cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་ཉེར་གཅིག་པ།

གླེགས་བམ། ཞ༽

དྷརྨཱ་ཤྲཱི།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

འདུས་པ་ཆེན་པོ་མདོའི་དབང་གི་ཆོ་ག་རྡོ་རྗེའི་ཐེམ་སྐས། དྷརྨཱ་ཤྲཱི།

རྒྱུད་དང་མན་ངག་གི་ལུགས་གཅིག་ཏུ་དྲིལ་བའི་གོ་དོན་དང་ལག་ལེན་གྱི་གནད་བཤད་པའི་སྐབས།

བཛྲ སྱ སོ པཱ ནཾ ནཱ མོ མ ཧཱ ས མཱ ཛ སཱུ ཏྲ སྱཱ བྷི ཥི ཉྩ བི དྷི བི ཧ ར ཏིསྨ། །
འདུས་པ་ཆེན་པོ་མདོའི་དབང་གི་ཆོ་ག་རྡོ་རྗེའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ། །
ༀ་སིདྡྷི་རསྟུ། འདུས་པ་ཆེན་པོ་མདོའི་དབང་གི་ཆུ་བོ་བཞི་རྒྱུད་དང་མན་ངག་གི་ལུགས་གཅིག་ཏུ་དྲིལ་ནས་བསྐུར་བའི་ཆོ་ག་བདེ་བ་ཆེན་པོའི་ཁང་བཟང་དུ་འཇུག་པའི་རྡོ་རྗེའི་ཐེམ་སྐས་ཞེས་བྱ་བ། བླ་མ་དང་བཅོམ་ལྡན་འདས་དཔལ་སྒྲོལ་བྱེད་ཐུགས་རྗེའི་རྒྱལ་པོ་ཤིན་ཏུ་རྣམ་པར་གྲོལ་བ་ཉིད་ལ་ཕྱག་འཚལ་ལོ། །གང་ཞིག་རྣམ་འགྱུར་ཀུན་རྟོག་སྡེར་བཅས་དབྱིངས་སུ་གྲོལ་བས་ཟག་མེད་ཀྱི། །དཔལ་ལྡན་བདེ་ཆེན་ཉིན་མོར་བྱེད་སྐུ་ཡེ་ཤེས་རྡོ་རྗེ་འོད་པོ་ཆེ། །ཕན་བདེའི་སྣང་བས་ཕྱོགས་ཀྱི་ཆ་འགེངས་མི་ཟད་རྒྱན་གྱི་འཁོར་ལོའི་དཔྱིད། །མཆོག་གསུམ་ངོ་བོ་དཀྱིལ་འཁོར་ཀུན་བདག་གཏེར་ཆེན་བླ་མ་སྤྱི་བོས་མཆོད། །རོ་གཅིག་དབྱིངས་སུ་བདེན་གཉིས་རྩལ་ལས་དཀྱིལ་འཁོར་རྣམ་གསུམ་རོལ་པ་ཅན། །སྐུ་བཞིའི་བདག་ཉིད་ཡེ་ཤེས་ལྔ་དངོས་ཀུན་འདུས་དྲུག་པ་འཁོར་ལོའི་མགོན། །ཡན་ལག་བདུན་ལྡན་དབང་ཕྱུག་བརྒྱད་དང་གར་དགུའི་ཉམས་འགྱུར་བྱེ་བས་འཁྱུད། །སྟོབས་བཅུའི་རྩལ་མངའ་ཧེ་རུ་ཀ་དཔལ་འཁོར་ལོར་བཅས་ལ་གུས་ཕྱག་འཚལ། འདུས་པ་མདོ་ཡི་དབང་དོན་ཉི་ཟླའི་འོད། །ལེགས་པར་འགྲེལ་བའི་སྣང་བ་མཚུངས་པ་མེད། །བསྙེངས་བྲལ་མཁའ་ལ་བརྩོན་པའི་ཤིང་རྟ་ཡིས། །འདྲེན་བཟོད་སློབ་དཔོན་ཆེན་པོ་བདེ་བ་གསལ། །གང་གི་བཀའ་སྲོལ་བདུད་རྩིས་ཆེར་མྱོས་པས། །ལེགས་བཤད་རྒྱང་གླུ་ལེན་མཁས་གནུབས་ཆེན་དང་། །ཟུར་ཆེན་མེས་དབོན་གླན་སོགས་གསང་བའི་བདག །མི་ཡི་ཟོལ་བཟུང་རྣམས་ལ་གུས་ཕྱག་འཚལ། །ཀུན་ཏུ་བཟང་མོའི་མཁའ་ལ་ཡེ་ཤེས་རྩལ། །རྣམ་རོལ་བདེ་བ་ཆེན་པོའི་ཁང་བཟང་དུ། །སྐལ་ལྡན་འཇུག་པའི་ཐབས་མཆོག་འདུས་པ་མདོའི། །དབང་ཆུ་རྡོ་རྗེའི་ཐེམ་སྐས་བླ་ན་མེད། །མཆོག་དང་ཐུན་མོང་དངོས་གྲུབ་ལས་བཞིར་བཅས། །རིམ་གཉིས་སྔོན་དུ་སོང་བའི་ལག་རྗེས་ཏེ། །དེ་ལའང་དབང་བསྐུར་སྔོན་དུ་འགྲོ་བའི་ཕྱིར། །རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བར་གྲུབ། །འོན་ཏེ་རྒྱུད་དང་མན་ངག་སོ་སོའི་ལུགས། །མ་ཕྱེད་བཞིན་དུ་གྱ་ཚོམ་བཀྲལ་མཐོང་ནས། །འདུས་གསལ་རྫོགས་པའི་ངག་གིས་ཆུ་བོ་བཞིའི། །དབང་ཆོག་ཆོས་དོན་གཉེར་བའི་དཔལ་དུ་སྦྱིན། །དེ་ལ་འདིར་ལུས་ཅན་རྣམས་ཀྱི་སེམས་ཉིད་དཀྱིལ་འཁོར་རྣམ་གསུམ་མ་འདྲེས་ཡོངས་རྫོགས་སུ་གནས་པ་ནི་སྦྱང་གཞི་སྟེ། དེ་ཉིད་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཀྱང་། སྦྱང་བྱའི་དྲི་མ་གློ་བུར་བ་མ་རིག་པའི་རྐྱེན་ལས། མེད་སྣང་འཁོར་བའི་རྣམ་པར་ཤར་ནས། སྡུག་བསྔལ་བཟོད་པར་དཀའ་བས་ཁོར་མོར་མནར་བ་རྣམས་ལ་བརྩེ་བའི་གཞན་དབང་གིས། སྦྱང་འབྲས་རང་གནས་རང་བྱུང་གི་ཡེ་ཤེས་ཉིད་ཇི་ལྟ་བ་བཞིན་མངོན་དུ་གྱུར་པའི་གོ་འཕང་ལ་འགོད་པར་བྱ་བའི་ཕྱིར། སྦྱོང་བྱེད་རྣམ་པར་གྲོལ་བའི་ལམ་གསུངས་པ་ཐམས་ཅད་ཀྱི་ནང་ནས་མཆོག་གམ་རྩེ་མོ་ནི་རྡོ་རྗེའི་ཐེག་པ་སྟེ། དེ་ཉིད་ཀྱི་ལམ་གྱི་གཞི་དང་རྩ་བར་གྱུར་པ་འདུས་པ་ཆེན་པོ་མདོའི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་བསྐུར་བའི་ཐབས་ཁྱད་པར་ཅན་ལ་འབད་པ་ཆེན་པོས་བསྒྲུབ་པར་བྱ་བ་ཡིན་ནོ། ༈ །དེའི་ཚུལ་ལ་གསུམ་སྟེ། སྔོན་འགྲོ་སྒོ་འབྱེད་ཀྱི་དབང་བསྐུར་བ། དངོས་གཞི་བསྙེན་སྒྲུབ་ཡན་ལག་བཞི་དང་འབྲེལ་བའམ། མ་འབྲེལ་ན་འང་རུང་སྟེ། །ཆུ་བོ་བཞིའི་དབང་བསྐུར་བ། །རྗེས་གཏད་རྒྱ་བྱ་ཞིང་མཐའ་བརྟེན་དུ་ཚེའི་དབང་བསྐུར་བའོ། །དེ་ལས་སྔོན་རྗེས་གཉིས་ལ་དབྱེ་བ་གཞན་མེད་ཅིང་། དངོས་གཞི་ལ་ལུགས་གཉིས་ཏེ། ཐུན་མོང་བའམ་ཐུན་མིན་གང་རུང་གི་རྩ་བའི་དཀྱིལ་འཁོར་དུ་རང་བཞིན་གྱིས་སྣོད་དུ་གྱུར་པའི་སྐལ་ལྡན་ཁྱད་པར་ཅན་ལ། ཆུ་བོ་བཞི་ཡོངས་སུ་རྫོགས་པའི་དབང་སུམ་ཅུ་རྩ་དྲུག་བསྐུར་བ་རྒྱུད་ཀྱི་ལུགས་དང་། ཡང་ཡོ་ག་མན་ཆད་ཡན་ལག་གི་དཀྱིལ་འཁོར་དྲུག་ཏུ་ཕྱི་དབང་རྒྱུད་ཀྱི་ཆུ་བོ། འདྲེན་པའི་ལས་བྱང་ཆེ་ལེར་བཤད་པའི་ཚོགས་ཆེན་འདུས་པ་རྩ་བའི་དཀྱིལ་འཁོར་ཐུན་མོང་པར་ནང་དབང་འབྱུང་བའི་ཆུ་བོ། རྩ་རྒྱུད་ཀྱི་ཚོགས་ཆེན་འདུས་པའི་སྒྲུབ་ལུགས་ལས་གསུངས་པ་དུར་ཁྲོད་གསང་བའི་དཀྱིལ་འཁོར་ཞེས་རྩ་བའི་དཀྱིལ་འཁོར་ཐུན་མོང་མ་ཡིན་པར་སྒྲུབ་དབང་གྲགས་པའི་ཆུ་བོ། བྱང་སེམས་རྣམ་པ་གཉིས་ཀྱི་དཀྱིལ་འཁོར་དུ་གསང་དབང་རྫོགས་པའི་ཆུ་བོ་རྣམས་སྦྱངས་པས་སྣོད་དུ་གྱུར་པའི་སློབ་མ་ལ་ཐེག་པ་ཐམས་ཅད་འདུས་པའི་མདོ་དབང་རྩ་བ་སོ་དྲུག་ལས་ཡན་ལག་རགས་པ་བརྒྱད་བརྒྱ་སོ་གཅིག་ཏུ་ཕྱེ་ནས་བསྐུར་བ། བདེ་བ་གསལ་མཛད་ཀྱི་ལས་ཐོའི་དགོངས་པ་ལྟར་མན་ངག་གི་ལུགས་ཏེ། དེ་ལྟར་རྒྱུད་དང་མན་ངག་གི་ལུགས་གཉིས་པོ་ད་ལྟའི་དུས་སུ་གཅིག་ཏུ་དྲིལ་ནས་བསྐུར་བ་བླ་མ་རྣམས་ཀྱི་ཕྱག་ལེན་དུ་སྣང་བས་འདིར་ཡང་དེ་བཞིན་དུ་འབྲི་བར་བྱའོ། ༈ །དེ་ལ་ཐོག་མར་གླེང་གཞི་དང་འབྲེལ་བའི་མཆོག་དབང་བཅུ་དྲུག་གིས་སྒོ་ཕྱེ་ལ། དེ་རྗེས་ལྷ་མི་ནས་ཡོ་གའི་བར་ཡན་ལག་གི་དཀྱིལ་འཁོར་དྲུག་ཏུ་མན་ངག་གི་ལུགས་ཀྱི་ཕྱི་དབང་། དེ་ནས་རྩ་བའི་དཀྱིལ་འཁོར་ཐུན་མོང་བ་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་དུ་རྒྱུད་ལུགས་ཀྱི་ཆུ་བོ་བཞི་ཡོངས་སུ་རྫོགས་པ། དེ་རྗེས་ཡན་ལག་གི་དཀྱིལ་འཁོར་སོ་སོར་མན་ངག་གི་ལུགས་ཀྱི་གསང་དབང་རྫོགས་པའི་ཆུ་བོ་གཉིས་དང་། སྐབས་སུ་བབས་ན་གཏད་རྒྱ་བྱས་རྗེས། མཐའ་བརྟེན་དུ་ཚེ་དབང་དང་བཅས་པ་བསྐུར་བར་མཛད་དོ། །དེ་ལྟར་ན་ཕྱི་གསང་གི་དབང་གཉིས་ལུགས་གཉིས་ཀ་བསྐུར་བས་ཟློས་ཤིང་། ནང་སྒྲུབ་གཉིས་ཀྱི་དབང་རྒྱུད་ལུགས་ལས་མ་བྱུང་བས་ཆད་པར་མ་ཟད། སྒྲུབ་དབང་གང་དུ་བསྐུར་བའི་དཀྱིལ་འཁོར་ཀྱང་ཆད་པས། ཕྱག་ལེན་འདི་ལ་ཆད་པ་དང་ལྷག་པ་གཉིས་ཀའི་སྐྱོན་གནས་སོ་སྙམ་ན། དེའི་སྐྱོན་མེད་དེ། རྒྱུ་མཚན་ཕྱི་དབང་ལུགས་གཉིས་གྲངས་དང་བསྐུར་ཐབས་མི་འདྲ་བས་སོ་སོར་བསྐུར་དགོས་ཤིང་། ནང་དབང་ལ་ལུགས་གཉིས་ལྷ་དབང་གི་སྐབས་ཅུང་ཟད་ཙམ་ལས་གཞན་ཁྱད་པར་མེད་པས་གཅིག་གིས་གོ་ཆོད། ཚོགས་སྒྲུབ་དུས་དབང་གིས་མོས་སློབ་ཙམ་ལ་བརྟེན་པ་ཤས་ཆེ་བས་ཡན་ལག་གི་དཀྱིལ་འཁོར་དོར་ནས་རྒྱུད་ལུགས་ཉིད་གཙོ་བོར་སྟོན་ཅིང་། དེའང་རྩ་དཀྱིལ་ཐུན་མོང་བར་བསྐུར་བའི་ལུགས་མཛད། གསང་དབང་ནི་རྒྱུད་ལུགས་ལ་ཟབ་ཁྱད་མ་སྦྱར་བས་སློབ་མ་ཐུན་མོང་བ་རྣམས་རྗེས་སུ་འཛིན་པའི་ཕྱིར་མདོར་བསྡུས་པ་ཙམ་གྱིས་ས་ཁོངས་བཟུང་། དེ་རྗེས་རྫོགས་རིམ་དོན་དུ་གཉེར་བའི་སློབ་མ་ཁྱད་པར་ཅན་ཡང་སྲིད་པས་དེ་དག་རྗེས་སུ་འཛིན་པའི་ཕྱིར་མན་ངག་གི་ལུགས་དེ་ཉིད་ཟུར་དུ་ཕྱེ་ནས་བསྐུར་བའི་ཕྱག་ལེན་མཛད་ལ། རྒྱུ་མཚན་དེ་དག་གིས་ན། རྒྱུད་དང་མན་ངག་གི་ལུགས་གཉིས་འདོར་ལེན་གྱི་གནད་ཀྱིས་གཅིག་ཏུ་དྲིལ་ནས་བསྐུར་བས་གནས་སྐབས་སུ་བྱ་སླ་ཞིང་། བརྒྱུད་ནས་ལུགས་གཉིས་པོ་གཅིག་གིས་གཅིག་མི་ནུབ་པར་ཆབས་གཅིག་ཏུ་འཕེལ་བའི་དགོངས་པ་ཁྱད་པར་ཅན་མངའ་བ་ཡིན་ནོ། །དེ་ལྟར་ན་རྒྱུད་དང་མན་ངག་གིས་ལུགས་གཉིས་སོ་སོའི་ཁྱད་པར་དང་། དེ་གཉིས་གཅིག་ཏུ་དྲིལ་ནས་བསྐུར་བའི་གནད་འདི། ཁོ་བོའི་ཡོངས་འཛིན་བླ་མ་དམ་པ་སོགས་སྐྱེས་མཆོག་ཁྱད་པར་ཅན་འགའ་ཞིག་ལས། ཕྱི་རབས་ཀྱི་སྔགས་པ་ཕལ་གྱིས་རྟོགས་པར་མ་གྱུར་པ་ནི། ཐོབ་ཡིག་དང་ལས་ཐོ་ཟིན་བྱང་སོགས་སོ་སོའི་ལག་རྗེས་ཀྱིས་གསལ་པོར་བསྟན་པའི་ཕྱིར། །ད་ཕྱིན་ཆད་ཡི་གེ་འདིའི་མཐུ་ལས་ཀུན་གྱིས་རྟོགས་པར་གྱུར་ཅིག་ཅེས་སྨོན་པ་ཡིན་ནོ། ༈ །ཡང་ལུགས་གཉིས་གཅིག་ཏུ་དྲིལ་ནས་བསྐུར་བ་གཞིར་བཞག་ལའང་། ལག་ལེན་རྒྱས་བསྡུས་ཀྱི་སྒོ་ཟུར་ཙམ་ཞིག་བསྟན་ན། བསྙེན་སྒྲུབ་ཡན་ལག་བཞི་དང་མ་འབྲེལ་བའི་དབང་རྐྱང་ཙམ་གྱི་ལུགས་རབ་གནས་སྔོན་སོང་གི་རས་བྲིས་སྟེང་ནས་བསྐུར་བ་ལ། དབང་ཆོག་གི་རས་བྲིས་སྟེང་ནས་བསྐུར་བ་ལ། དབང་ཆོག་གི་ཡི་གེ་འདི་ཉིད་ཀྱི་སྟེང་དུ། ཡན་ལག་གི་དཀྱིལ་འཁོར་རྣམས་ཀྱི་སྒྲུབ་དཀྱིལ་དངོས་གྲུབ་འདོད་འཇོ། ཡན་ལག་ཅན་རྩ་བའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་དངོས་གྲུབ་ཆར་འབེབས་དང་། དཀྱིལ་ཆོག །དྲི་མེད་འོད་ཕྲེང་སྟེ་ཡིག་སྣ་བཞི་པོ་འདིས་ཆོག་ཅིང་། རྒྱས་པ་བསྙེན་སྒྲུབ་ཡན་ལག་བཞི་དང་འབྲེལ་བའི་ལུགས་ལ། ཡིག་སྣ་བཞི་པོ་འདིའི་སྟེང་དུ་སྤྱིའི་ཁོག་དབུབ་སྒྲུབ་ཁོག་གི་ཆིངས་དང་། དེའང་རས་བྲིས་གསར་པའམ་རྡུལ་ཚོན་གྱི་ཕྱོགས་ལ་རབ་གནས་བསྣན་པ་ལ་སོགས་ཏེ། རབ་གནས་སྦྱིན་སྲེག་སོགས་འབྲི་འགྱུར་གྱི་ཟུར་འདེབས་གཞན་རྣམས་ཀྱང་ཚང་བར་དགོས་པ་ཡིན་ནོ། ༈ །ཡང་ཡིག་སྣ་བཞི་པོ་ལ་བརྟེན་པ་ཤིན་ཏུ་བསྡུས་པའི་ཕྱོགས་ལའང་། རྩ་བའི་དཀྱིལ་འཁོར་གྱི་བུམ་པ་དང་སློབ་མ་སྟ་གོན་ནི་ངེས་པར་བྱ་དགོས་ཤིང་། ལྷ་སྟ་གོན་ཡང་རྡུལ་ཚོན་གྱི་ཕྱོགས་ལ་ངེས་པར་མཛད་ཅིང་། རས་བྲིས་ལ་རྒྱ་གཞུང་རྣམས་སུ་བྱེད་དགོས་པའི་གསལ་ཁ་མ་བྱུང་བས། མ་འགྲུབ་ནའང་ཆད་པའི་སྐྱོན་མེད་མོད། འགྲུབ་ན་ཕུན་སུམ་ཚོགས་པའི་ཡན་ལག་ཡིན་པས་ཅི་འགྲུབ་བྱ་སྟེ། སྙན་གསན་དབབ་པ་ནི་དཀྱིལ་འཁོར་བྲི་བ་ཁོ་ནར་མ་ཟད། བསྒྲུབ་པའི་ཕྱིར་ཡང་ཡིན་པས་སོ། །དེ་ལྟར་ཡང་གང་གི་ཆེད་དུ་སྙན་གསན་འབེབས་པའི་སྦྱོར་བའི་ཚིག །ཁྱེད་རྣམས་མོས་ཤིང་མཆོད་པ་དང་། །ཞེས་སོགས་ཀྱིས་དཀྱིལ་འཁོར་གྱི་ལྷ་རྣམས་མཆོད་པ་ལ་སོགས་པའི་ཆེད་དུ་དཀྱིལ་འཁོར་གྱི་ལས་རྣམས་རྫོགས་པར་བྱ་བའི་ཞུ་བ་ཡིན་གྱི། བྲི་བ་ཁོ་ནའི་ཆེད་དུ་མ་ཡིན་པའི་ཕྱིར་དང་། བཀའ་དྲིན་རང་གི་ངོ་བོ་ཞུ་བའི་ཚིག །ཐུགས་རྗེས་ཉེ་བར་དགོངས་མཛད་དེ། །ཞེས་སོགས་ཀྱིས་ཀྱང་དཀྱིལ་འཁོར་བྱིན་གྱིས་བརླབ་པའི་སྒོ་ནས་ས་གཞི་བཟུང་བར་མཛོད་ཅེས་གསོལ་བ་འདེབས་པ་ཡིན་པའི་ཕྱིར་རོ། །ཡང་ཁོ་བོས་དངོས་གྲུབ་འདོད་འཇོར་གླན་ཆེན་པོ་རྡོ་རྗེ་འོད་དང་འགོས་ཀྱི་ཕྱག་བཞེས་ལྟར་ཡན་ལག་གི་དཀྱིལ་འཁོར་ཀྲི་ཡོག་གཉིས་ལའང་སློབ་མ་སྟ་གོན་བྲིས་པ་ཡིན་ལ། དེ་ལྟ་ནའང་ཟུར་ཧམ་གྱི་ཕྱག་སྲོལ་ལྟར་དིང་སང་རྡུལ་ཚོན་དང་རས་བྲིས་གང་ལའང་མི་མཛད་པ་ཤས་ཆེ་བས། ལག་ལེན་བསྡུས་པའི་ཚེ་མ་འགྲུབ་ཀྱང་སྐྱོན་མེད་དམ་སྙམ་ཞིང་། ས་ཆོག་ནི་དཀྱིལ་འཁོར་ཁང་པ་རྙིང་པར་རྡུལ་ཚོན་ལ་བརྟེན་པའི་ཕྱོགས་ལའང་མ་བྱས་པས་ཆོག །གནས་ཁང་གསར་པ་ཡིན་ན་རས་བྲིས་ལའང་བྱས་ན་ལེགས་ཏེ། ས་ཆོག་ནི་ས་གཞི་ལ་དཀྱིལ་འཁོར་བྲི་བ་ཁོ་ནའི་ཆེད་མ་ཡིན་གྱི། ཕྱི་ནང་གི་བདུད་དང་བར་ཆད་གཞོམ་པའི་ཆེད་ཡིན་པའི་ཕྱིར། དེས་ན་ཕྱིས་ཀྱི་སྔགས་པ་ཕལ་ཆེར། རས་བྲིས་ཀྱི་ཕྱོགས་ལ་ས་ཆོག་མཐའ་གཅིག་ཏུ་མི་དགོས་པར་འདོད་པ་ལ་སྙིང་པོ་མེད་ཅིང་། ཡང་རས་བྲིས་ཀྱི་ཚེ་ལྷ་སྟ་གོན་ལ། ཕྱག་བཞེས་ལ་ལར། རིན་པོ་ཆེའི་མཎྜལ་ལྟ་བུར་ལྷ་གྲངས་ཀྱི་ཚོམ་བུ་བཀོད་པ་དཀྱིལ་འཁོར་གང་དུ་དགྲམ་པའི་གཞིར་འགོད་པར་མཛད་པ་ལ། ཁ་ཅིག་དེ་མི་རིགས་ཞེས་ནན་གྱིས་དགག་པའང་། གཞི་དེ་ཉིད་ལ་བྲི་བའི་ཆེད་ཁོ་ནར་སྟ་གོན་བྱས་པར་བསམ་པ་ལས། དོན་གྱི་གནད་འདི་མ་རྟོགས་པས་ནོངས་པ་སྟེ། དཀྱིལ་ཆོག་ཁུངས་མ་འགའ་ཞིག་ཏུ་གཞིའི་སྟེང་གི་ནམ་མཁར་ལྷ་སྤྱན་དྲངས་པ་ལ་མཆོད་བསྟོད་དང་སྙན་གསན་འབེབས་པར་བཤད་པའང་ཡོད་པའི་ཕྱིར་ན་དགྲམ་པའི་གཞིའི་སྟེང་དུ་མཎྜལ་ལ་ཚོམ་བུ་བྱས་པར་ཅི་ཞིག་སྐྱོན་ཏེ། ཅི་ཡང་མེད་དོ། །རྒྱུད་དང་མན་ངག་གཅིག་དྲིལ་གྱི། །དབང་ཆོག་གོ་དོན་རྒྱས་བསྡུས་གནས། བདེ་བླག་རྟོགས་བྱེད་ཆོས་ཀྱི་ཆིངས། །ཐོས་ཆུང་གསར་བུའི་དཔལ་དུ་སྦྱིན། །འདུས་པ་མདོའི་དབང་ཆོག་རྡོ་རྗེ་ཐེམ་སྐས་ལས། རྒྱུད་དང་མན་ངག་གི་ལུགས་གཅིག་ཏུ་དྲིལ་བའི་གོ་དོན་དང་ལག་ལེན་གྱི་གནད་བཤད་པའི་སྐབས་ཏེ་དང་པོའོ།། །།

སྔོན་འགྲོ་སྒོ་འབྱེད་ཀྱི་དབང་ཆོག་བཤད་པའི་སྐབས།

༈ ༀ་སྭསྟི། ངན་སོང་ངན་འགྲོར་ལྟུང་འགྱུར་རྣམས། །དམིགས་མེད་ཐུགས་རྗེས་འདྲེན་མཛད་པ། །བླ་མ་རྡོ་རྗེ་འཛིན་པ་ལ། །ཕྱག་བྱས་སྒོ་འབྱེད་དབང་ཆོག་བཤད། །འདིར་ཕྱག་ན་རྡོ་རྗེ་ངན་སོང་གནས་འདྲེན་གྱི་དཀྱིལ་འཁོར་བཤམ་སྒྲུབ་གཏོར་ཆོག་དང་བཅས་པ་སྒྲུབ་ཐབས་ལྟར་གྲུབ་ནས། སློབ་དཔོན་རང་ཉིད་དཀྱིལ་འཁོར་དུ་ཞུགས་ནས་དབང་ལེན་པའམ། བསྡུས་པ་ལ་དགའ་ན་རིག་པའི་མེ་ཏོག་དོར་བ་ཙམ་གྱིས་དཀྱིལ་འཁོར་དུ་ཞུགས་ཏེ་ལྷ་དང་སྐལ་པ་མཉམ་པར་བྱས་ལ། དེ་དང་སློབ་བུ་རྣམས་གཞུག་ཅིང་དབང་བསྐུར་བ་ནི། ཐོག་མར་ཁྲུས་བྱ་ཞིང་བགེགས་སྐྲོད་པ་དཀྱིལ་འཁོར་ཁང་པར་འཇུག་པའི་སྔ་རོལ་ཏུ་བྱ་བའམ། ཟོར་ཡང་བའི་དབང་དུ་བྱས་ན། ཕྱག་བྱས་ཏེ་གྲལ་དུ་འཁོད་ནས་ཀྱང་རུང་སྟེ། ལས་བུམ་གྱིས་ཁྲུས་བྱ། དེ་ནས་བགེགས་གཏོར་ལ་དྲི་ཆབ་དང་ལས་བུམ་གྱི་ཆུ་འཐོར་ཞིང་བིགྷྣཱཾ་དང་ཨ་མྲྀ་ཏས་བསང་། རཾ་ཡཾ་ཁཾ་གིས་སྦྱངས། སྟོང་པའི་ངང་ལ་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་དུ་ༀ་ཡིག་ཞུ་བ་ལས་བྱུང་བའི་གཏོར་མ་འདོད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་སྤྲིན་འཕྲོ་བར་བསམ་ལ། ༀ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབ། ༀ་སརྦ་བིགྷྣཱཾ་ན་མཿསརྦ་ནས་ཁཾ་གྲིཧྞེ་དཾ་བ་ལིངྟ་སྭཱ་ཧཱ་གསུམ་གྱིས་གཏོར་མ་བསྐོར་ཞིང་བསྔོས་ལ། ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་ཏེ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། འདུས་པ་ཆེན་པོ་མདོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས། དེང་འདིར་རྡོ་རྗེའི་སློབ་མ་འདི་རྣམས་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བ་ནོད་པ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་གཏོར་མ་བྱིན་པ་འདིས་ཚིམ་པར་གྱིས་ལ། དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་སོང་ཞིག །ཅེས་གུ་གུལ་གྱི་དུད་པས་བདུག །ཡུངས་ཐུན་གྱི་བྲབ། རོལ་མོའི་སྒྲ་དྲག་ཏུ་བྱ་ཞིང་། སུམྦྷ་ལ་སོགས་པའི་དྲགས་སྔགས་བཟླས་པས་བགེགས་རྣམས་བསྐྲད། བཛྲ་པཉྩ་ར་ཛྭ་ལ་རཾ། ཞེས་བརྗོད་པས་རྡོ་རྗེ་སྲུང་བའི་གུར་ཁང་ཡེ་ཤེས་ཀྱི་མེ་འབར་བར་ཕྱོགས་ཀུན་གཏམས་ཏེ་ཅིས་ཀྱང་མི་ཤིགས་པར་བསམ་མོ། །དེ་ནས་བློ་བཅོས་ཤིང་སྤྲོ་བ་བསྐྱེད་པའི་ཆེད་དུ་ཟབ་མོའི་ཆོས་དང་གླེང་གཞི་བཤད་པར་བྱ་སྟེ། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་འདུས་པ་ཆེན་པོ་མདོ་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་དུ་རིམ་གྱིས་ཞུགས་ཏེ་སྨིན་གྲོལ་གྱི་ལམ་ཟབ་ཅིང་རྒྱ་ཆེ་བ་མཉན་ནས་ཉམས་སུ་བླང་བར་བགྱིའོ་སྙམ་པ་རྙོག་པ་དང་བྲལ་བའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་ཡང་སྐྱེས་རབས་ལས། རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་འདུན་པའི་མིག་གིས་བལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །ཞེས་དང་། གཞན་ཡང་། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་དཔའ་སོགས། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །ཅེས་པས་སྣོད་ཀྱི་སྐྱོན་རྣམས་སྤངས་ལ་སྒོ་གསུམ་ལེགས་པར་བསྡམས་ཏེ་གསན་འཚལ། དེ་ཡང་སློབ་དཔོན་ཆེན་པོ་པདྨའི་ཞལ་ནས། ཡང་ཡང་རྙེད་དཀའ་ཨུ་དུམ་ཝ་ར་འདྲ། །རྙེད་པ་དོན་ཅན་ཡིད་བཞིན་ནོར་བུ་འདུ། །ཞེས་གསུངས་པ་ལྟར། འོ་སྐོལ་རྣམས་ཀྱིས་ད་རེས་སྟེས་དབང་གིས་རྙེད་པའི་མི་ལུས་རིན་པོ་ཆེ་འདི་ནི་ཡང་ཡང་རྙེད་དཀའ་བ་ཨུ་དུམ་ཝ་རའི་མེ་ཏོག་དང་འདྲ། སྐྱོན་མཐའ་དག་སྤོང་བ་དང་ཡོན་ཏན་མཐའ་དག་སྒྲུབ་ཏུ་རུང་བའི་རྟེན་ཡིན་པས་རྙེད་ན་དོན་ཆེ་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་སྟེ། སྐྱོན་ཡོན་གྱི་ཆ་རྣམས་འདོར་ལེན་ནུས་པའི་རྟེན་འདི་ལས་གཞན་ལྷ་ཀླུ་གནོད་སྦྱིན་སོགས་གང་ལའང་མེད་པས་རྙེད་པའི་མཆོག་རབ་ཏུ་རྙེད་པ་ཡིན་པའི་ཕྱིར། དེ་ལྟར་ཡང་ཙནྡྲ་གོ་མིས། གང་ཞིག་ཐོབ་ན་སྐྱེ་བའི་རྒྱ་མཚོ་མཐར་བྱེད་ཅིང་། །བྱང་ཆུབ་མཆོག་གི་ས་བོན་དགེ་བའང་འདེབས་བྱེད་ལ། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ཆེས་ལྷག་པའི། །མི་ཉིད་དེ་ནི་སུ་ཞིག་འབྲས་བུ་མེད་པར་བྱེད། །ཀུན་མཁྱེན་ལམ་བརྟེན་འགྲོ་བ་འདྲེན་པར་ཆས་གྱུར་ཅིང་། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པ། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མི་འམ་ཅི་དང་ལྟོ་འཕྱེས་མིན། །ཞེས་གསུངས་པས་གྲུ་ཡོད་དུས་ཆུ་བོ་ལས་བརྒལ་དགོས་པ་བཞིན་དུ་ཐར་ལམ་སྒྲུབ་པའི་མཐུན་རྐྱེན་ཐམས་ཅད་ཚང་བའི་རྟེན་ཕུན་སུམ་ཚོགས་པ་ཐོབ་པའི་དུས་འདིར་འཁོར་བ་ལས་ངེས་པར་ཐར་པའི་བྱ་བ་དོན་ཡོད་པ་ལ་འབད་དགོས་ཏེ། སློབ་དཔོན་ཆེན་པོས། ད་རེས་ཕུན་ཚོགས་རྐྱེན་ཀུན་འབྱོར་སྐབས་འདིར། །བརྩོན་འགྲུས་དྲག་པོས་སྲིད་ལས་འདའ་བར་མཛོད། །ཅེས་གསུངས་པ་ཡིན། དེ་ལྟར་རྟེན་བཟང་པོ་འདི་ཐོབ་ཏུ་ཟིན་ནའང་མི་རྟག་སྟེ། སྤྱོད་འཇུག་ལས། དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །བདག་ནི་མེད་པར་འགྱུར་པའི་དུས། །དེ་ནི་གདོན་མི་ཟ་བར་འབྱུང་། །ཞེས་གསུངས་པ་ལྟར། རང་ཅག་རྣམས་ཀྱི་ལུས་འདི་ཆུ་བུར་དང་འདྲ་སྟེ། མི་བརྟན་པས་མྱུར་དུ་འཇིག་ཚེ་སྲོག་འདི་བར་སྣང་གི་གློག་འགྱུ་བ་དང་འདྲ་སྟེ་ནམ་འཆི་ཆ་མེད། གཟའ་གདོང་ཐུག་ལྟ་བུས་གློ་བུར་དུ་ཤི་པ་མང་པོ་ཞིག་མཐོང་བས། དེ་རིང་ཙམ་ཡང་མི་འཆི་སྙམ་པའི་བློ་གདེངས་མི་ཐུབ། དེས་ན་དོན་ཆེན་སྒྲུབ་པའི་བྱ་བ་ཕྱི་བཤོལ་དུ་མི་འཇོག་པར་ད་ལྟ་ཉིད་རང་ནས་དམ་པའི་ཆོས་ལ་བརྩོན་འགྲུས་དང་བརྟུལ་བ་བརྟན་པོས་འབད་དགོས་པ་ཡིན་ཏེ། སློབ་སྤྲིང་ལས། འདི་ནི་སང་བྱ་འདི་ནི་ཐང་གཅིག་འོག་ཏུ་བྱ། །འདི་ནི་དེ་རིང་བྱ་ཞེས་སྐྱེ་བོས་སེམས་བྱེད་ན། །གཤིན་རྗེ་བེ་ཅོན་ལག་ཐོགས་ཟུར་གྱིས་བལྟ་བ་ཡིས། །མིག་རྩ་དམར་ཁྲོས་མ་རངས་གད་མོ་རེ་སྙམ་འདེབས། །ཞེས་གསུངས། དེ་ལྟར་རྙེད་དཀའ་འཇིག་སླའི་རྟེན་ཐོབ་དུས་གཏན་བདེའི་འདུན་མ་དམ་པའི་ཆོས་མ་བསྒྲུབ་ན། ཚེ་འདི་ལྟོས་ཀྱི་བྱ་བ་དཔལ་འབྱོར་ལོངས་སྤྱོད་སྙན་གྲགས་སོགས་འབད་པས་བསྒྲུབ་ཀྱང་སྙིང་པོ་མེད་དེ། འཕྲལ་བདེ་བདེ་ལྟར་སྣང་བ་འདི་ཀུན་ཀྱང་གཉིད་ཐུམས་རེའི་རྨི་ལམ་བཟང་བ་དང་འདྲ་བས་འགྱུར་ཞིང་འགྲོ། ཚེ་འདིའི་བདེ་སྐྱིད་ཇི་ལྟར་ཆེ་ཡང་འཆི་བའི་ཚེ་རང་གི་རྗེས་སུ་མི་འབྲང་བས་ཕན་པ་སྤུ་ཙམ་ཡང་མེད་དེ། སྐྱེས་རབས་ལས། ལོངས་སྤྱོད་སྐད་ཅིག་ཁོ་ནས་འབྲལ་བའི་གཉེན། །འབྱོར་པ་རྨི་ལམ་བག་མ་ལེན་དང་མཚུངས། །བདེ་བའི་དཔལ་ནི་རླུང་བསྣུན་མར་མེའི་རྩེ། །སྲིད་པའི་སྤྱོད་ཚུལ་འདི་དག་སྨྱོན་པའི་གར། །ཞེས་གསུངས། འོན་ཀྱང་ཚེ་འདིའི་བདེ་སྐྱིད་ཀྱི་ཆེད་དུ་བསགས་པའི་ལས་དགེ་སྡིག་ནི་ནམ་ཡང་ཆུད་མི་ཟ་བར་ལུས་དང་གྲིབ་མ་ལྟར་ཤི་ནས་ཀྱང་རྗེས་སུ་འབྲང་སྟེ་འབྲལ་ཐབས་མེད། གལ་ཏེ་རང་གིས་སྡིག་པ་བྱས་ཟིན་པ་ནི་མི་འདོད་ཀྱང་བསྐྱུར་དབང་མེད། དགེ་བ་རང་གིས་མ་བྱས་པར་ཁྱེར་རྒྱུ་ནི་མེད། ལས་ཀྱི་དབང་གིས་འཁོར་བ་འདི་མཐོ་དམན་གང་དུ་སྐྱེས་ཀྱང་། མགོན་པོ་བྱམས་པས། མི་གཙང་འདམ་ན་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ན་བདེ་བ་མེད། །ཅེས་གསུངས་པ་ལྟར་སྡུག་བསྔལ་གྱི་ཡོ་ལང་ལས་མ་འདས་པས། ཟུག་གཟེར་རྒྱུན་མི་ཆད་པའི་ནད་པ་དང་འདྲ་སྟེ། བདེ་བའི་གོ་སྐབས་མེད། དེའི་ནང་ནས་ཀྱང་ངན་སོང་གསུམ་དུ་སྐྱེས་ན་ཅི་ཙུག་བྱེད། མི་སྐྱེ་བའི་གདེངས་ནི་མེད། དེས་ན་ལས་ཅི་ལ་ཐུག་ཀྱང་དགེ་སྡིག་ལ་བླང་དོར་མ་ནོར་བར་བྱ་དགོས་ཏེ། སློབ་དཔོན་ཆེན་པོས། ཚེ་རབས་མང་པོར་སྡུག་བསྔལ་རྒྱུར་འགྱུར་བའི། །སྡིག་པས་ཚེ་འདིར་བདེ་བས་ཅི་ཞིག་བྱ། །ཚེ་འདི་ཡུན་ཐུང་ལོ་ཟླ་འགའ་ཞིག་ཡིན། །འཇིག་རྟེན་ཕྱི་མར་ཚད་བཟུང་མེད་པའི་ཕྱིར། །སྐྱེ་བ་གཞན་དུ་སྡུག་བསྔལ་མི་འབྱུང་ཞིང་། །བདེ་བའི་ཐབས་སུ་དགེ་སྡིག་བླང་དོར་བྱ། །ཞེས་གསུངས་པ་ཡིན། དེ་ལྟར་ན་ལས་རྒྱུ་འབྲས་བསླུ་མེད་དུ་ཡིད་ཆེས་བསྐྱེད། དེས་ཀུན་ནས་བསླངས་ཏེ་སྲོག་ལ་བབས་ཀྱང་དགེ་སྡིག་ལ་བླང་དོར་མ་ནོར་བར་བྱེད་པའི་ཞེ་དམ་འཆའ། འདི་ཕྱི་འཁོར་བའི་བདེ་འབྱོར་ལ་སྙིང་པོ་མེད་པས་མངོན་མཐོའི་གོ་འཕང་ལ་མི་སྨོན་ཞིང་། འཁོར་བ་མཐའ་དག་སྡུག་བསྔལ་གྱི་ཕུང་པོ་ཆེན་པོར་ངེས་པ་གཏིང་ཚུགས་པས། ནག་ཅན་བཙོན་དོང་ནས་འབྲོས་པ་ལྟ་བུའི་འདུ་ཤེས་ཀྱིས། ད་རེས་འཁོར་བ་ལས་ངེས་པས་ཐར་པ་ཞིག་བྱ་སྙམ་དུ་ངེས་འབྱུང་གི་བསམ་པ་བརྟན་པོ་བསྐྱེད་འཚལ། དེ་ཡང་རང་གཅིག་པུ་འཁོར་བ་ལས་ཐར་འདོད་ཀྱི་བློ་ཙམ་གྱིས་ནི་ཆོག་པ་མ་ཡིན་ཏེ། སློབ་སྤྲིང་ལས། ཉེ་དུ་འཁོར་བའི་རྒྱ་མཚོའི་ཁོང་དུ་ཆུད་གྱུར་པ། །ཀློང་གི་ནང་དུ་ལྷུང་བ་ལྟ་བུ་མཐོང་བཞིན་དུ། །སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་དེ་བོར་ནས། །གལ་ཏེ་བདག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །ཅེས་གསུངས་པ་ལྟར། ཚེ་འཕོས་པས་ངོ་མ་ཤེས་པ་མ་གཏོགས། རང་ཅག་སེམས་ཅན་ཐམས་ཅད་ཕན་ཚུན་མ་བུ་ཁྱོ་ཤུགས་སོགས་ལན་གྲངས་དཔག་ཏུ་མེད་པ་བྱས་ནས། ཕན་བཏགས་པ་ལ་ཚད་མེད་པས་དྲིན་ཅན་ཤ་སྟག་ཡིན་པ་ལ། འདི་ཐམས་ཅད་སྡུག་བསྔལ་གྱི་ཁུར་ཆེན་པོས་ནི་ནོན། བདེ་བའི་ཐབས་ནི་མི་ཤེས། བདེ་བ་འདོད་ཀྱང་སྡུག་བསྔལ་གྱི་རྒྱུ་ཁོ་ན་བསྒྲུབ་པས། ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་པའི་སྨྱོན་པ་ལྟ་བུ་འདི་རྣམས་ཡལ་བར་བོར་ནས། རང་ཉིད་གཅིག་པུ་ཞི་བདེར་གཞོལ་འདོད་ཀྱི་བློ་ནི་ཤིན་ཏུ་ཐ་ཆད་པ་ཡིན་པས་དུག་བཞིན་དུ་སྤངས་ནས། དོན་དམ་པར་སེམས་ཅན་ཐམས་ཅད་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་པས། འཁོར་བ་མེད་སྣང་སྒྱུ་མ་ལྟ་བུའི་ཆོས་ཡིན་ཀྱང་། དེ་ལྟར་མ་རྟོགས་པས་རྨི་ལམ་གྱི་རྒྱུ་འབྲས་ལྟར། གཏིང་མཐའ་མེད་པའི་འཁོར་བའི་རྒྱ་མཚོར་ནི་ལྷུངས། འཇིགས་སུ་རུང་བའི་སྡུག་བསྔལ་གྱི་རྦ་ཀློང་དྲག་པོས་ནི་གཡེངས་ཏེ། ཤིན་ཏུ་ཉམས་ཐག་པར་གྱུར་པའི་མཁའ་ཁྱབ་ཀྱི་སེམས་ཅན་ལ། བཅོས་མིན་གྱི་སྙིང་རྗེས་ཀུན་ནས་བསླངས་ཏེ། ཉན་རང་གི་བྱང་ཆུབ་དོན་གཉེར་གྱི་བློ་སྤངས་ནས། ཐེག་པ་ཆེན་པོའི་བློ་མཆོག་རང་གཞན་གྱི་དོན་གཉིས་ཕུན་སུམ་ཚོགས་པ་སྒྲུབ་པ་ལ་རྩེ་གཅིག་ཏུ་འབད་དགོས་པ་ཡིན་ཏེ། ཐེག་བསྡུས་ལས། འཇིག་རྟེན་དོན་སྒྲུབ་ཚུལ་ལ་མཐུ་མེད་པའི། །ཐེག་པ་གཉིས་པོ་གཏན་དུ་སྤང་བྱ་ཞིང་། །ཐུབ་རྒྱལ་རྒྱ་ཆེ་སྙིང་པོའི་ཐེག་པ་ལ། །གཞན་ཕན་རོ་གཅིག་རང་བཞིན་དེ་ལ་འཇུག །ཅེས་གསུངས། ཐེག་པ་ཆེན་པོ་དེ་ལའང་། རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་ཡོད་པའི། །འདིར་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལས། ལམ་མྱུར་བ་དང་། བདེ་བ་དང་། ཐབས་ལ་མཁས་པའི་ཁྱད་པར་གྱིས་མཆོག་ཏུ་གྱུར་པ་གསང་སྔགས་རྡོ་རྗེ་ཐེག་པ་བླ་ན་མེད་པའི་དཀྱིལ་འཁོར་དུ་འཇུག་པ་དང་། ཞུགས་ནས་ལམ་གྱི་གཞི་མངོན་པར་དབང་བསྐུར་བ་ཟབ་མོ་མཉན་དུ་ཡོད་པ་འདི་ནི་རྙེད་པའི་མཆོག་རབ་ཏུ་བརྙེད་པ་ཡིན་པས། དགའ་ཞིང་སྤྲོ་བའི་བློ་གཟེངས་བསྟོད་པར་མཛད་འཚལ། དེ་ཡང་ཁྱད་པར་ཅན་གྱི་དབང་ཟབ་མོ་འདི་ནི་འབྲེལ་བ་བཞི་དང་ལྡན་པ་ཡིན་ཏེ། རྒྱུད་དབང་དང་འབྲེལ། དབང་གདམས་ངག་དང་འབྲེལ། གདམས་ངག་ཕྱག་བཞེས་དང་འབྲེལ། ཕྱག་བཞེས་བྱིན་རླབས་དང་འབྲེལ་བའོ། །དེ་ལ་རྒྱུད་དབང་དང་འབྲེལ་ཏེ། རྩ་བའི་རྒྱུད་ཀུན་འདུས་རིག་པ་དང་། བཤད་རྒྱུད་དགོངས་པ་འདུས་པའི་མདོ། ཡེ་ཤེས་རྔམ་པ་གློག་གི་འཁོར་ལོ། །ཧེ་རུ་ཀ་འདུས་པ་ལ་སོགས་པ། རྒྱབ་བརྟེན་གྱི་རྒྱུད་རྣམ་པར་སྣང་མཛད་ཐིག་ལེ་དབང་གི་ཏནྟྲ། དབང་བསྐུར་རྒྱལ་པོའི་རྒྱུད་རྣམས་དང་འབྲེལ་ལོ། །དབང་གདམས་ངག་དང་འབྲེལ་ཏེ། གནུབས་ཆེན་གྱིས་གཏད་རྒྱའི་རྩ་བར། དང་པོ་གབ་པའི་དབང་ལེ་དྲུག །སྤྱི་དབང་ཆེན་པོའི་གླེང་གཞི་དང་། །འདྲེན་པའི་ལས་བྱང་ཆེ་ལེ་དང་། །འདྲེན་པའི་ལས་བྱང་ཆུང་ལེ་དང་། ཡོངས་སུ་གྲུབ་པའི་དབང་ལེ་དང་། །ལྟ་བ་ཡེ་འབྱམས་དབང་ལེ་དང་། །ཀུན་བཟང་ཐུགས་ཀྱི་གདམས་ལེ་སྟེ། །རྣམ་པ་དྲུག་ཏུ་ལུང་ཉེར་བསྡུས། །བར་དུ་དགོས་པའི་སྒྲུབ་ཐབས་དྲུག །དབང་དོན་བསྡུས་དང་དབང་དོན་འབྱེད། །དབང་དོན་རྒྱ་ཆེར་འབྱེད་པ་དང་། ལས་ཐོ་རབ་གནས་བཤད་པ་དང་། །ན་རག་དོང་སྤྲུགས་བཤད་པ་སྟེ། །དྲུག་གིས་སྒྲུབ་པའི་དོན་རྣམས་བཤད། །ཐ་མར་དགོས་པའི་ཆ་རྐྱེན་དྲུག །སྦྱིན་སྲེག་ལྷག་ཆོག་དཀྱིལ་འཁོར་ཐིག །ཕྱི་ནང་གཉིས་ཀྱི་ཙ་ཀ་ལི། །རྒྱུད་ཁུངས་གཏད་རྒྱའི་གླེང་གཞི་དྲུག །དྲུག་གསུམ་བཅོ་བརྒྱད་ཡི་གེ་འདི། །སངས་རྒྱས་ཡེ་ཤེས་བདག་གིས་རྙེད། །སྣོད་ལྡན་རྣམས་དང་འཕྲད་པར་ཤོག །ཅེས་གསུངས་པ་ལྟར་དྲུག་གསུམ་བཅོ་བརྒྱད་མན་ངག་དང་འབྲེལ་ལོ། །གདམས་ངག་ཕྱག་བཞེས་དང་འབྲེལ་ཏེ། །བླ་མ་གོང་མ་ཚད་མའི་སྐྱེས་བུ་དབང་དུ་གྱུར་པ་རྣམས་ཀྱི་ལས་ཐོ་ཁྱད་པར་ཅན་རྣམས་ལས་གཞན་དུ་མ་བཅོས་མ་བསླད་པའི་རྣམ་དག་ལེགས་པའི་ཕྱག་ལེན་གྱི་སྲོལ་བཟང་པོ་དང་འབྲེལ་ལོ། །ཕྱག་བཞེས་བྱིན་རླབས་དང་འབྲེལ་ཏེ། །བརྒྱུད་པའི་བླ་མ་ཐམས་ཅད་གྲུབ་བརྙེས་རིག་པ་འཛིན་པའི་སྐྱེས་ཆེན་ཤ་སྟག་བཟང་ཟ་ར་ཚགས་སུ་བྱིན་པས་བྱིན་རླབས་ཀྱི་བཀའ་བབས་འགྲན་ཟླ་མེད་པ་དང་འབྲེལ་བ་ཡིན་ནོ། །དེ་ལྟར་འབྲེལ་བ་བཞི་དང་ལྡན་པའི་དབང་འདི་ཉིད་ཡུལ་ཕུན་སུམ་ཚོགས་པ་ལྔ་དང་ལྡན་དགོས་ཏེ། དེ་ལ་གནས་ཕུན་སུམ་ཚོགས་པ་ནི། མཚན་ཉིད་དང་ལྡན་པའི་གནས་ཁང་། །ཡེ་ཤེས་ཀྱི་གཞལ་ཡས་ཁང་། ཐར་པ་ཆེན་པོའི་གྲོང་མཆོག །དགེ་ལེགས་ཀྱི་གཏན་ཁང་། དངོས་གྲུབ་འབྱུང་བའི་གནས་ཆེན་པོ་ལགས་པས་ཐ་མལ་གྱི་ཁང་པའི་འདུ་ཤེས་སྤངས་ཏེ། ཡེ་ཤེས་རང་སྣང་གི་ཕོ་བྲང་དུ་བལྟ་བ་གལ་ཆེ། སྟོན་པ་ཕུན་སུམ་ཚོགས་པ་ནི། མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་ཏེ། དེ་ལ་དགེ་བའི་བཤེས་གཉེན་ཕལ་པར་བལྟ་བའི་འདུ་ཤེས་སྤངས་ནས། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཀུན་འདུས་ཀྱི་ངོ་བོར་ཤེས་པ། རང་རྒྱུད་ལ་སངས་རྒྱས་ཀྱི་ཕྲིན་ལས་སྦྱིན་པའི་བཀའ་དྲིན་དྲན་པ། གདུང་ཤུགས་དྲག་པོས་ཐ་མལ་གྱི་སྣང་བ་འགོག་ནུས་པ། ཡང་ཡང་མ་བརྗེད་པར་དྲན་པས་རིག་པ་བསྒྱུར་ཐུབ་པ་སྟེ། ཁྱད་པར་བཞི་དང་ལྡན་པའི་མོས་གུས་ཡོད་ན། བྱིན་རླབས་འཕྲལ་དུ་འཇུག །ཡེ་ཤེས་སྐད་ཅིག་ལ་ཕེབས། མཆོག་དང་ཐུན་མོང་གི་འདོད་དོན་དཀའ་བ་མེད་པར་འགྲུབ་པར་འགྱུར་བ་ཡིན་པས། དེ་ལྟར་བསྐྱེད་འཚལ། འཁོར་ཕུན་སུམ་ཚོགས་པ་ནི། སྣོད་ཀྱི་སྐྱོན་གསུམ་དང་བྲལ་བ། །རྒྱུད་བརྟན་ཞིང་དུལ་ལ། དད་བརྩོན་ཤེས་རབ་དང་ལྡན་པའི་སློབ་མ་ཞིག་དགོས་ན། མཚན་ཉིད་དང་ལྡན་པར་ལགས་པས། འདིར་ཚོགས་ཀྱི་མཆེད་ལྕམ་ཐམས་ཅད་ཕན་ཚུན་མིག་གི་འབྲས་བུ་ལྟར་གཅེས་པའི་བརྩེ་གདུངས་རྒྱུན་མི་ཆད་ཅིང་། ཐམས་ཅད་དག་པའི་སྣང་བ་ལྷ་དང་ལྷ་མོའི་རོལ་པར་བལྟ་འཚལ་ལོ། །ཡོ་བྱད་ཕུན་སུམ་ཚོགས་པ་ནི། སྒྲུབ་མཆོད་དང་དབང་གི་རྫས་སོགས་གང་དགོས་ཐམས་ཅད་མངོན་དུ་ཚོགས་པའི་ཡོ་བྱད་ཀྱི་རྣམ་པ་ཁྱད་པར་ཅན་འདི་དག་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་ཐག་ཆོད་པར་མཛོད་ཅིག །དུས་ཕུན་སུམ་ཚོགས་པ་ནི། དེ་ལྟར་སྟོན་པ། འཁོར་གནས། ཡོ་བྱད་རྣམས་ལེགས་པར་འཛོམ་པའི་དུས་འདི་ཉིད་ཡིན་ཞིང་། ཁྱད་པར་དུའང་ངེས་འབྱེད་ལས། དང་པོ་སེམས་བསྐྱེད་འཇུག་དུས་སུ། །རྫས་ཀྱི་དབང་བཅུ་རྫོགས་པར་སྦྱིན། །ཞེས་པ་བསྙེན་པ་རྫོགས་ནས་ལྷག་པའི་སེམས་སྐྱེས་པ་ནི་དབང་བསྐུར་བའི་དུས་སུ་གསུངས་པ་ལྟར། སྐབས་སུ་བབས་པ་འདུས་པ་མདོའི་དབང་བསྐུར་བའི་བཀའ་སྲོལ་བཟང་པོ་འདིར་འཇུག་པའི་སྒོར། གནུབས་ཆེན་གྱིས། སྤྱི་དབང་ཆེན་པོའི་གླེང་གཞི་དང་། །ཞེས་གསུངས་པའི་དོན་རྣམ་པར་སྣང་མཛད་ཐིག་ལེ་དབང་གི་ཏནྟྲ་ལས་བཀོལ་བའི་གླེང་གཞི་རྒྱུད་ཚིག་ཇི་ལྟ་བ་བཞིན་ལས། དབང་སོ་སོའི་ཕན་ཡོན་རྣམས་སྐབས་དེ་དང་དེར་འབྱུང་བས་ན། འདིར་ཚིག་སྦྱོར་ཅུང་ཟད་བསྡུས་ཏེ་འཆད་པར་བྱེད་པས་ལེགས་པར་གསན་འཚལ། དེ་ཡང་ཇི་སྐད་དུ། འདོད་ཁམས་འདི་ན་བྲམ་ཟེ་དུང་གི་ཕྲེང་བ་གྱོན་པ་རྫུ་འཕྲུལ་དང་ལྡན་པ་ཞིག་ལ། སློབ་མ་རྒྱལ་པོའི་ཕྲུ་གུ་ཞིག་ཡོད་པས། །བྲམ་ཟེས་སློབ་སྦྱངས་ལ་སོགས་པ་ཡོན་ཏན་མང་པོ་བསླབས་པ་ལས། རྒྱལ་བུ་ང་རྒྱལ་སྐྱེས་ཏེ་བསམ་པས། འདི་ན་ངའི་གོང་ན་སུ་ཡང་ཤེས་རབ་སྙེམས་ཅན་མེད་དེ་གོང་དུ་མི་འཆོར་ན། བྲམ་ཟེ་འདི་གོང་དུ་མི་བཏང་སྙམ་ནས། །བྲམ་ཟེ་བོས་ཏེ། རྒུན་ཆང་མང་དུ་བླུད་ནས་བཟི་རུ་བཅུག་སྟེ་མྱོས་པ་དང་། མིག་ཁབ་ཀྱིས་བཙགས། ལྕེ་ལྕགས་ཀྱུས་དྲངས་ཏེ་སྤུ་གྲིས་བཅད། ལུས་ལ་རུས་སྦལ་གྱི་ཁྲག་གིས་བྱུགས། བུད་མེད་མང་པོའི་ཞབས་མས་གྲིལ་ཅིང་མནན། སྒྱིད་པ་སྤུ་གྲིས་བྲེགས་ཏེ་བཞག་པ་དང་། བྲམ་ཟེ་དེ་མྱོས་པ་སངས་ནས། དྲུང་ན་སུ་འདུག་འབོད་པར་བརྩམས་པ་ན་ལྕེ་མེད་པས་སྨྲ་མ་ཤེས། བུད་མེད་མང་པོའི་ཞབས་མས་བསྟུམས་ཤིང་བྲིལ་བས་དྲན་པའང་ཆེར་ཉམས། ལྡང་བར་བསམ་པས་སྒྱིད་པས་ལྡང་མ་ནུས། སུ་འདུག་བལྟ་བར་མིག་གི་མ་མཐོང་། ལུས་རུས་སྦལ་གྱི་ཁྲག་གིས་བྱུགས་པས་ཆུ་བུར་དང་རྐོང་པོས་གང་བར་གྱུར་ཏེ། སྡུག་བསྔལ་ཞིང་ཉམ་ཐག་ནས། བྲམ་ཟེས་བསམ་པ། ང་ཁོ་ན་འདི་འདྲ་བར་གྱུར་པ། ཚེ་རབས་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ཞིག་ཡིན་ནམ། འོན་ཏེ་གོང་དུ་ཤོར་དོགས་པའི་ཕྲག་དོག་གིས་འདི་ལྟར་བྱས་སམ་སྙམ་ནས་ཡིད་ལ་བསམས་པ་དང་། རྒྱལ་བུ་སློབ་མས་གོང་དུ་ཤོར་གྱིས་དོགས་ནས་སྡུག་བསྔལ་གྱི་རྣམ་པ་དེ་དག་བྱས་པར་བྲམ་ཟེས་མངོན་ཤེས་ཀྱིས་རིག་ནས། བྲམ་ཟེས་དམོད་བོར་བ། འོ་རྒྱལ་པོའི་ཕྲུ་གུ་ཁྱོད་ལ། ངས་ལོ་ཟླ་དེ་སྙེད་ཅིག་ཏུ་སློབ་སྦྱོངས་བྱས་པས། ང་ལ་འདི་འདྲ་བའི་ལས་བྱེད་པ། ཁྱོད་ཀྱང་ཚེ་ལུས་འདི་ཉིད་ལ། ལུས་ལ་ནད་རྣམས་པ་དྲུག་གི་ཐེབས་ཤིང་། ཤ་ཟ་མོ་སྟོང་གི་ཚང་བཅའ་བར་གྱུར་ཅིག །མིག་ལོང་བར་ཤོག་ཅིག །ལྕེ་ལྐུགས་པར་ཤོག་ཅིག །རྐང་པས་འགྲོ་མི་ནུས་པར་ཤོག་ཅིག །ཚེ་འཕོས་ནས་ཀྱང་དམྱལ་བའི་གནས་སུ་ཡུན་རིང་དུ་སྐྱེས་ནས། ངན་སོང་གསུམ་གྱི་གནས་བརྒྱུད་པར་ཤོག་ཅིག །ཚེ་རབས་གྲངས་མེད་པར། འཕགས་པའི་ཞལ་ཉི་ཟེར་ཙམ་ཡང་མི་མཐོང་ཞིང་། བྱང་ཆུབ་ཀྱི་མྱུ་གུ་གཏན་ནས་སྐམས་པར་གྱུར་ཅིག་ཅེས་དམོད་པ་བོར་ཏེ། བྲམ་ཟེ་ཚེ་ལས་འདས་སོ། །དེ་ནས་རྒྱལ་བུ་དེ་རང་གི་ཉེས་བྱས་ཀྱི་རྣམ་སྨིན་དང་། བྲམ་ཟེའི་དམོད་པ་བོར་བ་འདོམ་ནས། ཚེ་དེ་ཉིད་ལ་ལུས་ལ་ནད་རྣམ་པ་དྲུག་གིས་ཕྱི་ནང་དུ་ཐེབས་ཏེ། ཤ་ཟ་མོ་སྟོང་གིས་ཚང་བཅས་ནས་འཇིབ། མིག་ནི་ལོང་། ལྕེ་ནི་ལྐུགས། རྐང་པ་ནི་ཞ། ལག་པ་ཡང་འཁུམས། ལུས་ཀྱང་འགུལ་མི་ནུས། སེམས་བྱང་ཆུབ་ཀྱི་མྱུ་གུའང་སྔོ་སྐམས་སུ་འགྱུར་བ་ལ་ཐུག །དེ་ནས་ཚེ་ལས་འདས་ཤིང་འཕོས་ནས་ཀྱང་དམྱལ་ཁམས་བཅུ་དྲུག་ཁ་བརྒྱུད་པ་སོགས་ངན་སོང་གསུམ་བརྒྱུད་དེ། བསྐལ་པ་གྲངས་མེད་པའི་བར་དུ་འཕགས་པའི་ཞལ་ཉི་ཟེར་ཙམ་ཡང་མཐོང་བའི་སྐབས་མེད་དོ། །དེ་རྣམས་འཕོས་ནས་སེམས་ཅན་ཀྱི་ནང་ན་ལུས་སྲུལ་པོ་གཅེར་བུ་ཞེས་བྱ་བར་སྐྱེས་ནས། ཡང་ལུས་ལ་ནད་རྣམ་པ་དྲུག་གིས་ཐེབས་ཏེ་སྡུག་བསྔལ་བ་ལ། བཅོམ་ལྡན་འདས་རྣམ་པ་སྣང་མཛད་ཀྱི་ཐུགས་རྗེས་གཟིགས་ནས། དཔལ་ཕྱག་ན་རྡོ་རྗེ་ཐུགས་ཀ་ནས་ཕྱུངས་སོ། །དེ་ནས་དཔལ་ཕྱག་ན་རྡོ་རྗེ་མདུན་དྲང་པོར་འདུག་སྟེ། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་གྱི་ནང་ན་ལུས་སྲུལ་པོ་གཅེར་བུ་བ་དུཿཁ་སྣ་ཚོགས་ཀྱིས་ཉེན་པ་འདི་ལྟ་བུ་གདའ་བ། རྒྱུ་དང་རྐྱེན་ཇི་ལྟ་བུ། ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་ལུས་སྲུལ་པོ་གཅེར་བུ་འདི་ནི་སྔོན་བསྐལ་པ་གྲངས་མེད་པའི་གོང་དུ་རྒྱལ་བུ་ཞིག་ཏུ་སྐྱེས་པ་ལ། སློབ་དཔོན་བྲམ་ཟེ་ཞིག་གི་ལུས་ལ་ངན་སྣ་ཚོགས་བྱས་པའི་རྣམ་སྨིན་དང་། བྲམ་ཟེའི་དམོད་པ་འདོམ་པའི་དབང་གིས། ད་ལྟར་ཡང་བྱང་ཆུབ་ཀྱི་མྱུ་གུ་སྔོ་སྐམས་ལ་ཐུག །ལུས་ཀྱི་རྒྱུད་ནི་ཤིན་ཏུ་ཉོན་མོངས་ཤིང་སྡུག་བསྔལ། དེ་ལས་འདས་ནས་དམྱལ་ཁམས་ཀྱི་ཁ་བརྒྱུད་དེ་ཐར་པའི་དུས་མེད་པར་གྱུར་ཏོ། །དེ་ནས་ལག་ན་རྡོ་རྗེས། བཅོམ་ལྡན་འདས་ཉོན་མོངས་པའི་སེམས་ཅན་འདི་ཐུགས་རྗེས་བཟུང་དུ་གསོལ། ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་ཁྱོད་སོང་ལ། ཁྱོད་ཀྱིས་སེམས་ཅན་ཉམ་ཐག་པ་དེ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱི་དབང་དམ་པ་ཐོབ་པར་བྱེད་པ་འདི་རྣམས་ཀྱིས་སྲུངས་ལ་སྡུག་བསྔལ་གྱི་ནད་རྣམས་བསལ་བ་དང་། ངན་སོང་དམྱལ་ཁམས་སུ་སྐྱེ་བ་ལ་སླར་བཟློག་པར་བྱ་བ་དང་། མཐོ་རིས་ཀྱི་གནས་སུ་སྐྱེ་བར་འགྱུར་བའི་ཐབས་དབང་འདི་དག་བསྐུར་བའི་ལས་བྱོས་ཤིག །ཅེས་བཀའ་སྩལ་པ་དང་། ལག་ན་རྡོ་རྗེ་རྗེས་སུ་ཡི་རང་ནས། སླར་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། དབང་ཐམས་ཅད་ཀྱི་རང་བཞིན་བཤད་དུ་གསོལ། །ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་རིགས་བཙུན་པར་སྐྱེས་པའི་ཚེ། །རྒྱལ་སྲིད་འབངས་ཀྱིས་ཕུལ་བ་ན། །ཚིག་བཙན་ཡུལ་ལ་དབང་བསྒྱུར་བའི། །ས་བདག་རྒྱལ་པོར་གནས་པ་བཞིན། །བཅོམ་ལྡན་བྱང་ཆུབ་སྤྱོད་པའི་ཚེ། །བདེ་གཤེགས་ལྷ་ཀླུ་འཁོར་བཅས་ཀྱིས། །དབང་བསྐུར་རྫས་ཀྱིས་མངའ་གསོལ་བས། །དེ་ནས་བྱང་ཆུབ་མངོན་སངས་རྒྱས། །དེ་བཞིན་ཕྱག་རྒྱས་གནས་བསྲུང་སྟེ། །གསང་དབང་བུམ་པས་སྡིག་པ་བཀྲུ། །འཕྲེང་བ་ཚུལ་ཁྲིམས་ཅོད་པན་དང་། །རྣམ་ལྔའི་ཐུར་མས་བག་ཆགས་བསལ། །མེ་ལོང་འཁོར་ལོའི་སྟེགས་བཙུགས་ཏེ། །ཆོས་དུང་རྡོ་རྗེ་རྒྱ་གྲམ་དང་། །རིན་ཆེན་སྣ་བདུན་དགོས་པ་སྐོང་། །རལ་གྲིས་ཤེས་རབ་སེངྒེ་སྒྲ། །ཉི་ཟླ་ཐབས་དང་ཤེས་རབ་དང་། །མདའ་གཞུ་ཞི་གནས་ལྷག་མཐོང་དང་། །འབྲས་བུ་བཀྲ་ཤིས་རྫས་བརྒྱད་སྦྱིན། །བདེན་པའི་བཀའ་བརྗོད་བདེན་བརྡར་ནས། །ཏིང་འཛིན་ཚངས་པའི་གླུ་དབྱངས་དང་། །རྟེན་འབྲེལ་རྫས་རྣམས་ཚོགས་བྱས་ནས། །དབང་ཆོག་དེས་ནི་དབང་བསྐུར་རོ། །ཞེས་འབྱུང་སྟེ། ཕྱག་རྒྱའི་དབང་དང་། གསང་བའི་དབང་དང་། བུམ་པའི་དབང་དང་། ཕྲེང་བའི་དབང་དང་། ཅོད་པན་གྱི་དབང་དང་། ཐུར་མའི་དབང་དང་། མེ་ལོང་གི་དབང་དང་། འཁོར་ལོའི་དབང་དང་། དུང་གི་དབང་དང་། རྡོ་རྗེ་རྒྱ་གྲམ་གྱི་དབང་དང་། རིན་ཆེན་སྣ་བདུན་གྱི་དབང་དང་། རལ་གྲིའི་དབང་དང་། སེང་གེའི་དབང་དང་། ཉི་ཟླའི་དབང་དང་། མདའ་གཞུའི་དབང་དང་། བཀྲ་ཤིས་རྫས་བརྒྱད་ཀྱི་དབང་དང་བཅུ་དྲུག་གོ། །དེ་ནས་ལག་ན་རྡོ་རྗེས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་རྣམ་པར་དག་པའི་ཕྱག་རྒྱ་བཅིངས་ཏེ། སེམས་ཅན་ལུས་སྲུལ་པོ་དེའི་གནས་ལྔར་གཏུགས་ཤིང་བསྐྲད་པས་ཤ་ཟ་མོ་སྟོང་ཡོད་པ་བྱེར་ཏོ། །དེ་ནས་འདུ་འབྲལ་མེད་པ་བྱང་ཆུབ་སེམས་ཀྱི་དབང་བསྐུར་བས་བྱང་ཆུབ་སེམས་ཀྱི་མྱུ་གུ་སོས་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་བྱིན་གྱི་བརླབས་སོ། །དེ་ནས་དེ་བཞིན་གཤེགས་པའི་ཐུགས་རྗེས་བྱིན་གྱིས་བརླབས་པའི་བདུད་རྩིའི་བུམ་པའི་དབང་བསྐུར་བས་ལུས་མི་བདེ་བའི་ནད་རྣམས་དག་ཅིང་བྱང་བར་གྱུར་ཏོ། །མེ་ཏོག་གི་ཕྲེང་བས་དབང་བསྐུར་བས་ཚུལ་ཁྲིམས་ཀྱི་ཕྲེང་བ་ཞིག་རལ་ཡོངས་སུ་རྫོགས་ནས་ངན་སོང་གསུམ་དུ་ལྟུང་བ་ལས་ལྡོག་པའི་དབང་ཐོབ་པར་གྱུར་ཏོ། །ཅོད་པན་གྱི་དབང་བསྐུར་བས་ཁམས་གསུམ་ན་གནས་ཀྱང་སྦྱོར་བ་ངན་པའི་བག་ཆགས་དང་བྲལ་བར་གྱུར་ཏོ། །ཐུར་མའི་དབང་བསྐུར་བས་མ་རིག་པའི་ལིང་ཐོག་འཐིབས་པོ་བྱང་ནས་གསལ་བར་གྱུར་ཏོ། །མེ་ལོང་གི་དབང་བསྐུར་བས་ཆོས་ཐམས་ཅད་གཟུགས་བརྙན་རྟེན་འབྲེལ་སྒྱུ་མ་ལྟ་བུར་མཐོང་ངོ་། །འཁོར་ལོའི་དབང་བསྐུར་བས་རྫུ་འཕྲུལ་གྱི་རྐང་པ་དང་ལྡན་ཏེ་ཁམས་གསུམ་གྱི་གནས་ཐམས་ཅད་དུ་འགྲོ་ནུས་པར་གྱུར་ཏོ། །དུང་གི་ཚངས་པའི་སྒྲ་སྐད་ཕུན་སུམ་ཚོགས་པར་གྱུར་ཏོ། །རྒྱ་གྲམ་གྱིས་ཕྱོགས་བཅུ་ནས་སྔགས་འཆང་རྣམས་ཀྱིས་བསྲུང་བར་གྱུར་ཏོ། །དེ་ནས་རིན་པོ་ཆེ་སྣ་བདུན་ནམ་མཁའ་ལས་བརྒྱུད་མར་བྱུང་སྟེ་དབང་བསྐུར་བས་ཕྱིར་མི་ལྡོག་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་མཆོག་སྤྲིན་ཕུང་ཞེས་བྱ་བར་གྱུར་ཏོ། །དེ་ནས་ཡེ་ཤེས་ཀྱི་རལ་གྲིས་དབང་བསྐུར་བས་དུག་གསུམ་གཟུང་འཛིན་གྱི་འཁྲུལ་པ་རྒྱུན་ཆད་དེ་བག་ཆགས་ཐམས་ཅད་བྱང་ཞིང་དག་པའི་ཤེས་རབ་དང་ལྡན་པར་གྱུར་ཏོ། །དེ་ནས་བརྗིད་པའི་སེང་གེ་མྱུར་བའི་གཟུགས་ཞིག་ལག་ཏུ་བྱིན་ཏེ་དབང་བསྐུར་བས་གསུང་རབ་རྒྱ་མཚོའི་སྒྲས་ལོག་པའི་ཕྱོགས་ཟིལ་གྱིས་མནན་ནས་སྐད་ཅིག་མ་གཅིག་གིས་སྟོང་སྤྱི་ཕུད་ཀྱི་སྟེང་དུ་མངོན་པར་སངས་རྒྱས་ཏེ། ལུས་སྲུལ་པོའི་དེའི་མཚན་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཞེས་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལེགས་སོ་ལེགས་སོ་ཞེས་བྱ་བས་བསྟོད་དོ། །དེ་ནས་ཉི་ཟླ་ཕྱག་ཏུ་གཏད་དེ་དབང་བསྐུར་བས། དེ་མ་ཐག་ཏུ་ཉི་མས་སྐྱེ་འགྲོ་མ་ལུས་པའི་སེམས་ཅན་གྱི་རྒྱུད་ལ་ཡེ་ཤེས་ཀྱི་འོད་ཟེར་ཆེན་པོ་མཐའ་མེད་པར་ཤར་བས་དྲོ་ཞིང་འཇམ་པར་གྱུར་ཏོ། །ཟླ་བས་སྟོང་གསུམ་གྱི་མུན་པ་ཐམས་ཅད་དུས་གཅིག་ཏུ་བསལ་ནས་དུས་དང་རྣམ་པར་ཐམས་ཅད་དུ་བསིལ་ཞིང་སྣང་བར་གྱུར་ཏེ། དེས་ཐམས་ཅད་མཁྱེན་པའི་གོ་འཕང་ཆེན་པོ་རྫོགས་པར་གྱུར་ཏོ། །དེ་ནས་མདའ་གཞུ་ཕྱག་ཏུ་ཕུལ་བས་ཐབས་དང་ཤེས་རབ་དབྱིངས་དང་ཡེ་ཤེས་ཟུང་དུ་འབྲེལ་བའི་ཡེ་ཤེས་དག་པའི་རྩེ་མོ་ལ་གནས་པར་གྱུར་ཏོ། །དེ་ནས་ཐམས་ཅད་དུ་བཀྲ་ཤིས་ཤིང་གྲུབ་པའི་རྫས་སུ་གསུངས་པ། དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། འོག་མིན་གྱི་ལྷ་དང་། འདོད་ཁམས་ཀྱི་ལྷ་དང་། ས་བདག་དང་། རིགས་ཀྱི་བྲམ་ཟེ་དང་། གང་ཟག་དད་པས་བསམ་ཞིང་རིག་པའི་གླང་པོ་དང་། མཁྱེན་པའི་དཔལ་ལ་སོགས་ཏེ་ལེགས་པའི་སྦྱིན་གནས་སུ་བསྐྱེད་པའི་ཕྱིར་བཀྲ་ཤིས་ཀྱིས་མངའ་གསོལ་ནས། འགྲོ་བ་གཞན་ལ་ཕན་པའི་དོན་དུ་ཚིགས་སུ་བཅད་པས་བསྟོད་པ། དེ་བཞིན་གཤེགས་པ་དགྱེས་པ་དགྱེས་པ་ཀྱེ། །རྡོ་རྗེ་བདག་ཡོངས་གཏན་དུ་མ་བཏང་ཞིག །ཡུངས་ཀར་དངོས་གྲུབ་བགེགས་ཀྱི་སྦྱོར་བ་རྣམ་འཇོམས་དང་། །ཞོ་ཡིས་རྒྱས་བྱེད་ཏིང་འཛིན་བཅུད་ཀྱིས་འཚོ་བ་དང་། །དུརྦས་དགེ་བའི་རྩ་བ་དཔག་མེད་ཚོགས་ལྡན་དང་། །ལི་ཁྲིས་ལྷ་མོ་མང་པོ་དབང་དུ་སྡུད་པ་དང་། །མེ་ལོང་གིས་ནི་ཆོས་ཀུན་གཟུགས་བརྙན་ལྟར་རྟོགས་དང་། །དུང་གིས་འཇིག་རྟེན་གསུམ་དུ་གྲགས་པ་ཐོབ་པ་དང་། །གིའུ་ཝཾ་དུག་གསུམ་ཞི་བྱེད་ཆོས་སྲོག་འཚོ་བ་དང་། །བིལྦས་བླ་མེད་བྱང་ཆུབ་སྙིང་པོ་ཐོབ་པར་ཤོག །ཅེས་གསུངས་པ་ལྟར། དེ་སྐད་བརྗོད་ནས་བཀྲ་ཤིས་པའི་རྫས་ཀྱིས་མངའ་གསོལ་བས་སོ་སོའི་ཡོན་ཏན་ཇི་སྐད་གསུངས་པ་བཞིན་བཀྲ་ཤིས་པར་གྱུར་ཏོ། །དེ་ལྟ་བས་ན་རང་གཞན་གྱི་རྒྱུད་ཀྱི་སྡིག་པ་མཚམས་མེད་པ་ལྔ་དང་། ལྕི་བ་བཞི། ལོག་པ་བརྒྱད་ལ་སོགས་པ་རྣམས་འདག་པ་ལྟ་ཅི་སྨོས། བླ་མ་ལ་བརྙས་པ་ལ་སོགས་ཏེ་འདའ་དཀའ་རྡོ་རྗེ་ཐེག་པའི་དམ་ཚིག་ཉམས་པའི་རྣམ་སྨིན་རྣམས་ཀྱང་དབང་བསྐུར་བའི་ཕྲིན་ལས་ཁྱད་པར་ཅན་འདིས་འབྱང་ཞིང་འདག་པར་འགྱུར་བ་ནི་རྨད་དུ་བྱུང་བའི་ཕྲིན་ལས་ཏེ། དོན་ཆེན་པོ་དང་ལྡན་པར་གདའ་བས་དགའ་བ་དང་སྤྲོ་བ་ཡང་དག་པར་མཛོད། དེས་གླེང་གཞི་བཤད་པའི་རིམ་པ་སོང་ནས། །ད་ནི་དབང་དེ་དག་བསྐུར་ཡང་མི་ཆགས་པའི་གེགས་བརྒྱད་བཤད་པར་བྱ་སྟེ། སངས་རྒྱས་ཀུན་གྱི་དངོས་གྲུབ་མཆོག །དབང་དང་བྱིན་རླབས་འབྱུང་བ་ནི། །དཔེར་ན་རྒྱ་མཚོ་དྭངས་པ་ལ། །ཉི་ཟླའི་གཟུགས་བརྙན་འབྱུང་འགྱུར་གྱི། །རྙོག་པའི་ཆུ་ལ་འགག་འགྱུར་བཞིན། །བྱིན་རླབས་དབང་མཆོག་འབྱུང་བའི་གེགས། །རྣམ་པ་བརྒྱད་དུ་འབྱུང་བར་བཤད། །སྔོན་འབྱུང་སྟོན་པ་སློབ་དཔོན་ལ། །བཀའ་ཅོག་བརྙས་པ་བྱེད་པ་ནི། །དབང་དང་དངོས་གྲུབ་དང་པོའི་གེགས། །བླ་མེད་འགྲོ་བའི་རྡོ་རྗེ་སྤུན། །འཁུ་ལྡོག་གདུང་བའི་སེམས་མེད་ན། །དབང་དང་དངོས་གྲུབ་གཉིས་པའི་གེགས། །བྱང་ཆུབ་སེམས་ལ་འདུད་མེད་ཅིང་། །ཐར་ལམ་འདྲེན་པའི་ལྷ་སྤོང་བ། །དངོས་གྲུབ་འབྱུང་བའི་གེགས་གསུམ་པ། །སྙིང་རྗེའི་ཡུལ་གྱུར་སེམས་ཅན་ལ། །ཐག་པ་གཅོད་པ་གེགས་བཞི་པ། །གསང་སྔགས་གསང་བའི་ལྟ་སྤྱོད་རྣམས། །ཡོངས་ལ་སྦྱིན་པ་ལྔ་པའི་གེགས། །ཐར་ལམ་སྟོན་ལ་འདུད་མེད་ཅིང་། །སེར་སྣས་བཅིངས་པ་དྲུག་པའི་གེགས། །གཟུ་ལུམ་དབང་མེད་ལས་ལ་སྤྱོད། །དངོས་གྲུབ་འབྱུང་བའི་གེགས་བདུན་པ། །འདོད་པ་ཁེ་གྲགས་ལྷུར་ལེན་ཅིང་། །གསང་བའི་དམ་ཚིག་སྤོང་བ་ནི། །འདི་ནི་བརྒྱད་པའི་གེགས་སུ་བསྟན། །ཉམས་པ་འདི་དག་སུས་སྤོང་བ། །དངོས་གྲུབ་དབང་གི་སྣོད་དུ་བཤད། །ཅེས་སྒྲག་ཅིང་དོན་བཤད། འདིར་རྨི་ལམ་བརྟག་པའི་རྐང་པ་གསུམ་སྦྲེལ་བ་ནི་སློབ་མ་སྟ་གོན་གྱི་ཤན་ཤོར་བར་སྣང་བས་མི་དགོས་སོ། །དེ་ལྟར་དབང་མི་ཆགས་པའི་རྒྱུ་གེགས་བརྒྱད་ལས་ལྡོག་པར་གདམས་ནས། སྔར་བཤད་པ་བཞིན་ཕན་ཡོན་ཁྱད་པར་ཅན་གྱི་གླེང་གཞི་དང་འབྲེལ་བར་མཚམས་མེད་ལྔ་སྦྱོངས་ཀྱི་ཕྲིན་ལས་རྨད་དུ་བྱུང་བ་སྟེ། དེའང་འདུས་པ་ཆེན་པོ་མདོའི་དཀྱིལ་འཁོར་དུ་རིམ་གྱིས་འཇུག་པའི་ཐོག་མར་རྒྱུད་སྦྱོང་བའི་སྤྱི་ཁྲུས་སྒོ་འབྱེད་དུ་གྲགས་པ་ཕྱག་ན་རྡོ་རྗེ་ངན་སོང་གནས་འདྲེན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ། སློབ་མའི་བྱ་བ་བླ་མ་དང་གསང་བདག་ཐ་མི་དད་པ་ལ་དཀྱིལ་འཁོར་དུ་འཇུག་དུ་འཇུག་ཅིང་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ་ནས། གསོལ་བ་གདབ་པ་ནི། གསང་བདག་གཙོ་བོ་ཁྱོད་ལ་འདུད། །ཐར་པ་ཆེན་པོ་བདག་འདོད་དེ། །དེ་ཉིད་དབང་དང་དམ་ཚིག་དང་། །མགོན་པོ་དཔའ་བོར་སྐྱབས་སོང་ཞིང་། །ཐེག་ཆེན་ཁང་པར་གཞུག་པ་དང་། །མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །ཅེས་ལན་གསུམ། དེ་ནས་བླ་མ་དང་དཔལ་ཕྱག་ན་རྡོ་རྗེ་ཐ་མི་དད་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སད་པར་མོས་ལ་རྒྱུན་བཤགས་ཡན་ལག་བརྒྱད་པ་ནི། ཐལ་མོ་སྦྱར་ཏེ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དེ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱིས་ལུས་དབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ལན་གསུམ་གྱིས་རྒྱུད་དག་པར་བྱའོ། །འདིར་ཕྱག་དང་སྐྱབས་སེམས་ལེན་ཆོག་སྤྱི་བྱེ་བྲག་མང་པོ་མཛད་པའི་སྲོལ་སྣང་ཡང་ཡིག་རྙིང་རྣམས་སུ་མི་འབྱུང་ཞིང་། འདི་ལ་མ་ཚང་བའང་མེད་པས་དེ་ཙམ་མོ། དེ་ནས་སྦྱོར་བ་ངན་སོང་གི་ལས་སྒྲིབ་སྦྱང་བའི་སྒོ་ནས་དཀྱིལ་འཁོར་དུ་དྲང་བ་ནི། བུས་ཐལ་མོ་སྦྱར་ཏེ། ཀྱེ་མ་ཀྱི་ཧུད་རྡོ་རྗེ་འཛིན། །འགྲོ་མགོན་ཐུགས་རྗེས་བདག་སྐྱོབས་ཤིག །དབང་མཆོག་རྒྱལ་པོ་བསྒྲག་ཏུ་གསོལ། །སླད་ནས་མི་འཆབ་མི་སྦེད་དོ། །ལན་གསུམ། གནང་བ་བྱིན་པ་ནི་རུས། བུ་འདིར་ཤོག་ཅིག་རིགས་ཀྱི་བུ། །རང་གི་ཉམས་དང་ཟླས་ཉམས་ཀྱིས། །ངན་སོང་གསུམ་དུ་ལྟུང་བ་ལས། །སྐྱོབ་ཕྱིར་དབང་ཆོག་སྦྱིན་པར་བྱ། །ཞེས་ལས་ཀྱི་རྡོ་རྗེས་ནང་དུ་དྲངས་ཏེ་དབང་སྟེགས་ལ་བཀོད། དེ་ནས་ཉེས་བྱས་ལ་བཤགས་སྡོམས་ཀྱི་བསམ་པ་དྲག་པོས། ཀྱེ་མ་ཀྱེ་ཧུད་བདག་འདྲ་བས། །ལས་ངན་རྣམ་སྨིན་མྱོང་འགྱུར་ན། །ཉེས་བྱས་འགྱོད་པས་མཐོལ་ལོ་བཤགས། །མགོན་པོའི་ཐུགས་རྗེས་བདག་སྒྲོལ་ཅིག །དེ་ནས་སློབ་བུས་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་གསང་གནས་སུ་དུ། ལྟེ་བར་ཏྲི། སྙིང་གར་པྲེ་རྣམས་ཀྱི་རྣམ་པར་གནས་པ་སོ་སོའི་སྟེང་དུ་རིག་པའི་ཡེ་ཤེས་རཾ་ཡཾ་ཁཾ་གསུམ་གནས་པར་བསམ་ཞིང་། སློབ་དཔོན་གསང་བདག་ཏུ་གསལ་བའི་ལག་པ་གཡས་གཡོན་གྱི་སོར་མོ་ལྔ་ལ་ས་བོན་འབྲུ་ལྔ་ལས་རིགས་ལྔ་ཡབ་ཡུམ་བཅུར་གྱུར་པ་རྗེས་ཆགས་ཀྱིས་སྦྱོར་བར་བསམ་ཞིང་། ༀ་སུ་ར་ཏ་སྟྭཾ་ཞེས་ཐལ་མོ་སྦྱར། བཛྲ་ཨཉྫ་ལིས་སོར་མོ་བསྣོལ། བཛྲ་བནྡྷ་བཾ་གྱིས་བསྡམས་ནས། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་གྱིས་བརླབས་ཀྱིས། རིགས་ཀྱི་བུ་འདིས་ཉོན་མོངས་པ་ཞེ་སྡང་གི་སྒོ་ནས་བསགས་པའི་ལས་ཀྱིས་དམྱལ་བར་སྐྱེ་འགྱུར་གྱིི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ན་ར་ཀ་ཤུདྡྷ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་ཕྱག་རྒྱ་བཀྲོལ་ནས་སྤྲུག་ཅིང་། ༀ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏི་ཧེ་ཏུཾ་ཧཱུྃ་ཕཊ། ཅེས་སྔར་བསྔགས་པའི་བྱེ་མའམ་ཡུངས་ཐུན་གྱིས་བྲབས་པས་དུ་ཡིག་ཉམས་སྨད་པར་བསམ། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་འབྱུང་བའི་ཡི་གེ་གསུམ་བསྐུལ། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་གསང་གནས་ཀྱི་དུ་ཡིག །རཾ་ཡཾ་ཁཾ་ཞེས་སྦྱངས། ཨ་ཞེས་བརྗོད་པས་དུ་ཡིག་མི་དམིགས་པ་སྟོང་པ་ཉིད་དུ་ཐིམ་པས་ཞེ་སྡང་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག་པར་བྱས་པ་ཡིན་ནོ། །དེ་ནས་སོར་མོའི་རིགས་ལྔ་གསལ་བཏབ་ལ། ༀ་སུ་རུ་ཏ་སྟྭཾ། བཛྲ་ཨཉྫ་ལི། བཛྲ་བནྡྷ་བཾ། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་གྱིས་བརླབས་ཀྱིས། །རིགས་ཀྱི་བུ་འདིས་ཉོན་མོངས་པ་འདོད་ཆགས་ཀྱི་སྒོ་ནས་བསགས་པའི་ལས་ཀྱིས་ཡི་དྭགས་སུ་སྐྱེ་འགྱུར་གྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །པྲེ་ཏ་ཀ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་རྒྱ་སྤྲུག །ༀ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ཅེས་ཐུན་བྲབ། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་འབྱུང་བའི་ཡི་གེ་གསུམ་བསྐུལ། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་སྙིང་གའི་པྲེ་ཡིག །རཾ་ཡཾ་ཁཾ་ཞེས་སྦྱངས། ཨ་ཞེས་པྲེ་ཡིག་མི་དམིགས་པས་འདོད་ཆགས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག་པར་བྱས་པ་ཡིན་ནོ། །དེ་ནས་སྔར་ལྟར། ༀ་སུ་ར་ཏ་སྟྭཾ། བཛྲ་ཨཉྫ་ལི། བཛྲ་བནྡྷ་བཾ། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་གྱིས་བརླབས་ཀྱིས་རིགས་ཀྱི་བུ་འདིས་ཉོན་མོངས་པ་གཏི་མུག་གི་སྒོ་ནས་བསགས་པའི་ལས་ཀྱིས་དུད་འགྲོར་སྐྱེ་འགྱུར་གྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ཏིརྻ་ཀ་ག་ཏི་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་རྒྱ་སྤྲུག །ༀ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏི་ཧེ་ཏཾ་ཧཱུཾ་ཕཊ། ཅེས་ཐུན་བྲབ། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་འབྱུང་བའི་ཡི་གེ་གསུམ་བསྐུལ། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་ལྟེ་བའི་ཏྲི་ཡིག །རཾ་ཡཾ་ཁཾ་ཞེས་སྦྱངས། ཨ་ཞེས་ཏྲི་མི་དམིགས་པར་ཐིམ་པས་གཏི་མུག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག་པར་བྱས་པ་ཡིན་ནོ། །ཞར་བྱུང་ང་རྒྱལ་དང་ཕྲག་དོག་སོགས་ཀྱི་ལས་སྒྲིབ་སྦྱང་བའི་ཕྱིར། ཐུན་བྲབ་ཅིང་། ངན་འགྲོ་སྤྱི་གཅོད་དུ། ༀ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ན་རཱ་ཛྭ་ཡ་ཏ་ཐཱ་ག་ཏ་ཡ་ཨརྷ་ཏེ་སཾ་མྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ༀ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་པཱ་པཾ་བི་ཤོ་དྷ་ན་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨ་ཝ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ། ནང་སེམས་མི་འཁྲུག་ཅིང་ཞིང་རྣམ་པར་དག་པར་སྐྱེ་བའི་ཕྱིར། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་ར་ཎི་མེ་སརྦ་སཏྭ་ནཱཉྩ་སྭཱ་ཧཱ། རིགས་ཀྱི་བུ་འདིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། ཞེས་བརྗོད། དེ་ནས་སློབ་བུ་ཕྱག་ན་རྡོ་རྗེའི་རྣམ་པས་འཁོད་པ་ཉིད་ཀྱིས་དངོས་གཞི་མཆོག་དབང་བཅུ་དྲུག་ཞུ་བའི་སླད་དུ། ཐལ་མོ་སྦྱར་ཏེ། དཔལ་ལྡན་སངས་རྒྱས་ཀུན་བདག་ཉིད། །བརྩེ་བས་དགོངས་ཏེ་བདག་ལ་ཡང་། །དབང་བསྐུར་བདུད་རྩི་ཆེན་པོ་ཉིད། །དེ་རིང་རབ་ཏུ་སྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པས། སློབ་དཔོན་གྱི་ཐུགས་ཀ་ནས་སྤྲོས་པའི་འོད་ཟེར་འོག་མིན་གྱི་ཞིང་དུ་སོང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་དམ་བསྐུལ་བས། ཐུགས་ཀ་ནས་དབང་གི་ལྷ་གསང་བདག་ཕྱག་ན་རྡོ་རྗེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྲིན་ཕུང་མཐའ་ཡས་པར་འཕྲོ་བ་འཐོན་ཏེ་མདུན་གྱི་ནམ་མཁར་བྱོན། དེ་ཉིད་ཀྱིས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དབང་རྣམས་རིམ་པར་བསྐུར་བའི་མོས་པ་བྱེད་དུ་བཅུག་ལ། དང་པོ་ཕྱག་རྒྱའི་དབང་ནི། རིགས་ལྔའི་ཕྱག་རྒྱ་གནས་ལྔར་བཅིངས་ནས་ནི། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་རབ་རྫོགས་ཏེ། །ཡེ་ཤེས་ལྔ་པོ་མྱུར་དུ་རྟོགས་པར་ཤོག །རྡོ་རྗེ་བསྡམས་པ་ལས་རིགས་སོ་སོའི་སོར་མོ་གཤིབས་ཏེ་སྒྲེང་བ་མགོ་བོའི་གནས་ལྔར་བཞག་སྟེ། ༀ་བཛྲ་མུ་དྲ་ཨ་བྷི་ཥིཉྩ་ཧཱུྃ། ༀ་བུདྡྷ༴ ༀ། ༀ་རཏྣ༴ ཏྲཾ། ༀ་པདྨ༴ ཧྲཱིཿ ༀ་ཀརྨ༴ ཨཱཿ ཞེས་དང་། རིན་པོ་ཆེའི་དབུ་རྒྱན་སྤྱི་བོར་བསྐོན་ཏེ། ཡེ་ཤེས་རིན་ཆེན་དབུ་རྒྱན་འདིས། །རྒྱལ་བ་སངས་རྒྱས་ཀུན་འདུས་པ། །གཟི་བརྗིད་རིག་སྔགས་རྒྱལ་བའི་དབུ། །བུ་ཁྱོད་གཙུག་ན་ནོར་བུ་འབར། །ༀ་རཏྣ་ཨ་བྷི་ཥིཉྩ་ཨ། སྔོན་གསང་བའི་བདག་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་རྣམ་པར་དག་པའི་ཕྱག་རྒྱ་བཅིངས་ཏེ། སེམས་ཅན་ལུས་སྲུལ་པོ་དེའི་གནས་ལྔར་གཏུགས་ཏེ་བསྐྲད་པས་ཤ་ཟ་མོ་སྟོང་ཡོད་པ་བྱེར་ཏོ། །དེ་བཞིན་དུ་བདེན་པ་དེས་རིགས་ཀྱི་བུ་ལ་ཕྱག་རྒྱ་དབུ་རྒྱན་གྱི་དབང་བསྐུར་བས་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །གཉིས་པ་གསང་དབང་ནི། གསང་བདག་གི་སྐུ་རྟེན་སྤྱི་བོ། ཐུགས་རྟེན་རྡོ་རྗེ་ལག་གཡས། གསུང་རྟེན་དྲིལ་བུ་གཡོན་དུ་གཏད་དེ། རིགས་ཀྱི་རིགས་ཏེ་རིགས་ཀྱི་གཙོ། །སྐུ་གསུང་ཐུགས་དང་ལྡན་པ་དང་། །གསང་བ་གསང་ཆེན་ཡང་གསང་གི། །བདག་པོར་ཁྱོད་ནི་དབང་བསྐུར་རོ། །ༀ་བཛྲ་པཱ་ཎི་ཧཱུཾ་ཕཊ། བུདྡྷ་ཨ་བྷི་ཥིཉྩ་ཧཱུཾ། སྔོན་གསང་བདག་གིས་འདུ་འབྲལ་མེད་པ་བྱང་ཆུབ་སེམས་ཀྱི་དབང་བསྐུར་བས་བྱང་ཆུབ་ཀྱི་མྱུ་གུ་སྔོ་སྐམས་སུ་གྱུར་པ་སོས་ནས་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་བྱིན་གྱིས་བརླབས་སོ། །དེ་བཞིན་དུ་བདེན་པ་དེས་རིགས་ཀྱི་བུ་ལ་གསང་བ་རྡོ་རྗེ་གསུམ་གྱི་རྟེན་བྱིན་ཏེ་དབང་བསྐུར་བས། རིགས་ཀྱི་ནུས་པ་གསོས་ཐེབས་ནས་སྒོ་གསུམ་གསང་བདག་གི་སྐུ་གསུང་ཐུགས་རྡོ་རྗེར་རྟོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །གསུམ་པ་རྣམ་རྒྱལ་བུམ་པ་སྤྱི་བོར་བཞག་སྟེ། རིན་ཆེན་སྣ་ཚོགས་རྒྱུ་ལས་བྱུང་། ཁ་དོག་དབྱིབས་དང་ལྡན་པ་ཡི། །ཤེས་རབ་ཡུམ་གྱི་བུམ་པ་འདིས། །འགྲོ་དོན་མཆོག་ཏུ་དབང་བསྐུར་རོ། །ༀ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ༀ། ཞེས་བུམ་ཆུ་གཏིགས་ཤིང་ཁྲུས་བྱ། སྔོན་གསང་བདག་གི་དེ་བཞིན་གཤེགས་པའི་ཐུགས་རྗེས་བྱིན་གྱིས་བརླབས་པའི་བདུད་རྩི་བུམ་པའི་དབང་བསྐུར་བས་ལུས་མི་བདེ་བའི་ནད་རྣམས་བཀྲུས་ཏེ་དག་ཅིང་བྱང་བར་གྱུར་ཏོ། །དེ་བཞིན་དུ་བདེན་པ་དེས་རིགས་ཀྱི་བུ་ལ་བུམ་ཆུའི་དབང་བསྐུར་བས་ནད་རྣམས་བྱང་ནས་རང་སེམས་སྤྲོས་བྲལ་ཡེ་ཤེས་ལྔ་དང་ལྡན་པས་འགྲོ་དོན་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བཞི་པ་མེ་ཏོག་ཕྲེང་བ་མགོར་བཅིངས་ཏེ། བྱང་ཆུབ་ཡན་ལག་མེ་ཏོག་ཐོད། ཁམས་གསུམ་བཙུན་པའི་བདག་པོ་སྟེ། །བདེ་གཤེགས་མཆོད་པ་ཐོབ་པར་དང་། །འགྲོ་དོན་བྱེད་པར་དབང་བསྐུར་རོ། །ༀ་རཏྣ་པུཥྤ་མཱ་ལེ་ཨ་བྷི་ཥཉྩི་ཏྲཱཾ། སྔོན་གསང་བདག་གིས་མེ་ཏོག་ཕྲེང་བའི་དབང་བསྐུར་བས་ཚུལ་ཁྲིམས་ཀྱི་ཕྲེང་བ་ཡོངས་སུ་རྫོགས་ནས་ངན་སོང་དུ། ལྟུང་བ་ལས་ལྡོག་པའི་དབང་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་བདེན་པ་དེས་རིགས་ཀྱི་བུ་ལ་མེ་ཏོག་ཐོད་ཀྱི་དབང་བསྐུར་བས་ཚུལ་ཁྲིམས་རྫོགས་ཤིང་སྒྲིབ་གཉིས་བྱང་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ལྔ་པ་དར་སྣ་ཚོགས་པའི་ཅོད་པན་བཅིངས་ཏེ། ཡེ་ཤེས་བདག་ཉིད་ཅོད་པན་འདིས། །ཀླུ་གདུག་གནོད་པས་མི་བརྫི་ཞིང་། །འཁོར་བའི་ཉེས་པས་མི་གོས་པའི། །རྒྱན་མཆོག་དམ་པས་དབང་བསྐུར་རོ། །ༀ་བཛྲ་སཏྭ་ཨ་བྷི་མཾ་ས་ན་ཨ་བྷི་ཥིཉྩ་ཧྲཱིཿ སྔོན་གསང་བདག་གིས་ཅོད་པན་གྱི་དབང་བསྐུར་བས་ཁམས་གསུམ་ན་གནས་ཀྱང་སྦྱོར་བ་ངན་པའི་བག་ཆགས་དང་བྲལ་བར་གྱུར་ཏོ། །དེ་བཞིན་དུ་བདེན་པ་དེས་རིགས་ཀྱི་བུ་ལ་ཅོད་པན་གྱི་དབང་བསྐུར་བས་ཁམས་གསུམ་དུ་གནས་ཀྱང་སྲིད་པའི་སྡུག་བསྔལ་ཐམས་ཅད་དང་བྲལ་བར་གྱུར་ཅིག །དྲུག་པ་ཐུར་མ་ཐོགས་ཏེ། སྔོན་གྱི་མིག་མཁན་རྒྱལ་པོ་ཡིས། །མིག་གི་རབ་རིབ་བསལ་བ་བཞིན། །བུ་ཁྱོད་མ་རིག་འཐིབས་པོ་ཡི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ༀ་ཙཀྵུ་ཙཀྵུ་ཛྙཱ་ན་ཙཀྵུ་སྭཱཧཱ། སྔོན་གསང་བདག་གིས་ཐུར་མའི་དབང་བསྐུར་བས་མ་རིག་པའི་ལིང་ཐོག་འཐིབས་པོ་བྱང་ནས་གསལ་བར་གྱུར་ཏོ། །དེ་བཞིན་དུ་བདེན་པ་དེས་རིགས་ཀྱི་བུ་ལ་ཐུར་མ་རྣམ་པ་ལྔའི་དབང་བསྐུར་བས་མ་རིག་པའི་ལིང་ཐོག་བསལ་ཏེ་སྤྱན་ལྔ་དང་ལྡན་པར་གྱུར་ཅིག །བདུན་པ་མེ་ལོང་བསྟན་ཏེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །རྟེན་འབྲེལ་མཐུ་ལས་སྣང་བའི་ཕྱིར། །བརྗོད་མེད་རང་བཞིན་དག་པ་ཡི། །དོན་དམ་ཆོས་ཉིད་རྟོགས་པར་འགྱུར། །ༀ་བཛྲ་ཨཱ་དཪྴ་ཨ་བྷི་ཥིཉྩ་ཧཱུྃ། སྔོན་གསང་བདག་གིས་མེ་ལོང་གི་དབང་བསྐུར་བས་ཆོས་ཐམས་ཅད་གཟུགས་བརྙན་རྟེན་འབྲེལ་སྒྱུ་མ་ལྟ་བུར་མཐོང་ངོ་། །དེ་བཞིན་དུ་བདེན་པ་དེས་རིགས་ཀྱི་བུ་ལ་མེ་ལོང་གི་དབང་བསྐུར་བས་ཆོས་ཐམས་ཅད་རྟེན་འབྲེལ་སྒྱུ་མ་ལྟ་བུར་མཐོང་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །བརྒྱད་པ་འཁོར་ལོ་རྐང་འོག་ཏུ་བྱིན་ཏེ། འོག་ཏུ་གསེར་གྱི་འཁོར་ལོ་དག །བརྗིད་པའི་གདན་གྱི་འབྲུ་བཀོད་ནས། །གཞན་དོན་འདི་ལ་ཕན་བྱའི་ཕྱིར། །རྒྱལ་བའི་འཁོར་ལོ་བསྐོར་བར་མཛོད། །ༀ་ཙཀྲ་རཏྣ་ཨ་བྷི་ཥིཉྩ་ཨ། སྔོན་གསང་བདག་གིས་འཁོར་ལོའི་དབང་བསྐུར་བས་རྫུ་འཕྲུལ་གྱི་རྐང་པ་དང་ལྡན་ཏེ་ཁམས་གསུམ་གྱི་གནས་ཐམས་ཅད་དུ་འགྲོ་ནུས་པར་གྱུར་ཏོ། །དེ་བཞིན་དུ་བདེན་པ་དེས་རིགས་ཀྱི་བུ་ལ་འཁོར་ལོའི་དབང་བསྐུར་བས་ཁམས་གསུམ་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དབང་དམ་པ་ཐོབ་གྱུར་ཅིག །དགུ་པ་དུང་གཏད་དེ། ཆོས་དུང་རྒྱས་པར་བུས་ནས་ནི། །འཇིག་རྟེན་སེམས་ཅན་སྐལ་ལྡན་ལ། །རྣ་བསལ་སྡིག་སྦྱངས་ཆོས་ཐོས་པའི། །སྐྱོབ་པ་མགོན་པའི་ཚངས་སྐད་སྒྲོགས། །ༀ་བྷྲ་མ་ཝཱ་ཀ་ཨ་བྷི་ཥིཉྩ་ཨ། སྔོན་གསང་བདག་གིས་དུང་གི་དབང་བསྐུར་བས་ཚངས་པའི་སྒྲ་སྐད་ཕུན་སུམ་ཚོགས་པར་གྱུར་ཏོ། །དེ་བཞིན་དུ་བདེན་པ་དེས་རིགས་ཀྱི་བུ་ལ་དུང་གི་དབང་བསྐུར་བས་ཚངས་པའ་ིསྐད་ཀྱིས་ཆོས་སྟོན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བཅུ་པ་རྒྱ་གྲམ་སྤྱི་བོར་བཞག་སྟེ། དོགས་དང་སོམ་ཉི་གཉིས་མེད་ལ། །གཙུག་ཏུ་རྒྱ་གྲམ་དབང་བསྐུར་བས། །རྡོ་རྗེ་འཛིན་པ་རྣམས་ཀྱིས་ཀྱང་། །དེ་ལ་བསྲུང་བ་ཉིད་དུ་འགྱུར། །ༀ་བི་ཤྭ་བཛྲ་ཨ་བྷི་ཥིཉྩ་ཨ། སྔོན་གསང་བདག་གིས་རྒྱ་གྲམ་གྱི་དབང་བསྐུར་བས་ཕྱོགས་བཅུ་ནས་སྔགས་འཆང་རྣམས་ཀྱིས་བསྲུང་བར་གྱུར་ཏོ། །དེ་བཞིན་དུ་བདེན་པ་དེས་རིགས་ཀྱི་བུ་ལ་རྡོ་རྗེ་རྒྱ་གྲམ་གྱི་དབང་བསྐུར་བས་ཕྱོགས་བཅུ་དུས་གསུམ་གྱི་རིགས་སྔགས་འཆང་རྣམས་ཀྱིས་བསྲུང་བར་གྱུར་ཏོ། །དེ་བཞིན་དུ་བདེན་པ་དེས་རིགས་ཀྱི་བུ་ལ་རྡོ་རྗེ་རྒྱ་གྲམ་གྱི་དབང་བསྐུར་བས་ཕྱོགས་བཅུ་དུས་གསུམ་གྱི་རིགས་སྔགས་འཆང་གྲུབ་པ་རྣམས་ཀྱིས་རྟག་ཏུ་བསྲུང་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །བཅུ་གཅིག་པ་ནི། སྔོན་གསང་བདག་གིས་དབང་བསྐུར་བའི་དུས་ན། རིན་པོ་ཆེ་སྣ་བདུན་ནམ་མཁའ་ལས་བརྒྱུད་མར་བྱུང་སྟེ། འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་དང་ལྡན་པ་ཞིག་ལག་ཏུ་བབས་པས་དེ་མ་ཐག་ཏུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་སྡོམས་པའི་མཐུ་དང་ལྡན་པར་གྱུར་ནས་སངས་རྒྱས་ཀྱིས་ས་ལ་ངེས་པར་ལུང་བསྟན་ཏོ། །དེ་ནས་གླང་པོ་རིན་པོ་ཆེ་ཐལ་ཀར་འདུག་པ་ཡན་ལག་བདུན་དང་ལྡན་པ་ཞིག་མདུན་དུ་བབས་ནས་སྣས་བླངས་ཏེ་སྟེང་དུ་བཞག་པས་འགྲོ་བ་རིགས་དྲུག་གི་སེམས་ཅན་མཐོང་ཐོས་ཀྱི་གནས་སུ་ངེས་པར་འདེགས་ནུས་པའི་ཐབས་དང་ལྡན་པ་ཞིག་ཏུ་གྱུར་ཏོ། །དེ་ནས་རྟ་རིན་པོ་ཆེ་སྤྲིན་གྱི་ཤུགས་འཆང་གཙུག་ན་རིན་པོ་ཆེ་ཅན་ཞིག་ལག་ཏུ་བབས་པས་མི་གནས་པའི་དབྱིངས་སུ་ཐོགས་པ་མེད་པར་གྱུར་ཏོ། །དེ་ནས་ནོར་བུ་རིན་པོ་ཆེ་འོད་འབར་བ་ཞིག་སྤྱི་བོའི་གཙུག་ཏུ་བབས་པས་ཕྱི་ནང་ཐམས་ཅད་ཀྱི་མུན་པ་བསལ་ཏེ་བསམ་པ་ཡིད་བཞིན་དུ་འབྱུང་བའི་ཡོན་ཏན་དང་ལྡན་པར་གྱུར་ཏོ། །དེ་ནས་དམག་དཔོན་རིན་པོ་ཆེ་ལུས་ལ་འོད་འབར་བ་ཕྱག་ན་མཚོན་ཆ་ཐོགས་པ་འཇིགས་པ་ཞིག་དཔྲལ་བར་བབས་པས་ཕྱོགས་བཅུ་ཐམས་ཅད་ནས་བདོ་ཞིང་རྒོལ་བ་རྣམས་ཤིན་ཏུ་ཟིལ་གྱིས་ནོན་ཅིང་སྤ་བཀོང་པར་གྱུར་ཏོ། །དེ་ནས་བཙུན་མོ་རིན་པོ་ཆེ་འོད་འབར་བ་ཆགས་པའི་སྤྱན་གསུམ་དང་ལྡན་པ་ཞིག་ལག་གཡོན་པར་བབས་པས་དེ་མ་ཐག་ཏུ་གཟུངས་དང་ཏིང་ངེ་འཛིན་དུ་འབྲེལ་ཏེ། བདེན་པ་མ་ནོར་བའི་དོན་ལ་ཆགས་པ་མི་གཏོང་བར་བྱེད་པའི་གཟུངས་དང་ལྡན་པར་གྱུར་ཏོ། །དེ་ནས་བློན་པོ་རིན་པོ་ཆེ་འོད་འབར་བ་ཤེས་པ་གསལ་བ་གཞན་གྱིས་བལྟར་མི་མངོན་པ་ཞིག་ལག་གཡས་པར་བབས་པས་བློ་དང་བརྩོན་འགྲུས་ལྡན་པས་བདེ་སྐྱིད་ཚངས་པ་བཀོད་པའི་བཤེས་གཉེན་དང་ལྡན་པར་གྱུར་ཏོ། །ཞེས་ཕན་ཡོན་ཇི་སྐད་གསུངས་པའི་རིན་པོ་ཆེ་སྣ་བདུན་གྱི་དབང་བསྐུར་བ་ནི། རིན་ཆེན་བདུན་གྱི་གཟུགས་གཏད་དེ། བསོད་ནམས་དཔལ་ལས་ལེགས་གྲུབ་པའི། །རྒྱལ་སྲིད་རིན་ཆེན་སྣ་བདུན་འདི། །འགྲོ་བའི་བདེ་ལེགས་འབྱུང་བའི་གནས། །ཕྱོགས་བཅུར་དགེ་བཅུ་བསྐོར་བར་གྱིས། །ༀ་ཙཀྲ་རཏྣ། ཧསྟི་རཏྣ། ཏུ་རུངྒ་རཏྣ། མ་ཎི་རཏྣ། ཁངྒ་རཏྣ། ཝ་ཏི་རཏྣ། མ་ཧཱ་ཏ་རཏྣ་ཨ་བྷི་ཥིཉྩ་ཨ། སྔོན་གསང་བདག་གིས་རིན་པོ་ཆེ་སྣ་བདུན་ལུས་ལ་རྫོགས་པར་དབང་བསྐུར་བས་ཕྱིར་མི་ལྡོག་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་མཆོག་སྤྲིན་ཕུང་ཞེས་བྱ་བར་གྱུར་ཏོ། །དེ་བཞིན་དུ་བདེན་པ་དེས་རིགས་ཀྱི་བུ་ལ་རིན་པོ་ཆེ་སྣ་བདུན་གྱི་དབང་བསྐུར་བས་ཕྱིར་མི་ལྡོག་པའི་འཁོར་ལོས་སྒྱུར་བའི་དབང་ཕྱུག་དམ་པ་ཐོབ་པར་གྱུར་ཅིག །བཅུ་གཉིས་པ་རལ་གྲི་གཏད་དེ། དུག་གསུམ་གཅོད་པས་འཁོར་བ་སྟོང་། །འཛིན་འཁྲུལ་དག་པས་སྡུག་བསྔལ་ཞི། །བག་ཆགས་མ་ལུས་དག་བྱེད་པའི། །ཤེས་རབ་རལ་གྲིའི་དབང་བསྐུར་རོ། །ༀ་ཁངྒ་ཨ་བྷི་ཥིཉྩ་ཧཱུཾ། སྔོན་གསང་བདག་གིས་ཡེ་ཤེས་ཀྱི་རལ་གྲི་ལག་ཏུ་བྱིན་ནས་དབང་བསྐུར་བས་དུག་གསུམ་གཟུང་འཛིན་འཁྲུལ་པའི་རྒྱུན་ཆད་དེ་བག་ཆགས་ཐམས་ཅད་བྱང་ཞིང་ཡང་དག་པའི་ཤེས་རབ་དང་ལྡན་པར་གྱུར་ཏོ། །དེ་བཞིན་དུ་བདེན་པ་དེས་རིགས་ཀྱི་བུ་ལ་རལ་གྲིའི་དབང་བསྐུར་བས་གཟུང་འཛིན་གྱིས་འཁྲུལ་པ་བག་ཆགས་དང་བཅས་པ་དག་པར་གྱུར་ཅིག །བཅུ་གསུམ་པ་སེང་གེ་གཏད་དེ། བརྗིད་པའི་སེང་གེ་ཤིན་ཏུ་མྱུར་བ་ཡི། །གཟུགས་ཅན་མཆོག་འདི་ལག་ཏུ་བྱིན་པ་ཡིས། །གསུང་རབ་རྒྱ་མཚོ་ཀུན་གྱི་སྒྲ་བསྒྲགས་པས། །ལོག་པའི་ཕྱོགས་ཀུན་ཟིལ་གྱིས་གནོན་པར་ཤོག །ༀ་བཛྲ་སིདྷ་ཨ་བྷི་ཥིཉྩ་ཧཱུཾ། སྔོན་གསང་བདག་གིས་བརྗིད་པའི་སེང་གེ་ཤིན་ཏུ་མྱུར་བའི་གཟུགས་ཅན་ཞིག་ལག་ཏུ་བྱིན་ཏེ་དབང་བསྐུར་བས་གསུང་རབ་རྒྱ་མཚོའི་སྒྲས་ལོག་པའི་ཕྱོགས་ཟིལ་གྱིས་མནན་ནས་སྐད་ཅིག་མ་གཅིག་གིས་སྟོང་སྤྱི་ཕུད་ཀྱི་སྟེང་དུ་མངོན་པར་སངས་རྒྱས་ཏེ་ལུས་སྲུལ་པོ་དེའི་མཚན་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཞེས་བྱའོ། །དེ་བཞིན་དུ་བདེན་པ་དེས་རིགས་ཀྱི་བུ་ལ་སེང་གེའི་གཟུགས་ཀྱིས་དབང་བསྐུར་བས་ཆོས་སྒྲས་ལོག་ཕྱོགས་ཟིལ་གྱིས་གནོན་པའི་སངས་རྒྱས་ཐོབ་པར་གྱུར་ཅིག །བཅུ་བཞི་པ་ཉི་ཟླ་གཏད་དེ། སྟེང་ཕྱོགས་མངའ་མཛད་ཐུགས་རྗེའི་ཉི་མ་བརྡལ། །བརྩེ་བས་མུན་སེལ་ཐུགས་རྗེ་ཟླ་བའི་འོད། །སྟོང་གསུམ་མུན་པ་དུས་གཅིག་བསལ་ནས་ནི། །འཇིག་རྟེན་ཀུན་ཏུ་སྣང་བ་བསྐྱེད་པར་ཤོག །ༀ་སཱུརྻ་ཙནྡྲ་ཨ་བྷི་ཥིཉྩ་ཧཱུཾ། སྔོན་གསང་བདག་གིས་དབང་བསྐུར་བས་ལུས་སྲུལ་པོ་དེ་ཉིད་མངོན་པར་སངས་རྒྱས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལེགས་སོ་ལེགས་སོ་ཞེས་བྱ་བས་བསྟོད་ནས། ཉི་ཟླ་ཕྱག་ཏུ་ཕུལ་ཏེ་དབང་བསྐུར་བས། དེ་མ་ཐག་ཏུ་ཉི་མས་སྐྱེ་འགྲོ་མ་ལུས་པའི་སེམས་ཅན་གྱི་རྒྱུད་ལ་ཡེ་ཤེས་ཀྱི་འོད་ཟེར་ཆེན་པོ་མཐའ་མེད་པར་ཤར་བས་དྲོ་ཞིང་འཇམ་པར་གྱུར་ཏོ། །ཟླ་བས་སྟོང་གསུམ་གྱི་མུན་པ་ཐམས་ཅད་དུས་གཅིག་ཏུ་བསལ་ནས། དུས་དང་རྣམ་པ་ཐམས་ཅད་དུ་བསིལ་ཞིང་སྣང་བར་གྱུར་ཏོ། །དེས་ཐམས་ཅད་མཁྱེན་པའི་གོ་འཕང་ཆེན་པོ་རྫོགས་པར་གྱུར་ཏོ། །དེ་བཞིན་དུ་བདེན་པ་དེས་རིགས་ཀྱི་བུ་ལ་ཉི་ཟླའི་དབང་བསྐུར་བས་འགྲོ་བའི་རྒྱུད་ཀྱི་སྒྲིབ་གཉིས་མུན་པ་ཐམས་ཅད་སྐད་ཅིག་ལ་སེལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །བཅོ་ལྔ་པ་མདའ་གཞུ་གཏད་དེ། ཐབས་ཀྱི་གཞུ་ནི་ཡེ་ཤེས་གསལ། །ཤེས་རབ་མདའ་ནི་དབྱིངས་སུ་མྱུར། །ཟུང་དུ་འབྲེལ་བའི་ཡེ་ཤེས་མཆོག །དག་པའི་རྩེ་མོར་གནས་པར་ཤོག །ༀ་དྷ་ནུ་ཤ་ར་ཨ་བྷི་ཥིཉྩ་ཧཱུཾ། སྔོན་གསང་བདག་གིས་མདའ་གཞུ་ཕྱག་ཏུ་ཕུལ་ཏེ་དབང་བསྐུར་བས། ཐབས་དང་ཤེས་རབ་དབྱིངས་དང་ཡེ་ཤེས་ཟུང་དུ་འབྲེལ་བའི་ཡེ་ཤེས་དག་པའི་རྩེ་མོ་ལ་གནས་པར་གྱུར་ཏོ། །དེ་བཞིན་དུ་བདེན་པ་དེས་རིགས་ཀྱི་བུ་ལ་མདའ་གཞུའི་དབང་བསྐུར་བས་ཟུང་འཇུག་གི་ཡེ་ཤེས་རྩེ་མོར་ཕྱིན་པར་གྱུར་ཅིག །བཅུ་དྲུག་པ་བཀྲ་ཤིས་རྫས་བརྒྱད་ཀྱི་དབང་བསྐུར་བ་ནི། ཡུངས་ཀར་གཏད་དེ། སྔོན་འདས་པ་དང་མ་བྱོན་པ་དང་ད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཐུབ་པའི་རྫས་གསུམ་བྱིན་གྱིས་བརླབས་ཤིང་། །ཤིས་པའི་ཡུངས་ཀར་ཕྱག་ཏུ་ཕུལ་བས། བགེགས་ཀྱི་རིགས་སྟོང་ཕྲག་བརྒྱད་ཅུའི་རྟོག་པ་རྣམས་ཀྱི་བསམ་སྦྱོར་ངན་པ་ཀུན་གཅོད་པར་མཛད་དོ། །དེ་བཞིན་དུ་བདེན་པ་དེས་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ཡུངས་ཀར་གྱི་རྫས་ཀྱིས་བཀྲ་ཤིས་པར་གྱུར་ཅིག །གསང་བའི་བསྟན་པ་རྒྱས་པ་ནི། །ཡུན་རིང་གནས་པར་གྱུར་པ་ཡི། །བཀྲ་ཤིས་རྫས་ཀྱི་དབང་མཆོག་ཀྱང་། །གནང་བ་ཆེན་པོ་སྦྱིན་པར་བྱ། །ཡུངས་ཀར་རྡོ་རྗེས་བགེགས་ཚོགས་འདུལ། །བགེགས་རྣམས་འཇོམས་པའི་མཐུ་སྟོབས་ལྡན། །དགྲ་བགེགས་ཀུན་ལས་རྒྱལ་བ་ཡི། །བྱིན་རླབས་མཆོག་གི་དབང་ཐོབ་ཤོག །ཞོ་གཏད་དེ། སྔོན་བཅོམ་ལྡན་འདས་ལ་ཁྱིམ་བདག་བཟང་སྐྱོང་གིས་ཞོ་ཕུལ་བས་ཀུན་གྱི་དབང་པོའི་བཅུད་ཡོངས་སུ་ཚིམ་པར་བྱེད་པ་འདོད་འཇོའི་བ་ཁྱད་པར་ཅན་དུ་བྱིན་གྱིས་བརླབས་སོ། །དེ་བཞིན་དུ་བདེན་པ་དེས་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ཞོའི་རྫས་ཀྱིས་བཀྲ་ཤིས་པར་གྱུར་ཅིག །ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་བྱང་ཆུབ་སེམས་རྟོགས་ཤིང་། །ཡོན་ཏན་ཀུན་གྱི་སྙིང་པོར་གྱུར་པ་ཡིས། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དུརྦ་གཏད་དེ། སྔོན་བཅོམ་ལྡན་འདས་ལ་བྲམ་ཟེ་ཀུཎྜ་ལིས་རྩ་དུརྦ་ཕུལ་བས། དུརྦ་ལོ་འདབ་རྒྱས་ཤིང་འཕེལ་བ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་འཕེལ་བར་བྱིན་གྱིས་བརླབས་སོ། །དེ་བཞིན་དུ་བདེན་པ་དེས་སྐལ་ལྡན་རིག་པ་འཛིན་པ་ཁྱོད་དུརྦའི་རྫས་ཀྱིས་བཀྲ་ཤིས་པར་གྱུར་ཅིག །དུརྦས་ཚེ་འདི་འཕེལ་བར་བྱེད་པ་སྟེ། །འཆི་མེད་རྡོ་རྗེའི་ཚེ་ནི་རབ་གྲུབ་པས། །སྡུག་བསྔལ་སྐྱེ་ཤིའི་རྩ་བ་རྒྱུན་བཅད་དེ། །བཀྲ་ཤིས་དེས་ཀྱང་ཚེ་ནི་བརྟན་གྱུར་ཅིག །ལི་ཁྲི་གཏད་དེ། སྔོན་བཅོམ་ལྡན་འདས་ལ་སའི་ལྷ་མོ་བརྟན་མས་ལི་ཁྲི་ཕུལ་བས། ལི་ཁྲི་ཆགས་ཤིང་ཞེན་པ་བཞིན་དུ་ཐུགས་རྗེ་ཆེན་པོའི་དབང་གིས་ཉོན་མོངས་པའི་སེམས་ཅན་མི་གཏོང་བར་ཐུགས་དམ་དུ་བཞེས་སོ། །དེ་བཞིན་དུ་བདེན་པ་དེས་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལི་ཁྲིའི་རྫས་ཀྱིས་བཀྲ་ཤིས་པར་གྱུར་ཅིག །ལི་ཁྲི་དམར་པོ་དབང་གི་རང་བཞིན་ཅན། །ཆོས་རྣམས་མ་ལུས་དབང་དུ་གྱུར་པ་ཡི། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་ཆོས་སྲིད་བརྟན་གྱུར་ཅིག །གིའུ་ཝཾ་གཏད་དེ། སྔོན་བཅོམ་ལྡན་འདས་ལ་གླང་པོ་ཆེ་ས་སྲུངས་ཀྱི་བུས་གིའུ་ཝཾ་ཕྱག་ཏུ་ཕུལ་བ་བདུད་རྩི་སྨན་གྱི་མཆོག་ཏུ་གྱུར་ཏེ་ནད་བཞི་བརྒྱ་རྩ་བཞིའི་གཉེན་པོས་བྱིན་གྱིས་བརླབས་སོ། །དེ་བཞིན་དུ་བདེན་པ་དེས་སྐལ་ལྡན་རིག་པ་འཛིན་པ་ཁྱོད་གིའུ་ཝཾ་གི་རྫས་ཀྱིས་བཀྲ་ཤིས་པར་གྱུར་ཅིག །གིའུ་ཝཾ་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ཏེ། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་མེད་པར་ཤོག །དུང་གཏད་དེ། སྔོན་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་གཡས་སུ་འཁྱིལ་བ་བཅུ་དྲུག་པ་ཞིག་ཕྱག་ཏུ་ཕུལ་བས། སུམ་ཅུ་རྩ་གསུམ་གྱི་གནས་མན་ཆད་ནས་འཇིག་རྟེན་སོ་སོའི་རིས་སུ་ཚངས་པའི་སྒྲ་སྐད་ཕུན་སུམ་ཚོགས་པས་ཆོས་ཀྱི་སྒྲ་ཆེན་པོ་ཡོངས་སུ་རྫོགས་པར་མཛད་དོ། །དེ་བཞིན་དུ་བདེན་པ་དེས་སྐལ་ལྡན་རིག་པ་འཛིན་པ་ཁྱོད་དུང་དཀར་གྱི་རྫས་ཀྱིས་བཀྲ་ཤིས་པར་གྱུར་ཅིག །དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོག་པའི་ཚུལ། །ཡོན་ཏན་རྒྱ་མཚོ་མཆོག་ཏུ་དག་གྱུར་ནས། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་ཚིག་གི་དབང་ཐོབ་ཤོག །མེ་ལོང་གཏད་དེ། སྔོན་བཅོམ་ལྡན་འདས་ལ་སའི་ལྷ་མོ་གཟུགས་བརྙན་སྟོན་གྱིས་མེ་ལོང་ཕུལ་བས་མེ་ལོང་གཡའ་དག་པ་ལ་གཟུགས་ཀྱི་དངོས་པོ་སྣང་ལ་སྟོང་པ་བཞིན་དུ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གོ་འཕང་རྫོགས་པར་སྟོང་ཞིང་སྣང་བར་མཛད་དོ། །དེ་བཞིན་དུ་བདེན་པ་དེས་སྐལ་ལྡན་རིག་པ་འཛིན་པ་ཁྱོད་མེ་ལོང་གི་རྫས་ཀྱིས་བཀྲ་ཤིས་པར་གྱུར་ཅིག །མེ་ལོང་ཡེ་ཤེས་ཆེན་པོའི་གཟུགས་བརྙན་ཏེ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ནས། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱས་དོན་གྱི་དབང་ཐོབ་ཤོག །བིལྦ་གཏད་དེ། སྔོན་བཅོམ་ལྡན་འདས་ལ་ཤིང་གི་ལྷ་མོ་འོད་འཆང་གིས་ཤིང་ཏོག་བིལ་བ་ཕྱག་ཏུ་ཕུལ་བས། བིལྦ་ཇི་ལྟར་སྨིན་ཞིང་འབྲས་བུ་རྒྱས་པས་གང་བར་གྱུར་ཏེ། མི་གནས་པའི་མྱ་ངན་ལས་འདས་པ་བདེ་བ་ཆེན་པོའི་དབྱིངས་སུ་རྫོགས་པར་སངས་རྒྱས་སོ། །དེ་བཞིན་དུ་བདེན་པ་དེས་སྐལ་ལྡན་རིག་པ་འཛིན་པ་ཁྱོད་བིལ་བའི་རྫས་ཀྱི་བཀྲ་ཤིས་པར་གྱུར་ཅིག །བིལ་བ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེ་ནི་འགྲོ་བས་ཐོབ་པར་ཤོག །ཅེས་དབང་བསྐུར་ཞིང་། རྣམ་བུམ་གྱི་ཆུས་བཀྲུ་ཞིང་འཐུང་དུའང་གཞུག་གོ། །དེ་ལྟར་མཆོག་དབང་བཅུ་དྲུག་ལེགས་པར་བསྐུར་བས་སྔོན་བྱུང་གི་དབང་དང་རིགས་འགྲེའི་རང་སྐལ་གྱི་དྲི་མ་སྦྱངས་ཤིང་དགེ་བའི་ས་བོན་གསོས་ཐེབས་པ་ནི་རྒྱུད་འགྱུར་བའི་ཁྱད་པར་ཏེ། དབང་ཐོབ་པའམ་རྒྱུད་སྨིན་པར་བྱས་པ་ཡིན་པས། དེ་ལྟར་ངེས་ཤེས་བསྐྱེད་འཚལ་ལོ། །རྗེས་ཀྱི་བྱ་བ་དབང་ཐོབ་པའི་ལམ་ཁྱེར་ལ་བཞི་ལས། དང་པོ་སྐྱབས་འགྲོའི་བསླབ་བྱ་ལམ་དུ་ཁྱེར་བ་ནི། དོན་དམ་པར་བདག་དང་། སེམས་ཅན་དང་། སྡུག་བསྔལ་གསུམ་རང་བཞིན་གྱིས་མ་དམིགས་ནའང་། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་འཁོར་བ་འདིར་སྡུག་བསྔལ་གྱིས་མནར་ཞིང་། སྐྱབས་མེད་མགོན་མེད་ཡིན། དེ་རྣམས་ཀྱི་སྡུག་བསྔལ་བླ་མ་དཀོན་མཆོག་གིས་སྐྱོབས་ནུས་པར་ངེས་ཤེས་ཁྱད་པར་ཅན་བསྐྱེད་ནས། དེའི་ཕན་ཡོན་དྲན་པས་རྟག་ཏུ་རང་ཉིད་སྐྱབས་འགྲོར་འབད་ཅིང་། སྙིང་རྗེ་ཆེན་པོས་སྐྱེ་བོ་གཞན་རྣམས་སྐྱབས་སུ་འགྲོར་གཞུག །བླ་མ་དང་དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་པས་དད་པ་བསྒོམ་ཞིང་གསོལ་བ་འདེབས། བཀའ་དྲིན་དྲན་པས་ཕྱག་མཆོད་དང་བསྟོད་པ་བྱ། ཉེས་དམིགས་དྲན་པས་སྲོག་ལ་བབས་ཀྱང་སྐྱབས་ཡུལ་མ་སྤོང་། ཡིད་ཆེས་དྲན་པས་བདེ་སྡུག་ཅི་བྱུང་ཡང་བླ་མ་དང་དཀོན་མཆོག་ལ་མི་འཁང་ཞིང་གཞན་ལ་བློ་མི་གཏོད། དཀོན་མཆོག་གསུམ་གྱི་རྟེན་ལའང་དཀོན་མཆོག་དངོས་སུ་འདུ་ཤེས་པས་ཕྱག་མཆོད་འབུལ་ཞིང་། འོ་བརྒྱལ་སར་མི་འཇོག །གཏའ་མར་འཇོག་པ་དང་བཙོངས་ཏེ་གླུད་ཟ་བ་སོགས་མ་གུས་པའི་ལས་ཐམས་ཅད་སྤང་བར་བྱ་སྟེ། དགག་སྒྲུབ་ཀྱི་བསླབ་བྱ་རྒྱས་པར་གཞན་ལས་ཤེས་དགོས་ཤིང་། འདིར་ནི་ལས་དང་པོ་བ་ལ་ཉེ་བར་མཁོ་བ་རགས་པ་ཙམ་ཞིག་བསྡུས་པ་ཡིན་ནོ། །གཉིས་པ་དབང་གི་དམ་ཚིག་ལམ་དུ་ཁྱེར་བ་ནི། སྔར་གདམས་པའི་དབང་གི་གེགས་བརྒྱད་པོ་དེ་ཤེས་པར་བྱས་ནས་འབད་པས་བསྲུང་བའོ། །གསུམ་པ་ལྷ་ལམ་དུ་ཁྱེར་བ་ནི། རང་ཉིད་གསང་བདག་གི་སྐུའི་རྣམ་པ་མེ་ལོང་ནང་གི་གཟུགས་བརྙན་ལྟར། སྣང་ལ་འཛིན་པ་མེད་པའི་ལྷ་སྐུ་གསལ་སྟོང་དུ་ལམ་དུ་ཁྱེར་རོ། །བཞི་པ་སྙིང་པོ་ལམ་དུ་ཁྱེར་བ་ནི། ངག་ཏུ་ༀ་ནཱི་ལཾ་ཝ་ར་དྷ་ར་སོགས་ཅི་ནུས་བཟླ་ཞིང་། དེ་ཡང་སྔགས་ཀྱི་སྒྲ་གདངས་གྲགས་སྟོང་དུ་ལམ་དུ་ཁྱེར་བ་སྟེ། དེ་ལྟར་ཚུལ་བཞིན་དུ་བསྒྲུབ་པར་བགྱིའོ་སྙམ་པས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། །ཅེས་ཁས་བླང་། དབང་རྫོགས་པར་ཐོབ་པར་གཏང་རག་གི་ཡོན་དུ་མཎྜལ་ཕུལ། ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་རྒྱ་མཚོ་དང་བཅས་པ་འབུལ་ན་ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱོད་ལ་བདག་ནི་འབུལ་ལགས་ན། །ཁྱོད་ཀྱི་སློབ་མར་བཟུང་བ་དང་། །ཆ་ཤས་ཀྱིས་ཀྱང་སྤྱད་དུ་གསོལ། །ཞེས་བརྗོད་དུ་གཞུག །དེས་རང་གཞན་གྱི་དོན་རྒྱ་ཆེན་པོ་གྲུབ་པ་ཡིན་པས་དགེ་བ་བླ་ན་མེད་པའི་བྱང་ཆུབ་དུ་བསྔོ་བའི་འདུན་པས། བསོད་ནམས་འདི་ཡིས་སོགས་ཀྱིས་བསྔོས་ཏེ། སློབ་མ་རྣམས་རང་གནས་སུ་བཏང་ནས། རྗེས་ཆོག་རྣམས་སྒྲུབ་ཐབས་ལྟར་བྱའོ། །གླེང་གཞིའི་མན་ངག་དང་འབྲེལ་བར། །སྒོ་འབྱེད་གསང་བདག་དབང་བསྐུར་ཁྲིགས། །ཆོས་འདིར་མོས་པའི་བློ་གསལ་ལ། །ཕན་ཕྱིར་གོ་བདེའི་དཔལ་འདི་བསྐྲུན། །འདུས་པ་མདོའི་དབང་ཆོག་རྡོ་རྗེའི་ཐེམ་སྐས་ལས། སྔོན་འགྲོ་སྒོ་འབྱེད་ཀྱི་དབང་ཆོག་བཤད་པའི་སྐབས་ཏེ་གཉིས་པའོ།། །།

ཡན་ལག་གི་དཀྱིལ་འཁོར་དྲུག་ཏུ་མན་ངག་གི་ལུགས་ཀྱི་ཕྱི་དབང་རྒྱུད་ཀྱི་ཆུ་བོ་བསྐུར་བའི་དབང་ཆོག་བཤད་པའི་སྐབས།

༈ ༀ་སྭ་སྟི། སྲིད་པའི་འགྱུར་བ་སྒྲིབ་མེད་དུ། །གཟིགས་ནས་མངོན་མཐོའི་ལམ་སྟེགས་ལས། །བདེ་ཆེན་རྡོ་རྗེར་འདྲེན་མཛད་དེར། །བཏུད་ནས་ལྷ་མིའི་དབང་ཆོག་བཤད། །ད་ནི་དངོས་གཞི་ཆུ་བོ་བཞིའི་དབང་བསྐུར་བ་ལས། ཐོག་མར་མདོ་ཡོངས་རྫོགས་ཀྱི་དབང་དུ་བྱས་པ་ཡན་ལག་གི་དཀྱིལ་འཁོར་དུ་ཕྱི་དབང་བསྐུར་བ་ལ་དྲུག་གི། དང་པོ་ལྷ་མིའི་ཐེག་པའི་དབང་ནི། དཀྱིལ་འཁོར་བཤམ་སྒྲུབ་གཏོར་ཆོག་དང་བཅས་པ་སྒྲུབ་ཐབས་ལྟར་གྲུབ་རྗེས། བདག་འཇུག་གི་དོད་ནི། སློབ་དཔོན་བདག་ཉིད་ཤཱཀྱ་ཐུབ་པར་གསལ་བ་ལ། སྣང་རིག་གི་བཅུད་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་པ་སྤྱི་བོ་ནས་ཐིམ་པས། སྤྱི་བོར་རིན་པོ་ཆེ་འབར་བས་མཚན་པར་གྱུར། དེ་ལས་འོད་ཟེར་སྣ་ཚོགས་འཕྲོས། །དཀྱིལ་འཁོར་གྱི་ལྷ་དང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མཆོད། དེ་དག་གི་བྱིན་རླབས་འོད་ཟེར་གྱི་རྣམ་པར་རང་ལ་ཐིམ་པས་རྗེས་སུ་གནང་བ་ཐོབ། ཡང་སྤྱི་བོའི་རིན་པོ་ཆེ་ལས་འཕྲོོས་པའི་འོད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དགོས་འདོད་རེ་བ་ཡིད་བཞིན་དུ་སྐོང་བའི་ཡི་གེ་དབྱངས་གསལ་གྱི་རྣམ་པར་བསྡུས་ནས་རང་ལ་ཐིམ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་བསམ་མོ། །དེ་ནས་སློབ་མ་གཞུག་པ་ནི། དྲིའི་ཆུས་ཁྲུས་བྱ། བགེགས་གཏོར་བཏང་ལ་མཚམས་བཅད། སེམས་བསྐྱེད་དང་ཆོས་ཉན་པའི་ཀུན་སྤྱོད་སྔར་ལྟར་གསལ་བཏབ་ཅིང་ཉན་པར་བསྐུལ་ནས། འདིར་གང་གསན་པར་བྱ་བའི་ཆོས་ནི་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་མངའ་བ་དེ་ཉིད་ཀྱིས་སེམས་ཅན་རྣམས་ཀྱི་བསམ་པ་དང་། དབང་པོ་དང་། སྐལ་པའི་ཁྱད་པར་དང་རྗེས་སུ་མཐུན་པའི་ཆོས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ཐམས་ཅད་ཀྱང་བསྡུ་ན་གཉིས་སུ་འདུ་སྟེ། རིག་པ་རང་ཤར་ལས། ཀྱེ་ཧོ་གསང་བའི་རྡོ་རྗེ་འཛིན། །ང་ཡི་ཐེག་པ་བསམ་ཡས་ཀྱང་། །བཤད་ལུགས་རྣམ་པ་གཉིས་སུ་འདུས། །འཁོར་བ་དང་ནི་མྱ་ངན་འདས ། །ཞེས་པས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཐེག་པ་གཉིས། དེ་གཉིས་ཀྱི་ཁྱད་པར་ནི། ཐབས་གང་གིས་མཐར་ཕྱིན་པར་བསྒྲུབས་པས་འབྲས་བུ་འཇིག་རྟེན་ལས་འཕགས་ནུས་མི་ནུས་ཀྱིས་ཕྱེ་བའོ། །དེ་ལ་ཐོག་མར་འཇིག་རྟེན་ལྷ་མིའི་ཐེག་པ་ནི། ངན་སོང་ལ་འཇིགས་ནས་མཐོ་རིས་ཀྱི་བདེ་འབྲས་དོན་དུ་གཉེར་བས་མངོན་མཐོའི་རྟེན་སྒྲུབ་བྱེད་དེ། ཕ་རོལ་ཏུ་ཕྱིན་པའི་མན་ངག་སྐྱེས་བུ་གསུམ་གྱི་ལམ་རིམ་དང་སྦྱར་ན། འཇིགས་སྐྱོབ་དང་ལེགས་སྨོན་ཙམ་ལ་བསྟེན་པ་སྐྱེས་བུ་ཆུང་དུའི་ལམ་སྟེ། འདིའི་ཐེག་པ་ནི། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་ལྡན་པས་དགེ་བཅུའི་ལས་ལམ་ལ་སྤྱད་པའི་འབྲས་བུ་མི་དང་འདོད་ལྷ། དེའི་སྟེང་དུ་བསམ་གཏན་བཞི་དང་གཟུགས་མེད་པའི་སྙོམས་འཇུག་སོགས་ལ་བརྟེན་ནས་ཁམས་གོང་མའི་ལྷའི་གོ་འཕང་བགྲོད་པ་ཡིན་པས། ལང་གཤེགས་སུ་སྔ་མ་ལྷའི་ཐེག་པ་ཞེས་གཙོ་བོའི་སྒྲས་སྨོས་པ་དང་། ཕྱི་མ་ལ་འདོད་ཉོན་གྱིས་གཙང་བས་ཚངས་པའི་ཐེག་པ་ཞེས་གསུངས་ཤིང་། དེའང་རིན་ཆེན་ཕྲེང་བ་ལས། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་པ་གམ་ན་འདུག །ཅེས་པས་འདི་ནི་ཐེག་པ་ཐམས་ཅད་ཀྱི་གཞིའམ་ལམ་སྟེགས་སུ་གྱུར་པ་ཡིན་ནོ། །གཉིས་པ་འཇིག་རྟེན་ལས་འདས་པའི་ཐེག་པ་ལ། སྤྱི་མདོ་ལས། ལངྐའི་བདག་པོ་གཞན་ཡང་གང་། །དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་བསྟན་པ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་བསྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་གསུམ་དུ་སྣང་བ་ལ། དང་པོ་ཀུན་འབྱུང་འདྲེན་པའི་ཐེག་པ་ལའང་གསུམ་སྟེ། འཁོར་བ་ལས་རང་གཅིག་པུ་ཐར་འདོད་ཀྱི་བློས་གང་ཟག་གི་བདག་མེད་རྟོགས་པའི་ཐབས་སུ་གྱུར་པ་ཉན་ཐོས་ཀྱི་ཐེག་པ་དང་། དེའི་སྟེང་དུ་རྟེན་འབྲེལ་གྱི་ལམ་ཟབ་མོ་བསྒོམ་པས་བདག་མེད་ཕྱེད་དང་གཉིས་རྟོགས་ཀྱི་ཐབས་སུ་གྱུར་པ་རང་རྒྱལ་གྱི་ཐེག་པ་དང་། ཆོས་ཐམས་ཅད་བདག་མེད་པར་རྟོགས་ཤིང་སྙིང་རྗེ་ཆེན་པོས་གཞན་དོན་རླབས་པོ་ཆེ་ལ་སྤྱོད་པའི་ཐབས་སུ་གྱུར་པ་བྱང་ཆུབ་སེམས་དཔའི་ཐེག་པ་སྟེ། དང་པོ་གཉིས་སྐྱེས་བུ་འབྲིང་པོ་དང་། ཐ་མ་སྐྱེས་བུ་ཆེན་པོའི་ལམ་སྟེགས་མཚན་ཉིད་སྡེ་གསུམ་མོ། །གཉིས་པ་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་ལའང་གསུམ་སྟེ། དོན་དམ་པར་མཐའ་བཞི་དང་བྲལ་བའི་དག་པར་རྟོགས་པས་ཀུན་རྫོབ་ཏུ་དངོས་གྲུབ་གཞན་ལ་རེ་ཞིང་རྩོལ་བའི་ཐབས་སུ་གྱུར་པ་ཀྲི་ཡའི་ཐེག་པ་དང་། ལྟ་སྒོམ་ཡོ་ག་དང་སྤྱོད་པ་བྱ་བ་དང་ཆ་འདྲ་བར་སྤྱོད་པས་དངོས་གྲུབ་པའི་ཐབས་སུ་གྱུར་པ་ཨུ་པ་ཡའི་ཐེག་པ་དང་། དོན་དམ་མཚན་མ་མེད་པའི་ཆོས་ཉིད་ཀྱི་བྱིན་རླབས་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་ལྷར་བརྟགས་ཏེ་རྟོག་པ་བཟང་ངན་བླང་དོར་གྱི་རྩོལ་བས་འབྲས་བུ་སྒྲུབ་པའི་ཐབས་སུ་གྱུར་པ་ཡོ་གའི་ཐེག་པ་སྟེ་ཕྱི་རྒྱུད་སྡེ་གསུམ་མོ། །གསུམ་པ་དབང་བསྒྱུར་ཐབས་ཀྱི་ཐེག་པ་ལའང་གསུམ་སྟེ། ཐབས་བསྐྱེད་པའི་རིམ་པ་ལ་གཙོ་བོར་བརྟེན་པའི་སྒོ་ནས་ལྷག་པ་བདེན་པ་དབྱེར་མེད་ཀྱི་དོན་ལ་རྟོགས་གོམས་ཀྱི་སྦྱོར་བས་གྲོལ་བ་སྟེར་བའི་ཐབས་སུ་གྱུར་པ་བསྐྱེད་པ་མ་ཧཱ་ཡོ་གའི་ཐེག་པ་དང་། ཤེས་རབ་རྫོགས་པའི་རིམ་པ་ལ་གཙོ་བོར་བརྟེན་པའི་སྒོ་ནས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་དོན་ལ་རྟོགས་གོམས་ཀྱི་སྦྱོར་བས་གྲོལ་བ་ཐོབ་པའི་ཐབས་སུ་གྱུར་པ་རྫོགས་པ་ཨ་ནུ་ཡོ་གའི་ཐེག་པ་དང་། ཡེ་ནས་སངས་རྒྱས་པའི་དོན་རང་ཐོག་ཏུ་གྲོལ་བར་བྱེད་པའི་ཐབས་མཆོག་སྤང་བླང་རེ་དོགས་དང་བྲལ་བའི་རང་བཞིན་ཅན་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་སྟེ་ནང་རྒྱུད་སྡེ་གསུམ་མོ། །དེ་ལྟར་ངེས་ལེགས་སམ་རྣམ་པར་གྲོལ་བའི་ལམ་ལ་ཐེག་པ་དགུར་ཕྱེ་བ་ལས། འདིར་ཐེག་པ་བརྒྱད་པ་སྟེ། ལུང་ཨ་ནུ་ཡོ་ག་འདུས་པ་ཆེན་པོ་མདོའི་དཀྱིལ་འཁོར་དུ་དབང་བསྐུར་བར་བྱེད་པ་ཡིན་ལ། དེ་ལའང་འགྲེལ་པ་ལུང་བསྟན་མ་ལས། ཇི་ལྟར་རྒྱལ་སྲས་བཅས་པ་ལ། །མཛེས་པའི་ཡོན་ཏན་རྫོགས་པ་ཡིས། །དབང་བསྐུར་ཁུངས་སུ་ཡིད་ཆེས་ནས། །དམ་པ་བརྒྱུད་པའི་མན་ངག་གིས། །རྗེས་འཇུག་ཏུ་ཡང་ཤེས་པར་བྱ། །ཞེས་དང་། དབང་དོན་བསྡུས་པ་ལས་ཀྱང་། །སེམས་ཅན་རྣམས་ཀྱི་དོན་ཆེད་དུ། །དབང་གི་དོན་རྣམས་བསྡུ་བར་བྱ། །ཆུ་བོ་ཆེན་པོ་བཞི་རྣམས་ལ། །སྔོན་བྱུང་དང་ནི་རྗེས་སུ་འཇུག །ཅེས་པས་སྔོན་བྱུང་རྒྱལ་བའི་མཛད་སྤྱོད་ཀྱི་སྒོ་ནས་གདུལ་བྱ་སྤྲོ་བ་བསྐྱེད་པའི་དབང་དང་། རྗེས་འཇུག་གང་ཟག་ཉམས་ལེན་གྱི་སྒོ་ནས་གདུལ་བྱ་ཆུད་མི་ཟ་བར་བྱེད་པའི་དབང་གཉིས་ལས། དང་པོ་སྔོན་བྱུང་གི་དབང་ནི། དེ་ཉིད་ལས། སྔོན་བྱུང་ཆུ་བོ་རྣམ་བཞི་ལ། །ཡུལ་དང་དབང་པོ་དགོས་ཆེད་དང་། །ཐབས་དང་རྟགས་དང་གནས་དང་དྲུག །ཅེས་དོན་དྲུག་ཏུ་བསྡུ་བར་མཛད་པའི་སྔོན་བྱུང་གི་དབང་གི་གོ་དོན་ནི། སྤྱིར་སློབ་དཔོན་རྫོགས་པའི་སངས་རྒྱས་ཀྱིས། སློབ་བུ་རྒྱུའི་ཐེག་པའི་མི་སློབ་ལམ་བརྙེས་པའི་རྒྱལ་བ་དང་། སྔགས་རང་ལུགས་ཀྱི་མཐར་ལམ་རྒྱུན་ཐ་ལ་བཞུགས་པའི་རྒྱལ་ཚབ་སྐྱེས་བུ་དམ་པ་རྣམས་ལ། རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འབྲས་དུས་ཀྱི་དབང་བསྐུར་བས། མཐར་ཐུག་གི་འབྲས་བུའི་གོ་འཕང་ལ་སྦྱོར་བར་བྱེད་པ་སྟེ། དབང་ཆོག་ལས། སངས་རྒྱས་རྡོ་རྗེ་འཛིན་པ་ལ། །ས་མཐའི་སེམས་དཔའ་ཆེན་པོ་ཡིས། །ཇི་ལྟར་མཆོད་ཅིང་ཞུས་པ་ལྟར། །ཞེས་པ་དང་། གཞན་ལས་ཀྱང་། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །ཞེས་གསུངས་པ་བཞིན་ནོ། །ཁྱད་པར་སྤྱི་མདོའི་སྐྱེས་བུ་དམ་པ་དང་དབང་ཐོབ་པའི་ལེའུར། ལ་ལས་ནི་རྒྱུད་ཀྱི་ཆུ་བོའི་དབང་གིས་དབང་བྱིན་ནོ། །ལ་ལས་ནི་འབྱུང་བའི་ཆུ་བོའི་དབང་གིས་དབང་བྱིན་ནོ། །ལ་ལས་ནི་གྲགས་པའི་ཆུ་བོའི་དབང་གིས་དབང་བྱིན་ནོ། །ལ་ལས་ནི་རྫོགས་པའི་ཆུ་བོའི་དབང་གིས་དབང་བྱིན་ནོ། །ཞེས་སྔོན་བྱུང་གི་ཆུ་བོ་བཞི་རྒྱལ་ཚབ་སྐྱེས་བུ་ལྔ་ལ་ཐུན་མོང་དུ་བསྐུར་བའང་མི་འགལ་ཞིང་། བྱེ་བྲག་ཚུལ་བསྟན་གྱི་དབང་དུ་བྱས་ན་དམ་པ་ཏོག་དཀར་པོ་སོགས་བཞི་ལ་སྐལ་པ་ཆེ་ཆུང་གིས་ཐུན་མིན་དུ་སོ་སོར་བསྐུར་བའང་བཤད་དོ། །གཉིས་པ་རྗེས་འཇུག་གི་དབང་ལའང་། རྗེས་འཇུག་ལམ་པའི་དབང་དང་། ལས་དང་པོ་པའི་དབང་གཉིས་ལས། དང་པོ་ལམ་པའི་དབང་ནི། དབང་དོན་རྣམ་པར་འབྱེད་པ་ལས། རྗེས་འཇུག་ལམ་པའི་གནས་སྐབས་ན། །རྒྱུན་ནི་རྣལ་འབྱོར་རྣམ་པ་ལྔ། །ཞེས་གསུངས་པ་ལྟར་མོས་སྤྱོད་ཀྱི་ལམ་དང་། མཐོང་སྒོམ་མཐར་གསུམ་སྟེ། སློབ་པའི་ལམ་བཞིར་གནས་པའི་སློབ་མ་ལ། རིམ་པར་ཆུ་བོ་བཞིའི་དབང་བསྐུར་བས། ལམ་གོང་མ་གོང་མ་ལ་སྦྱོར་བར་གསུངས་པའི་ཕྱིར། སློབ་དཔོན་གྱིས་རྗེས་འཇུག་ལམ་པའི་དབང་ཞེས་གསུངས་ཏེ། དོན་ལ་སྔ་མ་གསུམ་ལམ་དུས་ཀྱི་དབང་དངོས་དང་། ཕྱི་མ་གཅིག་པོ་འབྲས་དུས་ཀྱི་དབང་དུ་འདུ་བ་ཡིན་ནོ། །འདིར་ནི་དེ་དག་ལས་གཞན་དུ་གྱུར་པ། གཙོ་བོར་སྨིན་བྱེད་རྒྱུ་དུས་ཀྱི་དབང་སྟེ། རྗེས་འཇུག་ལས་དང་པོ་པའི་དབང་ཞེས་གྲགས་པ་གང་ཡིན་པའོ། །དེ་ཡང་དབང་དོན་བསྡུས་པ་ལས། རྗེས་འཇུག་ལས་ཀྱི་དང་པོ་ལ། །ཆུ་བོ་བཞི་ཡི་དབང་བསྐུར་བ། །ཡོ་ག་ལ་སོགས་ཐེག་དྲུག་ལ། །ཕྱི་དབང་རྒྱུད་ཀྱི་ཆུ་བོར་བྱ། །བསྐྱེད་པ་མ་ཧཱ་ཡོ་ག་ལ། །ནང་དབང་འབྱུང་བའི་ཆུ་བོས་བྱ། །རྫོགས་པ་ཨ་ནུ་ཡོ་ག་ལ། །སྒྲུབ་དབང་གྲགས་པའི་ཆུ་བོས་བྱ། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །གསང་དབང་རྫོགས་པའི་ཆུ་བོས་བྱ། །ཞེས་གསུངས་ཤིང་། དེ་ལའང་རྒྱུད་དང་མན་ངག་གི་ལུགས་ཀྱིས་བསྐུར་ཚུལ་གཉིས་ཏེ། །རང་བཞིན་གྱིས་སྣོད་དུ་གྱུར་པས་ཟབ་མོའི་དོན་ལ་མོས་པའི་སྐལ་ལྡན་ཁྱད་པར་ཅན་ལ་མདོ་རྩ་བའི་དཀྱིལ་འཁོར་དུ་ཆུ་བོ་བཞི་རྫོགས་ཀྱི་དབང་སུམ་ཅུ་རྩ་དྲུག་བསྐུར་བ་དང་། སྦྱངས་པས་སྣོད་དུ་གྱུར་པ་རྒྱ་ཆེ་བ་ལ་མོས་པའི་སྐལ་ལྡན་ལ་མདོ་ཡོངས་རྫོགས་ཀྱི་ལུགས་ཡན་ལག་གི་དཀྱིལ་འཁོར་སོ་སོར་ཕྱེ་བར་ཐེག་པ་ཐམས་ཅད་འདུས་པའི་མདོ་དབང་རྩ་བ་སོ་དྲུག་ལས་ཡན་ལག་རགས་པ་བརྒྱད་བརྒྱ་སོ་གཅིག་ཏུ་ཕྱེ་ནས་བསྐུར་བར་གསུངས་ཤིང་ལུགས་དེ་གཉིས་ཀ ས་ཡོ་ག་བཞི་རྫོགས་དང་། ཐེག་དགུའི་དབང་རྫོགས་པ་ལ་འདྲ་བ་ཡིན་ཏེ། རྩ་བ་སོ་དྲུག་གི་དབང་དུ་མཛད་ནས་དབང་དོན་རྣམ་པར་འབྱེད་པ་ལས། བཅུ་ཡིས་བྱང་ཆུབ་རིགས་ཅན་འགྱུར། །བཅུ་གཅིག་གསང་བ་ནང་པར་འགྱུར། །བཅུ་གསུམ་བླ་མ་ཆེན་པོར་གྲགས། །གཉིས་ཀྱིས་ཐེག་དགུའི་དབང་རྫོགས་པའོ། །ཞེས་འབྱུང་བ་ཡིན་ལ། དེས་ན་ཡན་ལག་གི་དཀྱིལ་འཁོར་སོ་སོར་ཕྱེ་བ་མདོ་ཡོངས་རྫོགས་ཀྱི་ལུགས་དེ་ཡང་། ཐེག་བརྒྱད་སྒོས་ཀྱི་ཆོ་ག་དེ་དང་དེ་སྟོན་པའི་མདོ་རྒྱུད་སོ་སོ་ནས་བསྡུས་ཏེ་སྤྱིའི་ཆོ་གར་བྱས་པ་ལྟ་བུ་ནི་མ་ཡིན་གྱི། ས་དང་པོ་འགྱུར་བ་མ་ངེས་པ་ནས། ས་བཅུ་པ་རྫོགས་པ་ཅིར་ཆིབ་ཀྱི་བར་ནོན་པར་བྱ་བའི་དོན་དུ། ལྷ་མིའི་དབང་ནས་བརྩམས་ཏེ། ཨ་ནུ་རང་ལུགས་ཀྱི་རྫོགས་རིམ་མཐར་ཐུག་པ་ཨ་ཏིའི་བར་ལ། བྱ་སྤྱོད་སོ་སོར་བགྲངས་པས་དབང་གི་རིམ་པ་བཅུ་བྱུང་བ་སྟེ། བྱ་སྤྱོད་གཅིག་ཏུ་བྱས་པའི་ཐེག་པ་དགུ་དང་ཚུལ་འདྲ་བས་ཐེག་དགུའི་དབང་ཞེས་གྲགས་ཤིང་། དེ་ཡང་ཆུ་བོ་བཞིས་ས་བཅུ་དང་རྣལ་འབྱོར་བཞི་རྫོགས་ཚུལ་གྱིས་མཚམས་ནི། ཕྱི་དབང་རྒྱུད་ཀྱི་ཆུ་བོ་རྫོགས་པས། ས་དང་པོ་འགྱུར་བ་མ་ངེས་པ་དང་། བདུན་པ་དམིགས་པ་འབྲས་བུ་སྐྱེ་བས་བར་གྱི་ས་བདུན་ནོན་ནས་ཡོ་ག་སྟེ་རྣལ་འབྱོར་དུ་འགྱུར། ནང་དབང་འབྱུང་བའི་ཆུ་བོ་ནོད་པས་ས་བརྒྱད་པ་གནས་པ་མི་གཡོ་བའི་ས་ནོན་ནས་རྣལ་འབྱོར་ཆེན་པོར་འགྱུར། སྒྲུབ་དབང་གྲགས་པའི་ཆུ་བོ་ནོད་པས་ས་དགུ་པ་བརྡལ་བ་ཆོས་ཉིད་ཀྱི་ས་ནོན་ནས་རྗེས་སུ་རྣལ་འབྱོར་དུ་འགྱུར། གསང་དབང་རྫོགས་པའི་ཆུ་བོ་ནོད་པས་ས་བཅུ་པ་རྫོགས་པ་ཅིར་ཆིབ་ཀྱི་ས་ནོན་ནས་ཤིན་ཏུ་རྣལ་འབྱོར་དུ་འགྱུར་པ་ཡིན་ཞིང་། དེ་ལྟ་བུའི་ལམ་སྟེགས་ཀྱི་ཐེག་པ་རྣམས་སོ་སོའི་ལམ་དང་ཚུལ་འདྲ་རུང་དུ་བྱུང་ཡང་། དོན་ལ་འབྲས་བུའི་ཐེག་པའི་ཐབས་མཁས་ཀྱིས་ཟིན་པས། ཐེག་པ་རང་རང་གི་སྤངས་ཐོབ་དང་རིགས་འདྲའི་ཡོན་ཏན་དེ་དང་དེ་སྐྱེ་བའི་མྱུར་ལམ་དུ་འགྱུར་པ་ཡིན་ནོ། །དེས་ན་འདིར་རྒྱུད་དང་མན་ངག་གི་ལུགས་ཀྱི་དབང་མདོ་ཁྱད་པར་བ་དང་། མདོ་ཡོངས་རྫོགས་ཀྱི་ལུགས་གཉིས་གཅིག་ཏུ་དྲིལ་ནས་བསྐུར་བ་ལས། ཐོག་མར་མདོ་ཡོངས་རྫོགས་ཀྱི་དབང་དུ་བྱས་པའི་ཕྱི་དབང་རྒྱུད་ཀྱི་ཆུ་བོའི་ཡན་ལག་གི་དཀྱིལ་འཁོར་དང་པོ་ལྷ་མིའི་ཐེག་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་སྐབས་སུ་བབས་པ་ཡིན། དེ་ལའང་གཉིས་ལས། སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་ནས། གཉིས་པ་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་བརྗོད། དེ་ལྟར་མཎྜལ་ཕུལ་ནས་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམས་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་མཆོག །གཙོ་བོས་བདག་ལ་བཀའ་དྲིན་གསོལ། །ཞེས་ལན་གསུམ། དེ་ནས་གཏན་ཁྲིམས་འབོགས་པ་ནི། ཕྱག་བཙལ་ནས་པུས་གཙུགས་ཐལ་སྦྱར་གྱིས་འདུག་ཏུ་བཅུག་ལ། ཁྱེད་ཅག་མངོན་མཐོའི་ཐེག་པ་ལ་བསླབ་པ་དེ་ལའང་། ལངྐར་གཤེགས་པ་ལས། ལྷ་ཡི་ཐེག་དང་ཚངས་པའི་ཐེག །ཅེས་གསུངས་པའི་ལྷའི་ཐེག་པ་ནི་བསམ་གཏན་གྱིས་ཡོངས་སུ་མ་བཟུང་བའི་དགེ་བཅུའི་ལས་ལམ་སྟེ། རྒྱས་པ་ལས། དགེ་བཅུ་སྤྱོད་ཅིང་མི་དགེ་སྤོང་བྱེད་པ། །འདོད་ཁམས་ལྷ་དང་མི་རུ་སྐྱེ་བའི་རྒྱུ། །ཞེས་གསུངས། དེའང་ལྷ་དང་ཚངས་པའི་ཐེག་པ་གཉིས་ཀྱིས་བགྲོད་པར་བྱ་བའི་རྟེན་གྱི་གང་ཟག་ལ་ནི། ཕྱི་རོལ་པ་དང་ནང་པ་གཉིས་ག་ཡོད་ནའང་། འདིར་ནི་རྣམ་གྲོལ་གྱི་ཐེག་པའི་ལམ་སྟེགས་ཡིན་པས་ནང་པའི་དབང་དུ་བྱས་ཏེ། རྒྱུད་བླར། བྱེད་གསུམ་ལ། མོས་པ་རྣམས་ཀྱི་དབང་མཛད་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཞེས་གསུངས་པ་ལྟར། འདིར་ཐར་པ་དོན་གཉེར་གྱི་བློ་མེད་པར། །སྐྱེས་བུ་ཆུང་ངུའི་བློས་ངན་སོང་གི་སྡུག་བསྔལ་ལ་འཇིགས་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཡིན་ནའང་། ད་རེས་བསམ་པ་ཡར་ལྡན་དུ་བྱས་ཏེ། བདག་གཞན་འཁོར་བའི་སྡུག་བསྔལ་ལས་ཐར་འདོད་ཀྱི་བློས་སྐྱབས་གསུམ་སྔོན་དུ་འགྲོ་བ་ཅན་གྱིས་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཡང་དག་པར་བླང་སྙམ་པས་འདིའི་རྗེས་ཟློས་མཛོད། སྔར་ཆོས་འབྲེལ་མེད་ན་བཙུན་པ་དང་། ཡོད་ན་སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །དགེ་འདུན་ལ་སུ་མཆིའོ། །བདག་ཇི་སྲིད་འཚོའི་བར་དུ་ལྷ་མིའི་ཐེག་པ་ལ་གནས་པར་སློབ་དཔོན་གྱིས་བཟུང་དུ་གསོལ། ཞེས་ལན་གསུམ་དང་། རུས་ཐབས་ཡིན་ནོ། །བུས་ལེགས་སོ་ཞེས་བརྗོད། དེ་ལྟར་དགེ་བཅུའི་ལས་ལམ་གྱི་ཁྲིམས་ཡང་དག་པར་ཐོབ་པ་དེའི་མི་མཐུན་ཕྱོགས་མི་དགེ་བཅུ་སྤངས་ཏེ། དེ་ལས་ལྡོག་པར་བགྱིའོ་སྙམ་པས། སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་འཕགས་པ་དགྲ་བཅོམ་པ་རྣམས་ཀྱིས་ལྷ་མིའི་ཐེག་པ་ལ་ཞུགས་ཏེ། ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་དང་། །མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། །རྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ངག་འཁྱལ་དང་། ཚིག་རྩུབ་པོ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བའི་ལས་མི་དགེ་བ་བཅུ་སྤངས་ཏེ། མི་དགེ་བ་བཅུ་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་མི་དགེ་བ་བཅུ་སྤངས་ཏེ། མི་དགེ་བ་བཅུ་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་བཅུ་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་རྣམས་ཀྱིས་བསླབས་པའི་ལྷ་མིའི་ཐེག་པ་བཟང་པོ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །ཞེས་ལན་གཅིག་དང་། རུས་ཐབས་ཡིན་ནོ། །བུས་ལེགས་སོ། །དེ་ནས་ཚངས་པའི་ཐེག་པ་ནི། །ཚད་མེད་བཞི་སྤྱོད་མི་གཡོ་སྒོམ་བྱེད་པ། །ཚངས་གནས་ལ་སོགས་སྐྱེ་བའི་རྒྱུ་ཡིན་ནོ། །ཞེས་པ་ལྟར་ཚངས་ཐེག་གི་ལམ་དངོས་བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་འཇུག་བཞི། ཚངས་ཐེག་གི་ཡོན་ཏན་ཁྱད་པར་ཅན་ཚད་མེད་བཞི་དང་། མངོན་པར་ཤེས་པ་ལྔ་རྣམས་ལ་ཚུལ་བཞིན་དུ་བསླབ་པར་བྱ་སྙམ་པས། སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་འཕགས་པ་དྲང་སྲོང་ཆེན་པོ་དེ་དག་གིས་བསམ་གཏན་དང་སྙོམས་འཇུག་གི་སེམས་བསྒྲུབས་ཏེ། བསམ་གཏན་དང་མངོན་པར་ཤེས་པ་བརྙེས་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཚད་མེད་པ་དང་། བསམ་གཏན་གྱི་སེམས་རྟོག་དཔྱོད་དང་བྲལ་བ་དང་། སྙོམས་འཇུག་མི་གཡོ་བ་དང་། གནས་ཏེ་འཕགས་པའི་བསམ་གཏན་དང་མངོན་པར་ཤེས་པ་ཐོབ་པར་བགྱིའོ། །ཇི་ལྟར་སྔོན་གྱི་འཕགས་པ་དྲང་སྲོང་ཆེན་པོ་རྣམས་ཀྱི་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །ཞེས་ལན་གསུམ་དང་། ཐབས་ལེགས་བྱའོ། །དེ་ནས་དུས་ཁྲིམས་ནི། འདོད་ལྷའི་གོ་འཕང་སྒྲུབ་པ་ཙམ་ལ་གསོ་སྦྱོང་མ་བླངས་ཀྱང་ཆོག་སྟེ། ཡང་དག་པའི་ལྟ་བས་ཟིན་པའི་དགེ་བཅུའི་ལས་ལམ་གྱིས་འགྲུབ་པའི་ཕྱིར། དེ་ལྟ་ནའང་འདོད་ལྷ་རིས་དྲུག་གི་རྟེན་ཁྱད་པར་ཅན་སྒྲུབ་པ་ལ་གསོ་སྦྱོང་བླངས་ན་བཟང་སྟེ། བཤེས་སྤྲིང་ལས། གསོ་སྦྱོང་འདོད་སྤྱོད་ལྷ་ལུས་ཡིད་འོང་བ། །སྐྱེས་པ་བུད་མེད་དག་ལ་སྩོལ་བར་བགྱི། །ཞེས་གསུངས། ཇི་ལྟར་ལེན་པའི་ཆོ་ག་ནི། གནས་འཇོག་གི་མདོ་ལས་གསུངས་པ་ལྟར་བླངས་ན་ལེགས་མོད་ཀྱི། འོན་ཀྱང་དབང་བསྐུར་ཡུལ་ཁྱིམ་པ་དང་རབ་བྱུང་ལ་ངེས་པ་མེད་ཅིང་། རབ་ཏུ་བྱུང་བ་ཡིན་ནའང་ཐེག་པ་ཆེན་པོའི་གསོ་སྦྱོང་བླང་བ་མི་འགལ་བས། འདིར་དེ་ལྟར་བླང་བར་བྱ་སྙམ་པས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། སློབ་དཔོན་བདག་ལ་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་རྟ་ཅང་ཤེས་ལྟ་བུ། གླང་པོ་ཆེན་པོ། བྱ་བ་བྱས་ཤིང་། བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། །སྲིད་པ་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་བཀའ། ལེགས་པར་རྣམ་པར་གྲོལ་བའི་ཐུགས། །ལེགས་པར་རྣམ་པར་གྲོལ་བའི་ཤེས་རབ་ཅན་དེ་དག་གིས། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང་། ཕན་པར་བྱ་བའི་ཕྱིར་དང་། །གྲོལ་བར་བྱ་བའི་ཕྱིར་དང་། །ནད་མེད་པར་བྱ་བའི་ཕྱིར་དང་། མུ་གེ་མེད་པར་བྱ་བའི་ཕྱིར་དང་། བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དུ་གསོ་སྦྱོང་ངེས་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བྱ་བས་ཀྱང་དུས་འདི་ནས་བཟུང་སྟེ་སང་ཉི་མ་མ་ཤར་གྱི་བར་དུ་གསོ་སྦྱོང་ངེས་པར་ཡང་དག་པར་བླང་བར་བྱའོ། །ཞེས་ལན་གསུམ་གྱིས་བླངས་ཏེ་ཐབས་ལེགས་བྱ། དེ་ནས་བསླབ་པ་བརྗོད་པའི་དོན་དུ་འདིའི་རྗེས་ཟློས། དེང་ནས་སྲོག་གཅོད་མི་བྱ་ཞིང་། །གཞན་གྱི་ནོར་ཡང་བླང་མི་བྱ། །འཁྲིག་པའི་ཆོས་ཀྱང་མི་བྱ་སྟེ། །རྫུན་གྱི་ཚིག་ཀྱང་མི་སྨྲའོ། །སྐྱོན་ནི་མང་པོ་ཉེར་བརྟེན་པའི། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཁྲི་སྟན་མཐོན་པོ་མི་བྱ་ཞིང་། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་འཕྲེང་བ་དང་ནི་རྒྱན། །གར་དང་གླུ་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོད་ལ་སོགས་མི་བྱེད་ལྟར། །དེ་བཞིན་སྲོག་གཅོད་ལ་སོགས་སྤང་། བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །སྡུག་བསྔལ་མང་འཁྲུགས་སེམས་ཅན་རྣམས། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ཅེས་ལན་གཅིག་དང་ཐབས་ལེགས་བྱ། འདི་ནི་ནམ་ལངས་ཀྱི་དུས་སུ་ལེན་དགོས་པས་དབང་བསྐུར་དང་དུས་མ་འགྲིག་ན། དེའི་ཞོགས་ཟུར་དུ་བླངས་ཀྱང་མི་འགལ་ཞིང་། གཞན་དུ་ལྷ་མི་ཙམ་པའི་དབང་དུ་བྱས་ན་སྔར་བཤད་པ་ལྟར་མ་བླངས་ཀྱང་ཆད་པའི་སྐྱོན་མེད་དོ། །དེ་ནས་ཆོས་བཤད་པ་ནི། ཐེག་པ་འདི་ནི་ཐེག་པ་ཀུན་གྱི་ཕྱི་མོའམ་གཞིར་གྱུར་པ་སྟེ། གང་དགེ་བ་བཅུའི་ལས་ཀྱི་ལམ་ལ་མི་སྤྱོད་པའི་ཐེག་པ་ནི་གང་ནའང་ཡོད་པ་མ་ཡིན་པའི་ཕྱིར་དང་། འདི་ནི་ཐེག་པ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའང་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་ཀྱེ་རྡོར་ལས། དགེ་བ་བཅུ་ལས་བརྩམས་ནས་ནི། །དེ་ཡི་ཆོས་ནི་རབ་ཏུ་དབྱེ། །ཞེས་དང་། སློབ་དཔོན་སངས་རྒྱས་གསང་བས་ཀྱང་། གཞི་ཡི་ཐེག་པའི་དང་པོར་ཞོག །ཅེས་གསུངས། དགེ་བཅུའི་ལས་ལམ་དང་བསམ་གཟུགས་ཀྱི་ལམ་མི་གཡོ་བའི་ལས་ལ་སྤྱོད་པ་འདི་དག་ཀྱང་། ཡང་དག་པའི་ལྟ་བ་ཞེས་བྱ་བ། འཇིག་རྟེན་ཕ་རོལ་དང་། ལས་འབྲས་ལ་ཡིད་ཆེས་པའི་ལྟ་བས་ངེས་པར་ཟིན་དགོས་ཏེ། དེ་ལས་ལྡོག་ནས་དགེ་བ་སྤྱད་ཀྱང་འབྲས་བུ་སྡུག་བསྔལ་དུ་སྨིན་པར་འགྱུར་ཏེ། བཤེས་སྤྲིང་ལས། གང་ཟག་ལོག་པར་ལྟ་བས་ལེགས་སྤྱད་ཀྱང་། །ཐམས་ཅད་རྣམ་པར་སྨིན་པ་མི་བཟད་ལྡན། །ཞེས་གསུངས་པ་ཡིན་ནོ། །དེ་བས་ན་ངན་སོང་གི་རྒྱུ་མི་དགེ་བ་སྤོང་བའི་དམ་ཚིག་དང་། འདོད་པའི་མཐོ་རིས་ཀྱི་རྒྱུ་ཡང་དག་པའི་ལྟ་བས་ཟིན་པའི་དགེ་བཅུའི་ལས་ལམ་དང་། ཁམས་གོང་མའི་རྒྱུ་བསམ་གཟུགས་ཀྱི་ཏིང་ངེ་འཛིན་དང་ཚད་མེད་བཞི་སོགས་སྒོམ་པ། ཁྱད་པར་དུའང་ངེས་ལེགས་ཀྱི་ཐེག་པའི་གཞིར་འགྲོ་བས་ཆོས་ཀྱི་རྒྱལ་པོ་ཐོབ་པའི་རྒྱུར་དཀོན་མཆོག་གསུམ་ལ་དད་པ་ཡང་དག་པ་བསྐྱེད་འཚལ་ལོ། །དེ་ལྟར་འཇུག་སྒོ་གྲུབ་ནས་དབང་བསྐུར་བ་དངོས་ལ་དམིགས་པ་འདི་བཞིན་དུ་མཛོད། ལྷ་དང་སློབ་དཔོན་ལ་གུས་འདུད་བྱས་པས། རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་ཐམས་ཅད་ངོ་བོ་རྒྱ་ཡིག་ཀུན་བཟང་དང་བོད་ཡིག་ཐུབ་དབང་ལ། རྣམ་པ་རྒྱ་ཡིག་ལྔ་བཅུ་དང་བོད་ཡིག་སུམ་ཅུའི་རྣམ་པར་བྱོན་ཏེ། སློབ་དཔོན་དང་དབང་རྫས་རྣམས་ལ་ཐིམ། དེ་ནས་དབང་བསྐུར་བའི་ཚེ་བླ་མ་དང་། །དབང་རྟེན་དཀྱིལ་འཁོར་དང་ཙཀ་ལི་རྣམས་ལས། གང་བསྐུར་བའི་རྫས་དེ་དང་དེ་མར་མེ་གཅིག་ལས་གཉིས་ཆད་ཀྱི་རྣམ་པར་བྱུང་སྟེ། སོ་སོ་རང་རང་ལ་ཐིམ་པས་དགོས་འདོད་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་གྱུར་སྙམ་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ། ཐོག་མར་ལྷ་མིའི་ཆས་འཇུག་གི་དབང་བཅུ་གཅིག་ལས། དང་པོ་དབུ་རྒྱན་བསྐོན་ཏེ། ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཤིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རླབས་ཀྱིས། རིགས་ཀྱི་བུ་ལ་རིན་པོ་ཆེ་ཅོད་པན་གྱི་དབང་བསྐུར་བས་རྒོལ་བའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །གཉིས་པ་ཡུམ་གྱི་ཙཀླི་སྤྱི་བོར་བཞག་སྟེ། ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན༴ རིགས་ཀྱི་བུ་ལ་ཡུམ་གྱི་ཕྱག་གིས་རེག་ཅིང་དབང་བསྐུར་བས་ཉོན་མོངས་པའི་སྡུག་བསྔལ་ཐམས་ཅད་ཞི་བར་གྱུར་ཅིག །གསུམ་པ་སེང་ཕྲུག་ཟུང་གཏད་དེ། ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ༴ རིགས་ཀྱི་བུ་ལ་སེང་ཕྲུག་ཟུང་གཅིག་གི་དབང་བསྐུར་བས་རྒོལ་བའི་ཕྱོགས་ཐམས་ཅད་ཟིལ་གྱིས་གནོན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བཞི་པ་གླང་ཆེན་ཕྲུ་གུ་ཟུང་གཏད་དེ། ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ། །རིགས་ཀྱི་བུ་ལ་གླང་པོ་ཆེའི་ཕྲུ་གུ་ཟུང་གཅིག་གི་དབང་བསྐུར་བས་འཇིག་རྟེན་འདེགས་པའི་སྟོབས་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ལྔ་པ་ཀ་ཤི་ཀའི་རས་ཟུང་གཏད་དེ། ན་མོ། ཕྱོགས་བཅུ་དུས་གསུམ་གྱི༴ རིགས་ཀྱི་བུ་ལ་ན་བཟའ་ཀ་ཤི་ཀའི་རས་ཀྱི་དབང་བསྐུར་བས་མཁྱེན་པའི་ཡེ་ཤེས་གསལ་ཞིང་མ་འདྲེས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དྲུག་པ་བུམ་ཆུ་སྤྱི་བོར་གཏིགས་ཤིང་བླུད་དེ། ན་མོ། ཕྱོགས་བཅུ་དུས་གསུམ་གྱི༴ རིགས་ཀྱི་བུ་ལ་བུམ་རྫས་ཆུའི་དབང་བསྐུར་བས་ཉོན་མོངས་པའི་བག་ཆགས་ཀྱི་དྲི་མ་བྱང་ཞིང་དག་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བདུན་པ་མིང་དབང་ནི། དོན་ཐམས་ཅད་གྲུབ་པ་ཞེས་པ་མི་དང་ལྷའི་རྒྱལ་པོ་ལྟ་བུའི་མིང་མཐོ་རིས་ལས་གྲགས་པ་བཏགས་ཏེ། ན་མོ། ཕྱོགས་བཅུ་དུས་གསུམ་གྱི། རིགས་ཀྱི་བུ་ལ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བའི་མིང་གི་དབང་བསྐུར་བས་ཤེས་བྱ་ལ་མ་རྨོངས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བརྒྱད་པ་རྒྱན་ཆས་གཏད་དེ། ན་མོ། ཕྱོགས་བཅུ་དུས་གསུམ་གྱི༴ རིགས་ཀྱི་བུ་ལ་རྒྱན་གྱི་བྱེ་བྲག་གི་དབང་བསྐུར་བས་འགྲོ་བ་ཐམས་ཅད་ཀྱི་སེམས་ཤེས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དགུ་པ་ཡིག་ཤིང་གཏད་དེ། ན་མོ། ཕྱོགས་བཅུ་དུས་གསུམ་གྱི༴ རིགས་ཀྱི་བུ་ལ་ཡིག་ཤིང་གི་དབང་བསྐུར་བས་ཆོས་ཀྱི་སྒྲ་སྒྲོག་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བཅུ་པ་མདའ་གཞུ་གཏད་དེ། ན་མོ། ཕྱོགས་བཅུ་དུས་གསུམ་གྱི༴ རིགས་ཀྱི་བུ་ལ་གནམ་རུ་ཟུང་གཅིག་གི་དབང་བསྐུར་བས་སྙན་པའི་སྒྲ་སྒྲོག་ཅིང་བདུད་དཔུང་འདུལ་བའི་འཕོངས་རྩལ་དང་ལྡན་པར་གྱུར་ཅིག །བཅུ་གཅིག་པ་བཙུན་མོ་གཏད་དེ། ན་མོ། ཕྱོགས་བཅུ་དུས་གསུམ་གྱི༴ རིགས་ཀྱི་བུ་ལ་བཙུན་མོའི་དབང་བསྐུར་བས་བསྟན་པའི་རིགས་མི་ནུབ་ཅིང་ཇི་ལྟར་འདུལ་བ་དེ་བཞིན་དུ་འགྲོ་བའི་དོན་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་ལྟར་དགའ་ལྡན་དུ་བྱམས་པ་རྒྱལ་ཚབ་ཏུ་དབང་བསྐུར་བ་ནས། བཙུན་མོའི་འཁོར་གྱིས་དགྱེས་པར་རོལ་པའི་བར་ཏེ། གཞོན་ནུ་དོན་ཐམས་ཅད་གྲུབ་པ་ཁྱིམ་ན་སྤྱོད་པའི་རྣམ་ཐར་དང་རྗེས་སུ་མཐུན་པའི་དབང་བཅུ་གཅིག་བསྐུར་བས། མཐོ་རིས་ཀྱི་རྟེན་ཕུན་སུམ་ཚོགས་པ་ལ་བདག་གིར་སྤྱོད་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་མངོན་མཐོའི་རྟེན་སྒྲུབ་བྱེད་བླང་དོར་གྱི་གནས་ཤེས་པ་ནི་ཐོས་བསམ་ལ་རག་ལས་ཤིང་། དེ་ཡང་ཡི་གེའི་ཐ་སྙད་ལ་བརྟེན་དགོས་པས་ན་ལྷ་མིའི་དབང་གི་གཙོ་བོ་ཨཱ་ལི་ཀཱ་ལིའི་ཡི་གེའི་དབང་བསྐུར་བ་ལས། རྒྱ་ཡིག་ལྔ་བཅུའི་གཟུགས་རིམ་པར་ཐོགས་ཏེ། ཨཱ་ཨཱ་མ་སྐྱེས་ཡེ་ཤེས་ཡིན། །རང་བཞིན་ཐམས་ཅད་སྟོང་པར་སྟོན། །ཀ་ནི་བྱ་བའི་ཡེ་ཤེས་ཏེ། །ལས་ཀྱིས་ཐམས་ཅད་གྲོལ་བར་སྟོན། ཁ་ནི་ཁྱབ་པར་བྱེད་པའི་སྒོ། །མི་དམིགས་ཐམས་ཅད་གྲོལ་བར་སྟོན། །ག་ནི་དོན་དུ་འགྱུར་བའི་སྒོ། །ཡུལ་མེད་ཐམས་ཅད་གྲོལ་བར་སྟོན། །གྷ་ནི་གནས་པའི་སྒོ་ཡིན་ཏེ། །གཅིག་ཏུ་མ་ངེས་གྲོལ་བར་སྟོན། །ང་ནི་འཛིན་པ་མེད་པའི་སྒོ། །འཛིན་བྲལ་ཐམས་ཅད་གྲོལ་བར་སྟོན། །ཙ་ནི་འགག་པ་མེད་པའི་སྒོ། །ཅིར་ཡང་སྣང་བ་ཐམས་ཅད་གྲོལ། །ཚ་ནི་འདའ་བ་མེད་པའི་སྒོ། །འབྲལ་བ་མེད་པས་ཐམས་ཅད་གྲོལ། །ཛ་ནི་མ་བྱུང་བ་ཡི་སྒོ། །མི་གནས་པས་ནི་ཐམས་ཅད་གྲོལ། །ཛྷ་ནི་རྙོག་པ་བྲལ་བའི་སྒོ། །དྲི་མ་དག་པས་ཐམས་ཅད་གྲོལ། །ཉ་ནི་སྤྱོད་དང་བྲལ་བའི་སྒོ། །བྱ་བ་མེད་པས་ཐམས་ཅད་གྲོལ། །ཊ་ནི་ང་རྒྱལ་མེད་པའི་སྒོ། །རི་བོ་མེད་པས་ཐམས་ཅད་གྲོལ། །ཋ་ནི་སྒྱུ་རྩལ་མེད་པའི་སྒོ། །བྱེད་པ་མེད་པས་ཐམས་ཅད་གྲོལ། །ཌ་ནི་འདྲེས་པ་མེད་པའི་སྒོ། །རྩོད་པ་མེད་པས་ཐམས་ཅད་གྲོལ། །ཌྷ་ནི་བསླུ་བ་མེད་པའི་སྒོ། །སྒྱུ་མ་ཐམས་ཅད་གྲོལ་བར་བྱེད། །ཎ་ནི་ཀུན་ཏུ་འགྱུར་བའི་སྒོ། །གཡོ་བ་བསྐྱོད་པས་ཐམས་ཅད་གྲོལ། །ཏ་ནི་ཐ་སྙད་མེད་པའི་སྒོ། །བརྗོད་པ་མེད་པས་ཐམས་ཅད་གྲོལ། །ཐ་ནི་རྟེན་དང་བྲལ་བའི་སྒོ། །གནས་པ་མེད་པས་ཐམས་ཅད་གྲོལ། །ད་ནི་གཏོང་དང་བྲལ་བའི་སྒོ། །ལེན་པ་མེད་པས་ཐམས་ཅད་གྲོལ། །དྷ་ནི་རང་བཞིན་མེད་པའི་སྒོ། །མཚན་ཉིད་མེད་པས་ཐམས་ཅད་གྲོལ། །ན་ནི་ཡུལ་དང་བྲལ་བའི་སྒོ། །འཛིན་པ་མེད་པས་ཐམས་ཅད་གྲོལ། །པ་ནི་ངེས་པར་འབྱུང་བའི་སྒོ། །འགག་པ་མེད་པས་ཐམས་ཅད་གྲོལ། །ཕ་ནི་དངོས་པོ་མེད་པའི་སྒོ། །ཅི་ཡང་མེད་པས་ཐམས་ཅད་གྲོལ། །བ་ནི་བརྗོད་པ་མེད་པའི་སྒོ། །བརྗོད་པ་མེད་པས་ཐམས་ཅད་གྲོལ། །བྷ་ནི་རྡུལ་དང་བྲལ་བའི་སྒོ། །རྟོག་པ་མེད་པས་ཐམས་ཅད་གྲོལ། །མ་ནི་ཆགས་པ་མེད་པའི་སྒོ། །རྟག་པ་མེད་པས་ཐམས་ཅད་གྲོལ། །ཡ་ནི་ཆགས་པ་མེད་པའི་སྒོ། །གོས་པ་མེད་པའི་ཐམས་ཅད་གྲོལ། །ཝ་ནི་རྒྱུ་རྐྱེན་མེད་པའི་སྒོ། །འབྲས་བུ་མེད་པས་ཐམས་ཅད་གྲོལ། །ར་ནི་སྐྱོན་དང་བྲལ་བའི་སྒོ། །དོར་བ་མེད་པས་ཐམས་ཅད་གྲོལ། །ལ་ནི་བླང་བ་མེད་པའི་སྒོ། །ཡོན་ཏན་མེད་པས་ཐམས་ཅད་གྲོལ། །ཤ་ནི་སྤྲོས་པ་མེད་པའི་སྒོ། །ཞི་བས་ཐམས་ཅད་གྲོལ་བར་བྱེད། ཥ་ནི་ཁུར་དང་བྲལ་བའི་སྒོ། །ལྕི་བ་མེད་པས་ཐམས་ཅད་གྲོལ། །ས་ནི་ཡང་དག་གསང་བའི་སྒོ། །ངེས་པས་ཐམས་ཅད་གྲོལ་བར་བྱེད། །ཧ་ནི་རྒྱུ་དང་བྲལ་བའི་སྒོ། །རྐྱེན་དང་བྲལ་བས་གྲོལ་བར་བྱེད། །ཀྵ་ནི་ཁམས་དང་བྲལ་བའི་སྒོ། །མཚན་ཉིད་མེད་པས་གྲོལ་བར་བྱེད། །ཨི་ཨཱི་མཐོང་བ་མེད་པའི་སྒོ། །གཟུགས་དང་བྲལ་བས་ཐམས་ཅད་གྲོལ། །ཨུ་ཨཱུ་ཐོས་པ་མེད་པའི་སྒོ། །སྒྲ་དང་བྲལ་བས་ཐམས་ཅད་གྲོལ། །ཨེ་ཨཻ་ཚོར་བ་མེད་པའི་སྒོ། །དྲི་དང་བྲལ་བས་གྲོལ་བར་བྱེད། །ཨོ་ཨ་ཚོར་བ་མེད་པའི་སྒོ། །རེག་དང་བྲལ་བས་ཐམས་ཅད་གྲོལ། །ཨཾ་ཨཿཆོ་འཕྲུལ་འབྱུང་བའི་སྒོ། །ཅིར་ཡང་སྣང་བས་ཐམས་ཅད་གྲོལ། །རྀ་རཱྀ་དངོས་དང་དངོས་མེད་དང་། །སྲིད་དང་སྲིད་མིན་སྟོང་པར་གྲོལ། །ལྀ་ལཱྀ་ཤེས་དང་ཤེས་བྱ་དང་། །སྟོང་དང་སྙིང་རྗེའི་བདག་པོ་གྲོལ། །གསུང་གི་འདུལ་བའི་དུས་བྱུང་ན། །དབྱངས་ཀྱི་ཡན་ལག་དྲུག་ཅུ་ལ། །སོགས་པའི་སྒྲ་སྐད་སྣ་ཚོགས་དང་། །ཡི་གེའི་གཟུགས་སུ་བསྟན་ནས་ནི། །འཁོར་བའི་ཁམས་སུ་སྣང་བར་བྱེད། །ཅིའི་ཕྱིར་ཞེ་ན་ཡི་གེ་ནི། །དེ་བཞིན་གཤེགས་པའི་རང་བཞིན་ཏེ། །ཐུགས་རྗེའི་རང་བཞིན་ཡིན་པས་ན། །ཐབས་ཀྱི་བྱེ་བྲག་སྣ་ཚོགས་ཀྱིས། །ཐམས་ཅད་གྲོལ་བར་མཛད་པ་ཡི། །དབང་བསྐུར་སྣང་བ་ཆེན་པོ་སྦྱིན། །ཞེས་བརྗོད་ཅིང་དབང་བསྐུར་རོ། །དེ་ནས་ཡུལ་ཐ་དད་ཀྱི་སྐད་དང་ཡི་གེ་ཐམས་ཅད་ཀྱང་སངས་རྒྱས་ཀྱི་མཐུའི་བྱིན་རླབས་གང་འདུལ་དང་འཚམས་པར་སྣང་བའི་ཕྱིར། ཡུལ་གང་དང་གང་དུ་དེ་དང་དེའི་སྐད་དང་ཡི་གེས་ཐ་སྙད་མཚོན་དགོས་པ་ཡིན་པས་ན་འདིར་བོད་ཡིག་གི་དབང་བསྐུར་བ་ནི། ཀཱ་ལི་སུམ་ཅུའི་གཟུགས་རིམ་པར་ཐོགས་ཏེ། ཀ་ནི་དབང་བྱེད་སྒྲོལ་བའོ། །ཞེས་པས་ཁམས་གསུམ་གྱི་སེམས་ཅན་ལ་དབང་བྱེད་ཅིང་ཉོན་མོངས་པ་སྒྲོལ་བར་བྱེད་པ་སྟེ། དེའི་བྱིན་རླབས་ཀྱིས་ཆོས་སྐུ་དོན་གྱི་གསུང་གཟུགས་བརྙན་དུ་བྱུང་བའི་གསུང་ཡི་གེ་འདིས་ཐམས་ཅད་ལ་དབང་བྱེད་ཅིང་ཉོན་མོངས་པ་སྒྲོལ་བའི་དབང་དང་ལྡན་པར་གྱུར་ཅིག །ཁ་ནི་ཁམས་གསུམ་ཡོངས་ཀྱི་རྒྱན། །ཞེས་པས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་རྒྱན་དུ་གྱུར་པ་སྟེ། དེའི་བྱིན་རླབས་ཀྱིས་ཆོས་སྐུའི་གསུང་གི་གཟུགས་བརྙན་ཡི་གེ་འདིས་སེམས་ཅན་གྱི་རྒྱན་དུ་གྱུར་ཏེ་འཁོར་བ་ལས་སྒྲོལ་བའི་དབང་དང་ལྡན་པར་གྱུར་ཅིག །ག་ནི་མ་ཆགས་དག་པར་མཛད། །ཅེས་པས་དུས་གསུམ་དུ་ཆོས་སྐུ་བདེ་བ་ཆེན་པོ་ཅི་ལའང་མ་ཆགས་ཤིང་རྣམ་པར་དག་པ་སྟེ། དེའི་བྱིན་རླབས་ཀྱིས་ཆོས་སྐུའི་གསུང་ཡི་གེ་འདིས་འགྲོ་བ་རྣམས་ཅི་ལའང་མ་ཆགས་ཤིང་རྣམ་པར་དག་པའི་དབང་དང་ལྡན་པར་གྱུར་ཅིག །ང་ནི་ང་མེད་ང་ལས་རྒྱལ། །ཞེས་པས་དུས་གསུམ་དུ་ཆོས་སྐུ་བདེ་བ་ཆེན་པོ་མཉམ་པ་ཉིད་ཀྱི་ངང་ལས་མ་གཡོས་ཤིང་མཚན་མ་ལས་རྒྱལ་བ་ཡིན་ཏེ། དེའི་བྱིན་རླབས་ཀྱིས་སེམས་ཅན་ཐམས་ཅད་ཆོས་དབྱིངས་མཉམ་པ་ཉིད་ཀྱི་ངང་ལས་མ་གཡོས་ཤིང་མཚན་མ་ལས་རྒྱལ་བའི་དབང་དང་ལྡན་པར་གྱུར་ཅིག །ཅ་ནི་གཉིས་མེད་དོན་རྟོགས་ཏེ། །ཞེས་པས་དུས་གསུམ་དུ་ཆོས་སྐུ་བདེ་བ་ཆེན་པོ་དེ་མཚན་མ་དང་མཚན་མེད་གཉིས་སུ་མེད་པ་སྟེ། དེའི་བྱིན་རླབས་ཀྱིས་སེམས་ཅན་ཐམས་ཅད་མཚན་མ་དང་མཚན་མ་མེད་པ་གཉིས་སུ་མེད་པའི་དབང་དང་ལྡན་པར་གྱུར་ཅིག །ཆ་ནི་ཐབས་དང་ཤེས་རབ་སྟེ། །ཞེས་པས་ཆོས་སྐུ་བདེ་བ་ཆེན་པོ་ལས་ཐབས་ཤེས་གཉིས་མེད་ཀྱི་སྤྲུལ་པ་ཇི་སྙེད་ཅིག་བྱུང་ནས་འགྲོ་བའི་དོན་བྱེད་དེ། དེའི་བྱིན་རླབས་ཀྱིས་ཐབས་ཤེས་ཟུང་དུ་འབྲེལ་བའི་དབང་དང་ལྡན་པར་གྱུར་ཅིག །ཇ་ནི་ཆོས་སྐུ་དག་པར་མཛད། །ཅེས་པས་ཆོས་སྐུ་བག་ཆགས་ཀྱིས་མ་གོས་ཤིང་རྣམ་པར་དག་པ་ཡིན་ཏེ་དེའི་བྱིན་རླབས་ཀྱིས་ཆོས་སྐུ་བག་ཆགས་ཀྱིས་མ་གོས་ཤིང་དག་པའི་དབང་དང་ལྡན་པར་གྱུར་ཅིག །ཉ་ནི་ཆོས་ཉིད་བརྡར་ཤ་གཅོད། །ཅེས་པས་ཆོས་ཉིད་རྒྱལ་བ་རྒྱ་མཚོ་དང་འདྲ་བ་ལ་རིག་པའི་ཡེ་ཤེས་རླབས་དང་འདྲ་བས་བརྡར་ཤ་གཅོད་པ་སྟེ། དེའི་བྱིན་རླབས་ཀྱིས་ཆོས་ཉིད་ཀྱི་རྒྱ་མཚོ་ལས་རིག་པ་ཡེ་ཤེས་ཀྱི་བྱིན་རླབས་ལ་དབང་བའི་དབང་དང་ལྡན་པར་གྱུར་ཅིག །ཏ་ནི་མཁས་པའི་འོད་ཟེར་ཅན། །ཞེས་པས་ཆོས་སྐུ་བདེ་བ་ཆེན་པོ་ཐུགས་རྗེའི་འོད་ཟེར་འབྱུང་བ་ཡིན་ཏེ། དེའི་བྱིན་རླབས་ཀྱིས་བུ་རྣམས་ཀྱི་སེམས་ལ་སྙིང་རྗེའི་འོད་ཟེར་འབྱུང་བའི་དབང་དང་ལྡན་པར་གྱུར་ཅིག །ཐ་ནི་དཀོན་མཆོག་འབྱུང་བའི་རྒྱུ། །ཞེས་པས་དུས་གསུམ་གྱི་ཆོས་སྐུ་བདེ་བ་ཆེན་པོ་ལ་དགོངས་པ་ཟབ་མོ་འབྱུང་བ་སྟེ། དེའི་བྱིན་རླབས་ཀྱིས་ཆོས་སྐུའི་དགོངས་པ་ཟབ་མོའི་ཡེ་ཤེས་རྟོགས་པའི་དབང་དང་ལྡན་པར་གྱུར་ཅིག །ད་ནི་རྒྱུ་འབྲས་གཉིས་མེད་ལ། །ཞེས་པས་ཆོས་སྐུ་བདེ་བ་ཆེན་པོ་ལ་རྒྱུ་འབྲས་ཀྱི་ཆོས་གཉིས་སུ་མེད་པ་ཡིན་ཏེ། དེའི་བྱིན་རླབས་ཀྱིས་འཁོར་བའི་སྡུག་བསྔལ་ལས་གྲོལ་ཏེ་མཉམ་པ་ཉིད་ཀྱི་ངང་དུ་བདེ་བའི་དབང་དང་ལྡན་པར་གྱུར་ཅིག །ན་ནི་སྡུག་བསྔལ་མེད་པས་བདེ། །ཞེས་པས་ཆོས་སྐུ་བདེ་བ་ཆེན་པོ་ལ་སྡུག་བསྔལ་མེད་ཅིང་ངང་གིས་བདེ་བ་སྟེ། དེའི་བྱིན་རླབས་ཀྱིས་འཁོར་བའི་སྡུག་བསྔལ་གཏན་སྤངས་ཏེ་ངང་གིས་བདེ་བའི་དབང་དང་ལྡན་པར་གྱུར་ཅིག །པ་ནི་ཐམས་ཅད་བསྐྱེད་པར་བྱེད། །ཅེས་པས་ཆོས་སྐུ་བདེ་བ་ཆེན་པོ་ལས་རིག་པའི་ཡེ་ཤེས་བསྐྱེད་པ་སྟེ། དེའི་བྱིན་རླབས་ཀྱི་གསུང་འདི་མཐོང་བ་ཙམ་གྱིས་གཞན་རིག་བསྐྱེད་པའི་དབང་དང་ལྡན་པར་གྱུར་ཅིག །ཕ་ནི་ཕ་རོལ་ཕྱིན་ལ་གནས། །ཞེས་པས་འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་ཅིང་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། དེའི་བྱིན་རླབས་ཀྱི་འཁོར་བའི་སྡུག་བསྔལ་ལས་ཕ་རོལ་ཏུ་སོན་ནས་མྱ་ངན་ལས་འདའ་བའི་དབང་དང་ལྡན་པར་གྱུར་ཅིག །བ་ནི་བདེ་བ་ཆེན་པོ་སྟེ། །ཞེས་པས་ཆོས་སྐུ་བདེ་བ་ཆེན་པོ་དེ་མཉམ་པ་ཆེན་པོའི་ངང་དུ་བདེ་བ་སྟེ། དེའི་བྱིན་རླབས་ཀྱིས་དངོས་པོ་དང་མཚན་མ་ཐམས་ཅད་མཉམ་པ་ཆེན་པོའི་ངང་དུ་བདེ་བའི་དབང་དང་ལྡན་པར་གྱུར་ཅིག །མ་ནི་སྲིད་གསུམ་ཡོངས་ཀྱི་མ། །ཞེས་པས་ཆོས་སྐུ་བདེ་བ་ཆེན་པོ་ཡོངས་ཀྱི་གཞི་མར་གྱུར་པ་སྟེ། དེའི་བྱིན་རླབས་ཀྱིས་སྲིད་པ་གསུམ་ལས་རྒྱལ་ཞིང་ཀུན་གྱི་གཞི་རྟེན་དུ་གྱུར་པའི་དབང་དང་ལྡན་པར་གྱུར་ཅིག །ཙ་ནི་འདུ་འབྲལ་མེད་པ་སྟེ། །ཞེས་པས་ཆོས་སྐུ་བདེ་བ་ཆེན་པོ་ནི་སྐུ་དང་ཡེཤེས་དང་སྟོབས་དང་མི་འཇིགས་པ་ལ་སོགས་པ་འདུ་འབྲལ་མེད་པའི་གནས་ཡིན་ཏེ། དེའི་བྱིན་རླབས་ཀྱིས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དབང་དང་ལྡན་པར་གྱུར་ཅིག །ཚ་ནི་དོན་དམ་ལུས་ལ་རྫོགས། །ཞེས་པས་དོན་དམ་ཆོས་ཀྱི་སྐུ་ནི་རྒྱུ་དང་འབྲས་བུའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ཏེ། དེའི་བྱིན་རླབས་ཀྱིས་ཆོས་སྐུའི་རྒྱུ་འབྲས་ཐམས་ཅད་ཡོངས་སུ་རྫོགས་པའི་དབང་དང་ལྡན་པར་གྱུར་ཅིག །ཛ་ནི་འབར་བའི་ཡུལ་ལ་གནས། །ཞེས་པས་ཆོས་སྐུ་ལས་ཐུགས་རྗེའི་འོད་ཟེར་འབར་བའི་གནས་ཏེ། དེའི་བྱིན་རླབས་ཀྱིས་ཐུགས་རྗེའི་འོད་ཟེར་འབྱུང་བའི་དབང་དང་ལྡན་པར་གྱུར་ཅིག །ཝ་ནི་མྱ་ངན་ཐམས་ཅད་འདུལ། །ཞེས་པས་ཆོས་སྐུ་བདེ་བ་ཆེན་པོའི་ངང་ལས་འཁོར་བའི་མྱ་ངན་ཐམས་ཅད་འདུལ་ཏེ། དེའི་བྱིན་རླབས་ཀྱིས་འཁོར་བའི་མྱ་ངན་ཐམས་ཅད་འདུལ་བའི་དབང་དང་ལྡན་པར་གྱུར་ཅིག །ཞ་ནི་གཞལ་ཡས་བདེ་བ་ཆེ། །ཞེས་པས་ཆོས་སྐུ་བདེ་བ་ཆེན་པོ་ཐམས་ཅད་ཀྱི་གནས་ཡིན་ཏེ། དེའི་བྱིན་རླབས་ཀྱིས་གཞལ་ཡས་ཁང་བདེ་བ་ཆེན་པོའི་དབང་དང་ལྡན་པར་གྱུར་ཅིག །ཟ་ནི་སྐྱེ་མེད་ཆོས་ལས་འཕགས། །ཞེས་པས་ཆོས་ཐམས་ཅད་རྒྱུ་རྐྱེན་ལས་མ་སྐྱེས་པ་སྟེ། དེའི་བྱིན་རླབས་ཀྱིས་ཆོས་ཉིད་གསལ་བའི་ཡེ་ཤེས་ཀྱིས་མ་རིག་པའི་མུན་པ་སེལ་བའི་དབང་དང་ལྡན་པར་གྱུར་ཅིག །འ་ནི་གོམས་པའི་ཚོགས་ལ་བརྩོན། །ཞེས་པས་ཆོས་སྐུ་བདེ་བ་ཆེན་པོའི་ངང་དུ་གསུང་གི་ཚོགས་རང་བཞིན་མེད་པར་སྒྲོག་པའི་དབང་དང་ལྡན་པར་གྱུར་ཅིག །ཡ་ནི་མཐར་བྱེད་ཕོ་ཉའི་བདག །ཅེས་པས་ཆོས་ཀྱི་སྐུ་ལས་གཟུགས་སྐུ་རྣམ་པ་གཉིས་བྱུང་ནས་འགྲོ་བའི་དོན་བྱེད་པའི་དབང་དང་ལྡན་པར་གྱུར་ཅིག །ར་ནི་གཅོད་བྱེད་ཡུལ་ལ་དབང་། །ཞེས་པས་ཡེ་ཤེས་ཀྱིས་གཅོད་པར་བྱ་བའི་ཡུལ་ཉོན་མོངས་པ་གཅོད་པའི་དབང་དང་ལྡན་པར་གྱུར་ཅིག །ལ་ནི་མཉམ་ཉིད་སྤྲུལ་པའི་སྐུ། །ཞེས་པས་ཆོས་ཉིད་མཉམ་པ་ཉིད་ལས་ཡེ་ཤེས་སྤྲུལ་པའི་སྐུ་བྱུང་སྟེ། སེམས་ཅན་གྱི་དོན་བྱེད་པའི་དབང་དང་ལྡན་པར་གྱུར་ཅིག །ཤ་ནི་སྣང་བྱེད་མཁའ་ལ་ཤར། །ཞེས་པས་ཆོས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་རོལ་པར་ཤར་ནས་འགྲོ་བའི་དོན་བྱེད་པའི་དབང་དང་ལྡན་པར་གྱུར་ཅིག །ས་ནི་འཁོར་བའི་རང་བཞིན་ཏེ། །ཞེས་པས་ཐུགས་ཕྱག་མཚན་སྣ་ཚོགས་བྱུང་ནས་འགྲོ་བའི་དོན་བྱེད་པའི་དབང་དང་ལྡན་པར་གྱུར་ཅིག །ཧ་ནི་ཐབས་མཁས་དབྱིངས་ནས་བྱོན། །ཞེས་པས་བདེ་བ་ཆེན་པོའི་དབྱིངས་ནས་ཐབས་ལ་མཁས་པའི་མཛད་སྤྱོད་བསམ་གྱིས་མི་ཁྱབ་པས་འགྲོ་དོན་མཐར་ཕྱིན་པའི་དབང་དང་ལྡན་པར་གྱུར་ཅིག །ཨ་ནི་སྐྱེ་མེད་ཆོས་ཀྱི་དབྱིངས། །ཞེས་པས་རྒྱུ་རྐྱེན་དང་བྲལ་བའི་དབྱིངས་ནས་འགྲོ་བའི་དོན་མ་འགགས་པར་ཤར་བས་འགྲོ་དོན་མཐར་ཕྱིན་པའི་དབང་དང་ལྡན་པར་གྱུར་ཅིག །ཅེས་བསྐུར་རོ། །དེ་ནས་ལྷ་དབང་བསྐུར་བ་ནི། དཀྱིལ་འཁོར་གྱི་ལྷ་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་རྣམ་པར་ལྷ་སོ་སོ་རིམ་པར་བྱོན་པ་སྤྱི་བོ་ནས་ཐིམ་པས་རྒྱུད་བྱིན་གྱིས་བརླབས་ཤིང་། ལྷ་དེ་དང་དེའི་སྐུར་ལམ་ལམ་གྱུར་པའི་མོས་པ་མཛོད། ལྷ་ཙཀ་རྣམས་རིམ་པར་ཐོགས་ཏེ། ན་མོ། མཆོད་འོས་རྣམས་ཀྱི་མཆོད་གནས་དམ་པ་ལྷ་མིའི་དཀྱིལ་འཁོར་གྱི་གཙོ་བོ་ལོངས་སྤྱོད་རྫོགས་པའི་སྐུ་བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ངན་སོང་ཐམས་ཅད་སྦྱོང་ཞིང་མངོན་ཤེས་དང་རྫུ་འཕྲུལ་སྟེར་བའི་དབང་ཐོབ་པར་གྱུར་ཅིག །ༀ་སརྦ་བིད་ༀ་ཨ་བྷི་ཥིཉྩ་ཨ། ན་མོ། མཆོད་འོས་རྣམས་ཀྱི་མཆོད་གནས་དམ་པ་ལྷ་མིའི་གཙོ་བོ་སྤྲུལ་པའི་སྐུ་མངོན་པར་དགའ་བའི་ཞིང་ཁམས་ན་བཅོམ་ལྡན་འདས་མི་བསྐྱོད་པ་སྐུ་མདོག་སྔོན་པོ་གཡས་ས་གནོན། གཡོན་མཉམ་བཞག་མཛད་པའི་སྐུ་མཐོང་བའམ། མཚན་ཐོས་པའམ། དེ་དྲན་པ་ཙམ་གྱིས་སྡིག་སྒྲིབ་དང་ངན་འགྲོ་ཐམས་ཅད་སེལ་ཞིང་མཐོ་རིས་དང་ཐར་པ་ཐོབ་པར་མཛད་དེ་དེའི་དབང་མཆོག་ཐོབ་པར་གྱུར་ཅིག །ན་མོ། མཆོད་འོས་རྣམས་ཀྱི་མཆོད་གནས་དམ་པ་ལྷ་མིའི་གཙོ་བོ་སྤྲུལ་པའི་སྐུ་སྟོང་གི་ལྷ་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ་གཡས་ས་གནོན། གཡོན་མཉམ་བཞག་ལྷུང་བཟེད་ཅན་གང་གིས་སྔོན་སྦྱིན་པའི་བསོད་ནམས་ཐོབ་པ་ལས་བསྔོས་ཏེ། བདག་མངོན་པར་རྫོགས་པ་སངས་རྒྱས་པ་ནི་བདག་གི་འཁོར་རྣམ་བཞི་འཚོ་བས་མི་བྲེལ་བའི་སྨོན་ལམ་གྲུབ་པའི་བྱིན་རླབས་ཀྱིས་སྟོང་ལ་བསྙེན་གནས་བསྲུངས་པས་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་མུ་གེའི་བསྐལ་པ་ལས་ཐར་བའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག །ན་མོ། མཆོད་འོས་རྣམས་ཀྱི་མཆོད་གནས་དམ་པ་ལྷ་མིའི་གཙོ་བོ་སྤྲུལ་པའི་སྐུ་ཉའི་ལྷ་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་མཉམ་བཞག་ཚེ་བུམ་ཅན་དེ་ཉིད་ཀྱིས་ཐོས་བསམ་སྒོམ་པའི་ཤེས་རབ་ཀྱི་བསོད་ནམས་ཐོབ་པ་ལས་བསྔོས་ཏེ། བདག་མངོན་པར་རྫོགས་པ་སངས་རྒྱས་པ་ན་བདག་གི་འཁོར་རྣམས་ཀྱིས་བདེ་བ་ཅན་གྱི་ཞིང་ཁམས་སུ་ཕྱིར་མི་ལྡོག་པའི་འཕགས་པ་ཐོབ་པར་སྨོན་ལམ་གྲུབ་པའི་བྱིན་རླབས་ཀྱིས་ཉ་ལ་བསྙེན་གནས་བསྲུངས་པས་ཕྱོགས་དུས་ཐམས་ཅད་དུ་མཚོན་གྱི་བསྐལ་པ་ལས་ཐར་པའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག །ན་མོ། མཆོད་འོས་རྣམས་ཀྱི་མཆོད་གནས་དམ་པ་ལྷ་མིའི་གཙོ་བོ་སྤྲུལ་པའི་སྐུ་ཚེས་བརྒྱད་ཀྱི་ལྷ་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོ་སྐུ་མདོག་མཐིང་ག་གཡས་མཆོག་སྦྱིན་ཨ་རུ་ར། གཡོན་མཉམ་བཞག་ལྷུང་བཟེད་ཅན། སྨོན་ལམ་གྱི་མཐུ་ལས་གང་གིས་བདག་གིས་མཚན་ལན་བདུན་བརྗོད་ཅིང་ཕྱག་འཚལ་བ་དང་། བསྐོར་བ་དང་། ཚེས་བརྒྱད་ལ་བསྙེན་གནས་བསྲུངས་པས་ཕྱོགས་དུས་ཐམས་ཅད་དུ་རྨི་ལམ་ངན་པ་དང་། མཚན་མ་རྩུབ་པ་དང་། མ་ངེས་པ་དང་། ཐེ་ཚོམ་དང་། ཡིད་གཉིས་དང་། ནད་ཀྱི་བསྐལ་པ་ལས་ཐར་པའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག །ན་མོ། མཆོད་འོས་རྣམས་ཀྱི་མཆོད་གནས་དམ་པ། ཉི་མ་ཤར་བ་ཤར་གྱི་ཕྱོགས། །ཤར་ཕྱོགས་མཐའ་ཡས་ཀྱི་ཐུབ་པའི་ཆོས་དང་། །གང་ཟག་ཆོས་ལྡན་རྣམས་སྐྱོང་བར་འཛམ་བུ་གླིང་དུ་མངའ་གསོལ་བ། དྲི་ཟའི་རྒྱལ་པོ་ཡུལ་འཁོར་སྲུང་གི་དབང་དམ་པ་ཐོབ་པར་གྱུར་ཅིག །ན་མོ། །མཆོད་འོས་རྣམས་ཀྱི༴ ཉི་མ་འཕེལ་བ་ལྷོ་ཡི་ཕྱོགས། ལྷོ་ཕྱོགས་མཐའ་ཡས་ཀྱི་ཐུབ་པའི་ཆོས་དང་། གང་ཟག་ཆོས་ལྡན་རྣམས་སྐྱོང་བར་ཛམ་བུ་གླིང་དུ་མངའ་གསོལ་བ། གྲུལ་བུམ་གྱི་རྒྱལ་པོ་འཕགས་སྐྱེས་པོའི་དབང་དམ་པ་ཐོབ་པ༴ ན་མོ། མཆོད་འོས་རྣམས༴ ཉི་མ་བགྲོད་པ་ནུབ་ཀྱི་ཕྱོགས། །ནུབ་ཕྱོགས་མཐའ་ཡས་ཀྱི་ཐུབ་པའི་ཆོས་དང་། གང་ཟག་ཆོས་ལྡན་རྣམས་སྐྱོང་བར་ཛམྦུ་གླིང་དུ་མངའ་གསོལ་བ། ཀླུའི་རྒྱལ་པོ་མིག་མི་བཟང་གི་དབང་དམ་པ༴ ན་མོ། མཆོད་འོས་རྣམས་ཀྱི༴ ཉི་མ་དབུས་ནས་ལྷུན་པོ་བྱང་། བྱང་ཕྱོགས་མཐའ་ཡས་ཀྱི་ཐུབ་པའི་ཆོས་དང་། གང་ཟག་ཆོས་ལྡན་རྣམས་སྐྱོང་བར་ཛམྦུ་གླིང་དུ་མངའ་གསོལ་བ། གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་སྲས་ཀྱི་དབང་དམ་པ༴ ན་མོ། མཆོད་འོས་རྣམས་ཀྱི༴ ཤར་ན་ལྷའི་དབང་པོ་བརྒྱ་བྱིན་དང་བཙུན་མོ་འགྲོ་བ་སེམས་ཅན་ཐམས་ཅད་ལ་བདེ་བ་སྟེར་བ་དེའི་དབང་དམ་པ་ཐོབ་པར་གྱུར་ཅིག །ན་མོ། མཆོད་འོས་རྣམས༴ ཤར་གླིང་གཡས་ན་མངགས་གཞུག་འགྲོ་བ་ཀུན་གྱི་ཡིད་དུ་འོང་བ་སྐྱེ་འགྲོའི་ཉོན་མོངས་པ་གཅོད་པ་དེའི་དབང་དམ་པ༴ ན་མོ། མཆོད་འོས་རྣམས་ཀྱི༴ ཤར་གླིང་གཡོན་ན་ཕོ་ཉ་རབ་ཏུ་མྱུར་བའི་ཤུགས་ཅན་ངན་སོང་གསུམ་གྱི་སྡུག་བསྔལ་ལས་སྒྲོལ་བ་དེའི་དབང་དམ་པ༴ ན་མོ། མཆོད་འོས་རྣམས་ཀྱི༴ ལྷོ་ཛམྦུ་གླིང་ན་ལྷ་ཚངས་པ་དང་བཙུན་མོ་ཚངས་མ་འདོད་ཁམས་ཀྱི་སྡུག་བསྔལ་དང་བྲལ་ཞིང་འཁོར་བ་གྱོད་ཁྲིམས་དང་འདྲ་བའི་སྐྱོན་གྱིས་མ་གོས་པ་དེའི་དབང་དམ་པ༴ ན་མོ། མཆོད་འོས་རྣམས་ཀྱི་མཆོད་གནས་དམ་པ༴ ལྷོ་གླིང་གཡས་ན་མངགས་གཞུག་འགྲོ་བའི་ཡིད་དུ་འོང་བ་ཉོན་མོངས་པའི་དྲྭ་བ་གཅོད་པ་དེའི་དབང་དམ་པ༴ ན་མོ། མཆོད་འོས་རྣམས་ཀྱི༴ ལྷོ་གླིང་གཡོན་ན་ཕོ་ཉ་མྱུར་བའི་ཤུགས་ཅན་ངན་སོང་གསུམ་གྱི་སྡུག་བསྔལ་ལས་སྒྲོལ་བ་དེའི་དབང་དམ་པ༴ ན་མོ། མཆོད་འོས་རྣམས་ཀྱི༴ ནུབ་ན་ལྷ་ཁྱབ་འཇུག་དང་བཙུན་མོ་དཔལ་ལྷ་མོ་འཕྲིན་ལས་ཀྱིས་ཀུན་ཏུ་ཁྱབ་པ་དེའི་དབང་དམ་པ༴ ན་མོ། མཆོད་འོས་རྣམས༴ ནུབ་གླིང་གཡས་ན་མངགས་གཞུག་རྡོ་རྗེ་བདེ་བས་ཉོན་མོངས་པ་གཅོད་པ་དེའི་དབང་དམ་པ༴ ན་མོ། མཆོད་འོས་རྣམས་ཀྱི༴ ནུབ་གླིང་གཡོན་ན་ཕོ་ཉ་རྡོ་རྗེ་སྡེ་དཔོན་འགྲོ་བ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་དེའི་དབང་དམ་པ༴ ན་མོ། མཆོད་འོས་རྣམས་ཀྱི༴ བྱང་ན་ལྷ་དབང་ཕྱུག་ཆེན་པོ་དང་བཙུན་མོ་དཀའ་ཐུབ་པ་ཟློག་མ་དུག་གསུམ་འཇོམས་པར་བྱེད་པ་དེའི་དབང་དམ་པ༴ ན་མོ། མཆོད་འོས་རྣམས༴ བྱང་གླིང་གཡས་ན་མངགས་གཞུག་རྡོ་རྗེ་རྣོན་པོ་འགྲོ་བའི་ཉོན་མོངས་གཅོད་པར་མཛད་པ་དེའི་དབང་དམ་པ༴ ན་མོ། མཆོད་འོས་རྣམས་ཀྱི་མཆོད་གནས་དམ་པ། བྱང་གླིང་གཡོན་ན་ཕོ་ཉ་དྲང་སྲོང་ཁྲོས་པའི་ཆ་བྱད་ཅན་འགྲོ་བ་ཀུན་ལ་རྣམ་པར་སྣང་བ་དེའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཅེས་དབང་བསྐུར་རོ། །དེ་ལྟར་ལྷ་མིའི་ཐེག་པའི་དབང་བསྐུར་བས་མདོ་རང་ལུགས་ཀྱི་ཚོགས་ལམ་དང་པོ་འདུན་པ་སེམས་པའི་རྣལ་འབྱོར་འགྱུར་བ་མ་ངེས་པའི་ས་ནོན་པ་དང་རིགས་འདྲའི་ཡོན་ཏན་གསོས་ཐེབས་པས། རྐྱེན་འགྱུར་ལས་ཀྱི་བག་ཆགས་རགས་པ་དག །ངན་སོང་དུ་སྐྱེ་འགྱུར་ལས་ཐར་བར་བྱས། །རྣམ་གྲོལ་གྱི་ཐེག་པའི་སྒོར་འཇུག་པའི་བྱང་ཆུབ་ཀྱི་སེམས་གཡོ་བའི་སྟེགས་སུ་གྱུར། མངོན་མཐོའི་རྟེན་ཁྱད་པར་ཅན་ཐོབ་ངེས་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །རྗེས་ཀྱི་བྱ་བ་ལ་སྤྱི་དོན་གསུམ་སྟེ། ལམ་ཁྱེར་བཞི་བསྟན་པ། འགག་དྲུག་བཤད་པ། གདམས་ངག་ངང་སྒོམ་གྱི་ཁྲིད་གདབ་པའོ། །སྤྱི་དོན་དང་པོ་ལམ་ཁྱེར་ལ་བཞི་ལས། དང་པོ་ཐེག་པ་ལམ་ཁྱེར་ནི། ལྷ་མིའི་ཐེག་པ་སྟེ། དེ་ལ་དབྱེ་ན། བདེ་འདུས་ཀྱི་སྤྱི་ཆིངས་ལས། འཇུག་སྒོ་ལྟ་བ་ཚུལ་ཁྲིམས་དང་། །སྒོམ་པ་ཕྲིན་ལས་འབྲས་བུ་རྣམས། །རིམ་པ་བཞིན་དུ་ཤེས་བྱ་སྟེ། །ཞེས་པ་ལྟར་དྲུག་ལས། འཇུག་པའི་སྒོ་ནི། ངན་སོང་གི་སྡུག་བསྔལ་ལ་འཇིགས་ནས་མཐོ་རིས་ཀྱི་བདེ་འབྲས་འདོད་པས་མི་དགེ་བཅུ་སྤོང་བའི་སྒོ་ནས་འཇུག་སྟེ། དེ་ལ་མི་དགེ་བཅུ་ནི། ལུས་ཀྱི་ལས་སྲོག་གཅོད་པ། མ་བྱིན་པར་ལེན་པ། འདོད་ལོག་དང་གསུམ། ངག་གི་ལས་རྫུན། ཕྲ་མ། ངག་བཀྱལ། ཚིག་རྩུབ་དང་བཞི། ཡིད་ཀྱི་ལས། བརྣབ་སེམས། གནོད་སེམས། ལོག་ལྟ་དང་གསུམ་སྟེ། སློབ་དཔོན་རྟ་དབྱངས་ཀྱིས། ལུས་ཀྱི་དབྱེ་བ་རྣམ་གསུམ་སྟེ། །ངག་གི་དབྱེ་བ་རྣམ་པ་བཞི། །ཡིད་ཀྱི་རབ་ཏུ་དབྱེ་བ་གསུམ། །མི་དགེ་བཅུ་རུ་དེ་དག་འདོད། །ཅེས་གསུངས་སོ། །ལྟ་བ་ནི། འཇིག་རྟེན་ཕ་རོལ་དང་། ལས་རྒྱུ་འབྲས་ལ་ཡིད་ཆེས་པ་སྟེ། ཆེད་དུ་བརྗོད་པའི་ཚོམས་ལས། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་གང་ལ་ཡོད་གྱུར་པ། །དེ་ནི་ཚེ་རབས་སྟོང་དུ་ཡང་། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །ཞེས་སོ། །ཚུལ་ཁྲིམས་ནི། མི་དགེ་བཅུ་སྤོང་གི་གཏན་ཁྲིམས་སམ། དུས་ཁྲིམས་ཡན་ལག་བརྒྱད་པའི་གསོ་སྦྱོང་ངོ་། །སྒོམ་པ་ནི། སྤྱིར་རང་གི་འབྲས་བུ་འབྱིན་ནུས་ཀྱི་བར་དུ་གོམས་པར་བྱེད་པ་ཡིན་ལ། བྱེ་བྲག་ཁམས་གོང་མར་སྐྱེ་བ་ལ། རང་རང་གི་འོག་མ་ལ་རགས་པར་ལྟ་ཞིང་། རང་ས་ལ་ཞི་བར་ལྟ་བས། ས་འོག་མའི་ཆགས་པ་བྲལ་བྱེད་ཀྱི་ལམ་ཚད་མེད་བཞི་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་འཇུག་བརྒྱད་སྒོམ་པའོ། །སྤྱོད་པ་ནི། ཟག་པ་དང་བཅས་པའི་དགེ་བཅུའི་ལས་ལམ་འཁོར་བཅས་ལ་སྤྱོད་པ་སྟེ། དེའང་ལུས་ཀྱི་ལས། སེམས་ཅན་གྱི་སྲོག་སྐྱོབ་པ། སྦྱིན་པ་གཏོང་བ། ཚུལ་ཁྲིམས་བསྲུང་བ་དང་གསུམ། ངག་གི་བདེན་པར་སྨྲ་བ། མི་མཛའ་བ་བསྡུམ་པ། ཞི་ཞིང་དེས་པར་སྨྲ་བ། གཞན་གྱི་ཡོན་ཏན་བརྗོད་པ་དང་བཞི། ཡིད་ཀྱི་ཆོག་ཤེས་པ། གཞན་ལ་བྱམས་པ། ལས་འབྲས་ལ་ཡིད་ཆེས་བསྐྱེད་པ་དང་གསུམ་མོ། །འབྲས་བུ་ནི། དགེ་བའི་ལས་སྟོབས་ཆེ་ཆུང་གིས་གླིང་བཞིའི་མི་དང་འདོད་ལྷ་རིས་དྲུག་སྟེ། མཐར་ཐུག་མིའི་འཁོར་ལོས་སྒྱུར་རྒྱལ་དང་། འདོད་ལྷའི་གཞན་འཕྲུལ་དབང་བྱེད་ཀྱི་བདག་པོའི་བར་བགྲོད་ཅིང་། གཟུགས་ལ་ཆགས་བྲལ་མ་ཐོབ་ཅིང་བསམ་གཏན་བཞིའི་རོ་ལ་ཆགས་པས་གཟུགས་ཁམས་ཀྱི་ལྷ་དང་། གཟུགས་མེད་པའི་སྙོམས་འཇུག་མིང་བཞི་ལ་ལྡན་པའི་ཏིང་ངེ་འཛིན་ལ་བདག་ཏུ་བཟུང་བས་གཟུགས་མེད་སྐྱེ་མཆེད་མུ་བཞིའི་ལྷར་སྐྱེ་བ་ཡིན་ནོ། །གཉིས་པ་ལྷ་ལམ་ཁྱེར་ནི། ངན་སོང་སྦྱོང་བའི་ལྷ་རྣམ་སྣང་། ཞིང་སྦྱོང་བའི་ལྷ་མི་འཁྲུགས་པ། དུས་བཟང་གསུམ་ལས་སྟོང་གི་ལྷ་ཤཱཀ་ཐུབ། ཉའི་ལྷ་སྣང་མཐའ། ཚེས་བརྒྱད་ཀྱི་ལྷ་སྨན་བླ་སྟེ། ལྷ་དེ་དག་དྲན་ཞིང་མོས་པས་རྒྱལ་བའི་བཀའ་ལས་མི་འདའ་བར་བསླབ་པར་བྱའོ། །གསུམ་པ་སྙིང་པོ་ལམ་ཁྱེར་ནི། རྣམ་སྣང་གི་དུརྒ། མི་འཁྲུག་པའི་ཀཾ་ཀ་ནི། ཐུབ་པའི་མུ་ནེ། སྣང་མཐའི་པདྨ་དྷ་རི། སྨན་བླའི་བྷཻ་ཥ་ཛྱེའི་གཟུངས་རྣམས་བཟླ་ཞིང་། གཟུངས་མི་ཤེས་ན་ལྷ་སོ་སོའི་མཚན་ནས་བརྗོད་པའི་སྐྱབས་འགྲོ་ལ་འབད་དོ། །དེ་ཡང་དུས་བཟང་གི་ལྷ་གསུམ་ནི་དུས་དེ་དང་དེའི་ཚེ་སྔ་དྲོ་གསོ་སྦྱོང་བླངས་ནས་སོ་སོའི་ལམ་ཁྱེར་གཉིས་ལ་བསླབ་པ་ཡིན་པས། རྒྱུན་དུ་རྣམ་སྣང་དང་མི་འཁྲུགས་པའི་ལམ་ཁྱེར་ལ་གཙོ་བོར་དྲིལ་བས་ཆོག་གོ། །བཞི་པ་བསླབ་བྱ་ལམ་དུ་ཁྱེར་བ་ནི། སྤྱིར་ངོ་ཚ་ཁྲེལ་ཡོད་ཀྱིས་ཀུན་ནས་བསླངས་ཏེ་ལུས་ངག་གི་བྱ་བ་ཡ་རབས་ཀྱི་ཚུལ་དང་མཐུན་པའི་སྤྱོད་པ་གསུམ་ལ་བསླབ་དགོས་ཏེ། དམ་པའི་རྒྱན་ལ། བཀུར་བར་འོས་པ་ལེགས་ཁུར་ཞིང་། །མགོན་མེད་རྣམས་ལ་ལྷག་པར་བྱམས། །བྱས་ལ་དྲིན་ལན་མི་བརྗེད་པ། །དམ་པ་རྣམས་ཀྱི་མཛད་སྤྱོད་ཡིན། །ཞེས་གསུངས་པ་ལྟར་རོ། །ཁྱད་པར་མི་ཆོས་བཅུ་དྲུག་བསླབ་སྟེ། འབྱེད་པ་ལེ་ཆུང་ལས། དཀོན་མཆོག་གསུམ་ལ་དད་པ་སྐྱོ་ངལ་མེད་པར་བྱེད་པ་དང་། དོན་དམ་པར་དམ་པའི་ཆོས་བཙལ་བ་དང་། གཙུག་ལག་བཟང་པོ་ལ་མཁས་པར་སློབ་པ་དང་། །ཅི་ལའང་དྲན་ཅིང་ཚོད་ཟིན་པ་བྱ་བ་དང་། མ་བཅོལ་བའི་ལས་ལ་གཏོགས་འདོད་མི་བྱེད་པ་དང་། མིག་མཐོ་སར་བལྟ་ཞིང་གོང་མ་རྣམས་ཀྱི་རྗེས་སྙེག་པ་དང་། དུས་གསུམ་གྱི་ཕ་མ་ལ་དྲིན་ལན་བསླན་པ་དང་། ཕུ་ནུ་དང་ཕ་ཚན་ནང་དུ་ཤོངས་ཡངས་ཆེ་བ་དང་། རིམ་པ་རྒན་པ་ལ་བཀུར་བསྟི་བྱ་བ་དང་། ཁྱིམ་མཚེས་ལ་བྱམས་པར་བྱ་བ་དང་། གཉེན་གྲོགས་ཀྱི་དགེ་བཤེས་ལ་དཀའ་ལས་ཀྱི་ཕན་འདོགས་པ་དང་། སྲིད་ཀྱིས་འབྲེལ་བའི་ཉེ་རིང་ལ་ཆབ་གང་མཐར་དབྱུང་བ་དང་། རིག་བྱེད་བཟོ་ལ་མཁས་པས་གཞན་ལ་ཕན་པ་དང་། ལྟོས་པའི་མི་དྲིན་གྱིས་སྐྱབས་འོག་ཏུ་གཞུག་པ་དང་། ངན་བྱེད་ཀྱི་གྲོས་བཀག་ནས་རྒྱལ་ཁམས་བདེ་ཡངས་ཀྱི་གྲོས་གཞི་འདིང་བ་དང་། ལས་མཐའ་ཆོས་ལ་གཏད་དེ་ཕྱི་མར་བུ་སྨད་ཀྱིས་བྱང་ཆུབ་ཀྱི་གཞི་ཐོབ་པར་བྱའོ། །ཞེས་པ་ལྟར་མིའི་ཆོས་ལུགས་གཙང་མ་ལ་བསླབ་པར་བྱའོ། །སྤྱི་དོན་གཉིས་པ་འགག་དྲུག་བཤད་པ་ནི། གཞུང་ལས། གང་དུ་གང་གི་གང་ལ་ཅི་ཕྱིར་དགོས། །འདི་ནི་ལྷ་མིའི་ཐེག་པའི་འགག་དྲུག་ཡིན། །ཞེས་གསུངས་པ་ལྟར། གང་དུ་བཤད་པའི་གནས་ནི། ཆུ་བོ་ནཻ་རཱཉྫ་ནའི་འགྲམ་དུའོ། །གང་གིས་བཤད་པའི་སྟོན་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཐུབ་པ་ཆེན་པོའོ། །གང་ལ་བཤད་པའི་འཁོར་ནི། བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པ་ལའོ། །གང་བཤད་པའི་ཐེག་པ་ནི། མངོན་པར་མཐོ་བ་ལྷ་མིའི་ཐེག་པའོ། །ཅིའི་ཕྱིར་ན། ཨཱ་ལི་ཀཱི་ལིའི་ཡི་གེའི་དབང་བསྐུར་བས་ངན་འགྲོ་ལས་ཐར་ནས་མཐོ་རིས་ཀྱི་རྟེན་ཐོབ་པའི་ཆེད་དུའོ། །དེ་ལྟར་བསྟན་པའི་དགོས་པ་ནི། རྣམ་གྲོལ་གྱི་ཐེག་པའི་ལམ་སྟེགས་སུ་འགྲོ་བའི་དགོས་པ་ཡོད་དོ། །སྤྱི་དོན་གསུམ་པ་གདམས་ངག་ངང་སྒོམ་གྱི་ཁྲིད་ནི། རང་གི་སྤྱི་བོར་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་རྟག་ཏུ་བཞུགས་པར་མོས་ལ། དེ་ཉིད་ཡང་དང་ཡང་དུ་གསལ་གདབ་ཅིང་རྗེས་སུ་དྲན་པའི་སྒོ་ནས་རང་གི་བྱ་བྱེད་ཀྱི་བླང་དོར་ཐམས་ཅད་དེས་བསྟན་པའི་བཀའ་ལས་མི་འདའ་བར་བསླབ་པར་བྱའོ་ཞེས་དྲན་པ་དང་ཤེས་བཞིན་གྱིས་མཉམ་པར་འཇོག །དེ་ནས་སེམས་ཅན་ཐམས་ཅད་བདེ་བ་ཚད་མེད་པ་དང་ལྡན་པར་གྱུར་ཅིག་སྙམ་དུ་དྲན་པ་རྩེ་གཅིག་ལ་མཉམ་པར་འཇོག་པ་སོགས་ཚད་མེད་བཞི་བསྒོམ་པར་བྱ། དེ་ནས་ངང་སྒོམ་ཆུང་ངུ་ནས་འབྱུང་བ་ལྟར་བསམ་གཟུགས་ཀྱི་ཏིང་ངེ་འཛིན་སྒོམ་སྟེ། འདི་ལྟར། འདོད་ཡོན་གྱི་ཉེས་དམིགས་དང་བསམ་གཏན་གྱི་ཕན་ཡོན་ཤེས་པར་བྱས་ནས། སྟན་བདེ་བ་ལ་ལུས་གནད་གཡོ་མེད་དུ་བཅིངས། དམིགས་པའི་གནད་སེམས་ཕྱིར་མི་གཡེང་བར་ནང་དུ་གླན་ཏེ་དམིགས་པ་ལ་དང་པོར་རྩེ་གཅིག་ཏུ་འཇོག །དེ་ནས་རྣམ་རྟོག་སྐྱེར་མི་འཇུག་པར་དེ་ཉིད་ཀྱི་སྟེང་དུ་མ་བཅོས་པར་འཇོག །དེ་ལྟར་སེམས་གནས་པའི་ཐབས་དགུ་སོགས་ཤེས་པར་བྱས་ནས་མཉམ་པར་བཞག་པས། འདོད་ཡོན་ལ་ཆགས་སྡང་དང་བྲལ་བའི་ཏིང་ངེ་འཛིན་རྩེ་གཅིག་པ་དང་། ལུས་སེམས་ལ་ཤིན་སྦྱངས་ཐོབ་པའི་དགའ་བདེ་སྐྱེ་ཞིང་། འདོད་ཡོན་ཕྲ་མོས་གོས་མ་གོས་ཀྱི་རྟོག་དཔྱོད་དང་བཅས་པ་སྟེ་བསམ་གཏན་དང་པོའོ། །དེ་ཉིད་བརྟན་ནས་ནང་དུ་ཤེས་པ་རང་ལུགས་སུ་བཞག་སྟེ་བསྐྱངས་པས། སྔར་གྱི་རྟོག་དཔྱོད་ཀྱི་ཞེན་པ་ནུབ་ཅིང་ལུས་སེམས་ལ་དགའ་བདེ་སྔར་ལས་ལྷག་པ་སྐྱེས་པ་ནི་བསམ་གཏན་གཉིས་པའོ། །དེ་ནས་དགའ་བ་ལ་ཞེན་མེད་ཀྱི་རྣལ་འབྱོར་སྒོམས་པས་ལུས་ཀྱི་དགའ་བདེའི་ཞེན་པ་ནུབ་ནས་སེམས་བདེ་གཡོ་མེད་ཀྱིས་ཁྱབ་པའི་ཏིང་ངེ་འཛིན་ནི་བསམ་གཏན་གསུམ་པའོ། །དེ་ནས་སེམས་ཀྱི་བདེ་བ་ལ་ཆགས་ཞེན་མེད་པའི་རྣལ་འབྱོར་བཏང་སྙོམས་ཡོངས་སུ་དག་པ་དང་། དྲན་པ་ཡོངས་སུ་དག་པ་ཅན་བསྒོམས་པས་རླུང་གི་གཡོ་བ་འགགས་ཤིང་བདེ་བའི་ཞེན་པ་ནུབ་ནས་སེམས་གསལ་དྭངས་ལ་རྩེ་གཅིག་ཏུ་གནས་པ་ནི། བསམ་གཏན་བཞི་པའོ། །དེ་ལྟར་སློབ་དཔོན་སངས་རྒྱས་གསང་བས། ཚད་མེད་བཞི་དང་བསམ་གཏན་བཞི། །རིམ་པས་སོ་སོར་བདག་འཛིན་ཅིང་། །གཟུགས་རྣམས་ཀུན་ལ་བདག་ཏུ་རྟོག །འདི་ནི་ཚངས་གནས་རིམ་པར་སྐྱེ། །ཞེས་གསུངས་སོ། །དེ་ནས་བསམ་གཏན་བཞིའི་འདུ་ཤེས་ལ་ཡིད་བྱུང་ནས། གཟུགས་མེད་པའི་སྙོམས་འཇུག་བཞི་སྒོམ་སྟེ། དེ་ལ་གཟུགས་སྣང་སྣ་ཚོགས་པ་འདི་དག་ནམ་མཁའ་དང་འདྲ་བའོ་ཞེས་སྣང་མེད་ཀྱི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་བཞག་པས་སྣང་བ་ཐམས་ཅད་རིམ་གྱིས་ནུབ་ནས་ནམ་མཁའ་ལྟ་བུའི་སྟོང་ཉིད་ཀྱི་ངང་ལ་གནས་པ་ནི་ནམ་མཁའ་མཐའ་ཡས་སོ། །དེ་ལས་འདས་ནས་སེམས་རང་གི་ངོ་བོ་ལ་གཡོ་མེད་དུ་བཞག་པས་སྔར་གྱི་སྟོང་འཛིན་གྱི་འདུ་ཤེས་དེ་ཡང་ནུབ་ནས་རྣམ་ཤེས་རིག་ཙམ་མཐའ་དབུས་མེད་པ་ལ་གནས་པ་ནི་རྣམ་ཤེས་མཐའ་ཡས་སོ། །དེ་ནས་རྣམ་ཤེས་ཀྱི་ངོ་བོ་ཡང་སྟོང་ཉིད་དངོས་མེད་ཅི་ཡང་མེད་པའོ་ཞེས་རྩེ་གཅིག་ཏུ་བསྒོམས་པས་རྣམ་ཤེས་ཀྱི་འཛིན་པའང་རིམ་གྱིས་ནུབ་ནས་གཟུགས་སེམས་ཀྱི་མཚན་མ་ཅུང་ཟད་ཀྱང་མེད་པའི་ངང་ལ་གནས་པ་ནི་ཅི་ཡང་མེད་པའོ། །དེ་ནས་འདས་དང་ཆོས་གང་ལའང་ཡོད་པ་དང་མེད་པའི་འཛིན་པ་དོར་ཏེ་ཅི་ཡང་ཡིད་ལ་མི་བྱེད་པ་རྩོལ་མེད་དུ་བཞག་པས། ཅི་ཡང་མེད་པའི་འཛིན་པའང་གྲོལ་ནས་འཇིག་རྟེན་པའི་མི་རྟོག་རབ་ཀྱི་རྩེ་མོར་ཕྱིན་པ་ནི་སྲིད་རྩེའི་སྙོམས་འཇུག་གོ། །དེ་ལྟར་ཡང་སྔ་མ་ལས། མཉམ་དང་གཟུགས་མེད་མ་རྟོགས་ནས། །མིང་གཞི་མེད་པར་མ་ཤེས་ཏེ། །སྐྱེ་མཆེད་བཞི་ལ་གནས་གྱུར་ན། །སྲིད་པའི་རྩེ་མོའི་ས་རུ་སྐྱེ། །ཞེས་གསུངས་སོ། །དེས་ན་ཇི་སྐད་དུ། འཇིག་རྟེན་དང་པོ་བསམ་གཏན་བཞི། །སྙོམས་འཇུག་བཞི་གོལ་ས་དགུ་སྟེ། །ཞེས་པས་བསམ་གཟུགས་བརྒྱད་ཀྱི་སྟེང་དུ་འདོད་ཁམས་ཀྱི་ས་གཅིག་སྟེ་གོལ་ས་དགུར་ལམ་རིམ་དུ་གསུངས་མོད། དེ་ལྟ་ནའང་འཇིག་རྟེན་ལས་འདས་པའི་ཏིང་ངེ་འཛིན་གྱི་རྟེན་དུ་འགྱུར་བ་མི་འགལ་ཞིང་། ཁྱད་པར་དུའང་ལམ་གོང་མའི་ཡོན་ཏན་གྱི་རྟེན་དུ་འགྲོ་བ་ལ་བསམ་གཏན་བཞིའི་ཏིང་ངེ་འཛིན་བཟང་བས་དེ་ཉིད་ལ་འབད་པར་བྱའོ། །དེ་ལ་སྤྱིར་མདོ་དབང་ཐོས་པའི་ཤེས་རབ་ཅན་ལ་དབང་བསྐུར་དུ་བྱེད་པ་དང་། བསམ་པའི་ཤེས་རབ་ཅན་ལ་བཤད་པར་བྱེད་པ་དང་། སྒོམ་པའི་ཤེས་རབ་ཅན་ལ་ཁྲིད་དུ་འདེབས་པའི་ཕྱག་བཞེས་ལྟར་ལས། ད་རེས་འདིར་དབང་གཙོ་བོར་བྱས་པས་ཞར་བྱུང་དུ་གཞན་གཉིས་སྦྲེལ་བའི་ལུགས་ཏེ། ཚུལ་དེས་ལྷ་མིའི་ཐེག་པའི་དབང་བསྐུར་མན་ངག་དང་བཅས་པ་ལེགས་པར་གྲུབ་པས། དེ་ལྟར་གདམས་པའི་དོན་རྣམས་ལས་ནམ་ཡང་མི་འདའ་བར་བསྒྲུབ་པར་བགྱིའོ་སྙམ་པས། གཙོ་བོས་ཇི་ལྟར་སོགས་ཀྱིས་ཁས་བླངས། གཏང་རག་གི་མཎྜལ་ཕུལ། དེང་ནས་བརྩམས་ཏེ་སོགས་དང་། དགེ་བ་བསྔོ་བ་སྔར་ལྟར་བྱས་རྗེས་སློབ་མ་རྣམས་ཅི་བདེར་བཏང་། དེ་ནས་རྗེས་ཆོག་རྣམས་སྒྲུབ་ཐབས་ལྟར་བྱའོ། །མན་ངག་རྩ་བ་མ་འཆུགས་ཤིང་། །བརྗོད་བདེས་ལེགས་བརྒྱན་དབང་ཆོག་ཁྲིགས། །བཀླག་པ་ཙམ་གྱིས་ཕྱག་བཞེས་ཆོས། །རྟོགས་བྱེད་ལེགས་བཤད་ངོ་མཚར་དཔལ། །ལྷ་མིའི་ཐེག་པའི་དབང་ཆོག་གི་ལེ་ཚན་ནོ།། །།
༈ ༀ་སྭ་སྟི། འགྱུར་བཅས་བདེ་མེད་འཁོར་མཚོ་ལས། །ཉེར་ཞི་རྡོ་རྗེ་རིན་པོ་ཆེའི། །གླིང་དུ་སྒྲོལ་མཛད་དེད་དཔོན་ལ། །གུས་བཏུད་ཉན་ཐོས་དབང་ཆོག་བཤད། །ད་ནི་གཉིས་པ་ཉན་ཐོས་ཀྱི་ཐེག་པའི་དབང་ནི། དཀྱིལ་འཁོར་བཤམ་སྒྲུབ་གཏོར་ཆོག་དང་བཅས་པ་སྒྲུབ་ཐབས་ལྟར་གྲུབ་རྗེས། བདག་འཇུག་གི་དོད་ནི། སློབ་དཔོན་བདག་ཉིད་ཤཱཀ་ཐུབ་ཏུ་མོས་པའི་སྤྱི་བོར་རིན་པོ་ཆེ་འབར་བ། དེའི་འོད་ཀྱིས་དཀྱིལ་འཁོར་གྱི་ལྷ་དང་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་རང་ལ་ཐིམ་པས་རྗེས་སུ་གནང་བ་ཐོབ། ཡང་སྤྱི་བོའི་འོད་ཀྱིས་བསྐུལ་བས་དཀྱིལ་འཁོར་ལ་བཀོད་པའི་སྟོན་པ་སངས་རྒྱས་འཁོར་འཕགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མར་མེ་གཅིག་ལས་གཉིས་ཆད་ཀྱི་རྣམ་པར་བྱོན་པ་སྤྱི་བོ་ནས་ཐིམ་པའི་བྱིན་རླབས་ཀྱིས་སྡུག་བསྔལ་དང་ཀུན་འབྱུང་འགགས་ན། འགོག་ལམ་གྱི་ཡོན་ཏན་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་བསམ་པའོ། །དེ་ནས་སློབ་མ་གཞུག་པ་ནི། ཁྲུས་བྱ། བགེགས་གཏོར་བཏང་ལ་མཚམས་བཅད། སེམས་བསྐྱེད་དང་ཆོས་ཉན་པའི་ཀུན་སྤྱོད་གསལ་འདེབས་པ་སྔོན་དུ་འགྲོ་བས། འདིར་གང་གསན་པར་བྱ་བའི་ཆོས་ནི། ཞེས་པ་ནས། ཐོག་མར་མདོ་ཡོངས་རྫོགས་ཀྱི་དབང་དུ་བྱས་པའི་ཕྱི་དབང་རྒྱུད་ཀྱི་ཆུ་བོའི་ཡན་ལག་གི་དཀྱིལ་འཁོར། ཞེས་པའི་བར་ལྷ་མིའི་དབང་ལྟར་ལས། རྒྱས་བསྡུས་སྐབས་ཐོབ་ཀྱི་སྤྲོ་བསྡུ་བྱས་རྗེས། གཉིས་པ་ཉན་ཐོས་ཀྱི་ཐེག་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་སྐབས་སུ་བབས་པ་ཡིན། དེ་ལའང་གཉིས་ལས། སློབ་དཔོན་གྱི་བྱ་བ་རྣམས་སྔར་སོང་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་དང་། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་གདབ་པའི་སླད་དུ། འགོག་བདེན་དང་ལམ་བདེན་གྱིས་བསྡུས་པའི་དོན་དམ་པའི་དཀོན་མཆོག་གསུམ་ལ་ཡིད་ཆེས་ཀྱི་དད་པ་བསྐྱེད་ནས། དེ་མཚོན་བྱེད་དཀྱིལ་འཁོར་དུ་བཀོད་པའི་སྟོན་པ་སངས་རྒྱས་དང་། མདོའི་གླེགས་བམ། འཕགས་པའི་དགེ་འདུན་དང་བཅས་པ་རྣམས་ལ་ཡན་ལག་ལྔ་ས་ལ་ཕབ་པའི་ཕྱག་ལན་གསུམ་མཛད་འཚལ། ཞེས་ཕྱག་འཚལ་དུ་བཅུག །དེ་ནས་སློབ་དཔོན་སྟོན་པ་ཐུབ་པའི་དབང་པོར་གསལ་བའི་གཙུག་ཏོར་གྱི་རྩེ་མོར་ནོར་བུ་རིན་པོ་ཆེ་འོད་ཟེར་མཐའ་ཡས་པར་འཕྲོ་བ་ལས་རང་གི་འདོད་དགུ་མ་ལུས་པ་འབྱུང་བར་མོས་ལ་སྙིམས་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་འདིའི་རྗེས་ཟློས། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་གསོལ། །ཞེས་ལན་གསུམ། དེ་ནས་སྡོམ་པ་འབོགས་པའི་ཆོ་ག་ནི། སློབ་དཔོན་ལ་ཕྱག་གསུམ་བཙལ་ནས་པུས་བཙུགས་ཐལ་སྦྱར་གྱིས་འདུག་ཏུ་བཅུག་སྟེ། ཁྱེད་ཅག་ཉན་ཐོས་ཀྱི་ཐེག་པའི་སྒོར་འཇུག་པ་ལ། ཇི་སྐད་དུ། ཚུལ་གནས་ཐོས་དང་བསམ་ལྡན་པ། །བསྒོམ་པ་ལ་ནི་རབ་ཏུ་སྦྱར། །ཞེས་གསུངས་པ་ལྟར་ཡོན་ཏན་གྱི་གཞི་རྟེན་དུ་སོ་སོ་ཐར་པའི་སྡོམ་པ་བླང་བ་གལ་ཆེ། དེས་བླ་མ་འགའ་ཞིག་གི་ཕྱག་བཞེས་སུ་འདུལ་བ་རང་གཞུང་ལྟར་གྱི་ཚིགས་གསུམ་འབོགས་པའི་ལས་ཆོག་རྒྱས་པར་མཛད་པ་བྱུང་ནའང་། བསྒྲུབ་བྱ་ཉིད་རབ་ཏུ་བྱུང་བ་འདོད་ཅིང་ནུས་པ་དང་། ལས་གྲྭ་སོགས་མཐུན་རྐྱེན་འཛོམ་ན་སྐབས་འདིར་ཉན་ཐོས་རང་ལུགས་ཀྱི་ཆོ་གའི་སྒོས་ཆོས་སྦྱར་ན་འགལ་བ་མེད་པ་ལ་དགོངས་པ་ཡིན་མོད་ཀྱི། དེ་ལྟ་ནའང་འདིར་སློབ་དཔོན་དང་སློབ་མ་གཉིས་ཀ་རྟེན་རབ་ཏུ་བྱུང་བ་དང་ཁྱིམ་པ་ལ་མཐའ་གཅིག་ཏུ་མ་ངེས་པས་ན། ཕྱག་བཞེས་ཞིབ་ཏུ་རེ་བ་དེ་ཉིད་ལེགས་པ་མ་ཡིན་ཞིང་། དེ་བས་ན་ཡིག་རྙིང་རྣམས་ཀྱི་དགོངས་པ་ལྟར། ཆོ་གའི་རྣམ་བཞག་ཉན་ཐོས་དང་ཚུལ་འདྲ་རུང་ཙམ་གྱི་ཚིགས་གསུམ་གྱི་དོད་ཡོད་པ་ཙམ་ལས། ཆོ་ག་རང་གི་ངོ་བོ་ཐེག་ཆེན་སོ་ཐར་ཐུན་མོང་མ་ཡིན་པའི་ལུགས་སུ་མཛད་པའི་ཕྱག་བཞེས་ཉིད་ལེགས་པས། དེ་ལྟར་སྒྲུབ་པར་བྱེད་པ་ལ། སྤྱིར་ཉན་རང་གི་ཐེག་པའི་བསམ་པ་ནི། འཁོར་བའི་སྡུག་བསྔལ་ལས་ཐར་འདོད་ཀྱི་ཞི་བདེ་དོན་གཉེར་ཏེ། སྐྱེས་བུ་འབྲིང་པོའི་བློ་ཡིན་ནའང་། ད་རེས་བསམ་པ་ཡར་ལྡན་དུ་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་མཐའ་གཉིས་ལ་མི་གནས་པའི་མྱང་འདས་ཐོབ་པར་བྱ་བའི་ཆེད་དུ་ཐོག་མར་དགེ་བསྙེན་གྱི་སྡོམ་པ་བླང་སྙམ་པས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པ་ཉན་ཐོས་ཐམས་ཅད་དང་། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་ཇི་སྲིད་འཚོའི་བར་དུ་དགེ་བསྙེན་དུ་བཟུང་དུ་གསོལ། ཞེས་ལན་གསུམ་དང་། ཐབས་ལེགས་བྱའོ། །དེ་ནས་རབ་ཏུ་བྱུང་བའི་ཐོག་མར་བར་ཆད་དྲི་བའི་དོད། ཁྱེད་ཅག་བསྟན་པའི་སྒོར་རབ་ཏུ་དབྱུང་བ་ལ། སྡོམ་པ་སྐྱེ་བའི་འགལ་རྐྱེན་དུ་གྱུར་པའི་བར་ཆད་གང་ཡང་མ་མཆིས་སམ། གཞན་དང་འགྲན་པའི་ཆེད་དམ། གཞན་གྱིས་ལེན་དུ་བཅུག་པ་མ་ཡིན་ནམ། རང་གཞན་གྱི་དོན་གཉིས་བསྒྲུབ་པའི་ཕྱིར་རབ་་ཏུ་བྱུང་བར་འདོད་དམ། ཞེས་པའི་ལན་དུ་རིམ་པར། མ་མཆིས་ལགས། མ་ཡིན་ལགས། འདོད་ལགས་ཞེས་བརྗོད་དུ་གཞུག་གོ། །ཁྱེད་རྣམས་རབ་ཏུ་དབྱུང་བ་ལ། སྤྱིར་དཀོན་མཆོག་བརྩེགས་པ་ལས། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་སྤྱོད་པ་རྣམ་པར་དག་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྐྱེས་བུ་དམ་པ་ཁྱོད་གཉིས་ཀྱིས་ཁྱིམ་བདག་འདི་རྣམས་རབ་ཏུ་ཕྱུངས་ལ་བསྙེན་པར་རྫོགས་པར་གྱིས་ཤིག །ཅེས་བཅོམ་ལྡན་འདས་ཀྱིས་གནང་ནས། བྱང་ཆུབ་སེམས་དཔའ་བྱམས་པས་ཁྱིམ་བདག་དགུ་སྟོང་རབ་ཏུ་ཕྱུང་ངོ་། །བྱང་ཆུབ་སེམས་དཔའ་སྤྱོད་པ་རྣམ་པར་དག་པས་ཁྱིམ་བདག་བདུན་སྟོང་རབ་ཏུ་ཕྱུང་ངོ་། །ཞེས་གསུངས་པ་ལྟར་བྱམས་པ་དང་འཇམ་དབྱངས་ཁྱིམ་པའི་ཆ་ལུགས་སུ་བཞུགས་པས་བསྒྲུབ་བྱ་ཁྱིམ་པའི་གཟུགས་མ་བསྒྱུར་བར་རབ་བྱུང་བསྙེན་རྫོགས་ཕོག་པ་ལྟར་འདིར་ཡང་དེ་དག་དང་རྗེས་སུ་མཐུན་པར་འབོགས་བྱེད་སློབ་དཔོན་དང་བསྒྲུབ་བྱ་སློབ་མ་གཉིས་ཀ་རབ་བྱུང་དང་ཁྱིམ་པ་གོས་དཀར་ཅན་ལ་མཐའ་མ་བཀག་པས་ན་ཐེག་ཆེན་ཐུན་མོང་མ་ཡིན་པའི་ལུགས་སུ་སྣང་ཞིང་། རྒྱུ་མཚན་དེས་རྟགས་བསྒྱུར་བ་ལ་ཆེད་དུ་མ་ལྟོས་མོད། འོན་ཀྱང་སངས་རྒྱས་འཇིག་རྟེན་དུ་བྱོན་ནས་དེའི་རྣམ་ཐར་གྱི་རྗེས་སུ་འཇུག་པར་མོས་པའི་རྟེན་ཙམ་དུ་ཁྱིམ་པ་ཡིན་ནའང་རྟགས་སྟེར་བའི་དོད་ཙམ་ཞིག་མཛད་པའི་ཕྱག་ལེན་ལྟར། ལུས་ཀྱི་བྱ་བྱེད་དང་། གོས་དང་སྣོད་སྤྱད་ཀྱི་རྟགས་རྣམས་བླངས་ནས་སྟོན་པ་སངས་རྒྱས་ཀྱི་རྗེས་སུ་འཇུག་པར་བགྱིའོ་སྙམ་པའི་མོས་པ་མཛད་འཚལ། ཞེས་བརྡ་སྦྱར་ཏེ། བསྟན་པ་ལ་དགའ་བའི་ལྷ་རྣམས་དགྱེས་པ་བསྐྱེད་དུ་གསོལ། ཞེས་གཙུག་ཕུད་བྲེགས་ནས། དཀོན་མཆོག་གསུམ་ལས་གྲས་པའི་མིང་བཏགས། དེ་ནས་བླ་གོས་དང་ཐང་གོས་འདིང་བ་རྣམས་གཏད་དེ། ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ། ཤཱཀྱ་སེང་གེ། ཤཱཀྱའི་རྒྱལ་པོ་གཙོ་བོ་དེ་རབ་ཏུ་བྱུང་བའི་ན་བཟའ་དུར་སྨྲིག་གི་ཆོས་གོས་འདི་ཁྱོད་ལ་བསྐོན་གྱི། ཁྱོད་ཀྱིས་འཕངས་ཤིང་གཅེས་པའི་ཚད་མིག་གི་འབྲས་བུ་ལྟར་གྱིས་ལ། མི་འབྲལ་བའི་ཚད་ཤ་དང་རུས་པ་ལྟར་གྱིས་ལ་གྱོན་ཞིག །ཁྱོད་ཀྱི་གོས་ཀྱི་བྱ་བ་གྱིས་ལ་བག་ཡོད་པར་སྤྱོད་ཅིག །ན་མོ། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། །སྐལ་ལྡན་ཁྱོད་ལ་ན་བཟའ་དུར་སྨྲིག་གི་རྒྱལ་མཚན་འདི་གཏད་པས་ཚེ་རབས་ཀུན་ཏུ་ངོ་ཚ་ཁྲེལ་ཡོད་ཀྱི་གོས་གྱོན་ཏེ། ཚུལ་ཁྲིམས་རྣམ་པར་དག་པའི་རྒྱན་དང་ལྡན་པར་གྱུར་ཅིག །ལྷུང་བཟེད་དང་ཆུ་ཚགས་གཏད་དེ། ཇི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པ་སངས་རྒྱས་པ་དེའི་ཟས་ཀྱི་བྱ་བ་བྱེད་པའི་ལྷུང་བཟེད་ཆུ་ཚགས་དང་བཅས་པ་འདི་ཁྱོད་ལ་གཏད་པས་སྲོག་ཆགས་ལ་མི་གནོད་པའི་སྒོ་ནས་ཟས་ཀྱི་བྱ་བ་ལེགས་པར་གྱིས་ཤིག །ན་མོ། དཀོན་མཆོག་གསུམ་གྱི་བདེན༴ སྐལ་ལྡན་ཁྱོད་ལ་ལྷུང་བཟེད་དང་ཆུ་ཚགས་གཏད་པས་མུ་གེའི་བསྐལ་པ་ལས་ཐར་བར་གྱུར་ཅིག །ཅེས་དང་། གཞན་ཡང་མེ་ཏོག་འཐོར་བཞིན་དུ། ན་མོ། དཀོན་མཆོག་གསུམ་གྱི་བདེན་པའི༴ ཚེ་དང་ལྡན་པ་འདི་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། །རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་ཡོངས་སུ་རྫོགས་པར་གྱུར་ཅིག །ཅེས་སྨོན་ལམ་གདབ། དེ་ལྟར་མིང་དང་རྟགས་སྤོས་པའི་དགོས་པའང་བསམ་པ་བརྗེ་བ་ཡིན་པས། འཁོར་བ་འདི་ཐམས་ཅད་སྡུག་བསྔལ་གྱི་གནས་མེའི་འོབས་ལྟ་བུར་གྱུར་པ་ལས་རང་གཞན་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཀྱི་གནས་སུ་སྒྲོལ་བར་བྱ། །དེའི་ཆེད་དུ་ཁྱིམ་གྱི་འདུ་འཛི་ལས་རབ་ཏུ་དབྱུང་བར་བྱའོ་སྙམ་པས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། འཕགས་པ་ཉན་ཐོས་ཐམས་ཅད་དང་སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས༴ ཚོགས་རྣམས་ཀྱི་མཆོག །དགེ་འདུན་ལ༴ སངས་རྒྱས་ཤཱཀྱ་ཐུབ་པ། ཤཱཀྱ་སེང་གེ། ཤཱཀྱའི་རྒྱལ་པོ་གཙོ་བོ་དེ་རང་ཏུ་བྱུང་བའི་རྗེས་སུ་སློབ་པར་འཚལ་གྱིས། བདག་རབ་ཏུ་དབྱུང་དུ་གསོལ། ལན་གསུམ་དང་། ཐབས་ལེགས་བྱ། དེ་ནས་རང་གཞན་ཐམས་ཅད་འཁོར་བ་ལས་རྣམ་པར་གྲོལ་བར་བྱ་བའི་ཆེད་དུ་དགེ་ཚུལ་གྱི་སྡོམ་པ་བླངས་ཏེ། འཕགས་པ་དགྲ་བཅོམ་པ་རྣམས་ཀྱི་གདུང་གསོབ་པར་བྱའོ་སྙམ་པས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་སེམས་དཔའ། འཕགས་པ་ཉན་ཐོས་ཐམས་ཅད་དང་། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོ་བའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ༴ ཚོགས་རྣམས་ཀྱི་མཆོག །དགེ་འདུན༴ བདག་ཇི་སྲིད་འཚོའི་བར་དུ་དགེ་ཚུལ་དུ་བཟུང་དུ་གསོལ། །ཞེས་ལན་གསུམ་དང་། ཐབས་ལེགས་བྱ། དེ་ནས་སོ་སོར་ཐར་པའི་སྡོམ་པ་རྣམས་ཀྱི་མཆོག་དགེ་སློང་གི་སྡོམ་པ་ཡིན་པས། བདག་གིས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་འཁོར་བ་ལས་བསྒྲལ་བའི་ཆེད་དུ་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་ཉེས་སྤྱོད་སྤང་བ་ཡོངས་སུ་རྫོགས་པ་དགེ་སློང་གི་བསླབ་པ་ཡང་དག་པར་བླངས་ཏེ་རྫོགས་པའི་སངས་རྒྱས་ཀྱི་གདུང་གསོབ་པར་བྱའོ་སྙམ་པས། སྟོན་པ་སངས་རྒྱས་དང་ཆོས་སྨྲ་བའི་འཕགས་པའི་དགེ་སློང་གི་དགེ་འདུན་ཐམས་ཅད་ཚེ་དང་ལྡན་པ་བདག་མིང་འདི་ཞེས་བགྱི་བ་ལ་དགོངས་སུ་གསོལ། །ཚེ་དང་ལྡན་པ་བདག་མིང་འདི་ཞེས་བགྱི་བ་དགེ་སློང་དུ་བཟུང་དུ་གསོལ། །ཞེས་ལན་གསུམ་དང་། ཐབས་ལེགས་བྱ། དེས་དཀོན་མཆོག་གསུམ་གྱི་བྱིན་རླབས་ཀྱིས་ཁྱོད་རྣམས་ཀྱི་རྒྱུད་ལ་ཉེས་སྤྱོད་སྤོང་བ་ཡོངས་སུ་རྫོགས་པ་དགེ་སློང་གི་སྡོམ་པ་ཐོབ་པ་ཡིན་པས་བསླབ་བྱ་མདོ་ཙམ་བསྟན་ན། ད་ཕྱིན་ཆད་ཁྱེད་རྣམས་ཀྱིས་དགེ་སྦྱོང་གི་ཆོས་བཞི་ལ་བསླབ་པར་བྱའོ། །བཞི་གང་ཞེ་ན། གཤེ་ཡང་སླར་མི་གཤེ་བ་དང་། །ཁྲོས་ཀྱང་སླར་མི་ཁྲོ་བ་དང་། །བརྡེགས་ཀྱང་སླར་མི་བརྡེག་པ་དང་། །མཚང་བྲུས་ཀྱང་སླར་མཚང་མི་འབྲུ་བར་བྱའོ། །ཞེས་གདམས་སོ། །འདི་ལྟར་ལུས་ཀྱི་རྟགས་དང་ཆ་ལུགས་ལ་མ་ལྟོས་པར་སེམས་ཀྱི་ཚངས་སྤྱོད་ལ་སློབ་པས་དགེ་ཚུལ་སློང་དུ་བཞག་པ་ནི། སྔར་དྲངས་པ་ལྟར་དཀོན་བརྩེགས་སུ་གསུངས་པ་དང་། གཞན་ཡང་དྲག་ཤུལ་ཅན་གྱིས་ཞུས་པ། སྒྱུ་མ་མཁན་བཟང་པོ་ལུང་བསྟན་པ། འཇམ་དཔལ་རྣམ་པར་རོལ་པའི་བུ་མོ་གསེར་མཆོག་འོད་དཔལ་ལུང་བསྟན་པའི་སྐབས་རྣམས་ནས་ཀྱང་གསལ་བར་བསྟན་པར་མ་ཟད། འདུལ་བ་ལུང་ཉིད་ལས་ཀྱང་གྲགས་པ་ཁྱིམ་པའི་རྟགས་ལ་གནས་བཞིན་དུ་དགེ་སློང་དུ་གསུངས་པ་སྟེ། རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང་། །དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་དེ། །དགེ་སློང་དགེ་སྦྱོང་དེ་ཡིན། ཞེས་གསུངས་པ་ལྟ་བུ་དང་། སའི་སྙིང་པོའི་འཁོར་ལོ་བཅུ་པ་དང་འདུལ་ལུང་མཐུན་པར། ཁྱིམ་པ་འཕགས་པའི་ཆོས་དང་ལྡན་པ་དོན་དམ་པའི་དགེ་སློང་གི་ཁོངས་སུ་བསྡུས་པ་སོགས་རྒྱས་པར་གསུངས་པ་ཡིན་ནོ། །དེ་ནས་ཆོས་བཤད་པ་ནི། ཐེག་པ་འདིའི་ལུགས་ཀྱིས་དཀྱིལ་འཁོར་བའི་སྡུག་བསྔལ་གྱིས་ཡིད་སྐྱོ་ནས་ཞི་བདེ་དོན་དུ་གཉེར་བ་སྐྱེས་བུ་འབྲིང་པོའི་ལམ་ཡིན་པས། བདེན་བཞི་ལ་དམིགས་པའི་བླང་དོར་གྱི་སྒོ་ནས་བསླབ་དགོས། དེ་ལ་འཁོར་བའི་སྡུག་བསྔལ་ནི་ནད་ཀྱི་ཟུག་རྔུ་ལྟ་བུ་དང་། ཀུན་འབྱུང་ནི་ནད་དེ་བསྐྱེད་བྱེད་ཀྱི་རྒྱུ་ལྟ་བུ་དང་། ལམ་བདེན་ནི་ནད་འཇོམས་པའི་གཉེན་པོ་སྨན་དཔྱད་ལྟ་བུ་དང་། འགོག་བ དེན་ནི་ནད་ལས་གྲོལ་བའི་བདེ་བ་ལྟ་བུ་ཡིན་པས་ན། སྡུག་བསྔལ་ཤེས་པར་བྱས་ནས། དེའི་རྒྱུ་ཀུན་འབྱུང་སྤོང་ཞིང་། འགོག་བདེན་ཐོབ་བྱའི་དམིགས་ཡུལ་དུ་བྱས་ལ། ལམ་བདེན་བསྟེན་བྱར་བྱེད་པ་སྟེ། བདེན་བཞི་ལ་དམིགས་པའི་ལས་རྒྱུ་འབྲས་ཀྱི་བླང་དོར་མ་ནོར་བར་མཛད་འཚལ་ལོ། །དེ་ལྟར་འཇུག་སྒོ་གྲུབ་ནས། དབང་བསྐུར་བ་དངོས་ལ། ཐོག་མར་ལྷ་དབང་བསྐུར་བ་ནི། དཀྱིལ་འཁོར་ལ་བཀོད་པའི་ལྷ་རྣམས་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་རྣམ་པར་ལྷ་སོ་སོ་རིམ་པར་བྱིན་ནས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཐིམ་པའི་བྱིན་རླབས་ཀྱིས། སྡུག་བསྔལ་བྱང་ཞིང་། ཀུན་འབྱུང་འགགས་ཏེ་འགོག་ལམ་གྱི་ཡོན་ཏན་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་མོས་པ་མཛོད། གཙོ་བོའི་ཙཀླི་ཐོགས་ཏེ། འདས་དང་མ་བྱོན་ད་ལྟར་གྱི། །དུས་གསུམ་སངས་རྒྱས་ཇི་སྙེད་པའི། །བཅོམ་ལྡན་གཙོ་བོའི་དབང་བསྐུར་བས། །འཁོར་བའི་སྡུག་བསྔལ་གྲོལ་བར་ཤོག །སྡུག་བསྔལ་བདེན་པ་ཉེར་ལེན་ཕུང་པོ་དང་། །ཀུན་འབྱུང་བདེན་པ་ལས་དང་ཉོན་མོངས་དང་། །འགོག་པའི་བདེན་པ་སྡུག་བསྔལ་ཞི་བ་དང་། །ལམ་གྱི་བདེན་པ་གང་ཟག་བདེན་མེད་དེ། །སྡུག་ཀུན་སྤངས་ནས་འགོག་ལམ་ལྷག་བཅས་དང་། །ལྷག་མེད་དགྲ་བཅོམ་ས་ལ་ཕྱིན་པར་ཤོག །སརྦ་ས་ནི་ས་ཏ་ཨ་བྷི་ཥིཉྩ་ཧཱུཾ། ན་མོ། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། རིགས་ཀྱི་བུ་ལ་འགྲོ་བའི་གཙོ་བོ་སྐྱེ་དགུའི་བླ་མ་ཐུབ་པ་ཆེན་པོའི་དབང་བསྐུར་བས། ཚེ་རབས་ཀུན་ཏུ་སངས་རྒྱས་མཐོང་བ་དང་མི་འབྲལ་བ་དང་། དམ་པའི་ཆོས་ཐོས་པ་དང་མི་འབྲལ་བ་དང་། འཕགས་པའི་དགེ་འདུན་དང་རྟག་ཏུ་མི་འབྲལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཉན་ཐོས་བཅུ་དྲུག་གི་ཙཀླི་རིམ་པར་ཐོགས་ཏེ། ན་མོ། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། རིགས་ཀྱི་བུ་ལ་འཕགས་པ་ཀུན་དགའ་བོའི་དབང་བསྐུར་བས་སངས་རྒྱས་ཀྱི་ཞབས་འབྲིང་རྟག་ཏུ་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་མུ་ནེ་མུ་ནེ་མ་ཧཱ༴ ན་མོ། དཀོན་མཆོག་གསུམ་གྱི༴ རིགས་ཀྱི་བུ་ལ་འཕགས་པ་ཤཱ་རིའི་བུའི་དབང་བསྐུར་བས། ཤེས་རབ་ཅན་གྱི་མཆོག་ཏུ་གྱུར་བའི་དབང་དམ་པ༴ ༀ་མུ་ནེ༴ ན་མོ། དཀོན་མཆོག་གསུམ་གྱི༴ རིགས་ཀྱི་བུ་ལ་འཕགས་པ་མངྒལ་གྱི་བུའི་དབང་བསྐུར་བས་རྫུ་འཕྲུལ་ཅན་གྱི་མཆོག་ཏུ་གྱུར་པའི་དབང་དམ་པ༴ ༀ་མུ་ནེ༴ ན་མོ། དཀོན་མཆོག༴ རིགས་ཀྱི་བུ་ལ་འཕགས་པ་རབ་འབྱོར་གྱི་དབང་བསྐུར་བས་འདྲི་ཞིང་ལན་ལྡོན་པའི་མཆོག་ཏུ་གྱུར་པའི་དབང་དམ་པ༴ ༀ་མུ་ནེ༴ ན་མོ། དཀོན་མཆོག༴ རིགས་ཀྱི་བུ་ལ་འཕགས་པ་མ་འགགས་པའི་དབང་བསྐུར་བས་ལྷའི་མིག་མཆོག་ཏུ་གྱུར་པའི་དབང་དམ་པ༴ ༀ་མུ་ནེ༴ ན་མོ། དཀོན་མཆོག༴ རིགས་ཀྱི་བུ་ལ་འཕགས་པ་འཆར་ཀའི་དབང་བསྐུར་བས་ཁྱིམ་བདག་དད་པ་བསྐྱེད་པའི་མཆོག་ཏུ་གྱུར་པའི་དབང་དམ་པ༴ ༀ་མུ་ནེ༴ ན་མོ། དཀོན་མཆོག༴ རིགས་ཀྱི་བུ་ལ་ཀུན་ཤེས་ཀ་དི་ཎྱའི་དབང་བསྐུར་བས་ཐོས་གྲོལ་སྔ་བའི་མཆོག་ཏུ་གྱུར་པའི་དབང་དམ་པ༴ ༀ་མུ་ནེ༴ ན་མོ། དཀོན་མཆོག༴ རིགས་ཀྱི་བུ་ལ་འཕགས་པ་རྟ་ཐུལ་གྱི་དབང་བསྐུར་བས་སྤྱོད་ལམ་མཛེས་པའི་མཆོག་ཏུ་གྱུར་པའི་དབང༴ ༀ་མུ་ནེ༴ ན་མོ། དཀོན་མཆོག༴ རིགས་ཀྱི་བུ་ལ་འཕགས་པ་ཉེ་བ་འཁོར་གྱི་དབང་བསྐུར་བས་འདུལ་བ་འཛིན་པའི་མཆོག་ཏུ་གྱུར་པའི་དབང༴ ༀ་མུ་ནེ། ན་མོ་དཀོན་མཆོག་གསུམ་གྱི༴ རིགས་ཀྱི་བུ་ལ་འཕགས་པ་བ་ལང་བདག་གི་དབང་བསྐུར་བས་འགོག་པའི་ཏིང་ངེ་འཛིན་མཆོག་དུ་གྱུར་པའི་དབང༴ ༀ་མུ་ནེ༴ ན་མོ། དཀོན་མཆོག་གསུམ་གྱི༴ རིགས་ཀྱི་བུ་ལ་འཕགས་པ་འོད་སྲུང་ཆེན་པོའི་དབང་བསྐུར་བས་སྦྱངས་པའི་ཡོན་ཏན་ཆེ་བ་མཆོག་ཏུ་གྱུར་པའི་དབང༴ ༀ་མུ་ནེ༴ ན་མོ། དཀོན་མཆོག་གསུམ་གྱི༴ རིགས་ཀྱི་བུ་ལ་འཕགས་པ་སྒྲ་གཅན་ཟིན་གྱི་དབང་བསྐུར་བས་བསླབ་པ་ལ་གུས་པ་མཆོག་ཏུ་གྱུར་པའི་དབང༴ ༀ་མུ་ནེ༴ ན་མོ། དཀོན་མཆོག༴ རིགས་ཀྱི་བུ་ལ་འཕགས་པ་གཅུང་དགའ་བོའི་དབང་བསྐུར་བས་མཚན་དང་དཔེ་བྱད་མཆོག་ཏུ་གྱུར་པའི་དབང་༴ ༀ་མུ་ནེ༴ ན་མོ། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན༴ རིགས་ཀྱི་བུ་ལ་འཕགས་པ་མིང་ཅན་གྱི་དབང་བསྐུར་བས་རྒྱལ་བའི་བཀའ་ལས་གུས་པ་མཆོག་ཏུ་གྱུར་པའི་དབང་༴ ༀ་མུ་ནེ༴ ན་མོ། དཀོན་མཆོག༴ རིགས་ཀྱི་བུ་ལ་འཕགས་པ་ནོར་སྦྱིན་འཛིན་གྱི་དབང་བསྐུར་བས་དབུལ་བ་སེལ་བའི་མཆོག་ཏུ་གྱུར་པའི་དབང་དམ་པ༴ ༀ་མུ་ནེ༴ ན་མོ། དཀོན་མཆོག་གསུམ༴ རིགས་ཀྱི་བུ་ལ་འཕགས་པ་གང་པོའི་དབང་བསྐུར་བས་ཡོན་སྦྱོང་བ་མཆོག་ཏུ་གྱུར་པའི་དབང་དམ་པ༴ ༀ་མུ་ནེ༴ གནས་བརྟན་བཅུ་དྲུག་གི་ཙཀླི་ཐོགས་ཏེ། ན་མོ། དཀོན་མཆོག༴ རིགས་ཀྱི་བུ་ལ་རྒྱལ་བའི་བསྟན་པ་གནས་ཀྱི་བར་དུ་སྐྱོང་བར་མཛད་པ་པོ་འཕགས་པ་གནས་བརྟན་ཆེན་པོ་ཡན་ལག་འབྱུང་གི་དབང་བསྐུར་བས་དམ་པ་ཆོས་ཀྱི་ཆབ་སྲིད་འཛིན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་མུ་ནེ་མུ་ནེ༴ དེ་བཞིན་དུ་རེ་རེའི་འགོར། ན་མོ། དཀོན་མཆོག༴ རིགས་ཀྱི་བུ་ལ་རྒྱལ་བའི་བསྟན་པ་གནས་ཀྱི་བར་དུ་སྐྱོང་བར་མཛད་པ་པོ་འཕགས་པ་གནས་བརྟན་ཆེན་པོ། ཞེས་སྦྱར་ནས། མ་ཕམ་པའི༴ ནགས་ན་གནས་ཀྱི༴ དུས་ལྡན་གྱི༴ རྡོ་རྗེ་མོའི་བུའི༴ བཟང་པོའི༴ གསེར་བེའུའི༴ བྷ་ར་དྷྭ་ཛ་གསེར་ཅན་གྱི༴ བ་ཀུ་ལའི༴ སྒྲ་གཅན་ཟིན་གྱི༴ ལམ་ཕྲན་བརྟན་གྱི༴ བྷ་ར་དྷྭ་ཛ་བསོད་སྙོམས་ལེན་གྱི༴ ལམ་བརྟན་གྱི༴ ཀླུའི་སྡེའི༴ སྦེད་བྱེད་ཀྱི༴ མི་ཕྱེད་པའི༴ དེ་རེ་རེའི་མཚན་མཐར། དབང་བསྐུར་བས་དམ་པ་ཆོས་ཀྱི་ཆབ་སྲིད་འཛིན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་མུ་ནེ༴ ན་མོ། དཀོན་མཆོག༴ རིགས་ཀྱི་བུ་ལ་དགེ་ཚུལ་ཙུནྡའི་དབང་བསྐུར་བས་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་མཆོག་ཏུ་གྱུར་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་མུ་ནེ༴ ན་མོ། དཀོན་མཆོག༴ རིགས་ཀྱི་བུ་ལ་འཕགས་པའི་དགེ་བསྙེན་ཆེན་པོ་དྷརྨ་ཏཱའི་དབང་བསྐུར་བས་འཕགས་པ་དགྲ་བཅོམ་པ་རྣམས་ཀྱི་ཞབས་འབྲིང་རྟག་ཏུ་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་མུ་ནེ༴ ཅེས་བསྐུར་རོ། །དེ་ནས་རྫས་དབང་བཅུ་བསྐུར་བ་ནི། དང་པོ་བུམ་ཆུས་བཀྲུ་ཞིང་བླུད་དེ། ན་མོ། དཀོན་མཆོག༴ རིགས་ཀྱི་བུ་ལ་བུམ་རྫས་ཆུའི་དབང་བསྐུར་བས་ཉོན་མོངས་པའི་བག་ཆགས་ཀྱི་དྲི་མ་བྱང་ཞིང་དག་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་མུ་ནེ༴ གཉིས་པ་སྔར་བཏགས་པའི་མིང་བཅུག་སྟེ། ན་མོ། དཀོན་མཆོག༴ རིགས་ཀྱི་བུ་ལ་འདི་ཞེས་བྱ་བའི་མིང་གི་དབང་བསྐུར་བས་ཤེས་བྱ་ལ་མ་རྨོངས་པའི་དབང་དམ་པ༴ ༀ་མུ་ནེ༴ གསུམ་པ་ཤིང་རྟ། ན་མོ། དཀོན་མཆོག༴ རིགས་ཀྱི་བུ་ལ་ཤིང་རྟའི་དབང་བསྐུར་བས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལས་རབ་ཏུ་བྱུང་ནས་ཆོས་ཀྱི་རྒྱལ་སྲིད་ལ་དབང་བསྐུར་བའི་དབང་དམ་པ༴ ༀ་མུ་ནི༴ བཞི་པ་ཆིབས་པ། ན་མོ། དཀོན་མཆོག༴ རིགས་ཀྱི་བུ་ལ་ཆིབས་ཀྱི་དབང་བསྐུར་བས་རྟག་ཏུ་རབ་ཏུ་ཕྱུངས་ནས་ཉོན་མོངས་པ་ལས་ཐར་པའི་དབང་དམ་པ༴ ༀ་མུ་ནེ༴ ལྔ་པ་སྤུ་གྲི། ན་མོ། དཀོན་མཆོག༴ རིགས་ཀྱི་བུ་ལ་ཤན་རལ་གྲིའི་དབང་བསྐུར་བས་ཉོན་མོངས་པའི་དྲྭ་བ་གཅོད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་མུ་ནེ༴ དྲུག་པ་གསེག་པར། ན་མོ། དཀོན་མཆོག༴ རིགས་ཀྱི་བུ་ལ་གསེག་པར་གྱི་དབང་བསྐུར་བས་བདག་དང་འགྲོ་བའི་དོན་མཐར་ཕྱིན་པར་རྫོགས་པའི་དབང་དམ་པ༴ ༀ་མུ་ནེ༴ བདུན་པ་ཆོས་གོས་རྣམ་གསུམ། ན་མོ། དཀོན་མཆོག༴ རིགས་ཀྱི་བུ་ལ་ན་བཟའ་དུར་སྨྲིག་གི་དབང་བསྐུར་བས་འཁོར་བའི་གདུང་བ་ལས་སྐྱོབ་པའི་དབང་དམ་པ༴ ༀ་མུ་ནེ༴ བརྒྱད་པ་སྦྲང་རྩི། ན་མོ། དཀོན་མཆོག༴ རིགས་ཀྱི་བུ་ལ་བཀྲ་ཤིས་ཀྱི་རྫས་སྦྲང་རྩིའི་དབང་བསྐུར་བས་འབྲས་བུ་ཕུན་སུམ་ཚོགས་པའི་དབང་དམ་པ༴ ༀ་མུ་ནེ༴ དགུ་པ་འབྲས་ཆན། ན་མོ། དཀོན་མཆོག༴ རིགས་ཀྱི་བུ་ལ་འོ་ཐུག་འབྲས་ཆན་གྱི་དབང་བསྐུར་བས་མཚན་དང་དཔེ་བྱད་འབར་བའི་དབང་དམ་པ༴ ༀ་མུ་ནེ༴ བཅུ་པ་རྩྭ་ཟོར་བའི་སྟན། ན་མོ། དཀོན་མཆོག༴ རིགས་ཀྱི་བུ་ལ་རྩྭ་དརྦྷའི་རྫས་ཀྱི་དབང་བསྐུར་བས་བཀྲ་ཤིས་ཤིང་བར་ཆད་ཐམས་ཅད་ཀྱིས་མི་ཚུགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། དེ་ལྟར་བུམ་ཆབ་ཀྱི་དབང་སྔོན་དུ་འགྲོ་བའི་སྒོ་ནས་ངེས་པར་འབྱུང་བས་ཁྱིམ་སྤངས་ཏེ་སངས་རྒྱས་པའི་བར་གྱི་སྟོན་པ་བཅོམ་ལྡན་འདས་རབ་ཏུ་བྱུང་ནས་ཞི་བ་བརྙེས་པའི་རྣམ་ཐར་དང་རྗེས་སུ་མཐུན་པའི་དབང་བཅུ་བསྐུར་བས་འཁོར་བ་ལས་རྣམ་པར་གྲོལ་བའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྐུ་ལས་ཐུགས་རྗེའི་འོད་ཟེར་འཕྲོས། ཁྱེད་རང་རྣམས་ལ་རེག་པས་ལུས་སེམས་ཀྱི་སྐྱོན་ཐམས་ཅད་སྦྱངས་ནས་དམ་པའི་ཆོས་ཀྱི་སྣོད་རུང་དུ་བྱས། ཡང་ལྷ་རྣམས་ཀྱི་སྐུའི་འོད་ཟེར་གྱིས་འཕགས་པ་རྣམས་ཀྱི་ཐུགས་དམ་བསྐུལ། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་ཁྱེད་རང་རྣམས་ལ་ཐིམ་པས་མཐུ་ཐོབ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་དང་མཚུངས་པར་བྱིན་གྱིས་བརླབས་པའི་མོས་པ་མཛོད། ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཤཱཀྱ་མུ་ན་ཡེ་སྭཱ་ཧཱ། ཞེས་བཟླར་བཅུག་རྗེས། མུ་ནེའི་སྔགས་བྱང་གཏད་དེ། ན་མོ། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས་རིགས་ཀྱི་བུ་ལ་ཆོས་སྒོ་བརྒྱད་ཁྲི་སྟོང་ཚང་བའི་སྙིང་པོའི་དབང་བསྐུར་བས་དམ་པའི་ཆོས་ཀྱི་མཛོད་འཛིན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་མུ་ནེ༴ ཞེས་བསྐུར་རོ། །དེ་ལྟར་ཉན་ཐོས་ཀྱི་ཐེག་པའི་དབང་བསྐུར་བས་མདོ་རང་ལུགས་ཀྱི་ཚོགས་ལམ་གཉིས་པ་ལས་དང་པོ་པའི་རྣལ་འབྱོར་རྟེན་པ་གཞིའི་ས་ནོན་པ་དང་རིགས་འདྲའི་ཡོན་ཏན་གསོས་ཐེབ་པས། ལས་ཀྱི་བག་ཆགས་ཕྲ་བ་དག །འཁོར་བ་ལས་རྣམ་པར་གྲོལ་བའི་རྒྱུ་དང་། ལམ་གོང་མ་ལ་སྨོན་པ་བྱང་ཆུབ་ཀྱི་སེམས་སྐྱེ་བའི་སྟེགས་སུ་གྱུར། རྒྱུན་ཞུགས་ཕྱིར་འོང་མི་འོང་དང་། མཐར་ཐུག་ཉན་ཐོས་དགྲ་བཅོམ་གྱི་རྟོགས་རིགས་དང་འདྲ་བའི་ཡོན་ཏན་ཁྱད་པར་ཅན་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །རྗེས་ཀྱི་བྱ་བ་ལ་སྤྱི་དོན་གསུམ་སྟེ། ལམ་ཁྱེར་བཞི་བསྟན་པ། འགག་དྲུག་བཤད་པ། གདམས་ངག་ངང་སྒོམ་གྱི་ཁྲིད་གདབ་པའོ། །སྤྱི་དོན་དང་པོ་ལམ་ཁྱེར་ལ་བཞི་ལས། དང་པོ་ཐེག་པ་ལམ་ཁྱེར་ནི། ཉན་ཐོས་ཀྱི་ཐེག་པ་སྟེ། དེ་ལའང་དྲུག་ལས། འཇུག་པའི་སྒོ་ནི། འཁོར་བའི་ཉེས་དམིགས་མཐོང་ནས་རང་ཉིད་ཞི་བདེ་འདོད་པས། འཕགས་པའི་བདེན་པ་བཞིས་བསྡུས་པའི་རྣམ་པ་བཅུ་དྲུག་ལ་དམིགས་པའི་རྒྱུ་འབྲས་སྤང་བླང་གི་སྒོ་ནས་འཇུག །ལྟ་བ་ནི། གཟུང་ཡུལ་དངོས་པོ་རགས་སྣང་དང་འཛིན་པ་སེམས་ཀྱི་རྒྱུན་འདི་རང་བཞིན་མེད་པར་འདོད་པས་གང་ཟག་གི་བདག་མེད་རྟོགས་ནའང་། རགས་སྣང་རྩོམ་གཞི་རྡུལ་ཕྲན་བྱེ་སྨྲས་ཆ་ལྡན་སིལ་བུ་དང་། མདོ་སྡེ་བས་རེག་ལ་མ་འབྱར་བའི་ཆ་མེད། འཛིན་སེམས་སྐད་ཅིག་མ་བྱེ་མདོ་གཉིས་མཐུན་པར་དུས་ཀྱི་ཆ་དང་བྲལ་བར་འདོད་པས་ན། གཟུང་འཛིན་ཕྲ་བ་དོན་དམ་བདེན་པར་ལྟ་བས་ཆོས་ཀྱི་བདག་མ་རྟོགས་པ་སྟེ། ལྟ་རིམ་ལས། ཆོས་ཙམ་ལྟ་བའི་ཉན་ཐོས་པ། །མདོ་སྡེ་པ་དང་བྱེ་བྲག་གཉིས། །ཕྱི་རོལ་རྡུལ་ལ་རྩོད་བྱེད་ཅིང་། །ཤེས་པ་སྐད་ཅིག་སྣང་བྱེད་མཐུན། །ཞེས་གསུངས་སོ། །ཚུལ་ཁྲིམས་ནི། སོ་ཐར་རིགས་བརྒྱད་གང་རུང་སྟེ། མཛོད་ལས། སོ་སོ་ཐར་ཞེས་བྱ་རྣམ་བརྒྱད། །རྫས་སུ་རྣམ་པ་བཞི་ཡིན་ནོ། །མཚན་ལས་མིང་ནི་འཕོ་བའི་ཕྱིར། །ཐ་དད་དེ་དག་འགལ་བ་མེད། །སྤང་བྱ་ལྔ་བརྒྱད་བཅུ་དང་ནི། ཐམས་ཅད་སྤོང་བ་ནོས་པ་ལས། །དགེ་བསྙེན་དང་ནི་བསྙེན་གནས་དང་། །དགེ་ཚུལ་ཆེ་དང་དགེ་སློང་ཉིད། །ཅེས་སོ། །སྒོམ་པ་ནི། ཉན་ཐོས་ཀྱི་སྡེ་སྣོད་ཐོས། ཐོས་དོན་བསམ། བསམ་པའི་དོན་སྒོམ་པ་ལ་འཇུག་པ་སྟེ། །དེ་ལ་ཞི་གནས་ནི། ཉོན་མོངས་པ་གང་དང་གང་ཤས་ཆེ་བ་དེ་དང་དེའི་གཉེན་པོར་རིམ་བཞིན། འདོད་ཆགས་ལ་མི་སྡུག་པ། ཞེ་སྡང་ལ་བྱམས་སྙིང་རྗེ། གཏི་མུག་ལ་རྟེན་འབྲེལ་གྱི་རབ་དབྱེ། རྣམ་རྟོག་ལ་དབུགས་འབྱུང་རྔུབ་བགྲང་བ། ང་རྒྱལ་ལ་ཁམས་ཀྱི་རྣམ་པའི་རབ་དབྱེ་རྣམས་སྒོམ་པས་སེམས་ལས་སུ་རུང་བར་བྱས་རྗེས། ལྷག་མཐོང་ནི། བདེན་བཞིའི་རྣམ་པ་བཅུ་དྲུག་བསྒོམས་པས། ཁམས་གསུམ་གྱི་ཉོན་མོངས་པ་མཐོང་བས་སྤོང་བ་སོགས་ཡེ་ཤེས་བཅུ་དྲུག་གིས་སྤོང་སྟེ། བདེན་བཞི་རེ་རེ་ལའང་། ཆོས་ཤེས། ཆོས་བཟོད་དང་། རྗེས་ཤེས། རྗེས་བཟོད་དེ་བཅུ་དྲུག་གོ། །སྤྱོད་པ་ནི། སྦྱངས་ཡོན་བཅུ་གཉིས་ལ་གནས་པས་རང་དོན་གཙོ་བོར་སྤྱོད་པའོ། །འབྲས་བུ་ནི། ལམ་ལྔ་བྱང་ཕྱོགས་སོ་བདུན་གྱི་རིམ་པས་བགྲོད་པའི་འཕགས་ལམ་ནི་དགེ་སྦྱོང་གི་འབྲས་བུ་བཞི་སྟེ། རྒྱུན་ཞུགས་དང་། ལམ་གཅིག་ཕྱིར་འོང་དང་། ཕྱིར་མི་འོང་དང་། དགྲ་བཅོམ་པ་སྟེ་སྐྱེས་བུ་ཟུང་བཞི་དང་། རེ་རེ་ལའང་ཞུགས་གནས་གཉིས་གཉིས་སུ་ཕྱེ་བས་ཡ་བརྒྱད་དུ་འདོད་དོ། །དེ་ཡང་ཉན་ཐོས་ཀྱི་རྟོགས་བྱ་ཐམས་ཅད་འདིར་ཡང་རྟོགས་དགོས་མོད། ཐོབ་བྱ་རྣམས་ནི་ཐེག་ཆེན་གྱི་གོལ་ས་ཡིན་པའི་ཕྱིར། ལམ་སྟེགས་སུ་མངོན་དུ་བྱེད་དགོས་པ་མ་ཡིན་ནོ། །གཉིས་པ་ལྷ་ལམ་ཁྱེར་ནི། བཅོམ་ལྡན་འདས་ཐུབ་པའི་དབང་པོ་འཕགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མདུན་དུ་སྤྱན་དྲངས་ཏེ། བཞུགས་པ་ལ་དམིགས་ནས་ཕྱག་མཆོད་འབུལ་བ་སོགས་ཀྱིས་ཚོགས་བསག་གོ། །གསུམ་པ་སྙིང་པོ་ལམ་ཁྱེར་ནི། ལྷ་རྣམས་ཀྱི་སྐུ་ལས་འཕྲོས་པའི་འོད་ཀྱིས་ལུས་སེམས་ཀྱི་སྐྱོན་སྦྱངས་ཤིང་རྒྱུད་བྱིན་གྱིས་བརླབས་པར་བསམས་ལ། མུ་ནེའི་གཟུངས་བཟླ་བའོ། །བཞི་པ་བསླབ་བྱ་ལམ་ཁྱེར་ནི། མི་དགེ་བཅུ་དགྲ་ལྟར་སྤོང་ཞིང་། དགེ་བཅུ་འཆི་གསོས་ཀྱི་སྨན་མཆོག་ལྟར་བརྟེན་པར་བྱའོ། །དེའང་ཐུན་མོང་དུ་འདུ་ཤེས་བཅུ་སྟེ། སྲོག་གཅོད་པ་ལ་བཙན་དུག་ལྟ་བུའི་འདུ་ཤེས་དང་། ཉོན་མོངས་པ་ལ་དུག་སྦྲུལ་ལྟ་བུའི་འདུ་ཤེས་དང་། ཁ་ཟས་ལ་རྒན་རྒོན་བུ་ཤ་ཟ་བ་ལྟ་བུའི་འདུ་ཤེས་དང་། གོས་ལ་སྨད་དཀྲིས་ལྟ་བུའི་འདུ་ཤེས་དང་། རྙེད་བཀུར་ལ་རྒྱ་དང་རྙི་ལྟ་བུའི་འདུ་ཤེས་དང་། བླ་མ་དང་དཀོན་མཆོག་ལ་ནོར་བུ་རིན་པོ་ཆེ་ལྟ་བུའི་འདུ་ཤེས་དང་། ཆོས་ལ་ལམ་བཟང་པོ་ལྟ་བུའི་འདུ་ཤེས་དང་། སངས་རྒྱས་ཀྱི་བསྟན་པ་ལ་གསེར་ལྟ་བུའི་འདུ་ཤེས་དང་། ཚུལ་ཁྲིམས་ལ་རྒྱན་ལྟ་བུའི་འདུ་ཤེས་དང་། ཆོས་ཉིད་མངོན་དུ་གྱུར་པ་ལ་མུན་ཁུང་དུ་སྒྲོན་མེ་བཏེག་པ་ལྟ་བུའི་འདུ་ཤེས་རྣམས་ལ་བསླབ་པར་བྱའོ། །སྤྱི་དོན་གཉིས་པ་འགག་དྲུག་བཤད་པ་ནི། གཞུང་ལས། གང་དུ་གང་གིས་གང་ལ་གང་བསྟན་པ། །ཅིའི་ཕྱིར་བཤད་པའི་དགོས་པ་བཅས་པ་སྟེ། །འདི་ནི་ཉན་ཐོས་ཐེག་པའི་འགག་དྲུག་ཡིན། །ཞེས་གསུངས་པ་ལྟར། གང་དུ་བཤད་པའི་གནས་ནི། ཝཱ་ར་ཎཱ་སཱིའི་བསིལ་ཁང་དུའོ། །གང་གིས་བཤད་པའི་སྟོན་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའོ། །གང་ལ་བཤད་པའི་འཁོར་ནི། ཉན་ཐོས་ཆེན་པོ་མཆོག་བརྒྱད་དམ་བཅུ་དྲུག་སོགས་ལའོ། །གང་བསྟན་པའི་ཐེག་པ་ནི། བདེན་བཞིས་བསྡུས་པ་ཉན་ཐོས་ཀྱི་ཐེག་པའོ། །ཅིའི་ཕྱིར་ན་བདེན་བཞིའི་དབང་བསྐུར་བས་ཉན་ཐོས་དགྲ་བཅོམ་གྱི་རྟོགས་རིགས་དང་འདྲ་བའི་ཡོན་ཏན་ཐོབ་པའི་ཆེད་དུའོ། །དེ་ལྟར་བསྟན་པའི་དགོས་པ་ནི། བདག་རྟག་ཆད་དུ་འཛིན་པ་ཞིག་པས་འཁོར་བ་ལས་ངེས་པར་འབྱིན་པའོ། །སྤྱི་དོན་གསུམ་པ་གདམས་ངག་ངང་སྒོམ་གྱི་ཁྲིད་ལ། ཐོག་མར་ཞི་གནས་ནི། ཚེ་འདི་དང་འཁོར་བ་ལ་ཡིད་བྱུང་བའི་སྐྱོ་ཤས་ཀྱིས་འདུ་འཛིན་དང་མི་དགེ་བའི་སེམས་སྤངས་ཏེ། བསྒོམ་བྱའི་ངོ་བོ་ནི། རང་གི་དཔྲལ་བར་རུས་པའི་ཐིག་ལེ་ཡུངས་འབྲུ་ཙམ་ཞིག་བསྒོམ། དེ་ལས་ཤེས་པ་གཏད་དེ་བཞག་པས། ཐིག་ལེ་དེ་ཇེ་ཆེ་ཇེ་ཆེར་འཕེལ་བས་སྣང་བ་ཐམས་ཅད་ཀེང་རུས་སུ་སྐྱ་ཁྲོལ་གྱིས་སོང་བ་ལ་རྩེ་གཅིག་ཏུ་མཉམ་པར་བཞག །དེ་ལས་ཡང་སྡུད་པའི་སྦྱོར་བས་རང་ལུས་ཙམ་ཀེང་རུས་སུ་དམིགས་ནས་བསྒོམ་སྟེ། མཛོད་ལས། ཀེང་རུས་ཆགས་བཅས་ཐམས་ཅད་ལ། །རུས་པ་རྒྱ་མཚོའི་བར་དུ་ནི། །སྤྲོ་ཞིང་བསྡུད་པ་ལས་དང་པོ། །ཞེས་པས་འདི་ནི་ལས་དང་པོ་པའི་མི་སྡུག་པ་སྒོམ་ཚུལ་ཏེ། དེ་ལ་བརྟེན་ནས་སྤྲོ་བ་སྔར་བཞིན་ལས་བསྡུ་བ་ན་རྐང་རུས་བོར་བ་ནས་ཐོད་ཕྱེད་ཀྱི་བར་དང་། ཤིན་ཏུ་བརྟན་ནས་ཐོད་ཕྱེད་ཀྱང་བསྡུས་ལ་སྨིན་མ་གཉིས་ཀྱི་བར་དུ་སེམས་འཛིན་པ་སྟེ། དེ་ལས། རྐང་རུས་ནས་ནི་ཐོད་ཕྱེད་བར། །བཏང་བས་སྦྱང་བ་བྱས་པར་བཤད། །སྨིན་མའི་བར་དུ་སེམས་འཛིན་པས། །ཡིད་ལ་བྱེད་པ་རྫོགས་པ་ཡིན། །ཞེས་གསུངས། དེ་ལྟར་མི་སྡུག་པའི་ཏིང་ངེ་འཛིན་གྱིས་ཆགས་སྡང་འགགས་ནས་སེམས་ལས་སུ་རུང་བ་དང་། དེ་ནས་ལྷག་མཐོང་སྒོམ་སྟེ། ལམ་ལྔར་བྱང་ཕྱོགས་སོ་བདུན་ནམ། བདེན་བཞི་རྣམ་པ་བཅུ་དྲུག་ཏུ་ཕྱེ་ནས་བསྒོམ་པ་ཡིན་ནའང་། འདིར་ལམ་གོང་མའི་སྟེགས་སུ་གང་ཟག་གི་བདག་མེད་བསྒོམ་པའི་ལྟ་ཁྲིད་ཙམ་ཞིག་བསྟན་པ་བྱའོ། །དེ་ཡང་རང་ལུས་ཉེར་ལེན་གྱི་ཕུང་པོ་འདི་ལ་བདག་ཏུ་སྒྲོ་བཏགས་ནས་ངར་འཛིན་འཇུག་པས། དེ་སུན་དབྱུང་བའི་དོན་དུ་འདི་ལྟར་བསྒོམ་སྟེ། ངའོ་ཞེས་རྣམ་པར་བཏགས་པའི་ཡུལ་ལ་དམིགས་ན་ང་ཞེས་བྱ་བ་གྲུབ་པ་མེད་དེ། ལུས་རྣམས་རྡུལ་ཕྲན་གྱི་བར་དུ་གཤིག་ཅིང་། སེམས་ཀྱང་སྐད་ཅིག་གི་བར་དུ་རྣམ་པར་བཤིག་པ་ན། ལུས་སེམས་གཉིས་ཀྱང་ང་མ་ཡིན་ལ། དེ་གཉིས་ཀྱི་ཚོགས་པའང་མ་གྲུབ་པས་ང་མ་ཡིན། དེ་གཉིས་ལས་ལོགས་པའང་མེད་པའི་ཕྱིར། གང་ཟག་མེད་པར་རྟོགས་པ་ན། དེའི་ངང་ལ་མཉམ་པར་གཞག་པར་བྱའོ། །དེ་ལྟར་གཏན་ལ་ཕབ་སྟེ་བསྒོམས་པས། ངའམ་བདག་ཏུ་འཛིན་པ་ལོག་པས་ནི། ང་ཡིར་འཛིན་པའམ་བདག་གིར་འཛིན་པ་མི་འབྱུང་ཞིང་། དེ་ལྟར་ཉེས་པ་ཐམས་ཅད་ཀྱི་རྩ་བ་བདག་དང་བདག་གིར་འཛིན་པ་ལོག་པས་ནི་ཉོན་མོངས་པ་ལྡོག །དེ་ལོག་པས་ལས་ཟད་པར་འགྱུར་ལ། ལས་དང་ཉོན་མོངས་པ་ཟད་པས་ནི་སྐྱེ་བ་ཟད་པར་འགྱུར་བས་ན། རྣམ་པར་གྲོལ་བ་ཐོབ་པར་འགྱུར་ཏེ། དབུ་མ་ལས། ལས་དང་ཉོན་མོངས་ཟད་ལས་ཐར། །ཞེས་གསུངས་པ་ལྟར་ཡིན་པས་བརྩོན་པས་བསླབ་པར་བྱོས་ཤིག །ཚུལ་དེས་ཉན་ཐོས་ཐེག་པའི་དབང་བསྐུར་མན་ངག་དང་བཅས་པ་ལེགས་པར་གྲུབ་པས། དེ་ལྟར་གདམས་པ་ལས་མི་འདའ་བར་བསྒྲུབ་པར་བྱའོ་སྙམ་པས། གཙོ་བོས་ཇི་ལྟར་སོགས་ཀྱིས་ཁས་བླངས། གཏང་རག་གི་མཎྜལ་ཕུལ། དེང་ནས་བརྩམས་ཏེ་སོགས་དང་། དགེ་བ་བསྔོ་བ་རྣམས་སྔར་ལྟར་དང་། རྗེས་ཆོག་རྣམས་སྒྲུབ་ཐབས་བཞིན་བྱ་བ་ཡིན་ནོ། །ཉུང་གསལ་བརྗོད་བདེའི་ངག་ཚིག་གིས། །དོན་ཀུན་ཡོངས་ཚང་དབང་ཆོག་ཁྲིགས། །ལེགས་བཤད་རྨད་བྱུང་ཆོས་སྐྱེས་འདི། །སྐལ་བཟང་དགའ་བྱེད་དཔལ་དུ་སྦྱིན། །ཉན་ཐོས་ཐེག་པའི་དབང་ཆོག་གི་ལེ་ཚན་ནོ།། །།
༈ ༀ་སྭ་སྟི། འགྱུར་ཆོས་སྲིད་རྩ་གང་ཟག་དང་། །ཆོས་ཕྱེད་གཟུང་རྟོག་བདག་མེད་ཀྱི། །རྡོ་རྗེས་གཞོམ་མཛད་ལ་བཏུད་ནས། །རང་རྒྱལ་ཐེག་པའི་དབང་ཆོག་བཤད། །ད་ནི་གསུམ་པ་རང་རྒྱལ་གྱི་ཐེག་པའི་དབང་ནི། དཀྱིལ་འཁོར་བཤམ་སྒྲུབ་གཏོར་ཆོག་དང་བཅས་པ་སྒྲུབ་ཐབས་ལྟར་གྲུབ་རྗེས། བདག་འཇུག་གི་དོན་ནི། སློབ་དཔོན་བདག་ཉིད་སྟོན་པ་ཐུབ་པའི་དབང་པོར་བསམས་པའི་གཙུག་ཏོར་གྱི་འོད་ཀྱིས་དཀྱིལ་འཁོར་གྱི་ལྷ་དང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་བསྡུས་ནས་སྤྱི་བོར་ཞུགས་པས་རྗེས་སུ་གནང་བ་ཐོབ། སླར་ཡང་སྤྱི་བོའི་འོད་ཀྱིས་བསྐུལ་བས་དཀྱིལ་འཁོར་ལ་བཀོད་པའི་སྟོན་པ་སངས་རྒྱས། འཁོར་འཕགས་པ་རང་རྒྱལ་གྱི་དགེ་འདུན་དང་བཅས་པ་ལས་རང་འདྲའི་སྐུ་གཉིས་པ་རེ་ཆད་དེ། རང་གི་སྤྱི་བོར་ཐིམ་པས་རྟེན་འབྲེལ་ལུགས་འབྱུང་གི་རྒྱུ་འབྲས་སྡུག་ཀུན་འགགས་ནས། ལུགས་ལྡོག་འགོག་ལམ་གྱི་ཡོན་ཏན་རྒྱུད་ལ་སྐྱེས་པར་བསམ་པའོ། །དེ་ནས་སློབ་མ་གཞུག་པ་ནི། ཁྲུས་བྱ། བགེགས་ག ཏོར་བཏང་ལ་མཚམས་བཅད། སེམས་བསྐྱེད་དང་ཆོས་ཉན་པའི་ཀུན་སྤྱོད་གསལ་འདེབས་པ་སྔོན་དུ་འགྲོ་བས། འདིར་གང་གསན་པར་བྱ་བའི་ཆོས་ནི། ཞེས་པ་ནས། ཕྱི་དབང་རྒྱུད་ཀྱི་ཆུ་བོའི་ཡན་ལག་གི་དཀྱིལ་འཁོར། ཞེས་པའི་བར་སྔར་ལྟར་ལས་སྐབས་བབས་ཀྱི་སྤྲོ་བསྡུ་བྱས་རྗེས། གསུམ་པ་རང་རྒྱལ་གྱི་ཐེག་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་སྐབས་སུ་བབས་པ་ཡིན། དེ་ལའང་གཉིས་ལས། སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་དང་། དེ་ནས་གསོལ་བ་གདབ་པའི་སླད་དུ་དོན་དམ་པའི་དཀོན་མཆོག་གསུམ་ལ་ཡིད་ཆེས་ཀྱི་དད་པ་བསྐྱེད་ནས། དེ་མཚོན་བྱེད་བརྡར་བཏགས་དཀྱིལ་འཁོར་ལ་བཀོད་པའི་སངས་རྒྱས་དང་། མདོའི་གླེགས་བམ་དང་། འཕགས་པ་རང་རྒྱལ་གྱི་དགེ་འདུན་དང་བཅས་པ་རྣམས་ལ་ཡན་ལག་ལྔ་ས་ལ་ཕབ་པའི་ཕྱག་ལན་གསུམ་འཚལ་དུ་བཅུག་ནས། སློབ་དཔོན་ཐུབ་པའི་དབང་པོར་གསལ་བའི་གཙུག་ཏོར་གྱི་ནོར་བུ་འོད་ཟེར་འཕྲོ་བ་ལས་དགོས་དགུ་མ་ལུས་པ་འབྱུང་བར་མོས་ལ་སྙིམ་པ་མེ་ཏོག་དང་བཅས་པས། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམས་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་གསོལ། །ཞེས་ལན་གསུམ། དེ་ནས་སྡོམ་པ་འབོགས་པ་ནི། བསྲུང་བྱའི་ཚུལ་ཁྲིམས་ཉན་ཐོས་དང་འདྲ་བས་འདིར་ཟུར་དུ་བླང་མི་དགོས་ཤིང་། ཆོས་བཤད་པ་ནི། ཐེག་པ་འདིའི་ལུགས་ཀྱིས་འཁོར་བ་ལས་ངེས་པར་འབྱུང་བ་སྐྱེས་བུ་འབྲིང་པོའི་ལམ་ཡིན་པས། བདེན་བཞི་ལ་བླང་དོར་གྱི་སྒོ་ནས་བསླབ་དགོས། དེ་ཡང་དམིགས་ཡུལ་བདེན་པ་བཞིས་བསྡུས་པའི་ཆོས་ལ། རྟེན་འབྲེལ་འབྱུང་ལྡོག་གིས་སྒོམ་པས་ཁམས་གསུམ་གྱི་ཕྲ་རྒྱས་རྣམས་སྤོང་བར་འདོད་པ་སྟེ། ཇི་ལྟར་ན། རྒྱུ་ཡོད་ན་འབྲས་བུ་འབྱུང་བའི་རྟེན་འབྲེལ་ལུགས་འབྱུང་དང་། ལོག་ན་ལྡོག་པའི་ལུགས་ལྡོག་དཔེ་བྱས་ནས། ནང་གི་རྟེན་འབྲེལ་དུར་ཁྲོད་ཀྱི་རུས་པ་ལ་བརྟགས་ཏེ། རུས་པ་འདི་ཅི་ལས་བྱུང་། འདི་རྒ་ཤི་ལས་བྱུང་ཞེས་རིམ་པར་བརྟགས་པ་ན་འཁོར་བའི་རྩ་བ་མ་རིག་པར་ཐུག་པས། དེ་འགགས་ན་འདུ་བྱེད་འགག་པ་སོགས་རྒ་ཤིའི་བར་འགགས་ཏེ། རྒྱུ་ཀུན་འབྱུང་ལས་ཉོན་ཟད་པས་འབྲས་བུ་འཁོར་བའི་ཉེས་པ་ལས་གྲོལ་ཏེ། འགོག་ལམ་གྱི་ཡོན་ཏན་ཐོབ་པར་འགྱུར་བ་ཡིན་པས་ན་མ་རིག་པའི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་ལ་བསྟེན་པར་མཛད་འཚལ་ལོ། །དེ་ལྟར་འཇུག་སྒོ་གྲུབ་ནས། དབང་བསྐུར་བ་དངོས་ལ། ཐོག་མར་རང་རྒྱལ་གྱི་ཆས་སུ་འཇུག་པའི་རྫས་དབང་དྲུག་བསྐུར་བ་ནི། དང་པོ་བུམ་ཆུས་བཀྲུ་ཞིང་འཐུང་དུ་བཅུག་སྟེ། ན་མོ། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། རིགས་ཀྱི་བུ་ལ་བུམ་རྫས་ཆུའི་དབང་བསྐུར་བས་ཉོན་མོངས་པའི་བག་ཆགས་ཀྱི་དྲི་མ་བྱང་ཞིང་དག་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ་ཡེ་སྭཱཧཱ། གཉིས་པ་སྔར་རབ་བྱུང་གི་མིང་བཅུག་སྟེ། ན་མོ། དཀོན་མཆོག་གསུམ་གྱི༴ རིགས་ཀྱི་བུ་ལ་འདི་ཞེས་བྱ་བའི་མིང་གི་དབང་བསྐུར་བས་ཤེས་བྱ་ལ་མ་རྨོངས་པ་རང་སངས་རྒྱས་ཀྱི་དབང་དམ་པ༴ ༀ་ཡེ་དྷརྨཱ༴ གསུམ་པ་སྤུ་གྲི། ན་མོ། དཀོན་མཆོག་གསུམ་གྱི༴ རིགས་ཀྱིི་བུ་ལ་ཤན་རལ་གྲིའི་དབང་བསྐུར་བས་ཉོན་མོངས་པའི་དྲྭ་བ་གཅོད་པའི་དབང་དམ་པ༴ ༀ་ཡེ་དྷརྨཱ༴ བཞི་པ་ཆོས་གོས། ན་མོ། དཀོན་མཆོག་གསུམ་གྱི༴ རིགས་ཀྱི་བུ་ལ་ན་བཟའ་དུར་སྨྲིག་གི་དབང་བསྐུར་བས་ཉོན་མོངས་པའི་གདུང་བ་ལས་སྐྱོབ་པའི་དབང་དམ་པ༴ ༀ་ཡེ་དྷརྨཱ༴ ལྔ་པ་སྦྲང་རྩི། ན་མོ། དཀོན་མཆོག༴ རིགས་ཀྱི་བུ་ལ་བཀྲ་ཤིས་པའི་རྫས་སྦྲང་རྩིའི་དབང་བསྐུར་བས་འབྲས་བུ་ཕུན་སུམ་ཚོགས་པའི་དབང་དམ་པ༴ ༀ་ཡེ་དྷརྨཱ༴ དྲུག་པ་རྩྭ་ཟོར་བའི་སྟན། ན་མོ། དཀོན་མཆོག༴ རིགས་ཀྱི་བུ་ལ་རྩྭ་དརྦྷའི་རྫས་ཀྱི་དབང་བསྐུར་བས་བཀྲ་ཤིས་ཤིང་བར་ཆད་ཐམས་ཅད་ཀྱིས་མི་ཚུགས་པའི་དབང་དམ་པ༴ ༀ་ཡེ་དྷརྨཱ༴ དེ་ལྟར་བུམ་ཆབ་ཀྱི་ཁྲུས་སྔོན་དུ་འགྲོ་བས་སྟོན་པ་སངས་རྒྱས་ཇི་ལྟར་རབ་ཏུ་བྱུང་བའི་ཉེར་སྤྱོད་རྣམས་ཀྱི་དབང་བསྐུར་བས། རང་སངས་རྒྱས་ཀྱི་ཚུལ་ཁྲིམས་རང་བྱུང་གི་དགེ་སློང་དུ་གྱུར་ནས་འཁོར་བ་ལས་འབྱིན་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་དུ་བྱེད་པའི་ལམ་ཟབ་མོ་རྟེན་འབྲེལ་འབྱུང་ལྡོག་གི་དབང་བསྐུར་བ་ནི། རྟེན་འབྲེལ་བཅུ་གཉིས་ཀྱི་ཙཀླི་ཐོགས་ཏེ། ནང་གི་རྟེན་འབྲེལ་བཅུ་གཉིས་ནི། །མ་རིག་རྒན་མོ་ལོང་བ་འདྲ། །འདུ་བྱེད་རྫ་མཁན་ལྟ་བུ་སྟེ། །རྣམ་ཤེས་སྤྲེའུ་མིང་གཟུགས་གྲུ། །སྐྱེ་མཆེད་ཁང་པ་སྟོང་པ་འདྲ། །རེག་པ་ཕོ་མོ་འོ་བྱེད་བཞིན། །ཚོར་བ་པུས་མོར་མདའ་ཟུག་འདྲ། །སྲེད་པ་ཆང་འཐུང་ལྟ་བུ་སྟེ། །ལེན་པ་ཤིང་ཐོག་འཐུ་བ་འདྲ། །སྲིད་པ་འཁྲིག་པའམ་སྦྲུམ་མ་སྟེ། །སྐྱེ་བ་མ་ལས་བུ་སྐྱེ་འདྲ། །རྒ་ཤི་གུད་དང་ཤི་བ་འདྲ། །ཕྱི་ཡི་རྟེན་འབྲེལ་བཅུ་གཉིས་ནི། །ས་བོན་མྱུ་གུ་སྡོང་པོ་དང་། །ལོ་མ་མེ་ཏོག་འབྲས་བུ་སྟེ། །རྒྱུ་དང་འབྲེལ་བ་དྲུག་ཅེས་བྱ། །མཁའ་རླུང་མེ་ཆུ་ས་ཁམས་ལྔ། །དུས་ཀྱི་འགྱུར་བ་དང་བཅས་པ། །རྐྱེན་དང་འབྲེལ་བ་དྲུག་ཡིན་ཏེ། །ཕྱི་ནང་རྒྱུ་འབྲས་རྟེན་འབྲེལ་རྣམས། །ལུགས་འབྱུང་ལུགས་ལྡོག་མངོན་གྱུར་ནས། །ཡིད་བཞིན་བདེ་བ་མཆོག་ཐོབ་ཤོག །ཧཱུཾ། བསེ་རུ་དང་ནི་ནེ་ཙོ་ལྟ་བུ་ཡི། །འབྲས་བུ་ལ་སོགས་ཕྱི་ཡི་རྟེན་འབྲེལ་དང་། །མ་རིག་པ་སོགས་ནང་གི་རྟེན་འབྲེལ་དང་། །ལུགས་འབྱུང་འཁོར་བའི་རྒྱུ་འབྲས་སྤང་བྱ་ཞིང་། །ལུགས་ལྡོག་འདས་པའི་རྒྱུ་འབྲས་རབ་བསྒྲུབས་ནས། །འཇིག་རྟེན་པ་དང་ཉན་ཐོས་རང་ས་དྲུག །འདས་ནས་རང་སངས་རྒྱས་ཀྱི་སར་ཕྱིན་ཤོག །ན་མོ། དཀོན་མཆོག་གསུམ་གྱི༴ རིགས་ཀྱི་བུ་ཁྱོད་ལ་རྟེན་འབྲེལ་གྱི་དབང་བསྐུར་བས་ཡིད་བཞིན་བདེ་བ་མཆོག་གི་ས་ཐོབ་པའི་དབང་དང་ལྡན་པར་གྱུར་ཅིག །ༀ་ཡེ་དྷརྨཱ༴ ཨ་བྷི་ཥིཉྩ་ཧཱུཾ། དེ་ནས་ལྷ་དབང་བསྐུར་བ་ནི། །དཀྱིལ་འཁོར་ལ་བཀོད་པའི་ལྷ་རྣམས་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་རྣམ་པར་ལྷ་སོ་སོ་རིམ་པར་བྱོན་ནས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཐིམ་པའི་བྱིན་རླབས་ཀྱིས་རྟེན་འབྲེལ་འཇུག་ལྡོག་དང་། བདག་མེད་ཕྱེད་དང་གཉིས་རྟོགས་པའི་ཡོན་ཏན་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་མོས་པ་མཛོད། གཙོ་བོ་ཐུབ་དབང་གི་སྐུ་ཐོགས་ཏེ། འདས་དང་མ་བྱོན་ད་ལྟར་གྱི། །དུས་གསུམ་སངས་རྒྱས་ཇི་སྙེད་པའི། །བཅོམ་ལྡན་གཙོ་བོའི་དབང་བསྐུར་བས། །འཁོར་བའི་སྡུག་བསྔལ་གྲོལ་བར་ཤོག །ༀ་ཡེ་དྷརྨཱ༴ རང་རྒྱལ་བསེ་རུ་དང་ནེ་ཙོ་ལྟ་བུའི་ཙཀླི་ཐོགས་ཏེ། ན་མོ། དཀོན་མཆོག༴ རིགས་ཀྱི་བུ་ལ་རང་སངས་རྒྱས་བསེ་རུ་ལྟ་བུ་དང་ནེ་ཙོ་ལྟ་བུའི་དབང་བསྐུར་བས་གཅིག་པུར་བསམ་གཏན་ལ་གནས་པ་དང་། ཚོགས་སྤྱོད་ཀྱི་གྲོགས་ལ་བརྟེན་ཏེ་བསམ་གཏན་མཐར་ཕྱིན་ནས་ཡིད་བཞིན་བདེ་བ་མཆོག་གིས་རང་རྒྱལ་དགྲ་བཅོམ་གྱི་རྟོགས་རིགས་མངོན་དུ་གྱུར་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་ཡེ་དྷརྨཱ༴ རང་རྒྱལ་བཅུ་གཉིས་ཀྱི་ཙཀླི་རིམ་པར་ཐོགས་ཏེ། ན་མོ། དཀོན་མཆོག༴ རིགས་ཀྱི་བུ་ལ་རང་སངས་རྒྱས་རྡོ་རྗེ་འཇིགས་མེད་ཀྱི་དབང་བསྐུར་བས་འཁོར་བསྐྲག་པར་བྱེད་པའི་དབང་དམ་པ༴ ༀ་ཡེ་དྷརྨཱ༴ ན་མོ། དཀོན་མཆོག༴ རིགས་ཀྱི་བུ་ལ་རང་སངས་རྒྱས་སྣང་བ་བརྩེགས་པའི་དབང་བསྐུར་བས་ཏིང་ངེ་འཛིན་རབ་ཏུ་སྣང་བའི་དབང་དམ་པ༴ ༀ་ཡེ་དྷརྨཱ༴ ན་མོ། དཀོན་མཆོག༴ རིགས་ཀྱི་བུ་ལ་རང་སངས་རྒྱས་དཔའ་བོ་འདུལ་བའི་དབང་བསྐུར་བས་སྲིད་པ་བསྙིལ་བའི་དབང་དམ་པ༴ ༀ་ཡེ་དྷརྨཱ༴ ན་མོ། དཀོན་མཆོག༴ རིགས་ཀྱི་བུ་ལ་རང་སངས་རྒྱས་གདུང་བ་སེལ་བའི་དབང་བསྐུར་བས་ཉོན་མོངས་པའི་གདུང་བ་སེལ་བའི་དབང་༴ ༀ་ཡེ་དྷརྨཱ༴ ན་མོ། དཀོན་མཆོག༴ རིགས་ཀྱི་བུ་ལ་རང་སངས་རྒྱས་ཤེས་རབ་མགྱོགས་ཆེན་གྱི་དབང་བསྐུར་བས་ཤེས་རབ་ཀྱི་རྩལ་དང་ལྡན་པའི་དབང་དམ་པ༴ ༀ་ཡེ་དྷརྨཱ༴ ན་མོ། དཀོན་མཆོག༴ རིགས་ཀྱི་བུ་ལ་རང་སངས་རྒྱས་རྫུ་འཕྲུལ་ཆེར་སྟོན་གྱི་དབང་བསྐུར་བས་སྤྲུལ་པའི་ཆོ་འཕྲུལ་དང་ལྡན་པའི་དབང་༴ ༀ་ཡེ་དྷརྨཱ ༴ ན་མོ། དཀོན་མཆོག༴ རིགས་ཀྱི་བུ་ལ་རང་སངས་རྒྱས་གདུང་བ་སེལ་བྱེད་ཀྱི་དབང་བསྐུར་བས་དུག་ལྔ་འདུལ་བའི་དབང་དམ་པ༴ ༀ་ཡེ་དྷརྨཱ༴ ན་མོ། དཀོན་མཆོག༴ རིགས་ཀྱི་བུ་ལ་རང་སངས་རྒྱས་སྒྲ་ཆེན་པོའི་དབང་བསྐུར་བས་གསུང་གི་དབང་ཕྱུག་ཏུ་གྱུར་པའི་དབང་དམ་པ༴ ༀ་ཡེ་དྷརྨ༴ ན་མོ། དཀོན་མཆོག༴ རིགས་ཀྱི་བུ་ལ་རང་སངས་རྒྱས་བསེ་རུ་ལྟ་བུའི་དབང་བསྐུར་བས་ཏིང་ངེ་འཛིན་རྩེ་གཅིག་ཏུ་གྱུར་པའི་དབང་དམ་པ༴ ༀ་ཡེ་དྷརྨཱ༴ ན་མོ། དཀོན་མཆོག༴ རིགས་ཀྱི་བུ་ལ་རང་སངས་རྒྱས་རིའི་རྒྱལ་པོའི་དབང་བསྐུར་བས་འཁོར་བའི་རླུང་གི་མི་བསྐྱོད་པའི་དབང་དམ་པ༴ ༀ་ཡེ་དྷརྨཱ༴ ན་མོ། དཀོན་མཆོག༴ རིགས་ཀྱི་བུ་ལ་རང་སངས་རྒྱས་སེང་གེ་ལྟ་བུའི་དབང་བསྐུར་བས་འཇིགས་པ་ཐམས་ཅད་དང་བྲལ་བའི་དབང་དམ་པ༴ ༀ་ཡེ་དྷརྨ༴ ན་མོ། དཀོན་མཆོག༴ རིགས་ཀྱི་བུ་ལ་རང་སངས་རྒྱས་ཡིད་མྱུར་བའི་དབང་བསྐུར་བས་ཏིང་ངེ་འཛིན་རྫུ་འཕྲུལ་མྱུར་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ༀ་ཡེ་དྷརྨཱ༴ ཞེས་བསྐུར་རོ། །དེ་ལྟར་རང་རྒྱལ་གྱི་ཐེག་པའི་དབང་བསྐུར་བས་མདོ་རང་ལུགས་ཀྱི་སྦྱོར་ལམ་དང་པོ་རིགས་ཆེན་འབྱེད་པའི་རྣལ་འབྱོར་གལ་ཆེན་སྦྱོང་བའི་ས་ནོན་པ་དང་རིགས་འདྲ་བའི་ཡོན་ཏན་གསོས་ཐེབས་པས། མངོན་དུ་རྒྱུའི་བག་ཆགས་རགས་པ་དག །ལམ་གོང་མ་ལ་སྦྱོར་བའི་ལྡང་བ་བྱང་ཆུབ་ཀྱི་སེམས་སྐྱེས་ཤིང་། འཁོར་བ་ལས་རྣམ་པར་གྲོལ་བའི་རྒྱུར་གྱུར། རང་རྒྱལ་དགྲ་བཅོམ་གྱི་རྟོགས་རིགས་དང་འདྲ་བའི་ཡོན་ཏན་ཁྱད་པར་ཅན་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །རྗེས་ཀྱི་བྱ་བ་ལ་སྤྱི་དོན་གསུམ་སྟེ། ལམ་ཁྱེར་བཞི་བསྟན་པ། འགག་དྲུག་བཤད་པ། གདམས་ངག་ངང་སྒོམ་གྱི་ཁྲིད་གདབ་པའོ། །སྤྱི་དོན་དང་པོ་ལམ་ཁྱེར་ལ་བཞི་ལས། དང་པོ་ཐེག་པ་ལམ་ཁྱེར་ནི། རང་སངས་རྒྱས་ཀྱི་ཐེག་པ་སྟེ་དེ་ལའང་དྲུག་ལས། འཇུག་པའི་སྒོ་ནི། རྟེན་འབྲེལ་བཅུ་གཉིས་ཀྱི་སྒོ་ནས་འཇུག་སྟེ། རྒྱུ་དང་འབྲེལ་བ་ས་བོན་ནས་འབྲས་བུའི་བར་དྲུག །རྐྱེན་དང་འབྲེལ་བ་འབྱུང་ལྔ་དུས་ཀྱི་འགྱུར་བ་དང་དྲུག་གིས་ཕྱིའི་རྟེན་འབྲེལ་བཅུ་གཉིས། རྒྱུ་ཡོད་ན་འབྲས་བུ་འབྱུང་བའི་ལུགས་འབྱུང་དང་། ལོག་ན་ལྡོག་པའི་ལུགས་ལྡོག་དཔེར་བྱས་ཏེ། ནང་གི་རྟེན་འབྲེལ་དུར་ཁྲོད་ཀྱི་རུས་པ་ལ་བརྟེན་ནས། དེ་རྒ་ཤི་ལས་བྱུང་བ་སོགས་རིམ་གྱིས་བརྟགས་པས། འདི་ལྟར་འཁོར་བའི་རྩ་བ་མ་རིག་པར་རྟོགས་ཏེ། དེ་ལོག་ན་འདུ་བྱེད་ནས་རྒ་ཤིའི་བར་ལྡོག་པར་ཤེས་ནས་འཇུག་སྟེ། དེ་ཡང་བསྐལ་ཆེན་བརྒྱའི་བར་ཚོགས་བསགས་ལ། སྲིད་པ་ཐ་མའི་ཚེ་མཁན་སློབ་མེད་པར་རང་བྱུང་གི་དགེ་སློང་དུ་གྱུར་ནས་དུར་ཁྲོད་དུ་ཕྱིན་པ་ན། རུས་པ་མཐོང་མ་ཐག་རྟེན་འབྲེལ་འབྱུང་ལྡོག་གི་འགྲོས་རྟོགས་པའི་སྒོ་ནས་སོ། །ལྟ་བ་ནི། གང་ཟག་གི་བདག་མེད་རྟོགས་པའི་སྟེང་དུ་གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པ་བསྣན་པས་བདག་མེད་ཕྱེད་དང་གཉིས་རྟོགས་ཏེ། མངོན་རྟོགས་རྒྱན་ལས། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །འཛིན་པ་མི་སྤོང་ཕྱིར་དང་ནི། །རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་གསུངས། ཚུལ་ཁྲིམས་ནི། ཉན་ཐོས་དང་འདྲའོ། །སྒོམ་པ་ནི། ཉན་ཐོས་ཀྱི་བདེན་བཞི་རྣམ་པ་བཅུ་དྲུག་གི་སྟེང་དུ་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་བསྣན་ནས་སྒོམ། སྤྱོད་པ་ནི། རང་དོན་གཙོ་བོར་སྤྱོད་ཅིང་། གཞན་ལ་ཆོས་སྟོན་པ་ན་ངག་གི་རྣམ་རིག་ལ་མི་བརྟེན་པར་རྫུ་འཕྲུལ་གྱི་བཀོད་པས་ལུས་ཀྱི་རྣམ་རིག་གིས་སྟོན་ནོ། །འབྲས་བུ་ལ་མཚམས་སྦྱོར་བྱེད་རང་རྒྱལ་དུ་སྨོན་ལམ་བཏབ་པ་ལྟར། བསེ་རུ་ལྟ་བུ་དང་། ཚོགས་ན་སྤྱོད་པ་ཆེན་པོ་དང་ཆུང་ངུ་རྣམས་རིམ་པར་ལམ་ལྔ་དང་། བཞི་དང་། གསུམ་སྟན་ཐོག་གཅིག་ཏུ་མངོན་དུ་རྫོགས་ནས་རང་རྒྱལ་དགྲ་བཅོམ་གྱི་གོ་འཕང་ལ་སྦྱོར་བ་སྟེ། ཐོབ་བྱ་དེ་ཉིད་འདིའི་ལམ་སྟེགས་སུ་མངོན་དུ་བྱེད་མི་དགོས་ཀྱང་། རྟོགས་བྱ་ཐམས་ཅད་འདིར་ཡང་རྟོགས་དགོས་པ་ཡིན་ནོ། །གཉིས་པ་ལྷ་ལམ་ཁྱེར་ནི། བཅོམ་ལྡན་འདས་ཐུབ་པའི་དབང་པོ་ལ། འཁོར་འཕགས་པ་རང་སངས་རྒྱས་ཀྱི་དགེ་འདུན་དང་བཅས་པ་སྤྱན་དྲངས་ཏེ་བཞུགས་པའི་སྤྱན་སྔར་ཚོགས་བསགས་པའོ། །གསུམ་པ་སྙིང་པོ་ལམ་ཁྱེར་ནི། ལྷ་དེ་རྣམས་ཀྱི་སྐུ་ལས་འཕྲོས་པའི་འོད་ཟེར་དཀར་པོས་ལུས་སེམས་ཀྱི་སྐྱོན་སྦྱངས་ཤིང་། རྒྱུད་བྱིན་གྱིས་བརླབས་པར་བསམས་ལ། མུ་ནེ་དང་། རྟེན་འབྲེལ་སྙིང་པོའི་གཟུགས་བཟླ་བའོ། །བཞི་པ་བསླབ་བྱ་ལམ་ཁྱེར་ནི། སྤྱིར་ཉན་ཐོས་ལྟར་དགེ་མི་དགེའི་ལས་ཀྱི་བླང་དོར་མ་ནོར་བར་བྱ་ཞིང་། ཁྱད་པར་མཁས་པར་བྱ་བའི་ཆོས་དྲུག་ལ་མཁས་པར་སློབ་པ་སྟེ། ཆོས་དྲུག་ནི། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། གནས་དང་གནས་མ་ཡིན་པ་དང་། བདེན་པ་རྣམས་སོ། །སྤྱི་དོན་གཉིས་པ་འགག་དྲུག་བཤད་པ་ནི། གཞུང་ལས། གང་དུ་གང་གིས་གང་ལ་གང་བསྟན་པ། །ཅིའི་ཕྱིར་བཤད་པའི་དགོས་པ་དང་བཅས་པ། །འདི་ནི་རང་རྒྱལ་ཐེག་པའི་འགག་དྲུག་ཡིན། །ཞེས་གསུངས་པ་ལྟར། གང་དུ་བཤད་པའི་གནས་ནི། རི་བོ་བྱ་རྐང་ཅན་དུའོ། །གང་གིས་བཤད་པའི་སྟོན་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །གང་ལ་བཤད་པའི་འཁོར་ནི། ཉན་ཐོས་དབང་རྣོན་རྣམས་ལའོ། །གང་བསྟན་པའི་ཐེག་པ་ནི། རང་རྒྱལ་གྱི་ཐེག་པ་སྟེ། དེ་སྟོན་པའི་སྡེ་སྣོད་ཀྱང་མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ་སོགས་སུ་ཉན་ཐོས་ཀྱི་སྡེ་སྣོད་ལས་ལོགས་པ་ཡོད་པར་བཤད་དོ། །ཅིའི་ཕྱིར་ན་རྟེན་འབྲེལ་གྱི་དབང་བསྐུར་བས་རྟེན་འབྲེལ་འབྱུང་ལྡོག་གི་དོན་རྟོགས་ཏེ་རང་རྒྱལ་དགྲ་བཅོམ་གྱི་རྟོགས་རིགས་དང་འདྲ་བའི་ཡོན་ཏན་ཐོབ་པའི་ཆེད་དུའོ། །དེ་ལྟར་བསྟན་པའི་དགོས་པ་ནི། འཁོར་བ་ལས་ཐར་པའི་བྱང་ཆུབ་འབྲིང་ཐོབ་པའི་དགོས་པ་ཡོད་དོ། །སྤྱི་དོན་གསུམ་པ་གདམས་ངག་ངང་སྒོམ་གྱི་ཁྲིད་ནི། །རང་གི་སྤྱི་བོར་ཐེག་ལེ་དམར་པོ་དང་། །དེ་ལ་ཁྲུ་གང་ཙམ་གྱིས་མཐོ་བར་ཐིག་ལེ་དཀར་པོ་སྟེ། གཉིས་ཀ་ཆེ་ཆུང་སྲན་མ་ཙམ་དུ་བསྒོམ། དེ་ལྟར་གསལ་ཐེབས་པ་དང་། ཐིག་ལེ་དམར་པོ་དེ་ལ་ཤེས་པ་གཏད་པས། དེ་ཇེ་ཆེ་ཇེ་ཆེར་འཕེལ་ནས། སྣང་བ་ཐམས་ཅད་དམར་ལམ་གྱིས་སོང་བ་ལ་རྩེ་གཅིག་ཏུ་མཉམ་པར་བཞག །ཡང་ཐིག་ལེ་དཀར་པོ་ལ་ཤེས་པ་གཏད་པས། དེ་ཇེ་ཆེ་ཇེ་ཆེར་འཕེལ་ནས་སྣང་བ་ཐམས་ཅད་དཀར་ལམ་གྱིས་སོང་བ་ལ་རྩེ་གཅིགས་ཏུ་འཇོག་སྟེ། དམར་དཀར་གཉིས་པོ་དེ་རྟེན་འབྲེལ་ལུགས་འབྱུང་ལྡོག་གི་ཆོས་སུ་ཤེས་པར་བྱ། དེ་ནས་དཀར་དམར་གཉིས་འདྲེས་པ་སྤྱི་བོ་ནས་བབས་ཏེ་སྙིང་གར་ཐིམ་པའི་ངང་ལ་མ་བཅོས་པར་མཉམ་པར་བཞག་གོ། །དེ་བརྟན་ནས་ལྟ་ཁྲིད་ནི། ལུས་སེམས་རྡུལ་ཕྲན་དང་སྐད་ཅིག་མའི་བར་དུ་གཤིག་པ་ཉན་ཐོས་ལྟར་ལས། དོན་དུ་སྣང་བ་རྡུལ་ཕྲན་དུ་བསིལ་བ་དེ་ཡང་རྣམ་པར་གཤིག་པས་མཐའ་མེད་དུ་གྱུར་ནས་ཅིར་ཡང་མ་གྲུབ་པའི་ངང་ལ་མཉམ་པར་བཞག །དེ་ལྟར་བསྒོམས་པས་གང་ཟག་གི་བདག་མེད་རྟོགས་པའི་སྟེང་དུ། གཟུང་བ་ཆོས་ཀྱི་བདག་མེད་ཀྱང་རྟོགས་པར་འགྱུར་བ་ཡིན་ནོ། །དེས་རང་རྒྱལ་གྱི་ཐེག་པའི་དབང་བསྐུར་བ་མན་ངག་དང་བཅས་པ་གྲུབ་པས། ཇི་ལྟར་གདམས་པ་ལྟར་ཚུལ་བཞིན་དུ་བསྒྲུབ་པར་བྱ་སྙམ་དུ། གཙོ་བོས་ཇི་ལྟར་སོགས་ཀྱིས་ཁས་བླང་། གཏང་རག་གི་མཎྜལ་དང་། དེང་ནས་བརྩམས་ཏེ་སོགས་ཀྱི་ཡོན་དབུལ་ཞིང་། དགེ་བ་བསྔོ་བ་རྣམས་སྔར་ལྟར་དང་། རྗེས་ཆོག་རྣམས་སྒྲུབ་ཐབས་ལྟར་བྱའོ། །མཁས་པའི་མན་ངག་ཇི་ལྟ་བར། །རང་རྒྱལ་ཐེག་པའི་དབང་ཆོག་ཁྲིགས། །ཆོས་འདིར་འཇུག་འདོད་སྐྱེས་བུ་ལ། །ལེགས་བཤད་སྣང་བའི་དཔལ་འདི་སྤྲོས། །རང་རྒྱལ་ཐེག་པའི་དབང་མཆོག་གི་ལེ་ཚན་ནོ།། །།

