Nitartha Digital Library
Tibetan
 
previousརྒྱུད་ལུང་ལ་བརྟེན་པའི་ལས་བཞིའི་སྦྱིན་སྲེག་གི་ངག་འདོན་བཀླག་ཆོག་མར་བྱས་པ་འདོད་སྟེར་དབང་གི་རྒྱལ་པོ། དྷརྨཱ་ཤྲཱི།next

རྒྱུད་ལུང་ལ་བརྟེན་པའི་ལས་བཞིའི་སྦྱིན་སྲེག་གི་ངག་འདོན་བཀླག་ཆོག་མར་བྱས་པ་འདོད་སྟེར་དབང་གི་རྒྱལ་པོ། དྷརྨཱ་ཤྲཱི།

རྒྱུད་ལུང་ལ་བརྟེན་པའི་ལས་བཞིའི་སྦྱིན་སྲེག་གི་ངག་འདོན་བཀླག་ཆོག་མར་བྱས་པ་འདོད་སྟེར་དབང་གི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ། །ༀ་སྭ་སྟི་སིདྡྷཾ། ནམ་ཡང་མི་འགྱུར་ལྷུན་གྲུབ་ཕྲིན་ལས་བཞིས། །ཀུན་ཁྱབ་རིས་མེད་འགྲོ་བ་འདུལ་མཛད་པ། །བླ་མ་རྡོ་རྗེ་སེམས་དཔའི་ངོ་བོ་ལ། །ཕྱག་བྱས་རྒྱུད་ལུང་ལས་བཞིའི་སྦྱིན་སྲེག་བྲི། །འདིར་ས་ག་ཟླ་བའི་སྒྲུབ་མཆོད་ཀྱི་དུས་རྒྱུད་ལུང་གི་དཀྱིལ་འཁོར་བཞི་ལ་ལས་རེ་སྦྱར་ནས་སྤྱིར་ལས་བཞི་ཚང་བར་མཛད་པའི་སྦྱིན་སྲེག་གི་ཆོ་ག་མར་བཀོད་པ་ལས། དང་པོ་ཞི་བའི་སྦྱིན་སྲེག་ནི། སྒྱུ་འཕྲུལ་དྲྭ་བ་ཞི་བ་འབྲིང་པོའི་དཀྱིལ་འཁོར་དང་སྦྱར་ནས་སྟོན་ཏེ། དེ་ལ་ཐོག་མར་བཅས་གཤོམ་ནི། ཐབ་སྟེགས་གྲུ་བཞི་པ་རྒྱར་ཁྲུ་དོ་དང་དཔངས་སུ་ཁྲུ་ཕྱེད་པའི་ཁར་དྲི་དཀར་པོ་དང་བ་བྱུང་གིས་ཆག་ཆག་བཏབ། དེའི་སྟེང་ངོས་ཀྱི་མཐའ་ནས་ཟླུམ་སྐོར་གྱི་མུ་ཁྱུད་ནག་པོ་ལ་ༀ་ཡིག་དང་སེང་མགོ་སྤེལ་བའི་ནང་དུ་འཁོར་ལོ་དཀར་པོ་རྩིབས་བཞི་པ་བྲི། དེའི་ལྟེ་བར་ཐབ་ཁུང་རྩིག་ན་རྒྱར་ཁྲུ་གང་དང་དཔངས་སུ་ཁྲུ་ཕྱེད་ཟླུམ་པོར་བསླང་བའི་སྟེང་ནས་ཕྱིར་བཀྱེད་པའི་སོར་བཞིའི་ཚད་ཅན་གྱི་ཁ་ཁྱེར་བང་རིམ་གསུམ་ལ་ནང་ནས་རིམ་པར་འཁོར་ལོ་ལྕགས་ཀྱུ་འོད་ཕྲེང་གིས་བསྐོར་བའི་དབུས་སུ་སྲབ་འཐུག་སོར་གང་ཙམ་པའི་ཐབ་མཚན་འཁོར་ལོ་ༀ་གྱིས་མཚན་པ་སྟེ། ཐམས་ཅད་ཀྱང་ཚོན་དཀར་པོས་ཁ་བསྒྱུར་རོ། །བྲིས་ཐབ་བྱེད་ན། ཐབ་སྟེགས་བྲི་རྩིག་གང་བྱས་ཀྱང་རུང་ཞིང་། གཞིའི་འཁོར་ལོ་ༀ་སེང་སྤེལ་བའི་མུ་ཁྱུད་དང་བཅས་པ་བྲི་དུས་ཁ་ཁྱེར་གྱི་འོག་ཏུ་ཚུད་པས་བྲི་མི་དགོས་ལ། གཞན་ཐམས་ཅད་སྔར་དང་འདྲ་བར་རྡུལ་ཚོན་དཀར་པོས་བྲི་བར་བྱའོ། །གང་ལྟར་ཡང་འོ་མ་ཅན་གྱི་ཤིང་རྩེ་མོའི་ཆ་ལས་བྱུང་བའམ་དགོན་པའི་བ་ལྕི་སྐམ་པོ་སྲོག་ཆགས་མེད་པས་ཐབ་ནང་དུ་ཐབ་ལས་ཅུང་ཟད་དམའ་བ་ཟླུམ་པོར་བརྩིགས་པའི་ཤར་ལྷོར་མེ་ཚང་བཅའ། སྟེགས་བུའི་གྲྭར་མདའ་བཞི་བཙུགས་པ་སྲད་བུ་དཀར་པོས་བསྣོལ་མར་བྲན་ཅིང་སྟེང་ནས་མེ་དར་དཀར་པོས་དགབ། སྟེགས་བུའི་ཤར་ལྷོའི་ཟུར་དུ་མདའ་དར་དམར་པོ་གཟུག །ཐབ་ཀྱི་མདུན་དུ་སྟན་དཀར་ཞིང་འཇམ་པ་དང་། དེའི་གཡས་གཡོན་དུ་ཁྲུ་གང་བའི་ཚད་ཀྱི་རྫས་སྟེགས་དང་མཆོད་སྟེགས་དཀར་པོ་སྟེ་གསུམ་ཀ་ལ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་རེ་བྲི། སྟན་གྱི་མདུན་དུ་ཞེང་མཐོ་གང་དང་དཔངས་སློབ་དཔོན་གྱི་སྐེད་པ་ཙམ་སླེབ་པ་མེ་ཡོལ་གངས་རི་བྲིས་པ་བཞག །གཡས་ཕྱོགས་རྫས་སྟེངས་ཀྱི་པདྨའི་ལྟེ་བར་ལས་བྱུང་བའི་མར་ཁུ་དགང་བླུགས་ཀྱི་གཟར་བུ་ཁ་སྦྱར་བ་དང་བཅས་པ། མདུན་གྱི་འདབ་མར་འོ་མ་ཅན་གྱི་རྩེ་མོའི་ཆ་ལས་བྱུང་བའི་ཡབ་ཤིང་མཐོ་གང་བ་རྩེ་གཉིས་མར་ཁུར་ཉུག་པ། པད་འདབ་ལྷག་མ་བདུན་ལ་ཏིལ་དཀར། མངར་གསུམ། ནས་དཀར་དང་འབྲས་དཀར་གྱི་ཆན་སོགས་ཁ་ཟས་དཀར་པོ་དང་། ཙནྡན་དཀར་པོ་སོགས་དྲི་དཀར་པོའི་རིགས་དང་། ཙམ་པ་ཀ་སོགས་མེ་ཏོག་དཀར་པོའི་རིག་ཏེ་ཐམས་ཅད་རང་བཞིན་ནམ་བཅོས་པས་དཀར་བ་འདས་མ་འདས་ཀྱི་ཁྱད་པར་གྱིས་ཕྱི་ནང་ཉིས་རིམ་དང་། ཐུགས་དམ་བསྐུལ་བའི་རྫས་ཡུངས་ཀར་རྣམས་རིན་པོ་ཆེ་དཀར་པོའི་སྣོད་དུ་བཤམ། གཡོན་ཕྱོགས་མཆོད་སྟེགས་ཀྱི་པདྨའི་ལྟེ་བར། འོ་མ་འབྲས་ཆན་དངུལ་ཕྱེ་མེ་ཏོག་དཀར་པོ་རྣམས་དང་བསྲེས་པའི་མར་དཀར་གྱི་འདས་གཏོར་ཟླུམ་པོ་རིལ་བུ་དྲུག་གིས་བསྐོར་བ་མཉྫིའི་སྟེང་བཀོད་པའི་མདུན་དུ་རྒྱུ་དེ་ལས་འཇིག་རྟེན་པའི་གཏོར་མ་དཀར་ཟླུམ། མདུན་གྱི་པད་འདབ་ལ་རྡོར་དྲིལ། དེའི་གཡས་གཡོན་གྱི་འདབ་མར་སྨན་རཀ །པད་འདབ་ལྷག་མ་ལྔ་ལ་ཞབས་བསིལ་དང་བཞི་བསྣོལ་གྱི་མཆོད་རྫས་རང་བཞིན་ནམ་བཅོས་པས་དཀར་བ་གཡས་བསྐོར་དུ་བཤམ་ཞིང་། ལས་བུམ་ཡང་ཅི་བདེར་བཞག་གོ། །དེ་ལྟར་ཤོམས་ཟིན་ནས་ཆོ་ག་ནི། སློབ་དཔོན་ཆས་གོས་དང་རིན་པོ་ཆེའི་རྒྱན་དཀར་པོས་བརྒྱན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་ཤིས་པའི་ཕྱོགས་སུ་ཁ་བལྟས་པས་འདུག་ནས། དོན་གྱི་སེམས་ཆོས་ཐམས་ཅད་ཀྱི་གཤིས་ལུགས་ལྷག་པ་བདེན་པ་དབྱེར་མེད་ཀྱི་ལྟ་བ་རྟོགས་ཤིང་བྱང་ཆུབ་ཀྱི་སེམས་དང་ལྡན་པས། ཀུན་སློང་སྟོངས་ཀྱི་སེམས་རང་གཞན་གྱི་གནོད་སྡིག་སེལ་བར་འདོད་པའི་སེམས་ཞི་ཞིང་དང་པའི་སྒོ་ནས། ངག་སྔགས་རྣམས་ཕྲ་ཞིང་ཞི་ལ་རྒྱུན་མི་ཆད་པར་བཟླ་བའི་ཚུལ་གྱིས་ཆོ་གའི་ལས་ལ་འཇུག་སྟེ། ༀ་ཛི་ན་ཛིཀ྄་ཕཊ་ཛཿ ཞེས་པས། རང་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་རྣམ་སྣང དཀར་པོ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པས་འཐོན་ནས་དཀྱིལ་འཁོར་གྱི་ཤར་སྒོའི་ཐད་དུ་འཁོད་དེ་སྦྱིན་སྲེག་གི་ལས་རིམ་ལ་འཇུག་པར་མོས་ལ། རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ་དང་། དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོག་པ། གཉིས་ཀའང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་མོས་པ་བརྟན་པར་བྱས་ལ། ༀ་མ་ཧཱ་བཛྲ་ཧཱུཾ། གིས་རྡོ་རྗེ་གསོར་ཞིང་ཐུགས་ཀར་འཛིན། ༀ་བཛྲ་གྣཎྜེ་ཨཱཿས་དྲིལ་བུ་བཀྲོལ་ཞིང་དཀུར་བརྟེན། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་འཁྱུད་རྒྱ་བྱས་ཏེ་དམ་ཚིག་གསུམ་དྲན་པར་བྱའོ། །དེ་ནས་ཕྱི་མཆོད་རྣམས་སྒྲུབ་ཐབས་ལྟར་བརླབ་ཅིང་། སྨན་རཀ་གཉིས་སྔགས་ཙམ་གྱིས་བྱིན་རླབས་གསོ། ལས་གཏོར་དང་སྲེག་རྫས་རྣམས་ལ་ལས་བུམ་གྱི་ཆུ་འཐོར་ཞིང་། ཧཱུཾ་བིགྷྣཱ་ནྟ་ཀྲྀཏ་ཕཊ་དང་། སྭ་བྷཱ་ཝས་བསང་སྦྱངས། སྟོང་པའི་ངང་ལས་མ་དང་ཨ་ལས་ཉི་ཟླའི་གའུའི་སྣོད་དུ་རང་གི་ཐུགས་ཀ་ནས་གཏོར་མའི་གནས་སུ་འབྲུ་གསུམ་དང་། སྲེག་རྫས་ཀྱི་གནས་སུ་འབྲུ་ལྔ་སྤྲོས་ཏེ་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ཞི་བའི་ལས་གཏོར་རིན་པོ་ཆེའི་མཆོད་སྡོང་འོད་ཟེར་དཀར་པོ་འཕྲོ་བ་དང་། སྲེག་རྫས་རྣམས་རོ་བརྒྱ་ལྡན་པའི་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་ནམ་མཁའ་གང་བས་ཞི་བའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་བསམས་ལ། ༀ་ཨཱཿཧཱུཾ། ༀ་ཧཱུཾ་སྭཱ་ཨཱཾ་ཧཱཾ། ཞེས་བཟླས་པས་བྱིན་གྱིས་བརླབས། དེ་ནས་ཐབ་བསང་སྦྱངས། སྟོང་པའི་ངང་ལས་མདུན་དུ་བྷྲཱུཾ་ཡིག་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་འཁོར་ལོའི་ལྟེ་བ་ལ་གནས་པའི་ཞི་བའི་ཐབ་ཁུང་དཀར་ཞིང་ཟླུམ་པ་ཁ་ཁྱེར་བང་རིམ་གསུམ་དང་ལྡན་པ་འོད་ཟེར་དཀར་པོ་འཕྲོ་བར་གྱུར། རང་གི་ཐུགས་ཀ་ནས་རཾ་ཡིག་ཐབ་ནང་དུ་སྤྲོས་པ་ལས་ཡེ་ཤེས་ཀྱི་མེ་འོད་དཀར་པོ་འབར་བར་བསམ་ལ། ༀ་ཨགྣེ་ཡེ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ། ཅེས་རྒྱུན་བཞག་གམ་གཙུབ་ཤིང་ལས་བྱུང་བའི་མེ་དུ་བ་མེད་པ་སྤར་ལ། ཐབ་ཀྱི་མེའི་དབུས་སུ་མ་དང་དིཿལས་བྱུང་བའི་ཉི་མ་དང་ར་སྐྱེས་ཀྱི་གདན་ལ་ༀ་ཡིག་དཀར་པོ་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་ཨགྣེ་དེ་ཝ་རྀ་ཥི་ཧཱུཾ་ཞི་བའི་མེ་ལྷ་དཀར་པོ་ཞི་ཞིང་འཛུམ་པ་དྲང་སྲོང་གི་ཆ་བྱད་ཅན་གནྡྷེ་དང་བགྲང་ཕྲེང་འཛིན་པའི་སྐུར་གྱུར། ཨ་དཪྴ་སོགས་ཀྱིས་བསྐུར་བརླབ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་བཅས་བཞེངས་པར་བསམས་ལ། ཨགྣེ་དེ་ཝ་ས་མ་ཡ་ཧཱུཾ་ཛཿ ཞེས་སེ་གོལ་བསྣོལ་མར་གདབ། མདའ་དར་དམར་པོས་གཡབ་ཅིང་། ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོང་བྲམ་ཟེ་མཆོག །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ལྕགས་ཀྱུའི་རྒྱ་དང་བཅས། ཨགྣེ་དེ་ཝ་རྀ་ཥི་ཛཿ ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་བསྟིམ། ཀུན་བཟང་། ཞབས་བསིལ། བཞི་བསྣོལ་གྱིས་མཆོད། མེ་ལྷ་ཞལ་ཅུང་ཟད་གདངས་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་བསམས་ལ། ལག་གཉིས་དེ་བཞིན་གཤེགས་པའི་ཁུ་ཚུར་དུ་བྱས་པས་དགང་བླུགས་བཟུང་ནས། ༀ་ཨགྣེ་ཡེ་སྭཱ་ཧཱ། ཞེས་གཡས་པའི་བླུགས་གཟར་བདུན་གྱིས་གཡོན་པའི་དགང་གཟར་བཀང་རྗེས་གཟར་བུ་ཁ་སྦྱར་ཏེ་པུས་མོའི་ནང་ལས་མི་འདའ་བས་གཡས་བསྐོར་གྱིས། ༀ་ཨགྣེ་དེ་ཝ་རྀ་ཥི་ཧ་བྱ་ཀ་བྱ་དི་བྱ་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་དགང་བླུགས་ཕུལ། དེ་རྗེས་སྔགས་དེ་ཁོ་ནས་ཡམ་ཤིང་། མར་ཁུ། སྲེག་རྫས་རྣམས་རེ་རེ་ནས་ལྔའམ་བདུན་སོགས་ཇི་ལྟར་རིགས་པ་ཕུལ་ལ། ཧཱུཾ། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་སྐྱོབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུ་སྤྲུལ་པ། །རིག་སྔགས་གྲུབ་པ་དྲང་སྲོང་ཚུལ། །ཉོན་མོངས་སྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་བཞིན་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱིས་སྤྲུལ་པའི་ཐེག་པ་ཆིབས། །བགྲང་ཕྲེང་འཛིན་ཅིང་རིག་སྔགས་གསུངས། །བདུད་རྩིའི་བཅུད་ཅན་གུནྡྷེ་བསྣམས། །ཆོས་ཀྱི་བདུད་རྩིས་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བསྟོད་ལ། ཡུངས་ཀར་ཐབ་ཏུ་འཐོར་ཞིང་། ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་སྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་འདོད་དོན་གསོལ། དེ་དག་སྦྱིན་ལྷ་སྟེ་འཇིག་རྟེན་པའི་ལྷ་མཆོད་པའི་ཆོ་གའོ། །དེ་ནས་སྲེག་ལྷ་ཞེས་པ་འདས་པའི་མེ་ལྷ་མཆོད་པ་ནི། མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་བྷྲཱུཾ་ཡིག་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་གདན་དང་བཅས་པ་གསལ་བར་བསམས་ཏེ། ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ། །ཞེས་པ་ནས། ཉི་ཟླ་པདྨ་རིན་པོ་ཆེ། །ཞེས་པའི་བར་གྱིས་གསལ་བཏབ་ལ། ༀ། བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །ཚོགས་མཆོག་དཀྱིལ་འཁོར་གཤེགས་སུ་གསོལ། །ༀ་ཨེ་ཧྱེ་ཧི་ཨཱ་ན་ཡ་ཛཿ་ཧཱུཾ་བཾ་ཧོཿ ཞེས་པས་སྒྲུབ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལས་ཀྱི་རྡོ་རྗེས་སོ་སོའི་སྔགས་བརྗོད་ཅིང་མཎྜལ་མེ་ཏོག་གིས་མཚོན་པར་སྤྱན་དྲངས་པ་སློབ་དཔོན་ལ་གཡས་སུ་བསྐོར་ཏེ་གཡོན་ཕྱོགས་ནས་ཕུལ་བ་ལས་མེ་ཏོག་ཐབ་ཏུ་དོར་བ་དང་མཉམ་དུ། ༀ་ཛི་ན་ཛིཀ྄ །ལཱཾ་དྭེ་ཥ་ར་ཏི། ཧཱུཾ་བཛྲ་དྷྲིཀ྄ །སོགས་སོ་སོའི་སྔགས་བརྗོད་པས། བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ལ་སོགས་ཏེ་བཞི་བཅུ་རྩ་གཉིས་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་སྐུ་མདོག་དཀར་པོ་གཡས་འཁོར་ལོ་དང་གཡོན་རང་རྟགས་འཆང་བ་སོ་སོའི་གདན་ལ་བཞུགས་པའི་སྐུ་ལས་འོད་ཟེར་དཀར་པོ་ཕྲེང་བ་མཁའ་ཁྱབ་ཏུ་སྤྲོ་བས་ཞི་བའི་ཕྲིན་ལས་མཛད་པར་བསམས་ལ། གདན་ལ་རྫོགས་དང་སེམས་དཔའི་ཚུལ། །ཞེས་པ་ནས། དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །ཅེས་པའི་བར་སྐུ་མདོག་སྟོན་པའི་རྐང་པ་གཉིས་དོར་བས་གསལ་བཏབ་ལ། ཀུན་བཟང་། ཞབས་བསིལ། བཞི་བསྣོལ་གྱིས་མཆོད། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ལྗགས་རྡོ་རྗེ་འོད་ཀྱི་སྤུ་གུ་ཅན་གྱིས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་བསམས་ལ། ༀ་ཛི་ན་ཛིཀ྄ །ཅེས་བདུན་གྱིས་བཀང་བའི་དགང་བླུགས་ཁ་སྦྱར་བ། ལུང་ལས་བཤད་པའི་ཞི་བ་ཞེ་གཉིས་ཀྱི་སྤྱི་སྔགས། ༀ་བོདྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཞེས་པའི་མཐར་སྤེལ་ཚིག་སྔར་ལྟར་བཏགས་པས་ལན་གསུམ་ཕུལ། དེ་ནས་ཡམ་ཤིང་མར་ཁུ་སོགས་སྲེག་རྫས་གཞན་རྣམས་ལྷ་རང་རང་གི་སྔགས་ཀྱིས་སོ་སོར་གཙོ་འཁོར་གྱི་འགྲོས་སྦྱར་ཏེ་འབུལ་བའམ། མི་ནུས་ན་བོ་དྷིཙིཏྟས་སྤྱིར་བརྒྱའམ་ཉེར་གཅིག་ཙམ་བཅུ་ཚན་རེ་རེའི་མཐར་སྤེལ་ཚིག་སྔར་ལྟར་སྦྱར་ནས་འབུལ་ལོ། །དེ་རྗེས། ༀ་ཛི་ན་ཛིཀ྄་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་ཁཱ་ཧིས་ལས་གཏོར་དང་། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧིས་སྨན་རཀ་ཕུལ་ནས། ༀ། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཞེས་སོགས་ཀྱིས་བསྟོད་ལ། ཐབ་ཁུང་དུ་ཡུངས་ཀར་འཐོར་ཞིང་། ༀ། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་འབར་བའི་སྦྱིན་སྲེག་འབུལ། །བདག་གིས་ཞི་བའི་ཕྲིན་ལས་མཐར་ཕྱིན་ནས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་མཛོད། །ཅེས་གསོལ་པ་བཏབ་པས་ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས་བསྒྲུབ་བྱ་ལ་རེག་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་བསམ་མོ། །དེ་ནས་གཏང་རག་གི་མཆོད་བསྟོད་དང་བཟོད་གསོལ་བྱས་ལ། སྔར་ལྟར་མེ་ཏོག་གིས་སྤྱན་དྲངས་ཏེ། དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་སྒྲུབ་པའི་དཀྱིལ་འཁོར་ལ་གཤེགས། གཞལ་ཡས་ཁང་གདན་དང་བཅས་པ་རང་ལ་ཐིམ་པར་བསམ་མོ། །སླར་ཡང་། ༀ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ། ཅེས་བླུགས་གཟར་གྱི་མར་ཁུས་མེ་གསོལ་ཏེ། འཇིག་རྟེན་པའི་མེ་ལྷ་སྔར་བཞིན་གསལ་བར་བསམས་ལ། ༀ་ཨགྣེ་དེ་ཝ་རྀ་ཥི་ཧ་བྱ་སོགས་ཀྱིས་སྲེག་རྫས་ལྷག་རྣམས་ཕུལ། ཀུན་བཟང་སོགས་ཀྱིས་མཆོད། ༀ་ཨགྣེ་དེ་ཝ་རྀ་ཥི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧིས་ལས་གཏོར་དང་སྨན་རཀ་ཕུལ། མེ་སྟེ་སྲེག་བྱས་བསྟོད། ཡིག་བརྒྱས་ནོངས་པ་བཤགས། བཛྲ་མུཿས། མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་འབར་བའི་རྣམ་པར་གྱུར་པར་བསམ་ལ་ལས་ཀྱི་རྗེས་བསྡུ་ཞིང་བསྔོ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ།། ༈ །།གཉིས་པ་རྒྱས་པའི་སྦྱིན་སྲེག་ནི། ལུང་ཨ་ནུ་ཡོ་ག་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་དང་སྦྱར་ནས་སྟོན་ཏེ། དེ་ལ་ཐོག་མར་བཅས་གཤོམ་ནི། ཐབ་སྟེགས་ཁྲུ་དོ་གྲུ་བཞི་པ་དཔངས་སུ་ཁྲུ་ཕྱེད་བརྩིག་གམ་མ་བརྩིག་ཀྱང་རུང་སྟེ། དེ་ལ་དྲི་སེར་པོ་དང་བ་བྱུང་གིས་ཆག་ཆག་བཏབ་པའི་ཁར་ཐབ་ཁུང་གྲུ་བཞི་པ་རྒྱར་ཁྲུ་གང་དང་དཔངས་སུ་ཁྲུ་ཕྱེད་པ་སོར་བཞི་པའི་ཁ་ཁྱེར་བང་རིམ་གསུམ་ལ་ནང་ནས་རིམ་པར་འོད་ཕྲེང་ཞགས་པ་རིན་པོ་ཆེ་རྣམས་ཀྱིས་བསྐོར་བའི་དབུས་སུ་ཐབ་མཚན་རིན་པོ་ཆེ་ཏྲཱཾ་ཡིག་གིས་མཚན་པ་སྟེ། བྲི་རྩིག་གང་བྱེད་ཀྱང་ཐམས་ཅད་ཁ་དོག་སེར་པོར་བྱ་ཞིང་། ཐབ་ནང་དུ་བུད་ཤིང་འབྲས་བུ་ཆགས་པའམ་ཁ་དོག་སེར་ཞིང་འོ་མ་ཅན་གྱི་ཡལ་གའི་ཆ་ལས་བྱུང་བས་ཐབ་དབྱིབས་སུ་ཐབ་ལས་ཅུང་ཟད་དམའ་བ་བརྩིགས་པའི་ཤར་ལྷོར་མེ་ཚང་བཅའ། སྟེགས་བུའི་གྲྭར་མདའ་བཞི་སྲད་བུ་སེར་པོས་བསྣོལ་མར་བྲན་ཞིང་སྟེང་ནས་མེ་དར་སེར་པོས་དགབ། ཤར་ལྷོའི་གྲྭར་མདའ་དར་དམར་པོ་གཟུག །ཐབ་ཀྱི་མདུན་དུ་སློབ་དཔོན་གྱི་གདན་དང་། དེའི་གཡས་གཡོན་དུ་རྫས་མཆོད་ཀྱི་སྟེགས་ཏེ་གསུམ་ཀ་སེར་པོ་ལ་པདྨ་འདབ་བརྒྱད་རེ་རེ་བྲི། སྟན་གྱི་མདུན་དུ་ཞེང་མཐོ་གང་དང་དཔངས་སློབ་དཔོན་གྱི་སྐེད་པ་ཙམ་སླེབ་པའི་མེ་ཡོལ་གངས་རི་བྲིས་པ་བཞག །གཡས་ཕྱོགས་རྫས་སྟེགས་ཀྱི་པདྨའི་ལྟེ་བར་རྩི་མར་གྱི་མར་ཁུ་དགང་བླུགས་ཁ་སྦྱར་བ་དང་བཅས་པ། མདུན་གྱི་པད་འདབ་ལ་རྒྱུ་བུད་ཤིང་དང་འདྲ་བའི་ཡམ་ཤིང་མཐོ་གང་བརྩེ་གཉིས་མར་ཁུས་ཉུགས་པ། པད་འདབ་ལྷག་མ་བདུན་ལ་མངར་གསུམ་དང་། ཞོ་དང་། མར་སྦྲང་གྲོ་ཆན་ཐུད་སོགས་ཁ་ཟས་དང་། སྟར་ཁ་རྒུན་འབྲུ་སོགས་འབྲས་བུའི་རིགས་དང་། འབྲས་སོགས་འབྲུ་སྣ་ཚོགས་དང་། དྲི་སེར་པོའི་རིགས་དང་། དུརྦ་སོགས་རང་བཞིན་ནམ་བཅོས་པས་སེར་པོར་བྱས་པ་འདས་མ་འདས་ཀྱི་ཁྱད་པར་གྱིས་ཕྱི་ནང་ཉིས་རིམ་དང་ཐུགས་དམ་བསྐུལ་བའི་རྫས་ཡུངས་ཀར་རྣམས་བཀོད། གཡོན་ཕྱོགས་མཆོད་སྟེགས་ཀྱི་པདྨའི་ལྟེ་བར་གསེར་ཕྱེ་མེ་ཏོག་སེར་པོ་གྲོ་དང་རྒུན་འབྲུའི་ཕྱེ་ལྡོང་རོས་ཞོ་རྣམས་མར་ཁ་དོག་སེར་པོར་བསྒྱུར་བ་དང་བསྲེས་པའི་འདས་གཏོར་གྲུ་བཞི་པད་འདབ་བཞིས་བསྐོར་བ་མཉྫི་ལ་བཀོད་པའི་མདུན་དུ་རྒྱུ་དབྱིབས་ཁ་དོག་སྔར་འདྲའི་འཇིག་རྟེན་པའི་གཏོར་མའང་བཀོད། མདུན་གྱི་འདབ་མར་རྔོར་དྲིལ། དེའི་གཡས་གཡོན་གྱི་འདབ་མར་སྨན་རཀ །འདབ་མ་ལྷག་མ་ལྔ་ལ་ཞབས་བསིལ་དང་བཞི་བསྣོལ་གྱི་མཆོད་རྫས་རང་བཞིན་ནམ་བཅོས་པས་སེར་བ་གཡས་བསྐོར་དུ་བཤམ་ཞིང་། ལས་བུམ་ཡང་ཅི་བདེར་བཞག་གོ། །དེ་ནས་ཆོ་གའི་ལས་རིམ་ནི། སློབ་དཔོན་ཆས་གོས་སེར་པོ་གྱོན་ཞིང་རིན་པོ་ཆེ་སེར་པོའི་རྒྱན་གྱིས་བརྒྱན་ལ་མཉམ་པའི་སྐྱིལ་ཀྲུང་གིས་ཤིས་པའི་ཕྱོགས་སུ་ཁ་བལྟ་བས་འདུག་ནས། དོན་གྱི་སེམས་དཀྱིལ་འཁོར་རྣམ་གསུམ་དབྱེར་མེད་བདེ་བ་ཆེན་པོར་རྟོགས་ཤིང་བྱང་ཆུབ་ཀྱི་སེམས་དང་ལྡན་པས། སྟོངས་ཀྱི་སེམས་རང་གཞན་གྱི་མཐུན་ཕྱོགས་རྒྱས་པ་ལ་དགའ་ཞིང་སྤྲོ་བའི་སྒོ་ནས་ངག་སྔགས་རྣམས་གསལ་ཞིང་འཚེར་བར་བཟླ་བའི་ཚུལ་གྱིས་ཆོ་གའི་ལས་ལ་འཇུག་སྟེ། སྭཱཾ་རཏྣ་དྷྲིཀ྄་ཕཊ་ཛཿ ཞེས་པས། རང་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་རིན་ཆེན་འབྱུང་ལྡན་སེར་པོ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པས་འཐོན་ནས་དཀྱིལ་འཁོར་གྱི་ལྷོ་སྒོའི་ཐད་དུ་འཁོར་དེ་སྤྱིན་སྲེག་གི་ལས་རིམ་ལ་འཇུག་པར་མོས་པས། རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ། དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོག་པ། གཉིས་ཀའང་དོན་དམ་པ་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་མོས་ལ། ༀ་མ་ཧཱ་བཛྲ་ཧཱུཾ་གིས་རྡོ་རྗེ་གསོར་ཞིང་ཐུགས་ཀར་འཛིན། ༀ་བཛྲ་གྷཎྜེ་ཨཿས་དྲིལ་བུ་གསིལ་ཞིང་དཀུར་བརྟེན། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ ྅ཧཾ། ཞེས་འཁྱུད་རྒྱ་བྱས་ཏེ་དམ་ཚིག་གསུམ་དྲན་པར་བྱའོ། །དེ་ནས་ཕྱི་མཆོད་རྣམས་སྒྲུབ་ཐབས་ལྟར་བརླབ་ཅིང་། སྨན་རཀ་གཉིས་སྔགས་ཙམ་གྱིས་བྱིན་རླབས་གསོས་ལ། ལས་གཏོར་དང་སྲེག་རྫས་རྣམས་ལ་ལས་བུམ་གྱི་ཆུ་འཐོར་ཞིང་། ཧཱུཾ་བིགྷྣཱནྟ་ཀྲྀ་ཏ་ཕཊ་དང་། སྭ་བྷཱ་ཝས་བསང་སྦྱངས། སྟོང་པའི་ངང་ལས་མ་ཨ་ཞེས་བརྗོད་པས་ཉི་ཟླ་གའུའི་སྣོད་དུ་རང་གི་ཐུགས་ཀ་ནས་ཏྲཱཾ་སེར་པོ་སྤྲོས་པ་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། རྒྱས་པའི་ལས་གཏོར་རིན་པོ་ཆེའི་མཆོད་སྡོང་འོད་ཟེར་སེར་པོ་འཕྲོ་བ་དང་། སྲེག་རྫས་རྣམས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་འདོ་ཡོན་གྱི་རྣམ་པ་ཐམས་ཅད་པར་འཆར་བའི་སྤྲིན་ནམ་མཁའ་རབ་འབྱམས་གང་བས་རྒྱས་པའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་བསམ་མོ། །དེ་ནས་ཐབས་བསང་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ཞེས་བརྗོད་པས་མདུན་དུ་རྒྱས་པའི་ཐབ་ཁུང་སེར་པོ་གྲུ་བཞི་པ་ཁ་ཁྱེར་བང་རིམ་གསུམ་ལྡན་འོད་ཟེར་སེར་པོ་འཕྲོ་བར་གྱུར། རང་གི་ཐུགས་ཀ་ནས་རཾ་ཡིག་ཐབ་ནང་དུ་སྤྲོས་པ་ལས་ཡེ་ཤེས་ཀྱི་མེ་འོད་སེར་པོར་འབར་བར་བསམ་ལ། ༀ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ། ཅེས་རྗེ་རིགས་ཀྱི་མེའམ་ནོར་བུ་ལས་བྱུང་བའི་མེ་དུ་བ་མེད་པ་སྤར་ལ། ཐབ་ཀྱི་མེའི་དབུས་སུ་ཉི་མ་དང་ར་སྐྱེས་ཀྱི་གདན་ལ་ཨགྣེ་དེ་ཝ་རྀ་ཥི་ཧཱུཾ། ཞེས་བརྗོད་པས་རྒྱས་པའི་མེ་ལྷ་སེར་པོ་སྒེག་ཅིང་གཟི་འབར་དྲང་སྲོང་གི་ཆས་ཅན་རིན་པོ་ཆེའི་སྒྲོམ་བུ་དང་བགྲང་ཕྲེང་འཛིན་པ་གསལ་བར་གྱུར། ས་མ་ཏཱ་སོགས་ཀྱིས་བསྐུར་བརླབ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་བཅས་བཞེངས་པར་བསམས་ལ། ཨགྣེ་དེ་ཝ་ས་མ་ཡ་ཧཱུཾ་ཛཿ ཞེས་སེ་གོལ་བསྣོལ་མར་གདབ། མདའ་དར་དམར་པོས་གཡབ་ཅིང་། ཧཱུཾ། དད་པ་དང་ནི་དམ་ཚིག་གིས། ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོང་བྲམ་ཟེ་མཆོག །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ལྕགས་ཀྱུའི་རྒྱ་དང་བཅས། ཨགྣེ་དེ་ཝ་རྀཾ་ཥི་ཛཿ་ཛཿ ས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿབསྟིམ། ཀུན་བཟང་། ཞབས་བསིལ། བཞི་བསྣོལ་གྱིས་མཆོད། ཧཱུཾ། རིན་ཆེན་རིགས་ལས་གྲུབ་པ་ཡི། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །ཕྲིན་ལས་ཀུན་གྱི་དཔང་པོ་མཛད། །སྟངས་འཛིན་ལྷ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། མེ་ལྷ་ཞལ་ཅུང་ཟད་གདངས་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་བསམས་ལ། རིན་པོ་ཆེའི་ཁུ་ཚུར་གྱིས་དགང་བླུགས་བཟུང་ནས་མར་ཁུ། ༀ་ཨགྣེ་ཡེ་སྭཱ་ཧཱ། ཞེས་གཡས་བླུགས་གཟར་བདུན་གྱིས་གཡོན་པའི་དགང་གཟར་བཀང་རྗེས་གཟར་བུ་ཁ་སྦྱར་ཏེ་པུས་མོའི་ནང་ལས་མི་འདའ་བས་གཡས་སུ་བསྐོར་ཞིང་། ༀ་ཨགྣེ་དེ་ཝ་རྀཾ་ཥི་ཧ་བྱ་ཀ་བྱ་དི་བྱ་མ་ཧཱ་ན་ཡེ་དི་བྱ་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་པུཥྞིཾ་ཀུ་རུ་ༀ། ཞེས་ལན་གསུམ་གྱིས་དགང་བླུགས་ཕུལ། སྔགས་དེས་ཡམ་ཤིང་དང་མར་ཁུ་སྔོན་འགྲོས་སྲེག་རྫས་རྣམས་རེ་རེ་ནས་ལྔའམ་བདུན་སོགས་གྲངས་ཇི་ལྟར་རིགས་པ་ཕུལ་རྗེས། ཡུངས་ཀར་ཐབ་ཏུ་འཐོར་ཞིང་། ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་སྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་བྱིན་གྱིས་བརླབས་ནས་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་རྒྱས་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་འདོད་དོན་གསོལ་ལོ། །དེ་ནས་འདས་པའི་མེ་ལྷ་མཆོད་པ་ནི། ༀ་བཛྲ་ཛྙཱ་ན་ཛྭ་ལ་རཾ། ཞེས་བརྗོད་པས། མེ་ལྷ་ཉིད་ཐུགས་རྗེ་ཡེ་ཤེས་ཀྱི་མེ་འབར་བའི་རྣམ་པར་གྱུར་པའི་ཀློང་དུ། བྷ་ག་གསང་བའི་འོད་ཟེར་ལས། བདེ་གཤེགས་བཞུགས་པའི་གཞལ་ཡས་ཁང་། །ནམ་མཁའི་མཐའ་ལྟར་དཔག་ཏུ་མེད། །དུས་གསུམ་རྒྱལ་བ་རྒྱ་མཚོའི་དབྱིངས། །བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཀ་པཱ་ལ་བྷྲཱུཾ། ཞེས་པའི་སྒྲ་གདངས་ཀྱི་རྐྱེན་ལས་སྟེང་ཁང་ཡེ་ཤེས་རིན་པོ་ཆེ་དང་འོག་ཁང་འབར་བའི་གཞལ་ཡས་ཁང་ཕྱི་ནང་རིམ་པ་དགུ་པའི་ལྷ་གནས་རྣམས་སུ་སོ་སོའི་གདན་དང་བཅས་པ་བཀྲ་ལམ་གྱིས་གསལ་བར་བསམས་ལ། ཧཱུཾ། ཆོས་སྐུ་རིགས་པ་རང་སྣང་བ། །རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་དང་། ཁམས་གསུམ་མ་ལུས་འདུལ་བ་ཡི། ཁྲག་འཐུང་དཀྱིལ་འཁོར་འཁོར་བཅས་དང་། །རྡོ་རྗེ་འཆང་གྲལ་རིམ་བརྙེས་པའི། །རྣལ་འབྱོར་ཆེན་པོའི་རིག་འཛིན་རྣམས། །སྨོན་ལམ་དམ་ཚིག་ཚུལ་བཞིན་དུ། །གནས་འདིར་མ་ལུས་གཤེགས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿ ཨེ་ཧྱེ་ཧི་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཛཿཛཿ ཞེས་པས་སྒྲུབ་མཆོད་ཀྱི་དཀྱིལ་འཁོར་ལས་ལྷ་ཚོགས་ཐམས་ཅད་ལས་རྡོར་གྱིས་སོ་སོའི་སྔགས་བརྗོད་ཅིང་མཎྜལ་མེ་ཏོག་གིས་མཚོན་པར་སྤྱན་དྲངས་ཏེ་སློབ་དཔོན་ལ་ཕུལ་བས་མེ་ཏོག་ཐབ་ཏུ་དོར་ཏེ། སྭཱཾ་རཏྣ་དྷྲིཀ྄་མཱྃ་མོ་ཧ་ར་ཏི། ༀ་ཛི་ན་ཛིཀ྄་ལཱཾ་དྭེ་ཥ་ར་ཏི། ཧཱུཾ་བཛྲ་དྷྲིཀ྄་མཱུཾ་དྷཱ་ཏཱེ་ཤྭ་རཱི། ༀ་ཨཱ་རོ་ལིཀ྄་སོགས་ཞི་སྔགས་དང་། ༀ་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ། དེ་བཞིན་དུ། བུདྡྷ༴ བཛྲ༴ པདྨ་ཤྲཱི་ཧེ་རུ་ཀ་སོགས་ནས། ༀ་མ་ཧཱ་གུ་རུ་ཤ་རི་རཾ་གཱི་ལི་ཧཱུཾ། ཞེས་པའི་བར་དཀྱུས་ལྟར་ཏེ། ཞི་ཁྲོའི་སྔགས་ཐམས་ཅད་ལན་རེ་བརྗོད་པས། སྟེང་ཁང་དུ་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ལ་སོགས་ཏེ་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་བཞི་བཅུ་རྩ་གཉིས་དང་། འོག་ཁང་དུ་བཅོམ་ལྡན་འདས་དཔལ་ཆེན་པོ་རཏྣ་ཧེ་རུ་ཀ་ལ་སོགས་ཏེ་ཧེ་རུ་ཀ་ཡབ་ཡུམ་དགུ། གནས་ཡུལ་སྒོ་སྐྱོང་ཉི་ཤུ། སྤོར་མ་བརྒྱད། གསང་ཡུམ་བཞི། དབང་མོ་ཉེར་བརྒྱད། མཁའ་འགྲོ་སོ་གཉིས། མ་བདུན་སྲིང་བཞི། གིང་ཆེན་བཅོ་བརྒྱད། ཁྲོ་བོ་ཁྲོ་མོ་དྲུག་ཅུ། ཕོ་ཉ་ཉིས་བརྒྱ་བཞི་བཅུ། མ་མོ་དྲུག་ཅུ་སྟེ་བདུད་འདུལ་ཁྲོ་བོའི་དཀྱིལ་འཁོར་གྱི་ལྷ་ཚོགས་དུས་གསུམ་གྱི་རིག་འཛིན་བླ་མ་དང་བཅས་པ་ཐམས་ཅད་ཀྱང་སྐུ་མདོག་སེར་པོ་གཡས་རིན་པོ་ཆེ་དང་། གཡོན་ཞི་བ་རྣམས་དྲིལ་བུ་དང་ཁྲོ་བོ་རྣམས་དུང་ཁྲག་བསྣམས་པ། ལྷ་གནས་སོ་སོར་རང་རང་གི་གདན་ལ་བཞུགས་པའི་སྐུ་ལས་འོད་ཟེར་སེར་པོའི་ཕྲེང་བ་མཁའ་ཁྱབ་ཏུ་སྤྲོ་བས་རྒྱས་པའི་ཕྲིན་ལས་མཛད་པར་གསལ་བཏབ་ལ། ཀུན་བཟང་། ཞབས་བསིལ། བཞི་བསྣོལ་གྱིས་མཆོད། ཨེ་མ་རང་སྣང་དབྱེར་མེད་སྐུ་སོགས་ཀྱིས་ཞི་བ་དང་། ཨེ་མ་ཧོ། ཉེས་བཅོམ་ལེགས་ལྡན་སོགས་ཀྱིས་ཁྲོ་བོ་ལ་བསྟོད། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ལྗགས་རྡོ་རྗེ་འོད་ཀྱི་སྤུ་གུ་ཅན་གྱིས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་བསམས་ལ། སྭཱཾ་རཏྣ་དྷྲིཀ྄ །ཅེས་བདུན་གྱིས་བཀང་བའི་དགང་བླུགས་ཁ་སྦྱར་བ་ཞི་ཁྲོ་སྤྱི་སྔགས། ༀ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུཾ་ཧཱུཾ། ཞེས་པའི་མཐར། བདག་ཅག་དཔོན་སློབ་སོགས་བཏགས་པས་ལན་གསུམ་ཕུལ་ནས། སྔགས་དེས་ཡམ་ཤིང་མར་ཁུ་སྲེག་རྫས་རྣམས་རྒྱའམ་ཉེར་གཅིག་ཇི་ལྟར་རིགས་པ་ཕུལ་མཐར། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧིས་བདུད་རྩི། ༀ་གུ་ཧྱ་ཛྙཱ་ནའི་མཐར། མ་ཧཱ་བ་ལིཾ་ཏ་པྲ་ཏཱི་ཙྪ་ཁཱ་ཧིས་ལས་གཏོར། མཧཱ་རཀྟ་པྲ་ཏཱི་ཙྪ་ཁཱ་ཧིས་རཀྟ་ཕུལ་ལ། ཐབ་ཏུ་ཡུངས་ཀར་འཐོར་ཞིང་། ༀ། ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་འདི་འབུལ་བས། །བདག་ཅག་འཁོར་དང་བཅས་རྣམས་ཀྱི། །ཚེ་དང་བསོད་ནམས་རྒྱས་གྱུར་ནས། །མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་གསེར་མདོག་ཉི་འོད་ལྟ་བུ་འཕྲོས་པས་བསྒྲུབ་བྱའི་ཚེ་དང་བསོད་ནམས་རྒྱས་པར་བསམ་མོ། །དེ་ནས་གཏང་རག་གི་མཆོད་བསྟོད་དང་བཟོད་གསོལ་བྱས་ལ། སྔར་ལྟར་མེ་ཏོག་གིས་སྤྱན་དྲངས་ཏེ། དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་སྒྲུབ་པའི་དཀྱིལ་འཁོར་ལ་གཤེགས། གཞལ་ཡས་ཁང་གདན་དང་བཅས་པ་རང་ལ་ཐིམ་པར་བསམ་མོ། །སླར་ཡང་། ༀ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ། ཅེས་བླུགས་གཟར་གྱི་མར་ཁུས་མེ་གསོས་ཏེ། འཇིག་རྟེན་པའི་མེ་ལྷ་སྔར་བཞིན་གསལ་བར་བསམས་ལ། ༀ་ཨགྣེ་དེ་ཝ་རྀ་ཥི་ཧ་བྱ་སོགས་ཀྱིས་སྲེག་རྫས་ལྷག་རྣམས་ཕུལ། ཀུན་བཟང་སོགས་ཀྱིས་མཆོད། རིན་ཆེན་རིགས་སོགས་ཀྱིས་བསྟོད། ༀ་ཨགྣེ་དེ་ཝ་རྀ་ཥི་མ་ཧཱ་བ་ལིཾ་ཏ་ཁཱ་ཧིས་གཏོར་མ་ཕུལ་ལ་འདོད་དོན་གསོལ། ཡིག་བརྒྱས་ནོངས་པ་བཤགས། བཛྲ་མུཿས། མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་འབར་བའི་རྣམ་པར་གྱུར་པར་བསམ་ལ་ལས་ཀྱི་རྗེས་བསྡུ་ཞིང་བསྔོ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ།། ༈ །། གསུམ་པ་དབང་གི་སྦྱིན་སྲེག་ནི། དཔལ་ཡང་དག་ལྷ་དགུའི་དཀྱིལ་འཁོར་དང་སྦྱར་ནས་སྟོན་ཏེ། དེ་ལ་ཐོག་མར་བཅས་གཤོམ་ནི། ཐབ་སྟེགས་ཁྲུ་དོ་གྲུ་བཞི་པ་དཔངས་སུ་ཁྲུ་ཕྱེད་པ་རྩིག་གམ་མ་བརྩིག་ཀྱང་རུང་སྟེ། དེ་ལ་དྲི་དམར་པོ་དང་བ་བྱུང་གིས་ཆག་ཆག་བཏབ་པའི་ཁར་སྟེགས་བུའི་དཀྱིལ་ནས་རྒྱབ་ཏུ་མཐོ་གང་ཚང་བར་བཞི་ཆ་མདུན་དུ་འཕགས་པ་ནས་ཟླུམ་པོར་བསྐོར་བ་མདུན་ཕྱོགས་ཀྱི་ཟུར་ཐིག་གཉིས་ལ་རེག་པ་མཚམས་ནས་བཅད་པའི་ཐབ་ཁུང་ཟླ་གམ་རྒྱར་ཁྲུ་གང་དང་དཔངས་སུ་ཁྲུ་ཕྱེད་པ་བསླང་བའི་སྟེང་ནས་སོར་བཞི་ཕྱིར་བཀྱེད་པའི་མུ་རན་དང་། དེའི་ཕྱི་ནས་སོར་བཞི་གྱེན་དུ་ལང་པའི་ཁ་ཁྱེར་བྱ་ཞིང་། བྲི་དུས་ཐབ་དངོས་ཁྲུ་གང་བའི་མཐར་སོར་བཞི་པ་གཉིས་བསྐོར་ནས་གསུམ་གའི་མདུན་ལོགས་ཕྲེང་ལ་བཅད། བྲི་རྩིག་གང་བྱེད་ཀྱང་ཐབ་ཀྱི་ལྟེ་བར་པདྨ་དམར་པོ་ལ་གནས་པའི་གཙོ་བོའི་ཕྱག་མཚན་རྡོ་རྗེ་ཧཱུཾ་གིས་མཚན་པ་དང་། མུ་རན་ལ་པདྨ་དང་། ཁ་ཁྱེར་ལ་རྡོ་རྗེ་དམར་པོ་འོད་ཕྲེང་དང་བཅས་པས་བསྐོར་ཞིང་། སྟེགས་བུའི་གྲ་བཞིར་ལྕགས་ཀྱུ་སྟེ། ཐམས་ཅད་ཀྱང་ཁ་དོག་དམར་པོར་བྱས་ལ། ཐབ་ནང་དུ་བུད་ཤིང་ཙནྡན་དམར་པོ་སེང་ལྡེང་མཛོ་མོ་ཤིང་སོགས་ཁ་དོག་དམར་བ་དང་རོ་སྐྱུར་བའི་སྡོང་པོའི་ཆ་ལས་བྱུང་བས་ཐབ་དབྱིབས་སུ་ཐབ་ལས་ཅུང་ཟད་དམའ་བར་བརྩིགས་པའི་ཤར་ལྷོར་མེ་ཚང་བཅའ། རང་གི་གཡས་ཕྱོགས་སྟེགས་ལ་གདན་དང་སྣོད་དམར་པོར་སྲེག་རྫས་ནི། ཡམ་ཤིང་གི་རྒྱུ་བུད་ཤིང་དང་འདྲ་བ་ལས་རིང་ཐུང་མཐོ་གང་བ་རྩེ་གཉིས་སྣུམ་ལ་ཉུག་པ། ཏིལ་མར་ཏེ་བོད་དུ་སྦལ་ཁའི་སྣུམ། ཨུཏྤལ་དམར་པོ་དང་གླང་སྣ་སོགས་མེ་ཏོག་དམར་པོའི་རིགས། ཙནྡན་དམར་པོ་སོགས་དྲི་དམར་པོའི་རིགས། །རོ་སྐྱུར་བ་དང་ཁ་དོག་དམར་པོའི་རིགས་ཀྱི་ཤིང་དང་འབྲུ་འབྲས་སོགས་རང་བཞིན་ནམ་བཅོས་པས་དམར་པོར་བྱས་པ་འདས་མ་འདས་ཀྱི་རིམ་པ་གཉིས་དང་། ཐུགས་དམ་བསྐུལ་བའི་རྫས་ཡུངས་དཀར་ནག །གཡོན་ཕྱོགས་སུ་མཆོད་སྟེགས་དང་མཆོད་སྣོད་དམར་པོར་ཨརྒྷཾ་དང་མེ་ཏོག་སོགས་རྣམ་ལྔའི་མཆོད་རྫས་རང་བཞིན་ནམ་བཅོས་པས་དམར་པོར་བྱས་པ་དང་། ཟངས་ཕྱེ་བུ་རམ་པད་རག་འབྲས་དམར་དང་རམ་བུའི་ཕྱེ་རྣམས་བསྲེས་པའི་མར་ཁ་དོག་དམར་པོར་བསྒྱུར་བ་ལ་འདས་མ་འདས་ཀྱི་ལས་གཏོར་ཟླ་གམ་པད་འདབ་ལྔས་བསྐོར་བ་གཉིས་དང་། སྨན་རཀ །མདུན་དུ་ལས་བུམ་ནང་མཆོད་རྡོར་དྲིལ་དགང་བླུགས་རྣམས་དང་། མེ་ཡོལ་ཞེ་མཐོ་གང་དཔངས་སུ་སློབ་དཔོན་གྱི་སྐེད་པ་ཙམ་སླེབ་པ་ལ་གངས་རི་བྲིས་པ་རྣམས་ཚོགས་པར་བཤམ་མོ། །དེ་ནས་ཆོ་གའི་ལས་རིམ་ནི། སློབ་དཔོན་ཆས་གོས་དམར་པོ་བསྟར་ལ་པདྨའི་འདུག་སྟངས་ཀྱིས་ཤིས་པའི་ཕྱོགས་སུ་ཁ་བལྟས་ཏེ། དོན་གྱི་སེམས་ཆོས་ཐམས་ཅད་ཐུགས་རང་རིག་པ་རང་བྱུང་གི་ཡེ་ཤེས་ཟུང་འཇུག་བདེ་བ་ཆེན་པོ་ཡང་དག་གྲུབ་པ་གཅིག་པུ་ཉིད་དུ་རྟོགས་ཤིང་བྱང་ཆུབ་ཀྱི་སེམས་དང་ལྡན་པས། སྟོངས་ཀྱི་སེམས་བསྡུ་བྱ་ལ་ཆགས་ཤིང་ཞེན་པའི་སྒོ་ནས་སྔགས་ཀྱི་ངག་རྣམས་སྙན་ཞིང་འགྱུར་ཁུགས་སུ་བཟླ་བའི་ཚུལ་གྱིས་ལས་ལ་འཇུག་སྟེ། ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ་ཛཿ ཞེས་པས། རང་ཉིད་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ་འོད་ཟེར་དམར་པོ་འཕྲོ་བའི་རྣམ་པར་འཐོན་ཏེ། དཀྱིལ་འཁོར་གྱི་ནུབ་སྒོའི་ཐད་དུ་འཁོད་ནས་སྦྱིན་སྲེག་གི་ལས་འཇུག་པར་མོས་པས། རྡོ་རྗེ་ནི་གཙོ་བོ་ཐབས་དང་། དྲིལ་བུ་ནི་ཡུམ་ཤེས་རབ་ཀྱི་རང་བཞིན། གཉིས་ཀའང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་མོས་ལ། ༀ་མ་ཧཱ་བཛྲ་ཧཱུཾ་གིས་རྡོ་རྗེ་སྙིང་གར་གསོར། ༀ་བཛྲ་གཎྜེ་ཨཿ་ས་དྲིལ་བུ་གསིལ་ཞིང་དཀུར་བརྟེན། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ ྅ ཧཾ། ཞེས་འཁྱུད་རྒྱ་བྱས་ཏེ་དམ་ཚིག་གསུམ་དྲན་པར་བྱའོ། །དེ་ནས་ཕྱི་མཆོད་རྣམས་སྒྲུབ་ཐབས་ལྟར་བྱིན་གྱིས་བརླབ། སྨན་རཀ་གཉིས་སྔགས་ཙམ་གྱིས་བྱིན་རླབས་གསོ། ལས་གཏོར་དང་སྲེག་རྫས་རྣམས་ལ་ལས་བུམ་གྱི་ཆུ་འཐོར་ཞིང་། ཡཀྵ་བིགྷྣཱཾ་དང་། སྭ་བྷཱ་ཝས་བསང་སྦྱངས། སྟོང་པའི་ངང་ལས་མ་དང་ཨ་ལས་ཉི་ཟླའི་གའུའི་སྣོད་དུ་རང་གི་ཐུགས་ཀ་ནས་ཧྲཱིཿ་དམར་སྤྲོས་པ་ཡོངས་སུ་གྱུར་པ་ལས་དབང་གི་ལས་གཏོར་རིན་པོ་ཆེའི་མཆོད་སྡོང་འོད་ཟེར་དམར་པོ་འཕྲོ་བ་དང་། སྲེག་རྫས་རྣམས་རང་བཞིན་གྱིས་དག་པའི་བདུད་རྩི་འདོད་ཡོན་དྲུག་གི་སྤྲིན་ཕུང་མཁའ་ཁྱབ་ཏུ་སྤྲོ་བས་དབང་གི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་གྱུར། དེ་ནས་མེ་ཐབ་བསང་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་དབང་གི་ཐབ་ཁུང་དམར་པོ་ཟླ་གམ་མུ་རན་ཁ་ཁྱེར་དང་བཅས་པ་འོད་ཟེར་དམར་པོ་འཕྲོ་བར་གྱུར། རང་གི་ཐུགས་ཀ་ནས་རཾ་ཡིག་ཐབ་ནང་དུ་སྤྲོས་པ་ལས་ཡེ་ཤེས་ཀྱི་མེ་འོད་དམར་པོ་འབར་བར་བསམས་ལ། ༀ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་ཕཊ། ཅེས་སྨད་ཚོང་མ་ལས་བྱུང་བའི་མེ་དུ་བ་མེད་པ་སྦར་ལ། ཐབ་ཀྱི་མེའི་དབུས་སུ་ཟངས་ཀྱི་ར་སྐྱེས་ལ་གནས་པའི་དབང་གི་མེ་ལྷ་དམར་པོ་ཞལ་བཞི་ཁྲོ་འཛུམ་ཆགས་པ་དྲང་སྲོང་གི་ཆ་བྱད་ཅན་ཕྱག་བཞིའི་གཡས་གཉིས་ལྕགས་ཀྱུ་དང་བགྲང་ཕྲེང་གཡོན་གཉིས་དབྱུག་པ་དང་གུནྡྷེ་བསྣམས་པའི་སྐུར་གྱུར། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་བཅས་བཞེངས་པར་བསམ་ལ། ཧཱུཾ། ཡེ་ཤེས་སྤྱན་གྱི་སྤྱོད་ཡུལ་ནས། །མེ་ལྷ་དྲང་སྲོང་འཁོར་དང་བཅས། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་མེ་ལྷའི་གཙོ། །སེམས་ཅན་དོན་ལ་དམ་ཚིག་དགོངས། །འབར་བའི་གནས་འདིར་གཤེགས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿ ཨགྣེ་ཛྙཱ་ན་སཏྭ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་སྟྭཾ་ཞེས་པས་སྤྱན་དྲངས། ༀ་ཨགྣ་ཡེ་ས་མ་ཡ་ཏིཥྛ་ལྷན་གྱིས་གཉིས་མེད་དུ་བསྟིམས་ནས་བཞུགས་སུ་གསོལ། ༀ་ཨགྣ་ཡེ་ཨ་ལ་ལ་ཧོཿ ཨ་ཏི་པུ་ཧོཿ པྲ་ཏི་པུ་ཧོཿས་ཕྱག་བྱས་ལ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །ར་སྐྱེས་ཆིབས་ཤིང་གློག་ལས་མགྱོགས། །སྲེག་རྫས་ཀུན་གྱི་ཕྱག་ཚང་མཛད། །ཚིམ་བྱེད་ཁྱོད་ལ་མཆོད་པ་འབུལ། །ༀ་ཨགྣེ་ཡེ་པུཥྤེ་པུ། དྷཱུ་པེ་དྷཱུ། ཨཱ་ལོ་ཀེ་ཧྲཱིཿ གནྡྷེ་གན། ནཻཝི་དྱེ་ཁ་ཁ་ཁཱ་ཧི། ཞེས་རྣམ་ལྔ་འབུལ། མེ་ལྷ་ཞལ་ཅུང་ཟད་གདངས་བས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་བསམས་ལ། པདྨའི་ཁུ་ཚུར་གྱིས་གཟར་བུ་གཉིས་བཟུང་ནས་ཏིལ་མར། ༀ་ཨགྣེ་ཡེ་སྭཱ་ཧཱ། ཞེས་གཡས་པས་བླུགས་གཟར་བདུན་གྱིས་དགང་གཟར་བཀང་བ་ཁ་སྦྱར་ཏེ་པུས་མོའི་ནང་ལས་མི་འདའ་བས་གཡས་སུ་བསྐོར་ཞིང་། ༀ་ན་མཿས་མནྟ་བུདྡྷ་ནཱཾ་བི་མ་ལེ་ཨགྣ་ཡེ་སྭཱ་ཧཱ། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱིས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོཿ ཞེས་ལན་གསུམ་གྱིས་དགང་བླུགས་ཕུལ་ནས། ༀ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ་ས་ཡམ་ཤིང་དང་། ༀ་ཨགྣ་ཡེ་སྭཱ་ཧཱ་ས་མར་ནག །ༀ་ན་མཿས་མནྟ་སོགས་དགང་བླུགས་ཀྱི་སྔགས་དེ་ཁོ་ནས་སྲེག་རྫས་གཞན་རྣམས་ལྔའམ་བདུན་སོགས་གྲངས་ཇི་ལྟར་རིགས་བ་ཕུལ་ནས། ཧཱུཾ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །བདུད་བཞི་འཇོམས་པའི་ཕྱག་བཞི་པ། །ཞལ་བཞིས་ལས་བཞི་གྲུབ་པར་བྱེད། །ལས་ཀུན་མཛད་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད་ལ། ཡུངས་ཀར་ནག་ཐབ་ཏུ་འཐོར་ཞིང་། ན་མོ་རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས། སྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། དེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱིས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དབང་དུ་འདུས་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་འདོད་དོན་གསོལ་ལོ། །དེ་ནས་འདས་པའི་མེ་ལྷ་མཆོད་པ་ནི། ༀ་བཛྲ་ཛྙཱ་ན་ཛྭ་ལ་རཾ་ཞེས་པས་མེ་ལྷ་ཉིད་ཐུགས་རྗེ་ཡེ་ཤེས་ཀྱི་མེ་འབར་བའི་རྣམ་པར་གྱུར་པའི་ཀློང་དུ་བྷྲུཾ་ཡིག་འོད་དུ་ཞུ་བ་ལས། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་བཛྲ་བྷཉྫ་ཛྙཱ་ན་མཎྜ་ལ་བྷྲཱུཾ་ཞེས་པས་དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་ནང་མ་ཟླ་གམ་དམར་ནག་སྒོ་གཅིག་པ། བར་ཁྱམས་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པའི་དབུས་སུ་ལྷ་སོ་སོར་རང་གི་གདན་ཇི་ལྟ་བ་བཞིན་གྲུབ་པར་བསམ་ལ། ཧཱུཾ། ཡེ་ཤེས་སྤྱན་གྱི་སྤྱོད་ཡུལ་ནས། །དཔལ་ཆེན་ཁྲག་འཐུང་འཁོར་དང་བཅས། །སེམས་ཅན་དོན་ལྡན་དམ་ཚིག་དགོངས། །གནས་འདིར་མ་ལུས་གཤེགས་སུ་གསོལ། །ཛཿ་ཧཱུཾ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། བཛྲ་ཨཱ་ར་ལི་ཧོཿ་ཧྲིཾ་ཧྲཱིཾ། ཞེས་པས་སྒྲུབ་མཆོད་ཀྱི་དཀྱིལ་འཁོར་ལས་ལྷ་ཚོགས་རྣམས་ལས་རྡོར་གྱིས་སོ་སོའི་སྔགས་དང་བཅས་མཎྜལ་མེ་ཏོག་གིས་མཚན་པར་སྤྱན་དྲངས་ཏེ་སློབ་དཔོན་ལ་ཕུལ་བ་ལས་མེ་ཏོག་ཐབ་ཏུ་དོར་བཞིན་དུ། ༀ་མ་ཧཱ་ཤྲཱི་ཧེ་རུ་ཀ་སོགས་སོ་སོའི་སྔགས་རྣམས་བརྗོད་པས། ལྷ་ཚོགས་རྣམས་རང་རང་གི་གདན་ལ་བཞུགས་པ་ནི། དབུས་སུ་བཅོམ་ལྡན་འདས་དཔལ་ཆེན་པོ་སྐུ་མདོག་མཐིང་ནག་འབར་བ་ཆེན་པོའི་འོད་ཟེར་ཅན་སོགས་ནས། ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་ཞིང་འཁྲུགས་པའི་དབུས་ན་བཞུགས་པའོ། །ཤར་དུ་དཀར་མོ་མཐིང་ག་གཡས་ཞིང་དབྱུག་འཕྱར་ཞིང་། ཞེས་ནས། གཡོན་བརྐྱང་གི་སྟབས་ཀྱིས་ཞིང་གི་སྟན་ལ་རོལ་པ། ཞེས་པའི་བར་བསྐྱེད་སྔགས་རྣམས་དོར་ནས་བརྗོད་པའི་མཐར། དེ་ལྟར་གཙོ་འཁོར་ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་དམར་པོའི་ཕྲེང་བ་མཁའ་ཁྱབ་ཏུ་འཕྲོས་བས་དབང་གི་ཕྲིན་ལས་མཛད་པར་བསལ་བཏབ་ལ། ཧཱུཾ། ཨརྒྷཾ་མེ་ཏོག་བདུག་སྤོས་དང་། །ཞེས་སོགས་ཤློ་ཀ་གཅིག་གི་མཐར། ༀ་རཀྟ་ཙིཏྟ་ཤོདྡྷ་ནི་སྭཱ་ཧཱ། ༀ་ཤྲཱི་བཛྲ་རཱ་ག་སྔོན་དུ་འགྲོ་བས། པུཥྤེ་པུ་ནས། གཱི་རྟཱི་ཧྲཱི༔འི་བར་གྱིས་ཨརྒྷཾ་རྣམ་ལྔ་རོལ་མོར་བཅས་པས་མཆོད་ནས། བདག་མེད་ཕྱོགས་བྲལ་སོགས་ཀྱིས་བསྟོད། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ལྗགས་རྡོ་རྗེ་འོད་ཀྱི་སྦུ་གུ་ཅན་གྱིས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་བསམ་ལ། ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཞེས་བདུན་གྱིས་བཀང་བའི་དགང་བླུགས་ཁ་སྦྱར་བ། རུ་ལུའི་མཐར་སྤེལ་ཚིག་སྔར་ལྟར་སྦྱར་བས་ལན་གསུམ་ཕུལ། དེ་ནས་ཡམ་ཤིང་སོགས་རྫས་གཞན་རྣམས་ཀྱང་རུ་ལུ་ཁོ་ནས་བརྒྱའམ་ཉེར་གཅིག་སོགས་བཅུ་ཚན་ལྟ་བུའི་མཚམས་ཇི་ལྟར་རིགས་པར་སྤེལ་ཚིག་སྦྱར་བས་འབུལ་ཞིང་། གཞན་ཡང་མཉམ་སྦྱོར་ལས། དྲི་ཆུ་དཀར་དམར་བྱང་ཆུབ་སེམས། ཤ་དང་གློ་མཆིན་བ་སུ་ཏ། སྒྲུབ་ཕྱིར་དམ་རྫས་ཚོགས་པ་དག །རིམ་བཞིན་དུ་ནི་དགོད་པར་བྱ། །ཞེས་པ་ལྟར་ལྷ་རང་རང་གི་ཁྱད་པར་གྱི་དམ་རྫས་སྔར་དཀྱིལ་འཁོར་ལ་བཀོད་ཡོད་ན་དེ་དག་ཀྱང་སྐབས་འདིར་འབུལ་བར་གཤད་དོ། །དེ་ནས། ༀ་ཤྲཱི་ཧེ་རུ་ཀ་མ་ཧཱ་བ་ལིཾ་ཏ་ཁཱ་ཧིས་ལས་གཏོད་དང་། མཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧིས་སྨན་རཀ་ཀྱང་ཕུལ་ལ། ཐབ་ཏུ་ཡུངས་དཀར་ནག་འཐོར་ཞིང་། ༀ། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་འདིར། །དམ་རྫས་བདུད་རྩི་འབར་བའི་སྦྱིན་སྲེག་འབུལ། །བདག་གིས་འགྲོ་ཀུན་དབང་དུ་འདུས་གྱུར་ནས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་མཛོད། །ཅེས་གསོལ་བ་བཏབ་པས་ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་པས། བསྒྲུབ་བྱ་རྣམས་རང་དབང་མེད་པར་དབང་དུ་འདུས་པར་བསམ་མོ། །དེ་ནས་གཏང་རག་མཆོད་བསྟོད་དང་བཟོད་གསོལ་བྱས་ལ། སྔར་ལྟར་མེ་ཏོག་གིས་སྤྱན་དྲངས་ཏེ། དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་སྒྲུབ་པའི་དཀྱིལ་འཁོར་ལ་གཤེགས། གཞལ་ཡས་ཁང་གདན་དང་བཅས་པ་རང་ལ་ཐིམ་པར་བསམ་མོ། །སླར་ཡང་། ༀ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ། ཅེས་བླུགས་གཟར་གྱི་མར་ཁུས་མེ་གསོས་ཏེ། འཇིག་རྟེན་པའི་མེ་ལྷ་སྔར་བཞིན་གསལ་བར་བསམ་ལ། ཡམ་ཤིང་སོགས་རྫས་ལྷག་མ་རྣམས་བསྲེག །རྣམ་ལྔས་མཆོད། མེ་ལྷའི་རྒྱལ་པོ་སོགས་ཀྱིས་བསྟོད། ན་མཿས་མནྟ་བུདྡྷ་ནཱཾ་སརྦ་པུཉྩ་ཨ་མྲྀ་ཏ་བ་ལིཾ་ཏ་ཨགྣ་ཡེ་སྭཱ་ཧཱས་ལས་གཏོར་ཕུལ་ལ་འདོད་དོན་གསོལ། ཡིག་བརྒྱས་ནོངས་པ་བཤགས། བཛྲ་མུཿས། མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་འབར་བའི་རྣམ་པར་བསམ་ལ་ལས་ཀྱི་རྗེས་བསྡུ་ཞིང་བསྔོ་སྨོན་གྱིས་མཐའ་བརྒྱན་པར་བྱའོ།། ༈ །།བཞི་པ་དྲག་པོའི་སྦྱིན་སྲེག་ནི། སྒྱུ་འཕྲུལ་དྲྭ་བ་ཁྲོ་བོ་ལྔ་བཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་དང་སྦྱར་ནས་སྟོན་ཏེ། དེ་ལ་ཐོག་མར་བཅས་གཤོམ་ནི། ཐབ་སྟེགས་ཁྲུ་དོ་གྲུ་བཞི་པ་དཔངས་སུ་ཁྲུ་ཕྱེད་པ་བརྩིག་གམ་མ་བརྩིགས་ཀྱང་རུང་སྟེ། དེ་ལ་དུག་ཁྲག་གིས་ཆག་ཆག་བཏབ་པའི་སྟེང་ངོས་ཀྱི་མཐའ་ནས་ཟླུམ་བསྐོར་གྱི་མུ་ཁྱུད་ནག་པོ་ལ་ཧཱུཾ་ཡིག་དང་ཐོད་སྐམ་སྤེལ་བའི་ནང་དུ་རྡོ་རྗེ་རྒྱ་གྲམ་སྔོན་པོ་ར་གདེངས་པ་ཟུར་བསྟན་གྱི་ལྟེ་བར་ངོས་རེ་རེ་ཁྲུ་གང་བའི་ཐབ་ཁུང་གྲུ་གསུམ་དཔངས་སུ་ཁྲུ་ཕྱེད་པ་སླང་བའི་སྟེང་ནས་སོར་བཞིའི་ཚར་ཅན་གྱི་ཁ་ཁྱེར་བང་རིམ་གསུམ་པ་ལ་ནང་ནས་རིམ་པར་རྡོ་རྗེ་དང་དྲིལ་བུ་དང་འོད་ཕྲེང་གིས་བསྐོར་བའི་དབུས་སུ་ཞེང་སོར་བཞི་དང་རྔམས་སུ་སོར་གང་བའི་ཐབ་མཚན་རྡོ་རྗེ་རྭ་གདེངས་པ་ཧཱུཾ་གིས་མཚན་པའོ། །བྲིས་ཐབ་བྱེད་ན་དཔངས་རྔམས་རྣམས་དོར་བས་ཆོག་སྟེ། གང་ལྟར་ཡང་རོ་སོལ་ལ་སོགས་པས་ཁ་དོག་ནག་པོ་དང་སྔོན་པོས་བསྒྱུར་བའམ་བྲི་བར་བྱ་ཞིང་། ཐབ་ནང་དུ་ནི མ་པ་སོགས་དུག་ཤིང་དང་ཚེར་མ་ཅན་གྱི་ཤིང་རྩ་བའི་ཆ་ལས་བྱུང་བ་ཚིལ་ཞུན་གྱིས་སྤགས་པས་ཐབ་དབྱིབས་དང་མཐུན་པར་ཐབ་ལས་ཅུང་ཟད་དམའ་བར་བརྩིགས་པའི་ཤར་ལྷོར་མེ་ཚང་བཅའ། སྟེགས་བུའི་གྲྭར་མདའ་བཞི་སྲད་བུ་ནག་པོས་བསྣོལ་མར་བྲན་པའི་སྟེང་ནས་མེ་དར་སྔོ་ནག་གང་རིགས་ཀྱིས་དགབ། ཤར་ལྷོའི་གྲྭར་མདའ་དར་དམར་པོའང་གཟུག །ཐབ་ཀྱི་མདུན་དུ་སློབ་དཔོན་གྱི་གདན་དང་། དེའི་གཡས་གཡོན་རྫས་མཆོད་ཀྱི་སྟེགས་ཏེ། གསུམ་ཀ་ནག་པོ་ལ་པདྨ་འདབ་བརྒྱད་རེ་རེ་བྲི། སྟན་གྱི་མདུན་དུ་ཞེང་མཐོ་གང་དང་དཔངས་སློབ་དཔོན་སྐེད་པ་ཙམ་སླེབ་པའི་མེ་ཡོལ་གངས་རི་བྲིས་པ་བཞག །གཡས་ཕྱོགས་རྫས་སྟེགས་ཀྱི་པདྨའི་ལྟེ་བར་ཚིལ་ཞུན་དང་སྦྱར་བའི་སྐེ་ཚེའམ། ཡུངས་ནག་ལ་སོགས་པའི་མར་ནག་དགང་བླུགས་ཁ་སྦྱར་བ་དང་བཅས་པ། མདུན་གྱི་པད་འདབ་ལ་རྒྱུ་བུད་ཤིང་དང་འདྲ་བའི་ཡམ་ཤིང་རྩང་གཟུགས་མཐོ་གང་བ་རྩེ་གཉིས་ཚིལ་ཞུན་ལ་ཉུག་པ། པད་འདབ་ལྷག་མ་བདུན་ལ་ནུབ་རེ་བཞིན་ཚོགས་ཐ་མའི་དུས་བསྒྲལ་བའི་ལིང་རོ་ཟུར་དུ་བསགས་པ་དང་། དུག་སྣ། སྲན་ནག་གི་ཆན། ཁྲག་སྣ། བ་གླང་ལ་སོགས་པའི་ཤ་སྣ་ཚོགས། སྐེ་ཚེ། ཤངས་ཚེ། ལན་ཚྭ། ནིམ་པའི་ལོ་མ་སོགས་དུག་ཤིང་དང་ཚེར་མ་ཅན་གྱི་ཤིང་སྟེ། དེ་སོགས་ཚ་ཞིང་རྩུ བ་པའི་རིགས་རྣམས་རང་བཞིན་ནམ་བཅོས་པས་ནག་པ་འདས་མ་འདས་ཀྱི་ཁྱད་པར་གྱིས་ཕྱི་ནང་ཉིས་རིམ་དང་། ཐུགས་དམ་བསྐུལ་བའི་རྫས་ཡུངས་ནག་རྣམས་ཐོད་པའམ་ལྕགས་སྣོད་དུ་བཤམ། གཡོན་ཕྱོགས་མཆོད་སྟེགས་ཀྱི་པདྨའི་ལྟེ་བར་དུག་སྣ། ལྕགས་ཕྱེ། རྡོ་ཕྱེ། ར་ཁྱིའི་ཁྲག །ཤ་ཆེན། སྲན་ཆན་རྣམས་དུར་སོལ་གྱིས་བསྒྱུར་བའི་མར་ནག་པོ་དང་བསྲེས་པའི་རྒྱུ་ལས་འདས་གཏོར་གྲུ་གསུམ་མཐེབ་ཀྱུ་ཟུར་གསུམ་པ་གསུམ་གྱིས་བསྐོར་བ་མཉྫི་ལ་བཀོད་པའི་མདུན་དུ་རྒྱུ་དབྱིབས་ཁ་དོག་སྔར་འདྲའི་འཇིག་རྟེན་པའི་ལས་གཏོར་ཀྱང་བཀོད། མདུན་གྱི་འདབ་མར་རྡོར་དྲིལ། དེའི་གཡས་གཡོན་གྱི་འདབ་མར་སྨན་རཀ །པད་འདབ་ལྷག་མ་ལྔ་ལ་ཞབས་བསིལ་དང་བཞི་བསྣོལ་གྱི་མཆོད་རྫས་རང་བཞིན་ནམ་བཅོས་པས་ནག་པ་ལྕགས་སྣོད་ལ་སོགས་པར་བཤམ་ཞིང་ལས་བུམ་ཡང་ཅི་བདེར་བཞག་གོ། །དེ་ནས་ཆོ་གའི་ལས་རིམ་ནི། སློབ་དཔོན་ཆས་གོས་ནག་པོ་གྱོན་ལ་རུས་སྦལ་གྱི་འདུག་སྟངས་ཀྱིས་ཤིས་པའི་ཕྱོས་སུ་ཁ་བལྟས་ཏེ། དོན་གྱི་སེམས་འཆིང་གྲོལ་མེད་པའི་གནས་ལུགས་ལྷག་པ་བདེན་པ་དབྱེར་མེད་ཀྱི་ལྟ་བ་རྟོགས་ཤིང་བྱང་ཆུབ་ཀྱི་སེམས་དང་ལྡན་པས། སྟོངས་ཀྱི་སེམས་བསྒྲལ་བྱའི་ཡུལ་མ་རུངས་པ་ལ་ཞེ་སྡང་ཁྲོས་པའི་སྒོ་ནས་སྔགས་ཀྱི་ངང་རྩུབ་ཅིང་འཇིགས་པར་བཟླ་བའི་ཚུལ་གྱིས་ལས་ལ་འཇུག་སྟེ། ༀ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ་ཛཿ ཞེས་པས། རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བཛྲ་ཧེ་རུ་ཀ་མཐིང་ནག་ཞལ་གཅིག་ཕྱག་གཉིས་པའི་རྣམ་པས་ཐོན་ནས་དཀྱིལ་འཁོར་གྱི་བྱང་སྒོའི་ཐད་དུ་འཁོད་དེ་སྦྱིན་སྲེག་གི་ལས་རིམ་ལ་འཇུག་པར་མོས་པས། རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ་དང་། དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོག་པ་དང་། གཉིས་ཀའང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་མོས་ལ། ༀ་མ་ཧཱ་བཛྲ་ཧཱུཾ་གིས་རྡོ་རྗེ་གསོར་ཞིང་ཐུགས་ཀར་འཛིན། ༀ་བཛྲ་གྷཎྜེ་ཨཿས་དྲིལ་བུ་བསིལ་ཞིང་དཀུར་བརྟེན། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་འཁྱུད་རྒྱ་བྱས་ཏེ་དམ་ཚིག་གསུམ་དྲན་པར་བྱའོ། །དེ་ནས་ཕྱི་མཆོད་རྣམས་སྒྲུབ་ཐབས་ལྟར་བརླབ་ཅིང་། སྨན་རཀ་གཉིས་སྔགས་ཙམ་གྱིས་བྱིན་རླབས་གསོས་ལ། ལས་གཏོར་དང་སྲེག་རྫས་རྣམས་ལ་ལས་བུམ་གྱི་ཆུ་འཐོར་ཞིང་། ཧཱུཾ་བིགྣཱཾ་དང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་དང་མ་ལས་ཉི་ཟླའི་གའུའི་སྣོད་དུ་རང་གི་ཐུགས་ཀ་ནས་གཏོར་མའི་གནས་སུ་འབྲུ་གསུམ་དང་། སྲེག་རྫས་ཀྱི་གནས་སུ་ཧཱུཾ་ཡིག་ལྔ་སྤྲོས་ཏེ་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་དྲག་པོའི་ལས་གཏོར་རིན་པོ་ཆེའི་མཆོད་སྡོང་འོད་ཟེར་ནག་པོ་འཕྲོ་བ་དང་། སྲེག་རྫས་རྣམས་ངོ་བོ་དགྲ་བགེགས་ཀྱི་ཤ་ཁྲག་ལ་རྣམ་པ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་ནམ་མཁའ་གང་བས་དྲག་པོའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་བསམ་ལ། ༀ་ཨཱཿཧཱུཾ་དང་། ཧཱུྃ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་བཟླས་པས་བྱིན་གྱིས་བརླབས། དེ་ནས་མེ་ཐབ་བསང་སྦྱངས། སྟོང་པའི་ངང་ལས་མདུན་དུ་བྷྲཱུཾ་ཡིག་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྒྱ་གྲམ་རྭ་གདེངས་པ་ཅན་གྱི་ལྟེ་བ་ལ་གནས་པའི་དྲག་པོའི་ཐབ་ཁུང་ནག་པོ་གྲུ་གསུམ་པ་ཁ་ཁྱེར་བང་རིམ་གསུམ་ལྡན་འོད་ཟེར་ནག་པོ་འཕྲོ་བར་གྱུར། རང་གི་ཐུགས་ཀ་ནས་རཾ་ཡིག་ཐབ་ནང་དུ་སྤྲོས་པ་ལས་ཡེ་ཤེས་ཀྱི་མེ་འོད་ནག་པོ་འབར་པར་བསམ་ཞིང་། ༀ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ། ཅེས་རོ་བསྲེགས་པའི་མེའམ་གདོལ་བཤན་གྱི་མེས་སྦར་ལ། ཐབ་ཀྱི་མེའི་དབུས་སུ་མ་དང་དིཿལས་བྱུང་བའི་ཉི་མ་དང་ར་སྐྱེས་ཀྱི་གདན་ལ་ཧཱུཾ་ཡིག་ནག་པོ་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་ཨགྣེ་དེ་ཝ་རྀ་ཥི་ཧཱུཾ་དྲག་པོའི་མེ་ལྷ་མཐིང་ནག་ཁྲོ་ཞིང་གཏུམ་པ་དྲང་སྲོང་གི་ཆ་བྱད་ཅན་ཏྲི་ཤཱུལ་དང་བགྲང་འཕྲེང་འཛིན་པའི་སྐུར་གྱུར། ཤཱུ་ནྱ་ཏཱ་སོགས་ཀྱིས་བསྐུར་བརླབ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་བཅས་བཞེངས་པར་བསམ་ལ། ཨགྣེ་དེ་ཝ་ས་མ་ཡ་ཧཱུཾ་ཛཿ ཞེས་སེ་གོལ་བསྣོལ་མར་གདབ། མདའ་དར་དམར་པོ་གཡབ་ཅིང་། ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུལ་གཤེགས་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོང་བྲམ་ཟེ་མཆོག །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ལྕགས་ཀྱུའི་རྒྱ་དང་བཅས་པས། ཨགྣེ་དེ་ཝ་རྀ་ཥི་ཛཿཛཿ ས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་བསྟིམ། ཀུན་བཟང་། ཞབས་བསིལ། བཞི་བསྣོལ་གྱིས་མཆོད། མེ་ལྷ་ཞལ་ཤིན་ཏུ་གདངས་པས་སྲེག་བླུགས་ཀྱི་བདུན་རྩིའི་རྒྱུན་དྲངས་ནས་གསོལ་བར་བསམས་ལ། ཁྲོ་བོའི་ཁུ་ཚུར་གྱིས་གཟར་བུ་བཟུང་ནས། ༀ་ཨགྣ་ཡེ་སྭཱ་ཧཱ། ཞེས་གཡོན་པའི་བླུགས་གཟར་བདུན་གྱིས་གཡས་པའི་དགང་གཟར་བཀང་རྗེས་ཁ་སྦྱར་ཏེ་པུས་མོའི་ཕྱི་ལས་ནང་དུ་མི་འདའ་བས་གཡོན་དུ་བསྐོར་ཞིང་། ༀ་ཨགྣེ་དེ་ཝ་རྀ་ཥི་ཧ་བྱ་ཀ་བྱ་དི་བྱ་མ་ཧཱ་ན་ཡེ་དི་བྱ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་གདུག་པ་ཅན་ཐམས་ཅད་མཱ་ར་ཡ་ཕཊ། ཅེས་ལན་གསུམ་གྱིས་དགང་བླུགས་ཕུལ། དེ་རྗེས་སྔགས་དེ་ཁོ་ནས་ཡམ་ཤིང་མར་ནག་སྲེག་རྫས་ལྔའམ་བདུན་སོགས་གྲངས་ཇི་ལྟར་རིགས་པ་ཕུལ་ནས། ཧཱུཾ། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་སྐྱོབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུ་སྤྲུལ་པ། །རིག་སྔགས་གྲུབ་པ་དྲང་སྟོང་ཚུལ། །ཉོན་མོངས་བསྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་བཞིན་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་སྤྲུལ་པ་ཐེག་པ་ཆིབས། །བགྲང་ཕྲེང་འཛིན་ཅིང་རིགས་སྔགས་གསུངས། །བདུད་རྩིའི་བཅུད་ལྡན་གུནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བསྟོད་ལ། ཡུངས་ནག་ཐབ་ཏུ་འཐོར་ཞིང་། ན་མོ། རིག་པའི་རྒྱལ་པོའི་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་སྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་གདུག་པ་ཅན་ཐམས་ཅད་རྡུལ་དུ་རློག་པའི་ཕྲིན་ལས་མཛད་དུ་གསོལ། །ཞེ་པས་འདོད་དོན་གསོལ་ལོ། །དེ་ནས་འདས་པའི་སྲེག་ལྷ་མཆོད་པ་ནི། མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་བྷྲཱུཾ་ཡིག་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཡེ་ཤེས་རིན་པོ་ཆེའི་རང་བཞིན་བྷཉྫ་འབར་བའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། ཕྱི་ནང་ཉིས་རིམ་འབར་བའི་བར་ཁྱམས་གཉིས་དང་ལྡན་པའི་ལྷ་གནས་རྣམས་སུ་སོ་སོའི་གདན་དང་བཅས་པ་གསལ་བར་གྱུར། འབར་བའི་འཁོར་ལོ་རྩིབས་བཞི་པ། ཞེས་པ་ནས། དབང་ཕྱུག་ལྷ་ཆེན་ལ་སོགས་བཟུང་། ཞེས་པའི་བར་གྱིས་གསལ་བཏབ་ལ། ཧཱུཾ། ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་ཁྲག་འཐུང་སྤྱན་འདྲེན་གྱི། །དུར་ཁྲོད་མཆོག་གི་གནས་འདི་རུ། །ཞིང་ཆེན་གསར་རྙིང་སྟན་དུ་བཏིང་། །དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ། །མ་ལུས་གཤེགས་ནས་བསྣམས་སུ་གསོལ། །ༀ་རུ་ལུ་རུ་ལུ་ཧཱུཾ། ཨེ་ཧྱེ་ཧི་ཨཱ་ན་ཡ་ཛཿཧཱུཾ་བཾ་ཧོཿ ཞེས་པས་སྒྲུབ་མཆོད་ཀྱི་དཀྱིལ་འཁོར་ལས་ལྷ་ཚོགས་ཐམས་ཅད་ལས་ཀྱི་རྡོ་རྗེས་སོ་སོའི་སྔགས་བརྗོད་ཅིང་མཎྜལ་མེ་ཏོག་གིས་མཚོན་པར་སྤྱན་དྲངས་ཏེ་སློབ་དཔོན་ལ་ཕུལ་བ་ལས་མེ་ཏོག་ཐབ་ཏུ་དོར་ཞིང་། ༀ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུཾ་བཛྲ་ཀྲོ་དྷེ་ཤྭ་རཱི་སྟྭཾ། ཞེས་པ་ནས། བཛྲ་ལཾ་བྷོ་དྷ་ར་བྷྱོ། ཞེས་པའི་བར་བརྗོད་པས། བཅོམ་ལྡན་འདས་དགྱེས་པ་ཆེན་པོ་བཛྲ་ཧེ་རུ་ཀ་ལ་སོགས་ཏེ་ལྔ་བཅུ་རྩ་བརྒྱད་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་སྐུ་མདོག་མཐིང་ནག་གཡས་རྡོ་རྗེ་དང་གཡོན་རང་རྟགས་འཆང་བ་སོ་སོའི་གདན་ལ་བཞུགས་པའི་སྐུ་ལས་འོད་ཟེར་ནག་པོའི་ཕྲེང་བ་མཁའ་ཁྱབ་ཏུ་སྤྲོ་བས་དྲག་པོའི་ཕྲིན་ལས་མཛད་པར་བསམ་ལ། སྨུག་ནག་སྔོ་ནག་སེར་ནག་དང་། ཞེས་པ་ནས། ཅི་བགྱི་ཞེས་ནི་ཆས་ཏེ་གནས། ཞེས་པའི་བར་གྱིས་གསལ་བཏབ་ལ། །ཀུན་བཟང་། ཞབས་བསིལ། །བཞི་བསྣོལ་གྱིས་མཆོད། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ལྗགས་རྡོ་རྗེ་འོད་ཀྱི་སྦུ་གུ་ཅན་གྱིས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་བསམ་ལ། ༀ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཞེས་བདུན་གྱིས་བཀང་བའི་དགང་བླུགས་ཁ་སྦྱར་བ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་པའི་མཐར་སྤེལ་ཚིག་སྔར་ལྟར་བཏགས་པས་ལན་གསུམ་ཕུལ། དེ་ནས་ཡམ་ཤིང་དང་མར་ནག་སོགས་སྲེག་རྫས་གཞན་རྣམས་ཀྱང་རུ་ལུ་ཁོ་ནས་གཙོ་འཁོར་སྤྱིར་བརྒྱའམ་ཉེར་གཅིག་སོགས་བཅུ་ཚན་ལྟ་བུའི་མཚམས་ཇི་ལྟར་རིགས་པར་སྤེལ་ཚིག་སྦྲེལ་ནས་འབུལ་ལོ། །དེ་རྗེས། རུ་ལུའི་མཐར། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། བཏགས་པས་འདས་པའི་ལས་གཏོར་དང་། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧིས་སྨན་རཀ་སྟོབ་ནས། ཧཱུཾ། གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །ཞེས་སོགས་ཀྱིས་བསྟོད་ལ། ཐབ་ཏུ་ཡུངས་ནག་འཐོར་ཞིང་། ཧཱུཾ། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་འབར་བའི་སྦྱིན་སྲེག་འབུལ། །བདག་གིས་དྲག་པོའི་ཕྲིན་ལས་མཐར་ཕྱིན་ནས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་མཛོད། །ཅེས་གསོལ་བ་བཏབ་པས་ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་ནག་པོ་མེ་ལྕེ་ལྟ་བུར་འཕྲོ་བ་ལས་མཚོན་ཆའི་ཆར་བབས་པས་དགྲ་བགེགས་ཐམས་ཅད་བརླག་པར་བསམ་མོ། །དེ་ནས་བཏང་རག་གི་མཆོད་བསྟོད་དང་བཟོད་གསོལ་བྱས་ལ། སྔར་ལྟར་མེ་ཏོག་གིས་སྤྱན་དྲངས་ཏེ། དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་སྒྲུབ་པའི་དཀྱིལ་འཁོར་ལ་གཤེགས། །གཞལ་ཡས་ཁང་གདན་དང་བཅས་པ་རང་ལ་ཐིམ་པར་བསམ་མོ། །སླར་ཡང་ༀ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ། ཅེས་བླུགས་གཟར་གྱིས་མར་ནག་ཕུལ་བས་མེ་གསོས་ཏེ། འཇིག་རྟེན་པའི་མེ་ལྷ་སྔར་བཞིན་གསལ་བར་བསམ་ལ། ༀ་ཨགྣེ་དེ་ཝ་རྀ་ཥི་ཧ་བྱ་སོགས་ཀྱིས་སྲེག་རྫས་ལྷག་རྣམས་ཕུལ། །ཀུན་བཟང་སོགས་ཀྱིས་མཆོད། ༀ་ཨགྣེ་དེ་ཝ་རྀ་ཥི་མ་ཧཱ་བ་ལིཾ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཧིས། ལས་གཏོར་དང་སྨན་རཀ་ཕུལ། མེ་སྟེ་སྲེག་བྱས་བསྟོད། །ཡིག་བརྒྱས་ནོངས་པ་བཤགས། བཛྲ་མུཿས། མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་འབར་བའི་རྣམ་པར་གྱུར་པར་བསམས་ལ་ལས་ཀྱི་རྗེས་བསྡུ་ཞིང་བསྔོ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །དེ་ལྟར་སྦྱིན་སྲེག་ཟིན་ནས་ལས་ཀྱི་མཇུག་བསྡུ་ཚུལ་ནི། ལས་བཞི་ཀ་འདྲ་བར་མེ་རང་ཞིར་འཇུག་པའམ། ལོང་མེད་ན་ཞི་བ་ལ་འོ་མ་དང་དྲི་དཀར་པོ། རྒྱས་པར་དྲི་སེར་པོ། །དབང་ལ་ཆང་དྲག་པོ་ལ་དུག་ཁྲག་གིས་གཞི་ལ་བར་བྱས་ནས། གཞུང་ལྟར་ལས་སོ་སོ་ལ་ཤིས་པའི་གནས་སུ་གནོན་པའམ། ཡང་ན་སྤྱི་ལྟར་ཞི་བ་དང་དབང་གི་ཐལ་བ་འབབ་ཆུར་བསྐྱལ། རྒྱས་པ་མཛོད་དུ་སྦ། དྲག་པོ་གཞི་མདོར་མནན་པར་བྱའོ། །ད་ནི་ཆོ་ག་རྒྱས་བསྡུས་ཀྱི་འདོར་ལེན་དང་དོན་གྱི་ཁྱད་པར་ལ་དོགས་པའི་གནས་བསམ་བར་བྱ་སྟེ། དེ་ཡང་རྒྱུན་ལུང་ལ་བརྟེན་པའི་སྦྱིན་སྲེག་གི་ཚུལ་འདི་ལ། གོང་མ་རྣམས་ཀྱི་ཕྱག་བཞེས་སུ་མདོ་སྒྱུ་གཉིས་རང་རང་གི་དགོས་ཆོས་ཁྱད་པར་བ་མ་གཏོགས་ཕལ་ཆེར་ཁོག་གཅིག་པར་བི་མ་ལའི་གཏན་ཚིག་གཉིས་པའི་སྡོམ་ཚིག་དང་སྦྱར་ཏེ། དོན་བཅུ་གཅིག་ཏུ་བསྡུས་ནས་འཆད་པར་མཛད་མོད་ཀྱང་། འདིར་ནི་སྙིང་པོའི་ལེའུ་ཉི་ཤུ་པ་དང་། བཤད་རྒྱུད་རྒྱས་པ་སོགས་ལས་གསུངས་པའི་རྫས་དང་ལུ་གུ་རྒྱུད་ཀྱི་སྒོ་ནས་ལས་བྱ་བ་སོགས་དོར་ཏེ། སྒྲུབ་མཆོད་ཀྱི་ཁ་སྐོང་ཙམ་དུ་བྱེད་པ་ལ་ཆད་པའི་སྐྱོན་མེད་ཅིང་ཟོར་ཡང་བས་ཉེ་བར་མཁོ་བའི་དབང་དུ་བྱས་ནས། སྙིང་པོའི་ལེའུ་དགུ་པར། དབྱིབས་དང་ཁ་དོག་མཚན་ལྡན་པར། ཞལ་དུ་གྱུར་པའི་མེ་བུས་ལ། བཟའ་བཏུང་བྲོ་བའི་ཚོགས་རྣམས་ཀྱིས། །ལས་བཞིའི་མཆོད་པ་རབ་ཏུ་སྦྱིན། །ཞེས་པས་དངོས་སུ་བསྟན་དོན་ཇི་ལྟ་བ་བཞིན་དུ་སྲེག་རྐྱང་གི་ལུགས་སུ་བྱས་པ་ཡིན་ལ། གཞན་དུ་རྒྱས་པ་ལ་མོས་ན། སྒྱུ་དྲྭའི་ལུགས་རྗེ་བླ་མ་དམ་པའི་སྐུ་གསུང་ཐུགས་ཀྱི་སྲས་མཆོག་པདྨ་འགྱུར་མེད་རྒྱ་མཚོས་མཛད་པའི་འདོད་དོན་སྣང་བྱེད་དང་། འདུས་པ་མདོའི་ལུགས་ཁོ་བོས་ཟུར་འདེབས་དཔག་བསམ་སྙེ་མའི་ནང་དུ་བྲིས་པ་ལྟར་ལག་ཏུ་བླངས་པས་ཆོག་གོ། །དེ་བཞིན་དུ་ཡང་དག་ལའང་ཧེ་རུ་ཀ་གལ་པོའི་རྒྱུད་དུ་ལས་བཞི་སོ་སོའི་བསྐུལ་སྔགས་རིང་པོ་དག་སྣང་ནའང་གསང་འགྲེལ་གྱི་སྲེག་ཆོག་ཏུ་མ་བཀྲལ་བས་འདིར་ཡང་བཏང་སྙོམས་སུ་བྱས་སོ། །ཡང་སྒྲུབ་མཆོད་དང་འབྲེལ་བའི་ཚེ་འདས་པའི་མེ་ལྷ་དམ་ཚིག་པ་མི་བསྐྱེད་པར་དཀྱིལ་འཁོར་ལ་བཞུགས་པའི་ལྷ་སྤྱན་འདྲེན་པའི་ལུགས་འདི་ཡང་གསང་སྔགས་པ་སྤྱི་ལ་གྲགས་པར་མ་ཟད། སློབ་དཔོན་ཆེན་པོ་པདྨའི་ཡང་དག་གསང་འགྲེལ་དུ་འདས་པའི་མེ་ལྷ་མཆོད་ཚུལ་ལ་མན་ངག་གི་དབྱེ་བ་གསུམ་དུ་བཤད་པའི་ནང་ཚན་དང་པོའི་སྐབས་ཇི་སྐད་དུ། མེ་ལྷ་འོད་དུ་འབར་ནས་ཐབ་ཁུང་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་དུ་དཀྱིལ་འཁོར་གྱི་ལྷ་རྣམས་དེར་སྤྱན་དྲངས་ཏེ་མཆོད་པར་བྱ་ཞེས་རྒྱུད་ལུང་ཁ་གཅིག་ལས་བཤད་དོ། །ཞེས་གསུངས་བ་དང་། ཀུན་མཁྱེན་ཆེན་པོས་ཕྱོགས་བཅུ་མུན་སེལ་དུའང་། མེ་ལྷའི་ལྟོ་བར་ཞི་རྒྱས་གཉིས་ལ་ཞི་བའི་ལྷ། དབང་དྲག་ལ་ཁྲོ་བོ་བསྐྱེད་པའམ་མ་བསྐྱེད་ཀྱང་རུང་སྟེ། སྤྱན་དྲངས་ནས་བཞུགས་པར་གྱུར་པ་ལ། ཞེས་འདམ་ཀར་གསུངས་པ་དང་འབྱོར་ཞིང་། རབ་གནས་ཀྱི་ཚེ་ཡང་ལྷ་རྣམས་ཐབ་ཁུང་དུ་སྤྱན་དྲངས་ནས་སྲེག་བླུགས་ཀྱི་མཆོད་པས་ཞལ་བསྲོ་བའི་ལུགས་སྤྱིར་གྲགས་པས་ཀྱང་རྗེས་སུ་དཔག་ནུས་པའི་ཕྱིར་རོ། །འདི་ལྟའི་རྩོམ་ཚུལ་མཁས་པའི་ལུགས་མིན་ཡང་། ཟབ་གནད་འཁྲོལ་ན་དེ་ལ་བསྟན་བཅོས་སྒྲས། །ཅི་སྙམ་དགེ་སློང་དྷརྨ་ཤྲཱི་ཡིས། །བཀླགས་པས་བདེ་བླག་རྟོགས་ཕྱིར་སྤེལ་བ་ཡིན། །དེ་ལྟར་རྒྱུད་ལུང་ལས་བཞིའི་སྦྱིན་སྲེག་གི། །ངག་འདོན་འདོད་སྟེར་དབང་གི་རྒྱལ་པོ་འདིས། །འགྲོ་ཀུན་བླ་མེད་ཆོས་ཀྱི་སྣོད་གྱུར་ནས། །དཔལ་ལྡན་རྡོ་རྗེ་སེམས་དཔའི་གནས་ཐོབ་ཤོག །ཤུ་བྷ་མསྟུ།། །།


previousརྒྱུད་ལུང་ལ་བརྟེན་པའི་ལས་བཞིའི་སྦྱིན་སྲེག་གི་ངག་འདོན་བཀླག་ཆོག་མར་བྱས་པ་འདོད་སྟེར་དབང་གི་རྒྱལ་པོ། དྷརྨཱ་ཤྲཱི།next