བརླབ་མཛད་ཅིང་། །འདི་ཉིད་དུ་ནི་འབྱོན་པར་རིགས། །ཞེས་ལན་གསུམ་བརྗོད་ཅིང་། རང་གི་སྙིང་གའི་འོད་ཟེར་གྱིས་འདུས་པ་ཆེན་པོའི་ལྷ་ཚོགས་མཁའ་ཁྱབ་ཏུ་སད་པར་བསམ་ལ། ཀུན་བཟང་། ཞབས་བསིལ། བཞི་བསྣོལ་གྱིས་མཆོད་ཅིང་། ཐལ་མོ་སྦྱར་བའི་བར་དུ་མེ་ཏོག་གི་ཕྲེང་བ་བཟུང་ལ། ན་མོ། མི་གནས་པའི་ཡེ་ཤེས་ཆེན་པོའི་བདག་ཉིད་འདུས་པ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་རྒྱལ་བ་རྒྱ་མཚོ་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། དེང་བདག་གིས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ལ་འགོད་པའི་ཕྱིར་རྟེན་འདི་ལ་རབ་ཏུ་གནས་པའི་ཕྲིན་ལས་བགྱི་བར་འཚལ་བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མཐུ་བསྟན་དུ་གསོལ། །བྱིན་གྱིས་བརླབ་ཏུ་གསོལ། དབང་བསྐུར་དུ་གསོལ། རབ་གནས་ཡེ་ཤེས་ཀྱི་སྣང་བ་ཐོབ་པར་མཛད་དུ་གསོལ། ༀ་པྲ་ཏཱི་ཙྪ་ཧོཿ ཞེས་མེ་ཏོག་དོར་བས། དེ་ཉིད་རང་གི་ལྷག་པའི་ལྷས་སྤྱི་བོར་བཅིངས་པར་བསམ་ལ། ༀ་རཏྣ་མཱ་ལེ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་སྒྲེང་བའི་རྒྱས་བླངས་ཏེ་རང་གི་གཙུག་ཏུ་བཀོད་དོ། །གཉིས་པ་དངོས་གཞི་ལའང་བདུན་ལས། དང་པོ་དམ་ཚིགས་བསྐྱེད་པ་ནི། ཚད་མེད་པ་བཞིས་ཀུན་ནས་བསླངས་པའི་བྱང་ཆུབ་ཀྱི་སེམས་གསལ་གདབ་ལ་དར་ཅིག་མཉམ་པར་བཞག །དེ་ནས་གནས་བྱའི་རྟེན་ལ། ཧཱུཾ་བིགྷྣཱནྟ་ཀྲ་ྀཏ་ཕཊ། ཅེས་ལས་བུམ་གྱི་ཆུ་འཐོར་བས་སྦྱངས། ༀ་བཛྲ་སཏྭ་ཧཱུཾ། ཞེས་བརྗོད་པས་བདག་བསྐྱེད་ཀྱི་གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ཐོན་ཏེ་མདུན་གྱི་ནམ་མཁར་བཞུགས་པར་གྱུར། དེའི་ཐུགས་ཀར་གནས་པའི་ཧཱུཾ་ཡིག་འབར་བ་ལས་རཾ་ཡཾ་ཁཾ་འཕྲོས། རྟེན་གྱི་དངོས་པོ་དང་མཚན་མར་འཛིན་པ་ཐམས་ཅད་དག །ཐལ་མོ་ཁོང་སྟོང་གི་རྒྱ་བཅས་ལ། ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ ཧཾ། ཞེས་བརྗོད་པས། རབ་ཏུ་གནས་བྱའི་གཞིས་མཚོན་པའི་ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཡེ་ཤེས་ཆོས་ཀྱི་དབྱིངས་མཐའ་བྲལ་ནམ་མཁའ་ལྟ་བུའི་རང་བཞིན་དུ་དག་པར་མོས་ལ་ང་རྒྱལ་བྱ། དེའི་ངང་ལས་རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས་ཨེ་ཡཾ་ར་སུཾ་ཀེཾ་རཾ་ཞེས་རིམ་པར་སྤྲོས་པས་ཡུམ་ལྔའི་མཁའ་ཀློང་རྣམ་པར་དག་པ་འབྱུང་བ་ལྔའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པར་གྱུར། སླར་ཡང་བྷྲཱུཾ་འཕྲོས་སྟེང་ཁང་རིན་པོ་ཆེ་དང་འོག་ཁང་འབར་བའི་གཞལ་ཡས་ཁང་ཕྱི་ནང་རིམ་པ་དགུ་པ་ལྷ་སོ་སོའི་གདན་དང་བཅས་པ་བཀྲ་ལམ་གྱིས་གསལ་བར་གྱུར། དེ་ནས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་ཡི་གེའི་སྤྲིན་ཕྱུངས་ཏེ་སོ་སོའི་གདན་གྱི་སྟེང་དུ་འཁོད་པ་ལས་བརྟེན་པ་ལྷའི་འཁོར་ལོར་གྱུར་པ་ནི། སྟེང་ཁང་དུ་ༀ་ཨ། ཧཱུཾ་མཱུཾ། ༀ་ལཱཾ། སྭཱ་མཱཾ། ཨཱཾ་པཱཾ། ཧཱ་ཏཱཾ། ཀྵིཾ་ཧཱུཾ། ཏྲཾ་ཏྲཾ། ཧྲཱིཾ་ཧྲཱིཾཿ ཛྲཱིཾ་ཨཾ། མཻ་ཛཿ ཐླྷིཾ་ཧཱུཾ། ཧཱུཾ་བཾ། མཱུཾ་ཧོཿ ༀ་ཨ། ཀྲཱིཾ་ཏྲཱུཾ་སྲུཾ་བྲཾ་ཀྵཾ་ཡེ། ཧཱུཾ་ཛཿ ཧཱུཾ་ཧཱུཾ། ཧཱུཾ་བཾ། ཧཱུཾ་ཧོཿརྣམས་ཡོངས་སུ་གྱུར་པ་ལས་རིགས་དྲུག་པ་ཀུན་བཟང་ཡབ་ཡུམ་ལ་སོགས་ཏེ་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་བཞི་བཅུ་རྩ་གཉིས་དང་། འོག་ཁང་དུ་ཧཱུཾ་ཧ་ཧེ་ཕཊ་ཨ་ཛཿ་ཧཱུཾ་བཾ་ཧོཿ བྷྱོཿ ཨེ་ཧཱུཾ་ཏིང་ཧ་ཧཱུཾ། ཛཿཧཱུཾ་བཾ་ཧོཿམ་རྣམས་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ །དབང་མཆོག །རྒྱུད་ལུང་གི་ཧེ་རུ་ཀ་དགུ་རྣམས་སོ་སོའི་ཡུམ་དང་བཅས་པ། གནས་ཡུལ་སྒོ་སྐྱོང་ཉི་ཤུ། སྤོར་མ་བརྒྱད། གསང་ཡུམ་བཞི། དབང་མོ་ཉེར་བརྒྱད། མཁའ་འགྲོ་སོ་གཉིས། མ་བདུན་སྲིང་བཞི། གིང་ཆེན་བཅོ་བརྒྱད། ཁྲོ་བོ་ཁྲོ་མོ་ཡ་དྲུག་ཅུ། ཕོ་ཉ་ཉིས་བརྒྱ་བཞི་བཅུ། མ་མོ་དྲུག་ཅུ་སྟེ་བདུད་འདུལ་ཁྲོ་བོའི་དཀྱིལ་འཁོར་གྱི་ལྷ་ཚོགས། ཕྱི་ཁྱམས་ལ་དུས་གསུམ་གྱི་རིག་འཛིན་བླ་མ། གཞན་ཡང་སྤྲུལ་པ་དང་ཡང་སྤྲུལ་ཕྱག་བརྙན་འབུམ་ཕྲག་མཐའ་ཡས་པ་སོགས་འདུས་པ་ཆེན་པོའི་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་ལྟར་སྐད་ཅིག་གིས་གསལ་བར་གྱུར། གཉིས་པ་ཡེ་ཤེས་པ་སྤྱན་དྲང་ཞིང་བསྟིམ་པ་ནི། ལྷ་ཐམས་ཅད་ཀྱི་ཐུགས་ཀར་རང་འདྲ་བའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་རང་རང་གི་ཕྱག་མཚན་ས་བོན་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་ཐམས་ཅད་བདེ་བ་ཆེན་པོའི་ངང་ལས་ཆོ་འཕྲུལ་གྱི་རྣམ་རོལ་ཞི་ཁྲོ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་སད་པར་བསམ་ལ། སྤོས་བཏུལ་ཞིང་རོལ་མོའི་སྒྲ་དང་བཅས་པས། ༀ། ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ན། །རྒྱལ་བ་གང་བཞུགས་འཁོར་དང་བཅས། །རྡོ་རྗེ་དམ་ཅན་ཇི་སྙེད་པ། །ཐམས་ཅད་ཀུན་ནས་དགོངས་སུ་གསོལ། །རྒྱལ་བའི་ཐུགས་དམ་བསྐང་བ་དང་། །འཁོར་བ་ཡོངས་སུ་སྤྱོད་པའི་ཕྱིར། །འདུས་པ་ཆེན་པོའི་དཀྱིལ་འཁོར་འདིར། །ཐུགས་དམ་བཞིན་དུ་གཤེགས་སུ་གསོལ། །བཛྲ་ས་མཱ་ཛཿཧཱུཾ་ཛཿཞེས་སྙན་གསན་དབབ་ལ། ཧཱུཾ། ཆོས་སྐུ་རིག་པ་རང་སྣང་བ། །རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་དང་། ཁམས་གསུམ་མ་ལུས་འདུལ་བ་ཡི། ཁྲག་འཐུང་དཀྱིལ་འཁོར་འཁོར་བཅས་དང་། །རྡོ་རྗེ་འཆང་གྲལ་རིམ་བརྙེས་པའི། །རྣལ་འབྱོར་ཆེན་པོའི་རིག་འཛིན་རྣམས། །སྨོན་ལམ་དམ་ཚིག་ཚུལ་བཞིན་དུ། །གནས་འདིར་མ་ལུས་གཤེགས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿཨེ་ཧྱེ་ཧི་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཛཿཛཿ ཞེས་པས་སྤྱན་དྲངས་ཏེ། ཛཿཧཱུཾ་བཾ་ཧོཿས་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་ནམ་མཁར་བཞུགས་པའི་སྟ་གོན་གྱི་ལྷ་དང་བཅས་པ་དམ་ཚིག་གི་དཀྱིལ་འཁོར་ལ་དབྱེར་མེད་དུ་ཐིམ་པར་བསམ་མོ། །གསུམ་པ་དབང་པོའི་སྐྱོན་བསལ་བའི་ཆས་བདུན་འབུལ་བ་ནི། མིག་སྨན་བྱུགས་པའི་ཐུར་མ་ཐོགས་ཏེ། ཁྱད་པར་རྒྱུ་ལས་བྱུང་བ་ཡི། །རིན་པོ་ཆེ་ཡི་ཐུར་མ་ཡིས། །སྤྱན་གྱི་དབང་པོའི་སྐྱོན་བསལ་བས། །སྤྱན་ལྔ་ཡོངས་སུ་རྫོགས་པར་ཤོག །ༀ་བཛྲ་ཙཀྵུ་ས་མནྟ་བི་ཤོདྷ་ནེ་སྭཱ་ཧཱ། ཞེས་སྤྱན་དབྱེ་ཚུལ་བྱའོ། །གསེར་གྱི་སྙན་འབྲུས་སྙན་སྤབས་བསལ་བ་ལྟར་བྱ་ཞིང་། ཁྱད་པར་རྒྱུ་ལས་བྱུང་བ་ཡི། །རིན་པོ་ཆེ་ཡི་སྙན་འབྲུ་ཡིས། །སྙན་གྱི་དབང་བོའི་སྐྱོན་བསལ་བས། །སྙན་ལྔ་ཡོངས་སུ་རྫོགས་པར་ཤོག །ༀ་སྲོ་ཀྵཾ་པྲ་བེ་ཤ་སྭཱ་ཧཱ། གསེར་གྱི་རྨང་ཚེར་གྱིས་ཤངས་བསལ་ཚུལ་བྱ་ཞིང་། ཁྱད་པར་རྒྱུ་ལས་བྱུང་བ་ཡི། །རིན་པོ་ཆེ་ཡི་རྨང་གཟེར་གྱིས། །ཤངས་ཀྱི་དབང་པོའི་སྐྱོན་བསལ་བས། །སེམས་ཀྱི་རྣམ་གྲངས་ཤེས་པར་ཤོག །ༀ་པྲི་ཡཾ་སྲུཾ་སྭཱ་ཧཱ། གསེར་གྱི་ལྗགས་གཞར་གྱིས་ལྗགས་ཀྱི་དྲི་མ་བསལ་བལྟར་བྱ་ཞིང་། ཁྱད་པར་རྒྱུ་ལས་བྱུང་བ་ཡི། །རིན་པོ་ཆེ་ཡི་ལྗགས་གཞར་གྱིས། །ལྗགས་ཀྱི་དབང་པོའི་སྐྱོན་བསལ་བས། །གསུང་རབ་མ་ལུས་འཆད་པར་ཤོག །ༀ་དེ་བྱ་མུ་ཁཱ་ཡ་སྭཱ་ཧཱ། གསེར་དང་རུས་པའི་ཐུར་མས་ཞི་ཁྲོ་སོ་སོའི་ཚེམས་འབྲུ་བ་ལྟར་བྱས་ཏེ། ཁྱད་པར་རྒྱུ་ལས་བྱུང་བ་ཡི། །རིན་ཆེན་རུས་པའི་ཚེམས་ཤིང་གིས། །ཚེམས་ཀྱི་དྲི་མ་བསལ་བ་ཡིས། །མཉམ་པར་བཞག་པ་ཐོབ་པར་ཤོག །ༀ་བཛྲ་དནྟ་སྭཱ་ཧཱ། དུང་གི་སོ་མངས་ཀྱིས་རྒྱན་ཅན་རྣམས་ཀྱི་དབུ་སྐྲ་བཤད་པ་ལྟར་བྱས་ཏེ། ཁྱད་པར་རྒྱུ་ལས་བྱུང་བ་ཡི། །རིན་ཆེན་དུང་གི་སོ་མང་གིས། །དབུ་སྐྲ་ལྕང་ལོའི་སྐྱོན་བསལ་བས། །མཚན་ཉིད་མ་འདྲེས་མཁྱེན་པར་ཤོག །ༀ་མ་ནུ་སཾ་སོ་སྭཱ་ཧཱ། གསེར་གྱི་སྤུ་གྲིས་ཐུབ་དྲུག་སོགས་ཀྱི་དབུ་སྐྲ་དང་ཞལ་སྤུ་འབྲེག་ཚུལ་བྱས་ཏེ། ཁྱད་པར་རྒྱུ་ལས་བྱུང་བ་ཡི། །རིན་པོ་ཆེ་ཡི་སྤུ་གྲི་ཡིས། །དབུ་དང་ཞལ་གྱི་སྤུ་བྲེགས་པས། །ཉོན་མོངས་རྩད་ནས་གཅོད་པར་ཤོག །ༀ་ནིརྨ་ཀཱ་ཡ་སྭཱ་ཧཱ། ན་མོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེན་པའི་བྱིན་གྱིས་བརླབས་ཀྱིས། འདུས་པ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་དབང་པོ་ལ་སོགས་པའི་སྐྱོན་བསལ་བའི་ཉེར་སྤྱད་ཕུལ་པས། ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པ་ལ་སོགས་ཏེ་ཇི་སྐད་སྨོས་པའི་ཡོན་ཏན་དེ་ཐམས་ཅད་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །བཞི་པ་དངོས་པོའི་སྐྱོན་སྦྱང་བའི་ཆས་དགུ་ལས། ཐོག་མར་ཞི་ཁྲོ་ཐུན་མོང་དུ་མེ་ལོང་དབུལ་ཏེ། ཧཱུཾ། མེ་ལོང་དག་ལ་གཟུགས་བརྙན་སྣང་བ་ལྟར། །ཆོས་རྣམས་རང་བཞིན་གདོན་ནས་དག་པ་ལ། །ཆེ་བའི་ཡོན་ཏན་མང་པོ་འབྱུང་འགྱུར་ཞིང་། །རྣམ་པར་བྱང་བའི་ཆོས་ཉིད་གསལ་བར་ཤོག །ན་མོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེན་པའི་བྱིན་གྱིས་བརླབས་ཀྱིས། །འདུས་པ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་མེ་ལོང་ཕུལ་བས་ཀུན་གཞི་བག་ཆགས་ཀྱི་གཡའ་དང་བྲལ་ནས་ཆོས་སྐུ་བརྗོད་མེད་ཀྱི་དོན་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །ཞི་ཁྲོའི་ཆུ་བདུན་ཚན་གཉིས་ཀྱིས་ཁྲུས་གསོལ་ཞིང་འཕྱི་བ་ལས། དང་པོ་སྔར་ཕུལ་བའི་མེ་ལོང་གི་ནང་དུ་ཞི་བའི་དཀྱིལ་འཁོར་གྱི་གཟུགས་བརྙན་འཆར་དུ་བཅུག་ལ། ཞི་བའི་ཆུ་བདུན་གྱིས་རིམ་པར་བཀྲུ་སྟེ། ཆུ་གཙང་ཐོགས་ལ། རྒྱལ་བའི་སྐུ་ལ་ཉོན་མོངས་མི་མངའ་ཡང་། །སེམས་ཅན་ཉོན་མོངས་བག་ཆགས་བསལ་སླད་དུ། །རྒྱལ་བའི་སྐུ་ལ་ཆུ་གཙང་ཁྲུས་གསོལ་བས། །ལས་དང་ཉོན་མོངས་བག་ཆགས་དག་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོདྷ་ནེ་སྭཱ་ཧཱ། སྤུ་ཆབ་ཐོགས་ལ། རྒྱལ་བའི་སྐུ་ལ་རབ་རིབ་མི་མངའ་ཡང་། །སེམས་ཅན་མ་རིག་མུན་པ་བསལ་སླད་དུ། །རྒྱལ་བའི་སྐུ་ལ་སྤུ་ཆབ་ཁྲུས་གསོལ་བས། །རྨོངས་པའི་རབ་རིབ་མ་ལུས་དག་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། འདག་ཆལ་ཐོགས་ལ། རྒྱལ་བའི་སྐུ་ལ་དྲི་མ་མི་མངའ་ཡང་། །སེམས་ཅན་སྡུག་བསྔལ་དྲི་མ་བསལ་སླད་དུ། །རྒྱལ་བའི་སྐུ་ལ་འདག་འཆལ་ཁྲུས་གསོལ་བས། །ཚུལ་ཁྲིམས་མངོན་པར་བྱང་ཆུབ་སྐུ་ཐོབ་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། འབྲུ་ཆབ་ཐོགས་ལ། རྒྱལ་བའི་སྐུ་ལ་བསྙེལ་བ་མི་མངའ་ཡང་། །སེམས་ཅན་མུ་གེའི་སྡུག་བསྔལ་བསལ་སླད་དུ། །རྒྱལ་བའི་སྐུ་ལ་འབྲུ་ཆབ་ཁྲུས་གསོལ་བས། །ཏིང་འཛིན་ཕུང་པོ་ཆོས་སྐུ་དག་པར་ཤོག །ༀ་སརྦ་ཏ་ཏཱ་ག་ཏ༴ སྤོས་ཆབ་ཐོགས་ལ། ཕྲིན་ལས་ལྷུན་རྫོགས་སངས་རྒྱས་སྐུ་གཟུགས་ལ། །སྤོས་ཆེན་དྲི་ཡི་སྐུ་ཁྲུས་འདི་གསོལ་བས། །དྲི་མཆོག་སྟོང་གསུམ་ཀུན་ཏུ་འབྱུང་བ་དང་། །ཤེས་རབ་ཕུང་པོ་སྤྲུལ་སྐུ་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོདྷ་ནེ་སྭཱ་ཧཱ། སྨན་ཆབ་ཐོགས་ལ། རྡོ་རྗེ་སྐུ་མཆོག་ནམ་མཁའི་རང་བཞིན་ལ། །དྲི་མེད་སྨན་ཆབ་སྐུ་ཁྲུས་འདི་གསོལ་བས། །ཉོན་མོངས་སྡུག་བསྔལ་ནད་འཇོམས་རྒྱལ་པོ་ཡིས། །རྣམ་གྲོལ་ཕུང་པོ་རྡོ་རྗེའི་སྐུ་ཐོབ་ཤོག །ༀ་སརྦ་ཏ་ཐཱ་ག་ཏ༴ རིན་པོ་ཆེའི་ཆུ་ཐོགས་ལ། ཆོས་རྣམས་ཡོངས་སུ་རྫོགས་པའི་སྐུ་མཆོག་ལ། །རིན་ཆེན་ཆབ་ཀྱི་སྐུ་ཁྲུས་འདི་གསོལ་བས། །ཡིད་བཞིན་ནོར་ལྟར་མ་ལུས་རེ་སྐོང་བའི། །ཡེ་ཤེས་ཕུང་པོ་ལོངས་སྤྱོད་རྫོགས་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ༴ ན་མོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེན་པའི་བྱིན་གྱིས་བརླབས་ཀྱིས། ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་ལ་ཆུ་བདུན་གྱིས་ཁྲུས་གསོལ་བས་ལས་ཉོན་ཤེས་བྱའི་དྲི་མ་དག་ནས་ཟག་མེད་ཀྱི་ཕུང་པོ་ལྔ་དང་འབྲས་བུ་སྐུ་ལྔ་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །རས་དཀར་གྱི་སྐུ་འཕྱི་ཐོགས་ཏེ། །ཧཱུཾ། ཐུགས་རྗེ་ལྷུན་རྫོགས་སངས་རྒྱས་སྐུ་གཟུགས་ལ། །སྲི་ཞུ་གུས་ཕྱིར་རས་ཀྱིས་སྐུ་ཕྱིས་པས། །ལས་དང་ཉོན་མོངས་བག་ཆགས་ཀུན་བསལ་ནས། །སྤྱོད་ལམ་རྣམ་པར་དག་པའི་སྐུ་ཐོབ་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། ན་མོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེན་པའི་བྱིན་གྱིས་བརླབས་ཀྱིས། བདེ་བར་གཤེགས་པ་ལ་རས་གཙང་མས་སྐུ་ཕྱིས་པས་གཟུང་འཛིན་ལས་བྱུང་བའི་དྲི་མ་དག་ནས་སྤྱོད་ལམ་རྣམ་པར་དག་པའི་སྐུ་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །གཉིས་པ་མེ་ལོང་དུ་ཁྲོ་དཀྱིལ་གྱི་གཟུགས་བརྙན་འཆར་དུ་བཅུག་ལ། ཁྲོ་བོའི་ཆུ་བདུན་གྱིས་རིམ་པར་བཀྲུ་སྟེ། ཞུན་ཆེན་གྱི་ཆུ་ཐོགས་ལ། ཧཱུཾ། དོན་དམ་བཅུད་ཀྱི་ཐིག་ལེ་ཆེན་པོ་འདིས། །འཇིགས་བྱེད་ཆེན་པོའི་སྐུ་ལ་ཁྲུས་གསོལ་བས། །ལྷན་ཅིག་སྐྱེས་པའི་དྲི་མ་ཀུན་དག་ནས། །བྱང་ཆུབ་སེམས་ཀྱི་རླན་དང་ལྡན་པར་ཤོག །ༀ་བོ་དྷི་ཙིཏྟ་ཛྙཱ་ན་བི་ཤུ དྡྷེ་ཧཱུཾ། ཐལ་ཆེན་གྱི་ཆུ་ཐོགས་ལ། ཧཱུཾ། ལྷག་པའི་ཐལ་བ་ཕྲིན་ལས་རྫོགས་པའི་ཆུས། །འཇིགས་བྱེད་ཆེན་པོའི་སྐུ་ལ་ཁྲུས་གསོལ་བས། །བདག་གཞན་གཉིས་འཛིན་དྲི་མ་ཀུན་སྤངས་ནས། །གཉིས་སུ་མེད་པའི་དོན་དང་ལྡན་པར་ཤོག །ༀ་བཛྲ་བི་ས་སྨི་ཏི་ཛྙཱ་ན་བི་ཤུདྡྷེ་ཧཱུཾ། བྱང་སེམས་ཀྱི་ཆུ་ཐོགས་ལ། སྐྱེ་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །དཀར་ལ་དག་པ་གཉིས་མེད་ཡེ་ཤེས་ཆེས། །འཇིགས་བྱེད་ཆེན་པོའི་སྐུ་ལ་ཁྲུས་གསོལ་བས། །རྡོ་རྗེ་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །ༀ་བཛྲ་བོ་དྷི་ཙིཏྟ་ཛྙཱ་ན་བི་ཤུདྡྷེ་ཧཱུཾ། དྲི་ཆེན་གྱི་ཆུ་ཐོགས་ལ། ཧཱུཾ། དྲི་ཆེན་གསང་བའི་རྫས་ཆེན་དམ་རྫས་མཆོག །སྐྱེ་ཤི་མེད་པ་རྡོ་རྗེ་ཚེ་ཡི་ཆུས། །འཇིགས་བྱེད་ཆེན་པོའི་སྐུ་ལ་ཁྲུས་གསོལ་བས། །དེ་བཞིན་གཤེགས་རིགས་དངོས་གྲུབ་ཐོབ་པར་ཤོག །ༀ་བཛྲ་ཨཱཿཡུ་རྫྙཱ་ན་བི་ཤུདྡྷེ་ཧཱུཾ། ཤ་ཆེན་གྱི་དྭངས་མའི་ཆུ་ཐོགས་ལ། ཧཱུཾ། ཁམས་གསུམ་རྒྱུད་དྲུག་འཁོར་བའི་སེམས་ཅན་རྣམས། །དུག་གསུམ་བསྒྲལ་པ་ཤ་ཆེན་བཅུད་ཀྱི་ཆུས། །འཇིགས་བྱེད་ཆེན་པོའི་སྐུ་ལ་ཁྲུས་གསོལ་བས། །རིན་ཆེན་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །ༀ་བཛྲ་མ་ཧཱ་མཱཾ་ས་བི་ཤུདྡྷེ་ཧཱུཾ། པད་རཀ་གི་ཆུ་ཐོགས་ལ། ཧཱུཾ། པདྨ་རཀྟ་གསང་བ་དབང་གི་རྫས། །ཆགས་པར་བྱེད་པ་དམར་ལ་དྭངས་པའི་ཆུས། །འཇིགས་བྱེད་ཆེན་པོའི་སྐུ་ལ་ཁྲུས་གསོལ་བས། །པདྨ་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །ༀ་པདྨ་རཀྟ་ཏི་ལ་ཀ་བི་ཤུ དྡྷེ་ཧཱུཾ། དྲི་ཆུ་ཐོགས་ལ། ཧཱུཾ། དྲི་ཆུས་ཀུན་གྱི་གསོས་བྱེད་ལས་ཀྱི་རིགས། །ཐམས་ཅད་དག་བྱེད་བདུད་རྩི་ཆེན་པོའི་ཆུས། །འཇིགས་བྱེད་ཆེན་པོའི་སྐུ་ལ་ཁྲུས་གསོལ་བས། །ལས་ཀྱི་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །ༀ་བཛྲ་མ་ཧཱ་མ་མ་ཀུ་ཀུ་ཛྙཱ་ན་བི་ཤུདྡྷེ་ཧཱུཾ། ན་མོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེན་པའི་བྱིན་གྱིས་བརླབས་ཀྱིས། འདུས་པ་ཆེན་པོ་ཁྲག་འཐུང་གི་ལྷ་ཚོགས་ལ་དུར་ཁྲོད་ཀྱི་རྫས་དང་བདུད་རྩི་ལྔའི་ཁྲུས་གསོལ་བས་ལྷན་སྐྱེས་དང་ཀུན་བཏགས་ཀྱི་དྲི་མ་དག་ནས་བྱང་སེམས་ཀྱིས་རྒྱུད་རླན་ཅིང་གཉིས་མེད་ཀྱི་དོན་དང་ལྡན་པས་རིགས་ལྔ་ཡེ་ཤེས་ལྔའི་དངོས་གྲུབ་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །རོ་རས་ཀྱི་སྐུ་འཕྱི་ཐོགས་ལ། ཐུགས་རྗེ་ལྷུན་རྫོགས་ཁྲག་འཐུང་དཀྱིལ་འཁོར་ལ། །དུར་ཁྲོད་ཆེན་པོའི་རས་ཀྱིས་སྐུ་ཕྱིས་པས། །ཤེས་བྱའི་ལས་དང་ཉོན་མོངས་སྒྲིབ་སྦྱངས་ནས། །སྤྱོད་ལམ་རྣམ་པར་དག་པའི་སྐུ་ཐོབ་ཤོག །ༀ་བཛྲ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་བི་ཤུདྡྷེ་ཧཱུཾ། ན་མོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེན་པའི་བྱིན་གྱིས་བརླབས་ཀྱིས། ཁྲག་འཐུང་གི་ལྷ་ཚོགས་ལ་རས་ཆེན་གྱི་སྐུ་ཕྱིས་ཕུལ་བས་ཤེས་བྱའི་དྲི་མ་དག་ནས་སྤྱོད་ལམ་རྣམ་པར་དག་པའི་སྐུ་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །ལྔ་པ་ཆེ་བའི་ཡོན་ཏན་རྒྱན་ཆས་ཀྱིས་དབང་བསྐུར་ཞིང་མངའ་གསོལ་བ་ལ་ཐུན་ཁྱད་གཉིས་ལས་ཐུན་མོང་བ་དབང་བསྐུར་བ་ནི། ནམ་མཁའི་གང་བའི་དབང་ལྷ་རྣམས་ཀྱིས་བུམ་པ་ཐོགས་ཏེ་ངོ་མཚར་བའི་དགེ་མཚན་དུ་མ་དང་ལྡན་པར་དབང་བསྐུར་བས། བུན་ནང་གི་རིགས་ལྔ་ཡབ་ཡུམ་རྗེས་ཆགས་ཀྱི་སྦྱོར་བས་ཞུ་བའི་བྱང་སེམས་ཡེ་ཤེས་ལྔའི་རང་བཞིན་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་བར་མོས་ལ། ཞི་བ་ལས་རིམ་ལས། རང་གི་བུམ་པའམ་གཅིག་ཤོས་ཀྱིས། དབང་བསྐུར། ཞེས་གསུངས་བ་ལྟར་དབང་བུམ་སྒེར་དུ་ཡོད་ན་དེས་བསྐུར་ཞིང་། མེད་ན་གཅིག་ཤོས་རྣམ་བུམ་བཏེགས་ལ། ༀ། རིན་ཆེན་བུམ་པས་དབང་བསྐུར་ནས། །དབང་ཆེན་རྡོ་རྗེའི་སྐུར་བསྒོམས་ཏེ། །ཡེ་ཤེས་ལྔ་ཡི་རང་བཞིན་གྱིས། །དབང་བསྐུར་ཆོས་དབྱིངས་གསལ་བར་ཤོག །དབུའི་གནས་ལྔར་བུམ་ཆུ་གཏིག་པའི་ཚུལ་བྱ་ཞིང་། ༀ་མ་ཧཱ་ཤཱུ་ནྱ་ཏཱ། ཨཱ་དཪྴ། ས་མ་ཏཱ། པྲ་ཏྱ་བེ་ཀྵ་ཎ། ཀྲྀ་ཏྱཱ་ནུཥྛཱ་ན། ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ ྅ཧཾ། ཞེས་དབང་བསྐུར་བས་དབང་རྟགས་སུ་དེ་བཞིན་གཤེས་པ་རིགས་ལྔས་དབུ་བརྒྱན་པར་གྱུར། ལྷ་ཚོགས་ཐམས་ཅད་ཀྱི་སྤྱི་མགྲིན་སྙིང་གར་ཟླ་བ་པདྨ་ཉི་མ་ལ་གནས་པའི་ༀ་ཨཱཿཧཱུཾ་གསུམ་ལས་འོད་ཟེར་སྤྲོ་བསྡུས་རྡོ་རྗེ་གསུམ་གྱི་ལྷ་ཚོགས་སྤྱན་དྲངས་ཏེ་འབྲུ་གསུམ་ལ་ཐིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་གཉིས་མེད་དུ་གྱུར་པར་བསམ་ལ། དཔལ་ལྡན་སངས་རྒྱས་སྐུ་གསུང་ཐུགས། །རྡོ་རྗེ་མི་ཕྱེད་གསུམ་གྱི་བདག །དེང་བདག་སངས་རྒྱས་ཐམས་ཅད་ཀྱིས། །རྡོ་རྗེ་གསུམ་དུ་དབང་བསྐུར་རོ། །རྡོ་རྗེ་ཕྱག་རྒྱ་གནས་གསུམ་དུ་རེག་པའི་ཚུལ་བྱ་ཞིང་། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ ཧཾ། ཞེས་སྐུ་གསུང་ཐུགས་རྡོ་རྗེར་བྱིན་གྱིས་བརླབས་པའི་རྟགས་སུ་སྤྱི་མགྲིན་སྙིང་གར་རྡོ་རྗེ་གསུམ་གྱི་ལྷས་རྒྱས་བཏབ་པར་གྱུར། ན་མོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེན་པའི་བྱིན་གྱིས་བརླབས་ཀྱིས། འདུས་པ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བས་ཉོན་མོངས་པ་ལྔ་དང་ཚོགས་བརྒྱད་ཡེ་ཤེས་ལྔར་དག་ཅིང་ཁམས་དྲུག་རྡོ་རྗེ་གསུམ་དུ་རྣམ་པར་དག་པའི་དབང་དམ་པ་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །ཁྱད་པར་དུ་མངའ་གསོལ་བ་ལ་གསུམ་ལས། དང་པོ་གཟུགས་བྱེ་བྲག་ཏུ་མངའ་གསོལ་བ་ནི། ཡི་གེ་སོ་སོ་ལས་འོད་ཟེར་འཕྲོས་དེ་བཞིན་གཤེགས་པ་རྣམས་མཆོད་ཅིང་བྱིན་རླབས་བསྡུས། མ་དག་པའི་སྣང་བ་ཐམས་ཅད་སྦྱངས་ཚུར་འདུས་ཞི་ཁྲོའི་ལྷ་ཚོགས་རྣམས་ཀྱི་སྐུའི་ཆ་ཤས་སོ་སོ་ལ་ཐིམ་པས་རྣམ་པ་བྱེ་བྲག་པ་དེ་དང་དེ་གཟི་བྱིན་མཆོག་ཏུ་འབར་ཏེ་སྔར་ལས་ཁྱད་པར་དུ་སྤགས་པས་ལྟ་བས་ཆོག་མི་ཤེས་པར་བསམ་ཞིང་། འདི་དག་ཏིང་འཛིན་གྱིས་རྣམ་པ་བྱེ་བྲག་བ་བྱིན་གྱིས་བརླབས་ཏེ་མངའ་གསོལ་བ་ཡིན་པས་ཙཀ་ལི་མེད་ཀྱང་ཆོག་གོ། །ༀ་ཨཱཿཧཱུཾ། སྥ༴ སཾ༴ ལྷག་པ་གཟུགས་བརྙན་དཀྱིལ་འཁོར་ཆེན་པོ་ཡི། །བདེ་གཤེགས་སྐུ་ལ་དབུ་ཡིས་མངའ་གསོལ་བས། །རྣམ་པར་ཐར་པའི་དབུ་གསུམ་ཐོབ་ནས་ནི། །ཁམས་གསུམ་ཡོངས་སུ་དག་པའི་དོན་རྟོགས་ཤོག །ཧཱུཾ་ཨཱཿསྭཱ་ཨཱོཾ་ཧཱ་མཱུཾ། སྥ༴ སཾ༴ ལྷག་པ་གཟུགས་བརྙན་དཀྱིལ་འཁོར་ཆེན་པོ་ཡི། །བདེ་གཤེགས་སྐུ་ལ་ཕྱག་གིས་མངའ་གསོལ་བས། །ཡེ་ཤེས་དྲུག་གིས་འགྲོ་བའི་དོན་མཛད་ནས། །ཁམས་གསུམ་འགྲོ་དྲུག་རྩད་ནས་གཅོད་པར་ཤོག །ཛ་ཛ་ཛ་ཛཿ སྥ༴ སཾ༴ ལྷག་པ་གཟུགས་བརྙན་དཀྱིལ༴ བདེ་གཤེགས་སྐུ་ལ་ཞབས་ཀྱིས་མངའ་གསོལ་བས། །རྫུ་འཕྲུལ་རྐང་བཞིས་འགྲོ་དོན་མཐར་ཕྱིན་ནས། །བདུད་བཞི་མ་ལུས་ཟིལ་གྱིས་གནོན་པར་ཤོག །ཛ། སྥ༴ སཾ༴ ལྷག་པ་གཟུགས་བརྙན༴ བདེ་གཤེགས་སྐུ་ལ་དབུ་སྐྲས་མངའ༴ ཁྱབ་པ་ཐུགས་རྗེ་ཆེན་པོའི་ཕྲིན་ལས་ཀྱིས། །ལྟ་བ་མཐར་མི་ལྟུང་དང་ལྡན་པར་ཤོག །ར། སྥ༴ སཾ༴ ལྷག་པ་གཟུགས་བརྙན་དཀྱིལ་འཁོར༴ བདེ་གཤེགས་སྐུ་ལ་སྨིན་མས་མངའ༴ ཐབས་ཆེན་མང་ཞིང་མཁས་པའི་བྱིན་རླབས་ཀྱིས། །གདུལ་བྱའི་འཕྲོ་རྣམས་ཆུད་མི་གསོན་པར་ཤོག །ཨ་ཧྲི། སྥ༴ སཾ༴ ལྷག་པ་གཟུགས་བརྙན་དཀྱིལ༴ བདེ་གཤེགས་སྐུ་ལ་སྤྱན་གྱིས་མངའ༴ སྤྱན་ལྔ་མ་ལུས་ཡོངས་སུ་རྫོགས་ནས་ནི། །རྨོངས་པའི་རབ་རིབ་ཐམས་ཅད་དག་པར་ཤོག །ཨ། སྥ༴ སཾ༴ ལྷག་པ་གཟུགས་བརྙན་དཀྱིལ༴ བདེ་གཤེགས་སྐུ་ལ་ལྗགས་ཀྱིས་མངའ༴ སྒྲ་སྐད་བསམ་གྱིས་མི་ཁྱབ་བྱེ་བྲག་གིས། །གདུལ་བྱའི་སེམས་ཅན་ཐམས་ཅད་སྨིན་གྲོལ་ཤོག །ཀྵ། སྥ༴ སཾ༴ ལྷག་པ་གཟུགས་བརྙན་དཀྱིལ་འཁོར༴ བདེ་གཤེགས་སྐུ་ལ་མཆེ་བས་མངའ༴ སྐྱེ་ཤིའི་སྡུག་བསྔལ་རྩད་ནས་གཅོད་མཛད་ཅིང་། །སྒྲིབ་པ་ཐམས་ཅད་མ་ལུས་ཟད་བྱེད་ཤོག །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཧཱུཾ་ༀ་སྭཱ་ཨཱཾ་ཧཱ། སྥ༴ སཾ༴ ལྷག་པ་གཟུགས་བརྙན༴ བདེ་གཤེགས་སྐུ་ལ་སྐུ་མདོག་མངའ༴ མི་འགྱུར་ཆོས་ཉིད་སྐྱོན་གྱིས་མ་གོས་དང་། །ཆེ་བའི་ཡོན་ཏན་སྤྱོད་ཅིང་མ་འགགས་པ། །སྣ་ཚོགས་རོལ་པའི་རྒྱན་དུ་ཤར་ནས་ནི། །ཕྲིན་ལས་ལྔ་པོ་ཡོངས་སུ་རྫོགས་གྱུར་ཅིག །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། སྥ༴ སཾ༴ ལྷག་པ་གཟུགས་བརྙན་དཀྱིལ་འཁོར་ཆེན་པོ་ཡི། །བདེ་གཤེགས་སྐུ་ལ་ཕྱག་མཚན་མངའ་གསོལ་བས། །ཡེ་ཤེས་དྲུག་གིས་འགྲོ་དོན་ཡོངས་རྫོགས་ནས། །ཕྲིན་ལས་ཆེན་པོས་བསམ་པ་མཐར་ཕྱིན་ཤོག །ཁྱད་པར་ཁྲོ་བོ་ལ་ཡོན་ཏན་ཉི་ཤུ་ཕྲག་ལྔས་མངའ་གསོལ་བ་ལས། རོལ་པ་ཉི་ཤུ་ནི། ཧཱུཾ། སྥ༴ སཾ༴ རོལ་པ་ཉི་ཤུ་དཔལ་ཆེན་ཐུགས་ཀྱི་བདག །ཆོས་ཀྱི་འབྲུག་ཆར་རྔ་དང་དུང་ལ་སོགས། །མཆོད་གཟུངས་རྫས་དང་ཡེ་ཤེས་ཏིང་ངེ་འཛིན། །སྤྲུལ་པ་ཆོས་ཀྱི་རོ་དང་ལྡན་པར་ཤོག །ཆེ་བ་ཉི་ཤུ་ནི། ཏྲཾ། སྥ༴ སཾ༴ ཆེ་བ་ཉི་ཤུ་དཔལ་ཆེན་ཉིད་ལ་ལྡན། །འགྲན་ཟླ་མེད་པས་ཆེ་བཙན་ཉིད་དུ་འབྱུང་། །མི་ནུབ་གོ་བས་འདོད་པ་ཐམས་ཅད་རྫོགས། །ཀུན་ཏུ་མཛད་པས་འགྲོ་དྲུག་འདྲེན་པར་ཤོག །བརྗིད་ཉི་ཤུ་ནི། ས། སྥ༴ སཾ༴ བརྗིད་ཆེན་ཉི་ཤུ་དཔལ་ཆེན་ཉིད་ལ་ལྡན། །སྐུ་ཆེ་རྒྱན་ལྡན་བཀུར་འོས་ཡིད་དང་འཐད། མདངས་ཆེ་ཀུན་ལ་སྟོན་པའི་མཐའ་དང་བྲལ། །ཐུགས་རྗེ་ཐབས་ཀྱིས་འགྲོ་བ་འདྲེན་པར་ཤོག །རྔོ་མ་ཉི་ཤུ་ནི། ཤ། སྥ༴ སཾ༴ རྔོམ་ཆེན་ཉི་ཤུ་དཔལ་ཆེན་ཉིད་ལ་རྫོགས། །སྐུ་གསུང་ཐུགས་དང་མཐུན་པའི་ཡོན་ཏན་ལས། །ཞལ་ལྗགས་ཚེམས་དང་དབྱངས་དང་ཏིང་འཛིན་དང་། །ཕྲིན་ལས་ལ་སོགས་ཐམས་ཅད་འགྲུབ་པར་ཤོག །ཆོ་འཕྲུལ་ཉི་ཤུ་ནི། ཨེ། སྥ༴ སཾ༴ ཆོ་འཕྲུལ་ཉི་ཤུ་དཔལ་ཆེན་ཉིད་ལ་ལྡན། །ཆོས་ཉིད་ཐུགས་རྗེ་ཆོས་ཀུན་སྣང་བ་ཡི། །ཀུན་སྤྱོད་གོ་བས་ཅིར་ཡང་སྣང་བ་དང་། །གང་ལྟར་འཚམས་པར་འགྲོ་དྲུག་འདྲེན་པར་ཤོག །ན་མོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེན་པའི་བྱིན་གྱིས་བརླབས་ཀྱིས། འདུས་པ་ཆེན་པོའི་ལྷ་ཚོགས་ལ་ཞི་ཁྲོའི་སྐུའི་རྣམ་པ་བྱེ་བྲག་པ་བཅུ་དང་ཁྲོ་བོའི་ཁྱད་པར་གྱི་ཡོན་ཏན་བརྒྱ་ཉི་ཤུས་མངའ་གསོལ་བས་ཇི་སྐད་སྨོས་པའི་ཡོན་ཏན་དེ་ཐམས་ཅད་བདག་དང་མཐའ་ཡས་པའི་སེམས་ཅད་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །གཉིས་པ་མཛེས་པ་རྒྱན་གྱིས་མངའ་གསོལ་བ་ནི། སྟོང་པའི་ངང་ལས་ཡི་གེ་སོ་སོའི་འཕྲོ་འདུས་རྒྱན་ཆ་རྣམས་རང་རང་གི་ཕུན་སུམ་ཚོགས་པའི་ཡོན་ཏན་ཅན་དུ་གྱུར་བར་མོས་ལ། དངོས་སམ་ཙཀ་ལི་རྣམས་རིམ་པར་ཐོགས་ཏེ། ཧཱུཾ་ༀ་སྭཱ་ཨཱཾ་ཧཱཾ། སྥ༴ སཾ༴ ལྷག་པ་གཟུགས་བརྙན་དཀྱིལ་འཁོར་ཆེན་པོ་ཡི། །བདེ་གཤེགས་སྐུ་ལ་དབུ་རྒྱན་མངའ་གསོལ་བས། །རྣམ་པར་ཤེས་པའི་ཚོགས་བརྒྱད་གནས་དག་ནས། །ཡེ་ཤེས་ལྔ་ཡིས་འགྲོ་དོན་མཐར་ཕྱིན་ཤོག །ཧཱུཾ་ཧྲཱིཿ སྥ༴ སཾ༴ ལྷག་པ་གཟུགས་བརྙན༴ བདེ་གཤེགས་སྐུ་ལ་ཅོད་པན་མངའ༴ ཁམས་གསུམ་གདུག་པ་མ་ལུས་ཀུན་འདུལ་ཞིང་། །སྲིད་གསུམ་ཆོས་ཀྱི་རྒྱལ་པོ་བྱེད་པར་ཤོག །ཧོཿ སྥ༴ སཾ༴ ལྷག་པ་གཟུགས་བརྙན༴ བདེ་གཤེགས་སྐུ་ལ་རིན་ཆེན་སྙན་ཆ་དང་། །མགུར་ཆུའི་རྒྱན་གྱིས་ལེགས་པར་མངའ༴ རྫུ་འཕྲུལ་སྙན་གྱིས་མི་གཡོ་གས ན་པར་ཤོག །ཏྲཾ། སྥ༴ སཾ༴ ལྷག་པ་གཟུགས་བརྙན༴ བདེ་གཤེགས་སྐུ་ལ་དོ་ཤལ་མངའ༴ དོན་རྣམས་ཐམས་ཅད་རིག་པར་རྟོགས་ནས་ནི། །མི་བརྗེད་གཟུངས་དང་རྟག་ཏུ་ལྡན་པར་ཤོག །ཏྲཾ། སྥ༴ སཾ༴ ལྷག་པ་གཟུགས་བརྙན༴ བདེ་གཤེགས་སྐུ་ལ་སེ་མོ་དོ་ཡིས་ནི། །མངའ་གསོལ་ཕུལ་བས་མི་བརྗེད་གཟུངས་ཀྱི་སྒོ། །འབུམ་ཕྲག་རྫོགས་ནས་རྒྱ་ལག་ཕྲང་གྱུར་ཅིག །ས། སྥ༴ སཾ༴ ལྷག་པ་གཟུགས་བརྙན༴ བདེ་གཤེགས་སྐུ་ལ་དཔུང་རྒྱན་མངའ༴ མི་འཇིགས་བཞི་ཡི་ཏིང་འཛིན་ཐོབ་ནས་ནི། །རེ་དོགས་ཀུན་གྱི་མཐའ་དང་བྲལ་གྱུར་ཅིག །ས། སྥ༴ སཾ༴ ལྷག་པ་གཟུགས་བརྙན༴ བདེ་གཤེགས་སྐུ་ལ་གདུ་བུས་མངའ༴ ཚུལ་ཁྲིམས་རྣམ་དག་སྟོབས་བཅུ་ལྷུན་གྲུབ་ནས། །མཚན་མ་ཐམས་ཅད་ཟིལ་གྱིས་གནོན་པར་ཤོག །སུ། སྥ༴ །སཾ༴ ལྷག་པ་གཟུགས་བརྙན༴ བདེ་གཤེགས་སྐུ་ལ་སེམས་ཅན་ཆེན་པོ་ལྔའི། །གདན་ཁྲི་བརྗིད་བག་ལྡན་པས་མངའ། །ཆེ་བའི་ཡོན་ཏན་ལྔ་པོ་ལྷུན་གྲུབ་ནས། །ཀུན་གྱི་བཀུར་གནས་སངས་རྒྱས་ས་ཐོབ་ཤོག །སེམས་ཅན་ལྔ་ནི་ཞི་བ་ལ་སེང་གེ་སོགས་དང་ཁྲོ་བོ་ལ་ཁྱུ་མཆོག་སོགས་ལྔའོ། །ཨ་མ་པ། སྥ །སཾ༴ ལྷག་པ་གཟུགས་བརྙན༴ བདེ་གཤེགས་སྐུ་ལ་ཉི་ཟླ་པདྨ་ཡིས། །མངའ་གསོལ་ཕུལ་བས་ཐུགས་རྗེས་ཀུན་ཁྱབ་ནས། །ལྟ་ངན་སེལ་ཞིང་ཆགས་མེད་སྤྱོད་པར་ཤོག །ཏྲཾ། སྥ༴ སཾ༴ ལྷག་པ་གཟུགས་བརྙན༴ བདེ་གཤེགས་སྐུ་ལ་རིན་ཆེན་ཁྲི་རྐང་གི །གདན་ཁྲི་མཛོད་མིག་བདུན་པས་མངའ༴ འགྲོ་བའི་རེ་འདོད་ཡིད་བཞིན་སྐོང་བར་ཤོག །ར། སྥ༴ སཾ༴ ལྷག་པ་གཟུགས་བརྙན༴ བདེ་གཤེགས་སྐུ་ལ་འོད་ཟེར་མངའ༴ བསམ་མི་ཁྱབ་པའི་ཡེ་ཤེས་རང་གསལ་ནས། །སྤྲོས་པའི་མཐའ་རྣམས་ཡོངས་སུ་བྲལ་གྱུར་ཅིག །ས་ས་ས་ས་ས། སྥ༴ སཾ༴ ལྷག་པ་གཟུགས་བརྙན་དཀྱིལ༴ བདེ་གཤེགས་སྐུ་ལ་དར་གྱི་ཆས་གོས་ལྔས། །མངའ་གསོལ་ཕུལ་བས་འགྲོ་བ་ཐམས་ཅད་ཀྱི། །ཉོན་མོངས་གདུང་བ་མ་ལུས་སེལ་བར་ཤོག །ཁྱད་པར་ཁྲོ་བོ་ལ། ཧཱུཾ་ཧཱུཾ་ཧཱུཾ། སྥ༴ སཾ༴ ལྷག་པ་གཟུགས་བརྙན༴ དཔལ་ཆེན་སྐུ་ལ་ཀོ་རློན་གོས་ཕུལ་བས། །གཡང་གཞི་ཁྱབ་པའི་ཐུགས་རྗེས་འགྲོ་བ་འདུལ། །གླང་ཀོ་སྟོངས་བཅུས་སྡུག་བསྔལ་ཟིལ་གནོན་ཅིང་། །སྟག་ཤམ་མི་འཇིགས་རྣམ་བཞིས་བདུད་འཇོམས་ཤོག །ཧཱུཾ་ཧཱུཾ་ཧཱུཾ། སྥ༴ སཾ༴ ལྷག་པ་གཟུགས་བརྙན༴ དཔལ་ཆེན་སྐུ་ལ་བྱུག་རྩི་གསུམ་ཕུལ་བས། །དུག་གསུམ་རང་གྲོལ་སྐུ་གསུམ་དོན་མཛད་པ། །བདག་དང་མཐའ་ཡས་འགྲོ་བས་ཐོབ་པར་ཤོག །ཐོད་པ་ལ། ༀ་ཨཱཿ་ཧཱུཾ། སྦྲུལ་ལ། ཧཱུཾ་སྥ༴ སཾ༴ ལྷག་པ་གཟུགས་བརྙན༴ དཔལ་ཆེན་སྐུ་ལ་གདགས་པའི་རྒྱན་ཕུལ་བས། །ཐོད་ཕྲེང་ཐུགས་རྗེ་མི་བརྗེད་གཟུངས་ཐོབ་ཅིང་། །སྦྲུལ་ཆུན་ཞེ་སྡང་ཡེ་ཤེས་ཆེན་པོར་ཤོག །ན་མོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེན་པའི་བྱིན་གྱིས་བརླབས་ཀྱིས། འདུས་པ་ཆེན་པོའི་ལྷ་ཚོགས་ལ་མཛེས་པ་རྒྱན་གྱིས་མངའ་གསོལ་བས་ཇི་སྐད་སྨོས་པའི་ཡོན་ཏན་དེ་ཐམས་ཅད་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །གསུམ་པ་ཆེ་བའི་ལོངས་སྤྱོད་ཕུན་སུམ་ཚོགས་པས་མངའ་གསོལ་བ་ནི། ས་ཧཾ་ཧཱུཾ་ས་ཧཱུཾ། སྥ༴ སཾ༴ གཟི་བྱིན་ཁྱད་པར་འཕགས་པའི་དཀྱིལ་འཁོར་ལས། །ལྷ་རྫས་ལས་བྱུང་གདུགས་འཕན་རྒྱལ་མཚན་དང་། །བླ་རེ་ཡོལ་བ་ལྷབ་ལྷུབ་རྒྱན་ཕུལ་བས། །ལོག་པར་ལྟ་བ་མཐའ་དག་ཡོངས་དག་ནས། །འབར་བའི་རྒྱལ་པོ་ཐུབ་མེད་འགྲུབ་པར་ཤོག །ས། སྥ༴ སཾ༴ འབྲས་བུ་མཐའ་ཡས་ཀུན་ལ་མངའ་བརྙེས་པ། །བདེ་གཤེགས་སྐུ་ལ་མཎྜལ་འདི་ཕུལ་བས། །འཕགས་པའི་ནོར་གྱིས་དབུལ་བ་ཀུན་བྲལ་ནས། །ཏིང་འཛིན་འབུམ་ཕྲག་ཡོངས་སུ་རྫོགས་པར་ཤོག །ས། སྥ༴ སཾ༴ འབྲས་བུ་མཐའ་ཡས་ཀུན་ལ་མངའ་བརྙེས་པ། བདེ་གཤེགས་སྐུ་ལ་ཡུལ་མཁར་འདི་ཕུལ་བས། །ཡུལ་སྣང་འཛིན་པའི་འཆིང་བ་ཀུན་བྲལ་ནས། །འཕགས་པའི་ཞིང་ཁམས་རྣམ་དག་ཐོབ་པར་ཤོག །ཧྲི། སྥ༴ སཾ༴ བདེ་གཤེགས་སྐུ་ལ་བུ་དང་ཆུང་མ་དང་། །བྲན་དང་བཞོན་པ་ལ་སོགས་གཅེས་དགུ་ཀུན། །ཕུལ་བས་ལོག་པར་ལྟ་བ་ཡོངས་སྤངས་ནས། །གདུལ་བྱའི་ཁ་ལོ་སྒྱུར་ལ་དབང་ཐོབ་ཤོག །ན་མོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེན་པའི་བྱིན་གྱིས་བརླབས་ཀྱིས། འདུས་པ་ཆེན་པོའི་ལྷ་ཚོགས་ལ་ཆེ་བའི་ལོངས་སྤྱོད་ཕུན་སུམ་ཚོགས་པས་མངའ་གསོལ་བས་ཇི་སྐད་སྨོས་པའི་ཡོན་ཏན་དེ་ཐམས་ཅད་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །དྲུག་པ་མཆོད་པ ས་མཉེས་པ་ཡོངས་སུ་བཟུང་བར་མངའ་དབུལ་བ་ལ་གསུམ་ལས། དང་པོ་ཕྱག་ནི། ༀ་སརྦ་ཏ་ཐཱ་ག་ཏ་ས ཏྭ་བནྡྷ་ནཱཾ་ཀ་རོ་མི། ཨ་ཏི་པུ་ཧོཿ །པྲ་ཏི་པུ་ཧོཿ ལྷག་པ་གཟུགས་བརྙན་དཀྱིལ་འཁོར་ཆེན་པོ་ཡིས། །བདེ་གཤེགས་སྐུ་ལ་ཕྱག་གིས་མངའ་གསོལ་བས། །ལྷ་དང་བདག་ཉིད་གཉིས་སུ་མེད་རྟོགས་པའི། །དོན་དང་མཇལ་བའི་འབྲས་བུ་ཐོབ་པར་ཤོག །གཉིས་པ་མཆོད་པ་དངོས་ལ། ཕྱག་རྒྱ་ནི། བདེ་གཤེགས་ཞི་ཁྲོ་གར་ལ་དགྱེས། །སྐུ་མདོག་ཞལ་ནི་རྣམ་པར་འགྱུར། །སྐུ་ཡི་གར་སྟབས་གློག་འགྱུ་བ། །ཕྱག་རྒྱ་གར་གྱི་མཆོད་པ་འབུལ། །གར་བསྐོར་སྔོན་དུ་འགྲོ་བས། ཧཱུཾ་ༀ་སྭཱ་ཨཱཾ་ཧཱ་ལ་མཉམ་བཞག་དང་། ཧཱུཾ་ཧ་ཧེ་ཕཊ་ལ་སྙིང་གར་ཁུ་ཚུར་གཡོན་གྱེན་བསྟན་སྟེང་གཡས་ནང་བསྟན་སྤྲད་དེ། གཉིས་ཀའི་མཐར། མ་ཧཱ་མུ་དྲ་ཧཱུཾ། ཞེས་གཡོན་ཕྱོགས་སུ་སེ་གོལ་གྱིས་འགྲོལ་ལོ། །ལྷག་པ་གཟུགས་བརྙན་དཀྱིལ་འཁོར་ཆེན་པོ་ཡི། །བདེ་གཤེགས་སྐུ་ལ་ཕྱག་རྒྱ་གར་ཕུལ་བས། །མི་འདའ་དམ་ཚིག་ཕྲིན་ལས་རོལ་པ་ཡིས། །ཕྱག་རྒྱ་བཞི་དོན་ཡོངས་སུ་མི་འདའ་ཤོག །ཕྱི་ཀུན་བཟང་དང་རྣམ་ལྔའི་མཆོད་པ་ནི། ལྷག་པ་གཟུགས་བརྙན་དཀྱིལ་འཁོར་ལྷ་ཚོགས་ལ། །སྣང་སྲིད་ཀུན་བཟང་མཆོད་སྤྲིན་འདི་ཕུལ་བས། །སྤྱོད་ཡུལ་ཡོངས་དག་ལྷ་དང་དབྱེར་མེད་པའི། །དོན་རྟོགས་ཀུན་ནས་ཀུན་ཏུ་བཟང་པོར་ཤོག །ༀ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས། རང་བཞིན་སྤྲོས་བྲལ་ཆོས་སྐུ་རྣམ་དག་ཀྱང་། །སྲི་ཞུ་གུས་པས་ཨརྒྷཾ་འདི་ཕུལ་བས། །ཕྱི་ནང་བྱང་ཆུབ་སེམས་སུ་རྣམ་དག་ཅིང་། །བསོད་ནམས་མི་ཟད་གཏེར་གྱི་ཕུལ་གྱུར་ཤོག །ༀ་ཨཱཿཧ་ར་སོགས། མཆོག་ཏུ་རྣམ་པར་དག་པའི་སྐུ་མངའ་བའི། །སངས་རྒྱས་སྐུ་ལ་བདུག་པ་འདི་ཕུལ་བས། །དམ་ཚིག་སྡོམ་པའི་ཉེས་པ་ཀུན་བྲལ་ནས། །ཡེ་ཤེས་ཐུགས་རྗེས་མ་ལུས་སྐྱོབ་པར་ཤོག །ༀ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ། ཡོན་ཏན་ལྷུན་རྫོགས་སངས་རྒྱས་སྐུ་གཟུགས་ལ། །རིན་ཆེན་མཛེས་པའི་མེ་ཏོག་འདི་དོར་བས། །ལོག་ལྟའི་ཉོན་མོངས་ཐ་བ་ཀུན་བྲལ་ཏེ། །ལྟ་བས་མི་ངོམ་མཛེས་པའི་སྐུ་ཐོབ་ཤོག །ༀ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ། །རང་རིག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ། །མུན་པ་སྣང་བྱེད་མར་མེ་འདི་གཏམས་པས། །མ་རིག་འཐིབས་པོའི་མུན་པ་ཀུན་བསལ་ནས། །སངས་རྒྱས་ལ་སོགས་སྤྱན་ལྔ་ཐོབ་པར་ཤོག །ཨཱ་ལོ་ཀེ་ཧྲཱིཿ སྙིགས་མ་ལྔ་ཉིད་འབྲས་བུར་ཡོངས་རྫོགས་པའི། །རྒྱལ་བའི་སྐུ་ལ་དྲི་ཆབ་འདི་ཕུལ་བས། །གདུང་བའི་ཟུག་རྡུ་མྱ་ངན་ཀུན་བྲལ་ནས། །འོད་ཟེར་མཐའ་ཡས་འགྱེད་པའི་སྐུ་ཐོབ་ཤོག །གནྡྷེ་གན། ནང་དམ་རྫས་གསུམ་དང་ལྷག་ཏིང་གི་མཆོད་པ་ནི། ཡེ་ཤེས་སྐུ་མངའ་ལྷུན་གྱིས་གྲུབ་པ་ཡི། །རྒྱལ་བའི་སྐུ་ལ་བདུད་རྩིས་མངའ་ཕུལ་བས། །དུག་ལྔ་གདོད་ནས་ཡེ་ཤེས་ལྔར་དག་པའི། །སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཆོས་རྣམས་ལོངས་སྤྱོད་ཡོངས་སུ་དག་པ་ཡིས། །རྒྱལ་བའི་སྐུ་ལ་གཏོར་མ་འདི་ཕུལ་བས། །རྫས་སུ་སྤྱོད་པའི་གདུང་བ་ཀུན་བྲལ་ནས། །གསང་བའི་ལོངས་སྤྱོད་ཡོངས་སུ་རྫོགས་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། འཁོར་བའི་རྩ་བ་འདོད་ཆགས་ཞེ་སྡང་དང་། །གཏི་མུག་རང་གྲོལ་རཀྟ་འདི་ཕུལ་བས། ཁམས་གསུམ་བག་ཆགས་གཏིང་ནས་ཟད་གྱུར་ཏེ། །ཐུགས་རྗེ་ཆགས་པས་འགྲོ་ཀུན་སྒྲོལ་བར་ཤོག །ༀ་ཤྲཱི་ཧེ་རུ་ཀ་མ་ཧཱ་རཀྟ་པྲ་ཏཱི་ཙྪ་ཁཱ་ཧི། བདེ་གཤེགས་སྐུ་ལ་ལྷག་པ་ཏིང་འཛིན་གྱི། །མཆོད་པའི་བྲེ་བྲག་བསམ་མི་ཁྱབ་ཕུལ་བས། །ཕྱི་ནང་གསང་དོན་མ་ལུས་ཀུན་རྫོགས་ཏེ། །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྒྱུད་མཉེས་ནས། །འབྲས་བུ་མཐའ་ཡས་ཀུན་ལ་ལོངས་སྤྱོད་ཤོག །གསང་བ་དུག་གསུམ་གྱི་མཆོད་པ་ལས། ཞེ་སྡང་བསྒྲལ་མཆོད་ནི། ཡེ་ཤེས་སྤྱོད་ཡུལ་ཡོངས་སུ་དག་པ་ཡི། །རྒྱལ་བའ ི་སྐུ་ལ་ཏ་ན་འདི་ཕུལ་བས། ཁམས་གསུམ་དུག་གསུམ་རྩད་ནས་དག་གྱུར་ཏེ། །སྐུ་གསུམ་ལྷུན་གྲུབ་ཞིང་ཁམས་དག་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཏ་ན་པཱུ་ཛ་ཧོཿ འདོད་ཆགས་སྦྱོར་མཆོད་ནི། ཐབས་དང་ཤེས་རབ་འདུ་འབྲལ་མེད་པ་ཡིས། །བདེ་ཆེན་སྐུ་ལ་ག་ན་འདི་ཕུལ་བས། །སྤྱོད་ཡུལ་བྱང་ཆུབ་སེམས་སུ་རྣམ་དག་སྟེ། །མཐའ་ཡས་སྙོམས་པར་འཇུག་པ་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱ་ཏྨ་ཀོ྅ ཧཾ། གཏི་མུག་འདོད་ཡོན་རོ་མཉམ་གྱི་མཆོད་པ་ནི། །མཐའ་ཡས་ལྷན་དང་འབྲལ་བ་མེད་པ་ཡི། །གཉིས་མེད་སྐུ་ལ་འདོད་ཡོན་ལྔ་ཕུལ་བས། །མཐའ་ལ་ཞེན་པའི་གདུང་བ་ཀུན་བྲལ་ནས། །བདེ་བ་ཆེན་པོའི་ཐབས་རྣམས་རྫོགས་པར་ཤོག །ཨ་ལ་ལ་ཧོཿ གླུ་གར་རོལ་མོ་ཡེ་ཤེས་ཀྱི་མཆོད་པ་ནི། གླུ་དབྱངས་ཚིགས་སུ་བཅད་པ་དང་། །གར་སྟབས་རོལ་མོ་ངེས་སྦྱར་ནས། །རྒྱལ་བའི་དཀྱིལ་འཁོར་མཆོད་པར་བགྱི། །སྤྱོད་ཡུལ་ཡོངས་སུ་དག་པར་ཤོག །མ་ཧཱ་པཱུ་ཛ་ཧོཿ ཆོགས་ཀྱི་མཆོད་པ་ནི། སྒྲུབ་ཐབས་ལྟར་སྐབས་འདིར་བྱ་ཞིང་། རྒྱས་པའི་སྦྱིན་སྲེག་སྔར་སྦྱོར་བའི་སྐབས་མ་ཁོམ་ན་འདིར་བྱས་ཀྱང་མི་འགལ་ལོ། །ཡོངས་སུ་སྨིན་པ་ཕུན་སུམ་ཚོགས་པ་ཡི། །བདེ་གཤེགས་སྐུ་ལ་ཚོགས་མཆོད་འདི་ཕུལ་བས། །རྫས་སུ་སྤྱོད་པའི་གདུང་བ་ཀུན་བྲལ་ནས། །གསང་བའི་ལོངས་སྤྱོད་ཡོངས་སུ་རྫོགས་པར་ཤོག །གསུམ་པ་བསྟོད་པ་ནི། བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོང་རྫོགས་སྐུ་རིགས་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེ་རོལ་པའི་ལྷ། །ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད། །ལྷག་པ་གཟུགས་བརྙན་དཀྱིལ་འཁོར་ཆེན་པོ་ཡི། །ཞི་ཁྲོའི་ལྷ་ཚོགས་ཆེ་བའི་ཡོན་ཏན་ལ། །དད་ཅིང་གུས་པའི་བསྟོད་པ་འདི་ཕུལ་བས། །སྐུ་དང་ཡེ་ཤེས་ཡོན་ཏན་མཐར་ཕྱིན་ཤོག །ན་མོ། ཕྱོས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེན་པའི་བྱིན་གྱིས་བརླབས་ཀྱིས། འདུས་པ་ཆེན་པོའི་ལྷ་ཚོགས་ལ་ཕྱག་མཆོད་བསྟོད་པས་མཉེས་པ་ཡོངས་སུ་བཟུང་བར་མངའ་གསོལ་བས་ཇི་སྐད་སྨོས་པའི་ཡོན་ཏན་དེ་ཐམས་ཅད་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །བདུན་པ་བདེན་པས་བྱིན་གྱིས་བརླབ་ཅིང་བ རྟན་པར་བཞུགས་སུ་གསོལ་བ་ནི། སླར་ཡང་ཀུན་བཟང་ཞབས་བསིལ་བཞི་བསྣོལ་གྱིས་མཆོད་པ་སྔོན་དུ་འགྲོ་བས། རྟེན་སྙིང་བཟླས་པའི་དྲི་ཞིམ་པོའི་ཆུས་རླན་པའི་མེ་ཏོག་དང་བཅས་པས་ཐལ་མོ་སྙིང་གར་སྦྱར་ཏེ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བཅོམ་ལྡན་འདས་བདེ་གཤེགས་ཞི་ཁྲོ་རབ་འབྱམས་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། ཁྱད་པར་རྒྱལ་བས་གསུངས་པའི་ཆོ་གའི་ལས་རིམ་རྣམས་པར་དག་པ་བསྒྲུབས་པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ཆེན་པོའི་རྟེན་དང་ཡོ་བྱད་འདི་རྣམས་ལ་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་སྒོ་ནས་རབ་ཏུ་གནས་པར་བྱས་པས། །འདུས་པ་ཆེན་པོའི་དཀྱིལ་འཁོར་གྱི་རྟེན་ཡོ་བྱད་དང་བཅས་པ་འདི་དག་དུས་འདི་ནས་བཟུང་སྟེ་ཇི་སྲིད། །རས་བྲིས་ཡིན་ན། འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་ཞེས་དང་། རྡུལ་ཚོན་ཡིན་ན། གཤེགས་གསོལ་གྱི་ཆོ་ག་མ་བྱས་ཀྱི་བར་དུ་ཞེའམ། འདོད་པའི་དོན་ཡོངས་སུ་མ་རྫོགས་ཀྱི་བར་དུ་བདག་དང་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་དག་པའི་རྟེན་དུ་བརྟན་པར་བཞུགས་ནས་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་དུ་གསོལ། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ག་ཙིཏྟ་ཏིཥྛ་བཛྲ། ཞེས་མེ་ཏོག་གཏོར་ཞིང་ལན་གསུམ་བཟླའོ། །གསུམ་པ་རྗེས་ཆོག་ནི། དཔོན་སློབ་ཐམས་ཅད་ཀྱི་ལག་ཏུ་མེ་ཏོག་ཐོགས་ལ། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་ངོ་མཚར་ཆེན་པོ་གྲངས་མེད་བསམ་གྱིས་མི་ཁྱབ་པ་མངའ་བའི་བདེན་པའི་བྱིན་རླབས་དང་། བདག་གིས་སེམས་ཅན་ཐམས་ཅད་ཁྱད་པར་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་དོན་དུ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ཡོ་བྱད་དང་བཅས་པ་རབ་ཏུ་གནས་པར་བྱས་པའི་མཐུས། སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་ཐམས་ཅད་སྐུ་ཚེ་བརྟན་ཞིང་ཐུགས་ཀྱི་བཞེད་པའི་དོན་ལྷུན་གྱིས་གྲུབ་པ་དང་། འཇིག་རྟེན་གྱི་ཁམས་ཀུན་ཏུ་ནད་མུག་འཁྲུད་རྩོད་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་། ཆར་ཆུ་དུས་སུ་འབེབས་པ་དང་། ལོ་ཕྱུགས་རྟག་ཏུ་ལེགས་པ་དང་། ཚེ་རིང་ཞིང་ནད་མ་མཆིས་པ་དང་། འཁོར་དང་ལོངས་སྤྱོད་ཐམས་ཅད་མཐུན་ཞིང་འབྱོར་བས་སེམས་ཅན་ཐམས་ཅད་བདེ་སྐྱིད་ཕུན་སུམ་ཚོགས་པའི་སྐལ་བ་དང་ལྡན་པར་གྱུར་ཏེ། སྒྲིབ་གཉིས་བག་ཆགས་དང་བཅས་པ་དག་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཐར་ཕྱིན་ཏེ། བླ་ན་མེད་པ་བྱང་ཆུབ་ཀྱི་འབྲས་བུ་མྱུར་དུ་ཐོབ་པར་གྱུར་ཅིག །ཅེས་དང་། ཡེ་དྷརྨཱ་བཟླ་ཞིང་མེ་ཏོག་འཐོར་བ་དང་བཅས་ཏེ་རོལ་མོ་སྣ་ཚོགས་པའི་སྒྲ་སྦྱར། དེའི་དུས་སུ་ཡོན་བདག་གིས་རྟེན་ལ་བསྐོར་བ་བྱ་ཞིང་ཕྱག་བྱས་ཏེ་སྨོན་ལམ་གདབ་བོ། །གལ་ཏེ་རས་བྲིས་ལྟ་བུ་ལ་རབ་གནས་རྐྱང་ཆོག་བྱེད་ཚེ། །སྲུང་མ་རྣམས་ལ་མཆོད་གཏོར་ཕུལ་ཏེ་སངས་རྒྱས་ཀྱི་བསྟན་པ་ཇི་སྲིད་གནས་ཀྱི་བར་དེ་སྲིད་རྟེན་འདི་ལེགས་པར་སྲུངས་ཤིག །ཅེས་སྲུང་མ་བསྒོ་བ་དང་། བཟོད་གསོལ་དགའ་སྟོན་ཡོན་འབུལ་ལ་སོགས་རྗེས་ཆོག་ལྟར་གཞན་རྣམས་སྤྱི་ལྟར་བྱ་ཞིང་། རྡུལ་ཚོན་དུ་མ་ཟད་རས་བྲིས་ཀྱི་ཕྱོགས་ལའང་དབང་དང་འབྲེལ་ཚེ་མ་བྱས་ཀྱང་ཆོག་གོ། །གང་ལྟར་ཡང་མཐར་བཀྲ་ཤིས་རྒྱ་ཆེར་བརྗོད་པར་བྱའོ། ༈ །གཉིས་པ་འབྲིང་པོའི་ཆོ་ག་ནི། རབ་གནས་བྱ་བའི་གཞིར་གུ་གུལ་གྱི་དུད་པས་བདུག་ཅིང་ཞེ་སྡང་རྡོ་རྗེའི་ང་རྒྱལ་བརྟན་པོས་དྲག་སྔགས་ཀྱིས་བགེགས་བསྐྲད། ཇི་ལྟར་བལྟམས་པ་སོགས་ཀྱི་མཐར། ཨ་བྷི་ཥི་ཀཱའི་སྔགས་སྦྱར་ནས་ལས་བུམ་གྱི་ཆུས་ཁྲུས་གསོལ་ལ། ཀཱ་ཡ་བི་ཤོའི་སྔགས་ཀྱིས་སྐུ་འཕྱི། དེ་ནས་རྟེན་བསྐྱེད་པ་དང་། ཡེ་ཤེས་པ་སྤྱན་དྲང་ཞིང་སྟིམ་པ་སྔར་ལྟར་དང་། དབང་པོའི་སྐྱོན་བསལ་ལས་སྤྱན་དབྱེ་བ་ཙམ་བྱས་རྗེས་རྣམ་བུམ་གྱིས་དབང་བསྐུར་ཞིང་མཆོད་བསྟོད་ཀྱིས་མངའ་དབུལ་ནས། བདེན་སྟོབས་ཀྱིས་བརྟན་བཞུགས་བྱས་མཐར་བཀྲ་ཤིས་ཀྱི་ཚིགས་བཅད་དང་རྟེན་འབྲེལ་སྙིང་པོ་བཟླ་ཞིང་མེ་ཏོག་འཐོར་བ་རྣམས་བྱའོ། ༈ །གསུམ་པ་བསྡུས་པའི་ཆོ་ག་ནི། དཀྱིལ་འཁོར་དུ་སྐད་ཅིག་གིས་བསྐྱེད་ཅིང་ཡེ་ཤེས་པ་སྤྱན་དྲངས་ཏེ་བསྟིམས་ནས། རྟེན་འབྲེལ་སྙིང་པོ་བཟླ་ཞིང་མེ་ཏོག་འཐོར་ལ་ཡི་གེ་འབྲུ་གསུམ་གྱིས་བརྟན་པར་བྱའོ། ༈ །གལ་ཏེ་ཆོ་ག་འདིའི་སྒོ་ནས་རྟེན་གསུམ་སོ་སོ་ལ་རབ་གནས་བྱེད་པར་སྤྲོ་ན། གཞན་འདྲ་བ་ལས། རྟེན་བསྐྱེད་ཀྱི་ཚེ། རྟེན་གང་ཡིན་ཀྱང་སྤྱིར་འདུས་པ་ཆེན་པོའི་དཀྱིལ་འཁོར་དུ་བསྐྱེད་པའམ། བྱེ་བྲག་ཏུ། སྐུ་གཟུགས་རྣམས་རང་རང་གི་རྣམ་པ་ཇི་ལྟ་བའམ། ཡང་ན་སྐུ་གཟུགས་མཆོད་རྟེ་གཙུག་ལག་ཁང་སོགས་སྐུ་རྟེན་ཕལ་ཆེར་རྣམ་སྣང་། གླེགས་བམ་སོགས་གསུང་རྟེན་རྣམས་སྣང་བ་མཐའ་ཡས་སམ་ཡུམ་ཤེར་ཕྱིན་མ། རྡོ་རྗེ་དང་འཁོར་ལོ་སོགས་ཐུགས་རྟེན་ཕྱག་མཚན་རྣམས་མི་བསྐྱོད་པར་བསྐྱེད་ལ། སྤྱན་འདྲེན་སོགས་ཚིག་གི་འབྱིན་འཇུག་སྒྱུར་ལུགས་དང་། རྒྱན་ཅན་རྒྱན་མེད་ཀྱི་ཁྱད་པར་གྱི་ཡོ་བྱད་དང་། ཕྱི་ནང་གསང་བའི་མཆོད་པ་སོགས་སྐབས་ཐོབ་མ་འདྲེས་ཤིང་། གླེགས་བམ་དང་མཆོད་རྟེན་སོགས་ལ་རྒྱན་འབུལ་བྱེ་བྲག་པ་བསྣན་པ་སོགས་སྟོབ་ཚུལ་གྱི་གནད་ཤེས་པར་བྱས་ནས། དབང་གི་རྗེས་སུ་སྐུ་གཟུགས་སྔར་རང་རང་དུ་བསྐྱེད་པ་རྣམས་མ་གཏོགས་གཞན་རྣམས་སོ་སོའི་སྔགས་བཟླས་པས་རང་གཟུགས་སུ་བསྒྱུར་བ་རྣམས་ཁྱད་པར་རོ། །དེ་ལྟར་རབ་ཏུ་གནས་པའི་ཕན་ཡོན་ནི། རྔམ་གློག་ལས། དཀྱིལ་འཁོར་ལ་སོགས་གང་བྱས་ཀྱང་། །རབ་གནས་ཡེ་ཤེས་མི་ལྡན་ན། །ཚོགས་དང་འབྲི་བའི་ནུས་པ་མེད། །ཅེས་དང་། གསང་སྙིང་ལས། ས་ལ་སོགས་ལ་ཕྱག་རྒྱར་བྱས། །རྣམ་གྲོལ་རིམ་པ་ཐོབ་འགྱུར་ན། །དག་པའི་ཡེ་ཤེས་ཀྱིས་སྦྱངས་པས། །སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །ཞེས་གསུངས་སོ། །བླ་མའི་གསུང་ངག་ཆུ་ཀླུང་རྒྱུན། ཤེར་དབང་འཇུག་ངོགས་བདེ་བ་ལས། །ལེགས་བཤད་ཆོས་དབྱངས་ལྷུང་ལྷུང་སྒྲར། སྐལ་བཟང་རྣ་བའི་དཔལ་དུ་བབས། །དཀྱིལ་འཁོར་གྱི་རབ་གནས་ཕྱི་དང་ནང་གི་ཆོ་ག་སོ་སོར་བཤད་པའི་ལེ་ཚན་ནོ།། །།

༈ ༀ་སྭ་སྟི། རང་རིག་ཡེ་ཤེས་མེ་དཔུང་གིས། །བཟུང་འཛིན་བུད་ཤིང་ཀུན་བསྲེགས་ནས། །འགྱུར་མེད་བདེ་ཆེན་མཆོག་བརྙེས་པ། །རྡོ་རྗེ་འཆང་དབང་བླ་མར་འདུད། །ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས། །གདུལ་བྱ་འདུལ་ཐབས་རྨད་བྱུང་བ། །ཡོ་གའི་ཞི་རྐྱང་འདུས་པ་མདོའི། །ལས་བཞིའི་སྦྱིན་སྲེག་ཆོ་ག་བཤད། །རེ་ཞིག་ཐོག་མར་ཡོ་གའི་སྦྱིན་སྲེག་ཞི་རྐྱང་གི་ཆོ་ག་ཁྱེར་བདེ་བར་བྱེད་ན། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ཐབ་སྟེགས་དྲི་དང་བ་བྱུང་གིས་བྱུགས་པའི་གཞིར་ཚངས་ཟུར་གྱི་ཐིག་བཏབ་པར་དབུས་ནས་སོར་བཅུ་གཉིས་ཀྱིས་བསྐོར་བ་ཐབ་དངོས་དང་དེའི་ཕྱི་སོར་བཞི་པ་གཉིས་བསྐོར་བ་མུ་རན་དང་ཁ་ཁྱེར། ཐབ་ནང་དུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་སོར་བརྒྱད་པའི་རྡོ་རྗེ་དཀར་པོ་དང་། རྩིབས་ཀྱི་ཕྱོགས་བཞིར་དེ་བཞིན་གཤེགས་པ་བཞི་དང་མཚམས་བཞིར་ཡུམ་བཞིའི་ས་བོན་སོགས་དང་། ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བས་བསྐོར་ཞིང་། ཕྱིའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་བྲི། ལྷ་མཚན་རྣམས་སོ་སོའི་ཁ་དོག་དང་། གཞན་ཐམས་ཅད་ཚོན་དཀར་པོ་བྲིའོ། །མུ་རན་གྱི་ནང་དུ་འོ་མ་ཅན་གྱི་ཤིང་ངམ་བ་ལང་གི་ལྕི་བ་སྲོག་ཆགས་མེད་པའི་བུད་ཤིང་རྩིག་ཅིང་། ཤར་ལྷོར་མེ་ཚང་བཅའ། སྲེག་རྫས་འོ་མ་ཅན་གྱི་ཡམ་ཤིང་རྩེ་མོའི་ཆ་ལས་བྱུང་བ་སོར་བཅུ་གཉིས་པ་དྲི་དཀར་པོས་སྤགས་ཤིང་རྩེ་མོ་མར་སྦྲང་འོ་མར་ཉུགས་པ། མར་ཁུ། ཏིལ་ནག །ཏིལ་དཀར་རམ་ཡུངས་ཀར། ཀུ་ཤ་ཏིལ་མར་གྱིས་བྱུགས་པ་རྣམས་མེད་ཐབས་མེད་ལ། འབྱོར་ན་ཀུ་ཤའི་གོང་དུ། ཞོ་ཟན་དང་། འབྲས། སོ་བ། ནས། སྲན། གྲོ་སྟེ་འབྲུ་རྣམས་ལ་མར་གྱིས་སྤགས་པ་དང་། དུརྦ་འོ་མས་སྔགས་པ་རྣམས་གཡས་ཕྱོགས་སུ་རིམ་པར་སྒྲིག །གཡོན་དུ་ཉེར་སྤྱོད་དང་དཀར་གསུམ་གྱིས་བརྒྱན་པའི་གཏོར་མ་འདས་མ་འདས་ཀྱི་རིམ་པ་དང་། དུང་ངམ་ཉ་ལྕིབས་ཀྱི་སྣོད་དུ་རྫས་བདུན་ལྡན་གྱི་མཆོད་ཡོན་ལ་གཙོ་སྔགས་ཀྱིས་བསྔགས་པ་རྣམས་བཀོད། མདུན་དུ་ལས་བུམ། རྡོར་དྲིལ། དགང་བླུགས། ཀུ་ཤ་རྣམས་དང་། དེའི་ཕྱིར་མེ་ཡོལ་བཞག །དེ་ནས་ཡར་ངོའི་སྲོད་ལྟ་བུ་དུས་དགེ་བར་སློབ་དཔོན་ཆས་གོས་དཀར་པོ་བསྟར་ལ་འཇམ་པའི་སྟན་ལ་པདྨའི་འདུག་སྟངས་ཀྱིས་འདུག་སྟེ། སྨྲ་བ་གཞན་བཅད་ནས། བདག་གི་རྣམ་འབྱོར་དང་ལྡན་པས། ཡཀྵའི་སྔགས་དང་ལས་བུམ་གྱི་ཆུས་ཐབ་དང་། མཆོད་སྲེག་གི་རྫས། རྡོར་དྲིལ་དགང་བླུགས་རྣམས་བསང་། རྡོར་དྲིལ་བཟུང་སྟེ་སྔགས་རྒྱས་དམ་ཚིག་གསུམ་དྲན་པར་བྱས་ནས། སྒྲུབ་ཐབས་ལྟར་མཆོད་པ་བྱིན་གྱིས་བརླབ་ཅིང་། སྲེག་རྫས་རྣམས་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི། རྣམ་པ་རྫས་སོ་སོ། བྱེད་པ་རང་རང་གི་ལས་སྒྲུབ་པའི་ནུས་ལྡན་དུ་མོས་ལ། སྙིང་པོའི་སྔགས་དང་རྫས་སྔགས་རྣམས་ལན་གསུམ་རེ་བཟླས་པས་བྱིན་གྱིས་བརླབས་ནས། རྩུབ་ཤིང་གི་མེའམ་རྒྱུད་བཞག་གི་མེ་སྤར་བ་ལ་ཡཀྵ་དང་ལས་བུམ་གྱི་ཆུས་གཡས་བསྐོར་དུ་ལན་གསུམ་བསང་ལ། ༀ་བཛྲ་ཛྭ་ལ་ཧཱུཾ། ཞེས་མེ་ཐབ་ཏུ་བཅུག་ཅིང་རླུང་གཡབ་ཀྱིས་སྤར། སྙིང་པོ་ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གཱི་ཤྭ་རི་ཧཱུཾ། ཞེས་བཟླ་ཞིང་མར་ཁུ་བླུགས་གཟར་བདུན་ཕུལ་བས་གསོ། ཀུ་ཤ་ལ་ༀ་བཛྲ་ས་ཏྭ་ཨཿ ཞེས་བཟླས་པས་བརླབས་ནས། སྔགས་དེས་ཐབ་ཀྱིས་ཁ་ཁྱེར་ལ་རང་གི་གཡོན་ངོས་ནས་བརྩམས་ཏེ་སྔ་མའི་རྩེ་ཕྱི་མའི་རྩ་བས་ནོན་པར་བྱས་ཏེ་གཡས་བསྐོར་དུ་དགྲམ་ཞིང་། སླར་རྩ་བ་རང་ལ་བསྟན་པས་ཐབ་སྟེང་ནས་གཡོག་གོ། །དེ་ནས་ཐབ་ཨ་ཀཱ་རོས་སྟོང་པར་སྒོམ། སྟོང་པའི་ངང་ལས་ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གཱི་ཤྭ་རི་ཧཱུཾ། ཞེས་བརྗོད་པས། སྙིང་པོ་དེ་ཞུ་བ་ལས་བྱུང་བའི་ཐབ་ཁུང་དཀར་ཞིང་ཟླུམ་པའི་ནང་དུ་རཾ་ལས་མེ་དཀྱིལ་གྲུ་གསུམ་པའི་དབུས་སུ་ༀ་ལས་བྱུང་བའི་པདྨ་དཀར་པོའི་སྟེང་དུ་རཾ་ཡོངས་སུ་གྱུར་པ་ལས་མེ་ལྷ་དཀར་པོ་ཞལ་གཅིག་ཕྱག་བཞི་པ་གཡས་གཉིས་བགྲང་ཕྲེང་དང་མི་འཇིགས་པའི་རྒྱ། གཡོན་གཉིས་དབྱུག་པ་དང་སྤྱི་བླུགས། དར་དཀར་དང་རིན་པོ་ཆེའི་རྒྱན་ཅན་པདྨའི་འདུག་སྟངས་ཀྱིས་བཞུགས་པར་གྱུར། རང་ཉིད་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་དུ་ང་རྒྱལ་འཕོས་ཏེ། འདོད་རྒྱལ་གྱི་རྒྱ་བཅས་ལ། ཧཱུཾ་ཊཀྐི་ཛཿ ཞེས་པས་མེ་ལྷ་བཀུག་པར་བསམ་ལ། ༀ། ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག །སྲེགས་བླུགས་ཞལ་ཟས་བཞེས་སླད་དུ། །འདིར་ནི་ཡང་དག་བསྙེན་པར་མཛོད། །ཅེས་པས་སྤྱན་དྲངས་ལ། ཛཿ་ཧཱུཾ་བཾ་ཧོཿའི་སྔགས་རྒྱས་དགུག་གཞུག་བཅིང་དབང་དུ་བྱ། རྡོ་རྗེ་གནོད་སྦྱིན་གྱི་སྔགས་རྒྱ་ལན་གཉིས་ཀྱིས་ཕྱིར་འབྲང་གི་བགེགས་བསྲད་ཅིང་བསྲུང་། རང་རྡོར་སེམས་སུ་སྒྱུར་ལ། རྡོར་ཐལ་གྱེན་དུ་ཕྱེ་སྟེ། ༀ་བཛྲ་ཨ་ན་ཡ་མ་ཧཱ་བྷྲཱུཾ་ཏ་ཛྭ་ལ་ཡ་སརྦ་བྷསྨི་ཀུ་རུ་སརྦ་དུཥྚཱཾ་ཧཱུཾ་ཕཊ། ཅེས་མེ་ལྷའི་རང་སྔགས་ཀྱིས་མཆོད་ཡོན་ཕུལ། གཡས་པའི་ཁུ་ཚུར་བཅས་ལ་མཐེབ་མཛུབ་ཀྱིས་མཆོད་ཡོན་གྱི་སྣོད་ནས་མེ་ཏོག་བླངས་ཏེ། ༀ་པྲ་ཝཱ་ར་སངྐཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཞེས་བཟེད་ཞལ་དུ་སོར་མོ་བརྐྱང་བས་ཞབས་བསིལ་ཕུལ། དེ་ནས་ཕྱག་རྒྱ་བཞིས་རྒྱས་གདབ་སྟེ། མེ་ལྷའི་དམ་རྒྱ་ནི། གཡོན་རྡོ་རྗེ་ཁུ་ཚུར། གཡས་དེ་བཞིན་གཤེགས་པའི་ཁུ་ཚུར་བྱས་པའི་ཕྱིའི་རྡོ་རྗེ་རིགས་ཀྱི་ཁུ་ཚུར་གཉིས་བཅིངས་ལ་གཡས་པའི་སོར་མོ་རྣམས་མེ་འབར་བ་ལྟར་བྱས་ཏེ། ༀ་བཛྲ་ཨ་ན་ལ་སོགས་མེ་ལྷའི་སྔགས་ལ་དྲྀ་ཤྱ་ཞེས་བཏགས་པས་མདུན་གྱི་ཡེ་ཤེས་པ་ལ་བལྟ། ཛཿཧཱུཾ་བཾ་ཧོཿས་བསྟིམ། ས་མ་ཡ་སྟྭཾ་ཞེས་པས་རྒྱབ་ཏུ་ཟླ་དཀྱིལ་འགྲུབ། ས་མ་ཡ་སྟྭཾ་ཨ་ཧཾ་ཞེས་པས་མེ་ལྷའི་སྐུ་གསལ་བར་བསྒོམས་ལ། མེ་ལྷའི་སྔགས་ལན་གསུམ་བརྗོད་དོ། །ཆོས་རྒྱ་ནི། ལྕེ་ལ་རྡོ་རྗེ་དཀར་པོའི་ལྟེ་བར་ༀ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ། ཅེས་དགོད། ལས་རྒྱ་ནི། སྙིང་གར་ཨ་ལས་སྣ་ཚོགས་རྡོ་རྗེ་བསམ་ལ། གར་སྔོན་འགྲོའི་ཕྱག་ཆེན་ཕྱག་མཚན་མེད་པའོ། །ཕྱག་ཆེན་ནི། སྙིང་གར་ཧཱུཾ་ལས་ཟླ་བའི་རྡོ་རྗེ་བ སམ་ལ་གར་མེད་པའི་ཕྱག་ཆེན་ཕྱག་མཚན་ཅན་ནོ། །དེ་ནས་དབང་བསྐུར་བ་ནི། རྡོ་རྗེ་རིན་ཆེན་གྱི་རྒྱ་བཅིང་ཞིང་། ༀ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཾ། ཞེས་པས་རྡོ་རྗེ་རིན་པོ་ཆེའི་ཅོད་པན་དང་། ༀ་ཏྲུཾ་གྱིས་དར་དཔྱང་གི་དབང་བསྐུར། རྡོ་རྗེ་རྩེ་ལྔ་པའི་རྒྱ་བཅས་ལ། ༀ་ཧ་ན་ས་མ་ཡ་ཧཱུཾ་ཕཊ། ཅེས་པས་དམ་ལ་བཞག་ནས། ༀ་ཨགྣེ་དེ་ཝ་ས་པ་རི་ཝཱ་ར་པུ་ཥྤེ་པྲ་ཏཱི་ཙྪ་སྭཱ་ཧཱ་ནས། ཤཔྡའི་བར་དང་། ༀ་བཛྲ་ལཱ་སྱ་ཧཱུཾ་ནས་གནྡྷེ་ཨཿའི་བར་གྱི་སྔགས་རྒྱས་སྒེག་སོགས་བརྒྱད་ཕུལ། དེ་ནས་བྱང་ཆུབ་མཆོག་རྒྱས་དགང་བླུགས་བཟུང་ལ། མེ་ལྷ་ཅུང་ཟད་འཛུམ་པའི་ལྗགས་ལ་རཾ་དང་དགང་བླུགས་ཀྱི་ཁ་ལ་ཧཱུཾ་གིས་མཚན་པར་བསམ་ནས། ༀ་ཨགྣ་ཡེ་སྭཱ་ཧཱ། ཞེས་མངར་གསུམ་བསྲེག་པའི་མར་བླུགས་གཟར་གསུམ་གྱིས་དགང་གཟར་བཀང་ལ་ཁ་སྦྱར་ཏེ་ལག་གཉིས་པུས་མོའི་ནང་ལས་མི་འདའ་བས། ན་མཿ ས་མཱནྟ་བུདྡྷཱ་ནཱཾ་ཨགྣ་ཡེ་སྭཱ་ཧཱ། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་མཛད་དུ་གསོལ་སྭཱ་ཧཱ། ཞེས་ལན་གསུམ་དབུལ་ལོ། །དེ་ནས་རྫས་རྣམས་རིམ་པར་འབུལ་ཏེ། ཡམ་ཤིང་། ༀ་བཛྲ་ཡཛྙཱ་ཡ་སྭཱ་ཧཱ། གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱ ནྟིཾ་ཀུ་རུ་སྭཱ་ཧཱ། མར་ཁུ། ༀ་ཨགྣ་ཡེ་སྭཱ་ཧཱ། འབྱོར་པ་ཕུན་སུམ་ཚོགས་པ༴ ཏིལ་ནག །ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ༴ ཏིལ་དཀར་རམ་ཡུངས་ཀར། ༀ་སརྦ་སིདྡྷ་ཡེ་སྭཱ་ཧཱ། དངོས་གྲུབ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ༴ ཞོ་ཟན། ༀ་སརྦ་སམྦྷ་དེ་སྭཱ་ཧཱ། བདེ་བ་ཕུན་སུམ་ཚོགས་པ་ལ༴ འབྲས། ༀ་བཛྲ་པུཥྚཱ་ཡ་སྭཱ་ཧཱ། བསོད་ནམས་ཕུན་སུམ་ཚོགས་པ་ལ༴ སོ་བ། ༀ་བཛྲ་བི་ཛཱ་ཡེ་སྭཱ་ཧཱ། ནོར་དང་འབྲུ་ཕུན་སུམ་ཚོགས་པ་ལ༴ ནས། ༀ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ཤུགས་ཕུན་སུམ་ཚོགས་པ་ལ༴ སྲན་མ། ༀ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། སྟོབས་ཕུན་སུམ་ཚོགས་པ་ལ༴ གྲོ། ༀ་བཛྲ་གྷ སྨ་རི་སྭཱ་ཧཱ། ནད་མེད་པ་ཕུན་སུམ་ཚོགས་པ་ལ༴ དུརྦ། ༀ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཚེ་རིང་བ་ཕུན་སུམ་ཚོགས་ཚོགས་པ་ལ༴ ཀུ་ཤ །ༀ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ། བསྲུང་བ་ཕུན་སུམ་ཚོགས་པ་ལ༴ ཞེ་རྫས་རེ་རེ་བཞིན་ལན་གསུམ་ཕུལ་ལ། ལས་སྔགས་ཀྱིས་བསང་གཏོར་ཕུལ་བས། མེ་ལྷ་ཉིད་འབར་བའི་རྣམ་པར་གྱུར་པར་བསམ་མོ། །དེ་ནས་འདས་པའི་མེ་ལྷ་མཆོད་པ་ནི། རྡོ་རྗེ་ཁུ་ཚུར་ཁ་སྦྱར་ལ་མགལ་མེ་ལྟར་བསྐོར་ཞིང་། ༀ་བཛྲ་ཧེ་ཏུ་བཾ་ཞེས་བརྗོད་པས་ཐབ་ཀྱི་མེའི་དབུས་སུ་གཞལ་ཡས་ཁང་ལྷ་སོ་སོའི་གདན་དང་བཅས་པ་སྤྲུལ་པར་གྱུར། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་སྔགས་ཟློས་ཤིང་། མེ་ཏོག་གིས་མཚོན་པར་སྤྱན་དྲངས་ལ་ཐབ་ཏུ་མེ་ཏོག་སྐྱུར་བས། ལྷ་ཐམས་ཅད་གཞལ་ཡས་ཁང་གི་གནས་སོ་སོར་བཞུགས་པར་གྱུར་པ་ལ། ༀ་སརྦ་ཏ་ཐཱ་ག་ཏ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་བཞིན་དུ་པུཥྤེའི་གནས་སུ་དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱེ། ཤཔྡ་བཅུག་པ་དང་། ༀ་བཛྲ་ཞེས་ཐམས་ཅད་ཀྱི་འགོར་སྦྱར་ཏེ། ལཱ་སྱེ་ཧཱུཾ། མཱ་ལེ་ཏྲཱཾ། གཱི་ཏི་ཧྲཱིཿ ནྲྀ་ཏྱེ་ཨ། དྷཱུ་པེ་ཧཱུཾ། པུཥྤེ་ཏྲཾ། ཨཱ་ལོ་ཀེ་ཧྲཱིཿ གནྡྷེ་ཨ། ཞེས་པ་རྣམས་ཀྱིས་མཆོད་ལ། ཆོས་དབྱིངས་ཡེ་ཤེས་རྣམ་པར་དག །ཅེས་པ་ནས། ས་གནས་རྣམས་ལ་ཕྱག་འཚལ་ལོ། །ཞེས་པའི་བར་སྒྲུབ་ཐབས་ཀྱི་བུམ་བསྐྱེད་ལྟར་གྱིས་བསྟོད། དེ་ནས་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཞལ་ཅུང་ཟད་འཛུམ་པའི་ལྗགས་དང་དགང་བླུགས་ཀྱི་ཁ་ལ་ༀ་ཡིག་གིས་མཚན་པར་བསམ་ལ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གཱི་ཤྭ་རི་ཧཱུཾ། ཞེས་པ་གསུམ་གྱིས་དགང་གཟར་བཀང་ལ། སྔགས་དེའི་མཐར། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་མཛད་དུ་གསོལ་སྭཱ་ཧཱ། ཞེས་བཏགས་པས་དགང་བླུགས་གསུམ་མམ་བདུན་ཕུལ་ནས། ལག་མཆོད་སྦྱིན་གྱི་རྒྱས་ཡམ་ཤིང་ནས་ཀུ་ཤའི་བར་རྫས་ཐམས་ཅད་བཤད་མ་ཐག་པའི་སྙིང་པོ་སྤེལ་ཚིག་དང་བཅས་པ་བརྒྱ་རྩ་སོགས་ཅི་འབྱོར་དབུལ་ཞིང་། ཡང་ན་ཡམ་ཤིང་། མར་ཁུ། དུརྦ། ཀུ་ཤ་རྣམས་མ་གཏོགས་པ་ཕྱོགས་གཅིག་ཏུ་བསྲེས་ནས་ཕུལ་ཀྱང་རུང་ངོ་། །མཐར་སྔར་བཞིན་དགང་བླུགས་ཕུལ་ལ། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཐུགས་ཀ་ནས་བྱུང་བའི་བདུད་རྩི་དཀར་པོའི་ཆུ་རྒྱུན་གྱིས་བསྒྲུབ་བྱ་རྣམས་ལ་དབང་བསྐུར་བས་ལུས་ཐམས་ཅད་གང་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་པར་བསམ་མོ། །དེ་ནས་ཉེར་སྤྱོད་ལྔ་དང་། ༀ་ཏམྦུ་ལཱ་ཡ་སྭཱ་ཧཱས་སོ་རྩི། ༀ་བཛྲ་ཝསྟྲ་ཡེ་སྭཱ་ཧཱས་ན་བཟའ། སྒེག་སོགས་བརྒྱད་ཀྱིས་མཆོད། བསྟོད་པར་འོས་པས་བསྟོད། འདོད་དོན་ལ་གསོལ་བ་བཏབ། ཡིག་བརྒྱས་ནོངས་པ་བཟོད་པར་གསོལ་ནས། སྔར་བཞིན་ལྷ་རྣམས་མེ་ཏོག་གིས་སྤྱན་དྲངས་ཏེ་དཀྱིལ་འཁོར་དུ་རང་རང་སོ་སོའི་གནས་སུ་བཞུགས་པར་བསམ་མོ། །གལ་ཏེ་དཀྱིལ་འཁོར་སྒྲུབ་མཆོད་དང་མ་འབྲེལ་ན། འཇིག་རྟེན་པའི་མེ་ལྷའི་འབར་བའི་རྣམ་པར་སྒྱུར་རྗེས་རྡོ་རྗེ་འཁོར་ལོའི་སྔགས་རྒྱས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་རྫོགས་པར་སྤྲུལ་ལ། རྡོ་རྗེ་བསྡུ་བའི་སྔགས་རྒྱས་ཡེ་ཤེས་པ་སྤྱན་འདྲེན་ནས་དབང་གི་བར་སྒྲུབ་ཐབས་ལྟར་དང་། མཆོད་བསྟོད་བྱོན་སྐྱེམས་ནས་ནོངས་པ་བཟོད་པར་གསོལ་བའི་བར་བཤད་མ་ཐག་པ་ལྟར་བྱས་རྗེས། ༀ། ཁྱེད་ཀྱི་སེམས་ཅན་སོགས་ཀྱིས་བསྐུལ་ནས། ༀ་བཛྲ་ས་ཏྭ་མུཿས་ཕྱག་རྒྱ་བཀྲོལ་ཏེ་གཤེགས་སུ་གསོལ་བ་རྣམས་ཁྱད་པར་རོ། །སླར་ཡང་ༀ་ཨགྣ་ཡེ་ཛྭ་ལ་རཾ་ཞེས་མར་ཁུ་ཕུལ་བས། མེ་ལྷ་སྔར་བཞིན་གསལ་བར་བསམ་ལ། སྲེག་རྫས་རྣམས་དང་དགང་བླུགས་གསུམ་སྔར་ལྟར་ཕུལ་ནས། ཉེར་སྤྱོད་དང་སྒེག་སོགས་ཀྱིས་མཆོད། །སོ་རྩི་དང་ན་བཟའ་དབུལ། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཊཀྐིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་པས་བསྟོད། གཏོར་མ་རྡོ་རྗེ་གནོད་སྦྱིན་དང་མེའི་སྔགས་རྒྱས་བསང་སྦྱངས། ཨ་ཀཱ་རོས་བརླབ་ལ། ཨགྣེ་ལ་ཨ་ཀཱ་རོ་བཏགས་པས་ཕུལ་ལ། མཆོད་སྦྱིན་གཏོར་མ་འདི་ཞེས་ལ། སོགས་ཀྱིས་འདོད་དོན་གསོལ། ཡིག་བརྒྱས་ནོངས་པ་བཤགས། ༀ་བཛྲ་ས་ཏྭ་མུཿ ཞེས་ཕྱག་རྒྱ་བཀྲོལ་ཏེ་གཤེགས་སུ་གསོལ། དེ་ནས་སྦྱིན་སྲེག་བརྐྱང་པར་བྱེད་ཚེ། བདག་བསྐྱེད་གཤེགས་བསྡུ་བདག་ཉིད་བསྲུང་བ་རྣམས་སྒྲུབ་ཐབས་ལྟར་བྱས་རྗེས་མེ་རང་ཞི་འམ་འོ་མས་གཞིལ། ལས་རྗེས་མི་མངོན་པར་བསྡུའོ། །ཡོ་གའི་ཞི་རྐྱང་གི་སྦྱིན་སྲེག་གི་ཆོ་གའོ།། །།

༈ ༀ་སྭ་སྟི། ད་ནི་གཉིས་པ་འདུས་པ་མདོའི་སྦྱིན་སྲེག་ལ་བཞི་སྟེ། དགོས་པ་དང་། གནས་དང་། དུས་དང་། ཇི་ལྟར་བྱ་བའི་རིམ་པའོ། །དང་པོ་ནི། སྤྱིར་རྣལ་འབྱོར་པ་གང་ཞིག་རྒྱལ་བ་རྣམས་མཉེས་པར་བྱ་བ་དང་། སྡིག་སྒྲིབ་སྦྱོང་ཞིང་ཉམས་ཆག་སྐོང་བ་སོགས་རང་གཞན་གྱི་དོན་གཉིས་མྱུར་དུ་འགྲུབ་བྱེད་ཀྱི་ཕྲིན་ལས་རྨད་དུ་བྱུང་བ་ནི་སྦྱིན་སྲེག་གི་ལས་ཏེ། རྩ་རྒྱུད་ལས། རྡོ་རྗེ་མེ་ཡི་ལས་མཆོག་འདིས། །རྣལ་འབྱོར་ཐབས་སུ་བདེ་སྦྱར་བས། །རྒྱལ་བ་ཀུན་མཉེས་ཀུན་སྲེག་སྐོངས། །དོན་གྲུབ་ལས་ཀྱི་མཆོག་ཏུ་བཤད། །ཅེས་གསུངས། བྱེ་བྲག་ཏུ་དོན་བྱ་བའི་ཡུལ་གུད་དུ་ཕྱེ་ན། ཧེ་རུ་ཀ་འདུས་པ་ལས། ནད་དང་སྡུག་བསྔལ་ཞི་བ་དང་། །ཚེ་དང་ལོངས་སྤྱོད་རྒྱས་པ་དང་། །བཙན་དྲེགས་གཟུངས་མ་དབང་བྱེད་དང་། །དགྲ་བགེགས་གདུག་པ་ཚར་གཅོད་པ། །དགོས་ཆེད་འབྲས་བུར་བཤད་པ་ཡིན། །ཞེས་གང་ལ་བྱ་བའི་ཡུལ་བཞི་ལ་ལྟས་ནས་འཕྲིན་ལས་བཞིའི་དབྱེ་བས་དེ་དང་དེའི་དོན་གྲུབ་པ་ནི་དགོས་པའོ། །གཉིས་པ་གནས་ནི། སྤྱིར་ཞི་རྒྱས་གཉིས་བཀྲ་ཤིས་པའི་གནས་དང་། དབང་དྲག་གཉིས་གཉན་པའི་གནས་སུ་བྱ་བ་ཤིས་ལ། ཁྱད་པར་དུ་དེ་ལས། གངས་འདབས་དང་ནི་ཆུ་གླིང་དང་། །ནགས་ཚལ་སྨན་ལྗོངས་མེ་ཏོག་ཚལ། །ཕུག་དང་གྲོག་མདོ་འཇིགས་པ་དང་། །དུར་ཁྲོད་ཤིང་གཅིག་རྨངས་པའི་ཁྱིམ། །ཞེས་རྐང་པ་རེ་རེས་ཞི་རྒྱས་དབང་དྲག་གི་གནས་རིམ་པར་བསྟན་ནོ། །གསུམ་པ་དུས་ནི། དེ་ལས། དབྱར་དང་སྟོན་དང་དགུན་དང་དཔྱིད། །སྔ་དྲོ་གུང་དང་དགོང་ཀ་དང་། །ནམ་གུང་རྣམས་ནི་དུས་ཡིན་ནོ། །ཞེས་པས་ལོ་རེ་དང་ཞག་རེ་ལ་ལྟོས་པའི་ཞི་རྒྱས་དབང་དྲག་གི་དུས་རིམ་པར་བསྟན་ཅིང་། ཟླ་བ་རེ་ལ་ལྟོས་ན་དཀར་ཕྱོགས་ལ་ཞི་རྒྱས་དང་ནག་ཕྱོགས་ལ་དབང་དྲག་གི་ལས་ཤིས་པས་སྤྱིར་དེ་དག་གིས་དུས་དང་། ཁྱད་པར་ནད་ཞི་བར་འདོད་པ་སོགས་ལས་དེ་དང་དེས་དོན་བྱ་བའི་དུས་སོ། །བཞི་པ་ཇི་ལྟར་བྱ་བའི་རིམ་པ་ལ། སྤྱིར་རྩ་རྒྱུད་དུ། ལྟ་བ་དང་། ཤེས་རབ་དང་། རང་བཞིན་དང་། ཏིང་ངེ་འཛིན་དང་། གཟུགས་བརྙན་གྱི་ཧོམ་སྟེ་ལྔ་ལས། འདིར་གཟུགས་བརྙན་གྱི་ཧོམ་ལ་བརྟེན་ནས་ལས་བཞི་སྒྲུབ་པར་བྱེད་པ་ལ་གསུམ་སྟེ། སྦྱོར་བ་ལས་བཞིའི་བཤམས་བཀོད་ཐུན་མོང་དུ་བཤད་པ། དངོས་གཞི་ཆོ་གའི་ལས་རིམ་སོ་སོར་བཤད་པ། རྗེས་ལས་བཞི་ཐུན་མོང་དུ་བསྟན་པས་མཇུག་བསྡུ་བའོ། །དང་པོ་ནི། རྩ་རྒྱུད་ལས། ལས་བཞི་སོ་སོའི་ཁྱད་པར་གྱིས། །ཕྱོགས་དང་ཁ་དོག་དབྱིབས་དང་རྫས། ཇི་ལྟར་ཡིན་པ་དེ་ལྟར་སྦྱར། །ཞེས་པ་ལྟར་གསུམ་ལས། དང་པོ་ཕྱོགས་ནི། དེ་ལས། ཤར་ལྷོ་ནུབ་བྱང་། ཞེས་གསུངས་ཏེ། དཀྱིལ་འཁོར་སྒྲུབ་མཆོད་དང་མ་འབྲེལ་པའི་སྦྱིན་སྲེག་རྐྱང་སྒྲུབ་ཀྱི་ཚེ་ཤར་ཕྱོགས་སྐྱོང་བའི་ལྷ་དབང་པོས་མི་མཐུན་པའི་ཕྱོགས་ཞི་བར་བྱེད་པ་ལ་སོགས་པའི་ཁྱད་པར་གྱིས་འཇིག་རྟེན་པའི་ཕྱོགས་དང་མཐུན་པར་ཞི་བ་ལ་ཤར། རྒྱས་པ་ལ་བྱང་དབང་ལ་ནུབ། དྲག་པོ་ལ་ལྷོར་ཁ་བལྟ་ཞིང་། ཡང་སྒྲུབ་མཆོད་དང་འབྲེལ་ཚེ་དཀྱིལ་འཁོར་གྱི་སྒོ་བཞི་པོ་ལས་སོ་སོ་ལ་ཤིས་པས་དཀྱིལ་འཁོར་གྱི་ཕྱོགས་དང་མཐུན་པར་བྱས་ཏེ། དཀྱིལ་འཁོར་གྱི་ཤར་དུ་ཞི་བ། ལྷོར་རྒྱས་པ། ནུབ་ཏུ་དབང་། བྱང་དུ་དྲག་པོའི་ཐབ་བཅས་ལ་ཁ་དཀྱིལ་འཁོར་ལ་ཕྱོགས་པས་བལྟ་བའོ། །གཉིས་པ་ཐབ་ཀྱི་དབྱིབས་མདོག་ནི། སྔ་མའི་འཕྲོས་ལས། དཀར་སེར་དམར། མཐིང་གའམ་ནག་པོ་ཐལ་མདོག་སྦྱར། །ཟླུམ་པོ་པདྨ་ལེ་ཚེ་ཞི། །འཁོར་ལོ་གྲུ་བཞི་ཟུར་བརྒྱད་རྒྱས། །ཟླ་གམ་གྲུ་ཆད་གཞུ་དབྱིབས་དབང་། །གྲུ་གསུམ་བྷ་ག་ཁ་མངོན་སྤྱོད། །སུམ་བརྩེག་མདངས་དང་རི་མོར་མཛེས། །ཞེས་པའི་དྲག་པོའི་ཁ་ནི་ཁྲོ་ཞལ་ཏེ་ལས་བཞི་ཀ་ལ་ཐབ་བྱ་ཚུལ་གསུམ་གསུམ་བཤད་ཀྱང་། ད་ལྟ་ཕྱག་བཞེས་སུ་མཛད་པ་ནི། ཧེ་རུ་ཀ་འདུས་པ་ལས། ཞི་བ་ལ་ནི་ཟླུམ་པོ་སྟེ། རྒྱས་པའི་ཐབ་ཁུང་གྲུ་བཞི་པ། །དབང་གི་དཀྱིལ་འཁོར་ཟླ་གམ་ལ། །དྲག་པོ་ཨེ་སྟེ་མཁའ་འདྲའི་དབྱིབས ། །འཁོར་ལོ་རིན་ཆེན་པདྨ་དང་། །རྡོ་རྗེ་ཡིས་ནི་རྣམ་པར་བརྒྱན། །ཞེས་གསུངས་པ་ལྟར་སྟེགས་བུ་གྲུ་བཞི་པ་ངོས་རེ་ལ་ཁྲུ་དོ་དང་དཔངས་སུ་ཁྲུ་ཕྱེད་པ་རྩིག་གམ་མ་བརྩིགས་ཀྱང་རུང་སྟེ། གཞི་དེར་དྲི་དང་བ་བྱུང་གིས་ཆག་ཆག་བཏབ་པ་ལ། ཐབ་ཁུང་ཞི་བ་ལ་ཟླུམ་པོ་དཀར་པོ། རྒྱས་པ་ལ་གྲུ་བཞི་སེར་པོ། དབང་ལ་ཟླ་གམ་དམར་པོ། དྲག་པོ་ལ་གྲུ་གསུམ་ནག་པོ་སྟེ། ཐམས་ཅད་ཀྱང་རྒྱར་ཁྲུ་གང་དང་དཔངས་སུ་ཁྲུ་ཕྱེད་པ། ཁ་ཁྱེར་བང་རིམ་གསུམ་གྱི་ནང་མ་ལ་འོད་ཕྲེང་ལས་དང་མཐུན་པའི་ཁ་དོག་ཅན། བར་མ་ལ་ཞི་བར་ལྕགས་ཀྱུ་དཀར་པོ། རྒྱས་པར་ཞགས་པ་སེར་པོ། དབང་ལ་ལྕགས་སྒྲོག་དམར་པོ། དྲག་པོར་དྲིལ་བུ་སྔོན་པོ། ཐ་མ་ལ་ཞི་བར་འཁོར་ལོ་དཀར་པོ། རྒྱས་པར་རིན་ཆེན་སེར་པོ། དབང་ལ་པདྨ་དམར་པོ། དྲག་པོར་རྡོ་རྗེ་སྔོན་པོ་རྩེ་གསུམ་རྭ་གདེངས་པའི་ཕྲེང་བས་བསྐོར་ཞིང་། ཐབ་ཀྱི་དབུས་སུ་མཚན་མ་དགོད་པ་ནི། ཞི་བ་ལ་འཁོར་ལོ་དཀར་པོའི་ལྟེ་བར་ༀ། རྒྱས་པ་ལ་རིན་པོ་ཆེ་སེར་པོར་ཏྲཱཾ། དབང་ལ་པདྨ་དམར་པོར་ཧྲཱིཿ དྲག་པོར་རྡོ་རྗེ་སྔོན་པོ་ཧཱུཾ་གིས་མཚན་པ། ཐམས་ཅད་ཀྱང་སོར་བཞི་པའི་ཚད་ཅན་ནོ། །ཐབ་ཀྱི་ནང་དུ་འཆད་འགྱུར་ཡམ་ཤིང་གི་རྒྱུ་དང་རིགས་འདྲའི་ལས་མཐུན་གྱི་བུད་ཤིང་ཐབ་དབྱིབ་དང་འདྲ་བ་དཔངས་སུ་མཐོ་གང་བ་རྩིགས་པའི་ཤར་ལྷོའི་ཕྱོགས་སུ་མེ་ཚང་བཅའ། སྟེགས་བུའི་གྲྭ་བཞིར་མདའ་ལས་མཐུན་གྱི་ཁ་དོག་ཅན་བཞི་རང་མདོག་ཅན་གྱི་ཞགས་པའི་སྲད་བུ་བཞིས་སྦྲེལ་བའི་ཚུལ་དུ་དངོས་སུ་འགོད་པའམ་རི་མོར་བྲི་ཞིང་། སྟེང་དུ་མེ་དར་དགབ་བོ། །རང་གི་གཡས་ཕྱོགས་སུ་རྫས་སྟེགས་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཞུན་མར་ནི། ཞི་རྒྱས་ལ་རྩི་མར་དང་། དབང་ལ་ཏིལ་མར། དྲག་པོ་ལ་ཚིལ་ཞུན་དང་སྦྱར་བའི་མར་ནག་རྣམས་དང་དགང་བླུགས། མདུན་གྱི་པད་འདབ་ལ་ཡམ་ཤིང་ནི། རྒྱ་བདུན་འགྲེལ་ལས། ལས་བཞིའི་ཤིང་ནི་རྩེ་མོ། ཡལ་ག །སྡོང་པོ། རྩ་བཞི་དང་། ཁ་དོག་གིས་ཕྱེ་བ། ཞེས་གསུངས་པ་ལྟར་ཞི་བ་ལ་ཙནྡན་དཀར་པོ་དང་བལ་བུ་སོགས་དཀར་ཞིང་ལོ་མ་ཅན་གྱི་རྩེ་མོའི་ཆ་ལས་བྱུང་བ། རྒྱས་པ་ལ་འབྲས་བུ་ཆགས་པ་དང་སེར་ཞིང་འོ་མ་ཅན་གྱི་ཡལ་གའི་ཆ་ལས་བྱུང་བ། དབང་ལ་ཙནྡན་དམར་པོ་དང་མཛོ་མོ་ཤིང་སོགས་དམར་བ་དང་སྐྱུར་བའི་ཤིང་གི་སྡོང་པོའི་ཆ་ལས་བྱུང་བ། དྲག་པོ་ལ་དུག་ཤིང་དང་ཚེར་མ་ཅན་ནག་ཅིང་རྩ་བའི་ཆ་ལས་བྱུང་བ། ཐམས་ཅད་ཀྱང་མཐོ་གང་བ་རང་གི་ལས་མཐུན་གྱི་མར་ཁུར་རྩེ་གཉིས་ཉུགས་པ་བཀོད། པད་འདབ་ལྷག་མ་བདུན་ལ་སྲེག་རྫས་གཞན་རྣམས་ལས་མཐུན་གྱི་སྣོད་དུ་རིམ་པར་བཤམ་སྟེ། དེ་ལ་སོ་སོའི་སྲེག་རྫས་ནི། ཧེ་རུ་ཀ་འདུས་པ་ལས། ཞོ་དང་འབྲས་ཏིལ་ནས་དཀར་ཆན། མར་གསར་འོ་མ་ཞི་ལ་སྦྱར། ཞེས་སོགས་གསུངས་པ་ལྟར། ཞི་བ་ལ་ཏིལ་དཀར་ནག་དང་། དཀར་གསུམ། ནས་དཀར་དང་འབྲས་དཀར་གྱི་ཆན་སོགས་ཁ་ཟས་དཀར་པོ་དང་། ཙནྡན་དཀར་པོ་སོགས་དྲི་དཀར་པོའི་རིགས་དང་། ཙམ་པ་ཀ་སོགས་མེ་ཏོག་དཀར་པོའི་རིགས་རྣམས་བཤམ། རྒྱས་པ་ལ་མངར་གསུམ་དང་། ཞོ་དང་། མར་རྙིང་། གྲོ་ཆན། ཐུད་སོགས་ཁ་ཟས་དང་། རྒུན་འབྲུམ་སྟར་ཁ་སོགས་འབྲས་བུའི་རིགས་དང་། འབྲས་སོགས་འབྲུ་སྣ་ཚོགས། དྲི་སེར་པོ་དང་། དུརྦ་སོགས་རང་བཞིན་གྱིས་སེར་བའམ་བཅོམ་པས་སེར་པོར་བྱས་པ་བཀོད། དབང་ལ་ཨུཏྤལ་དམར་པོ་སོགས་མེ་ཏོག་དང་། ཙནྡ་དམར་པོ་སོགས་དྲི་བཟང་ཞིང་དམར་བའི་རིགས་དང་། སྐྱུར་བའི་ཤིང་དང་འབྲུ་འབྲས་ཀྱི་རིགས། སྦྲང་རྩི། ཤངས་རྩེ་སྐེ་ཚེ་ཚ་བའི་མར་སོགས་རང་བཞིན་ནམ་རྒྱ་སྐེག་གིས་ཁ་དོག་དམར་པོར་སྒྱུར་ལ་བཀོད། དྲག་པོ་ལ་དུག་དང་ཚིལ་ཆེན་དང་། སྐེ་ཚེའི་མིར་དང་། སྲན་ཆན་དང་། ཤ་ཁྲག་སྣ་ཚོགས་དང་། ནིམ་པ་དང་ལན་ཚྭ་སོགས་རྩུབ་པའི་རིགས་རྣམས་རང་བཞིན་ནམ་བཅོས་པས་ནག་པོར་བྱས་ལ་བཤམ་མོ། །རང་གི་གཡོན་ཕྱོགས་སུ་མཆོད་སྟེགས་པདྨ་འདབ་བརྒྱད་ཀྱི་ལྟེ་་བར་ལས་གཏོར་འགོད་དེ། ཞི་བ་ལ་དངུལ་ཕྱེ་དང་འབྲས་ཕྱེ་མེ་ཏོག་དཀར་པོ་རྣམས་འོ་མ་དང་སྦྱར་བའི་གཏོར་མ་དཀར་ཟླུམ། རྒྱས་པ་ལ་གསེར་ཕྱེ་དང་མེ་ཏོག་སེར་པོ་གྲོ་དང་རྒུན་འབྲུའི་ཕྱེ་རྡོང་རོས་དང་བཅས་པ་ཞོ་དང་སྦྱར་བའི་གཏོར་མ་གྲུ་བཞི་སེར་པོ། དབང་ལ་ཟངས་ཕྱེ་བུ་རམ་པད་རག་རྣམས་འབྲས་དམར་དང་རམ་བུའི་ཕྱེ་དང་སྦྱར་བའི་གཏོར་མ་ཟླ་གམ་དམར་པོ། དྲག་པོ་ལ་ལྕགས་ཕྱེ་དུག་རྡོའི་ཕྱེ་མ་རྣམས་མིའམ་ཁྱིའི་འོ་མ་དང་ར་ཁྲག་འབྲུ་ནག་གི་ཆན་དང་སྦྱར་བའི་གཏོར་མ་གྲུ་གསུམ་ནག་པོ། བཞི་ཀ་ལ་མཐེའ་ཀྱུས་གཅེར་བའོ། །མདུན་གྱི་འདབ་མར་རྡོར་དྲིལ། དེའི་གཡས་གཡོན་གྱི་འདབ་མར་སྨན་རཀ །འདབ་མ་ལྷག་མ་ལྔ་ལ་ལས་མཐུན་གྱི་རྒྱུ་དང་ཁ་དོག་བསྒྱུར་བའི་ཞབས་བསིལ་དང་བཞི་བསྣོལ་རྣམས་གཡས་བསྐོར་དུ་བཤམ། རང་གི་མདུན་དུ་ལས་བཞིའི་བྲུབ་ཁུང་ཐབ་ཁུང་དང་དབྱིབས་མདོག་འདྲ་བའི་ནང་དུ། བསྒྲུབ་བྱའི་ཡུལ་གང་ཡིན་གྱི་མིའི་ཟག་རྫས་སམ་རྐང་རྗེས་དང་། མི་མ་ཡིན་གྱི་གནས་རྟེན་གྱི་ས་ལ་རྒྱུ་བྱས་པའི་ལིདྒ་ཕོ་མོ་གང་ཡིན་གྱི་མཚན་མ་ཅན་བཟོས་པའི་དཔྲལ་བར་རུས། སྙིང་གར་སྲོག་མིང་ཡིག་དང་བཅས་པ། ལྟེ་བར་བླ་རྟགས། འདོམས་སུ་ལས་བཞི་གང་ཡིན་གྱི་སྤུ་གྲི་ནི་ཆེ་གེ་ཤཱ ནྟིཾ་ཀུ་རུ་སྭཱ་ཧཱ། པུཥྛིཾ་ཀུ་རུ་ༀ་ཝཱ་ཤཾ་ཀུ་རུ་ཧོཿ མཱ་ར་ཡ་ཕཊ་ཅེས་པ་རྣམས་གྲོ་ཤོག་ལ་བྲིས་ཏེ་གནས་སོ་སོར་སླན་པ་རྣམས་བཅུག །ཧེ་རུ་ཀ་འདུས་པ་ལས། དངུལ་དང་གསེར་དང་ཟངས་མ་དང་། །ལྕགས་ཀྱི་ཕུར་བུ་བསྔགས་པ་ཡིན། །ཞེས་སམ་ལས་ཀྱི་ཁ་དོག་དང་རྗེས་སུ་མཐུན་པའི་ཤིང་ལའང་རུང་སྟེ། ཞི་བ་ལ་ཕུར་བུ་དབལ་ཟླུམ་པོ་ཅན་དྲུག །རྒྱས་པར་གྲུ་བཞི་པ་བཞི། དབང་ལ་ཟླ་གམ་ལྔ། དྲག་པོ་ལ་གྲུ་གསུམ་པ་གསུམ་སྟེ། ཐམས་ཅད་ཀྱི་མགོ་བོ་རྒྱ་མདུད་ཅན་རྣམས་རང་རང་གི་བྲུབ་ཁུང་གི་ཁ་ཁྱེར་ལ་བཀོད་ཅིང་། སྒྲོལ་གྲི་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཚང་ཞིང་འདུ་བྱའོ། ༈ །གཉིས་པ་དངོས་གཞི་ཆོ་གའི་ལས་རིམ་སོ་སོར་བཤད་པ་ལ། སྒྲུབ་མཆོད་དང་འབྲེལ་ན་བདག་བསྐྱེད་ལོགས་སུ་མི་དགོས་ནའང་། སྦྱིན་སྲེག་རྐྱང་ཆོག་གི་ཚེ་ཞི་ཁྲོ་ལུས་དཀྱིལ་ལ་བཀོད་པའི་ཆོ་ག་ཞི་ཐུང་ཁྲོ་ཐུང་གང་རིགས་སམ། ཡང་ན་ཞི་རྒྱས་ལ་ཞི་བ་དང་། དབང་དྲག་ལ་ཁྲོ་བོར་བརྟེན་པ་ཤིས་ལ། གང་ལྟར་ཡང་ཛཔ྄་ཀྱི་ཚེ་ལས་དང་མཐུན་པའི་འོད་ཟེར་སྤྲོ་བསྡུས་ལས་དེ་དང་དེས་རང་གཞན་གྱི་དོན་བྱས་པར་བསམ་པ་ནི་ཁྱད་པར་རོ། །དེ་ཡང་རྟེན་དང་བརྟེན་པ་ལུས་དཀྱིལ་གྱི་ལྷ་རྣམས་བསྡུས་ཏེ་རང་ཉིད་གཞི་ལུས་ཀྱི་རྣམ་པར་གནས་པས་སྦྱིན་སྲེག་ལ་འཇུག་པའམ། ཡང་ན་སྔོན་འགྲོ་ཞི་ཐུང་ལྟར་ལས། དངོས་གཞིའི་ཚེ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཉིད་རང་རང་གི་བསྐྱེད་སྔགས་ཀྱིས་སད་པ་ལས། ཞི་བ་ལ་རྣམ་སྣང་། རྒྱས་པ་ལ་རིན་འབྱུང་། དབང་ལ་པདྨ་ཧེ་རུ་ཀ །དྲག་པོ་ལ་བཛྲ་ཧེ་རུ་ཀ་རྣམས་ཡུམ་བཅས་ཏེ། ཕྱག་རྒྱ་གཅིག་པའི་ལྷ་བསྒོམས་ལ། རང་རིགས་བདག་པོར་བྱས་པས་དབང་བསྐུར། གནས་གསུམ་བརླབ། དབབ། དྲངས། བསྟིམ། བརྟན། མཆོད་ཅིང་བསྟོད་ནས། ལས་མཐུན་གྱི་འོད་ཟེར་སྤྲོ་བསྡུས་རང་སྔགས་ཀྱི་བཟླས་པ་བྱས་རྗེས་སྦྱིན་སྲེག་ལ་འཇུག་པ་ཡིན་ནོ། །དེ་ལྟར་ངེས་པར་བྱས་ནས་ཆོ་གའི་ལས་རིམ་ལ་བཞི་སྟེ། ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོའོ།། །།

༈ དང་པོ་ཞི་བའི་སྦྱིན་སྲེག་ནི། ཆས་གོས་དཀར་པོ་གྱོན་ནས་རྡོ་རྗེ་སྐྱིལ་ཀྲུང་གིས་ཞི་ཞིང་དང་བའི་སེམས་དང་ལྡན་པས་ཤིས་པའི་ཕྱོགས་སུ་ཁ་བལྟས་ཏེ། བདག་བསྐྱེད་བཟླས་པའི་བར་བྱས་ལ། ལས་བུམ་གྱི་ཆུའམ་བདུད་རྩི་གཏོར་བས་ལས་གཏོར་དང་སྲེག་རྫས་རྣམས་བསང་སྦྱངས། །སྟོང་པའི་ངང་ལས་མ་ཨ་ཞེས་བརྗོད་པས་ཉི་ཟླ་གའུའི་སྣོད་དུ་རང་གི་ཐུགས་ཀ་ནས་ཨ་དཀར་པོ་སྤྲོས་པ་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་བྱུང་བའི་ལས་གཏོར་རིན་པོ་ཆེའི་མཆོད་སྡོང་འོད་ཟེར་དཀར་པོ་འཕྲོ་བ་དང་། བསྲེག་རྫས་རྣམས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་རོ་བརྒྱ་ལྡན་པ་ནམ་མཁའ་རབ་འབྱམས་གང་བས་ཞི་བའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་བྱིན་གྱིས་བརླབ། དེ་ནས་ཚོགས་མཆོད་ཀྱི་མཆོད་བཤགས་ཡན་ཆད་སོང་བ་དང་། ཐ་མ་སྟོབ་པ་ནི་བྲུབ་ཁུང་གི་ཉ་བོ་མདུན་དུ་བཀོད་ལ། ཨ་རཾ་ༀ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ། ཧཱུཾ་ཧ་ཧེ་ཕཊ་བྷྱོ་རཾ། ཕྱི་སྣོད་ཞི་བའི་དཀྱིལ་འཁོར་ཆུ་ཤེས་གྱི་རང་བཞིན་ཅན་དཀར་ཟླུམ་ཡངས་པ་འོད་ཟེར་འཕྲོ་བའི་དབུས་སུ་ནང་བཅུད་བུདྡྷ་རིགས་ཀྱིས་གཙོ་བྱས་པའི་ཁྲག་འཐུང་འབར་བའི་དཀྱིལ་འཁོར་སྤྲུལ་པའི་འོད་ཟེར་དཀར་པོ་འཕྲོ་བའི་སྐུར་བཞེངས་པར་བསམ་ལ། བདེན་སྟོབས་བརྗོད་དེ། བསྒྲུབ་བྱ་ཆེ་གེ་མོ་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །བཛྲ་ཨངྐུ་ཤ་ཛཿཛཿཧཱུཾ་བཾ་ཧོཿ ཞེས་བཀུག་ཅིང་བསྟིམ་ལ། ཡ། གཏི་མུག་རྡོ་རྗེ་འཁོར་བཅས་ཀྱིས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །ཡུད་ཙམ་གྱིས་ནི་ཞི་མཛད་ནས། །ཞི་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་བསྐུལ་བས་ལྷ་ཚོགས་རྣམས་ཞི་བའི་ལས་མཛད་པ་ལ་དགྱེས་པར་གྱུར། དེ་ནས་ལས་གཏོར་ནས་ལག་གཉིས་ཀྱི་མཐེབ་མཛུབ་ཀྱིས་གཏོར་ཀྱུ་བླངས་ལ་གཡས་གཡོན་དུ་བསྐོར་ཞིང་། ༀ། དངུལ་དང་འབྲས་ཆན་དཀར་པོ་རྣམས། །འོ་མས་སྦྱར་བའི་གཏོར་མ་ནི། །གང་ལ་དམིགས་ཏེ་བསྐོར་བྱས་པས། །གདུག་པའི་ཚོགས་རྣམས་ཞི་བར་འགྱུར། །མ་ཧཱ་བ་ལིཾ་ཏ་སརྦ་དུ ཥྚན་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ལིངྒིའི་སྟེང་དུ་བྲབ། དེ་ནས་ཞི་བའི་ཕུར་བུ་དྲུག་པོ་ཐལ་མོའི་བར་དུ་བཟུང་ལ། བུདྡྷ་ཀཱི་ལི་ཀཱི་ལ་ཡ་ཕཊ་ཛཿཞེས་པས་རང་གི་ཐུགས་ཀ་ནས་བུདྡྷ་ཀཱི་ལ་ཡ་སྤྲོས། ཕུར་བུ་ལ་ཐིམ་པས་སྲས་མཆོག་བུདྡྷ་ཀཱི་ལ་ཡར་གྱུར་པ་ལ། ཨཱ་དཪྴ་ཐོག་མར་བྱས་པས་དབང་བསྐུར། བྱིན་གྱིས་བརླབས་ནས། ༀ། ཕུར་བུ་ཁ་དོག་དཀར་པོ་ཡི། །མགོ་བོ་རྒྱ་མདུད་རྩེ་ཟླུམ་པོར། །ལྷ་རྣམས་བཀོད་དེ་གདབ་པར་བྱ། །འདིས་ནི་ཐམས་ཅད་ཞི་བར་འགྱུར། །ༀ་བུདྡྷ་ཀཱི་ལ་ཡ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་དང་། གྷཱ་ཏཱའི་སྔགས་ཀྱིས་ཡན་ལག་ལྔ་དང་སྙིང་ལ་གདབ། བདག་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་དཀར་པོ་འཕྲོས། དམིགས་བྱ་ལ་ཕོག་པས་དུག་ལྔ་ཡེ་ཤེས་ལྔར་སྦྱངས། དྭངས་མ་བདེ་ཆེན་བྱང་ཆུབ་སེམས་ཀྱི་ངོ་བོར་སྤར། ཚེ་རྟེན་འོད་ཟེར་གྱི་རྣམ་པར་འདུས་པ་བདག་གི་རྡོ་རྗེའི་ཚེ་སྲོག་དང་དབྱེར་མེད་དུ་གྱུར་པར་མོས་ལ་སྙིང་གའི་ཕུར་བུ་གདོན། བཛྲ་ཏཱིཀྵྞཱ་མུཾ་ཞེས་གྲི་འཇམ་དཔལ་གྱི་ངོ་བོར་གྱུར་པ་ཐོགས་ཏེ། སརྦ་དུཥྚཱན་སརྦ་པཱ་པཾ་ཤཱནྟིང་ཀུ་རུ་སྭཱ་ཧཱ། ཞེས་བསྒྲུབ་བྱ་ཕོ་ཡིན་ན་རྐང་པ་གཡས་པའི་མཐེ་བོང་དང་མོ་ཡིན་ན་གཡོན་པའི་མཐེ་ཆུང་ནས་གཏུབ་ཅིང བསྒྲལ་ལ། ལིང་རོ་ཆ་གསུམ་དུ་བགོས་ཏེ། གཅིག་མཆོད་གཏོར་ལ་བྲན་ཅིང་བདུད་རྩི་གཏོར་ལ། མ་ཧཱ་བ་ལིངྟ་པྲ་ཏཱི་ཙྪ་ཁཱ་ཧི། ཞེས་སྟོབ་པ་བྱ། ཚོ་གཅིག་སྲེག་རྫས་རྣམས་ལ་བསྲེ། ཚོ་གཅིག་བྲོ་གདན་གྱི་ཕྱིར་བྲུབ་ཁུང་ཉིད་དུ་བཞག་གོ། །དེ་ནས་སྦྱིན་སྲེག་དངོས་ནི། རང་ཉིད་སྔར་བདག་བསྐྱེད་གང་ཡིན་དེར་ང་རྒྱལ་འཕོས་ལ། ཐོག་མར་འཇིག་རྟེན་པའི་མེ་ལྷ་མཆོད་པ་ནི། ཐབ་ལས་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ཞེས་བརྗོད་པས་མདུན་དུ་ཞི་བའི་ཐབ་ཁུང་དཀར་ཞིང་ཟླུམ་པ་ཁ་ཁྱེར་བང་རིམ་གསུམ་དང་ལྡན་པ་འོད་ཟེར་དཀར་པོ་འཕྲོ་བར་གྱུར། རང་གི་ཐུགས་ཀ་ནས་རཾ་ཡིག་ཐབ་ནང་དུ་སྤྲོས་པ་ལས་ཡེ་ཤེས་ཀྱི་མེ་འོད་དཀར་པོར་འབར་བར་བསམ་ལ། ༀ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ། ཅེས་པས་རྒྱལ་རིགས་སམ་དགེ་བདུན་གྱི་རྒྱུན་བཞག་གི་མེའམ་རྩུབ་ཤིང་ལས་བྱུང་བའི་མེ་དུ་བ་མེད་པར་སྤར་ལ། ཐབ་ཀྱི་མེའི་དབུས་སུ་ཉི་མ་དང་ར་སྐྱེས་ཀྱི་གདན་ལ་ཨགྣེ་དེ་ཝ་རྀ་ཥི་ཧཱུཾ་ཞེས་བརྗོད་པས་ཞི་བའི་མེ་ལྷ་དཀར་པོ་དྲང་སྲོང་གི་ཆས་ཅན་གུནྡྷེ་དང་བགྲང་ཕྲེང་འཛིན་པ་གསལ་བར་གྱུར། ཨ་དཪྴ་སོགས་ཀྱིས་བསྐུར་བརླབ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་བཅས་བཞེངས་པར་བསམ་ལ། ཨགྣ་ཡེ་དེ་ཝ་ས་མ་ཡ་ཧཱུཾ་ཛཿ ཞེས་སེ་གོལ་བསྣོལ་མར་གདབ། མདའ་དར་དམར་པོ་གཡབ་ཅིང་། ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོང་བྲམ་ཟེ་མཆོག །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ལྕགས་ཀྱུའི་རྒྱ་དང་བཅས། ཨགྣེ་དེ་ཝི་རྀ་ཥི་ཛཿཛཿས་སྤྱན་དྲངས་ལ། ཛཿཧཱུཾ་བཾ་ཧོཿ ས་བསྟིམ་པ་ལ། ཀུན་བཟང་ཞབས་བསིལ་བཞི་བསྣོལ་གྱིས་མཆོད། ཧཱུཾ། བདེ་གཤེགས་རིགས་ལས་གྲུབ་པ་ཡི། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །ཕྲིན་ལས་ཀུན་གྱི་དཔང་པོ་མཛད། །སྟངས་འཛིན་ལྷ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། མེ་ལྷ་ཞལ་ཅུང་ཟད་གདངས་པས་སྲེགས་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་མོས་ལ། ལག་པ་དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་སུ་བྱས་པས་གཟར་བུ་བཟུང་ལ། མར། ༀ་ཨགྣ་ཡེ་སྭཱ་ཧཱ། ཞེས་གཡས་ཀྱི་བླུགས་གཟར་བདུན་གྱིས་གཡོན་གྱི་དགང་གཟར་བཀང་རྗེས་གཟར་བུ་ཁ་སྦྱར་ཏེ་པུས་མོའི་ནང་ལས་མི་འདའ་བས་གཡས་སུ་བསྐོར་ཞིང་། ༀ་ཨགྣེ་དེ་ཝ་རྀ་ཥི་ཧ་བྱ་ཀ་བྱ་དི་བྱ་མ་ཧཱ་ན་ཡེ་དི་བྱ་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་དགང་བླུགས་ཕུལ། སྔགས་དེ་ཁོ་ནས་ཐོག་མར་ཡམ་ཤིང་དང་མར་ཁུ། དེ་ནས་སྲེག་རྫས་རྣམས་སོ་སོའམ་གཅིག་ཏུ་བསྲེས་ནས་ཕུལ་ཀྱང་རུང་སྟེ་གྲངས་ཇི་ལྟར་འོས་པ་ཕུལ་ལ། ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་སྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། དེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་གི་ཕྲིན་ལས་ཐམས་ཅད་མཛད་དུ་གསོལ། ཞེས་འདོད་དོན་གསོལ་ལོ། །དེ་ནས་འདས་པའི་མེ་ལྷ་མཆོད་པ་ནི། ༀ་བཛྲ་ཛྙཱ་ན་ཛྭ་ལ་རཾ་ཞེས་བརྗོད་པས་མེ་ལྷ་ཉིད་ཐུགས་རྗེ་ཡེ་ཤེས་མེ་འབར་བའི་རྣམ་པར་གྱུར་པའི་ཀློང་དུ་བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཞེས་པས་གཞལ་ཡས་ཁང་གདན་དང་བཅས་པ་བཀྲ་ལམ་གྱིས་གསལ་བར་གྱུར། ༀ་ཧཱུཾ་སྭཱ་ཨཱཾ་ཧཱ་ཧཱུཾ་ཧ་ཧེ་ཕཊ་བྷྱོ་རཾ་ཞེས་བརྗོད་པས་སྟེང་ཁང་དུ་རྣམ་སྣང་གིས་གཙོ་བྱས་པའི་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་བཞི་བཅུ་རྩ་གཉིས་དང་། འོག་ཁང་དུ་བུདྡྷ་ཧེ་རུ་ཀས་གཙོ་བྱས་པའི་ཁྲག་འཐུང་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་སྐུ་མདོག་དཀར་པོ་གཡས་འཁོར་ལོ་དང་། གཡོན་ཞི་བ་རྣམས་དྲིལ་བུ་དང་ཁྲོ་བོ་རྣམས་དུང་ཁྲག་བསྣམས་པ་སྐུ་ལས་འོད་ཟེར་དཀར་པོའི་ཕྲེང་བ་མཁའ་ཁྱབ་ཏུ་སྤྲོ་བའི་དཀྱིལ་འཁོར་གྱི་འཁོར་ལོར་བཀྲ་ལམ་གྱིས་གསལ་བར་གྱུར། རྣམ་སྣང་བདག་པོར་བྱས་པས་དབང་བསྐུར། བྱིན་གྱིས་བརླབ། དབབ། དྲངས། བསྟིམ་ཞིང་བརྟན་པར་བྱའོ། །དཀྱིལ་འཁོར་སྒྲུབ་མཆོད་དང་འབྲེལ་བའི་ཚེ་གཞལ་ཡས་ཁང་གདན་དང་བཅས་པ་སྔར་བཞིན་བསྐྱེད་རྗེས། ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས། །རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས། །འདིར་གཤེགས་བདག་ལ་དངོས་གྲུབ་སྩོལ། །ༀ་ཧཱུཾ་སྭཱ་ཨཱཾ་ཧཱ་ཧཱུཾ་ཧ་ཧེ་ཕཊ་བྷྱོ། ཛཿཧཱུཾ་བཾ་ཧོཿ ཨེ་ཧྱེ་ཧི་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཛཿཛཿ ཞེས་པས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མཎྜལ་མེ་ཏོག་གིས་མཚོན་པར་སྤྱན་དྲངས་ལ། དེ་ལས་མེ་ཏོག་ཐབ་ཏུ་དོར་བས། ལྷ་ཐམས་ཅད་གཞལ་ཡས་ཁང་གི་གནས་སོ་སོར་རང་རང་གི་གདན་ལ་བཞུགས་པར་བསམ་པ་ཙམ་ལས་བསྐུར་རློབ་སོགས་མི་དགོས་སོ། །སྒྲུབ་མཆོད་དང་འབྲེལ་མ་འབྲེལ་གང་ལྟར་ཡང་། དེ་ནས་ཀུན་བཟང་། ཞབས་བསིལ། བཞི་བསྣོལ་གྱིས་མཆོད། བརྗོད་མེད་ཤེས་རབ་ཀྱིས་བསྟོད། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ལྗགས་རྡོ་རྗེ་འོད་ཀྱི་སྦུ་གུ་ཅན་གྱིས་བསྲེགས་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་བསམ་ལ། ༀ་ཛི་ན་ཛིཀ྄་ཞེས་བདུན་གྱིས་བཀང་བའི་དགང་བླུགས་སྦྱར་བ་སྔར་བཞིན་དུ། ༀ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུཾ་ཧཱུཾ་གི་མཐར། བདག་ཅག་དཔོན་སློབ་སོགས་སྤེལ་ཚིག་སྔར་ལྟར་བཏགས་པས་ལན་གསུམ་ཕུལ། དེ་ནས་སྔགས་དེ་ཉིད་ཀྱིས་ཡམ་ཤིང་དང་མར་ཁུ་སྔོན་དུ་འགྲོ་བའི་སྲེག་རྫས་རྣམས་བརྒྱ་རྩ་སོགས་ཇི་ལྟར་རིགས་པ་ཕུལ་ནས། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧིས་བདུད་རྩི། ལས་གཏོར་ལས་གཏོར་ཀྱུ་བླངས་ཏེ། མ་ཧཱ་བ་ལིཾ་ཏ་པྲ་ཏཱི་ཙྪ་ཁཱ་ཧིས་གཏོར་མ། མ་ཧཱ་རཀྟ་པྲ་ཏཱི་ཙྪ་ཁཱ་ཧིས་རཀྟ་ཕུལ་ལ། ༀ། ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་འདི་ཕུལ་བས། །བདག་ཅག་འཁོར་དང་བཅས་རྣམས་ཀྱི། །ནད་གདོན་སྡིག་སྒྲིབ་ཀུན་ཞི་ནས། །མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་དཀར་པོ་བདུད་རྩིའི་རྒྱུན་ལྟ་བུ་འཕྲོས་པས་བསྒྲུབ་བྱའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་བསམ་མོ། །དེ་ནས་བཏང་རག་གི་མཆོད་བསྟོད་དང་བཟོད་གསོལ་བྱས་ལ། དཀྱིལ་འཁོར་དང་འབྲེལ་ཚེ་སྔར་ལྟར་མེ་ཏོག་གིས་སྤྱན་དྲངས་ཏེ་དཀྱིལ་འཁོར་དུ་སོ་སོའི་གནས་སུ་བཞུགས་པར་བསམ། མ་འབྲེལ་ན་ཛྙཱ་ན་མཎྜ་ལ་བཛྲ་མུཿ ཞེས་ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་རང་ལ་ཐིམ་པར་བསམ་མོ། །སླར་ཡང་། ༀ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ། ཅེས་བླུགས་གཟར་གྱི་མར་ཁུས་མེ་གསོས། འཇིག་རྟེན་པའི་མེ་ལྷ་སྔར་བཞིན་གསལ་བར་བསམ་ལ། སྲེག་རྫས་ལྷག་མ་རྣམས་ཕུལ། མཆོད་ཅིང་བསྟོད། ལས་གཏོར་ནས་གཏོར་ཀྱུ་བླངས་ཏེ། ༀ་ཨགྣེ་དེ་བ་རྀ་ཥི་མ་ཧཱ་བ་ལིཾ་ཏ་ཁཱ་ཧིས་གཏོར་མ་ཕུལ་ལ་འདོད་དོན་གསོལ། ཡིག་བརྒྱས་ནོངས་པ་བཤགས། བཛྲ་མུཿས་མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་འབར་བའི་རྣམ་པར་གྱུར་པར་བསམ་མོ། ༈ །གཉིས་པ་རྒྱས་པའི་སྦྱིན་སྲེག་ནི། རས་གོས་སེར་པོ་གྱོན་ནས་མཉམ་པའི་སྐྱིལ་ཀྲུང་གིས་དགའ་ཞིང་སྤྲོས་བའི་སེམས་དང་ལྡན་པས་ཤིས་པའི་ཕྱོགས་སུ་ཁ་བལྟས་ཏེ། བདག་བསྐྱེད་བཟླས་པའི་བར་བྱས་ལ། ལས་བུམ་གྱི་ཆུའམ་བདུད་རྩིས་ལས་གཏོར་དང་སྲེག་རྫས་རྣམས་བསང་སྦྱངས། སྟོང་པའི་ངང་ལས་མ་ཨ་ཞེས་བརྗོད་པས་ཉི་ཟླ་གའུའི་སྣོད་དུ་རང་གི་ཐུགས་ཀ་ནས་ཏྲཾ་སེར་པོ་སྤྲོས་པ་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་བྱུང་བའི་ལས་གཏོར་རིན་པོ་ཆེའི་མཆོད་སྡོང་འོད་ཟེར་སེར་པོ་འཕྲོ་བ་དང་། སྲེག་རྫས་རྣམས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་རོ་བརྒྱ་ལྡན་པ་ནམ་མཁའ་རབ་འབྱམས་གང་བས་རྒྱས་པའི་ལས་འགྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་བྱིན་གྱིས་བརླབ། དེ་ནས་ཚོགས་མཆོད་ཀྱི་མཆོད་བཤགས་ཡན་ཆད་སོང་བ་དང་། ཐ་མ་སྟོབས་པ་ནི་བྲུབ་ཁུང་གི་ཉ་བོ་མདུན་དུ་བཀོད་ལ། མ་རཾ། ༀ་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷེ་ཤྭ་རཱི་ཧཱུཾ། ཧཱུཾ་ཧ་ཧེ་ཕཊ་བྷྱོ་རཾ། ཕྱི་སྣོད་རྒྱས་པའི་དཀྱིལ་འཁོར་གསེར་བཙོ་མའི་རང་བཞིན་ཅན་སེར་པོ་གྲུ་བཞི་ཡངས་པ་འོད་ཟེར་འཕྲོ་བའི་དབུས་སུ་ནང་བཅུད་རཏྣ་རིགས་ཀྱིས་གཙོ་བྱས་པའི་ཁྲག་འཐུང་འབར་བའི་དཀྱིལ་འཁོར་སྤྲུལ་པའི་འོད་ཟེར་སེར་པོ་འཕྲོ་བའི་སྐུར་བཞེངས་པར་བསམ་ལ། བདེན་སྟོབས་བརྗོད་དེ། བསྒྲུབ་བྱ་ཆྒཻ་མོ་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །བཛྲ་ཨཾ་ཀུ་ཤ་ཛཿཛཿཧཱུཾ་བཾ་ཧོཿ ཞེས་བཀུག་ཅིང་བསྟིམ་ལ། མ། ང་རྒྱལ་རྡོ་རྗེ་འཁོར་བཅས་ཀྱིས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །ཡུད་ཙམ་གྱིས་ནི་རྒྱས་མཛད་ནས། །རྒྱས་པའི་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་བསྐུལ་བའི་ལྷ་ཚོགས་རྣམས་རྒྱས་པའི་ལས་མཛད་པ་ལ་དགྱེས་པར་གྱུར། དེ་ནས་ལས་གཏོར་ནས་ལག་གཉིས་ཀྱི་མཐེབ་མཛུབ་ཀྱིས་གཏོར་ཀྱུ་བླངས་པ་གཡས་གཡོན་དུ་བསྐོར་ཞིང་། ཏྲཾ། ལྡོང་རོས་གྲོ་ཆན་གསེར་ཕྱེ་རྣམས། །ཞོ་དང་སྦྱར་བའི་གཏོར་མ་ནི། །གང་ལ་དམིགས་ཏེ་བསྐོར་བྱས་པས། །ཚེ་དང་བསོད་ནམས་འཕེལ་བར་འགྱུར། །མ་ཧཱ་བ་ལིཾ་ཏ་ཨཱ་ཡུཿཔུཎྱ་བ་སུ་ཛྙཱ་ན་པུཥྚིཾ་ཀུ་རུ་ༀ། ཞེས་ལིདྒའི་སྟེང་དུ་བྲབ། དེ་ནས་རྒྱས་པའི་ཕུར་བུ་བཞི་པོ་ཐལ་མོའི་བར་དུ་བཟུང་ལ། རཏྣ་ཀཱི་ལི་ཀཱི་ལ་ཡ་ཕཊ་ཛཿ ཅེས་པས་རང་གི་ཐུགས་ཀ་ནས་རཏྣ་ཀཱི་ལ་ཡ་སྤྲོས། ཕུར་བུ་ལ་ཐིམ་པས་སྲས་མཆོག་རཏྣ་ཀཱི་ལ་ཡར་གྱུར་པ་ལ། ས་མ་ཏཱ་སོགས་ཀྱིས་དབང་བསྐུར། བྱིན་གྱིས་བརླབས་ནས། ཏྲཾ། ཕུར་བུ་ཁ་དོག་སེར་པོ་ཡི། །མགོ་བོ་རྒྱ་མདུད་རྩེ་གྲུ་བཞི། །ལྷ་རྣམས་བཀོད་དེ་གདབ་པར་བྱ། །འདིས་ནི་ཐམས་ཅད་རྒྱས་པར་འགྱུར། །ༀ་རཏྣ་ཀཱི་ལི་ཀཱི་ལ་ཡ་ཨཱཿཡུ་པུཎྱ་བ་སུ་ཛྙཱ་ན་པུཥྚིཾ་ཀུ་རུ་ༀ། ཞེས་དང་། གྷཱ་ཏའི་སྔགས་ཀྱིས་དཔྲལ་མགྲིན་སྙིང་ལྟེ་བཞིར་གདབ། བདག་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་སེར་པོ་འཕྲོས་དམིགས་བྱ་ལ་ཕོག་པས་དུག་ལྔ་ཡེ་ཤེས་ལྔར་སྦྱངས། དྭངས་མ་བདེ་ཆེན་བྱང་ཆུབ་སེམས་ཀྱི་ངོ་བོར་སྤར། ཚེ་རྟེན་འོད་ཟེར་གྱི་རྣམ་པར་འདུས་པ་བདག་གི་རྡོ་རྗེའི་ཚེ་སྲོག་དང་དབྱེར་མེད་དུ་གྱུར་པར་མོས་ལ་སྙིང་གའི་ཕུར་བུ་གདོན། བཛྲ་ཏཱིཀྵྞ་མུཾ། ཞེས་གྲི་འཇམ་དཔལ་གྱི་ངོ་བོར་གྱུར་པ་ཐོགས་ཏེ། ཨཱ་ཡུཿཔུཎྱ་བ་སུ་ཛྙཱ་ན་པུཥྚིཾ་ཀུ་རུ་ༀ། ཞེས་བསྒྲུབ་བྱ་ཕོའི་རྐང་གཡས་ཀྱི་མཐེ་བོང་དང་མོའི་གཡོན་པའི་མཐེའུ་ཆུང་ནས་གཏུབ་ལ། ལིང་རོ་ཆ་གསུམ་དུ་བྱས་ཏེ། སྔར་བཞིན་གཅིག །མ་ཧཱ་བ་ལིངྟ་པྲ་ཏཱི་ཙྪ་ཁཱ་ཧི་ཞེས་པས་སྟོབ་པ་དང། གཅིག་སྲེག་རྫས་ལ་བསྲེ། གཅིག་བྲོ་གདན་གྱི་ཕྱིར་བཞག་གོ །དེ་ནས་སྤྱིན་སྲེག་དངོས་ནི། རང་ཉིད་སྔར་བདག་བསྐྱེད་གང་ཡིན་དེར་ང་རྒྱལ་འཕོས་ལ། ཐབ་བསང་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ཞེས་བརྗོད་པས་མདུན་དུ་རྒྱས་པའི་ཐབ་ཁུང་སེར་པོར་འབར་བར་བསམ་ལ། ༀ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ། ཅེས་པས་རྗེ་རིགས་ཀྱི་མེའམ་ནོར་བུ་ལས་བྱུང་བའི་མེ་དུ་བ་མེད་པ་སྤར་ལ། ཐབ་ཀྱི་མེའི་དབུས་སུ་ཉི་མ་དང་ར་སྐྱེས་ཀྱི་གདན་ལ་ཨགྣེ་དེ་ཝ་རྀ་ཥི་ཧཱུཾ་ཞེས་བརྗོད་པས་རྒྱས་པའི་མེ་ལྷ་སེར་པོ་དྲང་སྲོག་གི་ཆས་ཅན་རིན་པོ་ཆེའི་སྒྲོམ་བུ་དང་བགྲང་ཕྲེང་འཛིན་པ་གསལ་བར་གྱུར། ས་མ་ཏཱ་སོགས་ཀྱིས་དབང་བསྐུར། བརླབ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་བཅས་བཞེངས་པར་བསམ་ལ། ཨགྣ་ཡེ་དེ་ཝ་ས་མ་ཡ་ཧཱུཾ་ཛཿ ཞེས་སོ་གོལ་བསྣོལ་མར་བདབ། མདའ་དར་དམར་པོ་གཡབ་ཅིང་། ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོང་བྲམ་ཟེ་མཆོག །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ལྕགས་ཀྱུའི་རྒྱ་དང་བཅས། ཨགྣེ་དེ་ཝ་རྀ་ཥི་ཛཿཛཿས་དྲངས། ཛཿཧཱུཾ་བཾ་ཧོཿས་བསྟིམ། ཀུན་བཟང་ཞབས་བསིལ་བཞི་བསྣོལ་གྱིས་མཆོད། ཧཱུཾ། རིན་ཆེན་རིགས་ལས་གྲུབ་པ་ཡིས། །མེ་ལྷའི་རྒྱལ་པོ་དྲང་སྲོག་མཆོག །ཕྲིན་ལས་ཀུན་གྱི་དབང་པོ་མཛད། །སྟངས་འཛིན་ལྷ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། མེ་ལྷ་ཞལ་ཅུང་ཟང་གདངས་པས་སྲེགས་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་མོས་ལ། རིན་པོ་ཆེའི་ཁུ་ཚུར་གྱིས་དགང་བླུགས་བཟུང་ནས་མར། ༀ་ཨགྣ་ཡེ་སྭཱ་ཧཱ། ཞེས་གཡས་པའི་བླུགས་གཟར་བདུན་གྱིས་གཡོན་པའི་དགང་གཟར་བཀང་རྗེས་གཟར་བུ་ཁ་སྦྱར་ཏེ་པུས་མོའི་ནང་ལས་མི་འདའ་བས་གཡས་སུ་བསྐོར་ཞིང་། ༀ་ཨགྣེ་དེ་ཝ་རྀ་ཥི་ཧ་བྱ་ཀ་བྱ་དི་བྱ་མ་ཧཱ་ན་ཡེ་དི་བྱ་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་པུཥྚིཾ་ཀུ་རུ་ༀ། ཞེས་ལན་གསུམ་གྱིས་དགང་བླུགས་ཕུལ། སྔགས་དེས་ཡམ་ཤིང་དང་མར་ཁུ་སྔོན་འགྲོས་སྲེག་རྫས་གཞན་རྣམས་སོ་སོའམ་གཅིག་ཏུ་བསྲེས་ནས་གྲངས་ཇི་ལྟར་འོས་པ་ཕུལ་ལ། ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་སྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། དེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་གི་ཕྲིན་ལས་ཐམས་ཅད་མཛད་དུ་གསོལ། ཞེས་འདོད་དོན་གསོལ། དེ་ནས། ༀ་བཛྲ་ཛྙཱ་ན་ཛྭ་ལ་རཾ་ཞེས་བརྗོད་པས་མེ་ལྷ་ཉིད་ཐུགས་རྗེ་ཡེ་ཤེས་མེ་འབར་བའི་རྣམ་པར་གྱུར་པའི་ཀློང་དུ་བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཞེས་པས་གཞལ་ཡས་ཁང་གདན་དང་བཅས་པ་བཀྲ་ལམ་གྱིས་གསལ་བར་གྱུར། སྭཱ་ༀ་ཧཱུཾ་ཨཱཾ་ཧཱ་ཧཱུཾ་ཧ་ཧེ་ཕཊ་བྷྱོ་རཾ་ཞེས་བརྗོད་པས་སྟེང་ཁང་དུ་རིན་འབྱུང་གིས་གཙོ་བྱས་པའི་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་བཞི་བཅུ་རྩ་གཉིས་དང་འོག་ཁང་དུ་རཎྟ་ཧེ་རུ་ཀས་གཙོ་བྱས་པའི་ཁྲག་འཐུང་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་སྐུ་མདོག་སེར་པོ་གཡས་རིན་པོ་ཆེ་དང་གཡོན་ཞི་བ་རྣམས་དྲིལ་བུ་དང་ཁྲོ་བོ་རྣམས་དུང་ཁྲག་བསྣམས་པ་སྐུ་ལས་འོད་ཟེར་སེར་པོའི་ཕྲེང་བ་མཁའ་ཁྱབ་ཏུ་སྤྲོ་བའི་དཀྱིལ་འཁོར་གྱི་འཁོར་ལོ་བཀྲ་ལམ་གྱིས་གསལ་བར་གྱུར། ས་མ་ཏཱ་སོགས་ཀྱིས་བསྐུར་རློབ། དབབ། དྲངས། བསྟིམ་ཞིང་བརྟན་པར་བྱའོ། །དཀྱིལ་འཁོར་སྒྲུབ་མཆོད་དང་འབྲེལ་ཚེ། གཞལ་ཡས་ཁང་གདན་བཅས་སྔར་བཞིན་བསྐྱེད་རྗེས། ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས། །རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས། །འདིར་གཤེགས་བདག་ལ་དངོས་གྲུབ་སྩོལ། །སྭཱ་ༀ་ཧཱུཾ་ཨཱཾ་ཧཱ་ཧཱུཾ་ཧ་ཧེ་ཕཊ་བྷྱོ་ཛཿཧཱུཾ་བཾ་ཧོཿཨེ་ཧྱེ་ཧི་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཛཿ ཛཿ ཞེས་པས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མཎྜལ་མེ་ཏོག་གིས་མཚོན་པར་སྤྱན་དྲངས་ལ། དེ་ལས་མེ་ཏོག་ཐབ་ཏུ་དོར་བས། ལྷ་ཐམས་ཅད་གཞལ་ཡས་ཁང་གི་གནས་སོ་སོར་རང་རང་གི་གདན་ལ་བཞུགས་པར་བསམ་པ་ཙམ་ལས་བསྐུར་རློབ་སོགས་མི་དགོས་སོ། །གང་ལྟར་ཡང་དེ་ནས་ཀུན་བཟང་ཞབས་བསིལ་བཞི་བསྣོལ་གྱིས་མཆོད། བརྗོད་མེད་ཤེས་རབ་ཀྱིས་བསྟོད། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ལྗགས་རྡོ་རྗེ་འོད་ཀྱི་སྦུ་གུ་ཅན་གྱིས་བསྲེགས་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་བསམ་ལ། སྭཱ་རཏྣ་དྷྲིཀ྄་ཞེས་བདུན་གྱིས་བཀང་བའི་དགང་བླུགས་སྦྱང་བ་སྔར་ལྟར། ༀ་གུ་ཧྱ་ཛྙཱ་ན་སོགས་ཀྱི་མཐར། བདག་ཅག་དཔོན་སློབ་སོགས་བཏགས་པས་ལན་གསུམ་ཕུལ་ནས། སྔགས་དེས་ཡམ་ཤིང་མར་ཁུ་སྲེག་རྫས་རྣམས་བརྒྱ་རྩ་སོགས་ཇི་ལྟར་རིགས་བ་ཕུལ་ལ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧིས་བདུད་རྩི། ལས་གཏོར་ལས་གཏོར་ཀྱུ་བླངས་ནས། མ་ཧཱ་བ་ལིཾ་ཏ་པྲ་ཏཱི་ཙྪ་ཁ་ཧིས་གཏོར་མ། མ་ཧཱ་རཀྟ་པྲ་ཏཱི་ཙྪ་ཁཱ་ཧིས་རཀྟ་ཕུལ་ལ། ༀ། ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་འདི་ཕུལ་བས། །བདག་ཅག་འཁོར་དང་བཅས་རྣམས་ཀྱི། །ཚེ་དང་བསོད་ནམས་རྒྱས་གྱུར་ནས། མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་གསེར་མདོག་ཉི་འོད་ལྟ་བུ་འཕྲོས་པས་བསྒྲུབ་བྱའི་ཚེ་དང་བསོད་ནམས་རྒྱས་པར་བསམ་མོ། །དེ་ནས་གཏང་རག་གི་མཆོད་བསྟོད་དང་བཟོད་གསོལ་བྱས་ནས། དཀྱིལ་འཁོར་དང་འབྲེལ་ཚེ་མེ་ཏོག་གིས་སྤྱན་དྲངས་ཏེ་སོ་སོའི་གནས་སུ་བཞུགས་སུ་གསོལ། །མ་འབྲེལ་ན་ཛྙཱ་ན་མཎྜ་ལ་བཛྲ་མུཿས་ཡེ་ཤེས་པ་གཤེགས་དམ་ཚིག་པ་རང་ལ་ཐིམ་པར་བསམ་མོ། །སླར་ཡང་། ༀ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ། ཅེས་བླུགས་གཟར་གྱི་མར་ཁུས་མེ་གསོས་པས། འཇིག་རྟེན་པའི་མེ་ལྷ་སྔར་བཞིན་གསལ་བར་བསམ་ལ། སྲེག་རྫས་ལྷག་མ་རྣམས་ཕུལ། མཆོད་ཅིང་བསྟོད། ལས་གཏོར་ནས་གཏོར་ཀྱུ་བླངས་ཏེ། ༀ་ཨགྣེ་དེ་ཝ་རྀ་ཥི་མ་ཧཱ་བ་ལིཾ་ཏ་ཁཱ་ཧིས་གཏོར་མ་ཕུལ་ལ་འདོད་དོན་གསོལ། ཡིག་བརྒྱས་ནོངས་པ་བཤགས། བཛྲ་མུཿས་མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་འབར་བའི་རྣམ་པར་གྱུར་པར་བསམ་མོ། ༈ །གསུམ་པ་དབང་གི་སྦྱིན་སྲེག་ནི། ཆས་གོས་དམར་པོ་གྱོན་ནས་པདྨའི་འདུག་སྟངས་ཀྱིས་ཆགས་ཤིང་ཞེན་པའི་ཤེས་དང་ལྡན་པས་ཤིས་པའི་ཕྱོགས་སུ་ཁ་བལྟས་ཏེ། བདག་བསྐྱེད་བཟླས་པའི་བར་བྱས་ལ། ལས་བུམ་གྱི་ཆུའམ་བདུད་རྩིས་ལས་གཏོར་དང་སྲེག་རྫས་བསང་སྦྱངས། སྟོང་པའི་ངང་ལས་མ་ཨ་ཞེས་པས་ཉི་ཟླ་གའུའི་སྣོད་དུ་རང་གི་ཐུགས་ཀ་ནས་ཧྲཱིཿདམར་པོ་སྤྲོས་པ་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་བྱུང་བའི་ལས་གཏོར་རིན་པོ་ཆེའི་མཆོད་སྡོང་འོད་ཟེར་དམར་པོ་འཕྲོ་བ་དང་། སྲེག་རྫས་རྣམས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་རོ་བརྒྱ་ལྡན་པ་ནམ་མཁའ་རབ་འབྱམས་གང་བས་དབང་གི་ལས་འགྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་བརླབ། དེ་ནས་ཚོགས་མཆོད་ཀྱི་མཆོད་བཤགས་ཡན་ཆད་སོང་བ་དང་། ཐ་མ་སྟོབ་པ་ནི། གྲུབ་ཁུང་གི་ཉ་བོ་མདུན་དུ་བཀོད་ལ། ཝཾ་རཾ་ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷེ་ཤྭ་རཱི་ཧཱུཾ། ཧཱུཾ་ཧ་ཧེ་ཕཊ་བྷྱོ་རཾ། ཕྱི་སྣོད་དབང་གི་དཀྱིལ་འཁོར་པདྨ་རཱ་གའི་རང་བཞིན་དམར་པོ་ཟླ་གམ་ཡངས་པ་འོད་ཟེར་འཕྲོ་བའི་དབུས་སུ་ནང་བཅུད་པདྨ་རིགས་ཀྱིས་གཙོ་བྱས་པའི་ཁྲག་འཐུང་འབར་བའི་དཀྱིལ་འཁོར་སྤྲུལ་བའི་འོད་ཟེར་དམར་པོ་འཕྲོ་བའི་སྐུར་བཞེངས་པར་བསམ་ལ། བདེན་སྟོབས་བརྗོད་དེ། བསྒྲུབ་བྱ་ཆེ་གེ་མོ་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུཾ་བཾ་ཧོཿ ཞེས་བཀུག་ཅིང་བསྟིམ་ལ། ཝཾ། འདོད་ཆགས་རྡོ་རྗེ་འཁོར་བཅས་ཀྱིས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །ཡུད་ཙམ་གྱིས་ནི་དབང་མཛད་ནས། །དབང་གི་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་བསྐུལ་བས་ལྷ་ཚོགས་རྣམས་དབང་གི་ལས་མཛད་པ་ལ་དགྱེས་པར་གྱུར། དེ་ནས་ལས་གཏོང་ནས་ལག་གཉིས་ཀྱི་མཐེབ་མཛུབ་ཀྱིས་གཏོར་ཀྱུ་བླངས་པ་གཡས་གཡོན་དུ་བསྐོར་ཞིང་། ཧྲཱིཿ ཟངས་ཕྱེ་བུ་རམ་འབྲས་གསར་ཆན། །པད་རཀ་སྦྱར་བའི་གཏོར་མ་ནི། །གང་ལ་དམིགས་ཏེ་བསྐོར་བྱས་པས། །དྲེགས་པའི་ཚོགས་རྣམས་དབང་དུ་འགྱུར། །མ་ཧཱ་བ་ལིཾ་ཏ་སརྦ་ལོ་ཀ་པཱ་ཤཾ་ཀུ་རུ་ཧོཿ ཞེས་ལིངྒའི་སྟེང་དུ་བྲབ། དེ་ནས་དབང་གི་ཕུར་བུ་ལྔ་པོ་ཐལ་མོའི་བར་དུ་བཟུང་ལ། པདྨ་ཀཱི་ལི་ཀཱི་ལ་ཡ་ཕཊ་ཛཿཅེས་པས་རང་གི་ཐུགས་ཀ་ནས་པདྨ་ཀཱི་ལ་ཡ་སྤྲོ། ཕུར་བུ་ལ་ཐིམ་པས་སྲས་མཆོག་པདྨ་ཀཱི་ལ་ཡར་གྱུར་པ་ལ། པྲ་ཏྱ་སོགས་ཀྱིས་དབང་བསྐུར། བྱིན་གྱིས་བརླབས་ནས། ཧྲཱིཿ ཕུར་བུ་ཁ་དོག་དམར་པོ་ཡི། །མགོ་བོ་རྒྱ་མདུད་རྩེ་ཟླ་གམ། །ལྷ་རྣམས་བཀོད་དེ་གདབ་པར་བྱ། །འདིས་ནི་ཐམས་ཅད་དབང་དུ་འགྱུར། །ༀ་པདྨ་ཀཱི་ལི་ཀཱི་ལ་ཡ་སརྦ་ལོ་ཀ་པཱ་ཤཾ་ཀུ་རུ་ཧོཿ ཞེས་དང་། གྷཱ་ཏའི་སྔགས་ཀྱིས་མིག་རྣ་བ་སྣ་ལྕེ་སྙིང་རྣམས་ལ་གདབ། བདག་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་དམར་པོ་འཕྲོས་དམིགས་བྱ་ལ་ཕོག་པས་དུག་ལྔ་ཡེ་ཤེས་ལྔར་སྦྱངས། དྭངས་མ་བདེ་ཆེན་བྱང་ཆུབ་སེམས་ཀྱི་ངོ་བོར་སྤར། ཚེ་རྟེན་འོད་ཟེར་གྱི་རྣམ་པར་འདུས་པ་བདག་གི་རྡོ་རྗེའི་ཚེ་སྲོག་དང་དབྱེར་མེད་དུ་གྱུར་པར་མོས་ལ་སྙིང་གའི་ཕུར་བུ་གདོན། བཛྲ་ཏཱི་ཀྵྞ་མུཾ་ཞེས་གྲི་འཇམ་དཔལ་གྱི་ངོ་བོར་གྱུར་པ་ཐོགས་ཏེ། སརྦ་ལོ་ཀ་པཱ་ཤཾ་ཀུ་རུ་ཧོཿ ཞེས་ཕོའི་རྐང་གཡས་ཀྱི་མཐེབ་ཆེན་དང་མོའི་གཡོན་པའི་མཐེའུ་ཆུང་ནས་གཏུབ་ཅིང་བསྒྲལ་ལ། ལིང་རོ་ཆ་གསུམ་དུ་བྱས་ཏེ། གཅིག་མ་ཧཱ་བ་ལིངྟ་པྲ་ཏཱི་ཙྪ་ཁཱ་ཧིས་སྟོབ། གཅིག་སྲེག་རྫས་ལ་བསྲེ ། གཅིག་བྲོ་གདན་གྱི་ཕྱིར་བཞག་གོ། །དེ་ནས་སྦྱིན་སྲེག་དངོས་ནི། རང་ཉིད་སྔར་བདག་བསྐྱེད་གང་ཡིན་དེར་ང་རྒྱལ་འཕོས་ལ། ཐབ་བསང་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ཞེས་བརྗོད་པས་མདུན་དུ་དབང་གི་ཐབ་ཁུང་དམར་པོ་ཟླ་གམ་ཁ་ཁྱེར་བང་རིམ་གསུམ་ལྡན་འོད་ཟེར་དམར་པོ་འཕྲོ་བ་གྱུར། རང་གི་ཐུགས་ཀ་ནས་རཾ་ཡིག་ཐབ་ནང་དུ་སྤྲོས་པ་ལས་ཡེ་ཤེས་ཀྱི་མེ་འོད་དམར་པོ་འབར་བར་བསམ་ལ། ༀ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ། ཅེས་པས་སྨད་ཚོང་མ་ལས་བྱུང་བའི་མེ་དུ་བ་མེད་པ་སྦར་ལ། ཐབ་ཀྱི་མེའི་དབུས་སུ་ཉི་མ་དང་ར་སྐྱེས་ཀྱི་གདན་ལ་ཨགྣེ་དེ་ཝ་རྀཾ་ཥི་ཧཱུཾ་ཞེས་བརྗོད་པས་དབང་གི་མེ་ལྷ་དམར་པོ་དྲང་སྲོང་གི་ཆས་ཅན་ཞགས་པ་དང་བགྲང་ཕྲེང་འཛིན་པ་གསལ་བར་གྱུར། པྲ་ཏྱ་སོགས་ཀྱིས་དབང་བསྐུར། བརླབ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་བཅས་བཞེངས་པར་བསམ་ལ། ཨགྣ་ཡེ་དེ་བ་ས་མ་ཡ་ཧཱུཾ་ཛཿ ཞེས་སེ་གོལ་བསྣོལ་མར་གདབ། མདའ་དར་དམར་པོ་གཡབ་ཅིང་། ཧཱུཾ ། དད་པ་དང་ནི་དམ་ཚིག་གིས། ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོང་བྲམ་ཟེ་མཆོག །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ལྕགས་ཀྱུའི་རྒྱ་དང་བཅས། ཨ གྣེ་དེ་ཝ་རྀ་ཥི་ཛཿ་ཛཿས་དྲངས། ཛཿ་ཧཱུཾ་བཾ་ཧོཿས་བསྟིམ། ཀུན་བཟང་ཞབས་བསིལ་བཞི་བསྣོལ་གྱིས་མཆོད། ཧཱུཾ། པདྨའི་རིགས་ལས་གྲུབ་པ་ཡི། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །ཕྲིན་ལས་ཀུན་གྱི་དཔང་པོ་མཛད། །སྟངས་འཛིན་ལྷ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། མེ་ལྷ་ཞལ་ཅུང་ཟད་གདངས་པས་བསྲེགས་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་མོས་ལ། པདྨའི་ཁུ་ཚུར་གྱིས་དགང་བླུགས་བཟུང་ནས་མར་ཁུ་ༀ་ཨགྣ་ཡེ་སྭཱ་ཧཱ་ཞེས་གཡས་པའི་བླུགས་གཟར་བདུན་གྱིས་གཡོན་པའི་དགང་གཟར་བཀང་བ་ཁ་སྦྱར་ཏེ་པུས་མོའི་ནང་ལས་མི་འདའ་བས་གཡས་སུ་བསྐོར་ཞིང་། ༀ་ཨགྣེ་དེ་བ་རྀ་ཥི་ཧ་བྱ་ཀ་བྱ་དི་བྱ་མ་ཧཱ་ན་ཡེ་དི་བྱ་བདག་ཅག་དཔོན་སློབ་འཁོར་དང་བཅས་པས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་པཱ་ཤཾ་ཀུ་རུ་ཧོཿ ཞེས་ལན་གསུམ་གྱི་དགང་བླུགས་ཕུལ། སྔགས་དེས་ཡམ་ཤིང་དང་མར་ཁུ་སྔོན་འགྲོས་སྲེག་རྫས་རྣམས་སོ་སོའམ་གཅིག་ཏུ་བསྲེ་ནས་གྲངས་ཇི་ལྟར་འོས་པ་ཕུལ་ལ། ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་སྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། དེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་གི་ཕྲིན་ལས་ཐམས་ཅད་མཛད་དུ་གསོལ། ཞེས་འདོད་དོན་གསོལ། དེ་ནས། ༀ་བཛྲ་ཛྙཱ་ན་ཛ་ལ་རཾ་ཞེས་བརྗོད་པས་མེ་ལྷ་ཉིད་ཐུགས་རྗེ་ཡེ་ཤེས་མེ་འབར་བའི་རྣམ་པར་གྱུར་པའི་ཀློང་དུ་བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཞེས་པས་གཞལ་ཡས་ཁང་གདན་དང་བཅས་པ་བཀྲ་ལམ་གྱིས་གསལ་བར་གྱུར། ཨཱཾ་ༀ་སྭཱ་ཧཱུཾ་ཧཱ་ཧཱུཾ་ཧ་ཧེ་ཕཊ་བྷྱོ་རཾ་ཞེས་བརྗོད་པས་སྟེང་ཁང་དུ་སྣང་མཐས་གཙོ་བྱས་པའི་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་བཞི་བཅུ་རྩ་གཉིས་དང་འོག་ཁང་དུ་པདྨ་ཧེ་རུ་ཀས་གཙོ་བྱས་པའི་ཁྲག་འཐུང་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་སྐུ་མདོག་དམར་པོ་གཡས་པདྨ་དང་གཡོན་ཞི་བ་རྣམས་དྲིལ་བུ་དང་ཁྲོ་བོ་རྣམས་དུང་ཁྲག་བསྣམས་པ་སྐུ་ལས་འོད་ཟེར་དམར་པོའི་ཕྲེང་བ་མཁའ་ཁྱབ་ཏུ་སྤྲོ་བའི་དཀྱིལ་འཁོར་གྱི་འཁོར་ལོ་བཀྲ་ལམ་གྱིས་གསལ་བར་གྱུར། པྲ་ཏྱ་སོགས་ཀྱིས་བསྐུར་བརླབ། དབབ། དྲངས། བསྟིམ་ཞིང་བརྟན་བར་བྱའོ། །དཀྱིལ་འཁོར་སྒྲུབ་མཆོད་དང་ཚོགས་རྣམས། །འདིར་གཤེགས་བདག་ལ་དངོས་གྲུབ་སྩོལ། །ཨཱཾ་ༀ་སྭཱ་ཧཱུཾ་ཧཱ་ཧཱུཾ་ཧ་ཧེ་ཕཊ་བྷྱོ་ཛཿཧཱུཾ་བཾ་ཧོཿ ཨེ་ཧྱེ་ཧི་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཛཿ ཛཿས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མཎྜ་ལ་མེ་ཏོག་གིས་མཚོན་པར་སྤྱན་དྲངས་ལ། དེ་ལས་མེ་ཏོག་ཐབ་ཏུ་དོར་བས་ལྷ་ཐམས་ཅད་གཞལ་ཡས་ཁང་གི་གནས་སོ་སོར་རང་གི་གདན་ལ་བཞུགས་པར་བསམ་པ་ཙམ་ལས་བསྐུར་བརླབས་སོགས་མི་དགོས་སོ། །གང་ལྟར་ཡང་། དེ་ནས་ཀུན་བཟང་ཞབས་བསིལ་བཞི་བསྣོལ་གྱིས་མཆོད། བརྗོད་མེད་ཀྱིས་བསྟོད། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ལྗགས་རྡོ་རྗེ་འོད་ཀྱི་སྦུ་གུ་ཅན་གྱིས་བསྲེགས་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་བསམ་ལ། ཨཱཾ་ཨཱ་རོ་ལིཀ྄་ཞེས་བདུན་གྱིས་བཀང་བའི་དགང་བླུགས་སྦྱར་བ་སྔར་ལྟར། ༀ་གུ་ཧྱ་ཛྙཱ་ན་སོགས་ཀྱི་མཐར་བདག་ཅག་དཔོན་སློབ་སོགས་བཏགས་པས་ལན་གསུམ་ཕུལ། སྔགས་དེས་ཡམ་ཤིང་མར་ཁུ་སྲེག་རྫས་རྣམས་བརྒྱ་རྩ་སོགས་ཇི་ལྟར་རིགས་པ་ཕུལ་ནས། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧིས་བདུད་རྩི། ལས་གཏོར་ལས་གཏོར་ཀྱུ་བླངས་ནས། མ་ཧཱ་བ་ལིདྟ་པྲ་ཏཱིཙྪ་ཁཱ་ཧིས་གཏོར་མ། མ་ཧཱ་རཀྟ་པྲ་ཏཱི་ཙྪ་ཁཱ་ཧི་ས་རཀྟ་ཕུལ་ལ། ༀ། ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། དམ་རྫས་བདུད་རྩི་འདི་ཕུལ་བས། །བདག་ཅག་འཁོར་དང་བཅས་རྣམས་ཀྱིས། །འགྲོ་ཀུན་དབང་དུ་འདུས་གྱུར་ནས། །མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་པས་བསྒྲུབ་བྱ་རྣམས་རང་དབང་མེད་པར་དབང་དུ་འདུས་པར་བསམ་མོ། །དེ་ནས་གཏང་རག་གི་མཆོད་བསྟོད་བཟོད་གསོལ་བྱས་ནས། དཀྱིལ་འཁོར་དང་འབྲེལ་ཚེ་མེ་ཏོག་གིས་སྤྱན་དྲངས་ཏེ་སོ་སོའི་གནས་སུ་བཞུགས་པར་བསམ། མ་འབྲེལ་ན། ཛྙཱ་ན་མཎྜ་ལ་བཛྲ་མུཿ ས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམ་མོ། །སླར་ཡང་། ༀ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ་ཅེས་བླུགས་གཟར་གྱི་མར་ཁུས་མེ་གསོལ་པས། འཇིག་རྟེན་པའི་མེ་ལྷ་སྔར་བཞིན་གསལ་བར་བསམ་ལ། སྲེག་རྫས་ལྷག་མ་རྣམས་ཕུལ། མཆོད་ཅིང་བསྟོད། ལས་གཏོར་ནས་གཏོར་ཀྱུ་བླངས་ཏེ། ༀ་ཨགྣེ་དེ་ཝ་རྀ་ཥི་མ་ཧཱ་བ་ལིཾ་ཏ་ཁཱ་ཧིས་གཏོར་མ་ཕུལ་ལ་འདོད་དོན་གསོལ། ཡིག་བརྒྱས་ནོངས་པ་བཤགས། བཛྲ་མུཿས་མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། །དམ་ཚིག་པ་འབར་བའི་རྣམ་པར་གྱུར་པར་བསམ་མོ། ༈ །བཞི་པ་དྲག་པོའི་སྦྱིན་སྲེག་ནི། ཆས་གོས་ནག་པོ་གྱོན་ནས་རུས་སྦལ་གྱི་འདུག་སྟངས་ཀྱིས་ཞེ་སྡང་ཁྲོས་པའི་སེམས་དང་ལྡན་པས་ཤིས་པའི་ཕྱོགས་སུ་ཁ་བལྟས་ཏེ། བདག་བསྐྱེད་བཟླས་པའི་བར་བྱས་ལ། ལས་བུམ་གྱི་ཆུའམ་བདུད་རྩིས་ལས་གཏོར་དང་སྲེག་རྫས་བསང་སྦྱངས། སྟོང་པའི་ངང་ལས་མ་ཨ་ཞེས་པས་ཉི་ཟླ་གའུའི་སྣོད་དུ་རང་གི་ཐུགས་ཀ་ནས་ཧཱུཾ་ནག་པོ་སྤྲོས་པ་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་བྱུང་བའི་ལས་གཏོར་རིན་པོ་ཆེའི་མཆོད་སྡོང་འོད་ཟེར་ནག་པོ་འཕྲོ་བ་དང་། བསྲེག་རྫས་རྣམས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་རོ་བརྒྱ་ལྡན་པ་ནམ་མཁའ་རབ་འབྱམས་གང་བས་དྲག་པོའི་ལས་འགྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་བརླབ། དེ་ནས་ཚོགས་མཆོད་གྱི་མཆོད་བཤགས་ཡན་ཆད་སོང་བ་དང་། ཐ་མ་སྟོབ་པ་ནི། བྲུབ་ཁུང་གི་ཉ་བོ་མདུན་དུ་བཀོད་ལ། ཨེ་རཾ་། ༀ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ། ཧཱུཾ་ཧ་ཧེ་ཕཊ་བྷྱོ་རཾ། ཕྱི་སྣོད་དྲག་པོའི་དཀྱིལ་འཁོར་ལྕགས་བསྲེགས་ཀྱི་རང་བཞིན་ནག་པོ་གྲུ་གསུམ་ཡངས་པ་འོད་ཟེར་འཕྲོ་བའི་དབུས་སུ་ནང་བཅུད་རྡོ་རྗེ་རིགས་ཀྱིས་གཙོ་བྱས་པའི་ཁྲག་འཐུང་འབར་བའི་དཀྱིལ་འཁོར་སྤྲུལ་པའི་འོད་ཟེར་ནག་པོ་འཕྲོ་བའི་སྐུར་བཞེངས་པར་བསམ་ལ། བདེན་སྟོབས་བརྗོད་དེ། བསྒྲུབ་བྱ་ཆེ་གེ་མོ་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །བཛྲ་ཨཾ་ཀུ་ཤ་ཛཿཛཿཧཱུཾ་བཾ་ཧོཿ ཞེས་པས་བཀུག་ཅིང་བསྟིམ་ལ། ཨེ། ཞེ་སྡང་རྡོ་རྗེ་འཁོར་བཅས་ཀྱིས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །ཡུད་ཙམ་ཀྱིས་ནི་བརླག་མཛད་ནས། །དྲག་པོའི་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་བསྐུལ་བས་ལྷ་ཚོགས་རྣམས་དྲག་པོའི་ལས་མཛད་པ་ལ་དགྱེས་པར་གྱུར། དེ་ནས་ལས་གཏོར་ནས་ལག་གཉིས་ཀྱི་མཐེབ་མཛུབ་ཀྱིས་གཏོར་ཀྱུ་བླངས་པ་གཡས་གཡོན་དུ་བསྐོར་ཞིང་། ཧཱུཾ། ལྕགས་ཕྱེ་དུག་རྡོ་འབྲུ་ནག་ཆན། །ཁྲག་དང་སྦྱར་བའི་གཏོར་མ་ནི། །གང་ལ་དམིགས་ཏེ་བསྐོར་བྱས་པས། །གདུག་པའི་ཚོགས་རྣམས་བརླག་པར་འགྱུར། །མ་ཧཱ་བ་ལིཾ་ཏ་སརྦ་ཤ་ཏྲཱུཾ་བིགྷྣཱཾ་མཱ་ར་ཡ་ཕཊ། ཅེས་ལིདྒའི་སྟེང་དུ་བྲབ། དེ་ནས་དྲག་པོའི་ཕུར་གསུམ་པོ་ཐལ་མོའི་བར་དུ་བཟུང་ལ། བཛྲ་ཀཱི་ལ་ཡ་ཕཊ་ཛཿཞེས་པས་རང་གི་ཐུགས་ཀ་ནས་བཛྲ་ཀཱི་ལ་ཡ་སྤྲོས། ཕུར་བུ་ལ་ཐིམས་པས་སྲས་མཆོག་བཛྲ་ཀཱི་ལ་ཡར་གྱུར་པ་ལ། ཤཱུ་ནྱ་ཏཱ་སོགས་ཀྱིས་བསྐུར་ཞིང་བརླབས་ནས། ཧཱུཾ། ཕུར་བུ་ཁ་དོག་ནག་པོ་ཡི། །མགོ་བོ་རྒྱ་མདུད་རྩེ་གྲུ་གསུམ། །ལྷ་རྣམས་བཀོད་དེ་གདབ་པར་བྱ། །འདིས་ནི་ཐམས་ཅད་བརླག་པར་འགྱུར། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ཤ་ཏྲུཾ་བིགྷྣཱཾ་མཱ་ར་ཡ་ཕཊ། ཅེས་དང་། གྷཱ་ཏའི་སྔགས་ཀྱིས་དཔྲལ་མགྲིན་སྙིང་ག་རྣམས་སུ་གདབ། བདག་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་ནག་པོ་འཕྲོས་དམིགས་བྱ་ལ་ཕོག་པས་དུག་ལྔ་ཡེ་ཤེས་ལྔར་སྦྱངས། །དྭངས་མ་བདེ་ཆེན་བྱང་ཆུབ་སེམས་ཀྱི་ངོ་བོར་སྤར། ཚེ་རྟེན་འོད་ཟེར་གྱི་རྣམ་པར་འདུས་པ་བདག་གི་རྡོ་རྗེའི་ཚེ་སྲོག་དང་དབྱེར་མེད་དུ་གྱུར་པར་མོས་ལ་སྙིང་གའི་ཕུར་བུ་གདོན། བཛྲ་ཏཱིཀྵྞ་མུཾ་ཞེས་གྲི་འཇམ་དཔལ་གྱི་ངོ་བོར་གྱུར་པ་ཐོགས་ཏེ། སརྦ་ཤ་ཏྲུཾ་བི་གྷྣཱཾ་མཱ་ར་ཡ་ཕཊ་ཅེས་ཕོའི་རྐང་གཡས་ཀྱི་མཐེབ་ཆེན་དང་མོའི་གཡོན་པའི་མཐེ་ཆུང་ནས་གཏུབ་ཅིང་བསྒྲལ་ལ། ལིང་རོ་ཆ་གསུམ་དུ་བྱས་ཏེ། གཅིག་མ་ཧཱ་བ་ལིཾ་ཏ་པྲ་ཏཱི་ཙྪ་ཁཱ་ཧིས་སྟོབ། གཅིག་བསྲེག་རྫས་ལ་བསྲེ། གཅིག་བྲོ་གདན་གྱི་ཕྱིར་བཞག་གོ། །དེ་ནས་སྦྱིན་སྲེག་དངོས་ནི། རང་ཉིད་སྔར་བདག་བསྐྱེད་གང་ཡིན་དེར་ང་རྒྱལ་འཕོས་ལ། ཐབ་བསང་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ཞེས་བརྗོད་པས་མདུན་དུ་དྲག་པོའི་ཐབ་ཁུང་ནག་པོ་གྲུ་གསུམ་ཁ་ཁྱེར་བང་རིམ་གསུམ་ལྡན་འོད་ཟེར་ནག་པོ་འཕྲོ་བར་གྱུར། རང་གི་ཐུགས་ཀ་ནས་རཾ་ཡིག་ཐབ་ནང་དུ་སྤྲོས་པ་ལས་ཡེ་ཤེས་ཀྱི་མེ་འོད་ནག་པོ་འབར་བར་བསམ་ལ། ༀ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ། ཅེས་པས་ཤན་པའི་མེ་དུ་བ་མེད་པ་སྤར་ལ། ཐབ་ཀྱི་མེའི་དབུས་སུ་ཉི་མ་དང་ར་སྐྱེས་ཀྱི་གདན་ལ་ཨགྣེ་དེ་ཝ་རྀཾ་ཥི་ཧཱུཾ་ཞེས་བརྗོད་པས་དྲག་པོའི་མེ་ལྷ་མཐིང་ནག་དྲང་སྲོང་གི་ཆས་ཅན་ཏྲི་ཤཱུ་ལ་དང་བགྲང་ཕྲེང་འཛིན་པ་གསལ་བར་གྱུར། ཤཱུ་ནྱ་ཏཱ་སོགས་ཀྱིས་བསྐུར་བརླབ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་བཅས་བཞེངས་པར་བསམ་ལ། ཨགྣ་ཡེ་དེ་ཝ་ས་མ་ཡ་ཧཱུཾ་ཛཿ ཞེས་སེ་གོལ་བསྣོལ་མར་གདབ། མདའ་དར་དམར་པོ་གཡབ་ཅིང་། ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུལ་གཤེགས་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོང་བྲམ་ཟེ་མཆོག །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ལྕགས་ཀྱུའི་རྒྱ་དང་བཅས་ཨགྣེ་དེ་ཝ་རྀ་ཥི་ཛཿཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་བསྟིམ། ཀུན་བཟང་ཞབས་བསིལ་བཞི་བསྣོལ་གྱིས་མཆོད། ཧཱུཾ། རྡོ་རྗེའི་རིགས་ལས་གྲུབ་པ་ཡི། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །ཕྲིན་ལས་ཀུན་གྱི་དཔང་པོ་མཛད། །སྟངས་འཛིན་ལྷ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། མེ་ལྷ་ཞལ་ཅུང་ཟད་གདངས་པས་བསྲེགས་བླུགས་ཀྱི་བདུད་རྩིའི་རྒྱུད་དྲངས་ནས་གསོལ་བར་མོས་ལ། ཁྲོ་བོའི་ཁུ་ཚུར་གྱིས་གཟར་བུ་བཟུང་ནས། ༀ་ཨགྷ་ཡེ་སྭཱ་ཧཱ་ཞེས་གཡོན་བླུགས་གཟར་བདུན་གྱིས་གཡས་པའི་དགང་གཟར་བཀང་བ་ཁ་སྦྱར་ཏེ་པུས་མོའི་ནང་དུ་མི་འདའ་བས་གཡོན་དུ་བསྐོར་ཞིང་། ༀ་ཨགྣེ་དེ་ཝ་རྀ་ཥི་ཧ་བྱ་ཀ་བྱ་དི་བྱ་མ་ཧཱ་ན་ཡེ་དི་བྱ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་གདུག་པ་ཅན་ཐམས་ཅད་མཱ་ར་ཡ་ཕཊ། ཅེས་ལན་གསུམ་གྱིས་དགང་བླུགས་ཕུལ། སྔགས་དེས་ཡམ་ཤིང་དང་མར་ཁུ་སྔོན་འགྲོས་སྲེག་རྫས་རྣམས་སོ་སོའམ་གཅིག་ཏུ་བསྲེས་ནས་གྲངས་ཇི་ལྟར་འོས་པ་ཕུལ་ལ། ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་སྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། དེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་གི་ཕྲིན་ལས་ཐམས་ཅད་མཛད་དུ་གསོལ། ཞེས་འདོད་དོན་གསོལ་ལོ། །དེ་ནས། ༀ་བཛྲ་ཛྙཱ་ན་ཛྭ་ལ་རཾ་ཞེས་བརྗོད་པས་མེ་ལྷ་ཉིད་ཐུགས་རྗེ་ཡེ་ཤེས་མེ་འབར་བའི་རྣམ་པར་གྱུར་པའི་ཀློང་དུ་བྷྲཱུཾ་བི་ཤྭ་བི་ཤུདྷེ་ཞེས་པས་གཞལ་ཡས་ཁང་གདན་དང་བཅས་པ་བཀྲ་ལམ་གྱིས་གསལ་བར་གྱུར། ཧཱུཾ་ཨོཾ་སྭཱ་ཨཱཾ་ཧཱ་ཧཱུཾ་ཧ་ཧེ་ཕཊ་བྷྱོ་རཾ་ཞེས་བརྗོད་པས་སྟེང་ཁང་དུ་མི་བསྐྱོད་པས་གཙོ་བྱས་པའི་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་བཞི་བཅུ་རྩ་གཉིས་དང་འོག་ཁང་དུ་བཛྲ་ཧེ་རུ་ཀས་གཙོ་བྱས་པའི་ཁྲག་འཐུང་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་སྐུ་མདོག་མཐིང་ནག་གཡས་རྡོ་རྗེ་དང་གཡོན་ཞི་བ་རྣམས་དྲིལ་བུ་དང་ཁྲོ་བོ་རྣམས་དུང་ཁྲག་བསྣམས་པ་སྐུ་ལས་འོད་ཟེར་ནག་པོའི་ཕྲེང་བ་མཁའ་ཁྱབ་ཏུ་སྤྲོ་བའི་དཀྱིལ་འཁོར་གྱི་འཁོར་ལོ་བཀྲ་ལམ་གྱིས་གསལ་བར་གྱུར། ཤཱུ་ཏྱ་ཏཱ་སོགས་ཀྱིས་བསྐུར་བརླབ། དབབ། དྲངས། བསྟིམ་ཞིང་བརྟན་པར་བྱའོ། དཀྱིལ་འཁོར་སྒྲུབ་མཆོད་དང་འབྲེལ་ཚེ་གཞལ་ཡས་ཁང་གདན་བཅས་སྔར་བཞིན་བསྐྱེད་རྗེས། ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས། །རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས། །འདིར་གཤེགས་བདག་ལ་དངོས་གྲུབ་སྩོལ། །ཧཱུཾ་ༀ་སྭཱ་ཨཱཾ་ཧཱ་ཧཱུཾ་ཧ་ཧེ་ཕཊ་བྷྱོ་ཛཿཧཱུཾ་བཾ་ཧོཿ ཨེ་ཧྱེ་ཧི་རུ་ལུ་རུ་ལུ་ཧཱུཾ་བྷྱ྄ོ་ཛཿཛཿས་དཀྱིལ་འཁོར་པ་རྣམས་མཎྜལ་མེ་ཏོག་གིས་མཚོན་པར་སྤྱན་དྲངས་ལ། དེ་ལས་མེ་ཏོག་ཐབ་ཏུ་དོར་བས་ལྷ་ཐམས་ཅད་གཞལ་ཡས་ཁང་གི་གནས་སོ་སོར་རང་རང་གི་གདན་ལ་བཞུགས་པར་བསམ་པ་ཙམ་ལས་བསྐུར་རློབ་སོགས་མི་དགོས་སོ། །གང་ལྟར་ཡང་ཀུན་བཟང་ཞབས་བསིལ་བཞི་བསྣོལ་གྱིས་མཆོད། བརྗོད་མེད་ཀྱིས་བསྟོད། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ལྗགས་རྡོ་རྗེ་འོད་ཀྱི་སྦུ་གུ་ཅན་གྱིས་བསྲེགས་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་བསམ་ལ། ཧཱུཾ་བཛྲ་དྷྲྀཀ྄ །ཞེས་བདུན་གྱིས་བཀང་བའི་དགང་བླུགས་སྦྱར་བ་སྔར་ལྟར་ༀ་གུ་ཧྱ་ཛྙཱ་ན་སོགས་ཀྱི་མཐར་བདག་ཅག་དཔོན་སློབ་སོགས་བཏགས་པས་ལན་གསུམ་ཕུལ། སྔགས་དེས་ཡམ་ཤིང་མར་ཁུ་སྲེག་རྫས་རྣམ་བརྒྱ་རྩ་སོགས་ཇི་ལྟར་རིགས་པ་ཕུལ་ནས། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧིས་བདུད་རྩི། ལས་གཏོར་ནས་བླངས་པའི་གཏོར་ཀྱུ་མ་ཧཱ་བ་ལིཾ་ཏ་པྲ་ཏཱི ཙྪ་ཁཱ་ཧིས་གཏོར་མ། མ་ཧཱ་རཀྟ་པྲ་ཏཱིཙྪ་ཁཱ་ཧིས་རཀྟ་ཕུལ་ལ། ༀ། ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་འདི་ཕུལ་བས། །བདག་ཅག་འཁོར་དང་བཅས་རྣམས་ཀྱི། །གནོད་བྱེད་དགྲ་བགེགས་བརླག་གྱུར་ནས། །མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་ནག་པོ་མཚོན་ཆའི་ཆར་ལྟ་བུ་འཕྲོས་པས་གནོད་བྱེད་དགྲ་བགེགས་ཐམས་ཅད་བརླག་པར་བསམ་མོ། །དེ་ནས་གཏང་རག་གི་མཆོད་བསྟོད་བཟོད་གསོལ་བྱས་ནས། དཀྱིལ་འཁོར་དང་འབྲེལ་ཚེ་མེ་ཏོག་གིས་སྤྱན་དྲངས་ཏེ་སོ་སོའི་གནས་སུ་བཞུགས་པར་བསམ། མ་འབྲེལ་ན་ཛྙཱ་ན་མཎྜ་ལ་བཛྲ་མུཿས་ཡེ་ཤེས་པ་གཤེགས་དམ་ཚིག་པ་རང་ལ་ཐིམ་པར་བསམ་མོ། །སླར་ཡང་ༀ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ། ཅེས་བླུགས་གཟར་གྱི་མར་ཁུས་མེ་གསོས་པས། འཇིག་རྟེན་པའི་མེ་ལྷ་སྔར་བཞིན་གསལ་བར་བསམ་ལ། སྲེག་རྫས་ལྷག་རྣམས་ཕུལ། མཆོད་ཅིང་བསྟོད། ལས་གཏོར་ནས་གཏོར་ཀྱུ་བླངས་ཏེ་ༀ་ཨ་གྣེ་དེ་ཝ་རྀཾ་ཥི་མ་ཧཱ་བ་ལིཾ་ཏ་ཁཱ་ཧི་ས་གཏོར་མ་ཕུལ་ལ་འདོད་དོན་གསོལ། ཡིག་བརྒྱས་ནོངས་པ་བཤགས། བཛྲ་མུཿས་ཡེ་ཤེས་པ་རང་གནས་སུ་གཤེགས། །དམ་ཚིག་པ་འབར་བའི་རྣམ་པར་གྱུར་པར་བསམ་མོ། །དེ་ལྟར་ལས་བཞི་ཀ་ལ་སྦྱིན་སྲེག་བསྡུས་པའི་ལུགས་བྱེད་ན། ལིདྒ་བཤམ་བསྒྲལ་སྟོབ་པ་རྣས་དོན་ནས་སྲེག་ཆོག་བརྐྱང་པ་བྱས་ཀྱང་རུང་ངོ་། །གསུམ་པ་རྗེས་ལས་བཞི་ཐུན་མོང་དུ་བསྟན་པས་མཇུག་བསྡུ་བ་ནི། ལིང་རོ་སྔར་གུད་དུ་བཞག་པ་དེ་སྤུངས་པའི་མཐའམ། ལིདྒ་མེད་ན་ཐབ་ཀྱི་མཐར་མཆེད་རྣམས་བྲོ་ར་བཅས་ནས་ལས་བཞི་གང་ཡིན་གྱི་བྲོ་སྒྲུབ་ཁོག་ཏུ་བཤད་པ་ལྟར་བརྡུངས་རྗེས། ལིང་རོ་དེའམ་མེད་ན་ཐལ་སོལ་ཞི་བ་ལ་ལམ་གྱི་དཀྱིལ་དུ། རྒྱས་པ་ལ་མཛོད་དུ། དབང་ལ་མལ་འོག་ཏུ། དྲག་པོ་ལ་ལྷ་འདྲེ་གཉན་པོ་གནས་པའི་སར་ལས་མཐུན་གྱི་བྲུབ་ཁུང་བྲུས་པར་བླུག །དེ་སྟེང་གཡམ་པ་ལ་འོག་ཕྱོགས་སུ་ཞི་བར་ༀ་དཀར་པོ། །རྒྱས་པར་ཏྲཱཾ་སེར་པོ། དབང་ལ་ཧྲཱྀ༔་དམར་པོ། དྲག་པོར་ཧཱུཾ་ནག་པོ་དང་། སྟེང་ཕྱོགས་སུ་ལཾ་སེར་པོ་རེ་བྲིས་པས། ༀ་ལཾ་སྟྭམྦྷ་ནི་སྟམྦྷ་ནི་ཧཱུཾ་ཕཊ། ཅེས་ཁ་བཅད་ལ་སས་བསུབ་ཅིང་། ལས་དང་རྗེས་སུ་མཐུན་པའི་སྨོན་ལམ་གདབ་པར་བྱའོ། །ངག་ཚིག་འདིའི་མཐུས་རྒྱལ་པའི་ཕྲིན་ལས་བཞི། །གདུལ་བྱའི་རྒྱུད་ལ་དབང་འབྱོར་ཡེ་ཤེས་མེས། །ལས་ཉོན་སྒྲིབ་པའི་ཆོས་ཅན་དབྱིངས་སྦྱངས་ནས། །དོན་གཉིས་མཐའ་ཕྱིན་དཔལ་ལ་སྤྱོད་པར་ཤོག །འདུས་པ་མདོའི་ལས་བཞིའི་སྦྱིན་སྲེག་གི་ཆོ་ག་བཤད་པའི་ལེ་ཚན་ནོ།། །།

༈ ༀ་སྭ་སྟི། ད་ནི་སྒྲུབ་ཁོག་གི་ལྔ་བ་གཏོར་མ་བཏང་བའི་སྐབས་སུ། ལས་མཁན་གྱིས་དཀྱིལ་འཁོར་ཁང་བའི་ཕྱི་རོལ་ཏུ་ལྷག་ཆོག་རྒྱས་པར་བྱ། ཞེས་འབྱུང་བའི་ཟུར་འདེབས་ནི། དང་པོ་བཤམ་ཞིང་བྱིན་གྱིས་རློབ་པ། གཉིས་པ་མགྲོན་འགུགས་པ། གསུམ་པ་མཆོད་པའི་ལས་རིམ་གྱི་ནང་ཚན་སྤྱིར་མཆོད་པ་དང་། བྱེ་བྲག་ཏུ་མཆོད་པ་ལས་ཁ་ཕྲུ་གདབ་པ་ཡན་ཆད། བཞི་པ་བཤགས་ཤིང་བསྡུ་བ་རྣམས་སྒྲུབ་ཐབས་དངོས་གྲུབ་ཆར་འབེབས་ལྟར་ལས། བྱེ་བྲག་ཏུ་མཆོད་པའི་ནང་ཚན་རྐང་ཐོན་དུ་མཆོད་པའི་ཚིག །ཧཱུཾ། བཅོམ་ལྡན་རྡོ་རྗེ་མི་བསྐྱོད་པས། །ཞེས་སོགས་ལུང་གི་ལྷག་ཆོག་ཆུང་བ་ཡིན་པས། འདིར་དེའི་ཚབ་ཏུ་ལུང་གི་ལྷག་ཆོག་ཆེ་བ་འདི་བྱ་སྟེ། ཧཱུཾ། དཔལ་ཆེན་རཀྴ་ཧེ་རུ་ཀར། །ག་རཱིའི་ཚོགས་ཀྱིས་བསྐོར་བ་ནི། །བྱང་ཆུབ་སེམས་དཔའ་བརྒྱད་རྣམས་ཀྱིས། །ག་རཱི་ཁྲོ་མོ་བརྒྱད་དུ་སྤྲུལ། །སྲིན་མོ་ཆེན་མོ་བརྒྱད་རྣམས་བཏུལ། །བྱང་སེམས་ས་ཡི་སྙིང་པོ་ཡིས། ཁྲོ་མོ་ཆེན་མོ་ག་རཱི ར་སྤྲུལ། །སྲིན་མོ་ཆེན་མོ་ཀིང་ཐོད་བཏུལ། ༈ །ལྷག་མ་བྱིན་ནས་དམ་ལ་བཏགས། །རྡོ་རྗེའི་དམ་ལས་བྲོ་སྐྱལ་ཏེ། །གཏན་གྱི་བྲན་དུ་མཆིས་ཀྱི་འཚལ། །སྔོན་གྱི་ཁས་བླངས་དམ་བཅས་བཞིན། །རྡོ་རྗེའི་དམ་ལས་མ་འདའ་བར། །ལས་ཀྱི་ལྷག་མ་འདི་ལོངས་ལ། ཁས་བླངས་དམ་བཅས་ཇི་བཞིན་དུ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཕྱི་ཡི་དཀྱིལ་འཁོར་མཐའ་སྲུངས་ཤིག །ཅེས་ལྷག་མ་ལ་སོགས་པའི་རྐང་པ་དགུ་པོ་འོག་མ་ཀུན་ལ་འགྲེའོ། །བྱང་སེམས་ནམ་མཁའི་སྙིང་པོ་ཡིས། ཁྲོ་མོ་ཆེན་མོ་ཙ་རཱིར་སྤྲུལ། །སྲིན་མོ་ཆེན་མོ་མདའ་འཕེན་བཏུལ། །ལྷག་མ་སོགས་རྐང་པ་དགུ། བྱང་སེམས་སྤྱན་རས་གཟིགས་དབང་གིས། ཁྲོ་མོ་ཆེན་མོ་པྲ་མོར་སྤྲུལ། །སྲིན་མོ་ཆེན་མོ་འཛིན་བྱེད་བཏུལ། །ལྷག་མ་སོགས། བྱང་སེམས་ཕྱག་ན་རྡོ་རྗེ་ཡིས། ཁྲོ་མོ་ཆེན་མོ་བེ་ཏར་སྤྲུལ། །སྲིན་མོ་ཆེན་མོ་ཟ་བྱེད་བཏུལ། །ལྷག་མ་སོགས། བྱང་ཆུབ་སེམས་དཔའ་བྱམས་པ་ཡིས། ཁྲོ་མོ་ཆེན་མོ་པུཀྐར་སྤྲུལ། །སྲིན་མོ་ནང་རོལ་འདྲེན་མ་བཏུལ། །ལྷག་མ་སོགས། བྱང་སེམས་སྒྲིབ་པ་རྣམ་སེལ་གྱིས། ཁྲོ་མོ་ཆེན་མོ་གྷསྨར་སྤྲུལ། །སྲིན་མོ་ཆེན་མོ་རབ་འཇིགས་བཏུལ། །ལྷག་མ་སོགས། བྱང་སེམས་ཀུན་ཏུ་བཟང་པོ་ཡིས། ཁྲོ་མོ་ཆེན་མོ་སྨ་ཤར་སྤྲུལ། །སྲིན་མོ་ཆེན་མོ་སྲོག་གཅོད་བཏུལ། །ལྷག་མ་སོགས། བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས། །ཁྲོ་མོ་ཆེན་མོ་ཙཎྜར་སྤྲུལ། །སྲིན་མོ་ཆེན་མོ་སྨྱོན་མ་བཏུལ། །ལྷག་མ་སོགས། ཧཱུཾ། དཔལ་ཆེན་རཀྴ་ཧེ་རུ་ཀར། །ཕྲ་མེན་ཚོགས་ཀྱིས་བསྐོར་བ་ནི། །དཔལ་ཆེན་ཁྲག་འཐུང་ཞལ་བཞད་པས། །མཆོད་པའི་ལྷ་མོ་བརྒྱད་རྣམས་ཀྱིས། །སིདྷ་ཕྲ་མེན་བརྒྱད་དུ་སྤྲུལ། །སྲིན་མོ་མགོ་བརྙན་བརྒྱད་རྣམས་བཏུལ། །ཤར་ཕྱོགས་ལྷ་མོ་ལཱ་སྱེ་མས། ཁྲོ་མོ་ཆེན་མོ་སེང་མགོར་སྤྲུལ། །སྲིན་མོ་འཇིགས་བྱེད་སེང་མགོ་བཏུལ། །ལྷག་མ་སོགས། ལྷོ་ཕྱོགས་ལྷ་མོ་མཱ་ལྱེ་མས། །ཕྲ་མེན་ཆེན་མོ་སྟག་མགོར་སྤྲུལ། །སྲིན་མོ་ཟ་བྱེད་སྟག་མགོ་བཏུལ། །ལྷག་མ་སོགས། ནུབ་ཕྱོགས་ལྷ་མོ་གཱིརྟི་མས། །ཕྲ་མེན་ཆེན་མོ་ཝ་མགོར་སྤྲུལ། །སྲིན་མོ་ལེན་བྱེད་ཝ་མགོ་བཏུལ། །ལྷག་མ་སོགས། བྱང་ཕྱོགས་ལྷ་མོ་ནིརྟི་མས། །ཕྲ་མེན་ཆེན་མོ་སྤྱང་མགོར་སྤྲུལ། །སྲིན་མོ་ར་རོ་ཁྱི་མགོ་བཏུལ། །ལྷག་མ་སོགས། ཤར་ལྷོ་ལྷ་མོ་དྷཱུ་པེ་མས། །ཕྲ་མེན་ཆེན་མོ་རྒོད་མགོར་སྤྲུལ། །སྲིན་མོ་བྱ་རྒོད་མགོ་ཅན་བཏུལ། །ལྷག་མ་སོགས། ལྷོ་ནུབ་ལྷ་མོ་མེ་ཏོག་མས། །ཕྲ་མེན་ཀདྒའི་མགོ་རུ་སྤྲུལ། །སྲིན་མོ་ཀདྒའི་མགོ་ཅན་བཏུལ། །ལྷག་མ་སོགས། ནུབ་བྱང་ལྷ་མོ་མར་མེ་མས། །ཕྲ་མེན་བྱ་རོག་མགོ་རུ་སྤྲུལ། །སྲིན་མོ་འཇོམས་བྱེད་བྱ་རོག་བཏུལ། །ལྷག་མ་སོགས། བྱང་ཤར་ལྷ་མོ་དྲི་ཆབ་མས། །ཕྲ་མེན་ཨུ་ལཱུ་མུ་ཁར་སྤྲུལ། །སྲིན་མོ་བསྐུལ་བྱེད་འུག་མགོ་བཏུལ། །ལྷག་མ་སོགས། ཧཱུཾ། དཔལ་ཆེན་རཀྴ་ཧེ་རུ་ཀར། །སྒོ་མའི་ཚོགས་ཀྱིས་བསྐོར་བ་ནི། །ཚད་མེད་སྒོ་མ་བཞི་རྣམས་ཀྱིས། །རྟ་གདོང་སྒོ་མ་བཞི་རུ་སྤྲུལ། །ཤར་གྱི་བྱམས་པ་ལྕགས་ཀྱུ་མས། །སྒོ་མ་རྟ་གདོང་ལྕགས་ཀྱུར་སྤྲུལ། །སྲིན་མོ་རྟ་ཡི་མགོ་ཅན་བཏུལ། །ལྷག་མ་སོགས། ལྷོ་ཡི་སྙིང་རྗེ་ཞགས་པ་མས། །སྒོ་མ་ཕག་གདོང་ཞགས་པར་སྤྲུལ། །སྲིན་མོ་ཕག་གི་མགོ་ཅན་བཏུལ། །ལྷག་མ་སོགས། ནུབ་ཀྱི་དགའ་བ་ལྕགས་སྒྲོགས་མས། །སྒོ་མ་དྲེད་མགོ་ལྕགས་སྒྲོག་སྤྲུལ། །སྲིན་མོ་དྲེད་ཀྱི་མགོ་ཅན་བཏུལ། །ལྷག་མ་སོགས། བྱང་གི་བཏང་སྙོམས་དྲིལ་བུ་མས། །སྒོ་མ་ཆེན་མོ་སྤྱང་མགོར་སྤྲུལ། །སྲིན་མོ་ཆེན་མོ་སྤྱང་མགོ་བཏུལ། །ལྷག་མ་སོགས། ཧཱུཾ། དཔལ་ཆེན་རཀྴ་ཧེ་རུ་ཀར། །སྤོར་མའི་ཚོགས་ཀྱིས་བསྐོར་བ་ནི། །དཔལ་ཆེན་ཐུགས་རྗེ་སྦྱོར་བ་ལས། །ཐུབ་དྲུག་ཡིད་ཆོས་བརྒྱད་པོ་ཡིས། །སྤོར་མ་ཆེན་མོ་བརྒྱད་དུ་སྤྲུལ། །ཕྱོགས་སྐྱོང་བརྒྱད་ཀྱི་བུ་མོ་བཏུལ། །ལྷག་མ་སོགས། ཀུན་ཏུ་བཟང་པོ་གནས་གྱུར་པ། །སྤོར་མ་ཉི་ཟེར་ཞགས་པར་སྤྲུལ། །འབར་མ་ཉི་ཟེར་ཞགས་པ་བཏུལ། །ལྷག་མ་སོགས། ཡི་དྭགས་ཐུབ་པ་གནས་གྱུར་པ། །སྤོར་མ་གློག་ཕྲེང་འཛིན་དུ་སྤྲུལ། །འབར་མ་ཆེན་མོ་གློག་ཕྲེང་བཏུལ། །ལྷག་མ་སོགས། མི་ཡི་ཐུབ་པ་གནས་གྱུར་པ། །སྤོར་མ་མདུང་ཐུང་འཕེན་དུ་སྤྲུལ། །འབར་མ་གཏུམ་མོ་མདུང་ཐུང་བཏུལ། །ལྷག་མ་སོགས། དམྱལ་བའི་ཐུབ་པ་གནས་གྱུར་པ། །སྤོར་མ་གཤིན་རྗེ་རལ་གྲིར་སྤྲུལ། །འབར་མ་གཤིན་རྗེ་རལ་གྲི་བཏུལ། །ལྷག་མ་སོགས། ཀུན་ཏུ་བཟང་མོ་གནས་གྱུར་པ། །སྤོར་མ་དྲིལ་འཁྲོལ་མ་རུ་སྤྲུལ། །འབར་མ་རྡོ་རྗེ་དྲིལ་འཁྲོལ་བཏུལ། །ལྷག་མ་སོགས། ལྷ་མིན་ཐུབ་པ་གནས་གྱུར་པ། །སྤོར་མ་སྐྲ་མདའ་གཏོང་དུ་སྤྲུལ། །འབར་མ་ཐོག་འབེབས་སྐར་མདའ་བཏུལ། །ལྷག་མ་སོགས། བྱོལ་སོང་ཐུབ་པ་གནས་གྱུར་པ། །སྤོར་མ་བླག་ཤ་སྡེབ་ཏུ་སྤྲུལ། །འབར་མ་བན་གླང་སྣ་ཚོགས་བཏུལ། །ལྷག་མ་སོགས། ལྷ་ཡི་ཐུབ་པ་གནས་གྱུར་པ། །སྤོར་མ་ཁྱུང་ཐོགས་མ་རུ་སྤྲུལ། །འབར་མ་གནོད་སྦྱིན་ཁྱུང་ཐོགས་བཏུལ། །ལྷག་མ་སོགས། ཧཱུཾ། དཔལ་ཆེན་རཀྴ་ཧེ་རུ་ཀར། །གསང་བའི་ཡུམ་བཞིས་བསྐོར་བ་ནི། །དཔལ་ཆེན་ཐུགས་ཀྱི་སྦྱོར་བ་ལས། །ཡི་གེ་ཧཱུཾ་བཞི་སྤྲུལ་བྱས་ནས། །དེ་ལས་གསང་བའི་ཡུམ་བཞིར་སྤྲུལ། །དེ་བཞིས་སྲིན་མོ་བཞི་བཏུལ་ཏེ། །ཤར་གྱི་བདེ་བ་ཟ་བྱེད་མས། །སྲིན་མོ་ཟ་བྱེད་ཁྲག་འཐུང་བཏུལ། །ལྷག་མ་སོགས། ལྷོ་ཡི་བདེ་བ་རྨོངས་བྱེད་མས། །སྲིན་མོ་ཆེན་མོ་རུས་འཆང་བཏུལ། །ལྷག་མ་སོགས། ནུབ་ཀྱི་བདེ་བ་རྒྱས་འདེབས་མས། །སྲིན་མོ་དུར་ཁྲོད་རོ་རྐུན་བཏུལ། །ལྷག་མ་སོགས། བྱང་གི་བདེ་བ་ཚེ་འཕེལ་མས། །སྲིན་མོ་དུར་ཁྲོད་བདག་མོ་བཏུལ། །ལྷག་མ་སོགས། །ཧཱུཾ། དཔལ་ཆེན་རཀྴ་ཧེ་རུ་ཀར། །དབང་ཕྱུག་ཚོགས་ཀྱིས་བསྐོར་བ་ནི། །དཔལ་ཆེན་ཐུགས་ཀྱི་སྦྱོར་བ་ལས། །ཚངས་མ་ལ་སོགས་ཡེ་ཤེས་པའི། །དབང་མོ་ཉི་ཤུ་རྩ་བརྒྱད་ཀྱིས། །ལས་ཀྱི་དབང་མོ་མགོ་བརྙན་ཚོགས། །འཇིག་རྟེན་རྣམ་པའི་སྲིན་པོ་སྟེ། །ལག་ན་གློ་སྙིང་ནང་ཁྲོལ་ཐོགས། །ཉི་ཤུ་རྩ་བརྒྱད་ཚོགས་སུ་སྤྲུལ། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ། འགལ་བྱེད་གནོད་པའི་ཚོགས་རྣམས་བཏུལ། །ལྷག་མ་སོགས། ཧཱུཾ། དཔལ་ཆེན་རཀྟ་ཧེ་རུ་ཀར། །མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་ནི། །དཔལ་ཆེན་སྐུ་ཡི་འོད་ཟེར་ལས། །སེམས་དཔའ་སུམ་ཅུ་རྩ་གཉིས་ཀྱིས། །མཁའ་འགྲོ་སུམ་ཅུ་རྩ་གཉིས་སྤྲུལ། །སྲིན་མོ་སུམ་ཅུ་རྩ་གཉིས་བཏུལ། །བྱང་སེམས་རྡོ་རྗེ་སེམས་དཔའ་ཡིས། །མཁའ་འགྲོ་དགའ་བྱེད་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་དགའ་བྱེད་བཏུལ། །ལྷག་མ་སོགས། སེམས་དཔའ་རྡོ་རྗེ་རྒྱལ་པོ་ཡིས། །མཁའ་འགྲོ་འདྲེན་བྱེད་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་འདྲེན་བྱེད་བཏུལ། །ལྷག་མ་སོགས། སེམས་དཔའ་རྡོ་རྗེ་ཆགས་པ་ཡིས། །མཁའ་འགྲོ་གསོད་བྱེད་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་གསོད་བྱེད་བཏུལ། །ལྷག་མ་སོགས། སེམས་དཔའ་རྡོ་རྗེ་ལེགས་པ་ཡིས། །མཁའ་འགྲོ་སྤོར་བྱེད་མ་རུ་སྤྲུལ། །སྲིན་མོ་སྤོར་མ་ཆེན་མོ་བཏུལ། །ལྷག་མ་སོགས། སེམས་དཔའ་རྡོ་རྗེ་རིན་ཆེན་གྱིས། །མཁའ་འགྲོ་འབར་བྱེད་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་འབར་མ་བཏུལ། །ལྷག་མ་སོགས། སེམས་དཔའ་རྡོ་རྗེ་ཉི་མ་ཡིས། །མཁའ་འགྲོ་གཟི་བརྗིད་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་གཟི་བརྗིད་བཏུལ། །ལྷག་སོགས། སེམས་དཔའ་རྡོ་རྗེ་རྒྱལ་མཚན་གྱིས། །མཁའ་འགྲོ་བདུད་རྩི་རྒྱལ་བྱེད་སྤྲུལ། །སྲིན་མོ་རྒྱལ་བྱེད་དབང་ལྡན་བཏུལ། །ལྷག་མ་སོགས། སེམས་དཔའ་རྡོ་རྗེ་བཞད་པ་ཡིས། །མཁའ་འགྲོ་འཇོམས་བྱེད་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་འཇོམས་མ་བཏུལ། །ལྷག་སོགས། སེམས་དཔའ་རྡོ་རྗེ་ཆོས་རབ་ཀྱིས། །མཁའ་འགྲོ་ཆགས་བྱེད་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་ཆགས་མ་བཏུལ། །ལྷག་སོགས། སེམས་དཔའ་རྡོ་རྗེ་རྣོན་པོ་ཡིས། །མཁའ་འགྲོ་ཆགས་བྲལ་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་ཆགས་བྲལ་བཏུལ། །ལྷག་སོགས། སེམས་དཔའ་རྡོ་རྗེ་འཁོར་ལོ་ཡིས། །མཁའ་འགྲོ་འཁོར་ལོ་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་འཁོར་ལོ་བཏུལ། །ལྷག་སོགས། སེམས་དཔའ་རྡོ་རྗེ་སྨྲ་བ་ཡིས། །མཁའ་འགྲོ་རྒྱས་འདེབས་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་རྒྱས་མ་བཏུལ། །ལྷག་སོགས། སེམས་དཔའ་རྡོ་རྗེ་སྣ་ཚོགས་ཀྱིས། །མཁའ་འགྲོ་སྣ་ཚོགས་གཟུགས་སུ་སྤྲུལ། །སྲིན་མོ་ཆེན་མོ་སྣ་ཚོགས་བཏུལ། །ལྷག་སོགས། སེམས་དཔའ་རྡོ་རྗེ་གོ་ཆ་ཡིས། །མཁའ་འགྲོ་ཆེན་མོ་བསྲུང་མོར་སྤྲུལ། །སྲིན་མོ་ཆེན་མོ་མ་སྲིན་བཏུལ། །ལྷག་སོགས། སེམས་དཔའ་རྡོ་རྗེ་མཆེ་བ་ཡིས། །མཁའ་འགྲོ་གནོད་སྦྱིན་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་གནོད་སྦྱིན་བཏུལ། །ལྷག་སོགས། སེམས་དཔའ་རྡོ་རྗེ་ཁུ་ཚུར་གྱིས། །མཁའ་འགྲོ་ཡང་དག་འཕྲོག་མར་སྤྲུལ། །སྲིན་མོ་ཆེན་མོ་འཕྲོག་མ་བཏུལ། །ལྷག་སོགས། སེམས་དཔའ་དཔའ་བར་འགྲོ་བ་ཡིས། །མཁའ་འགྲོ་བྱ་རོག་གདོང་དུ་སྤྲུལ། །སྲིན་མོ་ཆེན་མོ་རིག་འབྱིན་བཏུལ། །ལྷག་སོགས། སེམས་དཔའ་ཀུན་ཏུ་བཟང་པོ་ཡིས། །མཁའ་འགྲོ་འཇིགས་བྱེད་མ་རུ་སྤྲུལ། །སྲིན་མོ་ཆེན་མོ་འཇིགས་བྱེད་བཏུལ། །ལྷག་སོགས། སེམས་དཔའ་ཟླ་འོད་གཞོན་ནུ་ཡིས། །མཁའ་འགྲོ་འུག་པའི་མགོ་རུ་སྤྲུལ། །སྲིན་མོ་ཆེན་མོ་མུན་མཐོང་བཏུལ། །ལྷག་སོགས། བྱང་ཆུབ་སེམས་དཔའ་བཟང་སྐྱོང་གིས། །མཁའ་འགྲོ་བཞད་གདོང་མ་རུ་སྤྲུལ། །སྲིན་མོ་བཞད་ཀྱི་མགོ་ཅན་བཏུལ། །ལྷ ག་སོགས། སེམས་དཔའ་དྲྭ་བ་ཅན་འོད་ཀྱིས། །མཁའ་འགྲོ་ཁྱི་མགོ་མ་རུ་སྤྲུལ། །སྲིན་མོ་ཁྱི་ཡི་མགོ་ཅན་བཏུལ། །ལྷག་མ་སོགས། སེམས་དཔའ་རྡོ་རྗེ་སྙིང་པོ་ཡིས། །མཁའ་འགྲོ་ཕག་གདོང་མ་རུ་སྤྲུལ། །སྲིན་མོ་ཕག་གི་མགོ་ཅན་བཏུལ། །ལྷག་སོགས། སེམས་དཔའ་ནམ་མཁའ་མཛོད་ཀྱིས་ནི། །མཁའ་འགྲོ་རྔ་མོང་གདོང་མར་སྤྲུལ། །སྲིན་མོ་རྔ་མོང་མགོ་ཅན་བཏུལ། །ལྷག་སོགས། སེམས་དཔའ་འོད་དཔག་མེད་ཀྱིས་ནི། །མཁའ་འགྲོ་བོང་བུའི་གདོང་མར་སྤྲུལ། །སྲིན་མོ་བོང་བུའི་མགོ་ཅན་བཏུལ། །ལྷག་སོགས། སེམས་དཔའ་ངན་སོང་ཀུན་སྦྱོང་གིས། །མཁའ་འགྲོ་ར་མགོ་མ་རུ་སྤྲུལ། །སྲིན་མོ་ར་ཡི་མགོ་ཅན་བཏུལ། །ལྷག་སོགས། སེམས་དཔའ་རྒྱལ་བ་ཡེ་ཤེས་ཀྱིས། །མཁའ་འགྲོ་བྱི་ལའི་མགོ་ཅན་སྤྲུལ། །སྲིན་མོ་བྱི་ལའི་མགོ་ཅན་བཏུལ། །ལྷག་མ་སོགས། སེམས་དཔའ་བློ་གྲོས་མི་ཟད་པས། །མཁའ་འགྲོ་ཀེང་རུས་མ་རུ་སྤྲུལ། །སྲིན་མོ་ཀེང་རུས་འཛིན་མ་བཏུལ། །ལྷག་སོགས། སེམས་དཔའ་སྤོབས་པ་བརྩེགས་པ་ཡིས། །མཁའ་འགྲོ་རུས་ཕྲེང་ཅན་དུ་སྤྲུལ། །སྲིན་མོ་རུས་པའི་ཕྲེང་ཅན་བཏུལ། །ལྷག་སོགས། བྱང་ཆུབ་སེམས་དཔའ་བྱམས་པ་ཡིས། །མཁའ་འགྲོ་བུམ་སྣ་མ་རུ་སྤྲུལ། །སྲིན་མོ་བུམ་སྣའི་ཆུང་མ་བཏུལ། །ལྷག་སོགས། སེམས་དཔའ་ངན་སོང་ཀུན་འདྲེན་གྱིས། །མཁའ་འགྲོ་རྣམ་པར་འཇོམས་མར་སྤྲུལ། །གཤིན་རྗེ་རྣམ་འཇོམས་ཆུང་མ་བཏུལ། །ལྷག་སོགས། སེམས་དཔའ་སྤོས་ཀྱི་གླང་པོ་ཡིས། །མཁའ་འགྲོ་དྷ་ཤ་གྲཱི་བར་སྤྲུལ། །ལྷག་སོགས། བྱང་སེམས་དོན་ཡོད་གྲུབ་པ་ཡིས། །མཁར་འགྲོ་འབོད་སྒྲོག་མ་རུ་སྤྲུལ། །གནོད་སྦྱིན་འབོད་སྒྲོག་ཆུང་མ་བཏུལ། །ལྷག་སོགས། ཧཱུཾ་དཔལ་ཆེན་རཀྴ་ཧེ་རུ་ཀར། །ཕོ་ཉའི་ཚོགས་ཀྱིས་བསྐོར་བ་ནི། །འོད་ཟེར་སུམ་བརྒྱ་དྲུག་ཅུར་ལས། །ཕོ་ཉ་སུམ་བརྒྱ་དྲུག་ཅུར་སྤྲུལ། །ཤར་དུ་འོད་ཟེར་དཀར་པོ་ལས། །དུང་གི་མི་མོ་དྲུག་ཅུར་སྤྲུལ། །དྲི་ཟའི་གདོན་ཚོགས་དྲུག་ཅུ་བཏུལ། །ལྷག་སོགས། ལྷོ་རུ་འོད་ཟེར་སྔོན་པོ་ལས། །ལྕགས་ཀྱི་མི་མོ་དྲུག་ཅུར་སྤྲུལ། །གཤིན་རྗེའི་གདོན་ཚོགས་དྲུག་ཅུ་བཏུལ། །ལྷག་སོགས། ནུབ་ཏུ་འོད་ཟེར་དམར་པོ་ལས། །ཟངས་ཀྱི་མི་མོ་དྲུག་ཅུར་སྤྲུལ། །ཀླུ་ཡི་གདོན་ཚོགས་དྲུག་ཅུ་བཏུལ། །ལྷག་སོགས། བྱང་དུ་འོད་ཟེར་ལྗང་ཁུ་ལས། །གཡུ་ཡི་མི་མོ་དྲུག་ཅུར་སྤྲུལ། །གནོད་སྦྱིན་གདོན་ཚོགས་དྲུག་ཅུ་བཏུལ། །ལྷག་སོགས། སྟེང་དུ་འོད་ཟེར་སེར་པོ་ལས། །གསེར་གྱི་མི་མོ་དྲུག་ཅུར་སྤྲུལ། །ཡ་བདུད་གདོན་ཚོགས་དྲུག་ཅུ་བཏུལ། །ལྷག་སོགས། འོག་ཏུ་འོད་ཟེར་སྣ་ཚོགས་ལས། །བསེ་ཡི་མི་མོ་དྲུག་ཅུར་སྤྲུལ། །མ་མོའི་གདོན་ཚོགས་དྲུག་ཅུ་བཏུལ། །ལྷག་སོགས། ཧཱུཾ། དཔའ་ཆེན་རཀྴ་ཧེ་རུ་ཀར། །ཀིང་ཆེན་ཚོགས་ཀྱིས་བསྐོར་བ་ནི། །དཔལ་ཆེན་ཧེ་རུ་ཀ་བཞད་པས། །རྡོ་རྗེ་ཀིང་ཆེན་བཅོ་བརྒྱད་སྤྲུལ། །གདོན་གྱི་རྒྱལ་པོ་བཅོ་བརྒྱད་བཏུལ། །ལྷག་སོགས། ཧཱུཾ། དཔལ་ཆེན་རཀྴ་ཧེ་རུ་ཀར། །མ་བདུད་ཚོགས་ཀྱིས་བསྐོར་བ་ནི། །དཔལ་ཆེན་ཐུགས་ཀྱི་སྦྱོར་བ་ཡིས། །ཡི་གེ་ཧཱུཾ་བདུན་སྤྲོས་པ་ལས། །གསང་བའི་མ་མོ་བདུན་དུ་སྤྲུལ། །སྲིན་མོ་ཆེན་མོ་བདུན་པོ་བཏུལ། །ལྷག་སོགས། ཧཱུཾ། དཔའ་ཆེན་རཀྴ་ཧེ་རུ་ཀར། །སྲིང་མོ་བཞི་ཡིས་བསྐོར་བ་ནི། །གླིང་བཞི་དབང་འགྱུར་ཆེན་མོ་ཡིས། །སྲིང་མོ་ཆེན་མོ་བཞི་རུ་སྤྲུལ། །བགེགས་ཀྱི་རྒྱལ་པོ་བཞི་པོ་བཏུལ། །ལྷག་སོགས། ཧཱུཾ། བཅོམ་ལྡན་རྡོ་རྗེ་མི་བསྐྱོད་པས། །དཔལ་ཆེན་བཛྲ་ཧེ་རུར་སྤྲུལ། །དབུས་ཀྱི་ཡི་དྭགས་སྲིན་པོ་བཏུལ། །ལྷག་སོགས། བཅོམ་ལྡན་རྣམས་པར་སྣང་མཛད་ཀྱིས། །དཔལ་ཆེན་བུདྡྷ་ཧེ་རུར་སྤྲུལ། །ཤར་གྱི་དྲི་ཟ་སྲིན་པོ་བཏུལ། །ལྷག་སོགས། བཅོམ་ལྡན་རིན་ཆེན་འབྱུང་ལྡན་གྱིས། །དཔའ་ཆེན་རཏྣ་ཧེ་རུར་སྤྲུལ། །ལྷོ་ཡི་གཤིན་རྗེ་སྲིན་པོ་བཏུལ། །ལྷག་སོགས། བཅོམ་ལྡ་སྣང་བ་མཐའ་ཡས་ཀྱིས། །དཔལ་ཆེན་པདྨ་ཧེ་རུར་སྤྲུལ། །ནུབ་ཀྱི་ཀླུ་ཡི་སྲིན་པོ་བཏུལ། །ལྷག་སོགས། བཅོམ་ལྡན་དོན་ཡོད་གྲུབ་པ་ཡིས། །དཔལ་ཆེན་ཀརྨ་ཧེ་རུར་སྤྲུལ། །བྱང་ཕྱོགས་གནོད་སྦྱིན་སྲིན་པོ་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །རྡོ་རྗེའི་དམ་ལས་བྲོ་སྐྱལ་ཏེ། །གཏན་གྱི་བྲན་དུ་མཆིས་ཀྱིས་འཚལ། །སྔོན་གྱི་ཁས་བླངས་དམ་བཅས་བཞིན། །རྡོ་རྗེའི་དམ་ལས་མ་འདའ་ཞིག །ལས་ཀྱི་ལྷག་མ་འདི་ལོངས་ལ། །ཁས་བླངས་དམ་བཅས་ཇི་བཞིན་དུ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཕྱི་ཡི་དཀྱིལ་འཁོར་མཐའ་སྲུངས་ཤིག །རིགས་ཀྱི་ཡུམ་ཆེན་ལྔ་རྣམས་ཀྱིས། །ཁྲོ་མོ་ཆེན་མོ་ལྔ་རུ་སྤྲུལ། །སྲིན་མོ་ཆེན་མོ་ལྔ་རྣམས་བཏུལ། །ལྷག་མ་བྱིན་ནས་དམ་ལ་བཏགས། །སྔོན་གྱི་དམ་ལས་མ་གཡེལ་བར། །བཀའ་ཡི་གཏོར་མ་འདི་བཞེས་ལ། ཐུགས་དམ་ཆེན་པོ་ཇི་བཞིན་དུ། །རྣལ་འབྱོར་བཅོམ་བའི་ཕྲིན་ལས་མཛོད། །ཅེས་བྱའོ། །མདོའི་ལྷག་ཆོག་འདོར་ལེན་གྱི་སྒོ་ནས་ལུང་ལྷག་ཆེ་བ་ཇི་ལྟར་བྱ་བའི་ལེ་ཚན་ནོ། །བླ་མའི་གསུང་ངག་བདུད་རྩི་རྣ་དབང་ལས། ཆོས་ཀྱི་འཁོར་ལོར་ཡོངས་འཁྱིལ་འདུས་པ་མདོའི། །ཆོ་གའི་བཟུར་འདེབས་སྔོན་མེད་ལེགས་བཤད་དཔལ། །ལྷ་ཡི་དཔག་བསམ་སྙེ་མ་དེ་རིང་འཁྲུངས། །དགེ་འདིས་རྒྱུད་ལུང་མན་ངག་རྩེར་སོན་པ། །མདོ་ཡི་དབང་བཞིའི་ཆུ་བོས་རབ་སྨིན་ནས། །བསྐྱེད་རྫོགས་ཆོས་ཀྱིས་འགྲོ་ཀུན་རྒྱུད་གྲོལ་ཏེ། །དཔལ་ལྡན་འབྲས་རྒྱུད་སྐུ་བཞི་ཐོབ་པར་ཤོག །འདུས་པ་མདོའི་སྒྲུབ་དཀྱིལ་སྒྲུབ་ཁོག་དང་བཅས་པའི་ཟུར་འདེབས་དཔག་བསམ་སྙེ་མ་ཞེས་བྱ་བ་འདི་ཡང་། མཁའ་ཤིང་གྲུབ་པའི་སྐྱེས་ཆེན་དམ་པ་དུ་མའི་གསུང་གིས་བསྐུལ་བ་ལ་བརྟེན་ནས། རིགས་ཀུན་ཁྱབ་བདག་དཔལ་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བླ་མ་དམ་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་བཀའ་དྲིན་གྱིས་འཚོ་བའི་སྨྱོས་ཀྱི་དགེ་སློང་རྨོངས་པ་དྷརྨཱ་ཤྲཱིས་ཤིང་མོ་བྱའི་ལོ་རྒྱལ་ཟླ་བའི་ཚེས་ཉི་ཤུའི་ཉིན་འོག་མིན་ༀ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭར་གྲུབ་པར་སྦྱར་བའོ། །འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པའི་རྒྱུར་གྱུར་ཅིག། །།