༈ ༀ་སྭ་སྟི། འགྱུར་མེད་དབྱིངས་སུ་ཐམས་མཁས་ཀྱི། །རྡོ་རྗེ་སྒྲིབ་གཉིས་དཔུང་བཅོམ་ནས། །འགྲོ་ཀུན་སྒྲོལ་མཛད་བླ་མ་ལ། །བཏུད་ནས་བྱང་སེམས་དབང་ཆོག་བཤད། །ད་ནི་བཞི་པ་བྱང་སེམས་ཀྱི་ཐེག་པའི་དབང་ནི། དཀྱིལ་འཁོར་བཤམ་སྒྲུབ་གཏོར་ཆོག་དང་བཅས་པ་སྒྲུབ་ཐབས་ལྟར་གྲུབ་རྗེས། བདག་འཇུག་གི་དོན་ནི། སློབ་དཔོན་བདག་ཉིད་སྟོན་པ་ཐུབ་པའི་དབང་པོར་བསམས་པའི་དབུ་གཙུག་ཏུ་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་འོད་ཟེར་མཐའ་ཡས་པ་འཕྲོ་བ་དེས། དཀྱིལ་འཁོར་གྱི་ལྷ་དང་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་ཐམས་ཅད་བསྡུས་ཏེ། སྤྱི་བོ་ནས་ཐིམ་པས་རྗེས་སུ་གནང་བ་ཐོབ། སླར་ཡང་སྤྱི་བོའི་འོད་ཀྱིས་དཀྱིལ་འཁོར་ལ་བཀོད་པའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང་། སྲས་སྟོན་པ་ཐུབ་པའི་དབང་པོ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་བསྐོར་བ་རྣམས་ལས་རང་འདྲ་བའི་སྐུ་རེ་རེ་ཆད་དེ། རང་གི་སྤྱི་བོ་ནས་ཐིམ་པས་སྒྲིབ་གཉིས་བྱང་ཞིང་། དེ་རྣམས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་རང་རྒྱུད་ལ་ཐོབ་པར་བསམ་པའོ། །དེ་ནས་སློབ་མ་གཞུག་པ་ནི། ཁྲུས་བྱ། བགེགས་གཏོར་བཏང་ལ་མཚམས་བཅད། སེམས་བསྐྱེད་དང་ཆོས་ཉན་པའི་ཀུན་སྤྱོད་གསལ་འདེབས་པ་སྔོན་དུ་འགྲོ་བས། འདིར་གང་གསན་པར་བྱ་བའི་ཆོས་ནི། ཞེས་པ་ནས། ཕྱི་དབང་རྒྱུད་ཀྱི་ཆུ་བོའི་ཡན་ལག་གི་དཀྱིལ་འཁོར། ཞེས་པའི་བར་སྔར་ལྟར་ལས་སྤྲོ་བསྡུ་བྱས་རྗེས། བཞི་པ་བྱང་སེམས་ཀྱི་ཐེག་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་སྐབས་སུ་བབས་པ་ཡིན། དེ་ལའང་གཉིས་ལས་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ནས། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། འཇུག་ཅིང་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། །ཅེས་བསྐུལ་ཏེ་མཎྜལ་ཕུལ། དེ་ནས་སློབ་དཔོན་ལ་ཕྱག་གསུམ་ཚོལ་ལ་པུས་བཙུགས་ཐལ་སྦྱར་གྱི་འདུག་ཅིག །ཅེས་བརྡ་སྦྱར་ཏེ། ཁྱེད་ཅག་བྱང་སེམས་ཀྱི་ཐེག་པའི་སྒོར་འཇུག་པ་ལ། ཐེག་ཆེན་གྱི་ཐུན་མོང་མ་ཡིན་པའི་ལམ་གྱི་ཐོག་མ་ནི་སེམས་བསྐྱེད་ནས་འགོ་འཛིན་དགོས་པས། སྐབས་འདིར་འཇུག་སྒོ་སེམས་བསྐྱེད་ཀྱི་སྡོམ་པ་བླང་བ་གལ་ཆེ་སྟེ། སེམས་མ་བསྐྱེད་པའི་སེམས་ཅན་ཡོད་དོ་ཅོག་གི་དགེ་བ་རྒྱ་ཆེན་པོ་ལན་གྲངས་དཔག་ཏུ་མེད་པ་བགྱིས་པ་ལས། སེམས་བསྐྱེད་པའི་གང་ཟག་གཅིག་གིས་དགེ་བ་ཕྲ་མོ་ལན་གཅིག་བྱས་པའང་བསོད་ནམས་ཆེས་ལྷག་པའི་ཕྱིར་ཏེ། རིན་པོ་ཆེའི་ཕུང་པོའི་མདོ་ལས། སེམས་ཅན་གང་དག་སྲིད་པ་གསུམ་དུ་གཏོགས་པ་དེ་དག་ཐམས་ཅད་ཀྱིས་སོ་སོ་ནས་དེ་བཞིན་གཤེགས་པའི་མཆོད་རྟེན་འཕང་དུ་རིའི་རྒྱལ་པོ་རི་རབ་ཙམ་བྱས་ཏེ། དེ་དག་ལ་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་སོ་སོ་ནས་སྟི་སྟང་དུ་བྱ་བ་ཐམས་ཅད་ཀྱིས་སྟི་སྟང་དུ་བྱས་པ་ལས། བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བ་གཅིག་གིས་མེ་ཏོག་གཅིག་ཕུལ་ན། དེ་ནི་བསོད་ནམས་ཀྱི་ཕུང་པོ་སྔ་མ་ལས་བསོད་ནམས་ཆེས་མང་དུ་བསྐྱེད་དོ། །ཞེས་སོགས་དང་། ཡང་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་སོགས་འཕགས་པ་ཀླུ་སྒྲུབ་ཀྱིས་མདོ་ཀུན་ལས་བཏུས་སུ་དྲངས་ནས་བཤད་པ་ལྟར་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་པ་ཡིན། དེ་ལྟ་བུའི་ཕན་ཡོན་ཅན་གྱི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆེད་དུ་ཡུལ་ཁྱད་པར་ཅན་ལ་གསོལ་བ་གདབ་པ་ནི། དགེ་བའི་བཤེས་གཉེན་ལ་སྟོན་པའི་འདུ་ཤེས་བསྐྱེད་དེ་འདིའི་རྗེས་ཟློས་མཛོད། ཀྱེ་རིགས་ཀྱི་བུ། བདག་ལ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་སྐྱབས་གསུམ་སྔོན་དུ་འགྲོ་བ་ཅན་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་སྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ་པའི་ལན་དུ་གནང་བ་བྱིན་པ་ནི། སློབ་དཔོན་གྱིས། ནུས་པ་ཇི་ལྟ་བ་བཞིན་དུ་སྦྱིན་པར་བྱའོ། །ཞེས་ཁས་བླང་། དེ་ནས་སྨོན་འཇུག་གི་སེམས་བསྐྱེད་པའི་རྒྱུའི་གཙོ་བོར་ཐབས་ཁྱད་པར་ཅན་གྱི་སྒོ་ནས་ཚོགས་བསགས་དགོས་པས། འདི་ལྟར་དཀྱིལ་འཁོར་ལ་བཀོད་པའི་དཀོན་མཆོག་གསུམ་གྱིས་མཚོན་ནས། མདུན་གྱི་ནམ་མཁའི་གནས་སུ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྲིན་འཐིབས་པ་བཞིན་བཞུགས་པ་ལ། རང་གི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བ་སོགས་ཡན་ལག་བདུན་ཕུལ་བར་མོས་པ་ལ་དོན་དྲན་བཞིན་པས་འདིའི་རྗེས་ཟློས། ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །རྒྱལ་བ་སྲས་དང་བཅས་རྣམས་ལ། སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །མཆོད་སྤྲིན་རྒྱ་མཚོས་ཀུན་ཏུ་མཆོད། །སྡིག་པ་མི་དགེ་སོ་སོར་བཤགས། །དགེ་བ་ཀུན་ལ་རྗེས་ཡི་རང་། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ལན་གསུམ། དེ་ནས་ཐེག་པ་ཆེན་པོའི་བློ་ཁྱད་པར་ཅན་དུ་བྱེད་ཅིང་། སྡོམ་པའི་གཞི་འཛིན་པའི་ཕྱིར། རྟེན་ཁྱད་པར་ཅན་ལ་སྐྱབས་སུ་འགྲོ་བ་གལ་ཆེ་སྟེ། དེ་ཡང་དོན་དམ་པར་གང་གིས་སྐྱོབ་པའི་རྟེན་དཀོན་མཆོག་གསུམ་དང་། གང་སྐྱོབ་པའི་ཡུལ་འཁོར་བའི་སེམས་ཅན་ཐམས་ཅད་གདོད་ནས་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་ཡིན་ནའང་། དེ་ལྟར་མ་རྟོགས་པས་ཀུན་རྫོབ་ཏུ་འཁོར་བའི་གནས་སུ་སྡུག་བསྔལ་གྱིས་ཉམ་ཐག་ཅིང་སྐྱབས་མེད་མགོན་མེད་དུ་གྱུར་པའི་ཚེ་རབས་ཀྱི་ཕ་མ་དྲིན་ཅན་འདི་རྣམས་སྡུག་བསྔལ་རྒྱུ་དང་བཅས་པ་ལས་སྐྱོབ་ནུས་པ་ནི་དཀོན་མཆོག་རིན་པོ་ཆེ་གསུམ་མ་གཏོགས་གཞན་མེད་པས། དེ་ལ་རེ་ལྟོས་ཞེ་ཐག་པ་ནས་བཅས་ཏེ། བདག་ལ་འགྲོ་ཀུན་སྒྲོལ་ནུས་ཀྱི་ནུས་པ་ཡོད་པ་དཀོན་མཆོག་གསུམ་མཁྱེན་སྙམ་པས་ཐལ་མོ་སྦྱར་ལ་འདིའི་རྗེས་ཟློས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །ཞི་བ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཕྱོགས་བཅུ་ན་བཞུགས་པའི་དམ་པའི་ཆོས་རྣམས་ལ༴ ཚོགས་རྣམས་ཀྱི་མཆོག །ཕྱོགས་བཅུ་ན་བཞུགས་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ཕྱིར་མི་ལྡོག་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་བརྗོད། དེ་ནས་སེམས་བསྐྱེད་པ་དངོས་གཞི་ནི། དོན་དམ་པར་བདག་དང་། སེམས་ཅན་དང་སྡུག་བསྔལ་གསུམ་རང་བཞིན་གྱིས་མ་དམིགས་ཀྱང་། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་བསྒྲལ་བར་བྱ་བའོ་སྙམ་པ་སྨོན་སེམས་དང་། བདག་དང་ལམ་རང་བཞིན་གྱིས་མ་དམིགས་ཀྱང་འགྲོ་བ་རྣམས་བསྒྲལ་བའི་ཆེད་དུ་སྦྱིན་སོགས་ལ་འབད་པར་བྱའོ་སྙམ་པ་འཇུག་པ་སེམས་བསྐྱེད་དེ། འདིར་སྨོན་འཇུག་གཉིས་སྟབས་གཅིག་ཏུ་ལེན་པ་ཡིན་པས། །ཇི་ལྟར་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ་བདག་གིས་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པ་སངས་རྒྱས་ནས། སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བ་དང་། མ་གྲོལ་བ་རྣམས་དགྲོལ་བ་དང་། དབུགས་མ་ཕྱིན་པ་རྣམས་དབུགས་ཕྱུང་པ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱང་ངན་ལས་འདས་པའི་ས་ལ་བཀོད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། སེམས་ཅན་མ་བསྒྲལ་བ་རྣམས་སྒྲོལ་བ་དང་། མ་གྲོལ་བ་རྣམས་དགྲོལ་བ་དང་། །དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བགྱིའོ། །ཞེས་ལན་གསུམ་བརྗོད་དོ། །བརྗོད་པ་ཐ་མ་ལ་སྡོམ་པ་སྐྱེས་པར་བསམ་དུ་གཞུག །དེས་དངོས་གཞི་གྲུབ། རྗེས་ཀྱི་ཆོ་ག་གསུམ་ལས། རང་དགའ་བ་སྒོམ་པ་ནི། ཁྱེད་རྣམས་དེང་ཕྱིན་ཆད་བྱང་ཆུབ་སེམས་དཔར་གྱུར་པས་མི་ལུས་ཐོབ་པ་དོན་ཡོད་པར་བྱས་སྙམ་དུ་གཟེངས་གཏོད་པ་འདིའི་རྗེས་ཟློས། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ཞེས་པ་ལན་གཅིག །གཞན་དགའ་བ་སྒོམ་དུ་གཞུག་པ་ནི། ཁྱེད་རྣམས་ཀྱིས་སེམས་བསྐྱེད་པ་དེ་དཀར་ཕྱོགས་པ་རྣམས་ཀྱིས་ཐོས་ན་དགའ་བ་སྐྱེ་བ་ཡིན་པས། དེ་དག་ལ་སྨོན་པའི་བསམ་པས་རྗེས་ཟློས། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་པ་ཚར་གཅིག །དེ་ལྟར་རང་གཞན་སྤྲོ་བ་བསྐྱེད་ནས་སྡོམ་པ་བརྟན་པར་བྱ་བའི་ཕྱིར། ཇི་ལྟར་བཅས་པ་ལས་མི་འདའ་བར་དམ་བཅའ་བ་འདིའི་རྗེས་ཟློས། ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །ཞེས་ལན་གཅིག་བརྗོད་དོ། །དེ་ནས་ཆོས་བཤད་པ་ནི། ཐེག་པ་འདིའི་ལུགས་ཀྱིས་སྲིད་ཞིའི་མཐའ་གཉིས་ལས་ངེས་པར་འབྱུང་བ་སྐྱེས་བུ་ཆེན་པོའི་ལམ་ཡིན་པས། ཐབས་ཤེས་ཟུང་འཇུག་གི་སྒོ་ནས་བསླབ་དགོས། །དེ་ལ་དོན་དམ་པར་གཤིས་རང་བཞིན་གྱིས་རྣམ་པར་དག་པའི་དབྱིངས་སུ་འཁོར་འདས་རོ་མཉམ་ཡང་། ཀུན་རྫོབ་རྟེན་འབྲེལ་མ་འགགས་པའི་འཆར་སྒོར་འཁོར་འདས་སོ་སོར་སྣང་བས། སྡུག་བསྔལ་ཅན་གྱི་འཁོར་བ་པ་ལ་སྙིང་རྗེ་ཆེན་པོས་དྲངས་པའི་གཞན་ཕན་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་གྱིས་ཟིན་པའི་ཐབས་ཤེས་ཟུང་འབྲེལ་གྱིས་སྲིད་ཞིའི་མཐའ་གཉིས་ལ་མི་གནས་པར་སྤྱོད་པ་སྟེ། ཇི་ལྟར་ན། ཆོས་ཐམས་ཅད་ལ་བདེན་ཞེན་གྱིས་མ་གོས་པས་ཆུ་ཟླ་ལྟར་སྣང་བའི་ངང་ནས། འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ལ་དམིགས་ཏེ། གཞིའི་སྟེང་གི་དྲི་མ་སྦྱོང་བའི་གཉེན་པོ་ལམ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་སྒོམ་ཞིང་། སྨོན་འཇུག་གི་སྡོམ་པ་མི་ཉམས་ཤིང་ཡང་ཡང་བསྐྱར་བས་གོང་འཕེལ་གྱི་སྒོ་ནས་ཕ་རོལ་ཏུ་ཕྱིན་པ་བཅུ་དང་། བསྡུ་བའི་དངོས་པོ་བཞི་སོགས་ལ་སྤྱོད་པར་བྱེད་པ་སྟེ། སྒོམ་སྤྱོད་ཟུང་དུ་འབྲེལ་བ་དེ་ཡང་། བདག་མེད་གཉིས་རྟོགས་ཀྱི་ལྟ་བ་རྣམ་པར་དག་པས་འགོ་བསྡུས་ནས་ཉམས་སུ་ལེན་པ་ལ་བརྩོན་པ་ཆེན་པོས་བསླབ་འཚལ་ལོ། །དེ་ལྟར་འཇུག་སྒོ་གྲུབ་ནས། བླ་མ་ལ་སྟོན་པ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་དེ། དབང་དངོས་གཞི་ཞུ་བའི་དོན་དུ་མཎྜལ་འབུལ་དུ་བཅུག །དེ་ནས་སློབ་དཔོན་ཐུབ་པའི་དབང་པོར་གསལ་བའི་གཙུག་ཏོར་ནོར་བུ་དབང་གི་རྒྱལ་པོ་འོད་ཟེར་མཐའ་ཡས་པ་འཕྲོ་བ་ལས། དགོས་འདོད་མ་ལུས་པ་འབྱུང་བར་མོས་ལ། སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པ་ནི། སློབ་དཔོན་སངས་རྒྱས་དགོངས་སུ་གསོལ། །བདེན་གཉིས་དོན་རྟོགས་ཐེག་ཆེན་གྱི། །རྒྱལ་བའི་མཛད་པ་མཐར་ཕྱིན་པ། །ཟབ་ཅིང་རྒྱ་ཆེའི་དབང་རྣམས་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། དབང་བསྐུར་བ་དངོས་ལ། ཐོག་མར་ལྷ་དབང་བསྐུར་བ་ནི། དཀྱིལ་འཁོར་ལ་བཀོད་པའི་ལྷ་རྣམས་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་རྣམ་པར་ལྷ་སོ་སོ་རིམ་གྱིས་བྱོན་ནས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཐིམ་པའི་བྱིན་རླབས་ཀྱིས། སྒྲིབ་གཉིས་བྱང་ཞིང་། བདག་མེད་གཉིས་རྟོགས་ཀྱི་ཡོན་ཏན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་མོས་པ་མཛོད། ལྷ་ཙཀ་རྣམས་རིམ་པར་ཐོགས་ཏེ། ཧཱུཾ། གསེར་གྱི་མདོག་ཅན་རྐང་གཉིས་གཙོ། །སྤྱན་ཡངས་མཐིང་ག་མཛོད་སྤུར་ལྡན། །སྐུ་ཡི་སྒོ་ནས་འོད་ཟེར་འགྱེད། །བསྟན་པའི་མངའ་བདག་འགྲོ་བ་འདྲེན། །ཤཱཀྱའི་རྒྱལ་པོས་བྱིན་གྱིས་རློབས། །དབང་མཆོག་དམ་པ་ཐོབ་པར་ཤོག །ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། ཤར་ཕྱོགས་པདྨ་ཟླ་རྒྱས་སྟེང་། །ཡུམ་ཆེན་རྒྱན་ལྡན་རྡོ་རྗེ་སྐྱིལ། །གསེར་མདོག་སྐུ་ནི་ཤིན་ཏུ་རྒྱས། །ཕྱག་བཞིའི་དང་པོ་མཉམ་བཞག་ཅན། །འོག་གཉིས་ཆོས་འཆད་པུསྟི་འཛིན། །འགྲོ་བ་སེམས་ཅན་དོན་མཛད་པ། དེ་ཡི་དབང་མཆོག་ཐོབ་པར་ཤོག །ༀ་དྷཱི་པྲ་ཛྙཱ་མ་ཧཱ་པྲ་ཛྙཱ་དྷརྨ་དྷཱ་ཏུ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། ལྷོ་ཕྱོགས་པདྨ་ཟླ་རྒྱས་སྟེང་། །ཕྱག་ན་རྡོ་རྗེ་ཞི་བའི་ཞལ། །མཐིང་ག་རྡོ་རྗེ་པདྨ་འཛིན། །རིན་ཆེན་རྒྱན་ལྡན་སེམས་སྐྱིལ་བཞུགས། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ༀ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཨ་བྷི་ཥིཉྩ་ཧཱུཾ། ནུབ་ཕྱོགས་པདྨ་ཟླ་རྒྱས་སྟེང་། །ཤཱ་རིའི་བུ་ནི་སེར་སྐྱའི་མདོག །རབ་བྱུང་འཁར་གསིལ་ལྷུང་བཟེད་བསྣམས། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ༀ་ན་མཿས་མནྟ་བུདྡྷཱ་ནཱཾ་པྲ་བྷ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཀཱ་རུ་ཎ་ས་མ་ཡེ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། བྱང་ཕྱོགས་པདྨ་ཟླ་རྒྱས་སྟེང་། །སྤྱན་རས་གཟིགས་དབང་ཆུ་ཤེལ་མདོག །ཕྱག་གཉིས་པདྨ་པུསྟི་འཛིན། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ༀ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་མ་ཧཱ་ཀཱ་རུ་ཎི་ཀ་ན་མ་ཡེ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། གཞལ་ཡས་ཤར་ཕྱོགས་པད་ཟླའི་སྟེང་། །བདེ་གཤེགས་དཀོན་མཆོག་འབྱུང་གནས་ནི། །སྐུ་མདོག་ཤེལ་ལྟར་དཀར་བ་ལ། །མཆོག་སྦྱིན་རིན་ཆེན་གཡོན་མཉམ་བཞག །དེ་ཡི་དབང་མཆོག་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཨ་ཡུར་ག་ཏི་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། གཞལ་ཡས་ལྷོ་ཕྱོགས་པད་ཟླའི་སྟེང་། །བདེ་གཤེགས་མྱ་ངན་མེད་པའི་དཔལ། །སྔོན་པོ་འཁོར་ལོ་གཡོན་མཉམ་བཞག །དེ་ཡི་དབང་མཆོག་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་རཏྣ་ཨ་ཙི་ཡ་ནི་སྭཱ་ཧཱ། ཨ་བྷི༴ ནུབ་ཕྱོགས་པད་སྟེང་པད་ཟླའི་སྟེང་། །བདེ་གཤེགས་རིན་ཆེན་འོད་འཕྲོ་དཀར། །གཡས་པ་མཆེ་བ་གཡོན་མཉམ་བཞག །དེ་ཡི་དབང་མཆོག༴ ༀ་སརྦ་ཏ་ཐཱ་ག་ཏ་ཏྲི་ཏི་ཤ་ག་པ་རི་བྷི་ཤཱ་རི་སྭཱ་ཧཱ། ཨ་བྷི༴ བྱང་ཕྱོགས་པད་སྟེང་པད་ཟླའི་སྟེང་། །བདེ་གཤེགས་རྒྱལ་བའི་དབང་པོ་ལྗང་། །གཡས་པ་པད་དཀར་གཡོན་མཉམ་བཞག །དེ་ཡིས་དབང་མཆོག༴ ༀ་སརྦ་ཏ་ཐཱ་ག་ཏ་པི་ཤ་རཏྣ་སན་ཏི་སྭཱ་ཧཱ། ཨ་བྷི༴ ཤར་ལྷོ་བདེ་གཤེགས་པདྨ་དཔལ། ། དུང་མདོག་པདྨ་གཡོན་མཉམ་བཞག །འགྲོ་ལ་བསྟན་པས་བག་ཆགས་འཇོམས། །དེ་ཡི་དབང་མཆོག༴ ༀ་སརྦ་ཏ་ཐཱ་ག་ཏ་དུ་མ་ལེ་ཀ་དོ་བ་ཡེ་སྭཱ་ཧཱ། ཨ་བྷི༴ ལྷོ་ནུབ་པད་སྟེང་བདེ་གཤེགས་ནི། །ཉི་མ་སྣང་བ་དམ་པའི་དཔལ། །དམར་སྨུག་ཉི་མ་གཡོན་མཉམ་བཞག །དེ་ཡི་དབང་མཆོག༴ ༀ་སརྦ་ཏ་ཐཱ་ག་ཏ་བི་མུཀྟི་མརྒད་རུ་ཤ་མ་ཏི་སྭཱ་ཧཱ། ཨ་བྷི༴ ནུབ་བྱང་པད་ཟླར་བདེ་གཤེགས་ནི། །གདུགས་ཆེན་དམ་པ་ཨིནྡྲའི་མདོག །སྣ་ཚོགས་རྡོ་རྗེ་གཡོན་མཉམ་བཞག །དེ་ཡི་དབང༴ ༀ་སརྦ་ཏ་ཐཱ་ག་ཏ་སཱུརྱ་བི་ཏ་ལ་སྭཱ་ཧཱ། ཨ་བྷི༴ བྱང་ཤར་པད་ཟླར་བདེ་གཤེགས་ནི། །གླང་པོ་དམ་པ་གསེར་ལྟར་འཚེར། །གཡས་པ་ཆོས་འཆད་གཡོན་གོས་འཛིན། །དེ་ཡི་དབང་༴ ༀ་སརྦ་ཏ་ཐཱ་ག་ཏ་བིདྷྱ་བི་ཤ་ཡ་བྷ་བ་སྭཱ་ཧཱ། ཨ་བྷི༴ སྟེང་གི་བདེ་གཤེགས་དགའ་བ་དཔལ། །སྔོན་པོ་རིན་ཆེན་བུམ་པ་གཡས། །གཡོན་པ་དཀུར་བརྟེན་སྐྱིལ་ཀྲུང་བཞུགས། །དེ་ཡི་དབང་༴ ༀ་སརྦ་ཏ་ཐཱ་ག་ཏ་ར་ཏི་ར་མ་ཏི་བཛྲ་སྭཱ་ཧཱ། ཨ་བྷི༴ འོག་གི་སངས་རྒྱས་པདྨོ་དཔལ། །གསེར་མདོག་གཡས་པ་པདྨ་བསྣམས། །གཡོན་པ་ལྟེ་བར་མཐིལ་ཕྱིན་བསྟན། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་པདྨ་བྷ་ལ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། དེ་རྣམས་ཀྱིས་རྩ་བའི་ལྷའི་དབང་སོང་ནས། ད་མགྲོན་ཐབས་ཀྱི་ལྷ་རྣམས་ཀྱི་དབང་ནི། དཀྱིལ་འཁོར་ལ་བཀོད་པའི་ཡུམ་ཆེན་མོ། སྲས་ཐུབ་དབང་ཕྱོགས་བཅུའི་སངས་རྒྱས་དང་བཅས་པ་རྣམས་གང་འདུལ་གྱི་རྣམ་པར་སྣང་བ་ཚོམ་བུའི་འཁོར་དང་བཅས་པ་སོགས་སྤྲོས་ནས་རང་རང་གི་སྤྱི་བོར་ཐིམ་པའི་མོས་པ་མཛོད། །སོ་སོའི་ཙཀླི་ཐོགས་ཏེ། ཧཱུཾ། རྣམ་དག་དབུས་ཀྱི་པདྨའི་དཀྱིལ་འཁོར་ནས། །ཡང་དག་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ། །ས་གནོན་མཉམ་བཞག་གསེག་གཤང་པར་བུ་ཅན། །ཡུམ་ཆེན་གསེར་མདོག་རལ་གྲི་མཆོག་སྦྱིན་གཡས། །གཡོན་པ་ཨུཏྤལ་པུསྟི་ཕྲེང་བ་ཅན། །རིགས་བཞིའི་སངས་རྒྱས་ཕྱོགས་མདོག་རིམ་པ་བཞིན། །གླང་པོ་རིན་འབྱུང་པདྨོ་ཏིང་འཛིན་རྒྱལ། །གཡས་རྣམས་རྡོ་རྗེ་རིན་ཆེན་པད་རྒྱ་གྲམ། །ཐུགས་ཀར་བསྣམས་ཤིང་གཡོན་པ་མཉམ་གཞག་མཛད། །ཡུམ་བཞི་ཕྱོོགས་མདོག་རྡོ་རྗེ་རིན་ཆེན་ཆོས། །ལས་མ་བཞི་སྟེ་ཕྱག་མཚན་ཡབ་དང་མཐུན། །རིགས་ལྔ་ཡབ་ཡུམ་ཐུགས་རྗེས་འདི་ཟུང་ཞིག །བྱིན་རླབས་དབང་བསྐུར་དམ་པ་མཛད་དུ་གསོལ། །ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཏདྱ་ཐཱ། ༀ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ། ཤར་ཕྱོགས་སངས་རྒྱས་དཀོན་མཆོག་འབྱུང་གནས་དཀར། །གཡས་པ་མཆོག་སྦྱིན་འཁོར་ལོ་གཡོན་སྐྱབས་སྦྱིན། །ཤར་ལྷོ་ནུབ་བྱང་དཀར་སྔོ་དམར་ལྗང་མདོག །ཆོས་ཀྱི་རྒྱལ་མཚན་ཆུ་སྲིན་རྒྱལ་མཚན་ཅན། །དབང་ཕྱུག་རྒྱལ་པོ་ལྕགས་ཀྱུ་འབར་བ་འཛིན། །བཀོད་པའི་རྒྱལ་མཚན་མཛེས་པའི་མེ་ཏོག་བསྣམས། །རིན་ཆེན་འོད་འཕྲོ་ནོར་བུ་རིན་ཆེན་འཛིན། །ཤར་ནུབ་སེམས་དཔའ་ལྷོ་བྱང་ཉན་ཐོས་ཚུལ། །སེམས་མ་རྡོ་རྗེ་རིན་ཆེན་པད་རྒྱ་གྲམ། །འགྲོ་ལ་ཐུགས་རྗེས་བཟུང་དུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །མུ་ནེ༴ ག་ཏེ༴ ཨ་བྷི༴ ཧཱུཾ། ལྷོ་ཕྱོགས་སངས་རྒྱས་མྱ་ངན་མེད་དཔལ་སྔོ། །ཐུགས་ཀར་སྐྱབས་སྦྱིན་རིན་ཆེན་གཡོན་མཉམ་གཞག །ཤར་ལྷོ་ནུབ་བྱང་དཀར་སེར་དམར་ལྗང་སེམས། །སྣང་བའི་མཆོག་ནི་ཕྱག་ན་རྡོ་རྗེ་བསྣམས། །ཕྱག་རྒྱའི་རྒྱལ་པོ་རྡོ་རྗེ་རྒྱ་གྲམ་འཛིན། །སྤོས་ཀྱི་གླང་པོ་འབུད་དུང་དཀར་པོ་སྟེ། །སྤོབས་པ་བརྩེགས་པ་གསེར་གཡུའི་ཟ་མ་ཏོག །ཤར་ནུབ་སེམས་དཔའ་ལྷོ་བྱང་ཉན་ཐོས་ཚུལ། །སེམས་མ་རྡོ་རྗེ་རིན་ཆེན་པད་རྒྱ་གྲམ། །འགྲོ་ལ་ཐུགས་རྗེས་བཟུང་དུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །མུ་ནེ༴ ག་ཏེ༴ ཨ་བྷི༴ ཧཱུཾ། ནུབ་ཕྱོགས་རིན་ཆེན་འོད་འཕྲོ་དམར། །སྐྱབས་སྦྱིན་ཐུགས་ཀར་པདྨ་བསྣམས། །གཡོན་པ་མཆོག་སྦྱིན་པུས་མོའི་སྟེང་། །ཕྱོགས་བཞིར་དཀར་སྔོ་དམར་ལྗང་སེམས། །པདྨའི་རྒྱལ་པོ་སྒྲོམ་བུ་སྟེ། །པདྨོ་དམ་པ་པདྨ་དཀར། །རྡོ་རྗེ་མི་གཡོ་ལྕགས་ཀྱུའོ། །ཐོགས་མེད་རྒྱལ་པོ་རལ་གྲི་འཛིན། །ཤར་ནུབ་སེམས་དཔའ་ལྷོ་བྱང་ཉན་ཐོས་ཚུལ། །སེམས་མ་རྡོ་རྗེ་རིན་ཆེན་པད་རྒྱ་གྲམ། །འགྲོ་ལ་ཐུགས་རྗེས་བཟུང་དུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །མུ་ནེ༴ ག་ཏེ༴ ཨ་བྷི༴ ཧཱུཾ། བྱང་ཕྱོགས་རྒྱལ་པའི་དབང་པོ་ལྗང་། །གཡས་པ་སྐྱབས་སྦྱིན་ཉི་མ་སྟེ། །གཡོན་པ་མཆོག་སྦྱིན་རྡོ་རྗེ་ཅན། །ཕྱོགས་བཞི་དཀར་སྔོ་དམར་ལྗང་སེམས། །རིན་འབྱུང་རིན་ཆེན་ཟུར་བརྒྱད་འཛིན། །གྲུབ་པ་སྣ་ཚོགས་རྡོ་རྗེ་སྟེ། །དགའ་བ་སྟོན་པ་མེ་ལོང་ཅན། །མི་གཡོ་བ་ནི་མཉམ་བཞག་རྒྱ། །ཤར་ནུབ་སེམས་དཔའ་ལྷོ་བྱང་ཉན་ཐོས་ཚུལ། །སེམས་མ་རྡོ་རྗེ་རིན་ཆེན་པད་རྒྱ་གྲམ། །འགྲོ་ལ་ཐུགས་རྗེས་བཟུང་དུ་གསོལ། །དབང་བསྐུར་བྱིན་གྱི་བརླབ་ཏུ་གསོལ། །མུ་ནེ༴ ག་ཏེ༴ ཨ་བྷི༴ ཧཱུཾ། བྱང་ཤར་གླང་པོ་དམ་པའི་དཔལ། །ལྗང་གུ་ཐུགས་ཀར་པུསྟི་བསྣམས། །གཡོན་པ་མཆོག་སྦྱིན་ཆོས་གོས་འཛིན། །ཕྱོགས་བཞི་དཀར་སྔོ་དམར་ལྗང་སེམས། །ཕྱག་ན་རྡོ་རྗེ་རྩེ་དགུ་སྟེ། །སྤྱན་རས་གཟིགས་དབང་པད་དཀར་འཛིན། །ནམ་མཁའི་སྙིང་པོ་ཟ་མ་ཏོག །ས་སྙིང་རིན་ཆེན་མྱུ་གུའོ། །ཤར་ནུབ་སེམས་དཔའ་ལྷོ་བྱང་ཉན་ཐོས་ཚུལ། །སེམས་མ་རྡོ་རྗེ་རིན་ཆེན་པད་རྒྱ་གྲམ། །འགྲོ་ལ་ཐུགས་རྗེས་བཟུང་དུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །མུ་ནེ༴ ག་ཏེ༴ ཨ་བྷི༴ ཧཱུཾ། ཤར་ལྷོ་པདྨོ་དམ་པའི་དཔལ། །དཀར་སེར་གཡས་པ་ཉི་མ་སྟེ། །ཕྱོགས་བཞི་དཀར་སྔོ་དམར་ལྗང་སེམས། །ཀུན་བཟང་རིན་ཆེན་སྡོང་བུ་སྟེ། །འཇམ་དཔལ་གཞོན་ནུ་ཨུཏྤ་ལ། །སྒྲིབ་པ་རྣམ་སེལ་པུསྟི་འཛིན། །བྱམས་པ་ཀླུ་ཤིང་གུནྡྷེ་བསྣམས། །ཤར་ནུབ་སེམས་དཔའ་ལྷོ་བྱང་ཉན་ཐོས་ཚུལ། །སེམས་མ་རྡོ་རྗེ་རིན་ཆེན་པད་རྒྱ་གྲམ། །འགྲོ་ལ་ཐུགས་རྗེས་བཟུང་དུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ༀ་མུ་ནེ༴ ག་ཏེ༴ ཨ་བྷི༴ ཧཱུཾ། ལྷོ་ནུབ་སྣང་བ་དམ་པའི་དཔལ། །དམར་སེར་ཉི་མ་ཐུགས་ཀར་བསྣམས། །ཕྱོགས་བཞི་དཀར་སྔོ་དམར་ལྗང་སེམས། །མཐུ་ཆེན་ཐོབ་ནི་རྡོ་རྗེ་སྟེ། །སྨན་གྱི་རྒྱལ་པོ་བུམ་པའོ། །ཡོན་ཏན་སྙིང་པོ་རིན་ཆེན་སྙེ། །མཐོང་ན་དགའ་བ་ཀླུ་ཤིང་ངོ་། །ཤར་ནུབ་སེམས་དཔའ་ལྷོ་བྱང་ཉན་ཐོས་ཚུལ། །སེམས་མ་རྡོ་རྗེ་རིན་ཆེན་པད་རྒྱ་གྲམ། །འགྲོ་ལ་ཐུགས་རྗེས་བཟུང་དུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །མུ་ནེ༴ ག་ཏེ༴ ཨ་བྷི༴ ཧཱུཾ། ནུབ་བྱང་གདུགས་མཛེས་དམ་པའི་དཔལ། །དམར་ལྗང་གཡས་ན་གདུགས་ཀྱིས་བརྗིད། །ཕྱོགས་བཞི་དཀར་སྔོ་དམར་ལྗང་སེམས། །གཞོན་ནུ་རྒྱལ་མཚན་ཨུཏྤ་ལ། །སྐྱེས་བུ་དམ་པ་དུང་རྔ་ཡབ། །སེང་གེ་སྒྲ་ནི་ཀུ་མུ་དཱ། །མྱ་ངན་བསལ་ནི་པདྨོའོ། །ཤར་ནུབ་སེམས་དཔའ་ལྷོ་བྱང་ཉན་ཐོས་ཚུལ། །སེམས་མ་རྡོ་རྗེ་རིན་ཆེན་པད་རྒྱ་གྲམ། །འགྲོ་ལ་ཐུགས་རྗེས་བཟུང་དུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །མུ་ནེ༴ ག་ཏེ༴ ཨ་བྷི༴ ཧཱུཾ། སྟེང་ཕྱོགས་སངས་རྒྱས་དགའ་བའི་དཔལ། །དཀར་པོ་གཡས་ན་རྒྱལ་མཚན་བསྣམས། །ཕྱོགས་བཞི་དཀར་སྔོ་དམར་ལྗང་སེམས། །བཟང་སྐྱོང་གསེར་གྱི་བུམ་པ་བསྣམས། །དཀོན་མཆོག་འབྱུང་གནས་རིན་ཆེན་སྒྲོམ། །དཔའ་བར་འགྲོ་བ་རལ་གྲི་སྟེ། །ཟླ་འོད་གཞོན་ནུ་ཟླ་ཚེས་སོ། །ཤར་ནུབ་སེམས་དཔའ་ལྷོ་བྱང་ཉན་ཐོས་ཚུལ། །སེམས་མ་རྡོ་རྗེ་རིན་ཆེན་པད་རྒྱ་གྲམ། །འགྲོ་ལ་ཐུགས་རྗེས་བཟུང་དུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ༀ་མུ་ནེ༴ ག་ཏེ༴ ཨ་བྷི༴ ཧཱུཾ། འོག་ཕྱོགས་པདྨོ་དམ་པའི་དཔལ། །སྔོ་ནག་ཆོས་འཆད་པདྨ་བསྣམས། །ཕྱོགས་བཞི་དཀར་སྔོ་དམར་ལྗང་སེམས། །ཡེ་ཤེས་ཏོག་ནི་ཏོག་དཀར་པོ། །མྱ་ངན་མེད་མཆོག་རལ་གྲི་སྟེ། །བློ་གྲོས་མི་ཟད་པུསྟིའོ། །ཡེ་ཤེས་འོད་དེ་རྡོ་རྗེ་བསྣམས། །ཤར་ནུབ་སེམས་དཔའ་ལྷོ་བྱང་ཉན་ཐོས་ཚུལ། །སེམས་མ་རྡོ་རྗེ་རིན་ཆེན་པད་རྒྱ་གྲམ། །འགྲོ་ལ་ཐུགས་རྗེས་བཟུང་དུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །མུ་ནེ༴ ག་ཏེ༴ ཨ་བྷི༴ ཧཱུཾ། ཤར་དུ་གླང་པོའི་གདན་ཁྲི་ལ། །བརྒྱ་བྱིན་སེར་པོ་རྡོ་རྗེ་འཛིན། །ཤར་ལྷོར་ར་སྐྱེས་གདན་སྟེང་དུ། །མེ་ལྷ་དམར་པོ་བགྲང་འཕྲེང་འཛིན། །ལྷོ་རུ་མ་ཧེའི་གདན་ལ་ནི། །གཤིན་རྗེ་སྔོན་པོ་བེ་ཅོན་འཛིན། །ལྷོ་ནུབ་རོ་ལངས་གདན་སྟེང་དུ། །སྲིན་པོ་སྨུག་ནག་རལ་གྲི་འཛིན། །ནུབ་ཏུ་ཆུ་སྲིན་གདན་ལ་ནི། །ཆུ་ལྷ་དམར་པོ་སྦྲུལ་ཞགས་འཛིན། །ནུབ་བྱང་ཤ་བའི་གདན་སྟེང་དུ། །རླུང་ལྷ་ལྗང་གུ་བ་དན་འཛིན། །བྱང་དུ་རྟ་ཡི་གདན་ལ་ནི། །གནོད་སྦྱིན་ལྗང་སྔོན་དབྱུག་པ་འཛིན། །བྱང་ཤར་ཁྱུ་མཆོག་གདན་ལ་ནི། །དབང་ལྡན་ནག་པོ་རྩེ་གསུམ་འཛིན། །སྟེང་དུ་ངང་པའི་གདན་སྟེང་དུ། །ཚངས་པ་སེར་མོ་པདྨ་འཛིན། །འོག་ཏུ་ཕག་གི་གདན་ལ་ནི། །བརྟན་མ་སེར་པོ་གཏེར་བུམ་བསྣམས། །འགྲོ་ལ་ཐུགས་རྗེས་བཟུང་དུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །མུ་ནེ༴ ག་ཏེ༴ ཨ་བྷི༴ ཧཱུཾ། སྒེག་ཕྲེང་གླུ་གར་མེ་ཏོག་སྤོས། །མར་མེ་དྲི་ཆབ་སྒོ་སྐྱོང་བཞི། །རྒྱལ་བ་མཆོད་ཅིང་བསྟན་པ་བསྲུང་། །ཚད་མེད་ཕྲིན་ལས་གདུལ་བྱ་སྐྱོང་། །འགྲོ་ལ་ཐུགས་རྗེས་བཟུང་དུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ༀ་མུ་ནེ༴ ཏདྱ་ཐཱ། ༀ་ག་ཏེ༴ ཨ་བྷི་ཥིཉྩ་ཧཱུཾ། ཞེས་བསྐུར་རོ། །དེ་ནས་རྒྱལ་པོ་བཀའ་རྟགས་སམ་འགྲོ་འདུལ་མཚན་ཉིད་ཀྱི་དབང་དུ་གྲགས་པ་བྱང་ཆུབ་སེམས་དཔའི་མཛད་པ་ཉི་ཤུའི་རྫས་དབང་རྣམས་བསྐུར་བས། སྔོན་བྱུང་སྟོན་པའི་རྣམ་ཐར་དང་རྗེས་སུ་མཐུན་པའི་ཡོན་ཏན་ཁྱད་པར་ཅན་དེ་དག་རྒྱུད་ལ་ཐོབ་པར་གྱུར་སྙམ་པའི་མོས་པ་མཛོད། དེ་ལ་རྫས་དབང་ཉི་ཤུ་ལས། དང་པོ་དབུ་རྒྱན་བསྐོན་ཏེ། སྔོན་བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོ་དགའ་ལྡན་གྱི་གནས་ནས་ཡུམ་སྒྱུ་མ་ལྷ་མཛེས་ཀྱི་ལྷུམས་སུ་གཤེགས་པའི་ཚེ་དབུ་ལས་རིན་པོ་ཆེའི་ཕྲོག་ཞུ་ཕུད་ནས་མི་ཕམ་མགོན་ལ་ཆོས་ཀྱི་རྒྱལ་ཚབ་ཏུ་ལྷ་རྣམས་ཀྱི་སྟོན་པར་དབང་བསྐུར་རོ། །དེ་བཞིན་དུ་རིན་པོ་ཆེའི་ཅོན་པན་གྱི་དབང་བསྐུར་བས་ཆོས་ཀྱི་རྒྱལ་ཚབ་བྱེད་པའི་དབང་དང་ལྡན་པར་གྱུར་ཅིག །ཧཱུཾ། ཏོག་དཀར་དབུ་ལས་རིན་ཆེན་ཅོད་པན་ཕུད། །དེ་ཉིད་ཕྱག་གིས་བུ་ཡི་དབུ་ལ་བཞག །མི་ཕམ་མགོན་པོ་ཆོས་ཀྱི་རྒྱལ་ཚབ་རྗེ། །ཆོས་ཀྱི་རྒྱལ་སྲིད་ཆེན་པོ་བྱེད་པར་ཤོག །ཆོས་ཀྱི་དབྱིངས་ནས་བྱུང་ནས་ག་ན་བར། །སྤྲུལ་སྐུ་ཀུན་ཁྱབ་ཡིད་བཞིན་འབྱུང་བའི་གཏེར། །དང་པོ་ཚོགས་རྫོགས་སྨོན་ལམ་མཐར་ཕྱིན་པ། །འདི་ནི་བསོད་ནམས་རྫོགས་པའི་དབང་གི་བཀྲ་ཤིས་དང་པོའོ། །གཉིས་པ་ཡུམ་གྱི་ཙཀླི་སྤྱི་བོར་བཞག་སྟེ། སྔོན་བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོ་དེ་ཡུམ་གྱི་ལྷུམས་ན་བཞུགས་པའི་ཚེ་ཡུམ་གྱི་ཕྱག་གིས་སེམས་ཅད་རྣམས་ལ་རེག་ཅིང་དབང་བསྐུར་བས་སེམས་ཅད་རྣམས་ཀྱི་ནད་དང་སྡུག་བསྔལ་ཐམས་ཅད་ཞི་བར་གྱུར་ཏོ། །དེ་བཞིན་དུ་ཡུམ་གྱི་ཕྱག་གིས་རེག་ཅིང་དབང་བསྐུར་བས་ཉོན་མོངས་པ་དང་ནད་དང་སྡུག་བསྔལ་ཐམས་ཅད་ཞི་བར་གྱུར་ཅིག །སྒྱུ་མ་ལྷ་མཛེས་ལྷ་ཡི་ལྕམ། །ལྷ་ཡི་ལུས་ལ་རིན་ཆེན་མཛེས། །ཉོན་མོངས་སྡུག་བསྔལ་ཀུན་ཞི་ནས། །ན་ཚའི་སྡུག་བསྔལ་ལས་ཐར་ཤོག །བྱིན་རླབས་ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན། །ཀུན་ལ་བྱམས་སྙོམས་ཐུགས་རྗེ་ཆེ་བའི་མ། །གཞན་ལ་ཕན་མཛད་དོན་གཉིས་ལྷུན་གྱིས་གྲུབ། །འདི་ནི་ལྷུན་གྱིས་གྲུབ་པའི་དབང་གི་བཀྲ་ཤིས་གཉིས་པའོ། །གསུམ་པ་སེང་ཕྲུག་ཟུང་གཏད་དེ། སྔོན་བྱང་ཆུབ་སེམས་དཔའ་ལུམྦི་ནིའི་ཚལ་དུ་ཡུམ་གྱི་ལྷུམས་ནས་བལྟམས་པའི་ཚེ་སེང་གེའི་ཕྲུ་གུ་ཟུང་ཞིག་གིས་བསྐོར་བ་བྱས་ཤིང་དབང་བསྐུར་བས་རྒོལ་བའི་ཕྱོགས་ཐམས་ཅད་ཟིལ་གྱིས་གནན་པའི་དབང་ཐོབ་བོ། །དེ་བཞིན་དུ་སེང་ཕྲུག་གི་ཕྱིར་རྒོལ་བའི་ཕྱོགས་ཐམས་ཅད་ཟིལ་གྱིས་གནོན་པའི་དབང་ཐོབ་པ་གྱུར་ཅིག །སེང་གེའི་ང་རོ་སྐད་ཆེམ་ཐོགས་མེད་པས། །འཇིགས་པ་མེད་པའི་སྒྲ་ཆེན་བསྒྲགས་ནས་ཀྱང་། །བར་དུ་གཅོད་པའི་བདུད་ཀྱི་སྡེ་བཏུལ་ཏེ། །རྒོལ་བའི་ཚོགས་རྣམས་ཟིལ་གྱིས་གནོན་པར་ཤོག །ཐམས་ཅད་ཟིལ་གནོན་ཆོ་འཕྲུལ་ཆེ་བའི་ལྷ། །ཡོན་ཏན་ཀུན་ཚང་གདུག་པ་ཟིལ་གྱིས་གནོན། །ཆེ་བའི་མཐུ་སྟོབས་ཁྱད་པ་ཀུན་ལ་འཕགས། །འདི་ནི་ཆེ་བཙན་མཐུ་སྟོབས་དབང་གི་བཀྲ་ཤིས་གསུམ་པའོ། །བཞི་པ་གླང་ཆེན་ཕྲུ་གུ་ཟུང་གཏད་དེ། སྔོན་བྱང་ཆུབ་སེམས་དཔའ་གྲོང་ཁྱེར་སེར་སྐྱ་ན་བཞུགས་པའི་ཚེ་གླང་པོ་ཆེའི་ཕྲུ་གུ་གཉིས་ཀྱི་སྣས་བྱུགས་ཤིང་དབང་བསྐུར་བས་འཇིག་རྟེན་འདེགས་པའི་སྟོབས་ཀྱི་དབང་ཐོབ་བོ། །དེ་བཞིན་དུ་གླང་པོ་ཆེའི་ཕྲུ་གུ་ཟུང་གི་དབང་བསྐུར་བས་འཇིག་རྟེན་འདེགས་པའི་སྟོབས་དང་ལྡན་པའི་དབང་ཐོབ་པར་གྱུར་ཅིག །འཇིག་རྟེན་འདེགས་པའི་སྟོབས་ལྡན་ཞིང་། །ཐེག་པ་བཞི་ཡི་དོན་རྟོགས་ནས། །བྱེ་བྲག་འབྱེད་པའི་སྟོབས་རྫོགས་ཏེ། །སྟོབས་ཀྱི་ཕ་རོལ་ཕྱིན་རྫོགས་ཤིང་། །མཐུ་སྟོབས་ཕུན་ཚོགས་ལྡན་པ་ཡི། །རིན་ཆེན་གསེར་རྒྱན་ཀུན་གྱིས་སྤྲས། །དཔེ་བྱད་མཚན་རྫོགས་གླང་པོའི་སྟོབས། །འདི་ནི་སྟོབས་བཅུ་ལྡན་པའི་དབང་གི་བཀྲ་ཤིས་བཞི་པའོ། །ལྔ་པ་ཀ་ཤི་ཀའི་རས་བཟུང་། སྔོན་བྱང་ཆུབ་སེམས་དཔའ་ལུམྦི་ནིའི་ཚལ་དུ་སྐུ་བལྟམས་པའི་ཚེ་ཚངས་པ་དང་བརྒྱ་བྱིན་གྱིས་བླངས་ནས་ན་བཟའ་ཀ་ཤི་ཀའི་རས་གསོལ་ཏེ་དབང་བསྐུར་བས་མཁྱེན་པའི་བྱེ་བྲག་གསལ་ཞིང་མ་འདྲེས་པའི་དབང་ཐོབ་བོ། །དེ་བཞིན་དུ་ན་བཟའ་ཀ་ཤི་ཀའི་རས་ཀྱི་དབང་བསྐུར་བས་མཁྱེན་པའི་ཡེ་ཤེས་གསལ་ཞིང་མ་འདྲེས་པའི་དབང་ཐོབ་པར་གྱུར་ཅིག །ཉོན་མོངས་སྐྱོན་སྤངས་ཀ་ཤིའི་རས། །ལེགས་པའི་ཡོན་ཏན་ཀུན་རྫོགས་ཏེ། །ཉེས་པའི་སྐྱོན་ལས་སྐྱོབ་པ་དང་། །མཁྱེན་པའི་བྱེ་བྲག་གསལ་བར་ཤོག །བརྒྱ་བྱིན་བསོད་ནམས་དག་པའི་ལྷ། །ཚངས་པ་མངོན་ཤེས་ལྔ་དང་ལྡན། །བདུད་རྩི་ཆོས་འཁོར་ཞུ་བའི་བདག །འདི་ནི་ཡོན་ཏན་རིན་ཆེན་དབང་གི་བཀྲ་ཤིས་ལྔ་པའོ། །དྲུག་པ་ཙཀླི་དང་བུམ་པ་སྦྲགས་ནས་བུམ་ཆུ་སྤྱི་བོར་གཏིགས་ཤིང་བླུད་དེ། སྔོན་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་ནས་བལྟམས་པའི་ཚེ་ཀླུའི་རྒྱལ་པོ་དགའ་བོ་དང་ཉེར་དགའ་གཉིས་ཀྱིས་ལྷོ་ཕྱོགས་ཀྱི་ཆུ་མིག་རྟ་རྔ་འཛིན་ནས་བདུད་རྩིའི་ཆུ་བླངས་ཏེ་ཁྲུས་གསོལ་བས་ཉོན་མོངས་པའི་དྲི་མ་དག་པའི་དབང་ཐོབ་བོ། །དེ་བཞིན་དུ་བུམ་རྫས་ཆུའི་དབང་བསྐུར་བས་ཉོན་མོངས་པའི་བག་ཆགས་ཀྱི་དྲི་མ་བྱང་ཞིང་དག་པའི་དབང་ཐོབ་པར་གྱུར་ཅིག །ཀླུ་རྒྱལ་བདུད་རྩིའི་ཆུ་བླངས་ཏེ། །བཅོམ་ལྡན་དྲིན་ལན་བསྲབ་པའི་ཕྱིར། །སྐུ་ཡི་དྲི་མ་ཡོངས་སུ་བཀྲུ། །སྐྱོན་གྱི་དྲི་མ་དག་པར་ཤོག །ཡོན་ཏན་ཀུན་ལྡན་བྱང་ཆུབ་སེམས་དཔའི་རིགས། །བཅོམ་ལྡན་རྗེས་དྲན་སྨོན་ལམ་གྲུབ་པའི་མཆོག །དྲི་མ་ཀུན་འཁྲུད་ལེགས་པ་མཐར་ཕྱིན་པའི། །འདི་ནི་སྐུ་ཚེ་རིང་བའི་དབང་གི་བཀྲ་ཤིས་དྲུག་པའོ། །བདུན་པ་མིང་གི་དབང་ནི། རྒྱལ་བའི་སྲས་ཞེས་པ་ལྟ་བུ་བྱང་སེམས་དང་ཕར་ཕྱིན་བཅུ་ལས་གྲས་པའི་མིང་བཏགས་ཏེ། སྔོན་བྱང་ཆུབ་སེམས་དཔའ་བལྟམས་ནས་དགུང་ལོ་བདུན་ལོན་པའི་ཚེ་ཤཱཀྱའི་རིགས་རྣམས་འཚོགས་ནས་གཞོན་ནུ་དོན་གྲུབ་པ་ཞེས་མཚན་བཏགས་ཏེ་དབང་བསྐུར་བས་ཤེས་བྱ་ལ་མ་རྨོངས་པའི་དབང་ཐོབ་བོ། །དེ་བཞིན་དུ་རིགས་ཀྱི་བུ་ལ་རྒྱལ་བའི་སྲས་པོ་ཞེས་བྱ་བའི་མིང་གི་དབང་བསྐུར་བས་ཤེས་བྱ་ལ་མ་རྨོངས་པའི་དབང་ཐོབ་པར་གྱུར་ཅིག །རིགས་ཀྱི་བུ་ཁྱོད་དེང་ཕན་ཆད། །མིང་མཆོག་གྲགས་པས་དབང་བསྐུར་བས། །གཞོན་ནུ་དོན་གྲུབ་ཡིན་པའི་ཕྱིར། །རྒྱལ་བུ་དོན་གྲུབ་ཐོབ་པར་ཤོག །རྒྱལ་རིགས་ཁྲིམས་གཙང་མང་པོ་འདུས་པ་ཡིས། །ལྷ་མི་ཀུན་ལ་དབང་བསྒྱུར་རྒྱལ་པོར་བསྐོས། །ཀུན་ལས་འཕགས་པའི་རྒྱལ་དབང་དམ་པ་སྟེ། །འདི་ནི་ཀུན་གྱི་རྒྱལ་པོའི་དབང་གི་བཀྲ་ཤིས་བདུན་པའོ། །བརྒྱད་པ་རྒྱན་ཆ་གཏད་དེ། སྔོན་བྱང་ཆུབ་སེམས་དཔའ་ལ་སྲུ་སྐྱེ་དགུའི་བདག་མོས་རྒྱན་གྱི་བྱེ་བྲག་གིས་བརྒྱན་ཅིང་དབང་བསྐུར་བས་ས་རྡོ་ལ་བྱས་པའི་བསམ་མནོ་མེད་པ་ཕྱག་གིས་ཚུར་སྩལ་བའི་དབང་ཐོབ་བོ། །དེ་བཞིན་དུ་རྒྱན་གྱི་བྱེ་བྲག་གི་དབང་བསྐུར་བས་འགྲོ་བ་ཐམས་ཅད་ཤེས་པ་དང་ལྡན་པར་བྱེད་པའི་དབང་ཐོབ་པར་གྱུར་ཅིག །མཛེས་པའི་རྒྱན་རྣམས་མྱུར་དུ་འཕགས་ནས་ཀྱང་། །ལེགས་པའི་ཡོན་ཏན་ཀུན་ཚང་ཡེ་ཤེས་སྐུ། །མ་རིག་ཐར་ལམ་མ་ལུས་འདྲེན་པའི་མཆོག །རྟོགས་པའི་ཡོན་ཏན་མཆོག་དང་ལྡན་པར་ཤོག །ཡོན་ཏན་ཀུན་རྫོགས་སྲུ་མོས་མཛེས་པའི་རྒྱན། །ལེགས་པ་ཀུན་རྫོགས་ཡོན་ཏན་མཐར་ཕྱིན་པ། །ཆེ་བའི་ཡོན་ཏན་གཞལ་གྱིས་མི་ལང་སྟེ། །འདི་ནི་ལེགས་པ་ཀུན་རྫོགས་དབང་གི་བཀྲ་ཤིས་བརྒྱད་པའོ། །དགུ་པ་ཡིག་ཤིང་། སྔོན་བྱང་ཆུབ་སེམས་དཔས་ཡིག་དཔོན་ཀུན་གྱི་བཤེས་གཉེན་ལས་ཡི་གེ་སློབ་པའི་ཚེ། །ཙནྡན་སྦྲུལ་གྱི་སྙིང་པོའི་བྱང་ཤིང་གསེར་གྱི་ཝཾ་མིག་བཏགས་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་ཏེ་ཡི་གེ་སློབ་པའི་དབང་བསྐུར་བས་ཡིག་དཔོན་ཡང་དངངས་ཏེ་ལྷ་མིའི་ཡི་གེ་ཐམས་ཅད་ལ་མཁས་པའི་དབང་ཐོབ་བོ། །དེ་བཞིན་དུ་ཡིག་ཤིང་གི་དབང་བསྐུར་བས་ཆོས་ཀྱི་སྒྲ་སྒྲོག་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཙནྡན་སྦྲུལ་གྱི་ཡིག་ཤིང་ལ། །རིན་ཆེན་གསེར་གྱི་ཝཾ་མིག་བཏགས། །འགྲོ་བའི་དོན་བྱེད་ཡི་གེའི་མཐུ། །ཆོས་ཀྱི་སྒྲ་རྣམས་སྒྲོགས་པར་ཤོག །ཆོས་ཉིད་ཀུན་སྟོན་རྫུ་འཕྲུལ་ཡི་གེའི་མཐུ། །ཕ་རོལ་ཟིལ་གནོན་ཆོས་རྣམས་ཀུན་ལས་རྒྱལ། །འདི་འདྲའི་ཡོན་ཏན་གཞན་ན་མེད་པའི་མཆོག །འདི་ནི་ཡི་གེ་ཚོགས་རྫོགས་དབང་གི་བཀྲ་ཤིས་དགུ་པའོ། །བཅུ་པ་མདའ་གཞུ། སྔོན་བྱང་ཆུབ་སེམས་དཔའ་སྒྱུ་རྩལ་གྱི་སྟོབས་འགྲན་པའི་ཚེ་མེས་སེང་གེ་འགྲམ་གྱི་གནམ་རུ་བརྡུངས་པས་སྒྲའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་བྱུང་སྟེ་སྒྱུ་རྩལ་གྱིས་འདུལ་བའི་དབང་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་གནམ་རུའི་དབང་བསྐུར་བས་སྙན་པའི་སྒྲ་སྒྲོག་ཅིང་བདུད་དཔུང་འདུལ་བའི་འཕོངས་རྩལ་དང་ལྡན་པའི་དབང་ཐོབ་པར་གྱུར་ཅིག །སྙན་པ་སྒྲ་སྒྲོག་གནམ་རུ་མཆོག །འགྲོ་བ་ཀུན་གྱི་ཡིད་ཚིམ་ཞིང་། །གནོད་པའི་བདུད་རྣམས་བཅོམ་ནས་ནི། །མ་རུང་འདུལ་བའི་དབང་ཐོབ་ཤོག །ཐམས་ཅད་ཀུན་འདུལ་མཐུ་སྟོབས་ཕུན་སུམ་ཚོགས། །རྫུ་འཕྲུལ་ཐབས་ཀྱིས་ཕ་རོལ་ཟིལ་གྱིས་གནོན། །དོན་དང་མི་འགལ་གདུག་པ་ཞི་མཛད་པ། །འདི་ནི་གནམ་རུ་དབང་གི་བཀྲ་ཤིས་བཅུ་པའོ། །བཅུ་གཅིག་པ་བཙུན་མོ། སྔོན་བྱང་ཆུབ་སེམས་དཔའ་རྒྱལ་སྲིད་ཁབ་ཏུ་བཞེས་པའི་ཚེ་ཤཱཀྱ་ས་འཚོ་མ་ཁབ་ཏུ་ཕུལ་ཏེ་དབང་བསྐུར་བས་རིགས་མི་ནུབ་ཅིང་འགྲོ་བ་ཁྱིམ་དང་འདུ་འཛིས་འདུལ་བའི་དབང་ཐོབ་བོ། །དེ་བཞིན་དུ་བཙུན་མོའི་དབང་བསྐུར་བས་རིགས་མི་ནུབ་ཅིང་ཇི་ལྟར་འདུལ་བ་བཞིན་དུ་འགྲོ་དོན་བྱེད་པའི་དབང་ཐོབ་པར་གྱུར་ཅིག །ནོར་བུ་རིན་ཆེན་བྱི་དོར་བྱས་ཤིང་གསལ། །ཤཱཀྱ་ས་འཚོ་མ་བཀབ་ཕྱར་ན་ཡང་། །བློ་མོས་ཡིད་གཅུགས་དང་བས་སེམས་བསྐྱེད་དེ། །དགོས་པའི་དོན་རྣམས་ཡོངས་སུ་རྫོགས་པར་ཤོག །ཁྱིམ་དང་འདུ་འཛིས་འདུལ་བར་གཟིགས་པ་ཡི། ཁབ་དང་རྒྱལ་སྲིད་འཁོར་ལོས་སྒྱུར་བའི་ཚུལ། ཁམས་གསུམ་ཁྱིམ་པ་རྣམས་ཀྱི་དོན་མཛད་པ། །འདི་ནི་བཙུན་མོ་དབང་གི་བཀྲ་ཤིས་བཅུ་གཅིག་པའོ། །བཅུ་གཉིས་པ་ཤིང་རྟ། སྔོན་བྱང་ཆུབ་སེམས་དཔའ་གྲོང་ཁྱེར་གྱི་ཕྱོགས་བཞིར་ཤིང་རྟའི་ཁ་ལོ་བསྒྱུར་བས་འཁོར་བའི་ཆོས་ཐམས་ཅད་མི་རྟག་པར་མཁྱེན་པའི་དབང་ཐོབ་བོ། །དེ་བཞིན་དུ་ཤིང་རྟའི་དབང་བསྐུར་བས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སུན་དབྱུང་བའི་དབང་ཐོབ་པར་གྱུར་ཅིག །རྒྱལ་སྲིད་ལོངས་སྤྱོད་དཔལ་དང་ལྡན་པའི་མཆོག །འགྲོ་བའི་དོན་མཛད་འཁོར་ལོས་སྒྱུར་བའི་ལྷ། །ལྷ་མི་ཡོངས་ཀྱི་སྤྱོད་པ་བསམ་མི་ཁྱབ། །སྐྱེ་ཤི་མི་རྟག་པ་ལས་བཟློག་པར་ཤོག །རྒྱལ་སྲིད་དཔལ་འབྱོར་ལོངས་སྤྱོད་ཕུན་སུམ་ཚོགས། །གླིང་བཞི་མཐའ་སྐོར་སྐྱེ་རྒ་ན་འཆི་སྤོང་། །འཁོར་བའི་སྐྱོན་ཤས་སྡུག་བསྔལ་སེལ་མཛད་པ། །འདི་ནི་ཤིང་རྟ་དབང་བའི་བཀྲ་ཤིས་བཅུ་གཉིས་པའོ། །བཅུ་གསུམ་པ་ཆིབས། སྔོན་བྱང་ཆུབ་སེམས་དཔའ་ཁབ་ནས་བྱུང་བའི་ཚེ་འབངས་མོས་པས་ཆིབས་བསྔགས་ལྡན་རིན་པོ་ཆེ་བརྒྱན་ཏེ་ཕུལ་བས་མཚན་ཕྱེད་ལ་དཔགས་ཚད་བརྒྱ་འདས་ཏེ་རབ་ཏུ་བྱུང་ནས་ཉོན་མོངས་ལས་ཐར་པའི་དབང་ཐོབ་བོ། །དེ་བཞིན་དུ་ཆིབས་ཀྱི་དབང་བསྐུར་བས་རབ་ཏུ་འབྱུང་ཞིང་ཉོན་མོངས་པ་ལས་གྲོལ་བའི་དབང་ཐོབ་པར་གྱུར་ཅིག །གར་ཡང་ཐོགས་མེད་བརྩོན་འགྲུས་མྱུར་བའི་ཤུགས། །ཚངས་པ་བརྒྱ་བྱིན་མཐུ་བྱིན་ཆེ་བའི་ལྷ། །རྒྱལ་ཆེན་རིགས་བཞིས་འདེགས་པའི་སྟོབས་དང་ལྡན། །ཐོགས་མེད་ཚངས་པར་སྤྱོད་པའི་མཐུ་ལྡན་ཤོག །འཁོར་བའི་ཆོས་རྣམས་མཆིལ་མ་བཞིན་དུ་དོར། །ཉེས་ཚོགས་དགྲ་རྣམས་མ་ལུས་གཞོམ་པའི་ཕྱིར། །འདོད་པའི་རྒྱུ་སྤོང་རྣམ་རྟོགས་འཇོམས་མཛད་པ། །འདི་ནི་ཆིབས་མཆོག་དབང་གི་བཀྲ་ཤིས་བཅུ་གསུམ་པའོ། །བཅུ་བཞི་པ་ཤན་གྲི། སྔོན་བྱང་ཆུབ་སེམས་དཔའ་མཆོད་རྟེན་རྣམ་དག་གི་དྲུང་དུ་རབ་ཏུ་བྱུང་བའི་ཚེ་སུམ་ཅུ་རྩ་གསུམ་གྱི་ལྷ་མཛེས་པའི་ཏོག་གིས་ཤན་རལ་གྲི་ཕུལ་ཏེ་དབང་བསྐུར་བས་ཉོན་མོངས་པའི་དྲྭ་བ་གཅོད་པའི་དབང་ཐོབ་བོ། །དེ་བཞིན་དུ་ཤན་རལ་གྲིའི་དབང་བསྐུར་བས་ཉོན་མོངས་པའི་དྲྭ་བ་གཅོད་པའི་དབང་ཐོབ་པར་གྱུར་ཅིག །ཉོན་མོངས་དྲྭ་བ་གཅོད་པའི་རལ་གྲི་སྟེ། །མི་ཤེས་ཉོན་མོངས་རྒྱུ་རྣམས་བཅད་ནས་ཀྱང་། །བླ་མེད་བྱང་ཆུབ་གནས་སུ་འགོད་པའི་ཕྱིར། །ཉོན་མོངས་སྒྲིབ་པའི་དྲྭ་བ་གཅོད་པར་ཤོག །ཉོན་མོངས་དགྲ་རྣམས་མ་ལུས་བཅོམ་ནས་ཀྱང་། །བདེ་བའི་དོན་རྟོགས་ནགས་ཁྲོད་དབེན་པར་གནས། །བདག་དོན་ལྷུན་གྲུབ་གཞན་དོན་མཐར་ཕྱིན་པའི། །འདི་ནི་ཚུལ་ཁྲིམས་དབང་གི་བཀྲ་ཤིས་བཅུ་བཞི་པའོ། །བཅོ་ལྔ་པ་གསེག་པར། སྔོན་བྱང་ཆུབ་སེམས་དཔའ་ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་དཀའ་ཐུབ་རྫོགས་པའི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷའི་བུ་ཡིད་བཞིན་འབྱུང་བར་གསེག་གཤང་དང་པར་བུ་ཕལ་བས་འགྲོ་དོན་མཐར་ཕྱིན་པའི་དབང་ཐོབ་བོ། །དེ་བཞིན་དུ་གསེག་གཤང་དང་པར་བུའི་དབང་བསྐུར་བས་འགྲོ་དོན་མཐར་ཕྱིན་པའི་དབང་ཐོབ་པར་གྱུར་ཅིག །སེར་སྣའི་མདུད་པ་འགྲོལ་ཕྱིར་གསེག་གཤང་བསྣམས། །ཆོག་ཤེས་དགང་བ་སླ་ཕྱིར་པར་བུ་བསྣམས། །བསོད་ནམས་ཚོགས་རྫོགས་བྱང་ཆུབ་ཉིད་ཀྱི་སྐུ། །བདག་དང་གཞན་དོན་མཐར་ཕྱིན་རྫོགས་པར་ཤོག །མ་རིག་གཉིད་སློང་སིལ་བྱེད་སྒྲ། །ལྷུང་བཟེད་ཟག་མེད་ཡོན་ཏན་སྣོད། །ཞི་ཞིང་དབང་པོ་རབ་དུལ་བ། །འདི་ནི་དོན་གྲུབ་དབང་གི་བཀྲ་ཤིས་བཅོ་ལྔ་པའོ། །བཅུ་དྲུག་པ་ན་བཟའ་དུར་སྨྲིག །སྔོན་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བའི་ཚེ་སུམ་ཅུ་རྩ་གསུམ་གྱི་ལྷའི་བུས་ན་བཟའ་དུར་སྨྲིག་ཕུལ་བས་སྲིད་པའི་གདུང་བ་ལས་སྐྱོབ་པའི་དབང་ཐོབ་བོ། །དེ་བཞིན་དུ་ན་བཟའ་དུར་སྨྲིག་གི་དབང་བསྐུར་བས་སྲིད་པའི་གདུང་བ་ལས་སྐྱོབ་པའི་དབང་ཐོབ་པར་གྱུར་ཅིག །ངན་འགྲོ་སྐྱོབ་ཕྱིར་ན་བཟའ་ཆོས་གོས་གསོལ། །མི་ཤེས་རྨོངས་པ་མ་ལུས་བསལ་བ་དང་། །བག་ཆག་སྐྱོན་གྱི་དྲི་མས་མ་གོས་པའི། །འབྲས་བུ་བྱང་ཆུབ་གནས་སུ་འགྲུབ་པར་ཤོག །བསླབ་གསུམ་ཚུལ་ཁྲིམས་སྒོ་གསུམ་རྣམ་པར་དག །བདེ་བ་མཆོག་བརྙེས་འཇིགས་པའི་དགྲ་ལས་རྒྱལ། །རབ་བྱུང་དགེ་སྦྱོང་རྐང་གཉིས་ལྷ་མིའི་གཙོ། །ན་བཟའ་དབང་གི་བཀྲ་ཤིས་བཅུ་དྲུག་པའོ། །བཅུ་བདུན་པ་འོ་ཐུག་འབྲས་ཆན། སྔོན་བྱང་ཆུབ་སེམས་དཔའ་ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་བཀའ་ཐུབ་ལོ་གཉིས་ལ་འབྲས་ཉག་མ་རེ། ལོ་གཉིས་ལ་ཆུ་ཐིག་པ་རེ། ལོ་གཉིས་ལ་ཅི་ཡང་མ་གསོལ་བ་ལ་ཚོར་བ་མི་མངའ་ཡང་སྐུ་རིད་ཅིང་སྐམས་པའི་ཚེ་གྲོང་པའི་བུ་མོ་ལེགས་སྐྱེས་མས་འོ་ཐུག་འབྲས་ཆན་འཁར་གཞོང་གང་ཕུལ་བས་སྐུ་གསེར་གྱི་གཏན་པ་ཕྱིས་པ་ལྟར་གྱུར་ཏེ་མཚན་དང་དཔེ་བྱད་དང་ལྡན་པའི་དབང་ཐོབ་བོ། །དེ་བཞིན་དུ་འོ་ཐུག་འབྲས་ཆན་གྱི་དབང་བསྐུར་བས་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་དབང་ཐོབ་པར་གྱུར་ཅིག །ཉོན་མོངས་མེད་པའི་འབྲས་བུའི་མཆོག །ཞི་བའི་ངང་ལ་རབ་ཏུ་གནས། །བསོད་ནམས་ཐོབ་ཕྱིར་བསྔོས་པ་འདིས། །མཚན་དང་དཔེ་བྱད་རྫོགས་པར་ཤོག །ཟག་མེད་བདུད་རྩི་ཆོས་ཀྱི་རོ། །བསོད་ནམས་ལུས་རྫོགས་ཡེ་ཤེས་ཀྱི། །མཚན་དཔེས་རབ་བརྗིད་རྒྱལ་བའི་སྐུ། །དབང་མཆོག་བཀྲ་ཤིས་བཅུ་བདུན་པའོ། །བཅོ་བརྒྱད་པ་རྩྭ་དརྦྷའི་སྟན། །སྔོན་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་པའི་ཚེ་རྩྭ་འཚོང་བཀྲ་ཤིས་ཀྱིས་རྩྭ་རྨ་བྱའི་མགྲིན་པ་ལྟར་སྔོ་བ་ཕྱག་ཏུ་ཕུལ་བ་སྟན་དུ་བཏིང་སྟེ་བཞུགས་པས་བདུད་ཀྱི་བར་ཆད་ཀྱིས་མི་ཚུགས་པའི་དབང་ཐོབ་བོ། །དེ་བཞིན་དུ་རྩྭ་དརྦྷའི་རྫས་ཀྱི་དབང་བསྐུར་བས་བར་ཆད་ཐམས་ཅད་ཀྱིས་མི་ཚུགས་པའི་དབང་ཐོབ་པར་གྱུར་ཅིག །སྔོན་གྱི་དྲང་སྲོང་རྣམས་ཀྱི་གྲུབ་པའི་རྫས། །ངོ་མཚར་རྩྭ་མཆོག་རྨ་བྱའི་མགྲིན་པ་འདྲ། །ཉེས་མེད་ལེགས་པ་མཐའ་དག་རྫོགས་བྱེད་པའི། །འགྲོ་བའི་དོན་དུ་བཀྲ་ཤིས་རྫོགས་པར་ཤོག །མཉམ་ཉིད་མི་གཡོ་རྡོ་རྗེ་ལྟ་བུའི་སྐུ། །ཏིང་འཛིན་འཇིག་ཚོགས་ལྟ་བ་ཉི་ཤུ་འཇོམས། །བདུད་རིགས་ཚོགས་བཏུལ་མངོན་པར་སངས་རྒྱས་པའི། །རྩྭ་མཆོག་དབང་གི་བཀྲ་ཤིས་བཅོ་བརྒྱད་པའོ། །བཅུ་དགུ་པ་སྦྲང་རྩི། སྔོན་བཅོམ་ལྡན་འདས་མ་ག་དྷར་བསོད་སྙོམས་ལ་གཤེགས་པའི་ཚེ་སྤྲེའུས་སྦྲང་རྩི་ལྷུང་བཟེད་གང་ཕུལ་བས་བཀྲ་ཤིས་པའི་རྫས་སུ་མངའ་བརྙེས་པར་གྱུར་ཏོ། །དེ་བཞིན་དུ་བཀྲ་ཤིས་པའི་རྫས་ཀྱི་དབང་བསྐུར་བས་འབྲས་བུ་ཕུན་སུམ་ཚོགས་པའི་དབང་ཐོབ་པར་གྱུར་ཅིག །རྒྱལ་རིགས་སྤྲེའུའི་གཙོ་བོ་ཡིས། །སྦྲང་རྩི་ཕུལ་བའི་བསོད་ནམས་མཆོག །ཐུགས་རྗེ་མཐུན་པའི་བྱིན་རླབས་ཀྱིས། །བཀྲ་ཤིས་སྟོབས་མཆོག་ལྡན་པར་ཤོག །སྟོང་ཉིད་རང་བྱུང་ཟག་མེད་སྙིང་པོའི་བཅུད། །དུས་གསུམ་རྒྱལ་བས་ཞེན་མེད་རོལ་པར་མཛད། །གང་གིས་འདི་འཐུང་མཉམ་ཉིད་སྐུ་གསུམ་རྫོགས། །རྩི་མཆོག་དབང་གི་བཀྲ་ཤིས་བཅུ་དགུ་པའོ། །ཉི་ཤུ་པ་སྦྲང་བུར། སྔོན་བཅོམ་ལྡན་འདས་སྐྱེས་བུ་གྱད་ཀྱི་ཉེ་འཁོར་ན་བཞུགས་པའི་ཚེ་བྱང་ཕྱོགས་ཀྱི་ཚོང་པ་ག་གོན་དང་བཟང་པོས་བུ་རམ་དང་སྦྲང་རྩི་ཕུལ་བ་བཞེས་པ་ཤིན་ཏུ་བཀྲ་ཤིས་པའི་རྫས་ལ་མངའ་བརྙེས་པར་གྱུར་ཏོ། །དེ་བཞིན་དུ་བཀྲ་ཤིས་པའི་རྫས་ཀྱི་དབང་བསྐུར་བས་སྐྱེ་འཆི་མེད་པའི་དབང་ཐོབ་པར་གྱུར་ཅིག །ཀུན་གྱི་སྙིང་པོ་ཡོན་མཆོག་དང་བས་ཕུལ། །མཆོད་གནས་མཆོག་གིས་རབ་བཞེས་འབྲས་བུ་ནི། །རྒྱལ་བར་ལུང་བསྟན་སྨོན་ལམ་མྱུར་ཐོབ་ཕྱིར། །འདི་དག་བཀྲ་ཤིས་ཐོགས་མེད་རྫོགས་པར་ཤོག །ཡོན་ཏན་རབ་རྫོགས་སངས་རྒྱས་ས་ལ་གནས། །གོ་འཕང་བླ་མེད་རྒྱལ་ཐབས་སྤྱོད་པ་གཅིག །འགྲོ་དོན་མཐར་ཕྱིན་འཇིག་རྟེན་གསུམ་གྱི་མགོན། །མཛད་པ་མཐར་ཕྱིན་དབང་མཆོག་ཉི་ཤུ་པའོ། །ཞེས་བསྐུར་རོ། །དེ་ལྟར་བྱང་སེམས་ཀྱི་ཐེག་པའི་དབང་བསྐུར་བས། མདོ་རང་ལུགས་ཀྱི་སྦྱོར་ལམ་གཉིས་པ་མཚན་མ་རྟགས་ཀྱི་རྣལ་འབྱོར་བསླབ་པ་རྒྱུན་གྱིས་ནོན་པ་དང་རིགས་འདྲ་བའི་ཡོན་ཏན་གསོས་ཐེབས། མངོན་དུ་རྒྱུའི་བག་ཆགས་འབྲིང་པོ་དག །སྲིད་ཞི་ལས་རྣམ་པར་གྲོལ་བའི་རྒྱུ་དང་། །ལམ་གོང་མ་ལ་སྦྱོར་བ་བྱང་ཆུབ་ཀྱི་སེམས་སྐྱེ་བའི་སྟེགས་སུ་གྱུར། རྫོགས་པའི་སངས་རྒྱས་ཀྱི་རྒྱལ་ཚབ་ཆེན་པོ་ས་བཅུ་པའི་བྱང་སེམས་ཀྱི་རྟོགས་རིགས་དང་འདྲ་བའི་ཡོན་ཏན་ཁྱད་པར་ཅན་ཐོབ་པའི་སྐལ་པ་ཅན་ཏུ་བྱས་པ་ཡིན་ནོ། །རྗེས་ཀྱི་བྱ་བ་ལ་སྤྱི་དོན་གསུམ་སྟེ། ལམ་ཁྱེར་བཞི་བསྟན་པ། འགག་དྲུག་བཤད་པ། གདམས་ངག་ངང་སྒོམ་གྱི་ཁྲིད་གདབ་པའོ། །སྤྱི་དོན་དང་པོ་ལམ་ཁྱེར་ལ་བཞི་ལས། དང་པོ་ཐེག་པ་ལམ་ཁྱེར་ནི། བྱང་ཆུབ་སེམས་དཔའི་ཐེག་པ་སྟེ། དེ་ལའང་དྲུག་ལས། འཇུག་སྒོ་ནི། བདེན་པ་གཉིས་ཀྱི་སྒོ་ནས་འཇུག་སྟེ། དོན་དམ་པར་ཆོས་ཐམས་ཅད་དབྱིངས་རང་བཞིན་གྱིས་སྤྲོས་པ་དང་བྲལ་བའི་གཤིས་ལུགས་རྟོགས་པའི་ངང་ནས། ཀུན་རྫོབ་ཏུ་རྟེན་འབྲེལ་མ་འགགས་པའི་འཆར་སྒོ་སྒྱུ་མ་ལྟར་སྣང་ཙམ་དུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པར་བྱས་ཏེ། དགེ་མི་དགེ་ལ་འཇུག་ལྡོག་གི་ཚུལ་གྱིས་ཐབས་ཤེས་ཟུང་འབྲེལ་གྱི་སྤྱོད་པས་འཇུག་གོ། །ལྟ་བ་ནི། བདག་མེད་གཉིས་རྟོགས་པའོ། །དེའང་ཀུན་རྫོབ་ཏུ་ཆོས་ཐམས་ཅད་མེད་བཞིན་དུ་སྣང་བ་ཆུ་ཟླ་ལྟར་རྟོགས་ཤིང་། དོན་དམ་པར་སྤྲོས་པ་ཐམས་ཅད་ཞི་བའི་ཚུལ་དུ་རྟོགས་པས་ན་བདེན་གཉིས་ཀྱི་གནས་ལུགས་རྟོགས་པ་སྟེ། ལམ་རིམ་ལས། མཉམ་པའི་དོན་ཉིད་མི་ཤེས་ཤིང་། །ཀུན་རྫོབ་དོན་དམ་གཉིས་འབྱེད་ལ། །ཆོས་དང་གང་ཟག་བདག་མེད་ན། །འདི་ནི་བྱང་ཆུབ་ས་པ་ཡིན། །ཞེས་གསུངས། ཚུལ་ཁྲིམས་ནི་གསུམ་སྟེ། ཉེས་སྤྱོད་ལས་ལྡོག་པ་སྡོམ་པའི་ཚུལ་ཁྲིམས། བསམ་སྦྱོར་ཐམས་ཅད་གཞན་དོན་དུ་སྤྱོད་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས། ཕྱིན་དྲུག་གིས་བསྡུས་པའི་ལེགས་སྤྱོད་སྒྲུབ་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་སོ། །སྒོམ་པ་ནི། སྤྱིར་སློབ་པའི་ལམ་བཞིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། མཐར་ལམ་དུ་གཟུངས་ཀྱི་སྒོ་ལྔ་བརྒྱ་དང་། ཏིང་ངེ་འཛིན་གྱི་སྒོ་འབུམ་འཕྲག་ལ་སོགས་པ་སྒོམ་པ་ཡིན་མོད། སྙིང་པོར་དྲིལ་ན། ཞི་ལྷག་ཟུང་དུ་འབྲེལ་བའི་རྣམ་པར་མི་རྟོག་པའི་ལམ་སྒོམ་པ་སྟེ། སྤྱོད་འཇུག་ལས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱ་སྟེ། །ཞེས་སོ། །སྤྱོད་པ་ནི། ཕར་ཕྱིན་བཅུ་དང་བསྡུ་བའི་དངོས་པོ་བཞི་གཞན་དོན་དུ་སྤྱོད་པའོ། །འབྲས་བུ་ནི། རང་ལམ་གྱིས་བསྐལ་པ་གྲངས་མེད་གསུམ་ནས་མི་སློབ་པའི་ལམ་ཀུན་ཏུ་འོད་ཀྱི་ས་ཐོབ་པར་འདོད་མོད། སྔགས་ཀྱི་ཐེག་པ་ལས་ནི། ཕར་ཕྱིན་ཐེག་པའི་ལམ་གྱིས་མཐར་ཕྱིན་པར་བསྒྲུབས་ཀྱང་ས་བཅུ་པའི་བྱང་སེམས་ཀྱི་གོ་འཕང་ལས་ལྷག་པ་མི་ཐོབ་ཀྱང་། སྐབས་དེར་སྔགས་ལམ་ལ་ངེས་པར་ཞུགས་ནས་སངས་རྒྱས་ཐོབ་པས་ན། མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པར་གསུངས་སོ། །གཉིས་པ་ལྷ་ལམ་ཁྱེར་ནི། དོན་དམ་པར་འཕགས་བཞིའི་ཡུམ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དབྱིངས་སྤྲོས་པ་དང་བྲལ་བའི་ངང་ལས་བསལ་བཞག་མེད་པར་བསྐྱངས་པས་ཡེ་ཤེས་ཀྱི་ཚོགས་དང་། ཀུན་རྫོབ་ཏུ་བརྡའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་སྲས་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བའི་སྐུའི་རྣམ་པ་གསལ་བཏབ་ནས། ཕྱག་མཆོད་འབུལ་བ་ལ་སོགས་པས་བསོད་ནམས་ཀྱི་ཚོགས་བསགས་པའོ། །གསུམ་པ་སྙིང་པོ་ལམ་ཁྱེར་ནི། ལྷ་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས་པས། འཕགས་པ་རྣམས་སེམས་ཅན་གྱི་དོན་ལ་བསྐུལ་ཞིང་། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ནས་ལམ་དང་འབྲས་བུའི་བདེ་བ་ལ་བཀོད། འོད་ཟེར་དེས་བདག་ལ་རེག་པས་གཞན་དོན་སྒྲུབ་མཐུ་ཐོབ་པར་བསམ་ལ། ཏདྱ་ཐཱ། ག་ཏེ་ག་ཏེ་སོགས་བཟླ་བའོ། །བཞི་པ་བསླབ་བྱ་ལམ་ཁྱེར་ནི། འདི་བྱང་ཆུབ་སེམས་དཔའི་མཛད་པ་ཉི་ཤུའི་དབང་ཡིན་པས། དེ་དང་རྗེས་སུ་མཐུན་པར་བྱང་ཆུབ་ཀྱི་སྤྱོད་པ་ལ་བསླབ་དགོས། དེ་ལ་སྤང་བྱ་བྱང་སྡོམ་གྱི་མི་མཐུན་ཕྱོགས་རྩ་བའི་ལྟུང་བ་ནི། བསླབ་བཏུས་ལས། རྒྱལ་པོ་ལ་ངེས་པ་ལྔ། བློན་པོ་ལ་ངེས་པ་ལྔ། ཕལ་པ་ལ་ངེས་པ་བརྒྱད། ཐུན་མོང་དུ་སྨོན་སེམས་བཏང་བ་དང་བཅུ་དགུ་གསུངས། སྡོམ་པ་ཉི་ཤུ་པར། རྙེད་དང་བཀུར་སྟིར་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨོད་པ་དང་། སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང་། །གཞན་གྱིས་བཤགས་ཀྱང་མི་ཉན་པར། །ཁྲོ་བས་གཞན་ལ་འཚོགས་པ་དང་། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང་། །དམ་ཆོས་འདྲར་སྣང་སྟོན་པའོ། །ཞེས་རྩ་ལྟུང་བཞིར་བཤད། །ཉེས་བྱས་ཕྲ་བ་ནི། བསླབ་བཏུས་སུ་བརྒྱད་ཅུ་དང་། སྡོམ་པ་ཉི་ཤུ་པར་ཞེ་དྲུག་གསུངས་ཏེ། དེའང་བག་ཡོད། དྲན་པ། ཤེས་བཞིན་གསུམ་དང་ལྡན་པས་ལྟུང་བ་དེ་དག་གིས་མི་གོས་པ་ལ་བསླབ་པ་དང་། ཉིན་མཚན་དུས་དྲུག་ཏུ་རྒྱུན་བཤགས་བྱ་ཞིང་། སྨོན་པའི་བསླབ་བྱ་བདག་གཞན་མཉམ་པ་དང་། བདག་གཞན་བརྗེ་བ་དང་། གཞན་གཅེས་པར་འཛིན་པའི་བྱང་ཆུབ་ཀྱི་སེམས་གསུམ་སྒོམ་པ་དང་། འཇུག་པའི་བསླབ་བྱ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པར་བྱའོ། །སྤྱི་དོན་གཉིས་པ་འགག་དྲུག་བཤད་པ་ནི། གཞུང་ལས། གང་གིས་གང་ལ་གང་དུ་ཅི་ཡི་ཕྱིར། །ཚུལ་དང་དགོས་པར་བཅས་པ་རྣམ་དྲུག་སྟེ། །འདི་ནི་བྱང་ཆུབ་སེམས་དཔའི་འགག་དྲུག་ཡིན། །ཞེས་གསུངས་པ་ལྟར་གང་དུ་བཤད་པའི་གནས་ནི། རྒྱལ་པོའི་ཁབ་ཀྱི་བྱ་རྒོད་ཕུང་པོའི་རིའོ། །གང་གིས་བཤད་པའི་སྟོན་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །གང་ལ་བཤད་པའི་འཁོར་ནི། བྱང་ཆུབ་སེམས་དཔའ་དོན་གྲུབ་ལ་སོགས་པ་རྣམས་སོ། །གང་བཤད་པའི་ཐེག་པ་ནི། ཤེས་རབ་དང་སྙིང་རྗེ་ཆེན་པོས་གཞན་དོན་རླབས་པོ་ཆེ་སྤྱོད་པའི་ཐབས་བྱང་ཆུབ་སེམས་དཔའི་ཐེག་པའོ། །ཅིིའི་ཕྱིར་བསྟན་ན། འགྲོ་བ་འདུལ་བ་བྱང་སེམས་ཀྱི་མཛད་པ་ཉི་ཤུའི་དབང་བསྐུར་བས་བློ་མཆོག་ཏུ་གྱུར་པ་རྣམས་མཛད་པ་ཡོངས་སུ་རྫོགས་པའི་ཆེད་དུའོ། །དེ་ལྟར་བསྟན་པའི་དགོས་པ་ནི། བདུད་དཔུང་བཅོམ་ནས་ཆོས་ཀྱི་རྒྱལ་སྲིད་འཛིན་པའོ། །སྤྱི་དོན་གསུམ་པ་གདམས་ངག་ངང་སྒོམ་གྱི་ཁྲིད་ནི། བསམ་གཏན་གྱི་འདུག་སྟངས་ཆོས་བདུན་དང་ལྡན་པས། རང་གི་སྙིང་དཀྱིལ་དུ་ཐིག་ལེ་ཅོག་སྒོང་ཙམ་པ་འོད་ཀྱི་རྣམ་པ་ཁ་དོག་གང་དུ་ཡང་མ་ངེས་པ་ཞིག་སྒོམ། དེ་ཡང་། ཐིག་ལེ་སྟོང་པ་སྐྱེ་བ་མེད། །ཅེས་པས་ཐིག་ལེ་དེ་ལ་བརྟགས་པ་ན་ཁ་དོག་གི་རྣམ་པ་མ་འགགས་པར་ཅིར་ཡང་སྣང་ལ། ཁ་དོག་དེ་དག་ལ་བརྟགས་པས་གང་དུའང་མ་གྲུབ་པའི་ངང་ལ་རྩེ་གཅིག་ཏུ་འཇོག་གོ། །དེ་ལྟར་དཔྱད་ཅིང་བསྒོམས་པས་བློ་གནས་པ་ན། དཔེ་དེ་དང་འདྲ་བར་། དབང་བསྐུར་བྱ་སྐུར་བྱེད་བསྐུར་བ་ལ་སོགས་པའི་བྱ་བྱེད་ཀྱིས་མཚོན། ཕྱི་ནང་གི་སྣང་བའི་དངོས་པོ་འདི་དག་རྟེན་འབྲེལ་ཙམ་དུ་མ་འགགས་པར་ཤར་ཡང་། སྣང་ཙམ་ཉིད་ནས་དོན་ལ་ཅུང་ཟད་ཀྱང་གྲུབ་པ་མེད་པ་རྨི་ལམ་གྱི་སྣང་བ་ལྟ་བུ་དང་། དེ་ལྟར་ཉམས་སུ་མྱོང་མཁན་རང་སེམས་ཀྱི་ངོ་བོ་ལ་ཅེར་གྱི་བལྟས་ཤིང་བཙལ་བ་ན་དབྱིབས་ཁ་དོག་སོགས་ཅིའི་ངོ་བོར་ཡང་མ་གྲུབ་པས་འཛིན་མེད་སྟོང་པར་ཐག་བཅད་ནས། ཡུལ་དངོས་མེད་སྟོང་གཟུགས་དང་། ཡུལ་ཅན་འཛིན་སེམས་སྐད་ཅིག་ཆ་མེད་དོ། །ཞེས་མྱོང་མཁན་གྱི་གཉེན་པོ་ཁོ་རང་གི་ངོ་བོ་ལའང་ཅེ་རེ་བལྟས་པས་གཏད་མེད་དུ་སངས་ཏེ། གཟུང་འཛིན་གང་དུའང་མ་གྲུབ་པའི་སྟོང་གསལ་ནམ་མཁའ་ལྟ་བུའི་རིག་པ་སྨྲ་བསམ་བརྗོད་མེད་བློ་བྲལ་དུ་འཆར་ན། དེ་ཀའི་ངང་ལ་བསལ་བཞག་མེད་པར་གློད་པས་བདག་མེད་གཉིས་ཀྱི་དོན་རྟོགས་པར་འགྱུར་ལ། དེ་ལྟར་མཉམ་བཞག་ཏུ་བདག་མེད་གཉིས་རྟོགས་པ་དེ་རྗེས་ཐོབ་ཏུ་དྲན་ཤེས་ཀྱིས་བསྐྱང་བ་ནི། སྣང་བ་གང་ཤར་ཀྱང་མེད་པ་གསལ་སྣང་སྒྱུ་མ་ལྟ་བུར་ཐག་བཅད་ནས། དེ་ཉིད་ལྷ་རྗེས་དྲན་གྱི་སྒོར་དག་པའི་སྣང་བ་ཡུམ་ཤེར་ཕྱིན་གྱི་སྐུའི་རྣམ་པར་ཝལ་གྱིས་གསལ་བཏབ་ནས་རྒྱུན་ཆགས་སུ་བསྐྱང་བར་བྱ་བ་ཡིན་ནོ། །དེས་བྱང་སེམས་ཀྱི་ཐེག་པའི་དབང་བསྐུར་བའི་མན་ངག་དང་བཅས་པ་གྲུབ་པས་ཇི་ལྟར་གདམས་པ་རྣམས་ཚུལ་བཞིན་དུ་བསྒྲུབ་སྙམ་པས། གཙོ་བོས་ཇི་ལྟར་སོགས་ཀྱིས་ཁས་བླང་ངོ་། །གཏང་རག་གི་མཎྜལ་དང་། དེང་ནས་བརྩམས་ཏེ་སོགས་ཀྱིས་ཡོན་དབུལ་ཞིང་། དགེ་བ་བསྔོ་བ་རྣམས་སྔར་ལྟར་དང་། རྗེས་ཆོག་རྣམས་སྒྲུབ་ཐབས་ལྟར་བྱའོ། །ཟབ་དོན་མན་ངག་བདུད་རྩིའི་ཆུས། །ཤེས་རབ་དབང་པོའི་ཟ་མ་ཏོག །ཡོངས་བཀང་བརྩེ་བས་ཆོས་སྦྱིན་རྒྱུན། །དད་ལྡན་གདུང་སེལ་དཔལ་དུ་སྤེལ། །བྱང་སེམས་ཐེག་པའི་དབང་ཆོག་གི་ལེ་ཚན་ནོ།། །།