རྒྱུད་ལུང་ལ་བརྟེན་པའི་ལས་བཞིའི་སྦྱིན་སྲེག་གི་ངག་འདོན་བཀླག་ཆོག་མར་བྱས་པ་འདོད་སྟེར་དབང་གི་རྒྱལ་པོ། དྷརྨཱ་ཤྲཱི།

རྒྱུད་ལུང་ལ་བརྟེན་པའི་ལས་བཞིའི་སྦྱིན་སྲེག་གི་ངག་འདོན་བཀླག་ཆོག་མར་བྱས་པ་འདོད་སྟེར་དབང་གི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ། །ༀ་སྭ་སྟི་སིདྡྷཾ། ནམ་ཡང་མི་འགྱུར་ལྷུན་གྲུབ་ཕྲིན་ལས་བཞིས། །ཀུན་ཁྱབ་རིས་མེད་འགྲོ་བ་འདུལ་མཛད་པ། །བླ་མ་རྡོ་རྗེ་སེམས་དཔའི་ངོ་བོ་ལ། །ཕྱག་བྱས་རྒྱུད་ལུང་ལས་བཞིའི་སྦྱིན་སྲེག་བྲི། །འདིར་ས་ག་ཟླ་བའི་སྒྲུབ་མཆོད་ཀྱི་དུས་རྒྱུད་ལུང་གི་དཀྱིལ་འཁོར་བཞི་ལ་ལས་རེ་སྦྱར་ནས་སྤྱིར་ལས་བཞི་ཚང་བར་མཛད་པའི་སྦྱིན་སྲེག་གི་ཆོ་ག་མར་བཀོད་པ་ལས། དང་པོ་ཞི་བའི་སྦྱིན་སྲེག་ནི། སྒྱུ་འཕྲུལ་དྲྭ་བ་ཞི་བ་འབྲིང་པོའི་དཀྱིལ་འཁོར་དང་སྦྱར་ནས་སྟོན་ཏེ། དེ་ལ་ཐོག་མར་བཅས་གཤོམ་ནི། ཐབ་སྟེགས་གྲུ་བཞི་པ་རྒྱར་ཁྲུ་དོ་དང་དཔངས་སུ་ཁྲུ་ཕྱེད་པའི་ཁར་དྲི་དཀར་པོ་དང་བ་བྱུང་གིས་ཆག་ཆག་བཏབ། དེའི་སྟེང་ངོས་ཀྱི་མཐའ་ནས་ཟླུམ་སྐོར་གྱི་མུ་ཁྱུད་ནག་པོ་ལ་ༀ་ཡིག་དང་སེང་མགོ་སྤེལ་བའི་ནང་དུ་འཁོར་ལོ་དཀར་པོ་རྩིབས་བཞི་པ་བྲི། དེའི་ལྟེ་བར་ཐབ་ཁུང་རྩིག་ན་རྒྱར་ཁྲུ་གང་དང་དཔངས་སུ་ཁྲུ་ཕྱེད་ཟླུམ་པོར་བསླང་བའི་སྟེང་ནས་ཕྱིར་བཀྱེད་པའི་སོར་བཞིའི་ཚད་ཅན་གྱི་ཁ་ཁྱེར་བང་རིམ་གསུམ་ལ་ནང་ནས་རིམ་པར་འཁོར་ལོ་ལྕགས་ཀྱུ་འོད་ཕྲེང་གིས་བསྐོར་བའི་དབུས་སུ་སྲབ་འཐུག་སོར་གང་ཙམ་པའི་ཐབ་མཚན་འཁོར་ལོ་ༀ་གྱིས་མཚན་པ་སྟེ། ཐམས་ཅད་ཀྱང་ཚོན་དཀར་པོས་ཁ་བསྒྱུར་རོ། །བྲིས་ཐབ་བྱེད་ན། ཐབ་སྟེགས་བྲི་རྩིག་གང་བྱས་ཀྱང་རུང་ཞིང་། གཞིའི་འཁོར་ལོ་ༀ་སེང་སྤེལ་བའི་མུ་ཁྱུད་དང་བཅས་པ་བྲི་དུས་ཁ་ཁྱེར་གྱི་འོག་ཏུ་ཚུད་པས་བྲི་མི་དགོས་ལ། གཞན་ཐམས་ཅད་སྔར་དང་འདྲ་བར་རྡུལ་ཚོན་དཀར་པོས་བྲི་བར་བྱའོ། །གང་ལྟར་ཡང་འོ་མ་ཅན་གྱི་ཤིང་རྩེ་མོའི་ཆ་ལས་བྱུང་བའམ་དགོན་པའི་བ་ལྕི་སྐམ་པོ་སྲོག་ཆགས་མེད་པས་ཐབ་ནང་དུ་ཐབ་ལས་ཅུང་ཟད་དམའ་བ་ཟླུམ་པོར་བརྩིགས་པའི་ཤར་ལྷོར་མེ་ཚང་བཅའ། སྟེགས་བུའི་གྲྭར་མདའ་བཞི་བཙུགས་པ་སྲད་བུ་དཀར་པོས་བསྣོལ་མར་བྲན་ཅིང་སྟེང་ནས་མེ་དར་དཀར་པོས་དགབ། སྟེགས་བུའི་ཤར་ལྷོའི་ཟུར་དུ་མདའ་དར་དམར་པོ་གཟུག །ཐབ་ཀྱི་མདུན་དུ་སྟན་དཀར་ཞིང་འཇམ་པ་དང་། དེའི་གཡས་གཡོན་དུ་ཁྲུ་གང་བའི་ཚད་ཀྱི་རྫས་སྟེགས་དང་མཆོད་སྟེགས་དཀར་པོ་སྟེ་གསུམ་ཀ་ལ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་རེ་བྲི། སྟན་གྱི་མདུན་དུ་ཞེང་མཐོ་གང་དང་དཔངས་སློབ་དཔོན་གྱི་སྐེད་པ་ཙམ་སླེབ་པ་མེ་ཡོལ་གངས་རི་བྲིས་པ་བཞག །གཡས་ཕྱོགས་རྫས་སྟེངས་ཀྱི་པདྨའི་ལྟེ་བར་ལས་བྱུང་བའི་མར་ཁུ་དགང་བླུགས་ཀྱི་གཟར་བུ་ཁ་སྦྱར་བ་དང་བཅས་པ། མདུན་གྱི་འདབ་མར་འོ་མ་ཅན་གྱི་རྩེ་མོའི་ཆ་ལས་བྱུང་བའི་ཡབ་ཤིང་མཐོ་གང་བ་རྩེ་གཉིས་མར་ཁུར་ཉུག་པ། པད་འདབ་ལྷག་མ་བདུན་ལ་ཏིལ་དཀར། མངར་གསུམ། ནས་དཀར་དང་འབྲས་དཀར་གྱི་ཆན་སོགས་ཁ་ཟས་དཀར་པོ་དང་། ཙནྡན་དཀར་པོ་སོགས་དྲི་དཀར་པོའི་རིགས་དང་། ཙམ་པ་ཀ་སོགས་མེ་ཏོག་དཀར་པོའི་རིག་ཏེ་ཐམས་ཅད་རང་བཞིན་ནམ་བཅོས་པས་དཀར་བ་འདས་མ་འདས་ཀྱི་ཁྱད་པར་གྱིས་ཕྱི་ནང་ཉིས་རིམ་དང་། ཐུགས་དམ་བསྐུལ་བའི་རྫས་ཡུངས་ཀར་རྣམས་རིན་པོ་ཆེ་དཀར་པོའི་སྣོད་དུ་བཤམ། གཡོན་ཕྱོགས་མཆོད་སྟེགས་ཀྱི་པདྨའི་ལྟེ་བར། འོ་མ་འབྲས་ཆན་དངུལ་ཕྱེ་མེ་ཏོག་དཀར་པོ་རྣམས་དང་བསྲེས་པའི་མར་དཀར་གྱི་འདས་གཏོར་ཟླུམ་པོ་རིལ་བུ་དྲུག་གིས་བསྐོར་བ་མཉྫིའི་སྟེང་བཀོད་པའི་མདུན་དུ་རྒྱུ་དེ་ལས་འཇིག་རྟེན་པའི་གཏོར་མ་དཀར་ཟླུམ། མདུན་གྱི་པད་འདབ་ལ་རྡོར་དྲིལ། དེའི་གཡས་གཡོན་གྱི་འདབ་མར་སྨན་རཀ །པད་འདབ་ལྷག་མ་ལྔ་ལ་ཞབས་བསིལ་དང་བཞི་བསྣོལ་གྱི་མཆོད་རྫས་རང་བཞིན་ནམ་བཅོས་པས་དཀར་བ་གཡས་བསྐོར་དུ་བཤམ་ཞིང་། ལས་བུམ་ཡང་ཅི་བདེར་བཞག་གོ། །དེ་ལྟར་ཤོམས་ཟིན་ནས་ཆོ་ག་ནི། སློབ་དཔོན་ཆས་གོས་དང་རིན་པོ་ཆེའི་རྒྱན་དཀར་པོས་བརྒྱན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་ཤིས་པའི་ཕྱོགས་སུ་ཁ་བལྟས་པས་འདུག་ནས། དོན་གྱི་སེམས་ཆོས་ཐམས་ཅད་ཀྱི་གཤིས་ལུགས་ལྷག་པ་བདེན་པ་དབྱེར་མེད་ཀྱི་ལྟ་བ་རྟོགས་ཤིང་བྱང་ཆུབ་ཀྱི་སེམས་དང་ལྡན་པས། ཀུན་སློང་སྟོངས་ཀྱི་སེམས་རང་གཞན་གྱི་གནོད་སྡིག་སེལ་བར་འདོད་པའི་སེམས་ཞི་ཞིང་དང་པའི་སྒོ་ནས། ངག་སྔགས་རྣམས་ཕྲ་ཞིང་ཞི་ལ་རྒྱུན་མི་ཆད་པར་བཟླ་བའི་ཚུལ་གྱིས་ཆོ་གའི་ལས་ལ་འཇུག་སྟེ། ༀ་ཛི་ན་ཛིཀ྄་ཕཊ་ཛཿ ཞེས་པས། རང་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་རྣམ་སྣང དཀར་པོ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པས་འཐོན་ནས་དཀྱིལ་འཁོར་གྱི་ཤར་སྒོའི་ཐད་དུ་འཁོད་དེ་སྦྱིན་སྲེག་གི་ལས་རིམ་ལ་འཇུག་པར་མོས་ལ། རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ་དང་། དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོག་པ། གཉིས་ཀའང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་མོས་པ་བརྟན་པར་བྱས་ལ། ༀ་མ་ཧཱ་བཛྲ་ཧཱུཾ། གིས་རྡོ་རྗེ་གསོར་ཞིང་ཐུགས་ཀར་འཛིན། ༀ་བཛྲ་གྣཎྜེ་ཨཱཿས་དྲིལ་བུ་བཀྲོལ་ཞིང་དཀུར་བརྟེན། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་འཁྱུད་རྒྱ་བྱས་ཏེ་དམ་ཚིག་གསུམ་དྲན་པར་བྱའོ། །དེ་ནས་ཕྱི་མཆོད་རྣམས་སྒྲུབ་ཐབས་ལྟར་བརླབ་ཅིང་། སྨན་རཀ་གཉིས་སྔགས་ཙམ་གྱིས་བྱིན་རླབས་གསོ། ལས་གཏོར་དང་སྲེག་རྫས་རྣམས་ལ་ལས་བུམ་གྱི་ཆུ་འཐོར་ཞིང་། ཧཱུཾ་བིགྷྣཱ་ནྟ་ཀྲྀཏ་ཕཊ་དང་། སྭ་བྷཱ་ཝས་བསང་སྦྱངས། སྟོང་པའི་ངང་ལས་མ་དང་ཨ་ལས་ཉི་ཟླའི་གའུའི་སྣོད་དུ་རང་གི་ཐུགས་ཀ་ནས་གཏོར་མའི་གནས་སུ་འབྲུ་གསུམ་དང་། སྲེག་རྫས་ཀྱི་གནས་སུ་འབྲུ་ལྔ་སྤྲོས་ཏེ་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ཞི་བའི་ལས་གཏོར་རིན་པོ་ཆེའི་མཆོད་སྡོང་འོད་ཟེར་དཀར་པོ་འཕྲོ་བ་དང་། སྲེག་རྫས་རྣམས་རོ་བརྒྱ་ལྡན་པའི་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་ནམ་མཁའ་གང་བས་ཞི་བའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་བསམས་ལ། ༀ་ཨཱཿཧཱུཾ། ༀ་ཧཱུཾ་སྭཱ་ཨཱཾ་ཧཱཾ། ཞེས་བཟླས་པས་བྱིན་གྱིས་བརླབས། དེ་ནས་ཐབ་བསང་སྦྱངས། སྟོང་པའི་ངང་ལས་མདུན་དུ་བྷྲཱུཾ་ཡིག་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་འཁོར་ལོའི་ལྟེ་བ་ལ་གནས་པའི་ཞི་བའི་ཐབ་ཁུང་དཀར་ཞིང་ཟླུམ་པ་ཁ་ཁྱེར་བང་རིམ་གསུམ་དང་ལྡན་པ་འོད་ཟེར་དཀར་པོ་འཕྲོ་བར་གྱུར། རང་གི་ཐུགས་ཀ་ནས་རཾ་ཡིག་ཐབ་ནང་དུ་སྤྲོས་པ་ལས་ཡེ་ཤེས་ཀྱི་མེ་འོད་དཀར་པོ་འབར་བར་བསམ་ལ། ༀ་ཨགྣེ་ཡེ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ། ཅེས་རྒྱུན་བཞག་གམ་གཙུབ་ཤིང་ལས་བྱུང་བའི་མེ་དུ་བ་མེད་པ་སྤར་ལ། ཐབ་ཀྱི་མེའི་དབུས་སུ་མ་དང་དིཿལས་བྱུང་བའི་ཉི་མ་དང་ར་སྐྱེས་ཀྱི་གདན་ལ་ༀ་ཡིག་དཀར་པོ་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་ཨགྣེ་དེ་ཝ་རྀ་ཥི་ཧཱུཾ་ཞི་བའི་མེ་ལྷ་དཀར་པོ་ཞི་ཞིང་འཛུམ་པ་དྲང་སྲོང་གི་ཆ་བྱད་ཅན་གནྡྷེ་དང་བགྲང་ཕྲེང་འཛིན་པའི་སྐུར་གྱུར། ཨ་དཪྴ་སོགས་ཀྱིས་བསྐུར་བརླབ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་བཅས་བཞེངས་པར་བསམས་ལ། ཨགྣེ་དེ་ཝ་ས་མ་ཡ་ཧཱུཾ་ཛཿ ཞེས་སེ་གོལ་བསྣོལ་མར་གདབ། མདའ་དར་དམར་པོས་གཡབ་ཅིང་། ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོང་བྲམ་ཟེ་མཆོག །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ལྕགས་ཀྱུའི་རྒྱ་དང་བཅས། ཨགྣེ་དེ་ཝ་རྀ་ཥི་ཛཿ ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་བསྟིམ། ཀུན་བཟང་། ཞབས་བསིལ། བཞི་བསྣོལ་གྱིས་མཆོད། མེ་ལྷ་ཞལ་ཅུང་ཟད་གདངས་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་བསམས་ལ། ལག་གཉིས་དེ་བཞིན་གཤེགས་པའི་ཁུ་ཚུར་དུ་བྱས་པས་དགང་བླུགས་བཟུང་ནས། ༀ་ཨགྣེ་ཡེ་སྭཱ་ཧཱ། ཞེས་གཡས་པའི་བླུགས་གཟར་བདུན་གྱིས་གཡོན་པའི་དགང་གཟར་བཀང་རྗེས་གཟར་བུ་ཁ་སྦྱར་ཏེ་པུས་མོའི་ནང་ལས་མི་འདའ་བས་གཡས་བསྐོར་གྱིས། ༀ་ཨགྣེ་དེ་ཝ་རྀ་ཥི་ཧ་བྱ་ཀ་བྱ་དི་བྱ་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་དགང་བླུགས་ཕུལ། དེ་རྗེས་སྔགས་དེ་ཁོ་ནས་ཡམ་ཤིང་། མར་ཁུ། སྲེག་རྫས་རྣམས་རེ་རེ་ནས་ལྔའམ་བདུན་སོགས་ཇི་ལྟར་རིགས་པ་ཕུལ་ལ། ཧཱུཾ། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་སྐྱོབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུ་སྤྲུལ་པ། །རིག་སྔགས་གྲུབ་པ་དྲང་སྲོང་ཚུལ། །ཉོན་མོངས་སྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་བཞིན་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱིས་སྤྲུལ་པའི་ཐེག་པ་ཆིབས། །བགྲང་ཕྲེང་འཛིན་ཅིང་རིག་སྔགས་གསུངས། །བདུད་རྩིའི་བཅུད་ཅན་གུནྡྷེ་བསྣམས། །ཆོས་ཀྱི་བདུད་རྩིས་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བསྟོད་ལ། ཡུངས་ཀར་ཐབ་ཏུ་འཐོར་ཞིང་། ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་སྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་འདོད་དོན་གསོལ། དེ་དག་སྦྱིན་ལྷ་སྟེ་འཇིག་རྟེན་པའི་ལྷ་མཆོད་པའི་ཆོ་གའོ། །དེ་ནས་སྲེག་ལྷ་ཞེས་པ་འདས་པའི་མེ་ལྷ་མཆོད་པ་ནི། མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་བྷྲཱུཾ་ཡིག་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་གདན་དང་བཅས་པ་གསལ་བར་བསམས་ཏེ། ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ། །ཞེས་པ་ནས། ཉི་ཟླ་པདྨ་རིན་པོ་ཆེ། །ཞེས་པའི་བར་གྱིས་གསལ་བཏབ་ལ། ༀ། བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །ཚོགས་མཆོག་དཀྱིལ་འཁོར་གཤེགས་སུ་གསོལ། །ༀ་ཨེ་ཧྱེ་ཧི་ཨཱ་ན་ཡ་ཛཿ་ཧཱུཾ་བཾ་ཧོཿ ཞེས་པས་སྒྲུབ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལས་ཀྱི་རྡོ་རྗེས་སོ་སོའི་སྔགས་བརྗོད་ཅིང་མཎྜལ་མེ་ཏོག་གིས་མཚོན་པར་སྤྱན་དྲངས་པ་སློབ་དཔོན་ལ་གཡས་སུ་བསྐོར་ཏེ་གཡོན་ཕྱོགས་ནས་ཕུལ་བ་ལས་མེ་ཏོག་ཐབ་ཏུ་དོར་བ་དང་མཉམ་དུ། ༀ་ཛི་ན་ཛིཀ྄ །ལཱཾ་དྭེ་ཥ་ར་ཏི། ཧཱུཾ་བཛྲ་དྷྲིཀ྄ །སོགས་སོ་སོའི་སྔགས་བརྗོད་པས། བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ལ་སོགས་ཏེ་བཞི་བཅུ་རྩ་གཉིས་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་སྐུ་མདོག་དཀར་པོ་གཡས་འཁོར་ལོ་དང་གཡོན་རང་རྟགས་འཆང་བ་སོ་སོའི་གདན་ལ་བཞུགས་པའི་སྐུ་ལས་འོད་ཟེར་དཀར་པོ་ཕྲེང་བ་མཁའ་ཁྱབ་ཏུ་སྤྲོ་བས་ཞི་བའི་ཕྲིན་ལས་མཛད་པར་བསམས་ལ། གདན་ལ་རྫོགས་དང་སེམས་དཔའི་ཚུལ། །ཞེས་པ་ནས། དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །ཅེས་པའི་བར་སྐུ་མདོག་སྟོན་པའི་རྐང་པ་གཉིས་དོར་བས་གསལ་བཏབ་ལ། ཀུན་བཟང་། ཞབས་བསིལ། བཞི་བསྣོལ་གྱིས་མཆོད། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ལྗགས་རྡོ་རྗེ་འོད་ཀྱི་སྤུ་གུ་ཅན་གྱིས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་བསམས་ལ། ༀ་ཛི་ན་ཛིཀ྄ །ཅེས་བདུན་གྱིས་བཀང་བའི་དགང་བླུགས་ཁ་སྦྱར་བ། ལུང་ལས་བཤད་པའི་ཞི་བ་ཞེ་གཉིས་ཀྱི་སྤྱི་སྔགས། ༀ་བོདྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཞེས་པའི་མཐར་སྤེལ་ཚིག་སྔར་ལྟར་བཏགས་པས་ལན་གསུམ་ཕུལ། དེ་ནས་ཡམ་ཤིང་མར་ཁུ་སོགས་སྲེག་རྫས་གཞན་རྣམས་ལྷ་རང་རང་གི་སྔགས་ཀྱིས་སོ་སོར་གཙོ་འཁོར་གྱི་འགྲོས་སྦྱར་ཏེ་འབུལ་བའམ། མི་ནུས་ན་བོ་དྷིཙིཏྟས་སྤྱིར་བརྒྱའམ་ཉེར་གཅིག་ཙམ་བཅུ་ཚན་རེ་རེའི་མཐར་སྤེལ་ཚིག་སྔར་ལྟར་སྦྱར་ནས་འབུལ་ལོ། །དེ་རྗེས། ༀ་ཛི་ན་ཛིཀ྄་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་ཁཱ་ཧིས་ལས་གཏོར་དང་། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧིས་སྨན་རཀ་ཕུལ་ནས། ༀ། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཞེས་སོགས་ཀྱིས་བསྟོད་ལ། ཐབ་ཁུང་དུ་ཡུངས་ཀར་འཐོར་ཞིང་། ༀ། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་འབར་བའི་སྦྱིན་སྲེག་འབུལ། །བདག་གིས་ཞི་བའི་ཕྲིན་ལས་མཐར་ཕྱིན་ནས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་མཛོད། །ཅེས་གསོལ་པ་བཏབ་པས་ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས་བསྒྲུབ་བྱ་ལ་རེག་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་བསམ་མོ། །དེ་ནས་གཏང་རག་གི་མཆོད་བསྟོད་དང་བཟོད་གསོལ་བྱས་ལ། སྔར་ལྟར་མེ་ཏོག་གིས་སྤྱན་དྲངས་ཏེ། དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་སྒྲུབ་པའི་དཀྱིལ་འཁོར་ལ་གཤེགས། གཞལ་ཡས་ཁང་གདན་དང་བཅས་པ་རང་ལ་ཐིམ་པར་བསམ་མོ། །སླར་ཡང་། ༀ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ། ཅེས་བླུགས་གཟར་གྱི་མར་ཁུས་མེ་གསོལ་ཏེ། འཇིག་རྟེན་པའི་མེ་ལྷ་སྔར་བཞིན་གསལ་བར་བསམས་ལ། ༀ་ཨགྣེ་དེ་ཝ་རྀ་ཥི་ཧ་བྱ་སོགས་ཀྱིས་སྲེག་རྫས་ལྷག་རྣམས་ཕུལ། ཀུན་བཟང་སོགས་ཀྱིས་མཆོད། ༀ་ཨགྣེ་དེ་ཝ་རྀ་ཥི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧིས་ལས་གཏོར་དང་སྨན་རཀ་ཕུལ། མེ་སྟེ་སྲེག་བྱས་བསྟོད། ཡིག་བརྒྱས་ནོངས་པ་བཤགས། བཛྲ་མུཿས། མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་འབར་བའི་རྣམ་པར་གྱུར་པར་བསམ་ལ་ལས་ཀྱི་རྗེས་བསྡུ་ཞིང་བསྔོ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ།། ༈ །།གཉིས་པ་རྒྱས་པའི་སྦྱིན་སྲེག་ནི། ལུང་ཨ་ནུ་ཡོ་ག་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་དང་སྦྱར་ནས་སྟོན་ཏེ། དེ་ལ་ཐོག་མར་བཅས་གཤོམ་ནི། ཐབ་སྟེགས་ཁྲུ་དོ་གྲུ་བཞི་པ་དཔངས་སུ་ཁྲུ་ཕྱེད་བརྩིག་གམ་མ་བརྩིག་ཀྱང་རུང་སྟེ། དེ་ལ་དྲི་སེར་པོ་དང་བ་བྱུང་གིས་ཆག་ཆག་བཏབ་པའི་ཁར་ཐབ་ཁུང་གྲུ་བཞི་པ་རྒྱར་ཁྲུ་གང་དང་དཔངས་སུ་ཁྲུ་ཕྱེད་པ་སོར་བཞི་པའི་ཁ་ཁྱེར་བང་རིམ་གསུམ་ལ་ནང་ནས་རིམ་པར་འོད་ཕྲེང་ཞགས་པ་རིན་པོ་ཆེ་རྣམས་ཀྱིས་བསྐོར་བའི་དབུས་སུ་ཐབ་མཚན་རིན་པོ་ཆེ་ཏྲཱཾ་ཡིག་གིས་མཚན་པ་སྟེ། བྲི་རྩིག་གང་བྱེད་ཀྱང་ཐམས་ཅད་ཁ་དོག་སེར་པོར་བྱ་ཞིང་། ཐབ་ནང་དུ་བུད་ཤིང་འབྲས་བུ་ཆགས་པའམ་ཁ་དོག་སེར་ཞིང་འོ་མ་ཅན་གྱི་ཡལ་གའི་ཆ་ལས་བྱུང་བས་ཐབ་དབྱིབས་སུ་ཐབ་ལས་ཅུང་ཟད་དམའ་བ་བརྩིགས་པའི་ཤར་ལྷོར་མེ་ཚང་བཅའ། སྟེགས་བུའི་གྲྭར་མདའ་བཞི་སྲད་བུ་སེར་པོས་བསྣོལ་མར་བྲན་ཞིང་སྟེང་ནས་མེ་དར་སེར་པོས་དགབ། ཤར་ལྷོའི་གྲྭར་མདའ་དར་དམར་པོ་གཟུག །ཐབ་ཀྱི་མདུན་དུ་སློབ་དཔོན་གྱི་གདན་དང་། དེའི་གཡས་གཡོན་དུ་རྫས་མཆོད་ཀྱི་སྟེགས་ཏེ་གསུམ་ཀ་སེར་པོ་ལ་པདྨ་འདབ་བརྒྱད་རེ་རེ་བྲི། སྟན་གྱི་མདུན་དུ་ཞེང་མཐོ་གང་དང་དཔངས་སློབ་དཔོན་གྱི་སྐེད་པ་ཙམ་སླེབ་པའི་མེ་ཡོལ་གངས་རི་བྲིས་པ་བཞག །གཡས་ཕྱོགས་རྫས་སྟེགས་ཀྱི་པདྨའི་ལྟེ་བར་རྩི་མར་གྱི་མར་ཁུ་དགང་བླུགས་ཁ་སྦྱར་བ་དང་བཅས་པ། མདུན་གྱི་པད་འདབ་ལ་རྒྱུ་བུད་ཤིང་དང་འདྲ་བའི་ཡམ་ཤིང་མཐོ་གང་བརྩེ་གཉིས་མར་ཁུས་ཉུགས་པ། པད་འདབ་ལྷག་མ་བདུན་ལ་མངར་གསུམ་དང་། ཞོ་དང་། མར་སྦྲང་གྲོ་ཆན་ཐུད་སོགས་ཁ་ཟས་དང་། སྟར་ཁ་རྒུན་འབྲུ་སོགས་འབྲས་བུའི་རིགས་དང་། འབྲས་སོགས་འབྲུ་སྣ་ཚོགས་དང་། དྲི་སེར་པོའི་རིགས་དང་། དུརྦ་སོགས་རང་བཞིན་ནམ་བཅོས་པས་སེར་པོར་བྱས་པ་འདས་མ་འདས་ཀྱི་ཁྱད་པར་གྱིས་ཕྱི་ནང་ཉིས་རིམ་དང་ཐུགས་དམ་བསྐུལ་བའི་རྫས་ཡུངས་ཀར་རྣམས་བཀོད། གཡོན་ཕྱོགས་མཆོད་སྟེགས་ཀྱི་པདྨའི་ལྟེ་བར་གསེར་ཕྱེ་མེ་ཏོག་སེར་པོ་གྲོ་དང་རྒུན་འབྲུའི་ཕྱེ་ལྡོང་རོས་ཞོ་རྣམས་མར་ཁ་དོག་སེར་པོར་བསྒྱུར་བ་དང་བསྲེས་པའི་འདས་གཏོར་གྲུ་བཞི་པད་འདབ་བཞིས་བསྐོར་བ་མཉྫི་ལ་བཀོད་པའི་མདུན་དུ་རྒྱུ་དབྱིབས་ཁ་དོག་སྔར་འདྲའི་འཇིག་རྟེན་པའི་གཏོར་མའང་བཀོད། མདུན་གྱི་འདབ་མར་རྔོར་དྲིལ། དེའི་གཡས་གཡོན་གྱི་འདབ་མར་སྨན་རཀ །འདབ་མ་ལྷག་མ་ལྔ་ལ་ཞབས་བསིལ་དང་བཞི་བསྣོལ་གྱི་མཆོད་རྫས་རང་བཞིན་ནམ་བཅོས་པས་སེར་བ་གཡས་བསྐོར་དུ་བཤམ་ཞིང་། ལས་བུམ་ཡང་ཅི་བདེར་བཞག་གོ། །དེ་ནས་ཆོ་གའི་ལས་རིམ་ནི། སློབ་དཔོན་ཆས་གོས་སེར་པོ་གྱོན་ཞིང་རིན་པོ་ཆེ་སེར་པོའི་རྒྱན་གྱིས་བརྒྱན་ལ་མཉམ་པའི་སྐྱིལ་ཀྲུང་གིས་ཤིས་པའི་ཕྱོགས་སུ་ཁ་བལྟ་བས་འདུག་ནས། དོན་གྱི་སེམས་དཀྱིལ་འཁོར་རྣམ་གསུམ་དབྱེར་མེད་བདེ་བ་ཆེན་པོར་རྟོགས་ཤིང་བྱང་ཆུབ་ཀྱི་སེམས་དང་ལྡན་པས། སྟོངས་ཀྱི་སེམས་རང་གཞན་གྱི་མཐུན་ཕྱོགས་རྒྱས་པ་ལ་དགའ་ཞིང་སྤྲོ་བའི་སྒོ་ནས་ངག་སྔགས་རྣམས་གསལ་ཞིང་འཚེར་བར་བཟླ་བའི་ཚུལ་གྱིས་ཆོ་གའི་ལས་ལ་འཇུག་སྟེ། སྭཱཾ་རཏྣ་དྷྲིཀ྄་ཕཊ་ཛཿ ཞེས་པས། རང་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་རིན་ཆེན་འབྱུང་ལྡན་སེར་པོ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པས་འཐོན་ནས་དཀྱིལ་འཁོར་གྱི་ལྷོ་སྒོའི་ཐད་དུ་འཁོར་དེ་སྤྱིན་སྲེག་གི་ལས་རིམ་ལ་འཇུག་པར་མོས་པས། རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ། དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོག་པ། གཉིས་ཀའང་དོན་དམ་པ་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་མོས་ལ། ༀ་མ་ཧཱ་བཛྲ་ཧཱུཾ་གིས་རྡོ་རྗེ་གསོར་ཞིང་ཐུགས་ཀར་འཛིན། ༀ་བཛྲ་གྷཎྜེ་ཨཿས་དྲིལ་བུ་གསིལ་ཞིང་དཀུར་བརྟེན། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ ྅ཧཾ། ཞེས་འཁྱུད་རྒྱ་བྱས་ཏེ་དམ་ཚིག་གསུམ་དྲན་པར་བྱའོ། །དེ་ནས་ཕྱི་མཆོད་རྣམས་སྒྲུབ་ཐབས་ལྟར་བརླབ་ཅིང་། སྨན་རཀ་གཉིས་སྔགས་ཙམ་གྱིས་བྱིན་རླབས་གསོས་ལ། ལས་གཏོར་དང་སྲེག་རྫས་རྣམས་ལ་ལས་བུམ་གྱི་ཆུ་འཐོར་ཞིང་། ཧཱུཾ་བིགྷྣཱནྟ་ཀྲྀ་ཏ་ཕཊ་དང་། སྭ་བྷཱ་ཝས་བསང་སྦྱངས། སྟོང་པའི་ངང་ལས་མ་ཨ་ཞེས་བརྗོད་པས་ཉི་ཟླ་གའུའི་སྣོད་དུ་རང་གི་ཐུགས་ཀ་ནས་ཏྲཱཾ་སེར་པོ་སྤྲོས་པ་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། རྒྱས་པའི་ལས་གཏོར་རིན་པོ་ཆེའི་མཆོད་སྡོང་འོད་ཟེར་སེར་པོ་འཕྲོ་བ་དང་། སྲེག་རྫས་རྣམས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་འདོ་ཡོན་གྱི་རྣམ་པ་ཐམས་ཅད་པར་འཆར་བའི་སྤྲིན་ནམ་མཁའ་རབ་འབྱམས་གང་བས་རྒྱས་པའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་བསམ་མོ། །དེ་ནས་ཐབས་བསང་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ཞེས་བརྗོད་པས་མདུན་དུ་རྒྱས་པའི་ཐབ་ཁུང་སེར་པོ་གྲུ་བཞི་པ་ཁ་ཁྱེར་བང་རིམ་གསུམ་ལྡན་འོད་ཟེར་སེར་པོ་འཕྲོ་བར་གྱུར། རང་གི་ཐུགས་ཀ་ནས་རཾ་ཡིག་ཐབ་ནང་དུ་སྤྲོས་པ་ལས་ཡེ་ཤེས་ཀྱི་མེ་འོད་སེར་པོར་འབར་བར་བསམ་ལ། ༀ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ། ཅེས་རྗེ་རིགས་ཀྱི་མེའམ་ནོར་བུ་ལས་བྱུང་བའི་མེ་དུ་བ་མེད་པ་སྤར་ལ། ཐབ་ཀྱི་མེའི་དབུས་སུ་ཉི་མ་དང་ར་སྐྱེས་ཀྱི་གདན་ལ་ཨགྣེ་དེ་ཝ་རྀ་ཥི་ཧཱུཾ། ཞེས་བརྗོད་པས་རྒྱས་པའི་མེ་ལྷ་སེར་པོ་སྒེག་ཅིང་གཟི་འབར་དྲང་སྲོང་གི་ཆས་ཅན་རིན་པོ་ཆེའི་སྒྲོམ་བུ་དང་བགྲང་ཕྲེང་འཛིན་པ་གསལ་བར་གྱུར། ས་མ་ཏཱ་སོགས་ཀྱིས་བསྐུར་བརླབ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་བཅས་བཞེངས་པར་བསམས་ལ། ཨགྣེ་དེ་ཝ་ས་མ་ཡ་ཧཱུཾ་ཛཿ ཞེས་སེ་གོལ་བསྣོལ་མར་གདབ། མདའ་དར་དམར་པོས་གཡབ་ཅིང་། ཧཱུཾ། དད་པ་དང་ནི་དམ་ཚིག་གིས། ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོང་བྲམ་ཟེ་མཆོག །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ལྕགས་ཀྱུའི་རྒྱ་དང་བཅས། ཨགྣེ་དེ་ཝ་རྀཾ་ཥི་ཛཿ་ཛཿ ས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿབསྟིམ། ཀུན་བཟང་། ཞབས་བསིལ། བཞི་བསྣོལ་གྱིས་མཆོད། ཧཱུཾ། རིན་ཆེན་རིགས་ལས་གྲུབ་པ་ཡི། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །ཕྲིན་ལས་ཀུན་གྱི་དཔང་པོ་མཛད། །སྟངས་འཛིན་ལྷ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། མེ་ལྷ་ཞལ་ཅུང་ཟད་གདངས་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་བསམས་ལ། རིན་པོ་ཆེའི་ཁུ་ཚུར་གྱིས་དགང་བླུགས་བཟུང་ནས་མར་ཁུ། ༀ་ཨགྣེ་ཡེ་སྭཱ་ཧཱ། ཞེས་གཡས་བླུགས་གཟར་བདུན་གྱིས་གཡོན་པའི་དགང་གཟར་བཀང་རྗེས་གཟར་བུ་ཁ་སྦྱར་ཏེ་པུས་མོའི་ནང་ལས་མི་འདའ་བས་གཡས་སུ་བསྐོར་ཞིང་། ༀ་ཨགྣེ་དེ་ཝ་རྀཾ་ཥི་ཧ་བྱ་ཀ་བྱ་དི་བྱ་མ་ཧཱ་ན་ཡེ་དི་བྱ་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་པུཥྞིཾ་ཀུ་རུ་ༀ། ཞེས་ལན་གསུམ་གྱིས་དགང་བླུགས་ཕུལ། སྔགས་དེས་ཡམ་ཤིང་དང་མར་ཁུ་སྔོན་འགྲོས་སྲེག་རྫས་རྣམས་རེ་རེ་ནས་ལྔའམ་བདུན་སོགས་གྲངས་ཇི་ལྟར་རིགས་པ་ཕུལ་རྗེས། ཡུངས་ཀར་ཐབ་ཏུ་འཐོར་ཞིང་། ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་སྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་བྱིན་གྱིས་བརླབས་ནས་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་རྒྱས་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་འདོད་དོན་གསོལ་ལོ། །དེ་ནས་འདས་པའི་མེ་ལྷ་མཆོད་པ་ནི། ༀ་བཛྲ་ཛྙཱ་ན་ཛྭ་ལ་རཾ། ཞེས་བརྗོད་པས། མེ་ལྷ་ཉིད་ཐུགས་རྗེ་ཡེ་ཤེས་ཀྱི་མེ་འབར་བའི་རྣམ་པར་གྱུར་པའི་ཀློང་དུ། བྷ་ག་གསང་བའི་འོད་ཟེར་ལས། བདེ་གཤེགས་བཞུགས་པའི་གཞལ་ཡས་ཁང་། །ནམ་མཁའི་མཐའ་ལྟར་དཔག་ཏུ་མེད། །དུས་གསུམ་རྒྱལ་བ་རྒྱ་མཚོའི་དབྱིངས། །བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཀ་པཱ་ལ་བྷྲཱུཾ། ཞེས་པའི་སྒྲ་གདངས་ཀྱི་རྐྱེན་ལས་སྟེང་ཁང་ཡེ་ཤེས་རིན་པོ་ཆེ་དང་འོག་ཁང་འབར་བའི་གཞལ་ཡས་ཁང་ཕྱི་ནང་རིམ་པ་དགུ་པའི་ལྷ་གནས་རྣམས་སུ་སོ་སོའི་གདན་དང་བཅས་པ་བཀྲ་ལམ་གྱིས་གསལ་བར་བསམས་ལ། ཧཱུཾ། ཆོས་སྐུ་རིགས་པ་རང་སྣང་བ། །རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་དང་། ཁམས་གསུམ་མ་ལུས་འདུལ་བ་ཡི། ཁྲག་འཐུང་དཀྱིལ་འཁོར་འཁོར་བཅས་དང་། །རྡོ་རྗེ་འཆང་གྲལ་རིམ་བརྙེས་པའི། །རྣལ་འབྱོར་ཆེན་པོའི་རིག་འཛིན་རྣམས། །སྨོན་ལམ་དམ་ཚིག་ཚུལ་བཞིན་དུ། །གནས་འདིར་མ་ལུས་གཤེགས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿ ཨེ་ཧྱེ་ཧི་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཛཿཛཿ ཞེས་པས་སྒྲུབ་མཆོད་ཀྱི་དཀྱིལ་འཁོར་ལས་ལྷ་ཚོགས་ཐམས་ཅད་ལས་རྡོར་གྱིས་སོ་སོའི་སྔགས་བརྗོད་ཅིང་མཎྜལ་མེ་ཏོག་གིས་མཚོན་པར་སྤྱན་དྲངས་ཏེ་སློབ་དཔོན་ལ་ཕུལ་བས་མེ་ཏོག་ཐབ་ཏུ་དོར་ཏེ། སྭཱཾ་རཏྣ་དྷྲིཀ྄་མཱྃ་མོ་ཧ་ར་ཏི། ༀ་ཛི་ན་ཛིཀ྄་ལཱཾ་དྭེ་ཥ་ར་ཏི། ཧཱུཾ་བཛྲ་དྷྲིཀ྄་མཱུཾ་དྷཱ་ཏཱེ་ཤྭ་རཱི། ༀ་ཨཱ་རོ་ལིཀ྄་སོགས་ཞི་སྔགས་དང་། ༀ་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ། དེ་བཞིན་དུ། བུདྡྷ༴ བཛྲ༴ པདྨ་ཤྲཱི་ཧེ་རུ་ཀ་སོགས་ནས། ༀ་མ་ཧཱ་གུ་རུ་ཤ་རི་རཾ་གཱི་ལི་ཧཱུཾ། ཞེས་པའི་བར་དཀྱུས་ལྟར་ཏེ། ཞི་ཁྲོའི་སྔགས་ཐམས་ཅད་ལན་རེ་བརྗོད་པས། སྟེང་ཁང་དུ་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ལ་སོགས་ཏེ་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་བཞི་བཅུ་རྩ་གཉིས་དང་། འོག་ཁང་དུ་བཅོམ་ལྡན་འདས་དཔལ་ཆེན་པོ་རཏྣ་ཧེ་རུ་ཀ་ལ་སོགས་ཏེ་ཧེ་རུ་ཀ་ཡབ་ཡུམ་དགུ། གནས་ཡུལ་སྒོ་སྐྱོང་ཉི་ཤུ། སྤོར་མ་བརྒྱད། གསང་ཡུམ་བཞི། དབང་མོ་ཉེར་བརྒྱད། མཁའ་འགྲོ་སོ་གཉིས། མ་བདུན་སྲིང་བཞི། གིང་ཆེན་བཅོ་བརྒྱད། ཁྲོ་བོ་ཁྲོ་མོ་དྲུག་ཅུ། ཕོ་ཉ་ཉིས་བརྒྱ་བཞི་བཅུ། མ་མོ་དྲུག་ཅུ་སྟེ་བདུད་འདུལ་ཁྲོ་བོའི་དཀྱིལ་འཁོར་གྱི་ལྷ་ཚོགས་དུས་གསུམ་གྱི་རིག་འཛིན་བླ་མ་དང་བཅས་པ་ཐམས་ཅད་ཀྱང་སྐུ་མདོག་སེར་པོ་གཡས་རིན་པོ་ཆེ་དང་། གཡོན་ཞི་བ་རྣམས་དྲིལ་བུ་དང་ཁྲོ་བོ་རྣམས་དུང་ཁྲག་བསྣམས་པ། ལྷ་གནས་སོ་སོར་རང་རང་གི་གདན་ལ་བཞུགས་པའི་སྐུ་ལས་འོད་ཟེར་སེར་པོའི་ཕྲེང་བ་མཁའ་ཁྱབ་ཏུ་སྤྲོ་བས་རྒྱས་པའི་ཕྲིན་ལས་མཛད་པར་གསལ་བཏབ་ལ། ཀུན་བཟང་། ཞབས་བསིལ། བཞི་བསྣོལ་གྱིས་མཆོད། ཨེ་མ་རང་སྣང་དབྱེར་མེད་སྐུ་སོགས་ཀྱིས་ཞི་བ་དང་། ཨེ་མ་ཧོ། ཉེས་བཅོམ་ལེགས་ལྡན་སོགས་ཀྱིས་ཁྲོ་བོ་ལ་བསྟོད། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ལྗགས་རྡོ་རྗེ་འོད་ཀྱི་སྤུ་གུ་ཅན་གྱིས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་བསམས་ལ། སྭཱཾ་རཏྣ་དྷྲིཀ྄ །ཅེས་བདུན་གྱིས་བཀང་བའི་དགང་བླུགས་ཁ་སྦྱར་བ་ཞི་ཁྲོ་སྤྱི་སྔགས། ༀ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུཾ་ཧཱུཾ། ཞེས་པའི་མཐར། བདག་ཅག་དཔོན་སློབ་སོགས་བཏགས་པས་ལན་གསུམ་ཕུལ་ནས། སྔགས་དེས་ཡམ་ཤིང་མར་ཁུ་སྲེག་རྫས་རྣམས་རྒྱའམ་ཉེར་གཅིག་ཇི་ལྟར་རིགས་པ་ཕུལ་མཐར། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧིས་བདུད་རྩི། ༀ་གུ་ཧྱ་ཛྙཱ་ནའི་མཐར། མ་ཧཱ་བ་ལིཾ་ཏ་པྲ་ཏཱི་ཙྪ་ཁཱ་ཧིས་ལས་གཏོར། མཧཱ་རཀྟ་པྲ་ཏཱི་ཙྪ་ཁཱ་ཧིས་རཀྟ་ཕུལ་ལ། ཐབ་ཏུ་ཡུངས་ཀར་འཐོར་ཞིང་། ༀ། ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་འདི་འབུལ་བས། །བདག་ཅག་འཁོར་དང་བཅས་རྣམས་ཀྱི། །ཚེ་དང་བསོད་ནམས་རྒྱས་གྱུར་ནས། །མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་གསེར་མདོག་ཉི་འོད་ལྟ་བུ་འཕྲོས་པས་བསྒྲུབ་བྱའི་ཚེ་དང་བསོད་ནམས་རྒྱས་པར་བསམ་མོ། །དེ་ནས་གཏང་རག་གི་མཆོད་བསྟོད་དང་བཟོད་གསོལ་བྱས་ལ། སྔར་ལྟར་མེ་ཏོག་གིས་སྤྱན་དྲངས་ཏེ། དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་སྒྲུབ་པའི་དཀྱིལ་འཁོར་ལ་གཤེགས། གཞལ་ཡས་ཁང་གདན་དང་བཅས་པ་རང་ལ་ཐིམ་པར་བསམ་མོ། །སླར་ཡང་། ༀ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ། ཅེས་བླུགས་གཟར་གྱི་མར་ཁུས་མེ་གསོས་ཏེ། འཇིག་རྟེན་པའི་མེ་ལྷ་སྔར་བཞིན་གསལ་བར་བསམས་ལ། ༀ་ཨགྣེ་དེ་ཝ་རྀ་ཥི་ཧ་བྱ་སོགས་ཀྱིས་སྲེག་རྫས་ལྷག་རྣམས་ཕུལ། ཀུན་བཟང་སོགས་ཀྱིས་མཆོད། རིན་ཆེན་རིགས་སོགས་ཀྱིས་བསྟོད། ༀ་ཨགྣེ་དེ་ཝ་རྀ་ཥི་མ་ཧཱ་བ་ལིཾ་ཏ་ཁཱ་ཧིས་གཏོར་མ་ཕུལ་ལ་འདོད་དོན་གསོལ། ཡིག་བརྒྱས་ནོངས་པ་བཤགས། བཛྲ་མུཿས། མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་འབར་བའི་རྣམ་པར་གྱུར་པར་བསམ་ལ་ལས་ཀྱི་རྗེས་བསྡུ་ཞིང་བསྔོ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ།། ༈ །། གསུམ་པ་དབང་གི་སྦྱིན་སྲེག་ནི། དཔལ་ཡང་དག་ལྷ་དགུའི་དཀྱིལ་འཁོར་དང་སྦྱར་ནས་སྟོན་ཏེ། དེ་ལ་ཐོག་མར་བཅས་གཤོམ་ནི། ཐབ་སྟེགས་ཁྲུ་དོ་གྲུ་བཞི་པ་དཔངས་སུ་ཁྲུ་ཕྱེད་པ་རྩིག་གམ་མ་བརྩིག་ཀྱང་རུང་སྟེ། དེ་ལ་དྲི་དམར་པོ་དང་བ་བྱུང་གིས་ཆག་ཆག་བཏབ་པའི་ཁར་སྟེགས་བུའི་དཀྱིལ་ནས་རྒྱབ་ཏུ་མཐོ་གང་ཚང་བར་བཞི་ཆ་མདུན་དུ་འཕགས་པ་ནས་ཟླུམ་པོར་བསྐོར་བ་མདུན་ཕྱོགས་ཀྱི་ཟུར་ཐིག་གཉིས་ལ་རེག་པ་མཚམས་ནས་བཅད་པའི་ཐབ་ཁུང་ཟླ་གམ་རྒྱར་ཁྲུ་གང་དང་དཔངས་སུ་ཁྲུ་ཕྱེད་པ་བསླང་བའི་སྟེང་ནས་སོར་བཞི་ཕྱིར་བཀྱེད་པའི་མུ་རན་དང་། དེའི་ཕྱི་ནས་སོར་བཞི་གྱེན་དུ་ལང་པའི་ཁ་ཁྱེར་བྱ་ཞིང་། བྲི་དུས་ཐབ་དངོས་ཁྲུ་གང་བའི་མཐར་སོར་བཞི་པ་གཉིས་བསྐོར་ནས་གསུམ་གའི་མདུན་ལོགས་ཕྲེང་ལ་བཅད། བྲི་རྩིག་གང་བྱེད་ཀྱང་ཐབ་ཀྱི་ལྟེ་བར་པདྨ་དམར་པོ་ལ་གནས་པའི་གཙོ་བོའི་ཕྱག་མཚན་རྡོ་རྗེ་ཧཱུཾ་གིས་མཚན་པ་དང་། མུ་རན་ལ་པདྨ་དང་། ཁ་ཁྱེར་ལ་རྡོ་རྗེ་དམར་པོ་འོད་ཕྲེང་དང་བཅས་པས་བསྐོར་ཞིང་། སྟེགས་བུའི་གྲ་བཞིར་ལྕགས་ཀྱུ་སྟེ། ཐམས་ཅད་ཀྱང་ཁ་དོག་དམར་པོར་བྱས་ལ། ཐབ་ནང་དུ་བུད་ཤིང་ཙནྡན་དམར་པོ་སེང་ལྡེང་མཛོ་མོ་ཤིང་སོགས་ཁ་དོག་དམར་བ་དང་རོ་སྐྱུར་བའི་སྡོང་པོའི་ཆ་ལས་བྱུང་བས་ཐབ་དབྱིབས་སུ་ཐབ་ལས་ཅུང་ཟད་དམའ་བར་བརྩིགས་པའི་ཤར་ལྷོར་མེ་ཚང་བཅའ། རང་གི་གཡས་ཕྱོགས་སྟེགས་ལ་གདན་དང་སྣོད་དམར་པོར་སྲེག་རྫས་ནི། ཡམ་ཤིང་གི་རྒྱུ་བུད་ཤིང་དང་འདྲ་བ་ལས་རིང་ཐུང་མཐོ་གང་བ་རྩེ་གཉིས་སྣུམ་ལ་ཉུག་པ། ཏིལ་མར་ཏེ་བོད་དུ་སྦལ་ཁའི་སྣུམ། ཨུཏྤལ་དམར་པོ་དང་གླང་སྣ་སོགས་མེ་ཏོག་དམར་པོའི་རིགས། ཙནྡན་དམར་པོ་སོགས་དྲི་དམར་པོའི་རིགས། །རོ་སྐྱུར་བ་དང་ཁ་དོག་དམར་པོའི་རིགས་ཀྱི་ཤིང་དང་འབྲུ་འབྲས་སོགས་རང་བཞིན་ནམ་བཅོས་པས་དམར་པོར་བྱས་པ་འདས་མ་འདས་ཀྱི་རིམ་པ་གཉིས་དང་། ཐུགས་དམ་བསྐུལ་བའི་རྫས་ཡུངས་དཀར་ནག །གཡོན་ཕྱོགས་སུ་མཆོད་སྟེགས་དང་མཆོད་སྣོད་དམར་པོར་ཨརྒྷཾ་དང་མེ་ཏོག་སོགས་རྣམ་ལྔའི་མཆོད་རྫས་རང་བཞིན་ནམ་བཅོས་པས་དམར་པོར་བྱས་པ་དང་། ཟངས་ཕྱེ་བུ་རམ་པད་རག་འབྲས་དམར་དང་རམ་བུའི་ཕྱེ་རྣམས་བསྲེས་པའི་མར་ཁ་དོག་དམར་པོར་བསྒྱུར་བ་ལ་འདས་མ་འདས་ཀྱི་ལས་གཏོར་ཟླ་གམ་པད་འདབ་ལྔས་བསྐོར་བ་གཉིས་དང་། སྨན་རཀ །མདུན་དུ་ལས་བུམ་ནང་མཆོད་རྡོར་དྲིལ་དགང་བླུགས་རྣམས་དང་། མེ་ཡོལ་ཞེ་མཐོ་གང་དཔངས་སུ་སློབ་དཔོན་གྱི་སྐེད་པ་ཙམ་སླེབ་པ་ལ་གངས་རི་བྲིས་པ་རྣམས་ཚོགས་པར་བཤམ་མོ། །དེ་ནས་ཆོ་གའི་ལས་རིམ་ནི། སློབ་དཔོན་ཆས་གོས་དམར་པོ་བསྟར་ལ་པདྨའི་འདུག་སྟངས་ཀྱིས་ཤིས་པའི་ཕྱོགས་སུ་ཁ་བལྟས་ཏེ། དོན་གྱི་སེམས་ཆོས་ཐམས་ཅད་ཐུགས་རང་རིག་པ་རང་བྱུང་གི་ཡེ་ཤེས་ཟུང་འཇུག་བདེ་བ་ཆེན་པོ་ཡང་དག་གྲུབ་པ་གཅིག་པུ་ཉིད་དུ་རྟོགས་ཤིང་བྱང་ཆུབ་ཀྱི་སེམས་དང་ལྡན་པས། སྟོངས་ཀྱི་སེམས་བསྡུ་བྱ་ལ་ཆགས་ཤིང་ཞེན་པའི་སྒོ་ནས་སྔགས་ཀྱི་ངག་རྣམས་སྙན་ཞིང་འགྱུར་ཁུགས་སུ་བཟླ་བའི་ཚུལ་གྱིས་ལས་ལ་འཇུག་སྟེ། ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ་ཛཿ ཞེས་པས། རང་ཉིད་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ་འོད་ཟེར་དམར་པོ་འཕྲོ་བའི་རྣམ་པར་འཐོན་ཏེ། དཀྱིལ་འཁོར་གྱི་ནུབ་སྒོའི་ཐད་དུ་འཁོད་ནས་སྦྱིན་སྲེག་གི་ལས་འཇུག་པར་མོས་པས། རྡོ་རྗེ་ནི་གཙོ་བོ་ཐབས་དང་། དྲིལ་བུ་ནི་ཡུམ་ཤེས་རབ་ཀྱི་རང་བཞིན། གཉིས་ཀའང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་མོས་ལ། ༀ་མ་ཧཱ་བཛྲ་ཧཱུཾ་གིས་རྡོ་རྗེ་སྙིང་གར་གསོར། ༀ་བཛྲ་གཎྜེ་ཨཿ་ས་དྲིལ་བུ་གསིལ་ཞིང་དཀུར་བརྟེན། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ ྅ ཧཾ། ཞེས་འཁྱུད་རྒྱ་བྱས་ཏེ་དམ་ཚིག་གསུམ་དྲན་པར་བྱའོ། །དེ་ནས་ཕྱི་མཆོད་རྣམས་སྒྲུབ་ཐབས་ལྟར་བྱིན་གྱིས་བརླབ། སྨན་རཀ་གཉིས་སྔགས་ཙམ་གྱིས་བྱིན་རླབས་གསོ། ལས་གཏོར་དང་སྲེག་རྫས་རྣམས་ལ་ལས་བུམ་གྱི་ཆུ་འཐོར་ཞིང་། ཡཀྵ་བིགྷྣཱཾ་དང་། སྭ་བྷཱ་ཝས་བསང་སྦྱངས། སྟོང་པའི་ངང་ལས་མ་དང་ཨ་ལས་ཉི་ཟླའི་གའུའི་སྣོད་དུ་རང་གི་ཐུགས་ཀ་ནས་ཧྲཱིཿ་དམར་སྤྲོས་པ་ཡོངས་སུ་གྱུར་པ་ལས་དབང་གི་ལས་གཏོར་རིན་པོ་ཆེའི་མཆོད་སྡོང་འོད་ཟེར་དམར་པོ་འཕྲོ་བ་དང་། སྲེག་རྫས་རྣམས་རང་བཞིན་གྱིས་དག་པའི་བདུད་རྩི་འདོད་ཡོན་དྲུག་གི་སྤྲིན་ཕུང་མཁའ་ཁྱབ་ཏུ་སྤྲོ་བས་དབང་གི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་གྱུར། དེ་ནས་མེ་ཐབ་བསང་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་དབང་གི་ཐབ་ཁུང་དམར་པོ་ཟླ་གམ་མུ་རན་ཁ་ཁྱེར་དང་བཅས་པ་འོད་ཟེར་དམར་པོ་འཕྲོ་བར་གྱུར། རང་གི་ཐུགས་ཀ་ནས་རཾ་ཡིག་ཐབ་ནང་དུ་སྤྲོས་པ་ལས་ཡེ་ཤེས་ཀྱི་མེ་འོད་དམར་པོ་འབར་བར་བསམས་ལ། ༀ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་ཕཊ། ཅེས་སྨད་ཚོང་མ་ལས་བྱུང་བའི་མེ་དུ་བ་མེད་པ་སྦར་ལ། ཐབ་ཀྱི་མེའི་དབུས་སུ་ཟངས་ཀྱི་ར་སྐྱེས་ལ་གནས་པའི་དབང་གི་མེ་ལྷ་དམར་པོ་ཞལ་བཞི་ཁྲོ་འཛུམ་ཆགས་པ་དྲང་སྲོང་གི་ཆ་བྱད་ཅན་ཕྱག་བཞིའི་གཡས་གཉིས་ལྕགས་ཀྱུ་དང་བགྲང་ཕྲེང་གཡོན་གཉིས་དབྱུག་པ་དང་གུནྡྷེ་བསྣམས་པའི་སྐུར་གྱུར། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་བཅས་བཞེངས་པར་བསམ་ལ། ཧཱུཾ། ཡེ་ཤེས་སྤྱན་གྱི་སྤྱོད་ཡུལ་ནས། །མེ་ལྷ་དྲང་སྲོང་འཁོར་དང་བཅས། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་མེ་ལྷའི་གཙོ། །སེམས་ཅན་དོན་ལ་དམ་ཚིག་དགོངས། །འབར་བའི་གནས་འདིར་གཤེགས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿ ཨགྣེ་ཛྙཱ་ན་སཏྭ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་སྟྭཾ་ཞེས་པས་སྤྱན་དྲངས། ༀ་ཨགྣ་ཡེ་ས་མ་ཡ་ཏིཥྛ་ལྷན་གྱིས་གཉིས་མེད་དུ་བསྟིམས་ནས་བཞུགས་སུ་གསོལ། ༀ་ཨགྣ་ཡེ་ཨ་ལ་ལ་ཧོཿ ཨ་ཏི་པུ་ཧོཿ པྲ་ཏི་པུ་ཧོཿས་ཕྱག་བྱས་ལ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །ར་སྐྱེས་ཆིབས་ཤིང་གློག་ལས་མགྱོགས། །སྲེག་རྫས་ཀུན་གྱི་ཕྱག་ཚང་མཛད། །ཚིམ་བྱེད་ཁྱོད་ལ་མཆོད་པ་འབུལ། །ༀ་ཨགྣེ་ཡེ་པུཥྤེ་པུ། དྷཱུ་པེ་དྷཱུ། ཨཱ་ལོ་ཀེ་ཧྲཱིཿ གནྡྷེ་གན། ནཻཝི་དྱེ་ཁ་ཁ་ཁཱ་ཧི། ཞེས་རྣམ་ལྔ་འབུལ། མེ་ལྷ་ཞལ་ཅུང་ཟད་གདངས་བས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་བསམས་ལ། པདྨའི་ཁུ་ཚུར་གྱིས་གཟར་བུ་གཉིས་བཟུང་ནས་ཏིལ་མར། ༀ་ཨགྣེ་ཡེ་སྭཱ་ཧཱ། ཞེས་གཡས་པས་བླུགས་གཟར་བདུན་གྱིས་དགང་གཟར་བཀང་བ་ཁ་སྦྱར་ཏེ་པུས་མོའི་ནང་ལས་མི་འདའ་བས་གཡས་སུ་བསྐོར་ཞིང་། ༀ་ན་མཿས་མནྟ་བུདྡྷ་ནཱཾ་བི་མ་ལེ་ཨགྣ་ཡེ་སྭཱ་ཧཱ། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱིས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོཿ ཞེས་ལན་གསུམ་གྱིས་དགང་བླུགས་ཕུལ་ནས། ༀ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ་ས་ཡམ་ཤིང་དང་། ༀ་ཨགྣ་ཡེ་སྭཱ་ཧཱ་ས་མར་ནག །ༀ་ན་མཿས་མནྟ་སོགས་དགང་བླུགས་ཀྱི་སྔགས་དེ་ཁོ་ནས་སྲེག་རྫས་གཞན་རྣམས་ལྔའམ་བདུན་སོགས་གྲངས་ཇི་ལྟར་རིགས་བ་ཕུལ་ནས། ཧཱུཾ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །བདུད་བཞི་འཇོམས་པའི་ཕྱག་བཞི་པ། །ཞལ་བཞིས་ལས་བཞི་གྲུབ་པར་བྱེད། །ལས་ཀུན་མཛད་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད་ལ། ཡུངས་ཀར་ནག་ཐབ་ཏུ་འཐོར་ཞིང་། ན་མོ་རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས། སྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། དེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱིས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དབང་དུ་འདུས་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་འདོད་དོན་གསོལ་ལོ། །དེ་ནས་འདས་པའི་མེ་ལྷ་མཆོད་པ་ནི། ༀ་བཛྲ་ཛྙཱ་ན་ཛྭ་ལ་རཾ་ཞེས་པས་མེ་ལྷ་ཉིད་ཐུགས་རྗེ་ཡེ་ཤེས་ཀྱི་མེ་འབར་བའི་རྣམ་པར་གྱུར་པའི་ཀློང་དུ་བྷྲུཾ་ཡིག་འོད་དུ་ཞུ་བ་ལས། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་བཛྲ་བྷཉྫ་ཛྙཱ་ན་མཎྜ་ལ་བྷྲཱུཾ་ཞེས་པས་དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་ནང་མ་ཟླ་གམ་དམར་ནག་སྒོ་གཅིག་པ། བར་ཁྱམས་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པའི་དབུས་སུ་ལྷ་སོ་སོར་རང་གི་གདན་ཇི་ལྟ་བ་བཞིན་གྲུབ་པར་བསམ་ལ། ཧཱུཾ། ཡེ་ཤེས་སྤྱན་གྱི་སྤྱོད་ཡུལ་ནས། །དཔལ་ཆེན་ཁྲག་འཐུང་འཁོར་དང་བཅས། །སེམས་ཅན་དོན་ལྡན་དམ་ཚིག་དགོངས། །གནས་འདིར་མ་ལུས་གཤེགས་སུ་གསོལ། །ཛཿ་ཧཱུཾ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། བཛྲ་ཨཱ་ར་ལི་ཧོཿ་ཧྲིཾ་ཧྲཱིཾ། ཞེས་པས་སྒྲུབ་མཆོད་ཀྱི་དཀྱིལ་འཁོར་ལས་ལྷ་ཚོགས་རྣམས་ལས་རྡོར་གྱིས་སོ་སོའི་སྔགས་དང་བཅས་མཎྜལ་མེ་ཏོག་གིས་མཚན་པར་སྤྱན་དྲངས་ཏེ་སློབ་དཔོན་ལ་ཕུལ་བ་ལས་མེ་ཏོག་ཐབ་ཏུ་དོར་བཞིན་དུ། ༀ་མ་ཧཱ་ཤྲཱི་ཧེ་རུ་ཀ་སོགས་སོ་སོའི་སྔགས་རྣམས་བརྗོད་པས། ལྷ་ཚོགས་རྣམས་རང་རང་གི་གདན་ལ་བཞུགས་པ་ནི། དབུས་སུ་བཅོམ་ལྡན་འདས་དཔལ་ཆེན་པོ་སྐུ་མདོག་མཐིང་ནག་འབར་བ་ཆེན་པོའི་འོད་ཟེར་ཅན་སོགས་ནས། ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་ཞིང་འཁྲུགས་པའི་དབུས་ན་བཞུགས་པའོ། །ཤར་དུ་དཀར་མོ་མཐིང་ག་གཡས་ཞིང་དབྱུག་འཕྱར་ཞིང་། ཞེས་ནས། གཡོན་བརྐྱང་གི་སྟབས་ཀྱིས་ཞིང་གི་སྟན་ལ་རོལ་པ། ཞེས་པའི་བར་བསྐྱེད་སྔགས་རྣམས་དོར་ནས་བརྗོད་པའི་མཐར། དེ་ལྟར་གཙོ་འཁོར་ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་དམར་པོའི་ཕྲེང་བ་མཁའ་ཁྱབ་ཏུ་འཕྲོས་བས་དབང་གི་ཕྲིན་ལས་མཛད་པར་བསལ་བཏབ་ལ། ཧཱུཾ། ཨརྒྷཾ་མེ་ཏོག་བདུག་སྤོས་དང་། །ཞེས་སོགས་ཤློ་ཀ་གཅིག་གི་མཐར། ༀ་རཀྟ་ཙིཏྟ་ཤོདྡྷ་ནི་སྭཱ་ཧཱ། ༀ་ཤྲཱི་བཛྲ་རཱ་ག་སྔོན་དུ་འགྲོ་བས། པུཥྤེ་པུ་ནས། གཱི་རྟཱི་ཧྲཱི༔འི་བར་གྱིས་ཨརྒྷཾ་རྣམ་ལྔ་རོལ་མོར་བཅས་པས་མཆོད་ནས། བདག་མེད་ཕྱོགས་བྲལ་སོགས་ཀྱིས་བསྟོད། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ལྗགས་རྡོ་རྗེ་འོད་ཀྱི་སྦུ་གུ་ཅན་གྱིས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་བསམ་ལ། ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཞེས་བདུན་གྱིས་བཀང་བའི་དགང་བླུགས་ཁ་སྦྱར་བ། རུ་ལུའི་མཐར་སྤེལ་ཚིག་སྔར་ལྟར་སྦྱར་བས་ལན་གསུམ་ཕུལ། དེ་ནས་ཡམ་ཤིང་སོགས་རྫས་གཞན་རྣམས་ཀྱང་རུ་ལུ་ཁོ་ནས་བརྒྱའམ་ཉེར་གཅིག་སོགས་བཅུ་ཚན་ལྟ་བུའི་མཚམས་ཇི་ལྟར་རིགས་པར་སྤེལ་ཚིག་སྦྱར་བས་འབུལ་ཞིང་། གཞན་ཡང་མཉམ་སྦྱོར་ལས། དྲི་ཆུ་དཀར་དམར་བྱང་ཆུབ་སེམས། ཤ་དང་གློ་མཆིན་བ་སུ་ཏ། སྒྲུབ་ཕྱིར་དམ་རྫས་ཚོགས་པ་དག །རིམ་བཞིན་དུ་ནི་དགོད་པར་བྱ། །ཞེས་པ་ལྟར་ལྷ་རང་རང་གི་ཁྱད་པར་གྱི་དམ་རྫས་སྔར་དཀྱིལ་འཁོར་ལ་བཀོད་ཡོད་ན་དེ་དག་ཀྱང་སྐབས་འདིར་འབུལ་བར་གཤད་དོ། །དེ་ནས། ༀ་ཤྲཱི་ཧེ་རུ་ཀ་མ་ཧཱ་བ་ལིཾ་ཏ་ཁཱ་ཧིས་ལས་གཏོད་དང་། མཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧིས་སྨན་རཀ་ཀྱང་ཕུལ་ལ། ཐབ་ཏུ་ཡུངས་དཀར་ནག་འཐོར་ཞིང་། ༀ། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་འདིར། །དམ་རྫས་བདུད་རྩི་འབར་བའི་སྦྱིན་སྲེག་འབུལ། །བདག་གིས་འགྲོ་ཀུན་དབང་དུ་འདུས་གྱུར་ནས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་མཛོད། །ཅེས་གསོལ་བ་བཏབ་པས་ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་པས། བསྒྲུབ་བྱ་རྣམས་རང་དབང་མེད་པར་དབང་དུ་འདུས་པར་བསམ་མོ། །དེ་ནས་གཏང་རག་མཆོད་བསྟོད་དང་བཟོད་གསོལ་བྱས་ལ། སྔར་ལྟར་མེ་ཏོག་གིས་སྤྱན་དྲངས་ཏེ། དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་སྒྲུབ་པའི་དཀྱིལ་འཁོར་ལ་གཤེགས། གཞལ་ཡས་ཁང་གདན་དང་བཅས་པ་རང་ལ་ཐིམ་པར་བསམ་མོ། །སླར་ཡང་། ༀ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ། ཅེས་བླུགས་གཟར་གྱི་མར་ཁུས་མེ་གསོས་ཏེ། འཇིག་རྟེན་པའི་མེ་ལྷ་སྔར་བཞིན་གསལ་བར་བསམ་ལ། ཡམ་ཤིང་སོགས་རྫས་ལྷག་མ་རྣམས་བསྲེག །རྣམ་ལྔས་མཆོད། མེ་ལྷའི་རྒྱལ་པོ་སོགས་ཀྱིས་བསྟོད། ན་མཿས་མནྟ་བུདྡྷ་ནཱཾ་སརྦ་པུཉྩ་ཨ་མྲྀ་ཏ་བ་ལིཾ་ཏ་ཨགྣ་ཡེ་སྭཱ་ཧཱས་ལས་གཏོར་ཕུལ་ལ་འདོད་དོན་གསོལ། ཡིག་བརྒྱས་ནོངས་པ་བཤགས། བཛྲ་མུཿས། མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་འབར་བའི་རྣམ་པར་བསམ་ལ་ལས་ཀྱི་རྗེས་བསྡུ་ཞིང་བསྔོ་སྨོན་གྱིས་མཐའ་བརྒྱན་པར་བྱའོ།། ༈ །།བཞི་པ་དྲག་པོའི་སྦྱིན་སྲེག་ནི། སྒྱུ་འཕྲུལ་དྲྭ་བ་ཁྲོ་བོ་ལྔ་བཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་དང་སྦྱར་ནས་སྟོན་ཏེ། དེ་ལ་ཐོག་མར་བཅས་གཤོམ་ནི། ཐབ་སྟེགས་ཁྲུ་དོ་གྲུ་བཞི་པ་དཔངས་སུ་ཁྲུ་ཕྱེད་པ་བརྩིག་གམ་མ་བརྩིགས་ཀྱང་རུང་སྟེ། དེ་ལ་དུག་ཁྲག་གིས་ཆག་ཆག་བཏབ་པའི་སྟེང་ངོས་ཀྱི་མཐའ་ནས་ཟླུམ་བསྐོར་གྱི་མུ་ཁྱུད་ནག་པོ་ལ་ཧཱུཾ་ཡིག་དང་ཐོད་སྐམ་སྤེལ་བའི་ནང་དུ་རྡོ་རྗེ་རྒྱ་གྲམ་སྔོན་པོ་ར་གདེངས་པ་ཟུར་བསྟན་གྱི་ལྟེ་བར་ངོས་རེ་རེ་ཁྲུ་གང་བའི་ཐབ་ཁུང་གྲུ་གསུམ་དཔངས་སུ་ཁྲུ་ཕྱེད་པ་སླང་བའི་སྟེང་ནས་སོར་བཞིའི་ཚར་ཅན་གྱི་ཁ་ཁྱེར་བང་རིམ་གསུམ་པ་ལ་ནང་ནས་རིམ་པར་རྡོ་རྗེ་དང་དྲིལ་བུ་དང་འོད་ཕྲེང་གིས་བསྐོར་བའི་དབུས་སུ་ཞེང་སོར་བཞི་དང་རྔམས་སུ་སོར་གང་བའི་ཐབ་མཚན་རྡོ་རྗེ་རྭ་གདེངས་པ་ཧཱུཾ་གིས་མཚན་པའོ། །བྲིས་ཐབ་བྱེད་ན་དཔངས་རྔམས་རྣམས་དོར་བས་ཆོག་སྟེ། གང་ལྟར་ཡང་རོ་སོལ་ལ་སོགས་པས་ཁ་དོག་ནག་པོ་དང་སྔོན་པོས་བསྒྱུར་བའམ་བྲི་བར་བྱ་ཞིང་། ཐབ་ནང་དུ་ནི མ་པ་སོགས་དུག་ཤིང་དང་ཚེར་མ་ཅན་གྱི་ཤིང་རྩ་བའི་ཆ་ལས་བྱུང་བ་ཚིལ་ཞུན་གྱིས་སྤགས་པས་ཐབ་དབྱིབས་དང་མཐུན་པར་ཐབ་ལས་ཅུང་ཟད་དམའ་བར་བརྩིགས་པའི་ཤར་ལྷོར་མེ་ཚང་བཅའ། སྟེགས་བུའི་གྲྭར་མདའ་བཞི་སྲད་བུ་ནག་པོས་བསྣོལ་མར་བྲན་པའི་སྟེང་ནས་མེ་དར་སྔོ་ནག་གང་རིགས་ཀྱིས་དགབ། ཤར་ལྷོའི་གྲྭར་མདའ་དར་དམར་པོའང་གཟུག །ཐབ་ཀྱི་མདུན་དུ་སློབ་དཔོན་གྱི་གདན་དང་། དེའི་གཡས་གཡོན་རྫས་མཆོད་ཀྱི་སྟེགས་ཏེ། གསུམ་ཀ་ནག་པོ་ལ་པདྨ་འདབ་བརྒྱད་རེ་རེ་བྲི། སྟན་གྱི་མདུན་དུ་ཞེང་མཐོ་གང་དང་དཔངས་སློབ་དཔོན་སྐེད་པ་ཙམ་སླེབ་པའི་མེ་ཡོལ་གངས་རི་བྲིས་པ་བཞག །གཡས་ཕྱོགས་རྫས་སྟེགས་ཀྱི་པདྨའི་ལྟེ་བར་ཚིལ་ཞུན་དང་སྦྱར་བའི་སྐེ་ཚེའམ། ཡུངས་ནག་ལ་སོགས་པའི་མར་ནག་དགང་བླུགས་ཁ་སྦྱར་བ་དང་བཅས་པ། མདུན་གྱི་པད་འདབ་ལ་རྒྱུ་བུད་ཤིང་དང་འདྲ་བའི་ཡམ་ཤིང་རྩང་གཟུགས་མཐོ་གང་བ་རྩེ་གཉིས་ཚིལ་ཞུན་ལ་ཉུག་པ། པད་འདབ་ལྷག་མ་བདུན་ལ་ནུབ་རེ་བཞིན་ཚོགས་ཐ་མའི་དུས་བསྒྲལ་བའི་ལིང་རོ་ཟུར་དུ་བསགས་པ་དང་། དུག་སྣ། སྲན་ནག་གི་ཆན། ཁྲག་སྣ། བ་གླང་ལ་སོགས་པའི་ཤ་སྣ་ཚོགས། སྐེ་ཚེ། ཤངས་ཚེ། ལན་ཚྭ། ནིམ་པའི་ལོ་མ་སོགས་དུག་ཤིང་དང་ཚེར་མ་ཅན་གྱི་ཤིང་སྟེ། དེ་སོགས་ཚ་ཞིང་རྩུ བ་པའི་རིགས་རྣམས་རང་བཞིན་ནམ་བཅོས་པས་ནག་པ་འདས་མ་འདས་ཀྱི་ཁྱད་པར་གྱིས་ཕྱི་ནང་ཉིས་རིམ་དང་། ཐུགས་དམ་བསྐུལ་བའི་རྫས་ཡུངས་ནག་རྣམས་ཐོད་པའམ་ལྕགས་སྣོད་དུ་བཤམ། གཡོན་ཕྱོགས་མཆོད་སྟེགས་ཀྱི་པདྨའི་ལྟེ་བར་དུག་སྣ། ལྕགས་ཕྱེ། རྡོ་ཕྱེ། ར་ཁྱིའི་ཁྲག །ཤ་ཆེན། སྲན་ཆན་རྣམས་དུར་སོལ་གྱིས་བསྒྱུར་བའི་མར་ནག་པོ་དང་བསྲེས་པའི་རྒྱུ་ལས་འདས་གཏོར་གྲུ་གསུམ་མཐེབ་ཀྱུ་ཟུར་གསུམ་པ་གསུམ་གྱིས་བསྐོར་བ་མཉྫི་ལ་བཀོད་པའི་མདུན་དུ་རྒྱུ་དབྱིབས་ཁ་དོག་སྔར་འདྲའི་འཇིག་རྟེན་པའི་ལས་གཏོར་ཀྱང་བཀོད། མདུན་གྱི་འདབ་མར་རྡོར་དྲིལ། དེའི་གཡས་གཡོན་གྱི་འདབ་མར་སྨན་རཀ །པད་འདབ་ལྷག་མ་ལྔ་ལ་ཞབས་བསིལ་དང་བཞི་བསྣོལ་གྱི་མཆོད་རྫས་རང་བཞིན་ནམ་བཅོས་པས་ནག་པ་ལྕགས་སྣོད་ལ་སོགས་པར་བཤམ་ཞིང་ལས་བུམ་ཡང་ཅི་བདེར་བཞག་གོ། །དེ་ནས་ཆོ་གའི་ལས་རིམ་ནི། སློབ་དཔོན་ཆས་གོས་ནག་པོ་གྱོན་ལ་རུས་སྦལ་གྱི་འདུག་སྟངས་ཀྱིས་ཤིས་པའི་ཕྱོས་སུ་ཁ་བལྟས་ཏེ། དོན་གྱི་སེམས་འཆིང་གྲོལ་མེད་པའི་གནས་ལུགས་ལྷག་པ་བདེན་པ་དབྱེར་མེད་ཀྱི་ལྟ་བ་རྟོགས་ཤིང་བྱང་ཆུབ་ཀྱི་སེམས་དང་ལྡན་པས། སྟོངས་ཀྱི་སེམས་བསྒྲལ་བྱའི་ཡུལ་མ་རུངས་པ་ལ་ཞེ་སྡང་ཁྲོས་པའི་སྒོ་ནས་སྔགས་ཀྱི་ངང་རྩུབ་ཅིང་འཇིགས་པར་བཟླ་བའི་ཚུལ་གྱིས་ལས་ལ་འཇུག་སྟེ། ༀ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ་ཛཿ ཞེས་པས། རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བཛྲ་ཧེ་རུ་ཀ་མཐིང་ནག་ཞལ་གཅིག་ཕྱག་གཉིས་པའི་རྣམ་པས་ཐོན་ནས་དཀྱིལ་འཁོར་གྱི་བྱང་སྒོའི་ཐད་དུ་འཁོད་དེ་སྦྱིན་སྲེག་གི་ལས་རིམ་ལ་འཇུག་པར་མོས་པས། རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ་དང་། དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོག་པ་དང་། གཉིས་ཀའང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་མོས་ལ། ༀ་མ་ཧཱ་བཛྲ་ཧཱུཾ་གིས་རྡོ་རྗེ་གསོར་ཞིང་ཐུགས་ཀར་འཛིན། ༀ་བཛྲ་གྷཎྜེ་ཨཿས་དྲིལ་བུ་བསིལ་ཞིང་དཀུར་བརྟེན། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་འཁྱུད་རྒྱ་བྱས་ཏེ་དམ་ཚིག་གསུམ་དྲན་པར་བྱའོ། །དེ་ནས་ཕྱི་མཆོད་རྣམས་སྒྲུབ་ཐབས་ལྟར་བརླབ་ཅིང་། སྨན་རཀ་གཉིས་སྔགས་ཙམ་གྱིས་བྱིན་རླབས་གསོས་ལ། ལས་གཏོར་དང་སྲེག་རྫས་རྣམས་ལ་ལས་བུམ་གྱི་ཆུ་འཐོར་ཞིང་། ཧཱུཾ་བིགྣཱཾ་དང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་དང་མ་ལས་ཉི་ཟླའི་གའུའི་སྣོད་དུ་རང་གི་ཐུགས་ཀ་ནས་གཏོར་མའི་གནས་སུ་འབྲུ་གསུམ་དང་། སྲེག་རྫས་ཀྱི་གནས་སུ་ཧཱུཾ་ཡིག་ལྔ་སྤྲོས་ཏེ་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་དྲག་པོའི་ལས་གཏོར་རིན་པོ་ཆེའི་མཆོད་སྡོང་འོད་ཟེར་ནག་པོ་འཕྲོ་བ་དང་། སྲེག་རྫས་རྣམས་ངོ་བོ་དགྲ་བགེགས་ཀྱི་ཤ་ཁྲག་ལ་རྣམ་པ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་ནམ་མཁའ་གང་བས་དྲག་པོའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་བསམ་ལ། ༀ་ཨཱཿཧཱུཾ་དང་། ཧཱུྃ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་བཟླས་པས་བྱིན་གྱིས་བརླབས། དེ་ནས་མེ་ཐབ་བསང་སྦྱངས། སྟོང་པའི་ངང་ལས་མདུན་དུ་བྷྲཱུཾ་ཡིག་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྒྱ་གྲམ་རྭ་གདེངས་པ་ཅན་གྱི་ལྟེ་བ་ལ་གནས་པའི་དྲག་པོའི་ཐབ་ཁུང་ནག་པོ་གྲུ་གསུམ་པ་ཁ་ཁྱེར་བང་རིམ་གསུམ་ལྡན་འོད་ཟེར་ནག་པོ་འཕྲོ་བར་གྱུར། རང་གི་ཐུགས་ཀ་ནས་རཾ་ཡིག་ཐབ་ནང་དུ་སྤྲོས་པ་ལས་ཡེ་ཤེས་ཀྱི་མེ་འོད་ནག་པོ་འབར་པར་བསམ་ཞིང་། ༀ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ། ཅེས་རོ་བསྲེགས་པའི་མེའམ་གདོལ་བཤན་གྱི་མེས་སྦར་ལ། ཐབ་ཀྱི་མེའི་དབུས་སུ་མ་དང་དིཿལས་བྱུང་བའི་ཉི་མ་དང་ར་སྐྱེས་ཀྱི་གདན་ལ་ཧཱུཾ་ཡིག་ནག་པོ་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་ཨགྣེ་དེ་ཝ་རྀ་ཥི་ཧཱུཾ་དྲག་པོའི་མེ་ལྷ་མཐིང་ནག་ཁྲོ་ཞིང་གཏུམ་པ་དྲང་སྲོང་གི་ཆ་བྱད་ཅན་ཏྲི་ཤཱུལ་དང་བགྲང་འཕྲེང་འཛིན་པའི་སྐུར་གྱུར། ཤཱུ་ནྱ་ཏཱ་སོགས་ཀྱིས་བསྐུར་བརླབ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་བཅས་བཞེངས་པར་བསམ་ལ། ཨགྣེ་དེ་ཝ་ས་མ་ཡ་ཧཱུཾ་ཛཿ ཞེས་སེ་གོལ་བསྣོལ་མར་གདབ། མདའ་དར་དམར་པོ་གཡབ་ཅིང་། ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུལ་གཤེགས་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོང་བྲམ་ཟེ་མཆོག །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ལྕགས་ཀྱུའི་རྒྱ་དང་བཅས་པས། ཨགྣེ་དེ་ཝ་རྀ་ཥི་ཛཿཛཿ ས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་བསྟིམ། ཀུན་བཟང་། ཞབས་བསིལ། བཞི་བསྣོལ་གྱིས་མཆོད། མེ་ལྷ་ཞལ་ཤིན་ཏུ་གདངས་པས་སྲེག་བླུགས་ཀྱི་བདུན་རྩིའི་རྒྱུན་དྲངས་ནས་གསོལ་བར་བསམས་ལ། ཁྲོ་བོའི་ཁུ་ཚུར་གྱིས་གཟར་བུ་བཟུང་ནས། ༀ་ཨགྣ་ཡེ་སྭཱ་ཧཱ། ཞེས་གཡོན་པའི་བླུགས་གཟར་བདུན་གྱིས་གཡས་པའི་དགང་གཟར་བཀང་རྗེས་ཁ་སྦྱར་ཏེ་པུས་མོའི་ཕྱི་ལས་ནང་དུ་མི་འདའ་བས་གཡོན་དུ་བསྐོར་ཞིང་། ༀ་ཨགྣེ་དེ་ཝ་རྀ་ཥི་ཧ་བྱ་ཀ་བྱ་དི་བྱ་མ་ཧཱ་ན་ཡེ་དི་བྱ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་གདུག་པ་ཅན་ཐམས་ཅད་མཱ་ར་ཡ་ཕཊ། ཅེས་ལན་གསུམ་གྱིས་དགང་བླུགས་ཕུལ། དེ་རྗེས་སྔགས་དེ་ཁོ་ནས་ཡམ་ཤིང་མར་ནག་སྲེག་རྫས་ལྔའམ་བདུན་སོགས་གྲངས་ཇི་ལྟར་རིགས་པ་ཕུལ་ནས། ཧཱུཾ། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་སྐྱོབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུ་སྤྲུལ་པ། །རིག་སྔགས་གྲུབ་པ་དྲང་སྟོང་ཚུལ། །ཉོན་མོངས་བསྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་བཞིན་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་སྤྲུལ་པ་ཐེག་པ་ཆིབས། །བགྲང་ཕྲེང་འཛིན་ཅིང་རིགས་སྔགས་གསུངས། །བདུད་རྩིའི་བཅུད་ལྡན་གུནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བསྟོད་ལ། ཡུངས་ནག་ཐབ་ཏུ་འཐོར་ཞིང་། ན་མོ། རིག་པའི་རྒྱལ་པོའི་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་སྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་གདུག་པ་ཅན་ཐམས་ཅད་རྡུལ་དུ་རློག་པའི་ཕྲིན་ལས་མཛད་དུ་གསོལ། །ཞེ་པས་འདོད་དོན་གསོལ་ལོ། །དེ་ནས་འདས་པའི་སྲེག་ལྷ་མཆོད་པ་ནི། མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་བྷྲཱུཾ་ཡིག་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཡེ་ཤེས་རིན་པོ་ཆེའི་རང་བཞིན་བྷཉྫ་འབར་བའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། ཕྱི་ནང་ཉིས་རིམ་འབར་བའི་བར་ཁྱམས་གཉིས་དང་ལྡན་པའི་ལྷ་གནས་རྣམས་སུ་སོ་སོའི་གདན་དང་བཅས་པ་གསལ་བར་གྱུར། འབར་བའི་འཁོར་ལོ་རྩིབས་བཞི་པ། ཞེས་པ་ནས། དབང་ཕྱུག་ལྷ་ཆེན་ལ་སོགས་བཟུང་། ཞེས་པའི་བར་གྱིས་གསལ་བཏབ་ལ། ཧཱུཾ། ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་ཁྲག་འཐུང་སྤྱན་འདྲེན་གྱི། །དུར་ཁྲོད་མཆོག་གི་གནས་འདི་རུ། །ཞིང་ཆེན་གསར་རྙིང་སྟན་དུ་བཏིང་། །དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ། །མ་ལུས་གཤེགས་ནས་བསྣམས་སུ་གསོལ། །ༀ་རུ་ལུ་རུ་ལུ་ཧཱུཾ། ཨེ་ཧྱེ་ཧི་ཨཱ་ན་ཡ་ཛཿཧཱུཾ་བཾ་ཧོཿ ཞེས་པས་སྒྲུབ་མཆོད་ཀྱི་དཀྱིལ་འཁོར་ལས་ལྷ་ཚོགས་ཐམས་ཅད་ལས་ཀྱི་རྡོ་རྗེས་སོ་སོའི་སྔགས་བརྗོད་ཅིང་མཎྜལ་མེ་ཏོག་གིས་མཚོན་པར་སྤྱན་དྲངས་ཏེ་སློབ་དཔོན་ལ་ཕུལ་བ་ལས་མེ་ཏོག་ཐབ་ཏུ་དོར་ཞིང་། ༀ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུཾ་བཛྲ་ཀྲོ་དྷེ་ཤྭ་རཱི་སྟྭཾ། ཞེས་པ་ནས། བཛྲ་ལཾ་བྷོ་དྷ་ར་བྷྱོ། ཞེས་པའི་བར་བརྗོད་པས། བཅོམ་ལྡན་འདས་དགྱེས་པ་ཆེན་པོ་བཛྲ་ཧེ་རུ་ཀ་ལ་སོགས་ཏེ་ལྔ་བཅུ་རྩ་བརྒྱད་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་སྐུ་མདོག་མཐིང་ནག་གཡས་རྡོ་རྗེ་དང་གཡོན་རང་རྟགས་འཆང་བ་སོ་སོའི་གདན་ལ་བཞུགས་པའི་སྐུ་ལས་འོད་ཟེར་ནག་པོའི་ཕྲེང་བ་མཁའ་ཁྱབ་ཏུ་སྤྲོ་བས་དྲག་པོའི་ཕྲིན་ལས་མཛད་པར་བསམ་ལ། སྨུག་ནག་སྔོ་ནག་སེར་ནག་དང་། ཞེས་པ་ནས། ཅི་བགྱི་ཞེས་ནི་ཆས་ཏེ་གནས། ཞེས་པའི་བར་གྱིས་གསལ་བཏབ་ལ། །ཀུན་བཟང་། ཞབས་བསིལ། །བཞི་བསྣོལ་གྱིས་མཆོད། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ལྗགས་རྡོ་རྗེ་འོད་ཀྱི་སྦུ་གུ་ཅན་གྱིས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་བསམ་ལ། ༀ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཞེས་བདུན་གྱིས་བཀང་བའི་དགང་བླུགས་ཁ་སྦྱར་བ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་པའི་མཐར་སྤེལ་ཚིག་སྔར་ལྟར་བཏགས་པས་ལན་གསུམ་ཕུལ། དེ་ནས་ཡམ་ཤིང་དང་མར་ནག་སོགས་སྲེག་རྫས་གཞན་རྣམས་ཀྱང་རུ་ལུ་ཁོ་ནས་གཙོ་འཁོར་སྤྱིར་བརྒྱའམ་ཉེར་གཅིག་སོགས་བཅུ་ཚན་ལྟ་བུའི་མཚམས་ཇི་ལྟར་རིགས་པར་སྤེལ་ཚིག་སྦྲེལ་ནས་འབུལ་ལོ། །དེ་རྗེས། རུ་ལུའི་མཐར། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། བཏགས་པས་འདས་པའི་ལས་གཏོར་དང་། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧིས་སྨན་རཀ་སྟོབ་ནས། ཧཱུཾ། གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །ཞེས་སོགས་ཀྱིས་བསྟོད་ལ། ཐབ་ཏུ་ཡུངས་ནག་འཐོར་ཞིང་། ཧཱུཾ། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་འབར་བའི་སྦྱིན་སྲེག་འབུལ། །བདག་གིས་དྲག་པོའི་ཕྲིན་ལས་མཐར་ཕྱིན་ནས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་མཛོད། །ཅེས་གསོལ་བ་བཏབ་པས་ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་ནག་པོ་མེ་ལྕེ་ལྟ་བུར་འཕྲོ་བ་ལས་མཚོན་ཆའི་ཆར་བབས་པས་དགྲ་བགེགས་ཐམས་ཅད་བརླག་པར་བསམ་མོ། །དེ་ནས་བཏང་རག་གི་མཆོད་བསྟོད་དང་བཟོད་གསོལ་བྱས་ལ། སྔར་ལྟར་མེ་ཏོག་གིས་སྤྱན་དྲངས་ཏེ། དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་སྒྲུབ་པའི་དཀྱིལ་འཁོར་ལ་གཤེགས། །གཞལ་ཡས་ཁང་གདན་དང་བཅས་པ་རང་ལ་ཐིམ་པར་བསམ་མོ། །སླར་ཡང་ༀ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ། ཅེས་བླུགས་གཟར་གྱིས་མར་ནག་ཕུལ་བས་མེ་གསོས་ཏེ། འཇིག་རྟེན་པའི་མེ་ལྷ་སྔར་བཞིན་གསལ་བར་བསམ་ལ། ༀ་ཨགྣེ་དེ་ཝ་རྀ་ཥི་ཧ་བྱ་སོགས་ཀྱིས་སྲེག་རྫས་ལྷག་རྣམས་ཕུལ། །ཀུན་བཟང་སོགས་ཀྱིས་མཆོད། ༀ་ཨགྣེ་དེ་ཝ་རྀ་ཥི་མ་ཧཱ་བ་ལིཾ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཧིས། ལས་གཏོར་དང་སྨན་རཀ་ཕུལ། མེ་སྟེ་སྲེག་བྱས་བསྟོད། །ཡིག་བརྒྱས་ནོངས་པ་བཤགས། བཛྲ་མུཿས། མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་འབར་བའི་རྣམ་པར་གྱུར་པར་བསམས་ལ་ལས་ཀྱི་རྗེས་བསྡུ་ཞིང་བསྔོ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །དེ་ལྟར་སྦྱིན་སྲེག་ཟིན་ནས་ལས་ཀྱི་མཇུག་བསྡུ་ཚུལ་ནི། ལས་བཞི་ཀ་འདྲ་བར་མེ་རང་ཞིར་འཇུག་པའམ། ལོང་མེད་ན་ཞི་བ་ལ་འོ་མ་དང་དྲི་དཀར་པོ། རྒྱས་པར་དྲི་སེར་པོ། །དབང་ལ་ཆང་དྲག་པོ་ལ་དུག་ཁྲག་གིས་གཞི་ལ་བར་བྱས་ནས། གཞུང་ལྟར་ལས་སོ་སོ་ལ་ཤིས་པའི་གནས་སུ་གནོན་པའམ། ཡང་ན་སྤྱི་ལྟར་ཞི་བ་དང་དབང་གི་ཐལ་བ་འབབ་ཆུར་བསྐྱལ། རྒྱས་པ་མཛོད་དུ་སྦ། དྲག་པོ་གཞི་མདོར་མནན་པར་བྱའོ། །ད་ནི་ཆོ་ག་རྒྱས་བསྡུས་ཀྱི་འདོར་ལེན་དང་དོན་གྱི་ཁྱད་པར་ལ་དོགས་པའི་གནས་བསམ་བར་བྱ་སྟེ། དེ་ཡང་རྒྱུན་ལུང་ལ་བརྟེན་པའི་སྦྱིན་སྲེག་གི་ཚུལ་འདི་ལ། གོང་མ་རྣམས་ཀྱི་ཕྱག་བཞེས་སུ་མདོ་སྒྱུ་གཉིས་རང་རང་གི་དགོས་ཆོས་ཁྱད་པར་བ་མ་གཏོགས་ཕལ་ཆེར་ཁོག་གཅིག་པར་བི་མ་ལའི་གཏན་ཚིག་གཉིས་པའི་སྡོམ་ཚིག་དང་སྦྱར་ཏེ། དོན་བཅུ་གཅིག་ཏུ་བསྡུས་ནས་འཆད་པར་མཛད་མོད་ཀྱང་། འདིར་ནི་སྙིང་པོའི་ལེའུ་ཉི་ཤུ་པ་དང་། བཤད་རྒྱུད་རྒྱས་པ་སོགས་ལས་གསུངས་པའི་རྫས་དང་ལུ་གུ་རྒྱུད་ཀྱི་སྒོ་ནས་ལས་བྱ་བ་སོགས་དོར་ཏེ། སྒྲུབ་མཆོད་ཀྱི་ཁ་སྐོང་ཙམ་དུ་བྱེད་པ་ལ་ཆད་པའི་སྐྱོན་མེད་ཅིང་ཟོར་ཡང་བས་ཉེ་བར་མཁོ་བའི་དབང་དུ་བྱས་ནས། སྙིང་པོའི་ལེའུ་དགུ་པར། དབྱིབས་དང་ཁ་དོག་མཚན་ལྡན་པར། ཞལ་དུ་གྱུར་པའི་མེ་བུས་ལ། བཟའ་བཏུང་བྲོ་བའི་ཚོགས་རྣམས་ཀྱིས། །ལས་བཞིའི་མཆོད་པ་རབ་ཏུ་སྦྱིན། །ཞེས་པས་དངོས་སུ་བསྟན་དོན་ཇི་ལྟ་བ་བཞིན་དུ་སྲེག་རྐྱང་གི་ལུགས་སུ་བྱས་པ་ཡིན་ལ། གཞན་དུ་རྒྱས་པ་ལ་མོས་ན། སྒྱུ་དྲྭའི་ལུགས་རྗེ་བླ་མ་དམ་པའི་སྐུ་གསུང་ཐུགས་ཀྱི་སྲས་མཆོག་པདྨ་འགྱུར་མེད་རྒྱ་མཚོས་མཛད་པའི་འདོད་དོན་སྣང་བྱེད་དང་། འདུས་པ་མདོའི་ལུགས་ཁོ་བོས་ཟུར་འདེབས་དཔག་བསམ་སྙེ་མའི་ནང་དུ་བྲིས་པ་ལྟར་ལག་ཏུ་བླངས་པས་ཆོག་གོ། །དེ་བཞིན་དུ་ཡང་དག་ལའང་ཧེ་རུ་ཀ་གལ་པོའི་རྒྱུད་དུ་ལས་བཞི་སོ་སོའི་བསྐུལ་སྔགས་རིང་པོ་དག་སྣང་ནའང་གསང་འགྲེལ་གྱི་སྲེག་ཆོག་ཏུ་མ་བཀྲལ་བས་འདིར་ཡང་བཏང་སྙོམས་སུ་བྱས་སོ། །ཡང་སྒྲུབ་མཆོད་དང་འབྲེལ་བའི་ཚེ་འདས་པའི་མེ་ལྷ་དམ་ཚིག་པ་མི་བསྐྱེད་པར་དཀྱིལ་འཁོར་ལ་བཞུགས་པའི་ལྷ་སྤྱན་འདྲེན་པའི་ལུགས་འདི་ཡང་གསང་སྔགས་པ་སྤྱི་ལ་གྲགས་པར་མ་ཟད། སློབ་དཔོན་ཆེན་པོ་པདྨའི་ཡང་དག་གསང་འགྲེལ་དུ་འདས་པའི་མེ་ལྷ་མཆོད་ཚུལ་ལ་མན་ངག་གི་དབྱེ་བ་གསུམ་དུ་བཤད་པའི་ནང་ཚན་དང་པོའི་སྐབས་ཇི་སྐད་དུ། མེ་ལྷ་འོད་དུ་འབར་ནས་ཐབ་ཁུང་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་དུ་དཀྱིལ་འཁོར་གྱི་ལྷ་རྣམས་དེར་སྤྱན་དྲངས་ཏེ་མཆོད་པར་བྱ་ཞེས་རྒྱུད་ལུང་ཁ་གཅིག་ལས་བཤད་དོ། །ཞེས་གསུངས་བ་དང་། ཀུན་མཁྱེན་ཆེན་པོས་ཕྱོགས་བཅུ་མུན་སེལ་དུའང་། མེ་ལྷའི་ལྟོ་བར་ཞི་རྒྱས་གཉིས་ལ་ཞི་བའི་ལྷ། དབང་དྲག་ལ་ཁྲོ་བོ་བསྐྱེད་པའམ་མ་བསྐྱེད་ཀྱང་རུང་སྟེ། སྤྱན་དྲངས་ནས་བཞུགས་པར་གྱུར་པ་ལ། ཞེས་འདམ་ཀར་གསུངས་པ་དང་འབྱོར་ཞིང་། རབ་གནས་ཀྱི་ཚེ་ཡང་ལྷ་རྣམས་ཐབ་ཁུང་དུ་སྤྱན་དྲངས་ནས་སྲེག་བླུགས་ཀྱི་མཆོད་པས་ཞལ་བསྲོ་བའི་ལུགས་སྤྱིར་གྲགས་པས་ཀྱང་རྗེས་སུ་དཔག་ནུས་པའི་ཕྱིར་རོ། །འདི་ལྟའི་རྩོམ་ཚུལ་མཁས་པའི་ལུགས་མིན་ཡང་། ཟབ་གནད་འཁྲོལ་ན་དེ་ལ་བསྟན་བཅོས་སྒྲས། །ཅི་སྙམ་དགེ་སློང་དྷརྨ་ཤྲཱི་ཡིས། །བཀླགས་པས་བདེ་བླག་རྟོགས་ཕྱིར་སྤེལ་བ་ཡིན། །དེ་ལྟར་རྒྱུད་ལུང་ལས་བཞིའི་སྦྱིན་སྲེག་གི། །ངག་འདོན་འདོད་སྟེར་དབང་གི་རྒྱལ་པོ་འདིས། །འགྲོ་ཀུན་བླ་མེད་ཆོས་ཀྱི་སྣོད་གྱུར་ནས། །དཔལ་ལྡན་རྡོ་རྗེ་སེམས་དཔའི་གནས་ཐོབ་ཤོག །ཤུ་བྷ་མསྟུ།། །།

འཕྲོས་དོན། དྷརྨཱ་ཤྲཱི།

༈ སླར་ཡང་འཕྲོས་དོན་འགའ་ཞིག་བརྗོད་ན། བི་མ་ལའི་སྤྱན་འགྲེལ་དང་སྦྱིན་སྲེག་རྩ་བར་ཐབ་ཁུང་བང་རིམ་གསུམ་པ་ཞེས་གསུངས་པའི་དོན་ཀུན་མཁྱེན་ཆེན་པོས་སྙིང་ཊཱིཀ་ཏུ། ཁ་ཁྱེར་བང་རིམ་གསུམ་པ་ལ། ཞེས་པ་འཆད་བདེ་བར་སྣང་བས་འདིར་ཡང་དེ་བཞིན་དུ་བྱས་ལ། ཡང་སྦྱིན་སྲེག་རྩ་བར། གཟར་བུ་རིགས་ཀྱི་མཚན་བཅས་པས། །མཆོད་ཡོན་བདུད་རྩི་རྒྱས་པར་དབུལ། །ཞེས་དང་། གཡུང་སྟོན་ཆེན་པོས་ཀྱང་། ལས་དང་རྗེས་སུ་མཐུན་པའི་དགང་གཟར་བླུགས་གཟར་ཡང་སྟ་གོན་བྱ། ཞེས་གསུངས་ཀྱང་། འདིར་ལས་སོ་སོའི་དགང་བླུགས་ཀྱི་འགྲོས་མི་འཆད་པ་ནི། ད་ལྟའི་བཟོ་རྒྱུན་གྱི་དགང་བླུགས་འདིས་ལས་བཞི་ཀ་ལ་རུང་བར་བླ་མ་མཁས་པ་རྣམས་བཞེད་ཅིང་། ཐམས་ཅད་ཕྱག་ལེན་དུའང་འདི་ལྟར་མཛད་པའི་རྒྱུ་མཚན་གྱིས་ཡིན་ནོ། །འོ་ན་དེའི་དབྱིབས་ཇི་ལྟར་ཞེ་ན། གཟར་བུ་གཉིས་ཀའི་ཡུ་བ་ཁྲུ་གང་བ། སྦོམ་ཕྲ་ཆང་བར་བཟུང་དུ་རུང་བ། དགང་གཟར་གྱི་མགོ་བོ་སོར་བཞི་པ་གྲུ་བ ཞི། འོག་གི་མཐིལ་དུ་པད་འདབ་བརྒྱད་ཡོད་པའི་འདབ་མ་མཐིལ་ནས་ལོགས་སུ་ལངས་པའི་རྩེ་མཆུའི་ནང་གི་ངོས་ཐུག་སླེབ་པ། དེ་ནས་ཕྱིར་སོར་གཅིག་བསྐྱེད་པའི་མཆུ་ཅན་གྱི་རྩེ་མོའི་ངོས་སུ་རྡོ་རྗེ་རྩེ་གསུམ་པས་མཚན་པའི་དབུས་རྭ་ནས་མར་ཁུ་འབབ་པའི་བུ་ག་གཏོད་ཅིང་། ནང་གི་པདྨའི་ལྟེ་བར་སོར་གཅིག་བརྐོས་པ་ལས་རྡོ་རྗེ་རྩེ་ལྔ་གྱེན་དུ་ལངས་པ། མཆུའི་ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བས་བསྐོར་བ་སྟེ། ད་ལྟའི་བཟོ་རྒྱུན་རྣམས་ལ་དཀྱིལ་དུ་ལས་བཞིའི་མཚན་མ་བྱས་པའང་མང་ངོ་། །བླུགས་གཟར་མགོ་བོ་སོར་གཉིས་པ། ཟབས་སུ་སོར་གཅིག་པ། དབྱིབས་པད་འདབ་ལ་བམ་བ་ལང་གི་མིག་ལྟ་བུ་ལྟེ་བར་རྡོ་རྗེས་མཚན་པ། གཉིས་ཀའི་ཡུ་བའི་རྩ་བར་རྡོ་རྗེ་དང་ནོར་བུ་གཉིས་ཀའམ་གང་རུང་ཆུ་སྲིན་གྱི་ཁ་ནས་འཐོན་པ་དང་། ཡུ་བའི་མཐར་ཡང་རྡོ་རྗེས་མཚན་པའོ། །སྤྲོ་ཞིང་འབྱོར་པས་ལས་སོ་སོའི་གཟར་བུ་གཉིས་བྱ་ན་མཁས་པ་དག །ཁ་དོག་མཚན་མ་ཐབ་དང་འདྲ། ཞེས་ཚད་དབྱིབས་སྔར་འདྲའི་བཟོ་ཚུལ་བཤད་པའི་རྗེས་འབྲེལ་དུ་གསུངས་པ་ལྟར། རྒྱུ་དང་ཁ་དོག་མཚན་མ་གསུམ་གྱིས་དབྱེ་བར་བཞེད་པས། ཞི་བ་ལ་དངུལ་ལམ་བྱང་ཆུབ་ཀྱི་ཤིང་སོགས་ལས་བྱས་པ་ཁ་དོག་དཀར་ཞིང་འཁོར་ལོའི་མཚན་མ་ཅན། རྒྱས་པར་གསེར་རམ་བི་ཝ་སོགས་ལས་བྱས་པ་སེར་ཞིང་རིན་པོ་ཆེས་མཚན་པ། དབང་ལ་ཟངས་སམ་ཙནྡན་དམར་པོ་སོགས་ལས་བྱས་པ་དམར་ཞིང་པདྨ་མཚན་པ། དྲག་པོར་ལྕགས་སམ་ཚེར་ཅན་གྱི་ཤིང་སོགས་ལས་བྱས་པ་ནག་ཅིང་རྡོ་རྗེ་རྭ་གདེངས་པས་མཚན་པ་སྟེ། གཞན་ཡང་ཚད་དང་དབྱིབས་མི་འདྲ་ཙམ་རྒྱུན་རྣམས་ལས་གསུངས་པ་མང་ཞིང་། གལ་ཏེ་གཟར་བུ་གཉིས་མ་འབྱོར་ན། སོར་མོ་ལྔ་སྦྱར་བས་དགང་གཟར་དང་། སོར་མོ་གསུམ་སྦྱར་བས་བླུགས་གཟར་བྱེད་པར་བཤད་དོ། །ཡང་དཀྱུས་སུ་བཀོད་པའི་མེ་ཡོལ་གྱི་ཁུངས་ནི། གདན་གཞི་ལས། ཇི་བཞིན་བསྟན་པའི་གནས་སུ་ཡང་། །མཐེབ་སོར་བཅུ་གཉིས་དག་དང་ནི། །དཔངས་སུ་སྐྱེས་བུའི་ཕྱེད་ལྡན་པའི། །ཏི་སེའི་གངས་རི་མཛེས་པར་བཞག །ཅེས་པ་ལྟར་ཡིན་ལ། དཔངས་སུ་སྔགས་མཁན་གྱི་སྐེད་པ་ཙམ་སླེབ་པར་གསུངས་པའང་སྟན་མཐོ་དམའ་དང་འདུག་སྟངས་ཀྱི་ཁྱད་པར་ལས་མཐའ་གཅིག་ཏུ་ངེས་པ་འཆའ་བའང་དཀའོ། །དེ་ལྟར་བཞག་པའི་དགོས་པ་ནི། མེ་ལྷའི་རྗེས་འབྲང་གི་འབྱུང་པོའི་བར་ཆད་བསྲུང་བའི་ཆེད་ཡིན་ལ། གལ་ཏེ་མ་འབྱོར་ན་འཇིག་རྟེན་པའི་མེ་ལྷ་བཀུག་ཟིན་པའི་རྗེས་དེ་མ་ཐག་ཏུ་ཕྱིར་འབྲང་གི་བགེགས་སྐྲོད་བྱ་བར་བཤད་དོ། །ཞེས་པའང་ཞར་ལས་འཕྲོས་ཏེ་དྷརྨས་བརྗོད་པ་དགེ་ལེགས་འཕེལ།། །།

དམ་རྒྱ་འཆིང་ཚུལ་།

༈ དེ་ལ་སོ་སོའི་དམ་རྒྱ་འཆིང་ཚུལ་ནི། རྡོ་རྗེ་བསྡམས་བ་གཞི་རབ་བཞག་ནས། རྣམ་སྣང་ལ། གུང་མོ་མྱུ་གུ་ལྟར་མཉམ་པར་སྒྲེང་ལ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གཱི་ཤྭ་ར་ཧཱུཾ། མི་བསྐྱོད་པ་ལ། གུང་མོ་ནང་དུ་གཤིབས་ནས་སྦས་པའི་རྒྱས། ༀ་བཛྲ་ས་ཏྭ་ཧཱུཾ། རིན་འབྱུང་ལ། གུང་མོ་རིན་ཆེན་འདྲ་བའི་རྒྱས། ༀ་བཛྲ་རཏྣ་ཧཱུཾ། སྣང་མཐའ་ལ། གུང་མོ་པདྨ་ལྟར་དགུག་པ་ལ། ༀ་བཛྲ་དྷརྨ་ཧཱུཾ། དོན་གྲུབ་ལ། རྡོར་བསྡམས་ཟླུམ་པོ་ལས་མཛུབ་མོ་བཀུག་པའི་རྒྱས། ༀ་བཛྲ་ཀརྨ་ཧཱུཾ། རྡོར་སེམས་ལ། རྡོར་བསྡམས་ལས་གུང་མོ་གཤིབས་ཏེ་སྒྲེང་ཞིང་མཐེ་བོང་དམ་མཐེའུ་ཆུང་བཞི་ཕྲལ་ནས་སྒྲེང་ལ། ༀ་བཛྲ་སཏྭ་ཧཱུཾ། རྡོ་རྗེ་རྒྱལ་པོ་ལ། མཛུབ་གཉིས་ལྕགས་ཀྱུ་ལྟར་བྱས་ལ། ༀ་བཛྲ་རཱ་ཛ་ཧཱུཾ། རྡོ་རྗེ་ཆགས་པ་ལ། མཛུབ་གཉིས་ལྟོ་སྦྱར་ནས་བརྐྱང་ལ། ༀ་བཛྲ་རཱ་ག་ཧཱུཾ། རྡོ་རྗེ་ལེགས་པ་ལ། མཐེབ་མཛུབ་ཀྱི་སེ་གོལ་སྙིང་གར་རྡེབ་པའི་རྒྱས། ༀ་བཛྲ་སཱ་དྷཱུ། རྡོ་རྗེ་རིན་ཆེན་ལ། མཐེ་བོང་གཤིབས་ཤིང་མཛུབ་རྩེ་སྤྲད་པ་ལས་ཚིགས་བཅག་ལ། ༀ་བཛྲ་རཏྣ། རྡོ་རྗེ་གཟི་བརྗིད་ལ། རྡོ་རྗེ་ཐལ་མོ་ལས་མཐེབ་མཛུབ་སྔར་ལྟར་བྱས་ལ། ༀ་བཛྲ་ཏེ་ཛཿ རྡོ་རྗེ་རྒྱལ་མཚན་ལ། རྡོར་བསྡམས་ལས་སྲིན་ལག་མཐེའུ་ཆུང་གཉིས་མཉམ་པར་གཤིབས་ལ། ༀ་བཛྲ་ཀེ་ཏུ། རྡོ་རྗེ་བཞད་པ་ལ། དེ་ཉིད་བསྐོར་ནས་ཁའི་ཕྱོགས་བཞག་ལ། ༀ་བཛྲ་ཧ་ས། རྡོ་རྗེ་ཆོས་ལ། མཐེ་བོང་མཉམ་གཤིབས་མཛུབ་རྩེ་གཉིས་བཀུག་ལ། ༀ་བཛྲ་དྷརྨ། རྡོ་རྗེ་རྣོན་པོ་ལ། གུང་མོ་གཤིབས་ཏེ་སྒྲེང་བའི་རྩེ་བཀུག་ལ། ༀ་བཛྲ་ཏིཀྵྞ། རྡོ་རྗེ་རྒྱུ་ལ། དེ་ལས་སྲིན་ལག་དང་མཐེའུ་ཆུང་གཤིབས་ལ། ༀ་བཛྲ་ཧེ་ཏུ། རྡོ་རྗེ་སྨྲ་བ་ལ། རྡོར་བསྡམས་ལས་མཐེ་བོང་གཉིས་ཕན་ཚུན་དུ་ཕྱེ་ལ་ཐལ་མོ་བཀན་ཏེ་ཁའི་ཕྱོགས་བཞག་ལ། ༀ་བཛྲ་བྷ་ཥ། རྡོ་རྗེ་ལས་ལ། རྡོར་བསྡམས་ལས་མཐེ་བོང་མཐེའུ་ཆུང་རྩེ་སྤྲད་དེ་བཀྱེ་ལ། ༀ་བཛྲ་ཀརྨ། རྡོ་རྗེ་སྲུང་བ་ལ། དེ་ལས་མཛུབ་མོ་གཤིབས་ཏེ་སྙིང་གར་བརྐྱང་ལ། ༀ་བཛྲ་རཀྵ། རྡོ་རྗེ་གནོད་སྦྱིན་ལ། མཛུབ་གཉིས་བཀུག་ལ་ལྕགས་ཀྱུ་ལྟར་བྱས་ཤིང་མཐེ་ཆུང་གཉིས་གཤིབས་པ་མཆེ་བ་ལྟར་བྱས་ལ། ༀ་བཛྲ་ཡཀྵ། རྡོ་རྗེ་ཁུ་ཚུར་ལ། མཐེའུ་ཆུང་གཉིས་ཀྱི་ནང་དུ་མཐེ་བོང་བཅུག་པའི་རྩ་བ་མཛུབ་མོ་གཉིས་ཀྱིས་འཚིར་ལ། ༀ་བཛྲ་སནྡྷི། སྒེག་མོ་ལ། རྡོར་བསྡམས་ཀྱི་མཐེ་བོང་མཉམ་པ་སྙིང་གར་བཞག་ལ། ༀ་བཛྲ་ལཱ་སྱ། ཕྲེང་མོ་ལ། རྡོ་རྗེ་ཐལ་མོའི་རྒྱས། ༀ་བཛྲ་མཱ་ལེ། གླུ་མ་ལ། རྡོར་ཐལ་སྦྱར་ཏེ་ཁ་ནས་དབྱུང་བའི་རྒྱལ། ༀ་བཛྲ་གཱི་ཏི། གར་མ་ལ། རྡོར་ཐལ་བསྐོར་བ་སྤྱི་བོར་བཞག་ལ། ༀ་བཛྲ་ན྄ི་ཏྱེ། སྤོས་མ་ལ། རྡོར་བསྡམས་བཅིངས་པ་ཐུར་དུ་བླུག་པའི་རྒྱས། ༀ་བཛྲ་དྷཱུ་པེ། མེ་ཏོག་ལ། རྡོར་ཐལ་ཕྱེ་ནས་གྱེན་དུ་འཐོར་ལ། ༀ་བཛྲ་པུཥྤེ། མར་མེ་ལ། རྡོར་བསྡམས་ལས་མཐེ་བོང་མཉམ་པའི་རྒྱས། ༀ་བཛྲ་ཨཱ་ལོ་ཀེ །དྲི་ཆབ་ལ། རྡོར་ཐལ་ཕྱེ་ནས་བརྐྱང་ལ། ༀ་བཛྲ་གནྡྷེ། ལྕགས་ཀྱུ་མར། རྡོར་བསྡམས་ལས་མཛུབ་མོ་བཀུག་ལ། ༀ་བཛྲ་ཨཾ་ཀུ་ཤ །ཞགས་པ་མར། རྡོར་བསྡམས་ལས་མཐེ་བོང་གཡས་པ་ནང་དུ་བཅུག་ལ་མདུན་པའི་རྒྱས། ༀ་བཛྲ་པཱ་ཤ །ལྕགས་སྒྲོག་མར། མཐེ་བོང་མཛུབ་མོ་སོ་སོར་རྩེ་སྤྲད་པ་གདུ་བུ་ལྟ་བའི་རྒྱས། ༀ་བཛྲ་སྥོ་ཊ། དྲིལ་བུ་མར། རྡོ་རྗེ་བཅིང་བ་ལས་མཛུབ་མོ་ནང་དུ་བཅུག་ལ་མཐེ་བོང་གཉིས་ཀྱིས་བསྡམས་ལ། ༀ་བཛྲ་ཨཱ་བེ་ཤ །ༀ་བཛྲ་དྷ་ཏུ། རྣམ་སྣང་ལ་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅས་ལ། ༀ་བུདྡྷ་བཻ་རོ་ཙ་ན་ༀ། མི་བསྐྱོད་རིན་འབྱུང་དོན་གྲུབ་གསུམ་ལ་ལག་གཡོན་ནུ་མ་གཡོན་པའི་ཐད་དུ་ཆོས་གོས་ཀྱི་གྲྭ་འཛིན་པའི་ཚུལ་དང་། གཡས་ས་གནོན་སོགས་སོ་སོའི་ཕྱག་ཆེན་བཅས་ལ། ༀ་བཛྲ་ཨཀྵོ་བྷྱཿ ཧཱུཾ། ༀ་རཏྣ་སམྦྷ་བ་ཏྲཱཾ། སྣང་མཐའ་ལ་མཉམ་གཞག་གི་ཕྱག་རྒྱ་བཅས་ལ། ༀ་པདྨ་ཨ་མི་ཏ་བྷ་ཧྲཱིཿ ༀ་ཀརྨ་ཨ་མོ་གྷ་སིདྡྷི་ཧཱུཾ་ཨཱཿ རྡོར་སེམས་ལ། ལག་གཡས་རྡོ་རྗེ་གསོར་ཚུལ་དང་གཡོན་བསྒྱིང་བའི་རྒྱ་བཅས་ལ། ༀ་བཛྲ་ས་ཏྭ། རྡོ་རྗེ་རྒྱལ་པོ་ལ། ལག་གཉིས་ལྕགས་ཀྱུ་འཛིན་པ་ལྟ་བུའི་རྒྱས། ༀ་བཛྲ་རཱ་ཛ། རྡོ་རྗེ་ཆགས་པ་ལ། མདའ་འཕང་ཚུལ་རྒྱལ། ༀ་བཛྲ་རཱ་ག །རྡོ་རྗེ་ལེགས་པ་ལ། མཐེ་བོ་མཛུབ་ཀྱི་སེ་གོལ་སྙིང་གར་བཞག་ལ། ༀ་བཛྲ་སཱ་དྷུ། རྡོ་རྗེ་རིན་ཆེན་ལ། ཁུ་ཚུར་གཉིས་གཤིབས་དཔྲལ་བར་བཞག་ལ། ༀ་བཛྲ་རཏྣ། རྡོ་རྗེ་གཟི་བརྗིད་ལ། རྡོ་རྗེ་ཁུ་ཚུར་གཉིས་སྟེང་འོག་ཏུ་སྦྱར་བ་སྙིང་གར་བཞག་ལ། ༀ་བཛྲ་ཏེ་ཛཿ རྡོ་རྗེ་རྒྱལ་མཚན་ལ། ཁུ་ཚུར་གཡོན་པར་གཡས་པའི་གྲུ་མོ་བཙུགས་ལ། ༀ་བཛྲ་ཀེ་ཏུ། རྡོ་རྗེ་བཞད་པ་ལ། གཡས་གཡོན་སོ་ཕྲེང་འཛིན་ཚུལ་ཁ་ཕྱོགས་བསྐོར་ལ། ༀ་བཛྲ་ཧ་ས། རྡོ་རྗེ་ཆོས་ལ། གཡས་པའི་མཐེབ་མཛུབ་ཀྱིས་གཡོན་པའི་པདྨ་ཁ་འབྱེད་པ་ལྟར་བྱེད་ལ། ༀ་བཛྲ་དྷརྨ། རྡོ་རྗེ་རྣོན་པོ་ལ། སྙིང་གར་གཡོན་པ་རལ་གྲི་མདུད་པ་ལྟར་བྱེད་ལ། ༀ་བཛྲ་ཏིཀྵྞ། རྡོ་རྗེ་རྒྱུ་ལ། རྡོ་རྗེ་ཁུ་ཚུར་ཁ་སྦྱར་བ་མགལ་མེ་ལྟར་བསྐོར་ལ། ༀ་བཛྲ་ཧེ་ཏུ། རྡོ་རྗེ་སྨྲ་བ་ལ། རྡོ་རྗེ་ཁུ་ཚུར་གཉིས་ཁ་ནས་དབྱུང་བ་ལྟར་བྱེད་ལ། ༀ་བཛྲ་བྷ་ཥ། རྡོརྗེ་ལས་ལ། རྡོ་རྗེ་ཐལ་མོ་གར་བསྐོར་བཀྲོལ་ནས་འགྲམ་གཡས་གཡོན་དང་སྤྱི་བོར་བཞག་ལ། ༀ་བཛྲ་ཀརྨ། རྡོ་རྗེ་སྲུང་བ་ལ། གོ་ཆ་བཀོན་ཚུལ་གྱི་རྒྱས། ༀ་བཛྲ་རཀྵ། རྡོ་རྗེ་གནོད་སྦྱིན་ལ། ཁུ་ཚུར་ལས་མཐེའུ་ཆུང་གཉིས་མཆེ་བ་ལྟ་བུ་ཁ་འགྲམ་དུ་བཞག་ལ། ༀ་བཛྲ་ཡཀྵ། རྡོ་རྗེ་ཁུ་ཚུར་ལ། ཁུ་ཚུར་གཉིས་དཀུ་གཡོན་དུ་མནན་ལ། ༀ་བཛྲ་སནྡྷི། སྒེག་མོ་ལ། རྡོ་རྗེ་བསྒྱིངས་ཚུལ་གྱིས་འདུད་པའི་རྒྱས། ༀ་བཛྲ་ལཱ་སྱ། ཕྲེང་བ་མ་ལ། ཕྲེང་བ་བཅིང་བའི་རྒྱས། ༀ་བཛྲ་མཱ་ལེ། གླུ་མ་ལ། རྡོ་རྗེ་ཁུ་ཚུར་ཁ་ནས་དབྱུང་བའི་རྒྱས། ༀ་བཛྲ་གཱི་ཏི། གར་མ་ལ། རྡོ་རྗེ་གར་བསྐོར་བའི་རྒྱས། ༀ་བཛྲ་ནྲི་ཏྱེ། མཆོད་པའི་ལྷ་མོ་བཞི་ལ། རྡོ་རྗེ་ཁུ་ཚུར་གྱིས་བདུག་པ་དང་འཐོར་བ་དང་བསྐོར་བ་དང་བྱུག་པ་ལྟར་བྱས་ལ། ༀ་བཛྲ་དྷཱུ་པེ། ༀ་བཛྲ་པུཥྤེ། ༀ་བཛྲ་ཨཱ་ལོ་ཀེ །ༀ་བཛྲ་གནྡྷེ། ལྕགས་ཀྱུ་མ་ལ། ཁུ་ཚུར་ལས་གཡས་པའི་མཛུབ་མོ་དང་གཡོན་པའི་མཐེའུ་ཆུང་བཅིང་ལ། ༀ་བཛྲ་ཨཾ་ཀུ་ཤ །ཞགས་པ་མ་ལ། མཁྲིག་མ་མདུད་པའི་རྒྱས། ༀ་བཛྲ་པཱ་ཤ །ལྕགས་སྒྲོག་མར། མཛུབ་གཉིས་གདུ་བུ་ལྟར་བྱས་ལ། ༀ་བཛྲ་སྥོ་ཊ། དྲིལ་བུ་མར། རྒྱབ་གཉིས་མཉམ་སྟེ་མནན་པའི་རྒྱས། ༀ་བཛྲ་ཨཱ་བེ་ཤ །ༀ་དྷྲྀ་ཏ་རཱཥྚཱ་ཡ་སྭཱ་ཧཱ། གཡས་པའི་ཁུ་ཚུར་གྱི་སྟེང་དུ་གཡོན་པའི་ཁུ་ཚུར་ནང་བསྟན་སྒྲེང་བ་ཡུལ་འཁོར་སྲུང་། ༀ་བི་རཱུ་ཌྷ་ཀཱ་ཡ་སྭཱ་ཧཱ། གཡས་པའི་ཁུ་ཚུར་ལས་གུང་མཛུབ་སྒྲང་བ་འཕགས་སྐྱེས་པོ། ༀ་བི་རཱུ་པཱ་ཀྵཱ་ཡ་སྭཱ་ཧཱ། རྡོ་རྗེ་ཕྱི་བསྡམས་ལས་མཛུབ་མོ་ཕྱུང་བ་མིག་མི་བཟང་། ༀ་བཻ་ཤྲ་ཝ་ཎཱ་ཡ་སྭཱ་ཧཱ། རྡོ་རྗེ་ཕྱི་བསྡམས་ལས་མཐེའུ་སྒྲེང་བ་རྣམ་སྲས། ༀ་བྲཧྨ་ཎེ་སྭཱ་ཧཱ། མིག་སྟེང་དུ་ཕྱོགས་ཤིང་ཐལ་མོ་ཁོང་སྟོང་དུ་སྦྱར་བ་ནི་ཚངས་པ །༼ཀ༽ ༀ་ཨིནྡྲ་ཡེ་སྭཱ་ཧཱ། ལག་གཉིས་ཀྱི་མཐེའུ་ཆུང་མཐེ་བོང་གིས་མནན་ཅིང་སོར་མོ་ལྷག་མ་གསུམ་སྒྲེངས་ཏེ་གཡོན་སྙིང་ག་དང་གཡས་དཀུར་བཞག་པ་ནི་དབང་པོ། ༀ་ཨགྣ་ཡེ་སྭཱ་ཧཱ། ལག་གཉིས་ཁུ་ཚུར་ལས་གུང་མོ་སྒྲེང་བའི་ཚིགས་གསུམ་པར་མཛུབ་རྩེ་སྦྱར་བ་གཡས་སྙིང་ག་དང་གཡོན་དཀུར་བཞག་པ་ནི་མེ་ལྷ།༼ཁ༽ ༀ་ཡ་མཱ་ཡ་སྭཱ་ཧཱ། རྡོ་རྗེ་ནང་བསྡམས་ལས་སྲིན་ལག་གཉིས་བརྐྱང་བ་ནི་གཤིན་རྗེ། ༀ་ནཻ་ཏྲྀ་ཏྱ་ཡ་སྭཱ་ཧཱ། ལག་གཉིས་ཁུ་ཚུར་ལས་གུང་མཛུབ་གཉིས་བརྐྱང་བ་གཡས་སྙིང་ག་དང་གཡོན་དཀུར་བཞག་པ་ནི་སྲིན་པོ། ༀ་ཝ་རུ་ཎཱ་ཡ་སྭཱ་ཧཱ། ཁུ་ཚུར་གཉིས་ཀྱི་མཐེབ་མཛུབ་ཞགས་མིག་གི་ཚུལ་དུ་སྦྱར་བ་སྙིང་གར་བཞག་པ་ནི་ཆུ་ལྷ། ༀ་ཝཱ་ཡ་ཝེ་སྭཱ་ཧཱ། སྔར་མེ་ལྷའི་ཕྱག་རྒྱ་ལྟར་བཅས་པ་ལས་གཡོན་སྙིང་ག་དང་གཡས་དཀུར་བཞག་པ་ནི་རླུང་ལྷ༼ཁ༽། ༀ་ཀུ་བེ་རཱ་ཡ་སྭཱ་ཧཱ། རྡོ་རྗེ་ནང་བསྡམས་ལས་མཐེའུ་ཆུང་གཤིབས་ནས་བརྐྱང་བ་དེ་སྲིན་ལག་བརྐྱང་ཞིང་རྩེ་སྦྱར་བའི་ནང་དུ་བཅུག་པ་ནི་གནོད་སྦྱིན། ༀ་ཨཱི་ས་ཊཱ་ཡ་སྭཱ་ཧཱ། རྡོ་རྗེ་ནང་བསྡམས་ལས་གུང་མོ་གཉིས་བརྐྱང་པའི་སེན་མོ་ལ་མཛུབ་མོ་གཉིས་རེག་ཅིང་མཐེ་བོང་གཉིས་སོ་སོའི་ཕྱོགས་ཀྱི་གུང་མོ་ལ་སྦྱར་བ་ནི་དབང་ལྡན། ༀ་སཱུཪྱཱ་ཡ་སྭཱ་ཧཱ། ༀ་ཙནྡྲཱ་ཡ་སྭཱ་ཧཱ། ཉི་མ་དང་ཟླ་བ་གཉིས་ནི་ཚངས་པ༼ཀ༽་དང་འདྲའོ། །ༀ་པྲི་ཐི་ཝཱི་བྷྱ་ཿསྭཱ་ཧཱ། ༀ་ནཱ་གེ་བྷྱཿསྭཱ་ཧཱ། ༀ་ཨ་སུ་རེ་བྷྱ་ཿ སྭཱ་ཧཱ། མིག་མཐུར་དུ་བལྟ་ཞིང་ལག་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་བ་ལས་མཐེ་བོང་གཉིས་ནང་དུ་བཅུག་ལ་ཐལ་མོའི་རྩེ་མོ་མཐུར་དུ་བསྟན་པ་ནི་ས་བདག་དང་། ཀླུ་དང་། ལྷ་མིན་གསུམ་གྱི་ཕྱག་རྒྱའོ། །ལྷ་ཆེན་བརྒྱད་ལ། ༀ་དེ་ཝ་སྭཾ་སྭཾ་ཡ་སྭཱ་ཧཱ། ཐལ་མོ་ཁོང་སྟོང་ལས་གུང་མོ་གཤིབས་ལ་བསྣོལ། མཛུབ་མོ་བཀུག་པའི་སྟེང་དུ་མཐེ་བོང་བཞག་པའི་ཕྱག་རྒྱས་དབུལ། ཀླུ་ཆེན་བརྒྱད་ལ། ༀ་རེ་རེ་ན་ཏི་ན་ནཱ་ག་ལི་རཾ་ཕུ་ཏ་ཏ་རི་ཙི་ཡེ་སྭཱ་ཧཱ། ལག་གཉིས་ཀྱི་ཐལ་མོ་ཕྱིར་བསྟན་བཀན་པ་གདེངས་ཀ་ལྟར་བཟུང་བའི་རྒྱ་དང་བཅས་དབུལ། གཟའ་ཆེན་བརྒྱད་ལ། ༀ་གྲ་ཧེ་ཙ་རི་ཡ་པྲ་བ་དཾ་ཛོ་ཏེ་མར་ཡེ་སྭཱ་ཧཱ། ལག་གཉིས་གཅིག་ཏུ་སྦྱར་ཞིང་མཐེ་བོང་གཉིས་གཤིབས་ཏེ་སྒྲེང་བའི་རྒྱས་དབུལ། རྒྱུ་སྐར་ཉེར་བརྒྱད་ལ། ༀ་ནཀྵ་ཏྲ་ད་ནི་རཏྣ་ད་ནི་ཡེ་སྭཱ་ཧཱ། གཟའི་ཕྱག་རྒྱ་དེ་ཉིད་ལས་གུང་མོ་དང་མཐེ་བོང་གཉིས་ལྡོག་སྟེ་སྦྱར་བས་དབུལ། འཇིགས་བྱེད་དགུ་ལ། ༀ་ཡཀྵེ་པྲ་རཱ་ཡ་སྭཱ་ཧཱ། གཡོན་པའི་ཐལ་མོ་ལྟེ་བའི་ཕྱོགས་སུ་བཀན་ཏེ་བཞག་པའི་མཛུབ་མོ་བཀུག་ཅིང་གཡས་པའི་གུང་མོ་སྒྲེང་བས་དེ་ལ་ཕྱོགས་པར་བྱས་ལ་ཧསྟི་རྒྱས་དབུལ་ལོ། །

དངོས་གྲུབ་བླང་བའི་ལས་རིམ་ཟུར་བཀོལ།

༈ རང་རང་སོ་སོའི་སྔགས་མཐར་ནམ་མཁའ་མཛོད་ཀྱི་ཤམ་བུ་བཏགས་ལ་ཐམས་ཅད་ལ་ལན་གསུམ་གསུམ་རེ་དབུལ། གསལ་ཤིང་ལས། དངོས་གྲུབ་བླང་བའི་ལས་རིམ་ཟུར་བཀོལ་ཉེར་བསྡུས་ནི། ༀ་ཨ་ཀྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཀ་ཏ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཧཱུཾ་ཕཊ། ༀ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་ཧཱུཾ་སརྦ་ཏ་ཐཱ་ག་ཏ་ཀྲོ་དྷེ་ཤྭ་རཱི་ཧཱུཾ། ༀ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷེ་ཤྭ་རཱི་ཧཱུཾ། ༀ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷེ་ཤྭ་རཱི་ཧཱུཾ། དེ་བཞིན་དུ། རཏྣ། པདྨ། ཀརྨ་རྣམས་བཅུག །ༀ་རཀྴ་ཤྲི་ཧེ་རུ་ཀ་རཀྟ་ཀྲོ་དྷེ་ཤྭ་རཱི་ཧཱུཾ། དེ་བཞིན་དུ། ས་ནུ། གུ་ཧྱ ཡཀྴ། ༀ་བཛྲ་ག་རཱི་ཧ། དེ་བཞིན་དུ། ཙ་རཱི། པྲ་མོ་ཧེ། བེ་ཏ་ལཱི། པུཀྐ་སཱི། གྷསྨ་རཱི། སྨ་ཤ་ནི། ཙཎྜ་ལཱི། ༀ་བཛྲ་སིདྷ་མུ་ཁཱི་ཧེ། དེ་བཞིན་དུ། བྱཱ་གྷྲི། ཤྲི་གཱ་ལ། ཤྭ་ན། གྲྀ་དྡྷ། ཀངྐ། ཀཱ་ཀ །ཨུ་ལུ་ཀཱ། ༀ་བཛྲ་ཨཱརྻ་ཏེ་ཛ་ཏེ་ང་ཛཿ ཨ་མུ་ཁེ་ཧཱུཾ། ལོ་ཀ་པ། བྷསྨི་པ་ལ་ཡ་བ་ཏུ་ཧོཿ ༀ་བཛྲ་ཨ་པྲ་ཏི་ཧ་ཏ་ཨཱརྱ་ནི་ཙ་ཏུ་ར་ཏ་ར་ཕཊ་རཀྨོ་ཧཱུཾ། ༀ་ཤྲཱི་བཛྲ་མུངྒ་ར་མུ་ཁ་ཤྭ་ར་ཡཱ་ཡ་ན་མ། དེ་བཞིན་དུ། ར་ག་མ་ཤྭ་ར་ཡཱ་ཡ། ཁ་ཊྭཱཾ་ཀ་པྲ་ཛྭ་ལ་ཡཱ་ཡ། གྷཎྜེ་པྲ་ཛྭ་ལ་ཡཱ་ཡ། མ་ནུ་རཀྵ་སཱི་བྷྱོ། བྲཧྨ་ཎཱི། ར་ཏྲཱི། བེཥྞ་བཻ། ཀུ་མཱ་རཱི། ཨིནྡྲ་ཎཱི། བཛྲ་པིངྒ་ལཾ། ཨ་མྲྀ་ཏཾ། ས་མྱ། དཎྜ་དཾ། རཀྵ་སཱི། བྷཀྵ་སཱི། ར་ཏི་བཛྲ། རུ་དྷི་ར་མཏྟཱ། ཨེ་ཀ་ཙ་རི་ཎཱི། མ་ནོ་ཧ་རཾ། སིདྡྷི་ཀཾ །ཝཱ་ཡ་ཝཱི། མ་ཧཱ་མཱ་ར་ཎཱ་བཛྲ། ཨགྣཱི། ཝཱ་ར་ཧཱི། ཙ་མུཎྜཱི། སུ་ཏཾ་ནཾ། ཝ་རུ་ཎཱི། བཛྲ་མ་ཧཱ་ཀཱ་ལི། བཛྲ་ཙ་ཀ་ལ། བཛྲ་ཀམྦྷ་ཀཪྞ། བཛྲ་ལཾ་བྷྱོ་དྷ་ར། ཨེ་ཨཱ་ར་ལི་ཧཱུཾ། མ་མ་དྷ་ཏུ་ཧཱུཾ། བཛྲ་དུནྟིང་བྷྱོ། ཀིདྒ་ར་ཧ་ཧ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཀྲོ་དྷ་ཀྲོ་དྷཱི་ཧཱུཾ། བྷ་ན་བྷ་ན་ཨངྐུ་ཤ་ཛཿ ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། གརྫ་གརྫ་སྥོ་ཊ་བཾ། པ་ཙ་པ་ཙ་གྷཎྜེ་ཧོཿ མ་མེ་ཤྭ་ར་ཧཱུཾ། ༀ་མ་ཧཱ་གུ་རུ་ཤ་རི་རཾ་གཱི་ལི་ཧཱུཾ། བཛྲ་ཡོ་གི་གུ་རུ་ས་མ་ཡ་ཛཿབཛྲ་ཨཾ་ཀུ་ཤ་ཛཿ རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་འོད་དང་སྤྲུལ་པར་བཅས་ཏེ་གསལ་ཤིང་གྱི་རྩེ་མོར་བྱོན་པར་གྱུར། མ་ཧཱ་པཉྩ་ཨ་མྲྀ་ཏ། མ་ཧཱ་བ་ལིདྟ། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། བཟླས་པ་ནི། དཀྱིལ་འཁོར་ལྷ་ཚོགས་ཐུགས་ཀ་ནས། །ཟུར་བརྒྱད་དཀྱིལ་ནས་འབྲུ་བརྒྱད་ཤར། །སྙིང་པོ་རུ་ལུ་འབྲུ་བརྒྱད་དང་། །གུ་ཧྱ་ཛྙཱ་ནའི་འོད་འཕྲོས་པས། །ཕར་འཕྲོས་ལྷ་ཚོགས་ཐུག་དམ་བསྐང་། །ཚུར་འདུས་བདག་ལ་དངོས་གྲུབ་སྩོལ། །རང་སྔགས་ལ་རུ་ལུ་སྦྲེལ་བ་དང་། ༀ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟི་མ་ཧཱ་སུ་ཁ་ཧཱུཾ་ཧཱུཾ། ཞེས་བཟླས་ལ། བརྗོད་མེད་ཤེས་རབ་སོགས་ཀྱིས་བསྟོད། རུ་ལུ་དང་། གུ་ཧྱ་ཛྙཱ་ན།
གསོལ་བྱང་གི་སྨོན་ལམ་ནི། ཧོཿ བཅོམ་ལྡན་འདས་དཀྱིལ་འཁོར་གྱི་ལྷ་ཚོགས་ཡབ་ཡུམ་སྤྲུལ་པ་ཕྱག་བརྙན་དང་བཅས་པ་ལ་དངོས་གྲུབ་ཏུ་གསོལ་བའི་མདོ་ནི། བདག་ཅག་གསང་བའི་དཀྱིལ་འཁོར་འདིར་ཚོགས་པ་རྣམས་ལ། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་ཤེས་རབ། མི་བརྗེད་པའི་གཟུངས། མངོན་པར་ཤེས་པ་དྲུག །རྒྱུན་གྱི་ཏིང་ངེ་འཛིན། རྡོ་རྗེ་ལྟ་བུའི་ཚེ། གཡུང་དྲུང་ལྟ་བུའི་ལུས། བཅོམ་ལྡན་འདས་དཔལ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་བླ་མན་ཆད་ནས་དངོས་གྲུབ་ཀྱི་སྐལ་བ་དང་རིགས་རྒྱུད་གང་ལགས་པ་ཐམས་ཅད་ཕྱི་མར་སྡད་མི་འཚལ་བར་དུས་ད་ལྟ་ཉིད་དུ་ཐོབ་པར་སྩལ་དུ་གསོལ། ཞེས་བརྗོད། བསྡུ་བ་ནི། བཛྲ་ཨངྐུ་ཤ་ཛཿ ཞེས་ལན་གསུམ་གྱིས། དང་པོས་འོད་དང་སྤྲུལ་པ། གཉིས་པས་ཡིག་འབྲུ། གསུམ་པས་སྐུ་འོད་དུ་ཞུ་ནས་རང་ལ་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་གཟི་བྱིན་དང་ལྡན་པར་བསམ་མོ།། །