༈ ༀ་སྭ་སྟི། ཡེ་ཤེས་གཅིག་ཉིད་རིགས་གསུམ་གྱི། །རྣམ་འགྱུར་འགག་མེད་ཆུ་ཟླ་ལྟར། །སྟོན་མཛད་རྡོ་རྗེ་སློབ་དཔོན་ལ། །བཏུད་ནས་ཀྲི་ཡའི་དབང་ཆོག་བཤད། །ད་ནི་ལྔ་པ་བྱ་སྤྱོད་ཐུན་མོང་གི་ཐེག་པའི་དབང་ནི། སྟ་གོན་སྔོན་དུ་འགྲོ་བས། དངོས་གཞི་དཀྱིལ་འཁོར་བྲིས་སྒྲུབ་གཏོར་ཆོག་དང་བཅས་པ་གྲུབ་ནས། དཀྱིལ་འཁོར་དུ་འཇུག་པ་ལ་གཉིས་ལས། དང་པོ་སློབ་དཔོན་འཇུག་པ་ནི། སློབ་མ་ཇི་ལྟར་འཇུག་པའི་ཆོ་གས་བདག་ཉིད་ཞུགས་ཏེ་དབང་བླང་བའམ། ཡང་ན་སྒོ་ཕྱེ་ནས། དཀྱིལ་འཁོར་གྱི་གཙོ་བོ་དང་བླ་མ་གཉིས་སུ་མེད་པར་མོས་ལ་རིག་པའི་མེ་ཏོག་ཕུལ་བས་དཀྱིལ་འཁོར་པའི་རྡོ་རྗེ་གསུམ་དང་རང་གི་སྒོ་གསུམ་གཉིས་མེད་དུ་གྱུར་པར་བསམ་སྟེ། སློབ་དཔོན་གྱི་ལས་ལ་རྗེས་སུ་གནང་བ་ཐོབ་པར་བྱའོ། །གཉིས་པ་སློབ་མ་གཞུག་པ་ནི། ལས་བུམ་གྱི་ཆུས་ཁྲུས་བྱས། བགེགས་གཏོར་བཏང་ལ་མཚམས་བཅད། སེམས་བསྐྱེད་དང་ཆོས་ཉན་པའི་ཀུན་སྤྱོད་གསལ་འདེབས་པ་སྔོན་དུ་འགྲོ་བས། འདིར་གང་གསན་པར་བྱ་བའི་ཆོས་ནི། །ཞེས་པ་ནས། ཕྱི་དབང་རྒྱུད་ཀྱི་ཆུ་བོའི་ཡན་ལག་གི་དཀྱིལ་འཁོར་ཞེས་པའི་བར་སྔར་ལྟར་ལས་སྐབས་བབས་ཀྱི་སྤྲོ་བསྡུ་ཇི་ལྟར་རིགས་པ་བྱས་རྗེས། ལྔ་པ་ཀྲི་ཡའི་ཏནྟྲ་སྟེ་བྱ་བའི་རྒྱུད། དེ་ལའང་ཙམ་ཁྱད་གཉིས་ལས། འདིར་བྱ་བ་ཁྱད་པར་ཅན་སྤྱོད་རྒྱུད་དང་ཐུན་མོང་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་སྐབས་སུ་བབས་པ་ཡིན། དེ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་གྲུབ་པས། ད་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་ཐོག་མར་དཀྱིལ་འཁོར་དུ་འཇུག་ཅིང་དབང་ཞུ་བའི་ཡོན་དུ་མཎྜལ་འབུལ་དུ་བཅུག་ནས། ཕྱག་སྔོན་དུ་འགྲོ་བས། སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བླ་མ་དཀོན་མཆོག་རྣམ་གསུམ་པོ། །འགྲོ་བ་སེམས་ཅན་དོན་སླད་དུ། །བདག་ལ་དགོངས་ཤིང་གཟིགས་སུ་གསོལ། །བླ་མ་རྡོ་རྗེ་འཛིན་པ་དང་། །རིགས་གསུམ་གཙོ་འཁོར་དགོངས་སུ་གསོལ། །ལྷ་དང་བྱིན་རླབས་དམ་ཚིག་དང་། །དབང་རྣམས་རིམ་པར་བསྐུར་དུ་གསོལ། །ཞེས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པའི་ལན་དུ་གནང་བ་སྦྱིན་པ་ནི། རུས། དེ་བཞིན་གཤེགས་པ་ཀུན་གྱི་གནས། །རིགས་གསུམ་དཀྱིལ་འཁོར་ཆེན་པོ་འདིར། །ཁྱོད་ལ་དམ་ཚིག་དབང་བསྐུར་སྦྱིན། །གུས་པའི་སེམས་ཀྱིས་སྒྲུབ་པར་གྱིས། །ཉེས་པ་དག་གིས་མ་གོས་ན། །འབྲས་བུ་དམ་པ་ཐོབ་པར་འགྱུར་། །ཞེས་བརྗོད། དེ་ནས། ༀ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུཾ་ཕཊ། ཅེས་དང་། ༀ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་བཟླ་ཞིང་ལས་བུམ་གྱིས་ཆུས་བསང་གཏོར་བྱ། ༀ་ཙཀྵུ་བནྡྷ་ཝ་ར་མཱ་ན་ཡ་ཧཱུཾ་གིས་མིག་དར་བཅིང་། ཨཱ་ཁཾ་ཝཱི་ར་ཧཱུཾ། ཞེས་པས་མེ་ཏོག་འཛིན་དུ་བཅུག །དེ་ནས་སྡོམ་པ་བཟུང་བ་ནི། བླ་མ་དང་ཐ་མི་དད་པའི་རིགས་གསུམ་གྱི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་དུ་བཞུགས་པར་མོས་པ་དཔང་དུ་བྱས་ཏེ། ཐུན་མོང་པ་སྐྱབས་སེམས་ཀྱི་སྡོམ་པ་ནི། སྟ་གོན་གྱི་དུས་བླངས་མ་ཐག་པ་ཡིན་པས་འདིར་མ་བླངས་ཀྱང་ཆོག་ལ། བླངས་ཀྱང་ལེགས་པར་འགྱུར་རོ། །ཐུན་མོང་མ་ཡིན་པ་ནི་རིགས་གསུམ་སྤྱིའི་དམ་ཚིག་བཟུང་བའི་བསམ་པས། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ། །བླ་མེད་དཀོན་མཆོག་གསུམ་པོ་ལ། །དེང་ནས་བདག་ནི་སྐྱབས་སུ་མཆི། །བདག་གིས་སངས་རྒྱས་བསྟན་པའི་གཞུང་། །སྤྱི་དང་མི་འགལ་ལེགས་གནས་ཏེ། །ཐེག་ཆེན་གསང་སྔགས་བྱ་བའི་གཞུང་། །ཁྱད་པར་དམ་ཚིག་བདག་གིས་བླང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །ཐེག་ཆེན་གསང་བ་སྔགས་ཀྱི་ལྷ། །དོན་གཅིག་གཉིས་མེད་ཡེ་ཤེས་དོན། །ཡང་དག་ཉིད་དུ་བདག་གིས་བཟུང་། །སྐུ་ཡི་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་སྡོམ་པ་ལ་གནས་ཏེ། །སྒྲུབ་པ་དག་ཀྱང་ཅི་ནུས་བརྩམ། །པདྨའི་རིགས་མཆོག་དག་པ་ཡི། །ཕྱི་ནང་གསང་བའི་གསུང་སྒྲགས་ཏེ། །དམ་པའི་ཆོས་ཀྱང་མ་ལུས་བཟུང་། །རྡོ་རྗེ་རིགས་མཆོག་དམ་ཚིག་ནི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །བླ་མ་རྡོ་རྗེ་རིགས་བསྟེན་བྱ། །མཐའ་ཡས་སེམས་ཅན་དོན་གྱི་ཕྱིར། །གསང་སྔགས་དམ་ཚིག་བདག་གིས་བླང་། །ཡང་དག་པར་ནི་བཟུང་བར་བྱ། །བྱང་ཆུབ་སེམས་མཆོག་སྒྲུབ་པར་བགྱི། །ཞེས་ལན་གསུམ་བརྗོད་དུ་གཞུག །དེ་ནས་ཆོས་བཤད་པ་ནི། འོ་སྐོལ་གྱི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གདུལ་བྱའི་བསམ་པ་དང་འཚམས་པར་ཐེག་པའི་སྒོ་མཐའ་ཡས་པ་གསུངས་པ་ལས། ངན་སོང་ལས་ངེས་པར་འབྱུང་བ་ལྷ་མི། །འཁོར་བ་ལས་ངེས་པར་འབྱུང་བའི་བྱང་ཆུབ་ཆུང་ངུ་ཉན་ཐོས་དང་། འབྲིང་རང་རྒྱལ། མཐའ་གཉིས་ལས་ངེས་པར་འབྱུང་བའི་བྱང་ཆུབ་ཆེན་པོ་བྱང་སེམས་ཀྱི་ཐེག་པ་སྟེ། དེ་ལྟར་ངེས་འབྱུང་གི་ཐེག་པ་བཞི་ལས། འདིར་འབྲས་བུ་སྔགས་ཀྱི་ཐེག་པ་ཁྱད་པར་དུ་འཕགས་ཏེ། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས། དེའི་དོན་ནི་རྒྱུ་འབྲས་ཀྱི་ཐེག་པ་ཆེན་པོ་གཉིས་སེམས་ཅན་གྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་འདོད་པར་གཅིག་ནའང་། ཁྱད་པར་བཞིས་སྔགས་འཕགས་ཏེ། ལྷ་སྔགས་སོགས་ཐབས་ཀྱི་ཆ་ལ་མ་རྨོངས་དང་། །དེའང་དབང་པོའི་རིམ་པ་དང་མཐུན་པར་རྒྱུད་སྡེའི་སྒོ་མཐའ་ཡས་པས་ཐབས་མང་བ་དང་། དེའང་དུས་རིང་པོར་མི་ཐོགས་པས་དཀའ་བ་མེད་པ་དང་། དེ་ཉིད་སྔགས་ཀྱི་ཐེག་པ་དངོས་ཀྱི་གདུལ་བྱ་དབང་རྣོན་ལ་དགོངས་ནས་གསུངས་པའི་ཕྱིར་རོ། །དེར་མ་ཟད། བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་གང་ཞིག་སྔོན་བྱས་པ། །དཀྱིལ་འཁོར་འདི་འདྲ་མཐོང་བ་ཡིས། །དེ་དག་ཐམས་ཅད་ཟད་འགྱུར་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་རྣམས་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །ཞེས་མཚན་མའི་དཀྱིལ་འཁོར་མཐོང་བ་ཙམ་གྱིས་བསྐལ་པ་མང་པོའི་ལས་སྒྲུབ་འདག་པར་འགྱུར་ན། ལམ་བདེ་ཞིང་མྱུར་པའི་ཐེག་པ་འདིར་ཞུགས་ནས་ཉམས་སུ་བླང་དུ་ཡོད་པ་ནི་རྙེད་པའི་མཆོག་རབ་ཏུ་རྙེད་པར་གྱུར་ཏོ་སྙམ་དུ་སྤྲོ་བ་ཁྱད་པར་ཅན་བསྐྱེད་པར་མཛོད། དེ་ནས་ཀྲི་ཡའི་དམ་ཚིག་བཅུ་གསུམ་བསྒྲག་པ་ཡིན་པས་གསན་འཚལ། །དེ་རིང་ཕྱིན་ཆད་ཁྱེད་རྣམས་ཀྱིས། །སངས་རྒྱས་ཆོས་དང་དགེ་འདུན་དང་། །རིག་སྔགས་གསང་སྔགས་ཚོགས་རྣམས་ལ། །དད་པ་རབ་ཏུ་བརྟན་པར་བྱ། །རྟག་ཏུ་ཕྱག་རྒྱ་ཆེན་པོ་ལ། །ཁྱད་པར་དུ་ནི་མོས་པར་བྱ། །དམ་ཚིག་ཅན་དང་མཛའ་བོ་དང་། །བླ་མ་ལ་ཡང་གུས་པར་བྱ། །ལྷ་རྣམས་ཀུན་ལ་དད་མོས་བྱ། །དུས་འཚམས་དག་ཏུ་མཆོད་པ་བྱ། །སྟོན་པ་གཞན་གྱི་གཞུང་མི་མཆོད། །རྟག་པར་གློ་བུར་མགྲོན་མཆོད་བྱ། །སྲོག་ཆགས་རྣམས་ལ་བྱམས་པའི་སེམས། །རབ་ཏུ་བརྟན་པ་ཉེ་བར་གཞག །ཐེག་པ་ལ་ནི་དགའ་རྣམས་ཀྱིས། །བསོད་ནམས་དག་ལ་ནན་ཏན་བསྐྱེད། །བཟླས་བརྗོད་ལ་ནི་འབད་པ་ཡིས། །གསང་སྔགས་སྤྱོད་ལ་བརྩོན་པར་བྱ། །གསང་སྔགས་རྒྱུད་ལས་བསྟན་པ་ནི། །དམ་ཚིག་རྣམས་ཀྱང་བསྲུང་བར་བྱ། །དམ་ཚིག་མེད་པ་རྣམས་ལ་ནི། །སྔགས་དང་ཕྱག་རྒྱ་མི་སྦྱིན་ནོ། །གསང་སྔགས་རྒྱུད་ནི་ལེགས་བསྲུང་ཞིང་། །དེ་ཡང་བདག་གིས་རྟོགས་པར་བགྱི། །ཞེས་བསྒོ། དེ་ལྟར་དམ་ཚིག་དང་སྡོམ་པ་དེ་དག་ནན་གྱིས་བསྲུང་བར་གདམས་པའི་ཕྱིར་མནའ་ཆུ་བླུད་པ་ནི། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་བསྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཅེས་ལས་བུམ་གྱི་ཆུ་ཁར་སྦྱིན་ནོ། །དེ་ནས་དངོས་སུ་ཡོལ་བ་ཡོད་ན་བསལ་ཞིང་། སློབ་དཔོན་གྱི་ལག་གི་རྡོ་རྗེ་ལ་འཇུས་ཏེ། ཨཱ་ཁཾ་ཝཱི་ར་ཧཱུཾ་ཞེས་འཁྲིད་པ། ཛཿཧཱུཾ་བཾ་ཧོཿ ཞེས་སྒོ་བཞི་ནས་ཞུགས། །གཙོ་བོའི་མདུན་ངོས་ཀྱི་ཁྱམས་ལ་འཁོད་པས་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་བཞིན་དུ་འདིའི་རྗེས་ཟློས་དང་བཅས་ཏེ་མེ་ཏོག་དོར་མཛོད། ༀ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་ཕུལ་བ་གང་ལ་བབས་པའི་རིགས་ངོས་བཟུང་ནས་མིང་གདགས་ཤིང་། སྤྱི་ཙམ་དུ། དེ་ལྟར་གཙོ་བོས་མེ་ཏོག་བཞེས་ནས་སླར་ཡང་ཁྱོད་རང་གི་སྤྱི་བོར་བཅིངས་པའི་མོས་པ་མཛོད། ༀ་པྲ་ཏི་གྲྀཧྞ་ཏྭཾ་ཨི་མཾ་སཏྭ་མ་ཧཱ་བ་ལ། ཞེས་སྤྱི་བོར་བཀོད་ལ། དེ་བཞིན་གཤེགས་ཀུན་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛོད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བ། །རྡོ་རྗེའི་མིག་ནི་བླ་ན་མེད། །ༀ་བཛྲ་ནེ་ཏྲ་ཨ་པ་ཧ་ར་པ་ཏྲ་ལཾ་ཧྲི་ཏྲཾ། ཞེས་མིག་དར་བསལ། དེ་ལྟར་རྡོ་རྗེའི་མིག་ཐོབ་པ་དེ་ལ་མཐོང་བ་བསྟན་པ་ནི། ཧེ་བཛྲ་པཱ་ཤྱ། དེ་ཡང་འདི་ན་རིགས་གསུམ་གྱི་དཀྱིལ་འཁོར་མངོན་སུམ་དུ་བཞུགས་པ་ཡིན་ཏེ། ཡང་དག་པའི་སྨོན་ལམ་གྱི་སྟོབས་ལས་བྱུང་བའི་ཞིང་ཁམས་རྣམ་པར་དག་པའི་དབུས་སུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་རིན་པོ་ཆེ་སྣ་བདུན་ལས་གྲུབ་པ་ཡོན་ཏན་མཐའ་ཡས་པའི་རྒྱན་གྱིས་སྤྲས་པའི་གཞལ་ཡས་ཁང་གི་ལྟེ་བར་གདན་གསུམ་སྒྲིགས་ཀྱི་དབུས་མར་འཇམ་དཔལ་དབྱངས། དེའི་གཡས་ལོགས་སུ་སྤྱན་རས་གཟིགས་དང་། གཡོན་དུ་ཕྱག་ན་རྡོ་རྗེ། མཐའ་བསྐོར་གྱི་པདྨ་འདབ་མ་དྲུག་ལ་རིམ་པར་སྦྱོང་སྤེལ་སྒྱུར་ཐོབ་ཚིམ་པ་དབང་དུ་བྱེད་པའི་ལྷ་དྲུག །ལྷ་སྣམ་ལ་སྒེག་སོགས་ལྷ་མོ་བརྒྱད་དང་། །སྒོ་བཞིར་སྒོ་མ་བཞི་སོགས་དཀྱིལ་འཁོར་དུ་འདུ་བར་འོས་པའི་ལྷ་ཐམས་ཅད་བཞུགས་པ་མངོན་སུམ་བཞིན་དུ་མཐོང་བར་གྱུར་སྙམ་པའི་མོས་པ་མཛོད། དེས་འཇུག་པའི་ཆོས་གྲུབ་ནས། དངོས་གཞིའི་སླད་དུ་སློབ་དཔོན་འདི་ནི་བདག་གི་སྟོན་པའོ་སྙམ་དུ་མོས་པས་ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པ་འདིའི་རྗེས་ཟློས། དཔལ་ལྡན་སངས་རྒྱས་ཀུན་བདག་ཉིད། །བརྩེ་བས་དགོངས་ཏེ་བདག་ལ་ཡང་། །དབང་བསྐུར་བདུད་རྩི་ཆེན་པོ་ཉིད། །དེ་རིང་རབ་ཏུ་སྩལ་དུ་གསོལ། །ཞེས་ལན་གསུམ། དེ་ནས་ཁྱེད་རང་རྣམས་དཀྱིལ་འཁོར་གྱི་གཙོ་བོའི་མདུན་ཕྱོགས་སུ་དབང་སྟེགས་ཀྱི་སྟེང་དུ་འཁོད་པ་ལ། ཇི་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོར་བུམ་པའི་རྒྱ་རྟགས་ཀྱི་དབང་བསྐུར་བ་ལྟར་ཆོས་ཐམས་ཅད་ལ་དབང་ཐོབ་པར་བྱ་བའི་ཕྱིར། །སངས་རྒྱས་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་རིན་པོ་ཆེའི་བུམ་པ་དང་བདུད་རྩིའི་གང་བའི་ཆུ་རྒྱུན་གྱིས་དབང་བསྐུར་བའི་མོས་པ་མཛོད། །རྣམ་བུམ་བཏེག་སྟེ། ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཞེས་པ་ལྟ་བུའི་དཀོན་མཆོག་གསུམ་གྱི་བཀྲ་ཤིས་སྔོན་དུ་འགྲོ་བས་བུམ་པ་སྤྱི་བོར་འཇོག་ཅིང་། བཛྲ་རཏྣ་ན་རེ། ཧཱུཾ། དོན་དམ་བདེན་པའི་ཆོས་ཉིད་ལས། །མི་གཡོ་སེམས་དཔའ་མངོན་སུམ་དུ། །རིགས་བཞི་རྡོ་རྗེ་འཆང་གནས་པའི། །རིགས་གསུམ་ཀྲི་ཡའི་དབང་ཐོབ་ཤོག །ༀ་ཝཱ་གི་ཤྭ་རི་མུཾ། ༀ་མ་ཎི་པདྨེ་ཧཱུཾ། ༀ་བཛྲ་པཱ་ཎི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཞེས་བུམ་ཆུས་བཀྲུ་ཞིང་འཐུང་དུའང་གཞུག །དཀོན་མཆོག་གསུམ་དང་རིགས་གསུམ་མགོན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པའི་བྱིན་རླབས་ཀྱིས་རིགས་ཀྱི་བུ་ལ་བུམ་པ་ཆུའི་དབང་བསྐུར་བས་རིགས་གསུམ་རྡོ་རྗེ་འཛིན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཐལ་མོ་བཀན་པ་ལས་མཛུབ་རྩེ་གཉིས་ཅུང་ཟད་བཀུག་པའི་རྒྱ་སློབ་མའི་སྤྱི་བོར་བཞག་ལ། ༀ་ཏ་ཐཱ་ག་ཏོདྦྷ་བ་སྭཱ་ཧཱ་ཨ་བྷི་ཥིཉྩ་ཧཱུཾ། རིགས་ཀྱི་བུ་ལ་ཅོད་པན་གྱི་དབང་བསྐུར་བས་ཆོས་ཀྱི་རྒྱལ་པོ་ཆེན་པོ་གྱུར་ཅིག །དེ་ནས་ལྷ་དབང་བསྐུར་བ་ནི། དཀྱིལ་འཁོར་ལ་བཀོད་པའི་ལྷ་རྣམས་ལས་རང་འདྲ་བའི་ལྷ་རེ་རེ་ཆད་ནས་སོ་སོ་རང་རང་གི་སྤྱི་བོ་ནས་ཐིམ་པའི་བྱིན་རླབས་ཀྱིས་རིགས་དེ་དང་དེའི་ལས་དང་དངོས་གྲུབ་ཀྱི་སྐལ་བ་ཐམས་ཅད་རྒྱུད་ལ་ཐོབ་པའི་མོས་པ་མཛོད། ལྷ་ཙཀ་རྣམས་རིམ་པར་ཐོགས་ཏེ། དྷཱིཿ གཞོན་ནུ་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེ་རབ་རྒྱས་ཤིང་། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་དཔལ་དབྱངས་ཀྱི་དབང་བསྐུར་རོ། །ༀ་ཝཱ་གི་ཤྭ་རི་མུཾ། ཨ་བྷི་ཥིཉྩ་ཧཱུཾ། ཧྲཱིཿ སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་དམ་པ་ཀུན་བསགས་པ། །སྤྱན་རས་གཟིགས་ཞེས་མཚན་གསོལ་བ། །རྟག་པར་བརྩེ་བའི་དབང་མཆོག་བྱིན། །ༀ་མ་ཎི་པདྨེ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ། སྟོབས་པོ་ཆེ་ལ་དྲག་ཤུལ་ལྡན། །རིགས་སྔགས་རྒྱལ་པོ་དགེ་བ་ཅན། །གདུལ་དཀའ་མཐའ་དག་འདུལ་བ་པོ། །ཕྱག་ན་རྡོ་རྗེའི་དབང་བསྐུར་རོ། །ༀ་བཛྲ་པཱ་ཎི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། སྦྱངས་སྤེལ་བསྒྱུར་བས་མཆོད་སྦྱིན་གནས། །ཐོབ་ཚིམ་དབང་བྱེད་སྔགས་ཀྱི་ལྷ། །སྣང་མཛད་བདུད་རྩི་རིན་འབྱུང་ཐུབ། །དོན་གྲུབ་ཕྱག་རྡོར་དབང་བསྐུར་རོ། །ཨ་ཁཾ་ཛ་ཏྲཾ་ཧ་ཛ་ཨ་བྷི་ཥིཉྩ་ཧཱུཾ། གཟུགས་མཛེས་ཕྲེང་བ་དབྱངས་སྙན་གར། །ཉེར་སྤྱོད་བཞི་དང་ཕྱག་རྒྱ་བཞིས། །རྒྱལ་བ་ཐམས་ཅད་མཉེས་མཛད་མ། །ལྷ་མོ་བཅུ་གཉིས་དབང་བསྐུར་རོ། །ཧཱུཾ་ཏྲཱཾ་ཧྲཱིཿཨཱཿ དྷཱུ་པུ་ཨ་གན། ཛཿཧཱུཾ་བཾ་ཧོཿ ཨ་བྷི་ཥིཉྩ་ཧཱུཾ། དེ་དག་གིས་རྩ་བའི་ལྷའི་དབང་སོང་ནས། ད་མགྲོན་ཐབས་ཀྱི་ལྷ་རྣམས་ཀྱི་དབང་ནི། ༀ། རིགས་བདག་སྐུ་མཆོག་རྣམ་སྣང་མཛད། །ཉེས་པའི་སྐྱོན་བྲལ་སྐུ་མདོག་དཀར། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །དེ་ཡི་དབང་མཆོག་ཐོབ་པར་ཤོག །འཇམ་དཔལ་དབྱངས་ནི་སྐུ་ཡི་རིགས། །སྐུ་མདོག་སེར་ལ་འོད་ཟེར་འབར། །ཕྱག་ན་རལ་གྲི་ཨུཏྤལ་བསྣམས། །རིགས་ཀྱི་ཡུམ་མཆོག་སངས་རྒྱས་སྤྱན། །དཀར་མོ་ཕྱག་ན་སྤྱན་འབྲས་བསྣམས། །ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད། །རིགས་ཀྱི་ཕོ་ཉ་རྡོ་རྗེ་རྣོ། །ལྷ་མོ་དཔལ་དང་མཛོད་སྤྲུལ་མ། །ལྷ་ཆེན་ཚངས་པ་ལ་སོགས་པ། །སྐུ་ཡི་རིགས་ཀྱི་དབང་ཐོབ་ཤོག །ༀ་བཻ་རོ་ཙ་ན་ༀ། ཨ་བྷི་ཥིཉྩ་ཧཱུཾ། ཨཱཿ རིགས་བདག་གསུང་མཆོག་སྣང་མཐའ་ཡས། །ཐུགས་རྗེ་ཆགས་པས་སྐུ་མདོག་དམར། །ཏིང་འཛིན་མཆོག་གི་ཕྱག་རྒྱ་ཅན། །དེ་ཡི་དབང་མཆོག་ཐོབ་པར་ཤོག །སྤྱན་རས་གཟིགས་དབང་གསུང་གི་རིགས། །དམར་པོ་ཕྱག་ན་པདྨ་བསྣམས། །ཡུམ་ཆེན་གོས་དཀར་སྐུ་མདོག་དམར། །ཕྱག་ན་འདམ་སྐྱེས་དཀར་པོ་བསྣམས། །ཁྲོ་རྒྱལ་རྟ་མགྲིན་རྟ་སྐད་སྒྲོག །རིགས་ཀྱི་ཕོ་ཉ་རྡོ་རྗེ་ཕུར། །གྲགས་ལྡན་མ་དང་ལུ་གུ་རྒྱུད། །མ་ཧཱ་དེ་བ་ལ་སོགས་པ། །གསུང་གི་རིགས་ཀྱི་དབང་ཐོབ་ཤོག །ༀ་ཨཱ་མི་ཏཱ་བྷ་ཨཱཿ ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ། རིགས་བདག་ཐུགས་མཆོག་རྡོ་རྗེ་སེམས། །ཆོས་ཉིད་མི་འགྱུར་སྐུ་མདོག་སྔོ། །ས་གནོན་མཆོག་གི་ཕྱག་རྒྱ་ཅན། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ཕྱག་ན་རྡོ་རྗེ་ཐུགས་ཀྱི་རིགས། །སྔོན་པོ་ཕྱག་ན་རྡོ་རྗེ་བསྣམས། །ཡུམ་ཆེན་བཟང་མོ་སྐུ་མདོག་སྔོ། །ཕྱག་ན་རྡོ་རྗེ་རྩེ་གསུམ་ཅན། །ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ། །ཕོ་ཉ་རྡོ་རྗེ་ཁྲོ་བོ་སྟེ། །སྟོབས་ཆེན་མ་དང་རྣམ་རྒྱལ་མ། །ལྷ་ཆེན་ཁྱབ་འཇུག་ལ་སོགས་པ། །ཐུགས་ཀྱི་རིགས་ཀྱི་དབང་ཐོབ་ཤོག །ༀ་ཨཀྵོ་བྷྱ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། དཔལ་བར་འགྲོ་བ་རལ་གྲི་སྟེ། །ཀུན་ཏུ་བཟང་པོ་རིན་ཆེན་བསྣམས། །ཟླ་འོད་ཟླ་བའི་དཀྱིལ་འཁོར་འཛིན། །བཟང་སྐྱོང་བུམ་པ་ཅན་དང་བཞི། །ཤར་གྱི་ཕྱོགས་བཞུགས་སྐུ་མདོག་དཀར། །ལྷོ་ཕྱོགས་སེམས་དཔའ་བཞི་པོ་སྔོ། །དྲྭ་བ་ཅན་ནི་འོད་ཟེར་འགྱེད། །ནམ་མཁའ་མཛོད་ནི་རིན་ཆེན་སྒྲོམ། །ནམ་སྙིང་རྡོ་རྗེ་རྩེ་གསུམ་སྟེ། །འོད་དཔག་མེད་ནི་རིན་ཆེན་འབར། །ནུབ་ཕྱོགས་སེམས་དཔའ་བྱི་རུའི་མདོག །མྱ་ངན་མེད་འཇོམས་རལ་གྲི་འཕྱར། །ཡེ་ཤེས་ཏོག་ནི་རིན་ཆེན་ཏོག །སྤོབས་པ་བརྩེགས་ནི་རིན་ཆེན་འབར། །བློ་གྲོོས་མི་ཟད་གླེགས་བམ་ཅན། །བྱང་གི་སེམས་དཔའ་ལྗང་ཁུ་སྟེ། །བྱམས་པ་ཀླུ་ཤིང་སྤྱི་བླུགས་ཅན། །སྤོས་ཀྱི་གླང་པོ་དུང་དཀར་འབུད། །ངན་སོང་ཀུན་འདྲེན་ལྕགས་ཀྱུ་འདེབས། །དོན་ཀུན་གྲུབ་བྱེད་རྒྱ་གྲམ་འཛིན། །བསྐལ་བཟང་སེམས་དཔའ་བཅུ་དྲུག་གི། །དབང་མཆོག་དམ་པ་ཐོབ་པར་ཤོག །ༀ་བོ་དྷི་སཏྭ་ཨ་བྷི་ཥིཉྩ་ཧཱུཾ། ཤར་དུ་དུས་ལྡན་པདྨ་ཅན། །དཀར་མོ་དཔལ་བེའུ་འཁོར་ལོ་བསྣམས། །ལྷོ་རུ་འཇིགས་བྲལ་འོད་ལྡན་མ། །སྔོན་པོ་པདྨ་རྒྱལ་མཚན་འཛིན། །ནུབ་ཏུ་མདངས་ཅན་དྲི་མེད་མ། །དམར་མོ་གདུགས་དང་བུམ་པ་འཛིན། །བྱང་དུ་རྒྱལ་བཟུང་ཡིད་བཟང་མ། །ལྗང་ཁུ་དུང་དང་གསེར་ཉ་འཛིན། །ཕྱོགས་བཞི་དུས་བཞིར་བཀྲ་ཤིས་པའི། །ལྷ་མོ་བརྒྱད་ཀྱི་དབང་ཐོབ་ཤོག །ཏྲཾ་མཾ་ག་ལ་དེ་ཝཱི་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བསྐུར་རོ། །དེ་ནས་མཚན་མ་རྟགས་ཀྱི་དབང་དུ་གྲགས་པ་ཕྱག་རྡོར་དབང་བསྐུར་གྱི་རྒྱུད་ལས་བཀོལ་བ་ཀྲི་ཡའི་རྫས་དབང་ཉི་ཤུ་རྩ་དྲུག་བསྐུར་བས་སྔོན་སྟོན་པས་ཕྱག་ན་རྡོ་རྗེ་སོགས་ལ་ཇི་ལྟར་དབང་བསྐུར་བ་དང་རྗེས་སུ་མཐུན་པའི་ཡོན་ཏན་ཁྱད་པར་ཅན་རྒྱུད་ལ་ཐོབ་པར་གྱུར་སྙམ་པའི་མོས་པ་མཛོད། དེ་ལ་རྫས་དབང་ཉེར་དྲུག་ལས། དང་པོ་རི་རབ་ཐོགས་ཏེ། སྔོན་བཅོམ་ལྡན་འདས་རི་རབ་ཀྱི་ཟོམ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་སུ་དཔལ་ཕྱག་ན་རྡོ་རྗེ་ལ་རིན་པོ་ཆེ་སྣ་ལྔའི་རི་རབ་ཀྱི་དབང་བསྐུར་བས་མཐུ་སྟོབས་ཕུན་སུམ་ཚོགས་པ་དང་ལྡན་ཏེ་མི་འགྱུར་བའི་སྐུ་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་རིན་པོ་ཆེ་སྣ་ལྔའི་རི་རབ་ཀྱི་དབང་བསྐུར་བས་མཐུ་སྟོབས་ཕུན་སུམ་ཚོགས་པ་དང་ལྡན་ཏེ་མི་འགྱུར་བའི་སྐུ་ཐོབ་པར་གྱུར་ཅིག །གཟི་བརྗིད་ལྷུན་སྡུག་རི་རབ་མཆོག་གི་སྐུ། །ཆེ་བའི་ཡོན་ཏན་རྒྱས་པའི་བང་རིམ་མཆོག །ཐམས་ཅད་གནས་པའི་རི་བོ་ཆེན་པོ་ལ། །མཐུ་སྟོབས་མི་འགྱུར་སྐུ་རྣམས་རྫོགས་པར་ཤོག །སྐྱེ་ཤི་འགྲོ་དྲུག་ཁམས་གསུམ་ཡོངས་ཀྱི་སྲོག །ཁ་དོག་མཛེས་ལྡན་རིན་ཆེན་སྣ་ཚོགས་གཞི། །ཕྱོགས་བཞི་དབུས་དང་རིགས་ཀྱི་སྐུར་བསྟན་པ། །འདི་ནི་རིན་ཆེན་སྣ་ལྔའི་རི་རབ་ཀྱི། །དབང་གི་བཀྲ་ཤིས་ལེའུ་དང་པོའོ། །གཉིས་པ་མཆོད་རྟེན། སྔོན་བཅོམ་ལྡན་འདས་མཛད་པ་བཅུ་གཉིས་མཐར་ཕྱིན་པའི་དུས་སུ་ཨུ་དུམྦ་རའི་མེ་ཏོག་དང་སྦྱར་ནས་དཔལ་ཕྱག་ན་རྡོ་རྗེ་ལ་རང་བཞིན་གྱི་མཆོད་རྟེན་དང་སྤྲུལ་པའི་མཆོད་རྟེན་ལ་སོགས་པས་དབང་བསྐུར་བས་རྣམ་པར་མི་རྟོག་པ་ཆོས་ཀྱི་སྐུ་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་མཆོད་རྟེན་ཆེན་པོའི་དབང་བསྐུར་བས་ཆོས་ཀྱི་སྐུ་ཐོབ་པའི་དབང་དང་ལྡན་པར་གྱུར་ཅིག །དྲན་པ་ཉེ་བར་བཞག་པའི་བང་རིམ་ལ། །སྐྱེ་འགག་མེད་པའི་བུམ་པ་ཟླུམ་པོས་བརྒྱན། །ཆོས་ཀྱི་འཁོར་ལོ་མ་འདྲེས་ཏོག་ལ་སོགས། །རྣམ་པར་མི་རྟོག་ཆོས་སྐུ་ཐོབ་པར་ཤོག །ལྟ་བའི་ས་དང་མངོན་པར་བྱང་ཆུབ་མཚུངས་པ་མི་མངའ་ཡང་། །ཆོས་ཀྱི་འཁོར་ལོ་བསྐོར་དང་ཆོ་འཕྲུལ་ཆེན་པོ་སྟོན་ལ་སོགས། །ལྷ་ཡུལ་ནས་གཤེགས་པ་དང་སྟོན་པ་ཞི་བའི་དབྱིངས་སུ་བཞུགས། །སྟོབས་བཅུའི་བྱིན་མངའ་མཆོད་རྟེན་དབང་གི་བཀྲ་ཤིས་གཉིས་པའོ། །གསུམ་པ་དཔག་བསམ་གྱི་ཤིང་། སྔོན་བཅོམ་ལྡན་འདས་གྱད་ཡུལ་གྱི་ཉེ་འཁོར་ན་བཞུགས་པའི་དུས་སུ་དཔལ་ཕྱག་ན་རྡོ་རྗེ་ལ་དཔག་བསམ་ཤིང་གི་དབང་བསྐུར་བས་དགོངས་པའི་དོན་ཐམས་ཅད་ཡིད་བཞིན་དུ་གྲུབ་པར་གྱུར་ཏོ། །དེ་བཞིན་དུ་དཔག་བསམ་ཤིང་གི་དབང་བསྐུར་བས་དགོས་འདོད་ཐམས་ཅད་ཡིད་བཞིན་དུ་གྲུབ་པར་གྱུར་ཅིག །གང་ལ་ཅི་འདོད་དཔག་བསམ་ཤིང་ལྟ་བུ། །ཡོན་ཏན་ཡིད་བཞིན་ཟད་མེད་གཏེར་དང་ལྡན། །བརྟན་པའི་རྒྱུ་དང་འབྲས་བུའི་ཚུལ་ཡིན་ཏེ། །དགོངས་པའི་དོན་རྣམས་ཡིད་བཞིན་འགྲུབ་པར་ཤོག །ལྷ་ཡི་རེ་སྐོངས་དཔག་བསམ་ལྗོན་ཤིང་ལྟར། །འཕགས་པའི་ཡོན་ཏན་བརྗོད་ཀྱིས་མི་ལང་སྟེ། །རེ་བ་ཡིད་བཞིན་ཕུན་སུམ་ཚོགས་པའི་རྫས། །འདོད་དགུའི་འབྱུང་གནས་རིན་ཆེན་དཔག་བསམ་ཤིང་། །དབང་གི་བཀྲ་ཤིས་ལེའུ་གསུམ་པའོ། །བཞི་པ་རྒྱ་མཚོ། སྔོན་བཅོམ་ལྡན་འདས་རྒྱ་མཚོ་ཆེན་པོའི་གླིང་དུ་གཤེགས་པའི་དུས་སུ་དཔལ་ཕྱག་ན་རྡོ་རྗེ་ལ་རྒྱ་མཚོ་ཆེན་པོས་དབང་བསྐུར་བས། སྐྱེ་བ་མེད་པའི་ཆོས་ཟབ་ཅིང་རྒྱ་ཆེ་བ་རྒྱུད་ལ་རྟོགས་པར་གྱུར་ཏོ། །དེ་བཞིན་དུ་རྒྱ་མཚོ་ཆེན་པོའི་དབང་བསྐུར་བས་སྐྱེ་བ་མེད་པའི་ཆོས་ཟབ་ཅིང་རྒྱ་ཆེ་བའི་དོན་རྟོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །གཏིང་དཔག་ཟབ་ཅིང་རྒྱ་ཆེ་ཡངས་པ་ཡི། །ཀུན་ཏུ་སྙོམས་པའི་ཡོན་ཏན་ཆེན་པོ་སྟེ། །སྐྱེ་འགག་མེད་པའི་རྒྱ་མཚོ་ཆེན་པོ་ལ། །ཟབ་ཅིང་རྒྱ་ཆེའི་ཆོས་དོན་རྟོགས་པར་ཤོག །ཆོས་ཉིད་རྒྱ་མཚོ་ལྟ་བུར་ཐུགས་ཆུད་པས། །ཟབ་ཅིང་གཏིང་དཔག་དཀའ་བའི་རྒྱ་མཚོ་ལ། །ཡིད་བཞིན་ནོར་བུ་ཁ་དོག་མཛེས་པའི་ཚུལ། །རྒྱ་མཚོ་དབང་གི་བཀྲ་ཤིས་བཞི་པའོ། །ལྔ་པ་ས་གཞི། སྔོན་བཅོམ་ལྡན་འདས་རྡོ་རྗེ་གདན་དྲུང་ན་བཞུགས་པའི་ཚེ་དཔལ་ཕྱག་ན་རྡོ་རྗེ་ལ་ས་གཞི་ཆེན་པོ་གནས་ཀྱི་དབང་བསྐུར་བས་བཀྲ་ཤིས་ལ་བྱིན་ཆགས་པའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་ས་གཞི་གནས་ཀྱི་དབང་བསྐུར་བས་གནས་བཀྲ་ཤིས་ཤིང་བྱིན་ཆགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །རབ་ཏུ་དབེན་པའི་གནས་མཆོག་དམ་པ་སྟེ། །མེ་ཏོག་དྲི་བསུང་མང་པོ་སྐྱེ་བ་དང་། །ཡོན་ཏན་མ་ལུས་ཚང་བར་ཀུན་རྫོགས་ཏེ། །དབེན་པའི་བཀྲ་ཤིས་འབྱོར་བའི་གནས་སུ་ཤོག །མེ་ཏོག་མཛེས་ལྡན་ཡིད་འོང་བརྒྱན་པའི་གནས། །བཀྲ་ཤིས་སྒྲ་སྙན་བྱ་སྐད་སྣ་ཚོགས་སྒྲོག །ཡོན་ཏན་ཀུན་ལྡན་སྟོན་པས་བྱིན་བརླབས་པའི། །གནས་གཞི་དབང་གི་བཀྲ་ཤིས་ལྔ་པའོ། །དྲུག་པ་བུམ་པ། སྔོན་བཅོམ་ལྡན་འདས་ཝཱ་རཱ་ཎ་སཱི་ན་བཞུགས་པའི་ཚེ་དཔལ་ཕྱག་ན་རྡོ་རྗེ་ལ་བདུད་རྩིའི་ཆུས་དབང་བསྐུར་བས་སྐྱེ་ཤི་མི་མངའ་བའི་དབང་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་བདུད་རྩི་བུམ་པའི་ཆུས་དབང་བསྐུར་བས་སྐྱེ་ཤི་མེད་པ་རྡོ་རྗེ་སྐུའི་དབང་དམ་པ་ཐོབ་པར་གྱུར་ཅིག །བདུད་རྩིའི་ཆུ་རྒྱུན་འགྲོ་བའི་གསོས་ཀྱི་མཆོག །ཉོན་མོངས་སྡུག་བསྔལ་ནད་རྣམས་མ་ལུས་སེལ། །མ་རིག་དག་བྱེད་བདུད་རྩིའི་ཆུ་མཆོག་སྟེ། །སྐྱེ་ཤི་མེད་པ་དག་པའི་སྐུ་ཐོབ་ཤོག །བུམ་པའི་ཁ་རྒྱན་དཔག་བསམ་ཤིང་། །དབང་བསྐུར་བུམ་ཆུ་སྤྱི་བླུགས་པས། །བདུད་རྩི་དམ་པ་འདིར་སྩོལ་ཅིག །འདི་ནི་བདུད་རྩིའི་ཆུ་རྒྱུན་གྱི། །དབང་གི་བཀྲ་ཤིས་དྲུག་པའོ། །ཞེས་བུམ་ཆུ་སྤྱི་བོར་གཏིགས་ཤིང་འཐུང་དུའང་གཞུག །བདུན་པ་དར་གྱི་ཟར་ཚགས། སྔོན་བཅོམ་ལྡན་འདས་རི་རབ་ཀྱི་ཟོམ་ལ་བཞུགས་པའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཆོས་ཞུ་བའི་ཕྱིར་དར་བུ་ཁད་ཀྱི་ཟ་ར་ཚགས་ཕུལ་བས་ཆོས་སྒྲ་ཆེན་པོ་སྒྲོག་པའི་བྱིན་དང་ལྡན་པར་གྱུར་ཏོ། །དེ་བཞིན་དུ་དར་གྱི་ཟར་ཚགས་ཀྱི་དབང་བསྐུར་བས་ཆོས་ཀྱི་སྒྲ་ཆེན་པོ་སྒྲོག་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཆོས་ཀྱི་རྒྱལ་སྲིད་ཆེ་ལ་མངའ་བརྙེས་ཤིང་། །མ་རིག་མུན་པ་མ་ལུས་བསལ་བ་དང་། །བརྒྱ་བྱིན་ཤེས་པ་མ་ལུས་འགྲོལ་བའི་ཕྱིར། །ཆོས་རྣམས་ཐམས་ཅད་གོ་ཞིང་སྒྲོག་པར་ཤོག །འཇམ་མཉེན་རེག་བདེ་དར་གྱི་ཟ་ར་ཚགས། །རིགས་ཀྱི་ཁ་དོག་སྣ་བདུན་ཤིན་ཏུ་མཛེས། །ཡིད་འོང་ལེགས་པར་བརྒྱན་པའི་བཀྲ་ཤིས་རྫས། །ལྷབ་ལྷུབ་དབང་གི་བཀྲ་ཤིས་བདུན་པའོ། །བརྒྱད་པ་ཁྲི། སྔོན་བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་གྱི་གནས་སུ་བརྒྱ་བྱིན་ལ་ཆོས་འཁོར་བསྐོར་བའི་ཚེ་རིན་པོ་ཆེའི་ཁྲི་རྐང་ཕུལ་བ་ལ་བཞུགས་པས་ཆོས་ཤེས་པའི་རྒྱུད་ལ་གོ་ཞིང་བསྒྲགས་པར་གྱུར་ཏོ། །དེ་བཞིན་དུ་རིན་པོ་ཆེའི་ཁྲི་རྐང་གི་དབང་བསྐུར་བས་མ་ནོར་བར་གོ་ཞིང་སྒྲོག་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །རིན་ཆེན་གསེར་གྱི་ཁྲི་སྟེང་དུ། །ཆོས་སྒྲ་ཆེན་པོ་བསྒྲགས་པ་ཡིས། །འགྲོ་བ་རྣམས་ཀྱི་མི་ཤེས་དགྲོལ། །ཆོས་རྣམས་གོ་ཞིང་སྒྲོགས་པར་ཤོག །ཚད་མེད་བཞི་ལྡན་འདེགས་བྱེད་གསེར་གྱི་ཁྲི། །ཡོན་ཏན་ཚོགས་རྫོགས་རཏྣ་སྣ་ཚོགས་སྤྲས། །འགྲོ་བའི་ཡིད་བཞིན་ཟད་མེད་དགོས་འདོད་སྐོང་། །ཁྲི་མཆོག་དབང་གི་བཀྲ་ཤིས་བརྒྱད་པའོ། །དགུ་པ་མེ་ཏོག །སྔོན་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ་བརྒྱ་བྱིན་གྱིས་མེ་ཏོག་གི་ཆུན་པོ་བྲེས་པས་སེམས་ཅན་འཁོར་བ་ལས་བསླུ་ཞིང་བྲིད་པའི་མཆོག་ཏུ་གྱུར་ཏོ། །དེ་བཞིན་དུ་མེ་ཏོག་གི་ཆུན་པོས་དབང་བསྐུར་བས་འཁོར་བ་ལས་ཡིད་འབྱུང་བ་མཛེས་པའི་རྒྱན་མཆོག་དམ་པའི་དབང་ཐོབ་པར་གྱུར་ཅིག །སྡུག་བསྔལ་མཛེས་པའི་མེ་ཏོག་དམ་པ་འདི། ཁ་དོག་མ་འདྲེས་སོ་སོར་གསལ་བའི་མཆོག །སེམས་ཅན་ཀུན་གྱིས་ལྟ་བར་འོས་པའི་གནས། །མཛེས་པའི་རྒྱན་མཆོག་དམ་པ་ཐོབ་པ་ཤོག །མེ་ཏོག་ཆུ་སྐྱེས་ཐང་སྐྱེས་དམ་པ་དང་། །ཤིང་དང་ནགས་སྐྱེས་འབྲུ་མཆོག་དམ་པ་འདི། །རིན་ཆེན་ཕྲེང་ལྟར་མཁའ་ལ་ཆར་འབེབས་པའི། །མེ་ཏོག་དབང་གི་བཀྲ་ཤིས་དགུ་པའོ། །བཅུ་པ་རྔ་ཡབ། སྔོན་བཅོམ་ལྡན་འདས་རི་རབ་ཀྱི་རྩེ་ཁང་པ་བརྩེགས་པར་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ་སུམ་ཅུ་རྩ་གསུམ་གྱི་ལྷའི་བུ་ཉི་འོད་དམ་པས་རྔ་ཡབ་ཀྱིས་གཡབས་པས་དགྱེས་པ་ཆེན་པོའི་གཟི་མདངས་དང་ལྡན་པར་གྱུར་ཏོ། །དེ་བཞིན་དུ་རྔ་ཡབ་ཀྱི་དབང་བསྐུར་བས་དགྱེས་པ་ཆེན་པོའི་གཟི་མདངས་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །སྙན་པའི་སྒྲ་རྣམས་མྱུར་དུ་སྒྲོགས་པ་དང་། །ཉོན་མོངས་རྡུལ་གྱི་དྲི་མ་མ་ལུས་སེལ། །ཐམས་ཅད་མྱུར་དུ་གོ་བའི་བློ་ཐོབ་ནས། །བཀྲ་ཤིས་གཟི་མདངས་མཆོག་དང་ལྡན་པར་ཤོག །རྒྱལ་བའི་སྐུ་ལ་ཉེས་པས་མ་གོས་ཀྱང་། །དག་ཅིང་བསང་བར་བྱ་བའི་རྔ་ཡབ་འདིས། །སྐུ་ཡི་དྲི་མ་ལྗན་ལྗིན་དག་པར་བྱེད། །རྔ་ཡབ་དབང་གི་བཀྲ་ཤིས་བཅུ་པའོ། །བཅུ་གཅིག་པ་རྡུལ་ཡབ ། སྔོན་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་པའི་ཚེ་སུམ་ཅུ་རྩ་གསུམ་གྱི་ལྷའི་བུ་ཀུན་ནས་འོད་ཟེར་འབྱུང་བས་རྡུལ་ཡབ་ཀྱིས་རྡུལ་གཡབས་པས་ཆོས་ཉིད་ལ་སྐྱོན་གྱིས་མ་གོས་པའི་དོན་རྟོགས་པར་གྱུར་ཏོ། །དེ་བཞིན་དུ་ལྷའི་རྡུལ་ཡབ་ཀྱི་དབང་བསྐུར་བས་ཆོས་ཉིད་ཟབ་མོའི་དོན་ལ་འཇུག་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཉོན་མོངས་རྡུལ་རྣམས་མ་ལུས་འཕྱི་བ་དང་། །དུས་གསུམ་བདེ་གཤེགས་ཐམས་ཅད་བཞུགས་པའི་གནས། །བག་ཆགས་སྐྱོན་གྱི་དྲི་མ་བསལ་བའི་ཕྱིར། །ཆོས་ཉིད་ཟབ་མོའི་དོན་ལ་འཇུག་པར་ཤོག །རྒྱལ་བའི་སྐུ་ལ་དྲི་མ་མི་མངའ་ཡང་། །ལོག་རྟོག་རྡུལ་གྱི་བག་ཆགས་བསལ་བའི་ཕྱིར། །བཀྲ་ཤིས་གཙང་མའི་རྫས་ཀྱིས་སྐུ་འཕྱི་བ། །རྡུལ་ཡབ་དབང་གི་བཀྲ་ཤིས་བཅུ་གཅིག་པའོ། །བཅུ་གཉིས་པ་སྦྲང་ཡབ། སྔོན་བཅོམ་ལྡན་འདས་ནགས་ཚལ་དགོན་པ་ན་བཞུགས་པའི་ཚེ་སུམ་ཅུ་རྩ་གསུམ་གྱི་ལྷའི་བུ་ཞིག་གིས་སྦྲང་ཡབ་ཀྱིས་གཡབས་པས་སེམས་ཅན་དུ་འཛིན་པའི་སྐྱོན་ལས་གྲོལ་བར་གྱུར་ཏོ། །དེ་བཞིན་དུ་ལྷའི་སྦྲང་ཡབ་ཀྱི་དབང་བསྐུར་བས་འཛིན་ཆགས་ཀྱི་སྐྱོན་ལས་གྲོལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཉོན་མོངས་སེམས་ཅན་མ་རིག་བསལ་བ་དང་། །འབྲས་བུ་ཐར་པའི་གོ་འཕང་ཐོབ་པ་དང་། །བདེ་བར་གཤེགས་པའི་དྲུང་དུ་འཁོར་བའི་ཕྱིར། །འཛིན་ཆགས་སྐྱོན་གྱི་དྲི་མ་དག་པར་ཤོག །དྲང་སྲོང་ཆེན་པོ་བསམ་གཏན་གནས་པ་ལ། །སྲོག་ཆགས་གདུག་པའི་གཟུགས་བརྙན་བསལ་བ་དང་། །རྔ་ཡབ་རྒྱལ་བའི་རིང་བསྲེལ་བསྐོར་བའི་ཕྱིར། །སྦྲང་ཡབ་དབང་གི་བཀྲ་ཤིས་བཅུ་གཉིས་པའོ། །བཅུ་གསུམ་པ་བླ་རེ། སྔོན་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་པའི་ཚེ་འཁོར་རྣམས་བཞིས་བླ་རེ་བྲེས་པས་ཉོན་མོངས་པའི་གདུང་བ་ཞི་བར་གྱུར་ཏོ། །དེ་བཞིན་དུ་བླ་རེའི་དབང་བསྐུར་བས་ཉོན་མོངས་པའི་རྡུལ་གྱི་དྲི་མས་མི་གོས་པར་གྱུར་ཅིག །ཆོས་ཀྱི་འཁོར་ལོ་བསྐོར་ཕྱིར་བླ་རེ་བྲེས། །མི་ཡི་སེང་གེ་བདེ་གཤེགས་བཞུགས་པའི་གནས། །དབང་ཕྱུག་དམ་པའི་མངའ་བདག་ཆེན་པོ་སྟེ། །ཉོན་མོངས་རྡུལ་གྱི་དྲི་མ་མེད་པར་ཤོག །དཔག་བསམ་ལྗོན་ཤིང་མེ་ཏོག་ལོ་འདབ་རྒྱས། །ཉི་ཟླ་གཟའ་སྐར་མང་པོའི་སྤྲིན་གསེབ་ནས། །བཀྲ་ཤིས་བྱ་སྐད་མང་པོ་འཕུར་ཞིང་ལྡིང་། །དར་ཟབ་དབང་གི་བཀྲ་ཤིས་བཅུ་གསུམ་པའོ། །བཅུ་བཞི་པ་རྒྱལ་མཚན། སྔོན་བཅོམ་ལྡན་འདས་བྱ་རྒོད་ཕུང་པོའི་རི་བོར་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ་འཁོར་རྣམས་བཞིས་རྒྱལ་མཚན་ཆེན་པོ་བཙུགས་པས་ཆེ་བའི་ཡོན་ཏན་མི་ནུབ་པར་གྱུར་ཏོ། །དེ་བཞིན་དུ་རྒྱལ་མཚན་གྱི་དབང་བསྐུར་བས་ཆེ་བའི་ཡོན་ཏན་ནུབ་པ་མེད་པའི་དབང་ཐོབ་པར་གྱུར་ཅིག །ལྷུན་གྲུབ་སྐུ་བརྙེས་རྫོགས་པའི་རྒྱལ་མཚན་ཏེ། །ནུབ་པའི་དུས་མེད་ཟད་པ་མེད་པ་ཡི། །ཡོན་ཏན་མཆོག་གྱུར་ཀུན་ལས་ཁྱད་པར་འཕགས། །ཆེ་བའི་ཡོན་ཏན་ནུབ་པ་མེད་པར་ཤོག །དཔལ་བརྗིད་མཛེས་པས་འཇིག་རྟེན་ཡོངས་ཀྱི་རྒྱན། །བདུད་དང་མུ་སྟེགས་མཐུ་དཔུང་འཇོམས་པར་བྱེད། །རྒྱལ་བའི་སྐུ་དང་དབྱེར་མེད་ཚུལ་གཅིག་པའི། །རྒྱལ་མཚན་དབང་གི་བཀྲ་ཤིས་བཅུ་བཞི་པའོ། །བཅོ་ལྔ་པ་གདུགས། སྔོན་བཅོམ་ལྡན་འདས་སྐྱེད་མོས་ཚལ་དུ་གཤེགས་པའི་ཚེ་འཁོར་རྣམས་ཀྱིས་ཚ་བའི་གདུང་སྐྱོབ་གདུགས་ཀྱིས་བཀབ་པས་ཚ་བའི་གདུང་བ་ཞི་བར་གྱུར་ཏོ། །དེ་བཞིན་དུ་གདུགས་ཀྱི་དབང་བསྐུར་བས་ཉོན་མོངས་པའི་གདུང་བ་ཐམས་ཅད་ཞི་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །གདུགས་ཀྱིས་ཚ་བའི་གདུང་བ་ཀུན་སེལ་ཞིང་། །གྲང་ཞིང་བསིལ་བའི་གདུགས་མཆོག་དམ་པ་སྟེ། །འགྲོ་བའི་ཉོན་མོངས་ཚ་གདུང་ཞི་བའི་གསོས། །རིམས་ནད་ཚ་བའི་སྡུག་བསྔལ་སེལ་བར་ཤོག །ཇི་ལྟར་ཉི་མའི་འོད་ཀྱིས་གདུངས་པ་ན། །གདུགས་ཀྱིས་ཚ་བའི་གདུང་བ་སྐྱོབ་པ་ལྟར། །འཁོར་བའི་ཉེས་པ་སྡུག་བསྔལ་སྐྱོབ་པའི་ཕྱིར། །གདུགས་མཆོག་དབང་གི་བཀྲ་ཤིས་བཅོ་ལྔ་པའོ། །བཅུ་དྲུག་པ་དར་གྱི་ལྡ་ལྡི། སྔོན་བཅོམ་ལྡན་འདས་ཡངས་པ་ཅན་གྱི་གྲོང་ཁྱེར་སྤྲེའུ་རྫིང་གི་འགྲམ་ཁང་བུ་བརྩེགས་པ་ན་བཞུགས་པའི་ཚེ་བྲམ་ཟེ་ཁམ་པ་གསོས་སྔོན་གྱི་ཉེས་པས་བརྡས་ནས་ཉ་པ་རྣམས་ཀྱིས་ཟིན་པའི་ཚེ། ཉ་པ་རྣམས་འགྱོད་པ་རྗེས་སུ་དྲན་ནས་ཉ་རྒྱ་ཆེ་ཆུང་ཕུལ་བས་ཉ་པ་ལྔ་བརྒྱ་སངས་རྒྱས་པར་གྱུར་ཏོ། །དེ་བཞིན་དུ་ཉ་རྒྱའི་རྟགས་དར་གྱི་ལྡ་ལྡིས་དབང་བསྐུར་བས་ངན་སོང་དུ་སྐྱེ་ངེས་ཡིན་ཀྱང་དེ་ལས་ཐར་ཏེ་འཚང་རྒྱ་བའི་དབང་ཐོབ་པ་གྱུར་ཅིག །དར་གྱི་ལྡ་ལྡི་ཉོན་མོངས་ཀུན་སྤངས་ཏེ། །ལེགས་པའི་ཡོན་ཏན་མ་ལུས་ཡོངས་རྫོགས་ནས། །མ་རིག་འཁྲུལ་པའི་ཤེས་པ་བློ་དག་ཅིང་། །ཉོན་མོངས་འཁོར་བའི་གནས་ལས་ཐར་པར་ཤོག །འཁོར་བའི་ཉེས་པ་དག་བྱའི་ཕྱིར། །སྡུག་བསྔལ་རྒྱ་མོ་བཀྲ་ཤིས་རྫས། །བག་ཆགས་ཀུན་དག་ལྡ་ལྡི་ཡི། །དབང་གི་བཀྲ་ཤིས་བཅུ་དྲུག་པའོ། །བཅུ་བདུན་པ་སྐུ་རགས། སྔོན་བཅོམ་ལྡན་འདས་སྐྱེད་མོས་ཚལ་དུ་གཤེགས་པའི་ཚེ་ཁྱིམ་བདག་ལྷའི་བུ་མོ་བཟང་ལྡན་མས་ཨ་པར་སེའི་སྐུ་རགས་གསོལ་བས་སྐུ་བརྟན་པའི་མཆོག་དང་ལྡན་པར་གྱུར་ཏོ། །དེ་བཞིན་དུ་སྐུ་རགས་ཀྱི་དབང་བསྐུར་བས་ལུས་བརྟན་པའི་མཆོག་དང་ལྡན་པར་གྱུར་ཅིག །དྲི་མེད་དག་པའི་སྐུ་རགས་གཙང་མའི་མཆོག །ཁྱིམ་བདག་དད་པས་ཕུལ་བའི་སྐུ་ཆིངས་འདི། །སྐུ་ལ་དཀྲིས་ཤིང་རབ་ཏུ་བསྡམས་པས་ཀྱང་། །མི་འགྱུར་བརྟན་པའི་སྐུ་མཆོག་ཐོབ་པར་ཤོག །ཐར་པ་མཆོག་གིས་ལེགས་པར་གང་གསུངས་པ། །མི་དམིགས་དག་པའི་ཡེ་ཤེས་ཆེན་པོ་ཡིས། །ཉོན་མོངས་དྲི་མེད་བདེ་བའི་སྐུ་རྟེན་པ། །སྐུ་རགས་དབང་གི་བཀྲ་ཤིས་བཅུ་བདུན་པའོ། །བཅོ་བརྒྱད་པ་སྤོས་ལྔ། སྔོན་བཅོམ་ལྡན་འདས་རི་བོ་གངས་ཅན་ན་བཞུགས་པའི་ཚེ་གནོད་སྦྱིན་རྣམས་ཀྱིས་སྤོས་རྣམས་པ་ལྔ་ཕུལ་བ་ནི་ཙནྡན། ག་བུར། གུརྒུཾ། ཨ་ཀ་རུ། དུ་རུ་ཀ་སྟེ། དེ་རྣམས་ཕུལ་བས་དབང་པོ་ཚིམ་ཞིང་བཀྲ་ཤིས་པར་གྱུར་ཏོ། །དེ་བཞིན་དུ་སྤོས་རྣམ་པ་ལྔའི་དབང་བསྐུར་བས་དབང་པོ་ཚིམ་ཞིང་བཀྲ་ཤིས་པར་གྱུར་ཅིག །དབང་པོ་ཚིམ་བྱེད་བདུག་པའི་སྤོས་མཆོག་འདིས། །དུས་གསུམ་བདེ་བར་གཤེགས་པ་མཆོད་པ་དང་། །འགྲོ་བ་མ་ལུས་དབང་པོ་ཀུན་ཚིམ་ཞིང་། །དྲི་ཞིམ་འཕགས་པའི་སྐུ་དང་ལྡན་པར་ཤོག །དྲི་ཞིམ་ངད་ལྡང་ཡོན་ཏན་ཕུན་སུམ་ཚོགས། །མཁའ་ལ་མཆོད་པའི་སྤྲིན་ཕུང་གཏིབས་བྱེད་ཅིང་། །ཡོངས་སུ་ཁྱབ་པའི་བདུག་སྤོས་དམ་པ་འདིས། །ཚིམ་བྱེད་དབང་གི་བཀྲ་ཤིས་བཅོ་བརྒྱད་པའོ། །བཅུ་དགུ་པ་སྙིང་པོ་ལྔ། སྔོན་བཅོམ་ལྡན་འདས་ནགས་ཚལ་ཆེན་པོ་ན་བཞུགས་པའི་ཚེ་ཀླུའི་རྒྱལ་པོ་རྣམས་ཀྱིས་ཚྭ། མར། སྦྲང་རྩི། ཀ་ར། ཏིལ་ཏེ་སྙིང་པོ་ལྔ་ཕུལ་བས་ཚེའི་སྙིང་པོ་མི་ཟད་པའི་མཛོད་དུ་བཀྲ་ཤིས་པར་གྱུར་ཏོ། །དེ་བཞིན་དུ་སྙིང་པོ་རྣམ་པ་ལྔས་དབང་བསྐུར་བས་ཚེ་མི་ཟད་པའི་མཛོད་དུ་བཀྲ་ཤིས་པར་གྱུར་ཅིག །སྙིང་པོ་ལྔ་ནི་གསོས་ཀྱི་མཆོག །མི་ཟད་པ་ཡི་དབྱིག་ཐོབ་སྟེ། །ལེགས་པའི་ཡོན་ཏན་མཐར་ཕྱིན་ནས། །ཚེ་དང་ལོངས་སྤྱོད་འཕེལ་བར་ཤོག །ཚྭ་ཡིས་རོ་སྒྱུར་མར་གྱི་མདངས་དང་ལྡན། །སྦྲང་རྩིས་སྟོབས་རྒྱས་ཀ་རས་ནད་རྣམས་ཞི། །ཏིལ་གྱིས་སྡིག་ཞི་དགེ་ཚོགས་རྣམ་པར་འཕེལ། །སྙིང་པོ་དབང་གི་བཀྲ་ཤིས་བཅུ་དགུ་པའོ། །ཉི་ཤུ་པོ་རིན་ཆེན་ལྔ། སྔོན་བཅོམ་ལྡན་འདས་རི་བོ་གྲུ་འཛིན་ན་བཞུགས་པའི་ཚེ་གནོད་སྦྱིན་གཏེར་འཆང་རྣམས་ཀྱིས་གསེར་དངུལ་ཟངས་ལྕགས་མུ་མེན་ཏེ་རིན་པོ་ཆེ་རྣམ་པ་ལྔ་ཕུལ་བས་ཟད་མི་ཤེས་པའི་དཀོར་མཛོད་དང་ལྡན་པར་གྱུར་ཏོ། །དེ་བཞིན་དུ་རིན་པོ་ཆེ་རྣམ་པ་ལྔས་དབང་བསྐུར་བས་ལོངས་སྤྱོད་ཟད་མི་ཤེས་པའི་དཀོར་མཛོད་དང་ལྡན་པར་གྱུར་ཅིག །རིན་ཆེན་གསེར་དངུལ་ཟངས་ལྕགས་སོགས། །མི་ཟད་ནོར་གྱི་མཆོག་འདི་ཡིས། །འཕགས་པའི་ནོར་བདུན་དང་ལྡན་ཏེ། །འགྲོ་བའི་དབུལ་བ་སེལ་བར་ཤོག །དགོས་པའི་ནོར་འབྱུང་རིན་ཆེན་སྣ་ཚོགས་མཆོག །ཟད་མི་ཤེས་པ་རེ་བ་སྐོང་བའི་གཏེར། །བཀྲེས་ཤིང་དབུལ་འཕོངས་སྡུག་བསྔལ་སེལ་བྱེད་པ། །དགོས་འབྱུང་དབང་གི་བཀྲ་ཤིས་ཉི་ཤུ་པའོ། །ཉེར་གཅིག་པ་འབྲུ་ལྔ། སྔོན་བཅོམ་ལྡན་འདས་ཡུལ་ཨངྒ་མ་ག་དྷ་ན་བཞུགས་པའི་ཚེ་རྒྱལ་པོ་གསལ་རྒྱལ་གྱིས། ནས། གྲོ། འབྲས་ཏིལ། མོན་སྲན་དྲེའུ་སྟེ་འབྲུ་ལྔ་ཕུལ་བས་མུ་གེ་མེད་ཅིང་བཀྲ་ཤིས་པར་གྱུར་ཏོ། །དེ་བཞིན་དུ་འབྲུ་རྣམ་པ་ལྔའི་དབང་བསྐུར་བས་མུ་གེའི་བསྐལ་པ་ལས་ཐར་ཏེ་བཀྲ་ཤིས་པར་གྱུར་ཅིག །རིན་ཆེན་འབྲུ་མཆོག་འགྲོ་བ་ཀུན་གྱི་གསོས། །མུ་གེའི་སྡུག་བསྔལ་ཀུན་ལས་ཐར་བྱེད་ཅིང་། །སྦྱིན་པས་ལོངས་སྤྱོད་རྟག་ཏུ་འཕེལ་བའི་ཕྱིར། །ཟས་གོས་མི་ཟད་གཏེར་དང་ལྡན་པར་ཤོག །ལོངས་སྤྱོད་ཚོགས་ལྡན་འབྱོར་བ་ཀུན་ཚང་བ། །གང་ལ་ཅི་འདོད་ཡིད་བཞིན་འབྱུང་བའི་གཏེར། །ཕུན་སུམ་ཚོགས་པ་དགེ་བའི་སྟོབས་བསྐྱེད་པ། །ལོངས་སྤྱོད་དབང་གི་བཀྲ་ཤིས་ཉེར་གཅིག་པའོ། །ཉེར་གཉིས་པ་སྨན་སྟག་ཚེར། སྔོན་བཅོམ་ལྡན་འདས་ཙནྡན་གྱི་ནགས་སུ་གཤེགས་པའི་ཚེ་གཅན་གཟན་གྱི་རྒྱལ་པོ་སྟག་གིས་སྨན་བྱཱ་གྲི་ཕུལ་བས་བཀྲ་ཤིས་པར་གྱུར་ཏོ། །དེ་བཞིན་དུ་སྨན་སྟག་ཚེར་གྱི་དབང་བསྐུར་བས་བཀྲ་ཤིས་པར་གྱུར་ཅིག །བཅོམ་ལྡན་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །བྱོལ་སོང་གཏི་མུག་གིས་ཀྱང་གོ་མཛད་པས། །བྱཱ་གྲི་སྨན་མཆོག་གཅན་གཟན་སྟག་གིས་ཕུལ། །སྨན་གྱིས་ནད་རྣམས་མ་ལུས་ཞི་བར་ཤོག །སེམས་ཅན་གདུག་པ་མ་ལུས་འདུལ་མཛད་པའི། །ཐབས་ཀྱི་ཆོ་འཕྲུལ་ཀུན་ལ་ཅིར་ཡང་སྟོན། །ཐུགས་རྗེ་ཆེན་པོས་གནས་ནས་འདྲེན་མཛད་པའི། །ཆོ་འཕྲུལ་དབང་གི་བཀྲ་ཤིས་ཉེར་གཉིས་པའོ། །ཉེར་གསུམ་པ་སེང་ཚེར། སྔོན་བཅོམ་ལྡན་འདས་སེང་ལྡེང་གི་ནགས་སུ་གཤེགས་པའི་ཚེ་གཅན་གཟན་གྱི་རྒྱལ་པོ་སེང་གེས་སེང་གྲི་ཕུལ་བས་སྨན་གྱི་མཆོག་ཏུ་བཀྲ་ཤིས་པར་གྱུར་ཏོ། །དེ་བཞིན་དུ་སྨན་སེང་ཚེར་གྱི་དབང་བསྐུར་བས་སྨན་མཆོག་དམ་པའི་ཡོན་ཏན་གྱིས་བཀྲ་ཤིས་པར་གྱུར་ཅིག །སེང་གྲི་སྨན་མཆོག་གཅན་གཟན་སེང་གེས་ཕུལ། །བཅོམ་ལྡན་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །བྱོལ་སོང་གཏི་མུག་གིས་ཀྱང་གོ་མཛད་པའི། །སྨན་མཆོག་དམ་པས་ནད་ལས་ཐར་པར་ཤོག །གཟི་བརྗིད་འགྲོ་མཁས་འགྱིང་བའི་རྫུ་འཕྲུལ་ཅན། །གླལ་ཞིང་འགྱིང་བ་དུད་འགྲོའི་རྒྱལ་པོ་སྟེ། །སྒྲ་སྐད་སྒྲོག་པས་སྡེར་ཆགས་ཟིལ་གྱིས་གནོན། །འདུལ་བྱེད་དབང་གི་བཀྲ་ཤིས་ཉེར་གསུམ་པའོ། །ཉེར་བཞི་པ་ཤུ་དག །སྔོན་བཅོམ་ལྡན་འདས་རི་བཏང་བཟུང་ཆེན་པོར་བཞུགས་པའི་ཚེ་ཀླུའི་རྒྱལ་པོ་འཇོག་པོས་བྲྀ་ཧ་ཏི་ཕུལ་བས་སྨན་གྱི་མཆོག་ཏུ་བཀྲ་ཤིས་པར་གྱུར་ཏོ། །དེ་བཞིན་དུ་ཤུ་དག་དཀར་པོའི་དབང་བསྐུར་བས་སྨན་མཆོག་དམ་པས་བཀྲ་ཤིས་པར་གྱུར་ཅིག །ཤུ་དག་སྨན་མཆོག་ཀླུ་ཡིས་ཕུལ་བ་སྟེ། །བཅོམ་ལྡན་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཀླུ་རིགས་གཏི་མུག་གིས་ཀྱང་གོ་མཛད་པའི། །སྨན་གྱིས་ནད་རྣམས་རབ་ཏུ་སེལ་བར་ཤོག །རིག་པའི་ཆ་ལྡན་བྱང་ཆུབ་སེམས་དཔའ་ཡི། །འགྲོ་བའི་རེ་སྐོང་གཙུག་ན་རིན་ཆེན་མཆོག །ཐབས་ཀྱིས་དོན་མཛད་མཐུ་དཔུང་ཆེ་བའི་ཀླུ། །ནད་སེལ་དབང་གི་བཀྲ་ཤིས་ཉེར་བཞི་པའོ། །ཉེར་ལྔ་པ་དབང་ལག །སྔོན་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་གྱིས་སྨན་ཧ་ས་དེ་བ་ཕུལ་བས་སྨན་མཆོག་གི་སྙིང་པོར་བཀྲ་ཤིས་པར་གྱུར་ཏོ། །དེ་བཞིན་དུ་དབང་པོ་ལག་པའི་དབང་བསྐུར་བས་སྨན་མཆོག་དམ་པའི་དོན་གྱིས་བཀྲ་ཤིས་པ་གྱུར་ཅིག །དབང་པོ་ལག་པ་བརྒྱ་བྱིན་དབང་པོས་ཕུལ། །བཅོམ་ལྡན་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །བརྒྱ་བྱིན་ལྷ་ཡི་སེམས་ཀྱང་གོ་མཛད་པའི། །སྨན་མཆོག་ནད་ཀུན་རབ་ཏུ་ཞི་བར་ཤོག །སུམ་ཅུ་རྩ་གསུམ་ལྷ་ཡི་གནས་མཆོག་ནས། །ལོངས་སྤྱོད་ལྡན་པ་ལྷ་དབང་བརྒྱ་བྱིན་མཆོག །སུམ་ཅུ་རྩ་གསུམ་ལྷ་གནས་རྣམ་རྒྱལ་བའི། །ལོངས་སྤྱོད་དབང་གི་བཀྲ་ཤིས་ཉེར་ལྔ་པའོ། །ཉེར་དྲུག་པ་ཀནྡྷ་ཀ་རི། སྔོན་བཅོམ་ལྡན་འདས་ནགས་ཚལ་ཆེན་པོའི་ཚལ་དུ་གཤེགས་པའི་ཚེ་ཤིང་གི་ལྷ་མོ་འོད་འཆད་མས་ཀནྡྷ་ཀ་རི་ཕུལ་བས་སྨན་མཆོག་སྙིང་པོར་བཀྲ་ཤིས་པར་གྱུར་ཏོ། །དེ་བཞིན་དུ་ཀནྡྷ་ཀ་རིའི་དབང་བསྐུར་བས་སྙིང་པོ་དོན་གྱི་དབང་དུ་བཀྲ་ཤིས་པར་གྱུར་ཅིག །བཅོམ་ལྡན་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཤིང་གི་ལྷ་མོའི་སེམས་ཀྱང་གོ་མཛད་པས། །ཀནྡྷ་ཀ་རི་ཤིང་གི་ལྷ་མོས་ཕུལ། །སྨན་མཆོག་དེ་ཡིས་ནད་ཀུན་ཞི་བར་ཤོག །ནགས་ཚལ་ཆེན་པོའི་ལྗོན་ཤིང་ལས། །བདེ་ཞིང་དགོས་པའི་རེ་སྐོང་བ། །ལྷ་མོའི་དང་བས་རབ་ཕུལ་བའི། །དབང་མཆོག་བཀྲ་ཤིས་ཉེར་དྲུག་པའོ། །ཞེས་བསྐུར་ཞིང་། གླན་རྡོར་འོད་ཀྱི་ཕྱག་ལེན་ལྟར་འགོས་ཀྱི་ལས་ཐོར་འདིས་སྔགས་ཀྱི་རྗེས་གནང་ཀྱང་སྟེར་བར་གསུངས་པས། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀར་ཟླ་དཀྱིལ་གྱི་སྟེང་དུ་སྔགས་ཕྲེང་འོད་ཟེར་འབར་བ་བཀོད་པ་ལ་རྩེ་གཅིག་ཏུ་དམིགས་ཏེ་འདིའི་རྗེས་ཟློས། ༀ་ཝཱ་གི་ཤྭ་རི་མུཾ། ༀ་མ་ཎི་པདྨེ་ཧཱུཾ། ༀ་བཛྲ་པཱ་ཎི་ཧཱུཾ་རྣམས་ལན་གསུམ། བུས་ལྷ་ལ་མེ་ཏོག་འཐོར་བཞིན་དུ། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་ལན་གསུམ། །སློབ་དཔོན་གྱིས། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །ཞེས་སློབ་མའི་སྤྱི་བོར་མེ་ཏོག་གཏོར་རོ། །དེ་ལྟར་ཀྲི་ཡ་དང་ཨུ་པ་ཡའི་ཐེག་པ་གཉིས་ཀྱི་དབང་ཐུན་མོང་དུ་བསྐུར་བས། མདོ་རང་ལུགས་ཀྱི་སྦྱོར་ལམ་གསུམ་པ་སྤྱོད་པ་རྒྱུན་གྱི་རྣལ་འབྱོར་བསོད་ནམས་རྟེན་གྱི་ས་དང་། མཐོང་ལམ་དབུགས་ཆེན་འབྱིན་པའི་རྣལ་འབྱོར་བརྟེན་པས་ཁྱད་པར་འགྲོ་བའི་ས་གཉིས་པོ་ཅི་རིགས་ནོན་པ་དང་རིགས་འདྲའི་ཡོན་ཏན་གསོས་ཐེབས། མངོན་དུ་རྒྱུ་ཕྲ་མོ་དང་ཀུན་འགྲོའི་སྒྲིབ་པ་གཉིས་པོ་ཅི་རིགས་དག །རང་སའི་ལམ་གོང་མ་གོང་མ་ལ་སྦྱོར་བའི་འཇུག་པ་དང་དགའ་བ་བྱང་ཆུབ་ཀྱི་སེམས་གང་རུང་སྐྱེ། གནས་སྐབས་སུ་བྱ་སྤྱོད་ཀྱི་སྔགས་དང་རྒྱུད་རྣམས་སྤྱོད་པ་ལ་དབང་ཞིང་། མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་རྒྱལ་ཚབ་རིགས་གསུམ་རྡོ་རྗེ་འཛིན་པའི་རྟོགས་རིགས་དང་འདྲ་བའི་ཡོན་ཏན་ཁྱད་པར་ཅན་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །རྗེས་ཀྱི་བྱ་བ་ལ་སྤྱི་དོན་གསུམ་སྟེ། ལམ་ཁྱེར་བཞི་བསྟན་པ། འགག་དྲུག་བཤད་པ། གདམས་ངག་ངང་སྒོམ་གྱི་ཁྲིད་གདབ་པའོ། །སྤྱི་དོན་དང་པོ་ལམ་ཁྱེར་ལ་བཞི་ལས། དང་པོ་ཐེག་པ་ལམ་ཁྱེར་ནི། ཀྲི་ཡ་ཁྱད་པར་ཅན་སྤྱོད་རྒྱུད་དང་ཐུན་མོང་བཞིི་ཐེག་པ་སྟེ། དེ་ལ་དྲུག་ལས། འཇུག་སྒོ་ནི། ཁྲུས་དང་གཙང་སྦྲའི་སྤྱོད་པ་དང་དག་པ་གསུམ་གྱི་སྒོ་ནས་འཇུག་གོ། །ལྟ་བ་ནི། དོན་དམ་མཐའ་བཞི་དང་བྲལ་བའི་དག་པ་སྟོང་གསལ་གྱི་ཡེ་ཤེས་ཆེན་པོར་རྟོགས་པས། དེའི་ཡོན་ཏན་ཀུན་རྫོབ་རིགས་གསུམ་ལྷའི་དཀྱིལ་འཁོར་དུ་དག་པར་འདོད་དེ། ལམ་རིམ་ལས། གཉིས་མེད་མཉམ་པ་མ་ཤེས་པས། །དོན་དམ་དག་པ་ཆོས་ཉིད་ཙམ། །ཡེ་ཤེས་བཞི་ཡོན་ཀུན་རྫོབ་ལྷ། །ཞེས་སོ། །ཚུལ་ཁྲིམས་ནི། གསང་བ་སྤྱི་རྒྱུད་དུ་སྤྱིའི་དམ་ཚིག་གསུམ་དང་། བྱེ་བྲག་གི་དམ་ཚིག་བཅུ་གསུམ་དུ་བཤད་པ་སོགས་སོ། །སྒོམ་པ་ནི། བྱ་རྒྱུད་ཙམ་པོ་རྣམས་སུ་བདག་ཉིད་ལྷར་སྒོམ་པ་མི་འབྱུང་ཡང་། འདིར་བྱ་རྒྱུད་ཁྱད་པར་ཅན་སྤྱོད་རྒྱུད་དང་ཐུན་མོང་བའི་སྒྲུབ་ཚུལ་ལ། སྟོང་པ་ཡི་གེ་སྒྲ་གཟུགས་དང་། །ཕྱག་རྒྱ་མཚན་མ་དྲུག་ཡིན་ཏེ། །ཞེས་པ་ལྟར་ལྷ་དྲུག་གི་སྒོ་ནས་དམ་ཚིག་པ་བསྐྱེད་པ་བྲན་ནམ་འབངས་ལྟ་བུའི་མདུན་དུ། ལྷ་ཡེ་ཤེས་པ་སྤྱན་དྲངས་པ་རྗེ་དཔོན་རྒྱལ་པོ་ལྟ་བུར་བལྟས་ཏེ་མཆོད་ལ། དམ་ཚིག་གི་ཕྱག་རྒྱས་བཏབ་ནས། བཟླས་བརྗོད་ལ་སོགས་པ་བྱེད་པའམ། བློ་ཆེན་སྤྱོད་རྒྱུད་ཁྱད་པར་ཅན་ཡོ་ག་ཙམ་པོ་དང་ཐུན་མོང་གི་སྒྲུབ་ཚུལ་དམ་ཚིག་པ་དང་མདུན་གྱི་ཡེ་ཤེས་པ་གཉིས་གྲོགས་པོའི་ཚུལ་དུ་མཆོག་དམན་མེད་པར་ལྟ་བ་གང་རིགས་ཀྱི་སྒོ་ནས་དངོས་གྲུབ་སྒྲུབ་པའོ། །སྤྱོད་པ་ནི། བྱ་བ་དྲུག་སྟེ། འཇུག་པའི་དུས་དང་། ཟས་དང་། གོས་དང་། གཙང་སྦྲ་དང་། དམིགས་རྟེན་དང་། བཟླས་བརྗོད་སྔགས་ཀྱི་བྱ་བ་རྣམས་སོ། །འབྲས་བུ་ནི། རིགས་གསུམ་རྡོ་རྗེ་འཛིན་པའི་ས་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་ཅན་གྱི་གོ་འཕང་མི་ཚེ་བདུན་དང་རིང་ནའང་བསྐལ་པ་གསུམ་མམ་བརྒྱད་ནས་ཐོབ་པར་འདོད་མོད་འདིར་ཡང་གསང་སྔགས་བླ་མེད་ལས་ནི། བྱ་སྤྱོད་ཀྱི་ཐེག་པའི་རང་ལམ་གྱིས་ས་བཅུ་པའི་བྱང་སེམས་ལ་སངས་རྒྱས་སུ་བརྗོད་པ་ལས། མཐར་ཐུག་གི་རྫོགས་པའི་སངས་རྒྱས་ཐོབ་པར་མི་བཞེད་དོ། །ཡང་ཨུ་པ་ཡའི་ཐེག་པའི་ཁྱད་པར་ནི། ལྟ་རིམ་ལས། གཉིས་ཀ་རྒྱུད་ཀྱི་འདོད་པ་ནི། །ལྟ་སྤྱོད་གོང་འོག་རྗེས་སུ་མཐུན། །ཞེས་ཀྲི་ཡོག་གཉིས་ཀ་བརྟེན་པའི་ཐེག་པ་ཡིན་པར་མ་ཟད། འདིར་ཤིང་རྟ་ཆེན་པོ་སློབ་དཔོན་བདེ་བ་གསལ་མཛད་དང་། སློབ་དཔོན་སངས་རྒྱས་གསང་བའི་བཞེད་པས་ཕྱི་རྒྱུད་ལ་ཀྲི་ཡོག་གཉིས་སུ་འགྱེད་པའི་ལུགས་ཡིན་པས་ལོགས་སུ་འཆད་མི་དགོས་སོ། །གཉིས་པ་ལྷ་ལམ་ཁྱེར་ནི། ཆོས་ཅན་སྣང་བ་ཀུན་རྫོབ་ཀྱི་བདེན་ངོར་ལྷ་དྲུག་གི་སྒོ་ནས་རིགས་གསུམ་མགོན་པོའི་སྐུར་སྒོམས་ལ། ཡེ་ཤེས་པ་སྤྱན་དྲངས་ནས་རྗེ་ཁོལ་ལམ་གྲོགས་པོ་ལྟ་བུའི་ཚུལ་གྱིས་སྒྲུབ་ཅིང་། ལྷ་སྒོམ་པ་དེའང་མི་དམིགས་པ་མཐའ་བཞི་དང་བྲལ་བའི་སྟོང་གསལ་གྱི་ངང་ལ་འཇོག་པ་ནི་དོན་དམ་བདེན་པའི་ཉམས་ལེན་ཏེ། བདེན་གཉིས་སྔ་ཕྱི་རེས་འཇོག་ཏུ་ཉམས་སུ་ལེན་པའོ། །གསུམ་པ་སྙིང་པོ་ལམ་ཁྱེར་ནི། བདག་མདུན་གྱི་ལྷ་གཉིས་ཀའི་ཐུགས་ཀར་ཟླ་དཀྱིལ་གྱི་སྟེང་དུ་སྔགས་ཕྲེང་བཀོད་པ་སྒྲ་གདངས་སྒྲོག་པ་ལ་རྩེ་གཅིག་ཏུ་དམིགས་ཏེ། ༀ་ཝཱ་གི་ཤྭ་རི་མུཾ། ༀ་མ་ཎི་པདྨེ་ཧཱུཾ། ༀ་བཛྲ་པཱ་ཎི་ཧཱུཾ། ཞེས་བཟླས་པས་ཐུགས་རྒྱུད་བསྐུལ་བའོ། །བཞི་པ་དབང་ལམ་ཁྱེར་ནི། ཀྲི་ཡའི་དབང་ཉི་ཤུ་རྩ་དྲུག་སྟེ། དེ་དང་རྗེས་སུ་འབྲེལ་པའི་ཀྲི་ཡའི་དམ་ཚིག་བཅུ་གསུམ་སོགས་བསླབ་བྱ་རྣམས་ལ་ཚུལ་བཞིན་དུ་བསླབ་པ་ཡིན་ནོ། །སྤྱི་དོན་གཉིས་པ་འགག་དྲུག་བཤད་པ་ལ། གང་དུ་བསྐུར་བའི་གནས་ནི་སྔོན་བྱུང་ཝཱ་རཱ་ཎ་སཱི་དང་། རྗེས་འཇུག་མེ་ཏོག་འཇའ་ཚོན་གྱི་ཚལ་དུའོ། །གང་གིས་བསྐུར་བའི་སྟོན་པ་ནི། སྔོན་བྱུང་བཅོམ་ལྡན་འདས་དང་རྗེས་འཇུག་ཏུ་སློབ་དཔོན་ཤཱནྟིས་སོ། །གང་ལ་བསྐུར་བའི་ཡུལ་ནི། སྔོན་བྱུང་དུ་ཕྱག་ན་རྡོ་རྗེ་དང་། རྗེས་འཇུག་ཏུ་རྡོ་རྗེ་ཟླ་འབར་རྩལ་ལའོ། །གང་བསྐུར་བའི་དབང་ནི། རི་རབ་དང་མཆོད་རྟེན་སོགས་ཀྲི་ཡའི་དབང་ཉི་ཤུ་རྩ་དྲུག་གོ། །ཅིའི་ཕྱིར་བསྐུར་ན། སྔོན་བྱུང་དུ་ཕྱག་རྡོར་ལ་བཅོམ་ལྡན་འདས་ཀྱི་ཐུགས་རྗེས་བཟུང་བ་དང་། རྗེས་འཇུག་ཏུ་སྣོད་བཅུད་འཛོམ་པའི་དུས་སུ་བསྟན་ཏེ། དམ་ཚིག་དང་ལྡན་པ་རྗེས་སུ་བཟུང་བའི་ཆེད་དུའོ། །དེ་ལྟར་བསྐུར་བའི་དགོས་པ་ནི། རི་རབ་ཀྱི་དབང་བསྐུར་བས་མཐུ་སྟོབས་ཁྱད་པར་ཅན་དུ་འགྱུར་བ་སོགས་དབང་སོ་སོའི་ཡོན་ཏན་རྣམས་ཐོབ་པར་དགོས་པ་ཡོད་དོ། །སྤྱི་དོན་གསུམ་པ་གདམས་ངག་ངང་སྒོམ་གྱི་ཁྲིད་ནི། འདིར་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལྟར། ཀུན་རྫོབ་སྣང་ཚོད་དུ་བདེན་པར་མི་འཇོག་པར་བཏགས་ཡོད་ཙམ་དུ་སྣང་བ་དེ་ལྷར་བསྒྱུར་ནས་ཉམས་སུ་ལེན་པ་སྟེ། བློ་ཆུང་ན་རང་རྣམ་སྨིན་གྱི་ལུས་འདི་དྭངས་གསལ་སྒྲིབ་ཐོགས་མེད་པ་འཇའ་ཚོན་ལྟ་བུའི་ལུས་སུ་བསམ་པའམ། བློ་ཆེན་དེ་ཉིད་འཇམ་དཔལ་དབྱིངས་ལྟ་བུའི་ལྷའི་སྐུར་བསྒོམ་མོ། །དམིགས་པའི་གཞི་དེ་གཉིས་གང་རིགས་གསལ་ཐེབས་པ་དང་། དེའི་སྤྱི་བོར་ཡས་ནས་མར་ཐིག་ལེ་དཀར་དམར་མཐིང་གསུམ་བརྩེགས་མར་བསམ་པ་ལ་མཉམ་པར་བཞག །དེ་བརྟན་པ་དང་། ཐིག་ལེ་དཀར་པོ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་སྡིག་སྒྲིབ་སྦྱངས། དེ་བཞིན་གཤེགས་པ་རྣམས་ལ་སྐུ་མཉེས་པའི་མཆོད་པ་ཕུལ། འོད་དེ་ཚུར་འདུས་ནས་རང་གི་སྤྱི་བོར་ཐིམ་པས། སྤྱི་བོར་འཇམ་དབྱངས་གསེར་བཙོ་མའི་མདངས་ཅན་རལ་གྲི་དང་ཨུཏྤལ་གླེགས་བམ་གྱིས་མཚན་པ་འཛིན་པ་ཞིག་སྒོམ། ཡང་ཐིག་ལེ་དམར་པོ་ལས་འོད་འཕྲོས། སེམས་ཅན་གྱི་ངག་སྒྲིབ་སྦྱངས། འཕགས་པའི་གསུང་མཆོད། ཚུར་འདུས་པས་རང་གི་མགྲིན་པར་སྤྱན་རས་གཟིགས་དཀར་པོ་ཕྱག་བཞིའི་དང་པོ་གཉིས་ཐལ་སྦྱར། འོག་གཉིས་ཤེལ་འཕྲེང་དང་པད་དཀར་འཛིན་པ་ཞིག་སྒོམ། ཡང་ཐིག་ལེ་མཐིང་ག་ལས་འོད་འཕྲོོས། སེམས་ཅན་གྱི་ཡིད་སྒྲིབ་སྦྱངས། འཕགས་པ་རྣམས་ཀྱི་ཐུགས་མཆོད། ཚུར་འདུས་པས་རང་གི་སྙིང་གར་ཕྱག་རྡོར་སྔོན་པོ་རྡོ་རྗེ་དང་སྡིགས་མཛུབ་ཅན་ཁྲོས་པའི་ཉམས་དང་ལྡན་པ་ཞིག་སྒོམ། དེ་ལྟར་ལུས་ངག་ཡིད་གསུམ་ལ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱིས་རྒྱས་བཏབ་ནས་མཉམ་པར་འཇོག་པ་ནི་མཚན་བཅས་སོ། །མཚན་མེད་ནི། ལྷའི་སྣང་བ་དེ་ཡང་མི་དམིགས་པར་སྦྱངས་ནས། སེམས་ཉིད་དག་པ་སྟོང་གསལ་གྱི་ཡེ་ཤེས་མཐའ་བཞི་དང་བྲལ་བའི་ངང་ལ་བསལ་བཞག་མེད་པར་བསྐྱང་བར་བྱ་སྟེ། ལ་ཤན་ལས། སྣང་སྟོང་རིམ་གྱིས་བརྟན་པར་བྱེད། །ཅེས་པ་ལྟར་བདེན་གཉིས་རེས་འཇོག་ཏུ་ཉམས་སུ་ལེན་པ་ཡིན་ནོ། །དེས་བྱ་སྤྱོད་ཐུན་མོང་གི་དཀྱིལ་འཁོར་དུ་དབང་བསྐུར་བས་མན་ངག་དང་བཅས་པ་གྲུབ་པས་ཇི་ལྟར་གདམས་པ་རྣམས་ཚུལ་བཞིན་དུ་བསྒྲུབ་པར་བྱའོ་སྙམ་པས། གཙོ་བོས་ཇི་ལྟར་སོགས་ཀྱིས་ཁས་བླང་། གཏང་རག་གི་མཎྜལ་དང་། དེང་ནས་བརྩམས་ཏེ་སོགས་ཀྱིས་ཡོན་དབུལ་ཞིང་། དགེ་བ་བསྔོ་བ་རྣམས་སྔར་ལྟར་དང་། རྗེས་ཆོག་རྣམས་སྒྲུབ་ཐབས་ལྟར་བྱའོ། །རྩ་བའི་མན་ངག་ལས་ཐོ་དང་། །དབང་དོན་རྒྱ་ཆེར་འབྱེད་པ་སོགས། །ཆོས་འདིའི་རང་སྐལ་མ་འཆུགས་པ། །དཔལ་ལྡན་བླ་མའི་གསུང་བཞིན་སྤེལ། །བྱ་སྤྱོད་ཐུན་མོང་གི་ཐེག་པའི་དབང་ཆོག་གི་ལེ་ཚན་ནོ།། །།
༈ ༀ་སྭ་སྟི། འགྱུར་བཅས་སྒྲིབ་ཀུན་མངོན་བྱང་ལྔས། །སྒྲིབ་མེད་ཡེ་ཤེས་རིགས་ལྔའི་སྐུར། །ཡོངས་དག་རྡོ་རྗེ་སློབ་དཔོན་ལ། །གུས་བཏུད་ཡོ་གའི་དབང་ཆོག་བཤད། །ད་ནི་དྲུག་པ་ཡོ་གའི་ཐེག་པའི་དབང་ནི། སྟ་གོན་སྔོན་དུ་འགྲོ་བས་དངོས་གཞི་དཀྱིལ་འཁོར་བྲི་སྒྲུབ་གཏོར་ཆོག་དང་བཅས་པ་སྒྲུབ་ཐབས་ལྟར་བྱ་ཞིང་། སྦྱིན་སྲེག་བྱེད་དམ། མ་བྱས་ནའང་རུང་སྟེ། དེ་ལྟར་ཟིན་ནས་དཀྱིལ་འཁོར་དུ་འཇུག་པ་ལ་གཉིས་ལས། དང་པོ་སློབ་དཔོན་འཇུག་པ་ནི། སློབ་མ་ཇི་ལྟར་འཇུག་པའི་ཆོ་གས་བདག་ཉིད་ཞུགས་ཏེ་དབང་བླང་བའམ། ཡང་ན་སྒོ་ཕྱེ་ནས་དཀྱིལ་འཁོར་གྱི་འཁོར་ལོ་བསྒྱུར་བ་ཉིད་བླ་མ་དང་ཐ་མི་དད་པར་མོས་ལ་རིག་པའི་མེ་ཏོག་ཕུལ་བས། བདག་དང་དཀྱིལ་འཁོར་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་གཉིས་མེད་དུ་གྱུར་པར་བསམ་སྟེ། སློབ་དཔོན་གྱི་ལས་ལ་རྗེས་སུ་གནང་བ་ཐོབ་པར་བྱའོ། །གཉིས་པ་སློབ་མ་གཞུག་པ་ནི། ལས་བུམ་གྱི་ཆུས་ཁྲུས་བྱ། བགེགས་གཏོར་བཏང་ལ་མཚམས་བཅད། སེམས་བསྐྱེད་དང་ཆོས་ཉན་པའི་ཀུན་སྤྱོད་གསལ་འདེབས་པ་སྔོན་དུ་འགྲོ་བས། འདིར་གང་གསན་པར་བྱ་བའི་ཆོས་ནི། ཞེས་པ་ནས། ཕྱི་དབང་རྒྱུད་ཀྱི་ཆུ་བོའི་ཡན་ལག་གི་དཀྱིལ་འཁོར། ཞེས་པའི་བར་སྔར་ལྟར་རམ། སྤྲོ་བསྡུ་ཇི་ལྟར་རིགས་པ་འདོད་ནའང་བྱས་རྗེས། དྲུག་པ་རྣལ་འབྱོར་ཕྱི་པའི་ཐེག་པ་ཡོ་ག་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་སྐབས་སུ་བབས་པ་ཡིན། དེ་ལའང་གཉིས་ལས། རྡོ་རྗེ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ནས། འདིར་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། ཐོག་མར་དཀྱིལ་འཁོར་དུ་འཇུག་ཅིང་དབང་ཞུ་བའི་ཡོན་དུ་མཎྜལ་འབུལ་དུ་བཅུག །དེ་ནས་སློབ་དཔོན་གྱི་ཞབས་ལ་ཕྱག་བྱས་ཏེ། སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པ་འདིའི་རྗེས་ཟློས། བཅོམ་ལྡན་ནམ་མཁའི་སངས་རྒྱས་ཀུན། །ཐེག་པ་ཆེན་པོའི་མཐུ་ལྡན་ལ། །བདག་ནི་རབ་ཏུ་བསྒྲལ་བའི་ཕྱིར། །རང་བཞིན་ཏིང་འཛིན་གཟུགས་བརྙན་ལྷས། །བདག་ལ་དབང་མཆོག་དེང་སྩོལ་ཅིག །སངས་རྒྱས་བཀའ་ཡི་དཀྱིལ་འཁོར་དུ། །བདག་ཉིད་དད་པས་འཇུག་ལགས་ན། །དཀྱིལ་འཁོར་བཅས་པའི་ལྷ་ཚོགས་ཀྱིས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །བསོད་ནམས་ཅན་དུ་བདག་ཉིད་འགྱུར། །སྔོན་ལས་བཟང་པོས་འབྲེལ་བ་ལགས། །ཐུགས་ཀྱི་སྲས་སུ་དགོངས་པར་མཛོད། །ཅེས་ལན་གསུམ། དེ་ནས་སློབ་མ་རྣམས་ཀྱིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་རྒྱུ་ཉོན་མོངས་པ་དུག་གསུམ་དང་རྐྱེན་མི་དགེ་བའི་ལས་བསགས་པས་འབྲས་བུ་ངན་སོང་གསུམ་དུ་སྐྱེ་འགྱུར་གྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་སྦྱངས་པར་གྱུར་སྙམ་པའི་མོས་པ་མཛོད། སྔར་བསྔགས་པའི་ཡུངས་ཐུན་གྱི་བྲབ་ཅིང་། ༀ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ། ༀ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ། ༀ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ། ཅེས་བཟླའོ། །དེ་ནས་ཐུན་མོང་གི་སྡོམ་པ་བཟུང་བའི་ཕྱིར་བླ་མ་དང་ཐ་མི་དད་པའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པའི་སྤྱན་སྔར་རྒྱུན་བཤགས་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི༴ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱོད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ། དེ་ནས་ཐུན་མོང་མ་ཡིན་པ་རིགས་ལྔའི་སྡོམ་པ་བཟུང་སྙམ་པས་འདིའི༴ སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ། །བདག་གིས་དུས་འདི་ནས་བཟུང་སྟེ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གི་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་བཟུང་། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ནི་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་བཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །མ་སྒྲོལ་བ་རྣམས་བསྒྲལ་བར་བགྱི། །དབུགས་མ་ཕྱིན་རྣམས་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ། དེ་ནས་ནང་གི་མི་ཤིགས་པའི་སེམས་བསྐྱེད་པའི་ཕྱིར་ས་མ་ཡ་ཨ་ཞེས་པས་ཁྱེད་རང་རྣམས་ཀྱི་སྙིང་གར་ཀུན་རྫོབ་བྱང་སེམས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་རྣམ་པར་སྒོམས་ལ་འདིའི་རྗེས་ཟློས། ༀ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ད་ཡཱ་མི། སློབ་དཔོན་གྱིས་རྡོ་རྗེས་རེག་སྟེ། སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཞེས་བྱིན་གྱིས་བརླབས་ནས། བཛྲ་སཏྭ་ཞེས་པས་ཁྱེད་རང་རྣམས་རྡོ་རྗེའི་སེམས་དཔའི་སྐུར་གྱུར་པ་ལ་མཆོད་པའི་མོས་པ་མཛོད། ༀ་བཛྲ་གནྡྷེ་ཧཱུཾ། གནྡྷེའི་གནས་སུ་པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ་བཅུག་པས་མཆོད་ནས་ཆོས་བཤད་པ་ནི། དོན་གཅིག་ནའང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གདུལ་བྱའི་བློའི་རིམ་པ་དང་འཚམས་པར་ཐེག་པའི་སྒོ་མཐའ་ཡས་པར་གསུངས་པ་ལས། འདིར་ངེས་འབྱུང་གི་ཐེག་པ་ལྷ་མི། ཉན་རང་བྱང་སེམས་བཞི་ལས། ལམ་མྱུར་བ་དང་། བདེ་བ་དང་། ཐབས་ལ་མཁས་པའི་ཁྱད་པར་གྱིས་མཆོག་ཏུ་གྱུར་པ་གསང་སྔགས་ཀྱི་དཀྱིལ་འཁོར་ཆེན་པོར་ཞུགས་ནས་ཉམས་སུ་བླང་དུ་ཡོད་པ་འདི་ནི་རྙེད་པའི་མཆོག་རབ་ཏུ་རྙེད་པར་གྱུར་ཏོ། །སྙམ་དུ་དགའ་ཞིང་སྤྲོ་བའི་སེམས་བསྐྱེད་འཚལ་ལོ། །དེ་ནས་ཨ་ཁཾ་ཝཱི་ར་ཧཱུཾ་གིས་མིག་དར་བཅིངས། ༀ་བཛྲ་མཱ་ལེ་ཧཱུཾ་གིས་མེ་ཏོག་གི་ཕྲེང་བ་གཏད་པ་སེམས་མ་རྡོ་རྗེ་མའི་དམ་རྒྱས་འཛིན་དུ་བཅུག་ལ། སྒོ་དབྱེ་བར་གསོལ་བ་གདབ་པ་འདིའི་རྗེས༴ རབ་གནས་སྒོ་འདི་མ་རིག་པས། །ཐོགས་མེད་དུས་ནས་བཅད་ལགས་ན། །ཚད་མེད་བཞི་ལྡན་ཕྱག་རྒྱ་བཞིས། །དེ་རིང་ཐར་པའི་སྒོ་དབྱེ་གསོལ། །ཤར་ནས་ༀ་བཛྲ་ཀྲོ་དྷ་ཏ་ཐཱ་ག་ཏོཏྶ་མ་ཡེ་ཏ་ཐཱ་པྲ་ཝེ་ཤྲཱི་ཀྲཾ་སྥ་ར་ཎ་ས་མ་ཡ་ཧཱུཾ་ཕཊ། དེ་བཞིན་དུ་ལྷོ་སོགས་ནས་བཛྲ་གྱི་གནས་སུ། རཏྣ་པདྨ་ཀརྨ་བཅུག་པའི་སྔགས་ཚན་བཞིས་གསོལ་བ་བཏབ་པས་སྒོ་བཞི་རིམ་པ་ཕྱེ་བར་བསམ་ལ། དངོས་སུ་ཡོལ་བ་ཡོད་ན་བསལ། དེ་ནས་དཀྱིལ་འཁོར་དུ་འཇུག་པར་གསོལ་བ་གདབ་པ་འདིའི་རྗེས༴ སྙིང་པོའི་དཀྱིལ་འཁོར་དམ་པ་འདིར། །བླ་མེད་བྱང་ཆུབ་སེམས་བསྐྱེད་དེ། །དངོས་གྲུབ་དམ་པ་ཐོབ་བྱའི་ཕྱིར། །བདག་ཉིད་དད་པས་འཇུག་ཏུ་གསོལ། །ཞེས་གསོལ་བ་བཏབ་པའི་ལན་དུ་གནང་བ་སྦྱིན་པ་ནི། རུས། བཅོམ་ལྡན་སྙིང་པོའི་དཀྱིལ་འཁོར་འདིར། །བྱང་ཆུབ་རིན་ཆེན་སེམས་བསྐྱེད་དེ། །འཁོར་བའི་ནང་ནས་རབ་དྲངས་ནས། །བདེ་གཤེགས་སྲས་སུ་བསྐྱེད་པ་དང་། །བླ་མེད་འབྲས་བུ་སྨིན་བྱའི་ཕྱིར། །བདག་གིས་སློབ་མ་གཞུག་པར་བགྱི། །ཞེས་བརྗོད། དེ་ནས་སློབ་དཔོན་གྱི་ལག་གི་རྡོ་རྗེ་ལ་འཇུར་བཅུག་ནས། ༀ་བཛྲ་ས་མ་ཡ་ཧཱུཾ། ཞེས་བརྗོད་པས། སྒོ་བཞི་ནས་ཚད་མེད་བཞིའི་འཇུག་པས་ཞུགས་ཏེ་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་འཚལ་བར་མོས་ལ་འདིའི༴ བཅོམ་ལྡན་སྙིང་པོའི་དཀྱིལ་འཁོར་འདིར། །རྒྱལ་བ་རིགས་ལྔ་འཁོར་བཅས་ལ། །སྐལ་ལྡན་རྒྱལ་སྲས་དག་པ་ཡིས། །རབ་ཏུ་གུས་པས་ཕྱག་འཚལ་ལོ། །དེ་ནས་ཁེ་ཉེན་བརྗོད་པའི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་མཛོད། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་བྲལ་ཏེ་གཤེགས། །བཛྲ་ཨུ་ད་ཀ་ཋ། ཞེས་དུང་ཆོས་ཀྱི་ཆུ་བླུད། བཀའ་གཉན་པའི་སྒོ་ནས་དམ་ལ་བཞག་པ་ནི། སྤྱི་བོར་རྡོ་རྗེ་བཞག་སྟེ། དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱི། །ཕྱག་ན་རྡོ་རྗེ་ང་ཡིན་གྱི། །ང་ཡིས་ཇི་ལྟར་བསྒོ་བའི་བཀའ། །ཁྱོད་ཀྱིས་སྐྱོ་བ་མེད་པར་བསྒྲུབས། །གལ་ཏེ་གུས་པར་མ་བྱས་ན། །བདུད་ཀྱིས་བཅོམ་ནས་ངན་འགྲོར་ལྟུང་། །ཞེས་བརྗོད། དེ་ནས་ཡེ་ཤེས་དབབ་པའི་ཕྱིར་བླ་མ་ཨ་ལས་བྱུང་བའི་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཟླ་བ་ལ་རྡོ་རྗེའི་དབུས་སུ་ཨས་མཚན་པ། ཁྱེད་རང་རྣམས་ཧཱུཾ་ལས་རྡོ་རྗེ་སེམས་དཔའི་སྐུ་རྡུལ་བྲལ་དྭངས་པ་ཤེལ་ལྟར་གྱུར་པའི་སྙིང་གར་ཧཱུཾ་ལས་རྡོ་རྗེ། དཔྲལ་བར་ཏྲཱཾ་ལས་རིན་ཆེན། ལྐོག་མར་ཧྲཱིཿལས་པདྨ། སྤྱི་བོར་ཀཾ་ལས་སྣ་ཚོགས་རྡོ་རྗེས་མཚན་པར་བསམ་ནས་གསོལ་བ་གདབ་པ་འདིའི༴ བདག་ནི་རྡོ་རྗེའི་དམ་ཚིག་སྟེ། །རྡོ་རྗེ་སེམས་དཔའ་ཡིན་པའི་ཕྱིར། །རྡོ་རྗེ་ཡེ་ཤེས་བླ་མེད་ནི། །དེ་རིང་བདག་ལ་དབབ་ཏུ་གསོལ། །ཞེས་ལན་གསུམ། དེ་ནས་རུས། ༀ་བཛྲོདྒྷ་ཊ་ས་མ་ཡ་པྲ་ཝེ་ཤ་ཡ་ཧཱུཾ། ཞེས་བརྗོད་པས་སློབ་དཔོན་དང་སློབ་མའི་སྙིང་གའི་སྒོ་ཕྱེ། སློབ་དཔོན་གྱི་ཐུགས་ཀའི་ཨ་ཡིག་ལས་ཨ་ཡིག་འོད་ཟེར་འབར་བ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་གའི་རྡོ་རྗེའི་ལྟེ་བར་ཐིམ། འོད་ཟེར་གྱིས་ལུས་ཐམས་ཅད་གང་། སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཧཱུཾ་ཡིག་གི་རྣམ་པ་ཆར་ལྟར་བབས་པ་ལུས་ལ་ཞུགས་པའི་མོས་པ་མཛོད། སློབ་དཔོན་གྱིས་རྡོ་རྗེ་གསོར་ཞིང་དྲིལ་བུ་གསིལ་བས། འདི་ནི་རྡོ་རྗེའི་དམ་ཚིག་སྟེ། །རྡོ་རྗེ་སེམས་དཔའ་ཡིན་པར་གྲགས། །རྡོ་རྗེ་ཡེ་ཤེས་བླ་མེད་ནི། །དེ་རིང་ཉིད་དུ་འབབ་པར་ཤོག །བཛྲ་ཨཱ་བེ་ཤ་ཨཿ ཞེས་མང་དུ་བརྗོད་པས་དབབ། ཕེབས་པ་ན་བརྟན་པའི་ཕྱིར་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ལ། ༀ་ཨ་ས་མེ་ཏྲི་ས་མེ་མ་ཧཱ་ས་མ་ཡ་ཧཱུཾ། དེ་ནས་སྔར་གཟུང་བའི་མེ་ཏོག་རང་གི་ལྷ་ལ་འབུལ་བའི་བསམ་པས་འདིའི༴ སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར། །བདག་ལ་ཐུགས་བརྩེར་དགོངས་ནས་ནི། །འགྲོ་ལ་ཕན་ཕྱིར་གཙོ་ཆེན་གྱིས། །སྨན་པར་དགོངས་ཏེ་བཞེས་སུ་གསོལ། །པྲ་ཏཱིཙྪ་བཛྲ་ཧོཿ ཞེས་མེ་ཏོག་དོར། གང་ལ་བབས་པའི་ལྷ་དེས་མེ་ཏོག་རང་གི་མགོ་བོར་བཅིངས་པར་མོས་སུ་བཅུག་སྟེ། ༀ་པྲ་ཏི་གྲྀཧྞ་ཏྭཾ་ཨི་མཾ་སཏྭ་མ་ཧཱ་བ་ལ། ཞེས་མེ་ཏོག་མགོར་བཅིངས་ལ། ༀ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱིས། །མིག་འབྱེད་པར་ནི་བརྩོན་པར་མཛོད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བ། །རྡོ་རྗེའི་མིག་ནི་བླ་ན་མེད། །ༀ་བཛྲ་ཧཱ་སྱ་ཨུངྒྷ་ཊ་ཡ་ཧཱུཾ། ཞེས་མིག་དར་བསལ། དེ་ལྟར་རྡོ་རྗེའི་མིག་ཐོབ་པ་དེ་ལ་མཐོང་བ་བསྟན་པ་ནི། ཧེ་བཛྲ་པཱ་ཤྱ། དེ་ཡང་འདི་ན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་མངོན་སུམ་དུ་བཞུགས་པ་ཡིན་ཏེ། བསྲུང་བའི་འཁོར་ལོས་མི་ཕྱེད་པར་བཅིངས་པའི་ནང་པདྨ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་རྫོགས་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་ཉིས་རིམ་མཚན་ཉིད་ཐམས་ཅད་ཡོངས་སུ་ཚང་བའི་ལྟེ་བ་ལིང་ཚེ་དགུའི་དབུས་དང་ཕྱོགས་བཞིར་འཁོར་ལོ་རྩིབས་བཞི་པ་རེ་རེ། ལྷ་སོ་སོའི་གདན་དང་བཅས་པ། ལིང་ཚེ་དབུས་མའི་ལྟེ་བར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སེར་པོ་ཀུན་ཏུ་ཞལ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་རྩིབས་བཞིར་སྦས་ཡུམ་བཞི། ཕྱོགས་བཞི་ལིང་ཚེ་བཞིའི་ལྟེ་བར་ཤར་དུ་མི་བསྐྱོད་པ། ལྷོར་རིན་འབྱུང་། ནུབ་ཏུ་སྣང་མཐའ། བྱང་དུ་དོན་གྲུབ། སོ་སོའི་རྩིབས་ལ་རང་རིགས་ཀྱི་སེམས་དཔའ་བཞི་བཞིས་བསྐོར་བ། མཚམས་ཀྱི་ལིང་ཚེ་དང་། གྲྭ་བཞི། སྒོ་རྣམས་སུ་སྒེག་སོགས་བཅུ་གཉིས། །གཞལ་ཡས་ཁང་ཕྱི་མའི་སྣམ་བུ་ལ་སེམས་དཔའ་བཅུ་དྲུག་རྣམས་བཞུགས་པ་མངོན་སུམ་བཞིན་དུ་མཐོང་བར་གྱུར་སྙམ་པའི་མོས་པ་མཛོད། དེས་འཇུག་པའི་ཆོས་རྣམས་གྲུབ། དངོས་གཞིའི་སླད་དུ་གསོལ་བ་གདབ་པ་འདིའི་རྗེས༴ བླ་མ་རྡོ་རྗེ་འཛིན་པ་དགོངས་སུ་གསོལ། བཅོམ་ལྡན་འདས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་བདག་ལ་དབང་བསྐུར་དུ་གསོལ། ཞེས་ལན་གསུམ། དེ་ནས་ཁྱེ་རང་རྣམས་དབང་སྟེགས་ཀྱི་ཁྲིའི་སྟེང་དུ་རྡོ་རྗེ་སེམས་དཔའི་རྣམ་པས་དཀྱིལ་འཁོར་ལ་མངོན་པར་ཕྱོགས་པའི་ཚུལ་གྱིས་འཁོད་པའི་མོས་པ་མཛོད། སློབ་དཔོན་གྱིས་དཀྱིལ་འཁོར་གྱི་ལྷ་ལ་འདུད་པ་དང་བཅས་པས་མཁྱེན་པར་གསོལ་བ་ནི། བདག་རྡོ་རྗེ་སློབ་དཔོན་འདི་ཞེས་བགྱི་བ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་བྱ་བ་དང་། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་མ་ལུས་པ་སྒྲུབ་ཅིང་སེམས་ཅན་གྱི་དོན་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བར་འཚལ་གྱིས། བཅོམ་ལྡན་འདས་ཡེ་ཤེས་ཀྱི་གཙོ་བོ་ཐུགས་རྗེའི་མངའ་བདག་རྣམས་ཀྱིས་དེ་བཞིན་གཤེགས་པའི་ཆེ་བའི་ཡོན་ཏན་གྱི་དབང་རྣམས་རིམ་པ་བཞིན་དུ་བསྐུར་ཞིང་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་བརྗོད་ནས། སློབ་དཔོན་དང་ལྷན་ཅིག་པར་དཀྱིལ་འཁོར་པའི་ཐུགས་ཀ་ནས་སྤྲོས་པའི་ལྷ་སོགས་ནམ་མཁར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་བས་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པའི་མོས་པ་མཛོད། རྣམ་རྒྱལ་བུམ་པ་བཏེག་སྟེ། རིན་ཆེན་མཛེས་པའི་བུམ་པ་འདི། །གཉིས་མེད་བྱང་ཆུབ་སེམས་ཆུས་གང་། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །ལས་ཉོན་སྡིག་སྒྲིབ་དག་གྱུར་ཅིག །ༀ་བུདྡྷ་ཨ་བྷི་ཥིཉྩ་ༀ། ༀ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ༀ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ། ༀ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ ༀ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ ཞེས་བུམ་པ་མགོ་བོའི་གནས་ལྔར་བཞག་ཅིང་བུམ་ཆུ་འཐུང་དུ་གཞུག །རིན་པོ་ཆེའི་དབུ་རྒྱན་དར་དཔྱངས་དང་བཅས་པ་བསྐོན་ལ། ཡེ་ཤེས་རིན་ཆེན་དབུ་རྒྱན་འདིས། །རྒྱལ་བ་སངས་རྒྱས་ཀུན་འདུས་པ། །གཟི་བརྗིད་རིགས་སྔགས་རྒྱལ་བའི་དབུ། །བུ་ཁྱོད་གཙུག་ན་ནོར་བུར་འབར། །ༀ་བཛྲ་དྷཱ་ཏྭཱི་ཤྭ་རཱི་ཧཱུཾ་བཛྲཱི་ཎི་ཨ་བྷི་ཥིཉྩ་མཱཾ། ༀ་བཛྲ་བཛྲི་ཎི་ཨ་བྷི་ཥིཉྩ་མཱཾ། ༀ་རཏྣ་བཛྲཱ་ཎི་ཨ་བྷི་ཥིཉྩ་མཱཾ། ༀ་དྷརྨ་བཛྲཱི་ཎི་ཨ་བྷི་ཥིཉྩ་མཱཾ། ༀ་ཀརྨ་བཛྲཱི་ཎི་ཨ་བྷི་ཥིཉྩ་མཱཾ། ༀ་ཏྲཱུཾ། བཛྲ་ཏུཥྱ་ཧོཿ ལག་ཏུ་རྡོ་རྗེ་དང་ལྷན་ཅིག་ཏུ་དྲིལ་བུའང་གཏོད་ཅིང་། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོངས། །ༀ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་མཱཾ། ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ཞེས་རྡོ་རྗེ་གསོར་ཞིང་སྙིང་གར་བཟུང་། དྲིལ་བུ་སྙིམས་ཚུལ་གྱིས་དཀུར་བརྟེན་དུ་གཞུག་གོ། །རྡོར་དྲིལ་རྒྱ་གྲམ་དུ་བཟུང་བ་སྤྱི་བོར་དཀྲོལ་ལ། རྡོ་རྗེ་མིང་གི་དབང་བསྐུར་བས། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཅིས་ཀྱང་མི་ཕྱེད་མི་ཤིགས་པའི། །མིང་གི་དབང་བསྐུར་བླ་ན་མེད། །བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩ་མཱཾ་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏཿ ཀྱེ་དཔལ་རྡོ་རྗེ་དབྱིངས་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །དེ་ནས་གང་སྤྱད་ཀྱང་འཁོར་བའི་སྤྱོད་པ་ཧྲུལ་པོར་བྱེད་པ་བརྟུལ་ཞུགས་ཀྱི་དབང་ནི། ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་གཏད་དེ། འདི་དེ་སངས་རྒྱས་ཐམས་ཅད་ཡིན། །ཕྱག་ན་རྡོ་རྗེའི་ཕྱག་ན་འདུག །ཁྱོད་ཀྱིས་ཀྱང་ནི་ལག་ཏུ་བཅང་། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ༀ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡཱ་མི་བཛྲ་སཏྭ་ཧཱི། ཧི་ཧི་ཧི་ཧི་ཧཱུཾ། ཞེས་རྡོ་རྗེ་གསོར་ཞིང་སྙིང་གར་བཟུང་ངོ་། །དབང་བསྐུར་ཚུལ་འདི་ནི་གླན་རྡོ་རྗེ་འོད་ཀྱི་ཕྱག་བཞེས་ཀྱི་ལས་ཐོ་རྣམས་ལས་བཤད་པ་ལྟར་བཀོད་པ་ཡིན་ཅིང་། ཕལ་ཆེ་བ་བུམ་དབང་ཙམ་ལས་མི་བསྐུར་བ་དང་། འགའ་ཞིག་ཀུན་རིག་གི་དབང་སྐབས་འདིར་སྦྱོར་བར་མཛད་པ་རྣམས་ནི་ཟོར་ཡང་ཙམ་དུ་ཟད་དོ། །དེ་ནས་ལྷ་དབང་བསྐུར་བ་ནི། སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཐུགས་ཀ་དང་། འོག་མིན་གྱི་གནས་ནས་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་རྣམས་རིམ་པར་བྱོན་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཐིམ་པའི་མོས་པ་མཛོད། ལྷ་ཙཀ་རྣམས་རིམ་པར་ཐོགས་ཏེ། ཧཱུཾ། སྣང་སྟོང་རྡོ་རྗེ་ནམ་མཁའི་དབྱིངས། །ཆོས་དབྱིངས་ཡེ་ཤེས་རྡོ་རྗེའི་སྐུ། །རྡོ་རྗེ་མཆོག་གི་ཕྱག་རྒྱ་ཅན། །རྣམ་པར་སྣང་མཛད་དབང་བསྐུར་རོ། །ༀ་བུདྡྷ་བེ་རོ་ཙ་ན་ༀ་ཨ་བྷི་ཥིཉྩ་ཧཱུཾ། གཟུང་འཛིན་རྡོ་རྗེ་བརྟན་པའི་ས། །མེ་ལོང་ཡེ་ཤེས་རྡོ་རྗེའི་སྐུ། །རྡོ་རྗེ་ས་གནོན་ཕྱག་རྒྱ་ཅན། །རྡོ་རྗེ་མི་བསྐྱོད་དབང་བསྐུར་རོ། །ༀ་བཛྲ་ཨཀྵོ་བྷྱཿཧཱུཾ་ཨ་བྷི༴ རིན་ཆེན་རྡོ་རྗེ་འབར་བའི་མེ། །མཉམ་ཉིད་ཡེ་ཤེས་རྡོ་རྗེའི་སྐུ། །རྡོ་རྗེ་མཆོག་སྦྱིན་ཕྱག་རྒྱ་ཅན། །རིན་ཆེན་འབྱུང་ལྡན་དབང་༴ ༀ་རཏྣ་སཾ་བྷ་ཝ་ཏྲཱཾ་ཨ་བྷི༴ མཐའ་ཡས་རྡོ་རྗེ་ཆོས་ཀྱི་ཆུ། །ཀུན་རྟོག་ཡེ་ཤེས་རྡོ་རྗེའི་སྐུ། །རྡོ་རྗེ་ཏིང་འཛིན༴ སྣང་བ་མཐའ་ཡས༴ ༀ་པདྨ་ཨ་མི་ཏཱ་བྷ་ཧྲཱིཿཨ་བྷི༴ དོན་ཡོད་རྡོ་རྗེ་བསྐྱོད་པའི་རླུང་། །བྱ་གྲུབ་ཡེ་ཤེས༴ རྡོ་རྗེ་སྐྱབས་སྦྱིན༴ རྡོ་རྗེ་དོན་གྲུབ༴ ༀ་ཀརྨ་ཨ་མོ་གྷ་སིདྡྷི་ཨཱཿཨ་བྷི་ཥིཉྩ་ཧཱུཾ། མེ་ལོང་ཡེ་ཤེས་བྱིན་རླབས་ལས། །སེམས་མ་རྡོ་རྗེའི་ཕྱག་རྒྱ་སྟེ། །རྡོ་རྗེ་དཀར་པོ་རྩེ་ལྔ་པ། །དེ་ཡི་དབང་མཆོག་ཐོབ་པར་ཤོག །སཏྭ་བཛྲི་ཧཱུཾ་ཨ་བྷི༴ མཉམ་ཉིད་ཡེ་ཤེས་བྱིན་རླབས་ལས། །རིན་ཆེན་སེམས་མའི་ཕྱག་རྒྱ་སྟེ། །རིན་ཆེན་སེར་པོ་ཟུར་བརྒྱད་པ། །དེ་ཡི་དབང་མཆོག༴ རཏྣ་བཛྲི་ཏྲཱཾ་ཨ་བྷི༴ ཀུན་རྟོག་ཡེ་ཤེས་བྱིན་རླབས་ལས། །ཆོས་ཀྱི་སེམས་མའི༴ པད་དཀར་འདབ་མ་བཅུ་དྲུག་པ། །དེ་ཡི་དབང་མཆོག༴ པདྨ་བཛྲི་ཧྲཱིཿཨ་བྷི༴ བྱ་གྲུབ་ཡེ་ཤེས་བྱིན༴ ལས་ཀྱི་སེམས་མའི་ཕྱག༴ རྡོ་རྗེ་རྒྱ་གྲམ་ལྗང་གུ་ཅན། །དེ་ཡི་དབང་མཆོག༴ ཀརྨ་བཛྲི་ཨཿཨ་བྷི༴ རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ཏུ་བཟང་། །ཕྱག་ན་རྡོ་རྗེའི་དབང་བསྐུར་རོ། །ༀ་བཛྲི་སཏྭ་ཧཱུཾ་ཨ་བྷི༴ རྡོ་རྗེ་རྒྱལ་པོ་སངས་རྒྱས་མཆོག །རྡོ་རྗེ་ལྕགས་ཀྱུ་དེ་བཞིན་གཤེགས། །ངེས་པའི་རྒྱལ་པོ་རྡོ་རྗེ་མཆོག །རྡོ་རྗེ་འགུགས་ཁྱོད་དབང་༴ ༀ་བཛྲ་རཱ་ཛ་ཛ་ཨ་བྷི༴ རྡོ་རྗེ་ཆགས་པ་བདེ་ཆེན་པོ། །རྡོ་རྗེ་མདའ་ནི་དབང་བྱེད་པ། །བདུད་ཀྱི་འདོད་པ་རྡོ་རྗེ་ཆེ། །རྡོ་རྗེ་གཞུ་ཁྱོད་དབང་༴ ༀ་བཛྲ་རཱ་ག་ཧོཿཨ་བྷི༴ རྡོ་རྗེ་ལེགས་པ་སེམས་དཔའ་མཆོག །རྡོ་རྗེ་མགུ་བ་དགའ་བ་ཆེ། །རབ་དགྱེས་རྒྱལ་པོ་རྡོ་རྗེ་མཆོག །རྡོ་རྗེ་དགྱེས་ཁྱོད་དབང་༴ ༀ་བཛྲ་སཱ་དྷུ་དྷུ་ཨ་བྷི༴ རྡོ་རྗེ་རིན་ཆེན་རྡོ་རྗེ་དོན། །རྡོ་རྗེ་ནམ་མཁའ་ནོར་བུ་ཆེ། །ནམ་མཁའི་སྙིང་པོ་རྡོ་རྗེ་ཕྱུག །རྡོ་རྗེ་སྙིང་ཁྱོད་དབང་༴ ༀ་བཛྲ་རཏྣ་ཏྲཱཾ་ཨ་བྷི༴ རྡོ་རྗེ་གཟི་བརྗིད་འབར་བ་ཆེ། །རྡོ་རྗེ་ཉི་མ་རྒྱལ་བའི་འོད། །རྡོ་རྗེ་འོད་ཟེར་གཟི་བརྗིད་ཆེ། །རྡོ་རྗེ་འོད་ཁྱོད་དབང་༴ ༀ་བཛྲ་ཏེ་ཛརྻ་ཨ་བྷི༴ རྡོ་རྗེ་སེམས་ཅན་དོན་རབ་དཔལ། །རྡོ་རྗེ་རྒྱལ་མཚན་རབ་དགའ་བྱེད། །རྡོ་རྗེ་ཆེན་པོ་རིན་ཆེན་དཔལ། །རྡོ་རྗེ་དཔལ་ཁྱོད་དབང་༴ ༀ་བཛྲ་ཀེ་ཏུ་བྷྲི་ཨ་བྷི༴ རྡོ་རྗེ་བཞད་མོ་བཞད་པ་ཆེ། །རྡོ་རྗེ་འཛུམ་པ་ངོ་མཚར་ཆེ། །དགའ་ཞིང་རབ་དགའ་རྡོ་རྗེ་སྟོན། །རྡོ་རྗེ་དགའ་ཁྱོད་དབང་༴ ༀ་བཛྲ་ཧ་ས་ཧ་ཨ་བྷི༴ རྡོ་རྗེ་ཆོས་རབ་དེ་ཉིད་སྟོན། །རྡོ་རྗེ་པདྨ་རབ་དགའ་བྱེད། །འཇིག་རྟེན་དབང་ཕྱུག་རབ་མཛེས་སྤྱན། །རྡོ་རྗེ་སྤྱན་ཁྱོད་དབང་༴ ༀ་བཛྲ་དྷརྨ་ཧྲཱིཿཨ་བྷི༴ རྡོ་རྗེ་རྣོན་པོ་ཐེག་པ་ཆེན། །རྡོ་རྗེ་རལ་གྲི་མཚོན་ཆེན་པོ། །འཇམ་དཔལ་རྡོ་རྗེ་རབ་ཏུ་ཟབ། །རྡོ་རྗེ་བློ་ཁྱོད་དབང་༴ ༀ་བཛྲ་ཏཱིཀྵྞ་དྷཱི་ཨ་བྷི༴ རྡོ་རྗེ་རྒྱུ་དང་སྙིང་པོ་ཆེ། །རྡོ་རྗེ་འཁོར་ལོ་ཚུལ་ཆེན་པོ། །རབ་བསྐོར་རྡོ་རྗེ་ལས་བྱུང་བ། །རྡོ་རྗེ་སྙིང་པོའི་དབང་༴ ༀ་བཛྲ་ཧེ་ཏུ་ཀྲུམ་ཨ་བྷི༴ རྡོ་རྗེ་གསུང་བ་རང་རིག་མཆོག །རྡོ་རྗེ་ཟློས་པ་རབ་སྒྲུབ་སྦྱིན། །མི་གསུང་རྡོ་རྗེ་མཆོག་གྲུབ་པ། །རྡོ་རྗེ་གསུང་ཁྱོད་དབང་༴ ༀ་བཛྲ་བྷཱ་ཥ་བྷཱ་ཨ་བྷི༴ རྡོ་རྗེ་ལས་རབ་རྡོ་རྗེ་དཀའ། །ལས་ཀྱི་རྡོ་རྗེ་ཀུན་རབ་སྒྲོལ། །རྡོ་རྗེ་ངེས་པར་རྒྱ་ཆེ་བ། །རྡོ་རྗེ་ལས་ཁྱོད་དབང་༴ ༀ་བཛྲ་ཀརྨ་ཀཾ་ཨ་བྷི༴ རྡོ་རྗེ་བསྲུང་བ་བརྟན་པ་ཆེ། །རྡོ་རྗེ་གོ་ཆ་སྲ་བ་ཆེ། །རྡོ་རྗེ་བརྩོན་འགྲུས་ཐུབ་དཀའ་བ། །རྡོ་རྗེ་བརྩོན་འགྲུས་དབང་༴ ༀ་བཛྲ་རཀྵ་ཧཾ་ཨ་བྷི༴ རྡོ་རྗེ་གནོད་སྦྱིན་ཐབས་ཆེན་པོ། །རྡོ་རྗེ་མཆེ་བ་འཇིགས་པ་ཆེ། །བདུད་འཇོམས་རྡོ་རྗེ་མི་བཟད་པ། །རྡོ་རྗེ་དྲག་པོའི་དབང་༴ ༀ་བཛྲ་ཡཀྵ་ཧཱུཾ་ཨ་བྷི༴ རྡོ་རྗེ་མཚམས་སྦྱོར་རབ་ཏུ་སྡུད། །རྡོ་རྗེ་འཆིང་བ་རྣམ་གྲོལ་བྱེད། །རྡོ་རྗེ་ཁུ་ཚུར་དམ་ཚིག་མཆོག །རྡོ་རྗེ་ཁུ་ཚུར་དབང་༴ ༀ་བཛྲ་སནྡྷེ་བཾ་ཨ་བྷི་ཥིཉྩ་ཧཱུཾ། རྣམ་དག་རྡོ་རྗེ་ཐུགས་ཀྱི་ཡུམ། །མི་དམིགས་རྡོ་རྗེ་མཚན་མ་འཇོམས། །རྡོ་རྗེ་ཏིང་འཛིན་ཕྱག་རྒྱ་འཛིན། །རྡོ་རྗེ་སྒེག་མོའི་དབང་༴ ༀ་བཛྲ་ལཱ་སྱ་ཧཱུཾ་ཨ་བྷི༴ རྣམ་དག་རྡོ་རྗེ་ཡོན་ཏན་ཡུམ། །ཡིད་བཞིན་རེ་བ་སྐོང་བར་མཛད། །རྡོ་རྗེ་ཕྲེང་བའི་ཕྱག་རྒྱ་འཛིན། །རྡོ་རྗེ་ཕྲེང་མའི་དབང་༴ ༀ་བཛྲ་མཱ་ལེ་ཏྲཾ་ཨ་བྷི༴ རྣམ་དག་རྡོ་རྗེ་གསུང་གི་ཡུམ། །གསུང་རབ་རྒྱ་མཚོ་སྒྲོག་པའི་དོན། །རྡོ་རྗེ་པི་ཝཾ་ཕྱག་རྒྱ་འཛིན། །རྡོ་རྗེ་དབྱངས་མཁན་དབང་༴ ༀ་བཛྲ་གཱི་ཏི་ཧྲཱིཿཨ༴ རྣམ་དག་རྡོ་རྗེ་ལས་ཀྱི་ཡུམ། །ལས་ཀྱི་རྡོ་རྗེ་འགྲོ་དོན་མཛད། །བདུད་འདུལ་རྡོ་རྗེ་ཕྱག་རྒྱ་གར། །རྡོ་རྗེ་གར་མཁན་དབང་༴ ༀ་བཛྲ་ནྲྀ་ཏྱེ་ཨཿཨ་བྷི༴ སྤྲིན་ལྡིང་རྡོ་རྗེ་བདུག་པ་མོ། །རྡོ་རྗེ་ཚིམ་བྱེད་ཀུན་ཏུ་ཚིམ། །རྡོ་རྗེ་སྤོས་ཁང་ཕྱག་རྒྱ་འཛིན། །རྡོ་རྗེ་སྤོས་མའི་དབང་༴ ༀ་བཛྲ་དྷཱུ་པེ་ཧཱུཾ་ཨ་བྷི༴ ལྟ་མཛེས་རྡོ་རྗེ་ཐམས་ཅད་མཛེས། །རྡོ་རྗེ་མེ་ཏོག་ཀུན་ཏུ་མཛེས། །རྡོ་རྗེ་མེ་ཏོག་ཕྱག་རྒྱ་འཛིན། །མེ་ཏོག་མ་ཡི་དབང་༴ ༀ་བཛྲ་པུཥྤེ་ཏྲཾ་ཨ་བྷི༴ འོད་གསལ་རྡོ་རྗེ་མདའ་ཡི་མེ། །རྡོ་རྗེ་ཅན་གྱིས་མ་རིག་སེལ། །རྡོ་རྗེ་གསལ་བྱེད་ཕྱག་རྒྱ་འཛིན། །རྡོ་རྗེ་མར་མེའི༴ ༀ་བཛྲ་ཨཱ་ལོ་ཀེ་ཧྲཱིཿཨ་བྷི༴ རྡོ་རྗེ་ཙནྡན་བདུད་རྩིའི་ཆུ། །རྡོ་རྗེ་བདུད་རྩིས་རྣམ་རྟོག་འཁྲུ། །རྡོ་རྗེ་དག་བྱེད་ཕྱག་རྒྱ་འཛིན། །རྡོ་རྗེ་དྲི་མའི༴ ༀ་བཛྲ་གནྡྷེ་ཨཿཨ་བྷི༴ རྣམ་དག་བསྐུལ་བྱེད་ཐུགས་རྗེའི་དོན། །ཐུགས་རྗེ་རྒྱུན་འདྲེན་རྡོ་རྗེ་འདྲེན། །རྡོ་རྗེ་འགུགས་མཛད་ཕྱག་རྒྱ་འཛིན། །རྡོ་རྗེ་ལྕགས་ཀྱུའི༴ ༀ་བཛྲ་ཨཾ་ཀུ་ཤ་ཛཿ ཨ་བྷི༴ མི་གཏོང་རྡོ་རྗེ་ཆོས་ཀྱི་དོན། །རྡོ་རྗེ་འདྲེན་མཛད་མི་འགྱུར་དོན། །རྡོ་རྗེ་འཆིང་མཛད་ཕྱག་རྒྱ་འཛིན། །རྡོ་རྗེ་ཞགས་མའི་དབང་༴ ༀ་བཛྲ་པཱ་ཤ་ཧཱུཾ་ཨ་བྷི༴ རྡོ་རྗེ་ཆོས་ཉིད་མི་འགྱུར་དོན། །རྡོ་རྗེ་མགྱོགས་བྱེད་གློག་ལྟར་མྱུར། །རྡོ་རྗེ་ལྕགས་སྒྲོག་ཕྱག་རྒྱ་འཛིན། །རྡོ་རྗེ་ལྕགས་སྒྲོག་དབང་༴ ༀ་བཛྲ་སྥོ་ཊ་བཾ་ཨ་བྷི༴ རྡོ་རྗེ་འབེབས་པ་བརྟན་པའི་མཆོག །རྡོ་རྗེ་བསྐྱོད་མཛད་ཀུན་གྱི་ལས། །རྡོ་རྗེ་འབེབས་མཛད་ཕྱག་རྒྱ་འཛིན། །རྡོ་རྗེ་དྲིལ་བུའི༴ ༀ་བཛྲ་ཨ་བེ་ཤ་ཡ་ཨཿཨ་བྷི༴ སྒོ་ཡི་ཁྱམས་ཀྱི་ནང་གནས་པ། །བྱམས་པ་ལ་སོགས་བཅུ་དྲུག་ནི། །དང་པོ་རབ་དགའ་ལ་སོགས་གནས། །ས་གནས་རྣམས་ཀྱི་དབང་བསྐུར་རོ། །ༀ་སརྦ་སཾསྐཱ་ར་པ་ར་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུཏྒ་ཏེ་སྭ་བྷཱ་བ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱཧཱ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བསྐུར་རོ། །དེ་ནས་ཡོ་གའི་རྫས་དབང་རྣམས་རིམ་པར་བསྐུར་བས་སྔོན་རྣམ་པར་སྣང་མཛད་ཀྱིས་ཇི་ལྟར་དབང་བསྐུར་བ་དང་རྗེས་སུ་མཐུན་པའི་ཡོན་ཏན་ཁྱད་པར་ཅན་རྣམས་རྒྱུད་ལ་ཐོབ་པའི་མོས་པ་མཛོད། དེ་ལ་ཡོ་གའི་དབང་དྲུག་ཅུ་རྩ་གཉིས་པོའང་རིགས་བསྡུས་ན། ཕྱི་དབང་རྩ་བ་བཅུའི་གསུམ་པ་ནས་བཅུ་པའི་བར་ཏེ། སྡེ་ཚན་བརྒྱད་ལས། དང་པོ་ཐུགས་རྗེ་གཟུངས་དབང་ལ་བཅུ་གཅིག་གི། དང་པོ་སྐུ་ཕྱག་རྒྱའི་དབང་ནི། རིགས་ལྔའི་སྐུ་ཐོགས་ཏེ། སྔོན་བཅོམ་ལྡན་འདས་རི་རབ་ཀྱི་རྩེ་ཁང་བརྩེགས་འབར་བའི་དབུས་སུ་དཔལ་ཀུན་རིག་རྣམ་པར་སྣང་མཛད་ཀྱིས་བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པ་ལ་ཕྱག་རྒྱ་ཆེན་པོ་ལྔའི་དབང་བསྐུར་བས་རིགས་ལྔ་ཡེ་ཤེས་ལྔའི་དབང་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་ཕྱག་རྒྱ་ལྔའི་དབང་བསྐུར་བས་སྐུ་ལྔ་ཡེ་ཤེས་ལྔ་མཐར་ཕྱིན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བྱང་ཆུབ་མཆོག་དང་ས་གནོན་དང་། །མཆོག་སྦྱིན་མཉམ་བཞག་སྐྱབས་སྦྱིན་ཏེ། །རྒྱལ་བ་རིགས་ལྔའི་སྐུ་ཡི་རྒྱ། །ཕྱག་རྒྱ་ཆེན་པོའི་དབང་ཐོབ་ཤོག །རྒྱལ་པོ་ཕྱག་རྒྱ་མཆོག་གི་རྒྱ། །ཕྱག་རྒྱའི་དབང་མཆོག་མི་འདའ་བ། །ཡེ་ཤེས་ལྔ་དང་རིགས་ལྔ་ཡི། །དབང་གི་བཀྲ་ཤིས་དང་པོའོ། །པཉྩ་ཀཱུ་ལ་ཨ་བྷི་ཥིཉྩ་ཧཱུཾ། གཉིས་པ་གསུང་གཟུངས་ཡིག་འབྲུ་གཏད་དེ། སྔོན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་སྙིང་པོ་སྔགས་ཀྱི་དབང་བསྐུར་བས་རྟོགས་པའི་ཡེ་ཤེས་ཕུན་སུམ་ཚོགས་པར་གྱུར་ཏོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཐུགས་ཡེ་ཤེས་ཀྱི་བྱིན་རླབས་སྙིང་པོ་སྔགས་ཀྱི་དབང་བསྐུར་བས་རྟོགས་པའི་ཡེ་ཤེས་ཕུན་སུམ་ཚོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཐུགས་ཀྱི་ས་བོན་ཡིག་འབྲུ་མཆོག །སྔགས་ཀྱི་བྱིན་རླབས་བསམ་མི་ཁྱབ། །ཡེ་ཤེས་ཐུགས་ཀྱི་ས་བོན་མཆོག །འབྲས་བུ་སྔགས་ཀྱི་བཀྲ་ཤིས་ཤོག །སྙིང་པོ་རིགས་ལྔ་སངས་རྒྱས་གསུང་གི་མཆོག །གསུང་མཆོག་སྔགས་ཀྱི་ཕྱག་རྒྱ་ཆེན་པོ་སྟེ། །བྱིན་རླབས་ཆེན་པོ་བླ་ན་མེད་པ་ཡི། །སྔགས་མཆོག་དབང་གི་བཀྲ་ཤིས་གཉིས་པའོ། །ༀ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿ ཨ་བྷི་ཥིཉྩ་ཧཱུཾ། ཐུགས་ཀྱི་རྫས་དབང་ལ་བཞིའི། གསུམ་པ་མིག་ཐུར། སྔོན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་གསེར་གྱི་ཐུར་མའི་དབང་བསྐུར་བས་མ་རིག་པའི་ལིང་ཏོག་བྱང་ནས་ཤེས་རབ་ཀྱི་མིག་གསལ་བར་གྱུར་ཏོ། །དེ་བཞིན་དུ་གསེར་གྱི་ཐུར་མའི་དབང་བསྐུར་བས་མ་རིག་པའི་ལིང་ཏོག་བྱང་ནས་ཤེས་རབ་ཀྱི་མིག་གསལ་བའི་དབང་དམ་པ༴ གསེར་གྱི་ཐུར་མ་ཐོགས་ནས་ནི། །མིག་མཁན་རྒྱལ་པོའི་དབང་བསྐུར་བཞིན། །བུ་ཁྱོད་མ་རིག་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཧྲཱི་ཏེ་སུ་ཀེ་ཧཱུཾ། རིན་ཆེན་གསེར་གྱི་ཐུར་མ་ཡིས། །འབར་བའི་ཡེ་ཤེས་གསལ་ཕྱེ་ནས། །ངེས་པར་ལེགས་པའི་དགོངས་པ་འགྲུབ། །ཤེས་རབ་ཡེ་ཤེས་སྤྱན་ལྡན་པའི། །དབང་གི་བཀྲ་ཤིས་གསུམ་པའོ། །ཛྙཱ་ན་ཙཀྵུ་ཨ་བྷི༴ བཞི་པ་མེ་ལོང་བསྟན་ལ། སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་མེ་ལོང་གི་དབང་བསྐུར་བས་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པར་རྟོགས་པར་གྱུར་ཏོ། །དེ་བཞིན་དུ་མེ་ལོང་གི་དབང་བསྐུར་བས་ཆོས་ཐམས་ཅད་གཟུགས་བརྙན་རྟེན་འབྲེལ་སྒྱུ་མ་ཙམ་དུ་རྟོགས་པའི་དབང་དམ་པ༴ ཆོས་ཀུན་གཟུགས་བརྙན་ལྟ་བུ་སྟེ། །རྟེན་འབྲེལ་མཐུ་ལས་སྣང་བའི་ཕྱིར། །བརྗོད་མེད་རང་བཞིན་དག་པའི་དོན། །ཆོས་ཉིད་སྒྱུ་མ་ལྟར་གསལ་ཤོག །སྣང་སེམས་དྲི་མ་སེལ་བ་དང་། །མི་མངོན་དབང་པོ་གསལ་བ་དང་། །ཡེ་ཤེས་གསལ་བའི་མེ་ལོང་གི། །དབང་གི་བཀྲ་ཤིས་བཞི་པའོ། །བཛྲ་ཨཱ་དཪྴ་ཨ་བྷི༴ ལྔ་པ་འཁོར་ལོ་རྐང་བར་དུ་བཞག་ལ། སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་འཁོར་ལོ་བཞིའི་དབང་བསྐུར་བས་འགྲོ་དོན་ཐོགས་པ་མེད་པར་གྱུར་ཏོ། །དེ་བཞིན་དུ་འཁོར་ལོ་བཞིའི་དབང་བསྐུར་བས་རྫུ་འཕྲུལ་གྱི་རྐང་པ་དང་ལྡན་ཞིང་ཁམས་གསུམ་དུ་འགྲོ་དོན་ཐོགས་པ་མེད་པའི་དབང་དམ་པ༴ འོག་ཏུ་གསེར་གྱི་འཁོར་ལོ་དག །བརྗིད་པའི་གདན་གྱི་འབྲུ་བཀོད་ནས། །གཞན་གྱི་དོན་ལ་ཕན་པའི་ཕྱིར། །རྒྱལ་བའི་འཁོར་ལོ་བསྐོར་བར་ཤོག །ཉོན་མོངས་མ་ལུས་གཞོམ་པ་དང་། །ལེགས་པའི་ཡོན་ཏན་རྫོགས་པ་དང་། །འབྲས་བུ་ཀུན་ཏུ་འཕགས་པའི་ཕྱིར། །དབང་གི་བཀྲ་ཤིས་ལྔ་པའོ། །བཛྲ་ཙཀྲ་ཨ་བྷི༴ དྲུག་པ་དུང་གཏད་དེ། སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་དུང་གི་དབང་བསྐུར་བས་ཚངས་པའི་དབྱངས་ཀྱིས་ཆོས་སྒྲ་སྒྲོག་པའི་དབང་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་དུང་གི་དབང་བསྐུར་བས་ཚངས་པའི་དབྱངས་ལྟ་བུས་ཆོས་སྒྲ་སྒྲོག་པའི་དབང་དམ་པ༴ །ཆོས་དུང་རྒྱས་པར་བུས་ནས་ནི། །འཇིག་རྟེན་སེམས་ཅན་སྐལ་ལྡན་ལ། །རྣ་བསལ་སྡིག་སྦྱངས་ཆོས་ཐོས་པའི། །ཚངས་པའི་སྒྲ་སྐད་སྒྲོག་པར་ཤོག །སྐྱོབ་པ་མགོན་པོ་ཚངས་པའི་དབྱངས། །ཚངས་པའི་གསུང་མཆོག་འགྲོ་ལ་སྒྲོག །འཇིག་རྟེན་གསུམ་དུ་རྒྱས་པའི་སྒྲ། །དབང་གི་བཀྲ་ཤིས་དྲུག་པའོ། །ༀ་བྷྲ་མ་ཝཱ་ཀ་ཨ་བྷི༴ བདུན་པ་ཡོན་ཏན་མེ་ཏོག་གི་ཕྲེང་བ། སྔོན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་མེ་ཏོག་གི་ཕྲེང་བས་དབང་བསྐུར་བས་ཚུལ་ཁྲིམས་ཡོངས་སུ་རྫོགས་པར་གྱུར་ཏོ། །དེ་བཞིན་དུ་མེ་ཏོག་ཕྲེང་བའི་དབང་བསྐུར་བས་ཚུལ་ཁྲིམས་ཡོངས་སུ་རྫོགས་ཏེ་ངན་སོང་དུ་ལྟུང་བ་ལས་ལྡོག་པའི་དབང་དམ་པ༴ སྡུག་ཅིང་མཛེས་པའི་མེ་ཏོག་རྒྱན། །དགོས་པའི་དོན་རྣམས་མྱུར་བར་འབྱིན། །ཐམས་ཅད་ཀུན་གྱི་ཡིད་དུ་འོང་། །འབྱོར་བའི་ལོངས་སྤྱོད་རྒྱན་དུ་ཤོག །ཁ་དོག་དབྱིབས་ལེགས་རིན་ཆེན་མེ་ཏོག་འདི། །ནམ་མཁའ་གང་ཞིང་ས་གཞི་ཡོངས་ཁེབས་པའི། །མཆོད་པའི་སྤྲིན་གྱི་ཕུང་པོ་ཆར་འབེབས་པ། །མཛེས་པའི་དབང་གི་བཀྲ་ཤིས་བདུན་པའོ། །པུཥྤ་མཱ་ལ་ཨ་བྷི༴ ཕྲིན་ལས་ཕྱག་མཚན་གྱི་དབང་ལ་བཞི་ལས། བརྒྱད་པ་རྡོ་རྗེ་གཏད་དེ། སྔོན་ནི་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་རྡོ་རྗེའི་དབང་བསྐུར་བས་ཐུགས་རྡོ་རྗེ་རིགས་ཀྱི་དབང་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་རྡོ་རྗེའི་དབང་བསྐུར་བས་ཐུགས་ཡེ་ཤེས་རྡོ་རྗེའི་དབང་དམ་པ༴ སྐུ་ཡི་ཕྱག་རྒྱའི་རྟགས་བསྟན་པ། །ཡེ་ཤེས་རྡོ་རྗེ་ལྟ་བུ་སྟེ། །རྡོ་རྗེ་ཐུགས་ཀྱི་རང་བཞིན་ནི། །མེ་ལོང་ཡེ་ཤེས་ཐོབ་པར་ཤོག །རྡོ་རྗེའི་རིགས་མཆོག་རྡོ་རྗེ་སེམས་དཔའ་སྟེ། །དཀར་ལ་དག་པས་ཤར་ཕྱོགས་སངས་རྒྱས་ཞིང་། །བདེ་བ་ཆེན་པོ་ཀུན་ལ་ཁྱབ་པའི་བདག །ཐུགས་ཀྱི་དབང་གི་བཀྲ་ཤིས་བརྒྱད་པའོ། །བཛྲ་ཨ་བྷི༴ དགུ་པ་རིན་ཆེན། སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལས་རིན་པོ་ཆེའི་དབང་བསྐུར་བས་ཡོན་ཏན་རིན་པོ་ཆེའི་མཛོད་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་རིན་པོ་ཆེའི་དབང་བསྐུར་བས་ཡོན་ཏན་རིན་པོ་ཆེའི་དབང་དམ་པ༴ སྐུ་ཡི་ཕྱག་རྒྱའི་རྟགས་བསྟན་པ། །འགྲོ་བ་ཀུན་གྱི་རེ་བ་སྐོང་། །ཡོན་ཏན་རིན་ཆེན་རང་བཞིན་ཏེ། །མཉམ་ཉིད་ཡེ་ཤེས་ཐོབ་པར་ཤོག །རིན་ཆེན་རིགས་མཆོག་ཡོན་ཏན་སེམས་དཔའ་སྟེ། །སེར་ལ་དག་པ་ལྷོ་ཕྱོགས་སངས་རྒྱས་ཞིང་། །བདེ་བ་ཆེན་པོ་ཀུན་ལ་ཁྱབ་པའི་བདག །ཡོན་ཏན་དབང་གི་བཀྲ་ཤིས་དགུ་པའོ། །རཏྣ་ཨ་བྷི༴ བཅུ་པ་པདྨ། སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་པདྨའི་དབང་བསྐུར་བས་གསུང་པདྨ་རིགས་ཀྱི་དབང་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་པདྨའི་དབང་བསྐུར་བས་འགྲོ་དོན་བྱེད་པ་ལ་ཉེས་པའི་སྐྱོན་གྱིས་མ་གོས་པའི་དབང་དམ་པ༴ སྐུ་ཡི་ཕྱག་རྒྱའི་རྟགས་བསྟན་པ། །པདྨ་དབང་གི་རང་བཞིན་ཏེ། །གསུང་གི་རང་བཞིན་འབྱུང་བའི་མཛོད། །ཀུན་རྟོག་ཡེ་ཤེས་ཐོབ་པར་ཤོག །པདྨ་རིགས་མཆོག་ཆོས་ཀྱི་སེམས་དཔའ་སྟེ། །དམར་ལ་དག་པ་ནུབ་ཕྱོགས་སངས་རྒྱས་ཞིང་། །བདེ་བ་ཆེན་པོ་ཀུན་ལ་ཁྱབ་པའི་བདག །གསུང་གི་དབང་གི་བཀྲ་ཤིས་བཅུ་པའོ། །པདྨ་ཨ་བྷི༴ བཅུ་གཅིག་པ་རྒྱ་གྲམ། སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་སྣ་ཚོགས་རྡོ་རྗེའི་དབང་བསྐུར་བས་ཕྲིན་ལས་བཞིའི་དབང་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་རྒྱ་གྲམ་གྱི་དབང་བསྐུར་བས་ཕྲིན་ལས་བཞིའི་དབང་དམ་པ༴ སྐུ་ཡི་ཕྱག་རྒྱའི་རྟགས་བསྟན་པ། །ལས་རྣམས་མ་ལུས་རྫོགས་པའི་མཆོག །ཕྲིན་ལས་དོན་ཡོད་གྲུབ་པ་སྟེ། །བྱ་གྲུབ་ཡེ་ཤེས་ཐོབ་པར་ཤོག །བྱ་བའི་རིགས་མཆོག་ལས་ཀྱི་སེམས་དཔའ་སྟེ། །ལྗང་ལ་དག་པ་བྱང་ཕྱོགས་སངས་རྒྱས་ཞིང་། །བདེ་བ་ཆེན་པོ་ཀུན་ལ་ཁྱབ་པའི་བདག །ཕྲིན་ལས་དབང་གི་བཀྲ་ཤིས་བཅུ་གཅིག་པའོ། །བི་ཤྭ་བཛྲ་ཨ་བྷི༴ དེ་དག་གིས་ཐུགས་རྗེ་གཟུངས་དབང་བཅུ་གཅིག་པ་རྫོགས་སོ། །གཉིས་པ་ཤེས་རབ་བུམ་པའི་དབང་ལ་གཅིག་སྟེ། སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་བདུད་རྩིའི་བུམ་པའི་དབང་བསྐུར་བས་རྣམ་པར་རྟོག་པ་སེལ་བར་གྱུར་ཏོ། །དེ་བཞིན་དུ་ཐུགས་བདུད་རྩི་བུམ་པའི་དབང་བསྐུར་བས་ལས་དང་ཉོན་མོངས་པའི་ནད་བྱང་བའི་དབང་དམ་པ༴ སྤྲོས་མེད་སྤྲོས་བྲལ་ཆོས་ཀྱི་དབྱིངས། །བུམ་པ་བཟང་པོ་ཡུམ་གྱི་གཏེར། །ཕན་བྱེད་སྨན་པའི་མཆོག་ཡིན་ཏེ། །འགྲོ་བའི་ནད་རྣམས་སེལ་བར་ཤོག །བུམ་པ་ཟླུམ་པོ་སྤྲོས་མེད་ཆོས་ཀྱི་དབྱིངས། །ཐུགས་རྗེ་ཆེན་པོས་ཕན་མཛད་ཡུམ་གྱི་ཚུལ། །འཁོར་བ་གནས་སྐྱོབ་དྲི་མ་དག་མཛད་པ། །སྒྲིབ་སེལ་དབང་གི་བཀྲ་ཤིས་བཅུ་གཉིས་པ འོ། །ཀཱ་ལ་ཤ་ཨ་བྷི༴ །ཞེས་བུམ་ཆུས་བཀྲུ་ཞིང་བླུད་དོ། །གསུམ་པ་ཁྱད་པར་གདན་གྱི་དབང་ལ་གསུམ་ལས། དང་པོ་ཟིལ་གནོན་སེང་གེའི་གདན་གཏད་དེ། སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་སེང་གེའི་དབང་བསྐུར་བས་ལོག་པར་ལྟ་བའི་ཕྱོགས་ཟིལ་གྱིས་ནོན་པར་གྱུར་ཏོ། །དེ་བཞིན་དུ་སེང་གེའི་དབང་བསྐུར་བས་གསུང་རབ་རྒྱ་མཚོའི་སྒྲས་ཐམས་ཅད་ཟིལ་གྱིས་ནོན་ནས་སྟོང་སྤྱི་ཕུད་ཀྱིས་སེམས་ཅན་ཐམས་ཅད་སྐད་ཅིག་ལ་འཚང་རྒྱ་བར་བྱེད་པའི་སྟོན་པ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོར་འགྱུར་བའི་དབང་༴ གཟུགས་བཟང་སེམས་ཅན་ཀུན་གྱི་གཙོ་བོ་སྟེ། །ཟིལ་གནོན་སྒྲ་འབྱིན་སྡེར་ཆགས་སྐྲག་པར་བྱེད། །ཕྱོགས་མཐུན་ཀུན་བསྐྱེད་སེང་གེ་དཔལ་དང་ལྡན། །ཐམས་ཅད་ཟིལ་གནོན་དབང་མཆོག་ཐོབ་པར་ཤོག །སེང་གེ་ང་རོ་སྒྲ་ཆེན་ཐོགས་མེད་པས། །འཇིགས་མེད་འཇོམས་པའི་སྒྲ་རྣམས་བསྒྲགས་ནས་ཀྱང་། །བདུད་དཔུང་མ་ལུས་ཟིལ་གྱིས་གནོན་མཛད་པའི། །ཆེ་མཆོག་དབང་གི་བཀྲ་ཤིས་བཅུ་གསུམ་པའོ། །སིདྷ་ས་ན་ཨ་བྷི༴ གཉིས་པ་མུན་སེལ་ཉི་མ། སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་ཉི་མའི་དབང་བསྐུར་བས་མ་རིག་པའི་མུན་པ་སེལ་བའི་དབང་ཐོབ་པ་གྱུར་ཏོ། །དེ་བཞིན་དུ་ཉི་མའི་དབང་བསྐུར་བས་སྐྱེ་འགྲོ་ཐམས་ཅད་ཀྱི་རྒྱུད་ལ་ཡེ་ཤེས་འཆར་བའི་དབང་དམ་པ༴ ཉི་མ་མུན་སེལ་ཤེས་རབ་སྒྲོན། །ཀུན་ལ་གསལ་བའི་རིན་པོ་ཆེ། །ཐམས་ཅད་ཀུན་གྱི་དཔལ་དུ་ཤར། །མ་རིག་སེལ་བའི་སྒྲོན་མར་ཤོག །ཡེ་ཤེས་སྣང་བ་ཕྱོགས་བཅུར་ཁྱབ་པར་བརྡལ། །ཐུགས་རྗེ་མཆོག་གྱུར་མུན་པ་མཐའ་དག་བསལ། །རང་བཞིན་འོད་གསལ་འགྲོ་བའི་དོན་མཛད་པ། །ཤེས་རབ་དབང་གི་བཀྲ་ཤིས་བཅུ་བཞི་པའོ། །སཱུརྻ་ས་ན་ཨ་བྷི༴ གསུམ་པ་ཚ་སེལ་ཟླ་བ། སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་ཟླ་བའི་དབང་བསྐུར་བས་ཉོན་མོངས་པའི་གདུང་བ་སེལ་བའི་དབང་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་ཟླ་བའི་དབང་བསྐུར་བས་སེམས་ཅན་གྱི་ཉོན་མོངས་པའི་གདུང་བ་ཐམས་ཅད་སེལ་བའི་དབང་དམ་པ༴ ཐམས་ཅད་ཀུན་གསལ་ཆུ་ཤེལ་ལྟ་བུ་སྟེ། །དགོས་པའི་དོན་འབྱིན་དཀར་ལ་དག་པའི་ཚུལ། །ཚད་མེད་ཐབས་མཆོག་ཟླ་བ་རིན་པོ་ཆེ། །མ་རིག་མུན་སེལ་ཡེ་ཤེས་སྒྲོན་མེར་ཤོག །དཀར་ལ་དག་པའི་ཟླ་བ་དྲི་མ་མེད། །ཐབས་ཀྱི་མཚན་ཉིད་སྐྱོན་གྱིས་མ་གོས་ཏེ། །ཡོངས་སུ་དག་པས་མུན་པ་སེལ་བའི་སྨན། །ཐབས་མཆོག་དབང་གི་བཀྲ་ཤིས་བཅོ་ལྔ་པའོ། །ཙནྡྲཱ་ས་ན་ཨ་བྷི༴ བཞི་པ་རྒྱལ་སྲིད་རིན་པོ་ཆེའི་དབང་ལ། རིན་པོ་ཆེ་བདུན་དང་། ཉེ་བའི་རིན་པོ་ཆེ་དགུ་སྟེ་བཅུ་དྲུག་ལས། དང་པོ་འཁོར་ལོ། །སྔོན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཚུལ་ཇི་ལྟ་བུ་དང་ལྡན་ཞེ་ན། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་གསོ་སྦྱོང་གི་ཉི་མ་ལ་ཁྲུས་བྱས་ཏེ། ཕོ་བྲང་གི་སྟེང་འཁོར་གྱི་དབུས་ན་གནས་པའི་ཚེ་ཤར་ཕྱོགས་ཀྱི་ནམ་མཁའ་ལས་འཁོར་ལོ་རྩིབས་སྟོང་ཡོད་པ་ལྟེ་བ་མུ་ཁྱུད་དང་བཅས་པ་གསེར་ལས་གྲུབ་པ། བཟོ་བོས་མ་བྱས་པར་རང་བྱུང་བ་རྒྱལ་པོའི་ལག་པ་གཡས་སུ་བབས་སོ། །དེའི་ཚེ་རྒྱལ་པོས་བསམ་པ། རྟགས་འདི་དང་སྦྱར་ན་བདག་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིན་ངེས་སོ་སྙམ་ནས་འཁོར་ལོ་འཕངས་རྗེས་དཔུང་གི་ཚོགས་དང་བཅས་པ་ནམ་མཁར་འགྲོ་བ་ལ། གླིང་བཞིའི་རྒྱལ་པོ་ཐམས་ཅད་ཀྱིས་མདུན་ནས་བསུ་ཞིང་གནས་པའི་ཚེ་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་འགོད་པའི་དབང་དང་ལྡན་པར་གྱུར་ཏོ། །དེ་བཞིན་དུ་འཁོར་ལོ་རིན་པོ་ཆེའི་དབང་བསྐུར་བས་འཇིག་རྟེན་གསུམ་གྱི་འགྲོ་བ་མ་ལུས་པ་རྣམ་པར་གྲོལ་བའི་ལམ་ལ་འགོད་པའི་དབང་དམ་པ༴ དུས་གསུམ་རྒྱལ་བས་བསྐོར་བའི་འཁོར་ལོ་འདི། །མི་ཁོམ་རྒྱུན་གཅོད་རྒྱུ་དང་འབྲས་བུ་སྟོན། །འཁོར་ལོས་བསྒྱུར་བའི་དབང་ཕྱུག་རིན་པོ་ཆེ། །བླ་མེད་འཁོར་ལོ་དམ་པ་བསྐོར་གྱུར་ཅིག །སྟོང་ཉིད་ཡེ་ཤེས་གསལ་བའི་འཁོར་ལོ་ལ། །ཆོས་ཉིད་དབྱིངས་ལས་ཕྲིན་ལས་ཅིར་ཡང་སྟོན། །སེམས་ཅན་ཁ་ལོ་གྱེན་དུ་སྒྱུར་མཛད་པ། །ཆོས་འཁོར་དབང་གི་བཀྲ་ཤིས་བཅུ་དྲུག་པའོ། །ཙཀྲ་རཏྣ་ཨ་བྷི༴ གཉིས་པ་རྟ་མཆོག །འཁོར་ལོས་སྒྱུར་བའི་རྟ་མཆོག་རིན་པོ་ཆེ་ནི། རྨ་བྱའི་མགྲིན་པ་ལྟར་སྔོ་བ་རྔོག་མ་དམར་པོ་གླིང་བཞི་ཡུད་ཙམ་གྱིས་འཁོར་བའི་རྫུ་འཕྲུལ་དང་ལྡན་པ་ཞིག་བརྒྱ་བྱིན་གྱིས་བྱིན་ཏོ། །དེ་བཞིན་དུ་རྟ་མཆོག་རིན་པོ་ཆེའི་དབང་བསྐུར་བས་རྫུ་འཕྲུལ་དང་ལྡན་ཞིང་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་དབང་དམ་པ༴ འཁོར་བའི་སྡུག་བསྔལ་ཆུ་བོ་བཞི་ལས་སྒྲོལ། །བརྩོན་འགྲུས་མྱུར་བའི་རྫུ་འཕྲུལ་ཤུགས་ཀྱིས་འགྲོ། །ཅང་ཤེས་སྤྲིན་གྱི་ཤུགས་འཆང་རིན་པོ་ཆེ། །མི་གནས་ཡེ་ཤེས་ཡིད་བཞིན་སྤྱོད་པར་ཤོག །རྫུ་འཕྲུལ་ཐོགས་མེད་ཀུན་ཏུ་མྱུར་བའི་ཤུགས། །ཀུན་ཏུ་བགྲོད་པའི་དོན་ལ་མྱུར་བ་དང་། །རྫུ་འཕྲུལ་སྣ་ཚོགས་ཀུན་ཏུ་སྟོན་མཛད་པའི། །ཐོགས་མེད་དབང་གི་བཀྲ་ཤིས་བཅུ་བདུན་པའོ། །ཏུ་རངྒ་ཨ་ཤྭ་རཏྣ་ཨ་བྷི༴ གསུམ་པ་གླང་ཆེན། འཁོར་ལོས་སྒྱུར་བའི་གླང་པོ་རིན་པོ་ཆེ་ནི། ཁ་དོག་དཀར་པོ་ཡན་ལག་བདུན་དང་ལྡན་པ། ཕ་རོལ་གྱི་གཡུལ་ལས་རྒྱལ་བའི་མཐུ་དང་ལྡན་པ་ཞིག་བརྒྱ་བྱིན་གྱིས་བྱིན་ཏོ། །དེ་བཞིན་དུ་གླང་པོ་རིན་པོ་ཆེའི་དབང་བསྐུར་བས་བླ་མེད་ཐེག་པའི་གཞོན་པ་ལ་བརྟེན་ཏེ་རྒོལ་བ་ཟིལ་གྱིས་གནོན་པའི་དབང་དམ་པ༴ ཐེག་པ་དོན་དམ་བླ་མེད་སྟོན་པའི་མཆོག །ཡན་ལག་བདུན་མཛེས་ཀུ་མུ་དཱ་ཡི་མདོག །གདུལ་དཀའ་སྟོབས་ཆེན་གླང་པོ་རིན་པོ་ཆེ། །ཁྱུ་མཆོག་རླབས་ཆེན་སྟོབས་ལྔ་རྫོགས་པར་ཤོག །སྟོབས་མཆོག་ཕ་རོལ་ནོན་པའི་མཐུ་མངའ་བ། །གདུག་པའི་སྟོབས་ལྡན་གཞན་གྱིས་མི་རྫི་བ། །ཕ་རོལ་རྫུ་འཕྲུལ་མཐུ་སྟོབས་ནོན་མཛད་པའི། །མཐུ་སྟོབས་དབང་གི་བཀྲ་ཤིས་བཅོ་བརྒྱད་པའོ། །ཧསྟི་རཏྣ་ཨ་བྷི༴ བཞི་པ་ནོར་བུ། འཁོར་ལོས་སྒྱུར་བའི་ནོར་བུ་རིན་པོ་ཆེ་ནི། བཻཌཱུརྱའི་རང་བཞིན་ཟུར་བརྒྱད་པ། མུན་པ་སེལ་བ། གང་འདོད་མཐོང་བ། ཅི་བསམ་འབྱུང་བ། དཔག་ཚད་དུ་འོད་ཀྱིས་ཁྱབ་པ་ཞིག་བརྒྱ་བྱིན་གྱིས་བྱིན་ཏོ། །དེ་བཞིན་དུ་ནོར་བུ་རིན་པོ་ཆེའི་དབང་བསྐུར་བས་ཉོན་མོངས་པའི་མུན་པ་བསལ་ཏེ་ལྷག་མཐོང་གི་ཡེ་ཤེས་རྟོགས་པའི་དབང་དམ་པ༴ དཀོན་མཆོག་གསུམ་གྱི་ཡོན་ཏན་རིན་པོ་ཆེ། འཁོར་བའི་མུན་སེལ་བདེ་བའི་སྙིང་པོ་འབྱུང་། །དགོས་པ་མཆོད་སྦྱིན་ནོར་བདུན་ཕུན་སུམ་ཚོགས། །ཡིད་བཞིན་ནོར་བུ་རིན་ཆེན་སྤྱོད་པར་ཤོག །དགོས་འདོད་འབྱུང་བའི་ནོར་བུ་རིན་པོ་ཆེ། །ཐམས་ཅད་ཀུན་གྱི་ཡིད་དང་མཐུན་པ་ཡི། །ཆེ་བའི་ཡོན་ཏན་ཕུན་སུམ་ཚོགས་གྱུར་པའི། །ཡིད་བཞིན་དབང་གི་བཀྲ་ཤིས་བཅུ་དགུ་པའོ། །མ་ཎི་རཏྣ་ཨ་བྷི༴ ལྔ་པ་བློན་པོ། འཁོར་ལོས་སྒྱུར་བའི་བློན་པོ་རིན་པོ་ཆེ་ནི། མཁས་པ་གསལ་བ་ཡིད་གཞུངས་པ་དཔག་ཚད་ཚུན་ཆད་ཀྱི་གཏེར་མཐོང་བ། རྒྱལ་པོའི་དགོས་པ་ཐམས་ཅད་སྒྲུབ་པ་ཞིག་བྱུང་བར་གྱུར་ཏོ། །དེ་བཞིན་དུ་བློན་པོ་རིན་པོ་ཆེ་དབང་བསྐུར་བས་ལྷའི་མིག་རྣམ་པར་དག་པ་ཐོབ་ཅིང་འཕགས་པའི་ནོར་བདུན་དང་ལྡན་པའི་དབང་དམ་པ༴ གང་ལ་ཅི་འདོད་དཔག་བསམ་ཤིང་ལྟ་བུ། །འགྲོ་ལ་སྙིང་བརྩེ་ཚོགས་གཉིས་རྫོགས་པར་སྨོན། །དབང་ཕྱུག་བློན་པོའི་ནོར་བུ་རིན་པོ་ཆེ། །འཁོར་ལོས་སྒྱུར་བའི་རྒྱལ་ཐབས་ཐོབ་པར་ཤོག །མཛངས་པའི་འཕྲུལ་འབྱིན་བློན་པོ་རིན་པོ་ཆེ། །ལེགས་ཉེས་ཀུན་ཕྱེད་དཔྱོད་པའི་དོན་ལ་མཁས། །འགལ་བ་ཆམ་འབེབས་མཛངས་པའི་འཕྲུལ་བག་ཅན། །བློན་པོ་དབང་གི་བཀྲ་ཤིས་ཉི་ཤུ་པའོ། །མ་ཧཱ་ཏ་རཏྣ་ཨ་བྷི༴ དྲུག་པ་བཙུན་མོ། འཁོར་ལོས་སྒྱུར་བའི་བཙུན་མོ་རིན་པོ་ཆེ་ནི། རྒྱལ་རིགས་སུ་སྐྱེས་པ། གཟུགས་མཛེས་པ། བལྟ་ན་སྡུག་པ། མིའི་མདོག་ལས་འདས་པ། བ་སྤུའི་ཁུང་ནས་ཙནྡན་གྱི་དྲི་འབྱུང་བ། ལུས་ལ་རེག་པ་ཙམ་གྱིས་བདེ་བ་སོགས་ཡོན་ཏན་ཐམས་ཅད་དང་ལྡན་པ་ཞིག་བློན་པོས་ཕུལ་ལོ། །དེ་བཞིན་དུ་བཙུན་མོ་རིན་པོ་ཆེའི་དབང་བསྐུར་བས་ཏིང་ངེ་འཛིན་ཞི་བའི་ཆོས་ལ་དབང་འབྱོར་ཏེ་འཇིག་རྟེན་ལས་འདས་པའི་སྤྱོད་ཡུལ་ཡོངས་སུ་དག་པའི་དབང་དམ་པ༴ ཕ་རོལ་ཕྱིན་བཅུས་སེམས་ཅན་སྐྱོབ་པའི་ཕྱིར། །ཤེས་རབ་གཟུངས་འཛིན་བཙུན་མོ་རིན་པོ་ཆེ། །བསྡུ་བ་རྣམ་བཞི་ཚད་མེད་བཞི་པོ་ཡིས། །ཚེ་དང་ལོངས་སྤྱོད་དབང་རྣམས་སྤྱོད་པར་ཤོག །ཤེས་རབ་དབྱིངས་ལས་སྤྲུལ་པའི་ལྷ། །དགོས་པའི་དོན་འགྲུབ་བཙུན་མོ་སྟེ། །སྨོན་ལམ་མཐུ་སྟོབས་འབྲེལ་བ་ཡི། །དབང་གི་བཀྲ་ཤིས་ཉེར་གཅིག་པའོ། །ཝ་ཏི་རཏྣ་ཨ་བྷི༴ བདུན་པ་དམག་དཔོན། འཁོར་ལོས་སྒྱུར་བའི་དམག་དཔོན་རིན་པོ་ཆེ་ནི། མཁས་པ། དཔའ་བ། ཕ་རོལ་གྱི་དཔུང་ཟིལ་གྱིས་གནོན་པའི་དགྲ་འཐབ་ཀྱི་སྦྱོར་བ་ལ་མཁས་པས་བདོ་བ་འཇོམས་ནུས་ཀྱང་གཞན་ལ་མི་འཚེ་བ་ཞིག་བྱུང་བར་གྱུར་ཏོ། །དེ་བཞིན་དུ་དམག་དཔོན་རིན་པོ་ཆེའི་དབང་བསྐུར་བས་འཇིག་ཚོགས་ཀྱི་ལྟ་བའི་རི་བོ་ཉི་ཤུ་འཇོམས་པའི་དབང་དམ་པ༴ གནོད་པའི་དཔུང་འཇོམས་བརྩོན་འགྲུས་གོ་བགོས་ཏེ། །འཇིགས་པའི་སྐྱབས་བྱེད་འགྲོ་ལ་མི་འཇིགས་སྦྱིན། །ཐབས་དང་ཤེས་རབ་ལྡན་པའི་དམག་དཔོན་འདིའི། །མཐུ་སྟོབས་རྫུ་འཕྲུལ་དཔུང་གིས་དེང་བསྲུང་ཤོག །དྲག་ཤུལ་དྲེགས་པས་ཕ་རོལ་འཇོམས་མཛད་པ། །ཉོན་མོངས་མི་ཤེས་གཡུལ་ངོ་སེལ་བྱེད་ཅིང་། །རྣམ་པར་རྟོག་པའི་ཚོགས་ཀྱིས་མི་ཚུགས་པའི། །འདུལ་ཐབས་དབང་གི་བཀྲ་ཤིས་ཉེར་གཉིས་པའོ། །ཁངྒ་རཏྣ་ཨ་བྷི༴ བརྒྱད་པ་ཉེ་བའི་རཏྣ་རལ་གྲི། སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་ཡེ་ཤེས་ཀྱི་རལ་གྲིའི་དབང་བསྐུར་བས་ཉོན་མོངས་པའི་དྲྭ་བ་གཅོད་པའི་དབང་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་རལ་གྲིའི་དབང་བསྐུར་བས་སྡུག་བསྔལ་གྱི་རྒྱུ་འཁྲུལ་པའི་དྲྭ་བ་གཅོད་པའི་དབང་དམ་པ༴ སྒྲིབ་པའི་དྲྭ་བ་ཀུན་བཅད་དེ། །མི་ཤེས་དྲྭ་བ་གཅོད་ཚུལ་དུ། །རྣོན་པོས་བག་ཆགས་གཅོད་པ་སྟེ། །ཐམས་ཅད་ཀུན་ལས་རྒྱལ་བར་ཤོག །སྒྲིབ་གཉིས་དྲྭ་བ་ཧྲོལ་བྱེད་པ། །ཡེ་ཤེས་རྣོ་བ་ཐོགས་པ་མེད། །མི་ཤེས་བག་ཆགས་གཅོད་བྱེད་པའི། །དབང་གི་བཀྲ་ཤིས་ཉེར་གསུམ་པའོ། །ཁངྒོ་པ་རཏྣ་ཨ་བྷི༴ དགུ་པ་མདའ་གཞུ། སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་མདའ་གཞུའི་དབང་བསྐུར་བས་ཐབས་ཤེས་འབྲེལ་བའི་དབང་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་མདའ་གཞུའི་དབང་བསྐུར་བས་ཐབས་ཤེས་ཟུང་འཇུག་རྣམ་ཐར་རྒྱ་མཚོའི་དབང་དམ་པ༴ རྒོལ་བའི་ཕྱོགས་འཇོམས་མྱུར་བའི་ཤུགས་འཆང་བའི། ཐབས་ཀྱིས་འདུལ་ལ་ཉེས་པས་མ་གོས་ཏེ། །དངོས་པོ་ཀུན་འཇོམས་ཕ་རོལ་འབིགས་བྱེད་པ། །ཐབས་ཀྱིས་འདུལ་བའི་དབང་མཆོག་ཐོབ་པར་ཤོག །ཐབས་ཤེས་དབྱེར་མེད་རང་བཞིན་རོ་གཅིག་པའི། །ཐུགས་རྗེ་མྱུར་མགྱོགས་ཐབས་ཚོགས་འགྲོ་ལ་འབྱུང་། །ཡང་རབ་རྩལ་མཆོག་བློ་གྲོས་རྣམ་པར་གནོན། །ཐབས་ཤེས་དབང་གི་བཀྲ་ཤིས་ཉེར་བཞི་པའོ། །དྷ་ནུ་ཤ་རོ་པ་རཏྣ་ཨ་བྷི༴ བཅུ་པ་གནམ་རལ། སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་གནམ་རལ་གྱི་དབང་བསྐུར་བས་བར་དུ་གཅོད་པའི་བདུད་བཅོམ་པར་གྱུར་ཏོ། །དེ་བཞིན་དུ་གནམ་རལ་གྱི་དབང་བསྐུར་བས་བདུད་དཔུང་མཐའ་དག་འཇོམས་པའི་དབང་དམ་པ༴ སྟོབས་ལྡན་དབང་ཕྱུག་མཐུ་སྟོབས་ཆེ་བ་ཡི། །བདུད་དཔུང་ཕས་ཀྱི་བདོ་བ་ཀུན་བཏུལ་ནས། །ཆེ་བཙན་དྲག་པོ་ཀུན་ལས་རྒྱལ་བ་དང་། །ཐམས་ཅད་མཐུ་སྟོབས་ཀུན་ལ་དབང་བྱེད་ཤོག །རིན་ཆེན་རྒྱན་མཛེས་གནམ་རལ་རིན་པོ་ཆེ། །ལོག་པའི་ཕྱོགས་ཀུན་ཚར་གཅོད་ཟིལ་གྱིས་གནོན། །ཐབས་ལ་མཁས་པའི་སྡེ་དཔུང་ཆེན་པོ་སྟེ། །རྒྱལ་ཐབས་དབང་གི་བཀྲ་ཤིས་ཉེར་ལྔ་པའོ། །ཁངྒོ་པ་རཏྣ་ཨ་བྷི༴ བཅུ་གཅིག་པ་ཤན་གྲི། སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་ཤན་ཉེ་བ་རིན་པོ་ཆེའི་དབང་བསྐུར་བས་འཁོར་བའི་སྒྲིབ་པ་གཅོད་པའི་དབང་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་ཤན་ཉེ་བ་རིན་པོ་ཆེའི་དབང་བསྐུར་བས་འཁོར་བའི་སྒྲིབ་པ་གཅོད་པའི་དབང་དམ་པ༴ ཉོན་མོངས་སྒྲིབ་པའི་དྲྭ་བ་གཅོད་པ་དང་། །དངོས་པོ་མཚན་མ་མ་ལུས་གཞོམ་པ་དང་། །མི་ཤེས་རྣམ་པར་རྟོག་པ་བསྒྲལ་བའི་ཕྱིར། །གདུག་པ་འཇོམས་པའི་དབང་རྣམས་ཐོབ་པར་ཤོག །རིན་ཆེན་མཛེས་པའི་ཤན་མཆོག་རིན་པོ་ཆེ། །རྣམ་གཅོད་རྣོ་བས་ཕ་རོལ་ཉེས་པ་གཅོད། །ཡེ་ཤེས་རྣོན་པོ་ཀུན་གྱི་ཡིད་དུ་འོང་། །ཉེས་གཅོད་དབང་གི་བཀྲ་ཤིས་ཉེར་དྲུག་པའོ། །ཀརྟྱུ་པ་རཏྣ་ཨ་བྷི༴ བཅུ་གཉིས་པ་ཞྭ། སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་ཞྭ་ཉེ་བའི་རིན་པོ་ཆེའི་དབང་བསྐུར་བས་བགེགས་དང་ལོག་འདྲེན་མེད་པ་ཚེའི་དབང་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་ཞྭ་ཉེ་བའི་རིན་པོ་ཆེའི་དབང་བསྐུར་བས་བགེགས་དང་བར་ཆད་གང་གིས་ཀྱང་མི་ཚུགས་པ་ཚེ་གཡུང་དྲུང་ལྟ་བུའི་དབང་དམ་པ༴ ཚ་གྲང་བསིལ་འཇམ་དབུ་ཞྭ་འདི། །གདུང་བ་སེལ་བའི་རིན་པོ་ཆེ། །འབྲས་བུ་ཐར་པ་ཐོབ་བྱའི་ཕྱིར། །འཇིགས་པ་བཞི་ཡི་སྐྱབས་སུ་ཤོག །རིན་ཆེན་རྒྱན་མཆོག་དབུ་ཞྭ་རིན་པོ་ཆེ། །འཇིགས་པ་བཞི་སྐྱོབ་ལོག་པའི་སྐྱོན་ལས་གྲོལ། །མི་འགྱུར་གཡུང་དྲུང་ཚེ་ཡི་དབང་ཐོབ་པའི། །གཡུང་དྲུང་དབང་གི་བཀྲ་ཤིས་ཉེར་བདུན་པའོ། །ཁོ་ལོ་པ་རཏྣ་ཨ་བྷི༴ བཅུ་གསུམ་པ་ཁབ་སྐུད། སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་ཚངས་པའི་ཁབ་སྐུད་ཀྱི་དབང་བསྐུར་བས་ལེགས་པའི་ཡོན་ཏན་གྲུབ་པའི་དབང་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་ཉེ་བའི་རིན་པོ་ཆེ་ཁབ་སྐུད་ཀྱི་དབང་བ་སྐུར་བས་ལེགས་པའི་ཡོན་ཏན་མཐའ་དག་གྲུབ་པའི་དབང་དམ༴ ཚངས་པའི་ཁབ་སྐུད་ཉེ་བའི་བཀྲ་ཤིས་ཏེ། །ལེགས་པའི་ཡོན་ཏན་ཚང་བར་རྫོགས་པའི་དཔལ། །ཉེས་པ་ཀུན་གྲོལ་ལེགས་པའི་རང་བཞིན་ཅན། །ཕུན་སུམ་ཚོགས་པའི་དཔལ་གྱིས་འབྱོར་བར་ཤོག །ཚངས་པའི་ཁབ་སྐུད་ལེགས་པའི་དགོས་པ་གྲུབ། །གང་ལ་ཡིད་དང་འཚམས་པ་དྲུབས་བྱེད་པ། །དོན་གྱི་ཐུགས་རྗེ་ཆེན་པོས་མཚམས་སྦྱོར་བའི། ཁབ་སྐུད་དབང་གི་བཀྲ་ཤིས་ཉེར་བརྒྱད་པའོ། །སཱུ་ཙི་སཱུ་ཏྲོ་པ་རཏྣ་ཨ་བྷི༴ བཅུ་བཞི་པ་ན་བཟའ། སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་ན་བཟའ་རིན་པོ་ཆེའི་དབང་བསྐུར་བས་གྲང་བའི་སྡུག་བསྔལ་ལས་སྐྱོབ་པའི་དབང་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་གོས་རིན་པོ་ཆེའི་དབང་བསྐུར་བས་འདི་ཕྱིར་གྲང་བའི་ཉོན་མོངས་པ་ཞི་བའི་དབང་དམ་པ༴ ཉེས་པ་ཀུན་སྐྱོབ་ན་བཟའ་རིན་པོ་ཆེ། །བདེ་མཆོག་ཡིད་བཞིན་ཟད་པ་མེད་པ་སྟེ། །ཡོན་ཏན་ཚང་བའི་ན་བཟའ་དམ་པ་འདི། །འདི་དང་ཕ་རོལ་གཉིས་སུ་གྱོན་པར་ཤོག །རིན་ཆེན་ན་བཟའ་ཇི་བཞིན་ལྟ་ན་སྡུག །ཆེ་ཆུང་འཚམས་ཤིང་དྲོ་ལ་དབྱིབས་ལེགས་མཛེས། །ཡོན་ཏན་བླ་མེད་འཕགས་པའི་སྐུ་དང་མཚུངས། །ཆོས་རྟགས་དབང་གི་བཀྲ་ཤིས་ཉེར་དགུ་པའོ། །ཝཱ་སོ་པ་རཏྣ་ཨ་བྷི༴ བཅོ་ལྔ་པ་ཕྱགས་མཆོག །སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་ཕྱགས་ཉེ་བ་རིན་པོ་ཆེའི་དབང་བསྐུར་བས་ཐུགས་རྗེ་འགྲོ་བའི་དོན་ལ་གཤེགས་པའི་དབང་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་ཕྱགས་ཉེ་བ་རིན་པོ་ཆེའི་དབང་བསྐུར་བས་ཐུགས་རྗེས་འགྲོ་བའི་དོན་ལ་བགྲོད་པའི་དབང་དམ་པ༴ རིན་ཆེན་ཕྱགས་ཀྱིས་དབང་བསྐུར་བས། །ཀུན་ལ་སྙོམས་པའི་ཐུགས་རྗེ་ཡིས། །སེམས་ཅན་དོན་ལ་ཐོགས་མེད་དེ། །འགྲོ་བ་འདྲེན་པའི་དཔལ་དུ་ཤོག །རིན་ཆེན་མཛེས་པའི་ཕྱག་མཆོག་དམ་པ་འདིས། །གར་ཡང་ཐོགས་མེད་ཕྱོགས་བཅུར་བགྲོད་ནས་ཀྱང་། །དོན་རྣམས་མ་ལུས་རྫོགས་པར་བྱ་བ་ཡི། །ཡོངས་ཁྱབ་དབང་གི་བཀྲ་ཤིས་སུམ་ཅུ་པའོ། །མོ་ཙོ་པ་རཏྣ་ཨ་བྷི༴ བཅུ་དྲུག་པ་ཀྲྀཥྞ་སཱ་རའི་པགས་གདན། སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཀྲྀཥྞ་སཱ་རའི་པགས་པ་རིན་པོ་ཆེའི་དབང་བསྐུར་བས་སྙིང་རྗེའི་སེམས་ཅན་འདྲེན་པའི་དབང་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་པགས་པ་རིན་པོ་ཆེའི་དབང་བསྐུར་བས་ཐུགས་རྗེ་འགྲོ་བའི་དོན་རྒྱ་ཆེན་པོ་བྱེད་པའི་དབང་དམ་པ༴ ཀྲྀཥྞ་སཱ་རའི་པགས་པ་མཆོག་ཏུ་ཤིས། །སེམས་ཅན་ཀུན་ལ་སྙོམས་པའི་སྙིང་རྗེ་ཅན། །ཡོན་ཏན་མཐའ་དག་ཚང་བའི་བྱང་ཆུབ་སེམས། །སྙིང་རྗེས་འགྲོ་དོན་དགོངས་པ་འགྲུབ་པར་ཤོག །སྙིང་རྗེ་ཚད་མེད་སེམས་ཅན་ཀུན་ལ་དགོངས། །ཉམ་ཐག་འཕོངས་པ་མགོན་མེད་རྣམས་ཀྱི་སྐྱབས། །སེམས་ཅན་འཁོར་བའི་གནས་ནས་འདྲེན་མཛད་པའི། །འགྲོ་དོན་དབང་གི་བཀྲ་ཤིས་སོ་གཅིག་པའོ། །ཙརྨོ་པ་རཏྣ་ཨ་བྷི༴ ལྔ་པ་བཀྲ་ཤིས་རྫས་ཀྱི་དབང་ལ་བཅུ་དྲུག་ལས། དང་པོ་ཡུངས་ཀར། སྔོན་བཅོམ་ལྡན་འདས་ཀྱིས་ཡུངས་ཀར་བགེགས་ཀྱི་གཉེན་པོར་བྱིན་གྱིས་བརླབས་པ་དེ་བཞིན་དུ་རྫས་འདིས་བགེགས་རིགས་སྟོང་ཕྲག་བརྒྱད་ཅུས་མི་ཚུགས་ཤིང་མཐུ་སྟོབས་ཕུན་སུམ་ཚོགས་པའི་དབང་དམ་པ༴ ཡུངས་ཀར་རྡོ་རྗེའི་རིགས་མཆོག་ཆེན་པོ་སྟེ། །རྟོག་བྲལ་མཉམ་ཉིད་ཡེ་ཤེས་རྡོ་རྗེ་ཡིས། །རྟོག་པའི་བགེགས་རྣམས་རབ་ཏུ་འཇོམས་མཛད་པ། །ཕྱོགས་དུས་ཀུན་ཏུ་བགེགས་རྣམས་ཞི་བར་ཤོག །ཡུངས་ཀར་རྡོ་རྗེས་བགེགས་ཚོགས་འདུལ། །བགེགས་རྣམས་འཇོམས་པའི་མཐུ་སྟོབས་ལྡན། །དགྲ་བགེགས་ཀུན་ལས་རྒྱལ་བ་ཡི། །དབང་གི་བཀྲ་ཤིས་སོ་གཉིས་པའོ། །སཪྵ་པ་དྲ་བྱ་ཨ་བྷི༴ གཉིས་པ་ཞོ། སྔོན་བཅོམ་ལྡན་འདས་ལ་ཁྱིམ་བདག་བཟང་སྐྱོང་གིས་ཞོ་ཕུལ་བ་གཟི་མདངས་དང་ལྡན་པའི་རྫས་སུ་བྱིན་གྱིས་བརླབས་པ་དེ་བཞིན་དུ་ཏིང་ངེ་འཛིན་གྱི་གཟི་བརྗིད་དང་ལྡན་པའི་དབང་དམ་པ༴ ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་བྱང་ཆུབ་སེམས་རྟོགས་ཤིང་། །ཡོན་ཏན་ཀུན་གྱི་སྙིང་པོར་གྱུར་པ་ཡི། །བཀྲ་ཤིས་དེས་ནི་སྙིང་པོ་ཐོབ་པར་ཤོག །ཞོ་ནི་བཅུད་ལྡན་བཀྲ་ཤིས་རྫས་ཀྱི་མཆོག །འདོད་པའི་དོན་འབྱུང་འདོད་འཇོའི་བ་ལས་བྱུང་། །ཉོན་མོངས་འཕོངས་པ་ངོམས་ཤིང་ཚིམ་བྱེད་པ། །བཅུད་ལྡན་དབང་གི་བཀྲ་ཤིས་སོ་གསུམ་པའོ། །ད་དྷི་དྲ་བྱ་ཨ་བྷི༴ གསུམ་པ་དུརྦ། སྔོན་བཅོམ་ལྡན་འདས་ལ་བྲམ་ཟེ་ཀུཎྜ་ལིས་རྩྭ་དུརྦ་ཕུལ་བ་རྒྱུ་ཆུང་ངུ་ལས་འབྲས་བུ་མང་པོ་འབྱུང་བར་བྱིན་གྱིས་བརླབས་པ་དེ་བཞིན་དུ་དགེ་བ་ཆུང་ངུ་ལས་བསོད་ནམས་ཕུན་སུམ་ཚོགས་པ་འཕེལ་བའི་དབང་དམ་པ་ཐོབ་པར༴ དུརྦས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་གྲུབ་པས། །སྐྱེ་ཤི་གཉིས་ཀྱི་སྡུག་བསྔལ་རྒྱུན་ཆད་དེ། །འཆི་བ་མེད་པ་ཚེ་ཡི་རིག་འཛིན་ཤོག །དུརྦའི་རྩ་མཆོག་བསོད་ནམས་མང་པོ་འཕེལ། །བཀྲ་ཤིས་ལོ་འདབ་འབྲས་བུ་ཡང་དག་རྒྱས། །ཡིད་ལ་གང་བསམ་འཕྲལ་དུ་འགྲུབ་བྱེད་པའི། །འདོད་འབྱུང་དབང་གི་བཀྲ་ཤིས་སོ་བཞི་པའོ། །དུརྦཱ་དྲ་བྱ་ཨ་བྷི༴ བཞི་པ་ལི་ཁྲི། སྔོན་བཅོམ་ལྡན་འདས་ལ་སའི་ལྷ་མོ་བརྟན་མས་ལི་ཁྲི་ཕུལ་བ་དབང་གི་རང་བཞིན་དུ་བྱིན་གྱིས་བརླབས་པ་དེ་བཞིན་དུ་ཐུགས་རྗེ་ཆེན་པོས་སེམས་ཅན་རྗེས་སུ་འཛིན་པའི་དབང་དམ་པ་ཐོབ་པར༴ ལི་ཁྲི་དམར་པོ་དབང་གི་རང་བཞིན་ཅན། །ཆོས་རྣམས་མ་ལུས་དབང་དུ་གྱུར་པ་ཡི། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ནི་བསྟན་པ་རྒྱས་གྱུར་ཅིག ཁ་དོག་དམར་པོ་ནུབ་ཕྱོགས་པདྨའི་རིགས། །ཆགས་པ་གཉིས་ལྡན་བདག་གཞན་དོན་གཉིས་འགྲུབ། །གསུང་གི་བདག་ཉིད་དོན་སྟོན་བཀྲ་ཤིས་རྫས། །སྐུ་ཚེ་དབང་གི་བཀྲ་ཤིས་སོ་ལྔ་པའོ། །སིནྡྷཱུ་ར་དྲ་བྱ་ཨ་བྷི༴ ལྔ་པ་མེ་ལོང་། སྔོན་བཅོམ་ལྡན་འདས་ཀྱིས་ཀུན་གཞིའི་རྣམ་ཤེས་ལན་གསུམ་གྱི་བར་དུ་གནས་གྱུར་པ་མེ་ལོང་ལྟ་བུའི་ཡེ་ཤེས་བརྙེས་ནས་མངོན་པར་རྫོགས་པ་སངས་རྒྱས་པ་བཞིན་དུ་མེ་ལོང་གི་དབང་བསྐུར་བས་བག་ལ་ཉལ་གྱི་དྲི་མ་ཕྲ་མོའང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བཅོམ་ནས་མངོན་པར་རྫོགས་པར་འཚང་རྒྱ་བའི་དབང་དམ་པ༴ མེ་ལོང་ཡེ་ཤེས་ཆེན་པོའི་གཟུགས་བརྙན་ཏེ། །ཡེ་ཤེས་རྒྱ་མཚོའི་ཉིད་དུ་དག་གྱུར་ནས། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ནི་སྒྲིབ་པ་དག་གྱུར་ཅིག །མེ་ལོང་གདོང་བསྟན་བྱད་ཀྱི་དྲི་མ་སེལ། །དེ་བཞིན་ཉོན་མོངས་ཤེས་བྱའི་སྒྲིབ་པ་སེལ། །གསལ་ལ་རང་བཞིན་མེད་པའི་ཆོས་ཉིད་ལ། །ཡེ་ཤེས་གསལ་བའི་བཀྲ་ཤིས་སོ་དྲུག་པའོ། །ཨཱ་དཪྴ་དྲ་བྱ་ཨ་བྷི༴ དྲུག་པ་དུང་། སྔོན་བཅོམ་ལྡན་འདས་ལ་བརྒྱ་བྱིན་གྱིས་དུང་གཡས་འཁྱིལ་ཕུལ་བས་གསུང་དབྱངས་ཡན་ལག་དྲུག་ཅུས་ཆོས་ཀྱི་འཁོར་ལོ་བསྐོར་བ་བཞིན་དུ་ཚངས་པའི་སྒྲ་སྐད་ཕུན་སུམ་ཚོགས་པས་ཆོས་སྒྲ་སྒྲོག་པའི་དབང་དམ་པ༴ དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོག་པའི་ཚུལ། །ཡོན་ཏན་རྒྱ་མཚོ་མཆོག་ཏུ་དག་གྱུར་ནས། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ནི་ཚིག་ལ་དབང་ཐོབ་ཤོག །ཆོས་སྒྲ་ཆེན་པོ་ཕྱོགས་བཅུར་གྲགས་པ་ཡང་། །རྒྱལ་བའི་གསུང་མཆོག་དུང་གི་འབྲས་བུ་སྟེ། །མ་ལུས་འགྲོ་བ་ཀུན་གྱི་རྒྱུད་འགྲོལ་བའི། །གསུང་མཆོག་དབང་གི་བཀྲ་ཤིས་སོ་བདུན་པའོ། །ཤདྑ་དྲ་བྱ་ཨ་བྷི༴ བདུན་པ་གི་ཝཾ། སྔོན་བཅོམ་ལྡན་འདས་ལ་གླང་པོ་ཆེ་ས་སྲུངས་ཀྱིས་གི་ཝཾ་ཕུལ་བ་བདུད་བཞི་ལས་གྲོལ་བར་བྱིན་གྱིས་བརླབས་པ་བཞིན་དུ་ཉོན་མོངས་པའི་ནད་ཐམས་ཅད་ཐར་པའི་དབང་དམ་པ༴ གི་ཝཾ་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ཏེ། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ནི་སྡུག་བསྔལ་ཞི་བར་ཤོག །ཡོན་ཏན་ལྡན་པས་བཞི་བརྒྱ་རྩ་བཞི་སེལ། །སྨན་མཆོག་སྐྱེ་འགྲོ་མ་ལུས་ཀུན་གྱི་གསོས། །བྱིན་གྱིས་བརླབས་པ་བཀྲ་ཤིས་ཚེ་ཡི་རྒྱུ། །ནད་མེད་དབང་གི་བཀྲ་ཤིས་སོ་བརྒྱད་པའོ། །གོ་རོ་ཙ་ན་དྲ་བྱ་ཨ་བྷི༴ བརྒྱད་པ་བིལྦ། སྔོན་བཅོམ་ལྡན་འདས་ལ་ཤིང་གི་ལྷ་མོ་འོད་འཆང་གིས་བིལྦ་ཕུལ་བས་འབྲས་བུའི་ཆོས་རྣམས་ཡོངས་སུ་རྫོགས་པ་དེ་བཞིན་དུ་སྐུ་དང་ཡེ་ཤེས་སྟོབས་དང་མི་འཇིགས་པ་སོགས་འབྲས་བུའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པའི་དབང་དམ་པ༴ བིལྦ་རྒྱུ་རྐྱེན་འབྲས་བུར་བཅས་བའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ནི་དོན་ཀུན་གྲུབ་པར་ཤོག །ཡལ་ག་ལོ་འདབ་མེ་ཏོག་གཡུ་ལོར་འཁྱིལ། །འབྲས་བུ་ཡིད་འོང་འབྱོར་བའི་ལོངས་སྤྱོད་ལྡན། །འདོད་དགུ་ཀུན་དང་མཐུན་པར་སྤྱོད་པ་ཡི། །ཕུན་ཚོགས་དབང་གི་བཀྲ་ཤིས་སོ་དགུ་པའོ། །བིལྦ་དྲ་བྱ་ཨ་བྷི༴ དགུ་པ་དཔལ་བེའུ། སྔོན་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཅོམ་ལྡན་འདས་ལ་བདུད་ཀྱིས་རྒོལ་བའི་ཚེ་ཐུགས་དཔལ་བེའུར་བཀྲ་ཤིས་པ་དེ་བཞིན་དུ་དཔལ་བེའུའི་དབང་བསྐུར་བས་ཐུགས་དཔལ་བེའུར་བཀྲ་ཤིས་པའི་དབང་དམ་པ༴ དཔལ་བེའུ་ཐུགས་ཀྱི་བཀྲ་ཤིས་ཏེ། །འདྲེན་པ་རྣམས་ཀྱི་ཐུགས་ལགས་པས། །བླ་མེད་ཐར་ལམ་དྲང་བའི་ཕྱིར། །ཐུགས་དཔལ་བེའུའི་བཀྲ་ཤིས་ཤོག །གཞན་གྱིས་མི་ཐུབ་ཆེ་བའི་རྟགས་དང་ལྡན། །བདོ་བའི་ཕྱོགས་རྣམས་ཀུན་ལས་ཁྱད་པར་འཕགས། །ཐུགས་ཀ་ཉིད་ལས་མངོན་པར་གསལ་བར་སྟོན། །དཔལ་བེའུ་དབང་གི་བཀྲ་ཤིས་བཞི་བཅུ་པའོ། །ཤྲཱི་བཏྶ་དྲ་བྱ་ཨ་བྷི༴ བཅུ་པ་འཁོར་ལོ། སྔོན་བཅོམ་ལྡན་འདས་ལ་བདུད་ཀྱིས་རྒོལ་བའི་ཚེ་ཕྱག་ཞབས་འཁོར་ལོར་བཀྲ་ཤིས་པ་དེ་བཞིན་དུ་འཁོར་ལོའི་དབང་བསྐུར་བས་ཕྱག་ཞབས་འཁོར་ལོས་མཚན་པའི་དབང་དམ་པ༴ འཁོར་ལོའི་བཀྲ་ཤིས་ཕྱག་ཞབས་མཐིལ། །སྐྱོབ་པ་སངས་རྒྱས་ལྷ་ཡི་ལྷ། །ཉོན་མོངས་སེམས་ཅན་དམན་པའི་གསོས། །ཕྱག་ཞབས་འཁོར་ལོའི་བཀྲ་ཤིས་ཤོག །གཞན་གྱིས་མི་ཐུབ་ཆེ་བའི་རྟགས་དང་ལྡན། །བདོ་བའི་ཕྱོགས་རྣམས་ཀུན་ལས་ཁྱད་པར་འཕགས། །ཕྱག་ཞབས་མཐིལ་ལ་མངོན་པར་གསལ་བར་སྟོན། །འཁོར་ལོ་དབང་གི་བཀྲ་ཤིས་ཞེ་གཅིག་པའོ། །ཙཀྲ་དྲ་བྱ་ཨ་བྷི༴ བཅུ་གཅིག་པ་པདྨ། སྔོན་བཅོམ་ལྡན་འདས་ལ་བདུད་ཀྱིས་རྒོལ་བའི་ཚེ་ལྗགས་པདྨར་བཀྲ་ཤིས་པ་དེ་བཞིན་དུ་པདྨས་དབང་བསྐུར་བས་ལྗགས་པདྨས་མཚན་པའི་དབང་དམ་པ༴ གསུང་མཆོག་པདྨ་ཆོས་ཀྱི་རྒྱལ། །ཉོན་མོངས་མ་གོས་པདྨའི་གསུང་། །ཐམས་ཅད་སྒྲོལ་བའི་གསུང་ལགས་ཏེ། །ལྗགས་མཆོག་པདྨའི་བཀྲ་ཤིས་ཤོག །གཞན་གྱིས་མི་ཐུབ་ཆེ་བའི་རྟགས་དང་ལྡན། །བདོ་བའི་ཕྱོགས་རྣམས་ཀུན་ལས་ཁྱད་པར་འཕགས། །ལྗགས་ཀྱི་མཆོག་ལས་མངོན་པར་གསལ་བར་སྟོན། །པདྨ་དབང་གི་བཀྲ་ཤིས་ཞེ་གཉིས་པའོ། །པདྨ་དྲ་བྱ་ཨ་བྷི༴ བཅུ་གཉིས་པ་རྒྱལ་མཚན། སྔོན་བཅོམ་ལྡན་འདས་ལ་བདུད་ཀྱིས་རྒོལ་བའི་ཚེ་སྐུ་རྒྱལ་མཚན་དུ་བཀྲ་ཤིས་པ་དེ་བཞིན་དུ་རྒྱལ་མཚན་གྱི་དབང་བསྐུར་བས་སྐུ་རྒྱལ་མཚན་གྱིས་མཚན་པའི་དབང་དམ་པ༴ མི་ནུབ་རྒྱལ་མཚན་བརྟན་པའི་སྐུ། །ཐམས་ཅད་བདུད་ཀྱི་སྡེ་བཏུལ་ནས། །དཔུང་བཅོམ་སངས་རྒྱས་སྐུ་གཏོད་དེ། །སྐུ་མཆོག་རྒྱལ་མཚན་བཀྲ་ཤིས་ཤོག །གཞན་གྱིས་མི་ཐུབ་ཆེ་བའི་རྟགས་དང་ལྡན། །བདོ་བའི་ཕྱོགས་རྣམས་ཀུན་ལས་ཁྱད་པར་འཕགས། །སྐུ་ཡི་མཆོག་ལས་མངོན་པར་གསལ་བར་སྟོན། །རྒྱལ་མཚན་དབང་གི་བཀྲ་ཤིས་ཞེ་གསུམ་པའོ། །དྷཱ་ཛ་དྲ་བྱ་ཨ་བྷི༴ བཅུ་གསུམ་པ་བུམ་པ། སྔོན་བཅོམ་ལྡན་འདས་ལ་བདུད་ཀྱིས་རྒོལ་བའི་ཚེ་མགུལ་བུམ་པར་བཀྲ་ཤིས་པ་དེ་བཞིན་དུ་བུམ་པའི་དབང་བསྐུར་བས་མགུལ་བུམ་པས་མཚན་པའི་དབང་དམ་པ༴ བཀྲ་ཤིས་བུམ་པ་དམ་པ་འདིས། །བཅོམ་ལྡན་འདས་ཀྱི་མགུལ་ལགས་ཏེ། །མགུལ་མཆོག་བཀྲ་ཤིས་འདི་བྱིན་པས། །བུམ་པའི་བཀྲ་ཤིས་ཐོབ་པར་ཤོག །གཞན་གྱིས་མི་ཐུབ་ཆེ་བའི་རྟགས་དང་ལྡན། །བདོ་བའི་ཕྱོགས་རྣམས་ཀུན་ལས་ཁྱད་པར་འཕགས། །མགུལ་གྱི་མཆོག་ལས་མངོན་པར་གསལ་བར་སྟོན། །བུམ་པ་དབང་གི་བཀྲ་ཤིས་ཞེ་བཞི་པའོ། །གྷ་ཊ་དྲ་བྱ་ཨ་བྷི༴ བཅུ་བཞི་པ་གདུགས། སྔོན་བཅོམ་ལྡན་འདས་ལ་བདུད་ཀྱིས་རྒོལ་བའི་ཚེ་དབུ་གདུགས་སུ་བཀྲ་ཤིས་པ་དེ་བཞིན་དུ་གདུགས་ཀྱི་དབང་བསྐུར་བས་དབུ་གདུགས་ཀྱིས་མཚན་པའི་དབང་དམ་པ༴ གདུགས་ཀྱིས་ཚ་བའི་སྡུག་བསྔལ་ཀུན་བསལ་ཏེ། །ཉོན་མོངས་མ་ལུས་ཀུན་ལས་རྒྱལ་བ་དང་། །ཆེ་བའི་ཡོན་ཏན་མ་ལུས་རྒྱས་པ་སྟེ། །ལོག་པའི་ཕྱོགས་རྣམས་ཟིལ་གྱིས་གནོན་པར་ཤོག །གཞན་གྱིས་མི་ཐུབ་ཆེ་བའི་རྟགས་དང་ལྡན། །བདོ་བའི་ཕྱོགས་རྣམས་ཀུན་ལས་ཁྱད་པར་འཕགས། །དབུ་སྐྲའི་མཆོག་ལས་མངོན་པར་གསལ་བར་སྟོན། །གདུགས་མཆོག་དབང་གི་བཀྲ་ཤིས་ཞེ་ལྔ་པའོ། །ཚྭ་ཏྲ་དྲ་བྱ་ཨ་བྷི༴ བཅོ་ལྔ་པ་དུང་། སྔོན་བཅོམ་ལྡན་འདས་ལ་བདུད་ཀྱིས་རྒོལ་བའི་ཚེ་ཚེམས་དུང་དུ་བཀྲ་ཤིས་པ་དེ་བཞིན་དུ་དུང་གི་དབང་བསྐུར་བས་ཚེམས་དུང་གིས་མཚན་པའི་དབང་དམ་པ༴ སྙན་པའི་སྒྲ་རྣམས་ཕྱོགས་བཅུར་སྒྲོག་པ་དང་། །མུ་སྟེགས་ལོག་པའི་ཕྱོགས་རྣམས་སྐྲག་བྱེད་ཅིང་། །སེམས་ཅན་ཀུན་གྱི་ཤེས་པ་སྒྲོལ་བའི་ཕྱིར། །གསུང་མཆོག་དུང་གི་རྒྱལ་པོའི་བཀྲ་ཤིས་ཤོག །གཞན་གྱིས་མི་ཐུབ་ཆེ་བའི་རྟགས་དང་ལྡན། །བདོ་བའི་ཕྱོགས་རྣམས་ཀུན་ལས་ཁྱད་པར་འཕགས། །གསུང་གི་མཆོག་ལས་མངོན་པར་གསལ་བར་སྟོན། །དུང་དཀར་དབང་གི་བཀྲ་ཤིས་ཞེ་དྲུག་པའོ། །ཤངྑ་དྲ་བྱ་ཨ་བྷི༴ བཅུ་དྲུག་པ་གསེར་ཉ། སྔོན་བཅོམ་ལྡན་འདས་ལ་བདུད་ཀྱིས་རྒོལ་བའི་ཚེ་ཉྭ་བཞི་ཉར་བཀྲ་ཤིས་པ་དེ་བཞིན་དུ་གསེར་ཉའི་དབང་བསྐུར་བས་ཉྭ་བཞི་ཉས་མཚན་པའི་དབང་དམ་པ༴ ཕྱག་ཞབས་ཉ་རུ་བྱིན་བརླབས་ཏེ། །འཇམ་མཉེན་ཡིད་འོང་ཀུན་གྱི་དཔལ། །ཉོན་མོངས་གནས་ནས་འདྲེན་མཛད་པ། །ཉ་ལྟར་ཉྭ་བཞིའི་བཀྲ་ཤིས་ཤོག །གཞན་གྱིས་མི་ཐུབ་ཆེ་བའི་རྟགས་དང་ལྡན། །བདོ་བའི་ཕྱོགས་རྣམས་ཀུན་ལ་ཁྱད་པར་འཕགས། །ཉྭ་ཤ་བཞི་ལས་མངོན་པར་གསལ་བར་སྟོན། །ཉྭ་བཞི་དབང་གི་བཀྲ་ཤིས་ཞེ་བདུན་པའོ། །སོ་ན་མཏྶ་དྲ་བྱ་ཨ་བྷི༴ དྲུག་པ་ཤེས་བྱར་མ་རྨོངས་པའི་དབང་ལ་བདུན་ལས། དང་པོ་རྒྱ་གྲམ་སྤྱི་བོར། སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་སྣ་ཚོགས་རྡོ་རྗེའི་དབང་བསྐུར་བས་ཕྲིན་ལས་བཞི་གྲུབ་པར་གྱུར་ཏོ། །དེ་བཞིན་དུ་རྒྱ་གྲམ་གྱི་དབང་བསྐུར་བས་རིགས་སྔགས་འཆང་རྣམས་ཀྱིས་བསྲུང་ཞིང་ལས་བཞི་ཐོགས་པ་མེད་པར་གྲུབ་པའི་དབང་དམ་པ༴ དོགས་དང་སོམ་ཉི་གཉིས་མེད་ལ། །གཙུག་ཏུ་རྒྱ་གྲམ་དབང་བསྐུར་བས། །རྡོ་རྗེ་འཛིན་པ་རྣམས་ཀྱིས་ཀྱང་། །བསྲུང་ཞིང་རྟག་ཏུ་སྐྱོབ་པར་ཤོག །ཕྲིན་ལས་ཐོགས་པ་མེད་པ་ཡི། །བྱ་བ་ནན་ཏན་ཡེ་ཤེས་ལ། །དགོས་པའི་དོན་རྣམས་ཀུན་གྲུབ་པའི། །དབང་གི་བཀྲ་ཤིས་ཞེ་བརྒྱད་པའོ། །ༀ་ཀརྨ་ཨ་བྷི༴ གཉིས་པ་ཅོད་པན་སྤྱི་བོར། སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་ཅོད་པན་གྱི་དབང་བསྐུར་བས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་དབང་བསྒྱུར་བར་གྱུར་ཏོ། །དེ་བཞིན་དུ་ཅོད་པན་གྱི་དབང་བསྐུར་བས་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ལ་མངའ་བསྒྱུར་བའི་དབང་དམ་པ༴ བཀྲ་ཤིས་རྟགས་ལྡན་དར་གྱི་ཅོད་པན་འདི། །དབང་གི་རང་བཞིན་དམར་པོ་འབར་བ་སྟེ། །དབང་བསྐུར་སྤྱི་བོར་བཏགས་པའི་ཡོན་ཏན་གྱིས། །དབང་གི་བཀྲ་ཤིས་དམ་པ་ཐོབ་པར་ཤོག །ཆོས་ཉིད་དར་དང་འདྲ་བ་མཚུངས་པ་ཡི། །དོན་དམ་ཉིད་དུ་རྟོགས་པ་མངོན་བྱུང་བ། །འདི་ཉིད་ལེགས་པའི་དོན་ཉིད་མངོན་སྟོན་པ། །ཅོད་པན་དབང་གི་བཀྲ་ཤིས་ཞེ་དགུ་པའོ། །ༀ་མུ་ཀུ་ཊ་ཨ་བྷི༴ གསུམ་པ་མཆོད་རྫས་གཏད་དེ། སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་མཆོད་པ་རྣམ་པ་ལྔའི་དབང་བསྐུར་བས་རྡོ་རྗེ་རྒྱལ་ཐེབ་ཀྱི་དབང་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་མཆོད་རྫས་ཀྱི་དབང་བསྐུར་བས་རྡོ་རྗེ་རྒྱལ་ཐེབ་དང་ལས་མཐའ་དག་བྱེད་པའི་དབང་དམ་པ༴ ཐབས་ཆེན་སྟོབས་ལྡན་མཆོད་འོས་རྣམ་པ་སྟེ། །དམིགས་པ་ལྔ་དང་ཏིང་འཛིན་ཆ་སྦྱར་བ། །རྐྱེན་དང་འཚམས་པའི་མཆོད་པ་དམ་པ་འདི། །ཐམས་ཅད་ཕུལ་བས་སྟོབས་མཆོག་བཀྲ་ཤིས་ཤོག །དྲི་ཆབ་དྲི་བསྲུང་མེ་ཏོག་མཛེས་པར་བཀྲམ། །བདུག་སྤོས་ཡིད་ཚིམ་ཨརྒྷ་བདུད་རྩིའི་ཆབ། །ལྷ་བཤོས་བྲོ་ལྡན་འོད་གསལ་མར་མེ་སྟེ། །མཆོད་རྫས་དབང་གི་བཀྲ་ཤིས་ལྔ་བཅུ་པའོ། །སརྦ་པཱུ་ཛ་ཨ་བྷི༴ བཞི་པ་ཉན་དབང་རྒྱུད་ཀྱི་པུསྟི། སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་ཉན་དབང་བསྐུར་བས་སྔགས་རྒྱུད་མཐའ་དག་ཉན་པའི་དབང་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་ཀ་བ་ལིའི་དབང་བསྐུར་བས་སྔགས་རྒྱུད་མཐའ་དག་ཉན་པའི་དབང་དམ་པ༴ གདུང་བའི་སེམས་བསྐྱེད་དད་པའི་ཤུགས་ཕྱུངས་ནས། །བརྩོན་འགྲུས་ཤུགས་ཀྱིས་ཐམས་ཅད་ཐོས་པ་དང་། །དད་པའི་ཤུགས་ཀྱིས་ཀུན་ཏུ་ཉན་པ་དང་། །ཤེས་རབ་སྟོབས་ཀྱིས་ཐམས་ཅད་ཤེས་པར་ཤོག །ཤེས་རབ་རྒྱ་ཆེས་ཕྱོགས་མེད་མཉན་པར་བྱེད། །བདེ་བར་གཤེགས་པའི་བཀའ་བཞིན་རྗེས་སུ་སློབ། །སེམས་དང་ཆོས་ཉིད་གཉིས་སུ་མེད་པ་ཡི། །ཉན་པའི་དབང་གི་བཀྲ་ཤིས་ང་གཅིག་པའོ། །ༀ་བཛྲ་པུསྟ་ཀ་ཨ་བྷི༴ ལྔ་པ་འཆད་དབང་གི་ཕྱག་ཤིང་། སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་ཕྱག་ཤིང་གི་དབང་བསྐུར་བས་ཐེག་པ་མཐའ་དག་འཆད་པའི་དབང་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་ཕྱག་ཤིང་གི་དབང་བསྐུར་བས་ཐེག་པ་མཐའ་དག་འཆད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །རིན་ཆེན་ཕྱག་ཤིང་འཁོར་བའི་ཁ་ལོ་འདྲེན། །འགྲོ་བ་མ་ལུས་ཐར་ལམ་གནས་སུ་སྐྱེལ། །སྐྱེས་མཆོག་དུག་གསུམ་སྨན་པའི་རྒྱལ་པོ་སྟེ། །མ་རིག་རྨོངས་པའི་འགྲོ་ཀུན་འདྲེན་པར་ཤོག །གཏི་མུག་རྨོངས་པའི་ཤེས་པ་བཀྲོལ་ནས་ཀྱང་། །མི་རིག་ལོག་པར་རྟོག་པ་གྲོལ་བར་མཛད། །ཐུགས་རྗེ་ཆེན་པོས་ཤེས་པའི་རྒྱུད་འགྲོལ་བའི། །ཆོས་འཆད་དབང་གི་བཀྲ་ཤིས་ང་གཉིས་པའོ། །ༀ་དྷརྨ་གཎྜཱི་ཨ་བྷི་ཥིཉྩ་ཧཱུཾ། དྲུག་པ་འཆད་པའི་པུསྟི། སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་གླེགས་བམ་གྱི་དབང་བསྐུར་བས་ཆོས་སྒོ་ཐམས་ཅད་འཆད་པ་ལ་མཁས་པའི་དབང་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་གླེགས་བམ་གྱི་དབང་བསྐུར་བས་ཆོས་ཀྱི་སྒོ་ཐམས་ཅད་འཆད་པ་ལ་མཁས་པའི་དབང་དམ་པ༴ གསུང་རབ་གླེགས་བམ་ཆོས་ཀྱི་གཟུགས་བརྙན་ཏེ། །ལེགས་པའི་ཡོན་ཏན་མ་ལུས་བསྐྱེད་མཛད་པས། །ཐམས་ཅད་ཀུན་གྱི་དབང་པོ་སྒྲོལ་བའི་ཕྱིར། །ཆོས་རྣམས་ཐམས་ཅད་འཆད་པའི་དབང་ཐོབ་ཤོག །གསུང་རབ་ཆོས་འཆད་གཞུང་མཆོག་གླེགས་བམ་སྟེ། །ཆོས་ཉིད་སྒྲ་སྒྲོག་ཡི་གེའི་ཕྲེང་བ་བཀོད། །རབ་འབྲིང་ཐ་མའི་བློ་དང་འཚམས་པར་སྟོན། །གླེགས་བམ་དབང་གི་བཀྲ་ཤིས་ང་གསུམ་པའོ། །ༀ་དྷརྨ་པུསྟ་ཀ་ཨ་བྷི༴ བདུན་པ་འཆད་པའི་རྡོར་དྲིལ། སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་རྡོ་རྗེ་དང་དྲིལ་བུའི་དབང་བསྐུར་བས་ཡེ་ཤེས་ལྔ་དང་ཆོས་ཀྱི་དབྱིངས་ཀྱི་དོན་རྟོགས་ནས་འགྲོ་བའི་དོན་བྱེད་པར་གྱུར་ཏོ། དེ་བཞིན་དུ་རྡོར་དྲིལ་གྱི་དབང་བསྐུར་བས་དབྱིངས་དང་ཡེ་ཤེས་ཀྱི་དོན་རྟོགས་ནས་འགྲོ་དོན་བྱེད་པའི་དབང་དམ་པ༴ དབྱིངས་དང་ཡེ་ཤེས་གཉིས་མེད་ཆོས་ཀྱི་སྐུ། །འདུ་འབྲལ་མེད་པ་ཆོས་ཀྱི་དབང་མཆོག་སྟེ། །འབྲས་བུ་སྟོབས་ལྡན་ཕྱག་རྒྱ་ཆེན་པོ་ཉིད། །རྡོ་རྗེ་དྲིལ་བུ་འཆང་བའི་དབང་ཐོབ་ཤོག །རིག་པ་ཡེ་ཤེས་རྡོ་རྗེ་རྩེ་ལྔ་པ། །ཡེ་ཤེས་ལྔ་ཡི་རྟགས་ཀྱི་ངོ་བོ་ཉིད། །གཡོན་པའི་དྲིལ་བུས་གསུང་རབ་རྒྱ་མཚོ་སྒྲོག །ཐབས་ཤེས་དབང་གི་བཀྲ་ཤིས་ང་བཞི་པའོ། །ༀ་པྲ་ཛྙཱོ་པ་ཡ་བཛྲ་གྷཎྜེ་ཨ་བྷི༴ བདུན་པ་མཛེས་པ་རྒྱན་ཆས་ཀྱི་དབང་ལ་དྲུག་ལས། དང་པོ་དབུ་རྒྱན། སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་དབུ་རྒྱན་གྱི་དབང་བསྐུར་བས་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལ་མངའ་བརྙེས་པར་གྱུར་ཏོ། །དེ་བཞིན་དུ་རིན་པོ་ཆེའི་དབུ་རྒྱན་གྱི་དབང་བསྐུར་བས་ཆོས་ཀྱི་རྒྱལ་སྲིད་འཛིན་པའི་དབང་དམ་པ༴ མྱ་ངན་འདས་པ་ཐུགས་རྗེའི་དཔལ། །རིན་ཆེན་དབུ་རྒྱན་ཆོས་ཀྱི་རྒྱལ། །དབང་དང་བྱིན་རླབས་སྦྱིན་པ་ཡིས། །ཆོས་ཀྱི་རྒྱལ་སྲིད་བྱེད་པར་ཤོག །རིན་ཆེན་སྣ་ཚོགས་མཛེས་པའི་དབུ་རྒྱན་ཅན །ལེགས་པར་ཀུན་སྐྱོབ་ཆོས་ཀྱི་རྒྱལ་སྲིད་མཐུ། །ཕྱག་རྒྱ་རིགས་ལྔ་མཐུ་དང་ལྡན་བྱེད་པའི། །དབུ་རྒྱན་དབང་གི་བཀྲ་ཤིས་ང་ལྔ་པའོ། །རཏྣ་མ་ཎྜཱི་ཨ་བྷི༴ གཉིས་པ་དཔུང་རྒྱན། སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་རིན་པོ་ཆེའི་དཔུང་རྒྱན་གྱི་དབང་བསྐུར་བས་མི་འཇིགས་པ་བཞི་ལ་མངའ་བརྙེས་པར་གྱུར་ཏོ། །དེ་བཞིན་དུ་དཔུང་རྒྱན་གྱི་དབང་བསྐུར་བས་མི་འཇིགས་པ་བཞི་ལ་མངའ་བརྙེས་པའི་དབང་དམ་པ༴ མི་འཇིགས་ཕས་ཀྱི་རྒོལ་བ་ཐུལ་བ་དང་། །མཛེས་པའི་རྒྱན་མཆོག་བཀྲ་ཤིས་ཐུབ་པ་ཡི། །མངའ་མཛེས་ཕུང་པོའི་རྟགས་ཀྱི་དམ་པ་སྟེ། །རྒྱན་མཆོག་དམ་པ་སྟོན་པའི་དབང་ཐོབ་ཤོག །རིན་ཆེན་དཔུང་རྒྱན་ཤ་རི་ར་ཡི་རྒྱན། །ཆོས་ཉིད་དོན་རྟོགས་མཐུན་པར་བསྟན་པའི་ཕྱིར། །དགོངས་པ་ཏིང་འཛིན་ལེགས་པར་དབང་བསྐུར་བས། །དཔུང་རྒྱན་དབང་གི་བཀྲ་ཤིས་ང་དྲུག་པའོ། །རཏྣ་ཀེ་ཡཱུ་ར་ཨ་བྷི༴ གསུམ་པ་ཞབས་གདུབ། སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་ཞབས་གདུབ་ཀྱི་དབང་བསྐུར་བས་སྟོབས་བཅུ་ལ་མངའ་བརྙེས་པར་གྱུར་ཏོ། །དེ་བཞིན་དུ་ཞབས་གདུབ་ཀྱི་དབང་བསྐུར་བས་སྟོབས་བཅུ་ལ་མངའ་བརྙེས་པའི་དབང་དམ་པ༴ རྒྱན་གྱི་བྱེ་བྲག་རྒྱལ་པོའི་ཚུལ། །རྡོ་རྗེ་ཞབས་ཀྱི་ཆས་རབ་འདི། །ཁྱོད་ཀྱི་ཞབས་ལ་དབང་བསྐུར་བས། །འགྲོ་བའི་དོན་ལ་ཆགས་པར་ཤོག །རིན་ཆེན་ཞབས་གདུབ་དམ་པ་འདི། །ལེགས་པར་མཛེས་པའི་ཡོན་ཏན་གྱིས། །ངེས་པར་ལེགས་པའི་དགོངས་པ་འགྲུབ། །དབང་གི་བཀྲ་ཤིས་ང་བདུན་པའོ། །རཏྣ་ནཱུ་པུ་ར་ཨ་བྷི༴ བཞི་པ་ཕྱག་གདུབ། སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་ཕྱག་གདུབ་ཀྱི་དབང་བསྐུར་བས་ཚུལ་ཁྲིམས་རྣམ་པར་དག་པ་ལ་མངའ་བརྙེས་པར་གྱུར་ཏོ། །དེ་བཞིན་དུ་ཕྱག་གདུབ་ཀྱི་དབང་བསྐུར་བས་ཚུལ་ཁྲིམས་རྣམ་པར་དག་པའི་དབང་དམ་པ༴ སིལ་སྙན་མཛེས་པའི་རྒྱན་ལགས་ཏེ། །ཡིད་འོང་འཁྲོལ་བའི་ཕྱག་གདུབ་འདི། །འབྲས་བུ་ཐོབ་པའི་དབང་མཆོག་སྟེ། །འགྲོ་བའི་ཡིད་དུ་འོང་བར་ཤོག །རིན་ཆེན་ཕྱག་གདུབ་དམ་པ་འདི། །ལེགས་པར་མཛེས་པའི་ཡོན་ཏན་གྱིས། །ངེས་པར་ལེགས་པའི་དགོངས་པ་འགྲུབ། །དབང་གི་བཀྲ་ཤིས་ང་བརྒྱད་པའོ། །རཏྣ་རུ་ཙ་ཀ་ཨ་བྷི༴ ལྔ་པ་དོ་ཤལ། སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་དོ་ཤལ་གྱི་དབང་བསྐུར་བས་ཆེ་བའི་ཡོན་ཏན་རྒྱས་པ་ལ་མངའ་བརྙེས་པར་གྱུར་ཏོ། །དེ་བཞིན་དུ་དོ་ཤལ་གྱི་དབང་བསྐུར་བས་ཆེ་བའི་ཡོན་ཏན་རྒྱས་པའི་དབང་དམ་པ༴ རིན་ཆེན་ཕྲེང་བས་འགྲོ་བའི་རེ་བ་སྐོང་། །ཕྲེང་བ་དོ་ཤལ་འགྲོ་བའི་དོན་མཛད་པ། །ཡོན་ཏན་ཚང་བའི་རྒྱན་མཆོག་དམ་པ་འདིས། །འབྲས་བུ་ཡིད་བཞིན་ཡོན་ཏན་ཐོབ་པར་ཤོག །རིན་ཆེན་དབང་པོ་རྒྱས་པའི་ཡོན་ཏན་མཆོག །སྐུ་ཚེ་ཞིང་ཁམས་མཛད་པ་བསམ་མི་ཁྱབ། །འགྲོ་བའི་དབུལ་སེལ་བདེ་ལེགས་ཀུན་འབྱུང་བའི། །ཕྲེང་བ་དབང་གི་བཀྲ་ཤིས་ང་དགུ་པའོ། །རཏྣ་མཱ་ལ་ཨ་བྷི༴ དྲུག་པ་དར་གྱི་ཅོད་པན། སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་དར་གྱི་ཅོད་པན་གྱི་དབང་བསྐུར་བས་འཁོར་འདས་ཀྱི་ཆོས་ལ་དབང་ཐོབ་པ་གྱུར་ཏོ། །དེ་བཞིན་དུ་དར་གྱི་ཅོད་པན་གྱི་དབང་བསྐུར་བས་འཁོར་འདས་མཉམ་པ་ཉིད་དུ་རྟོགས་པའི་དབང་དམ་པ༴ དར་དཔྱངས་གྱེན་དུ་འཕུར་བ་ནི། །ཆོས་ཀྱི་སྐུ་དང་གཉིས་སུ་མེད། །འཕྲེད་དང་མཐུར་དུ་འཕྱང་བས་ནི། །གཟུགས་ཀྱི་སྐུ་གཉིས་ཐོབ་པར་ཤོག །དམར་པོ་གཡས་འཕུར་ཆོས་ཉིད་དོན་རྟོགས་ཤིང་། །སྔོན་པོ་འཕྲེད་འཕུར་ཕྲིན་ལས་རྣམ་བཞི་མཛད། །མཐིང་ག་མར་འཕྱང་ཀླུ་གདུག་ཟིལ་གནོན་པའོ། །དར་དཔྱངས་དབང་གི་བཀྲ་ཤིས་དྲུག་བཅུ་པའོ། །པ་ཊ་ཨ་བ་ལམྦ་ན་ཨ་བྷི༴ བརྒྱད་པ་མིང་གི་དབང་ལ་གཉིས་ལས། དང་པོ་རྒྱུའི་མིང་ནི། སྔར་བཏགས་པའི་མིང་བཅུག་ལ། སྔོན་རི་རབ་ཀྱི་རྩེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་རྡོ་རྗེ་མིང་གི་དབང་བསྐུར་བས་རིགས་ངེས་པའི་སྲས་སུ་གྱུར་ཏེ་རྡོ་རྗེ་འཆང་གི་གྲལ་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་འདི་ཞེས་བྱ་བའི་སྲས་སུ་འགྱུར་བའི་དབང་དམ་པ༴ རྡོ་རྗེ་མིང་མཆོག་དམ་པའི་དཔེ་ལས་གྲས། །ཐུགས་ལས་གསུང་དུ་ཕྱུངས་ནས་བཏགས་པ་འདི། །དག་ཅིང་ཚུལ་བཞིན་ཡིད་ལ་བསྐུར་བ་ཡིས། །ཐམས་ཅད་སྟོན་པའི་མིང་མཆོག་ཐོབ་པར་ཤོག །སྟོན་པའི་ཐུགས་རྗེས་ངེས་པའི་མིང་བཏགས་པ། །ཐུགས་ཀྱི་ངང་ནས་ངེས་པའི་སྲས་སུ་མཛད། །རྡོ་རྗེ་འཆང་གི་གྲལ་ཐོབ་མིང་གི་དབང་། །མཚན་མཆོག་དབང་གི་བཀྲ་ཤིས་རེ་གཅིག་པའོ། །བཛྲ་ནཱ་མ་ཨ་བྷི༴ གཉིས་པ་འབྲས་བུའི་མིང་ནི། སྔོན་བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པ་ལ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་བྱང་ཆུབ་པ་ལྔས་དབང་བསྐུར་བའི་འབྲས་བུ་རིན་པོ་ཆེའི་ཁང་བུ་འབར་བར་རྣམ་པར་སྣང་མཛད་རྡོ་རྗེའི་དབྱིངས་སུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཏོ། །དེ་བཞིན་དུ་མངོན་པར་བྱང་ཆུབ་པ་ལྔས་དབང་བསྐུར་བས་འབྲས་བུ་སྟུག་པོ་བཀོད་པར་རྡོ་རྗེ་དབྱིངས་ཞེས་བྱ་བའི་དེ་བཞིན་གཤེགས་པར་མངོན་པར་འཚང་རྒྱ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །མངོན་ཤེས་ལྔ་ལྡན་འབྲས་བུ་ས་བཅུ་འདས། །ཡི་གེ་འཁོར་ལོ་རྫོགས་པ་ཆེ་ལ་གནས། །འབྲས་བུ་དམ་པ་མངོན་པར་སངས་རྒྱས་ཏེ། །ལོངས་སྤྱོད་རྫོགས་པའི་དབང་མཆོག་ཐོབ་པར་ཤོག །དབང་མཆོག་ཐམས་ཅད་ཡོངས་སུ་རྫོགས་པ་ཡི། །ཆོས་རྣམས་ཐམས་ཅད་མ་ལུས་ཐོབ་པར་སྟེ། །རྡོ་རྗེ་རྒྱལ་པོའི་དབང་མཆོག་དེར་རྫོགས་པས། །ཕྱི་དབང་རྫོགས་པའི་བཀྲ་ཤིས་རེ་གཉིས་པའོ། །སཾ་བུདྡྷ་ནཱ་མ་ཨ་བྷི་ཥིཉྩ་ཧཱུཾ། ཙིཏྟ་པྲ་ཏི། བཻ་རོ་ཙ་ན། ཡ་ཐ་ཙིཏྟ་། ཏ་ཐཱ་ཙིཏྟ། ཨ་ཧཾ་ཙིཏྟ། ༀ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿ ཨ་བྷི་ཥིཉྩ་ཧཱུཾ། ཞེས་བསྐུར་རོ། །དེ་ལྟར་ཡོ་གའི་ཐེག་པའི་དབང་བསྐུར་བས། །མདོ་རང་ལུགས་ཀྱི་སྒོམ་ལམ་ལུང་ཆེན་ཐོབ་པའི་རྣལ་འབྱོར་དམིགས་པས་འབྲས་བུ་སྐྱེ་བའི་ས་ནོན་པ་དང་རིགས་འགྲེའི་ཡོན་ཏན་གསོས་ཐེབས། ལྷན་ཅིག་གནས་པའི་སྒྲིབ་པ་དག །ལམ་གོང་མ་ལ་སྦྱོར་བའི་མི་འགྱུར་བ་བྱང་ཆུབ་ཀྱི་སེམས་སྐྱེས། གནས་སྐབས་སུ་རྣལ་འབྱོར་ཕྱི་པའི་སྔགས་དང་རྒྱུད་རྣམས་སྤྱོད་པ་ལ་དབང་ཞིང་། མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་རྒྱལ་ཚབ་རིགས་ལྔ་སྟུག་པོ་བཀོད་པའི་ས་ནོན་པའི་རྟོགས་རིགས་དང་འདྲ་བའི་ཡོན་ཏན་ཁྱད་པར་ཅན་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །རྗེས་ཀྱི་བྱ་བ་ལ་སྤྱི་དོན་གསུམ་སྟེ། །ལམ་ཁྱེར་བཞི་བསྟན་པ། འགག་དྲུག་བཤད་པ། གདམས་ངག་ངང་སྒོམ་གྱི་ཁྲིད་གདབ་པའོ། །སྤྱི་དོན་དང་པོ་ལམ་ཁྱེར་ལ་བཞི་ལས། དང་པོ་ཐེག་པ་ལམ་ཁྱེར་ནི། ཡོ་གའི་ཐེག་པ་སྟེ། དེ་ལའང་དྲུག་ལས། འཇུག་སྒོ་ནི། མཚན་བཅས་དང་མཚན་མེད་ཀྱི་ཏིང་ངེ་འཛིན་གྱི་སྒོ་ནས་འཇུག །ལྟ་བ་ནི། དོན་དམ་མཚན་མ་མེད་པའི་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བར་རྟོགས་པས། དེའི་བྱིན་རླབས་ཀུན་རྫོབ་རྡོ་རྗེའི་དབྱིངས་ཀྱིས་འཁོར་དུ་རང་སྣང་བར་འདོད་དེ། ལྟ་རིམ་ལས། ཡོ་ག་དོན་དམ་རྣམ་དག་པའི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ། །རྟོགས་པའི་བྱིན་རླབས་ལྷར་སྣང་བ། །དེ་ཕྱིར་སྐྱེ་བོ་ལྟར་མཐོང་འཁྲུལ། །ཞེས་གསུངས། ཚུལ་ཁྲིམས་ནི། བཤད་རྒྱུད་གཙོ་བོར་བྱས་པ་རིགས་ལྔའི་དམ་ཚིག་དང་། རྩ་རྒྱུད་གཙོ་བོར་བྱས་པ་ལྷ་ལྔའི་དམ་ཚིག་གཉིས་གསུངས་ཤིང་། དེ་ཡང་རྟེན་གྱི་གང་ཟག་གི་བློ་རིམ་དང་འཚམས་པར་བསླབ་པ་སྟེ། རྩེ་མོ་ལས། གལ་ཏེ་རབ་ཏུ་བྱུང་བ་ན། །སྡོམ་པ་གསུམ་ལ་གནས་པར་བྱ། །སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པའོ། །ཁྱིམ་པའི་ཚུལ་དུ་བྱ་བ་ནི། །རིགས་ལྔ་རྒྱལ་པོ་རྟག་ཏུ་བསྲུང་། །ཞེས་སོ། །སྒོམ་པ་ནི། འབྲས་བུ་སངས་རྒྱས་ཀྱི་སའི་རྣམ་པ་ལམ་བྱེད་མངོན་བྱང་ལྔ་སོགས་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོ་ཕྱག་རྒྱ་བཞིས་རྒྱས་བཏབ་ནས་བསྒོམ་ཞིང་། ཐུན་མཐར་ཕྱག་རྒྱ་བཀྲོལ་ནས་ཡེ་ཤེས་པ་གཤེགས་སུ་གསོལ་བ་ལ་སོགས་པ་སྟེ། དེའང་རང་ཤར་ལས། ལྷ་དང་རྣལ་འབྱོར་བདག་ཉིད་ཀྱང་། །སྤུན་དང་གྲོགས་པོའི་ཚུལ་དུ་འདོད། །ཅེས་པས་བདག་དམ་ཚིག་པ་དང་ལྷ་ཡེ་ཤེས་པ་གཉིས་མཆོག་དམན་མེད་པར་བལྟ་བ་སྤྱོད་རྒྱུད་ཁྱད་པར་ཅན་ནམ་ཡོ་ག་ཙམ་པོའི་སྒྲུབ་ཚུལ་དང་། བློ་ཆེན་བདག་ཉིད་དམ་ཚིག་པར་བསྐྱེད་པ་ལ་ཡེ་ཤེས་པ་བཅུག་སྟེ་གཉིས་སུ་མེད་པར་སྒྲུབ་པ་ཡོ་ག་ཁྱད་པར་ཅན་གྱི་རྣལ་འབྱོར་གང་རུང་ལ་བརྟེན་ནས་དངོས་གྲུབ་སྒྲུབ་པའོ། །སྤྱོད་པ་ནི། ལས་ཚོགས་ཀྱི་སྐབས་འགའ་རེ་མ་གཏོགས་གཙང་སྦྲ་དང་དཀའ་སྤྱད་སོགས་ལ་གཙོ་བོར་མི་བརྟེན་ཅིང་། དེ་དག་གི་གྲོགས་དང་ལྡན་པས་ལྷའི་ཏིང་འཛིན་ལ་གཙོ་བོར་བརྟེན་ནས་རང་གཞན་གྱི་དོན་སྤྱོད་པ་སྟེ། རྩེ་མོ་ལས། ལྷ་ཡི་ཏིང་འཛིན་ལ་གནས་ཏེ། །སེམས་ཅན་ཐམས་ཅད་ཡོངས་མི་གཏོང་། །རྟག་ཏུ་སངས་རྒྱས་ཡིད་ལ་བྱེད། །རྟག་ཏུ་སངས་རྒྱས་མཆོད་པ་མཆོག །ཅེས་སོ། །འབྲས་བུ་ནི། སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་རིགས་ལྔ་སྟུག་པོ་བཀོད་པའི་མི་ཚེ་གསུམ་མམ་བཅུ་དྲུག་ན་རང་ལམ་གྱིས་ཐོབ་པར་འདོད་མོད་ཀྱང་། བླ་མེད་ལས་ནི་དེ་ཉིད་རྫོགས་པའི་སངས་རྒྱས་སུ་མི་བཞེད་དོ། །གཉིས་པ་ལྷ་ལམ་ཁྱེར་ནི། ཆོས་ཅན་སྣང་བ་ཀུན་རྫོབ་ཀྱི་བདེན་ངོར་རིགས་ལྔས་གཙོ་བྱས་པའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་ཕྱག་རྒྱ་བཞི་ལྡན་དུ་བསྒོམ་ཞིང་། མཐར་དེའང་མི་དམིགས་པ་སྟོང་ཉིད་ཀྱི་ངང་ལ་འཇོག་པ་ནི་དོན་དམ་བདེན་པའི་ཉམས་ལེན་ཏེ། བདེན་གཉིས་རེས་འཇོག་ཏུ་ཉམས་སུ་ལེན་པའོ། །གསུམ་པ་སྙིང་པོ་ལམ་ཁྱེར་ནི། ལྷའི་ཐུགས་ཀར་ཟླ་དཀྱིལ་ལ་སྔགས་ཕྲེང་བཀོད་པ་ལས་འོད་ཟེར་སྤྲོ་བསྡུས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རྒྱུ་དང་བཅས་པ་སྦྱངས་པར་བསམ་ཞིང་། ༀ་བུདྡྷ་བཻ་རོ་ཙ་ན་ཧཱུྃ། ༀ་བཛྲ་ཨཀྵོ་བྷྱ་ཧཱུཾ། ༀ་རཏྣ་སཾ་བྷ་བ་ཏྲཱཾ། ༀ་པདྨ་ཨ་མི་ཏཱ་བྷ་ཧྲཱིཿ ༀ་ཀརྨ་ཨ་མོ་གྷ་སིདྡྷི་ཨཱཿ ཞེས་བཟླས་པས་ཐུགས་རྒྱུད་བསྐུལ་བའོ། །བཞི་པ་དབང་ལམ་ཁྱེར་ནི། ཡོ་གའི་དབང་དྲུག་ཅུ་རྩ་གཉིས་ཏེ། དེ་དང་རྗེས་སུ་འབྲེལ་བའི་རིགས་ལྔ་དང་ལྷ་ལྔའི་དམ་ཚིག་སོགས་བསླབ་བྱ་རྣམས་ལ་བརྩོན་པས་སློབ་པ་ཡིན་ནོ། །སྤྱི་དོན་གཉིས་པ་འགག་དྲུག་བཤད་པ་ལ། གང་དུ་བསྐུར་བའི་གནས་ནི། སྔོན་བྱུང་རི་རབ་ཀྱི་རྩེའམ་མེ་རི་འབར་བའི་རྩེ་དང་། རྗེས་འཇུག་ལྷ་བྱ་སྐད་སྙན་ལྗོན་ཤིང་གི་ཚལ་དུའོ། །གང་གིས་བསྐུར་བའི་སྟོན་པ་ནི། སྔོན་བྱུང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་། རྗེས་འཇུག་སློབ་དཔོན་ཆེན་པོ་པདྨ་ཀུ་མ་ཏིས་སོ། །གང་ལ་བསྐུར་བའི་ཡུལ་ནི། སྔོན་བྱུང་བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པ་སོགས་དང་། རྗེས་འཇུག་ཏུ་རྡོ་རྗེ་ཁྱུང་གྲགས་རྩལ་སོགས་ལའོ། །གང་བསྐུར་བའི་དབང་ནི། སྐུ་ཕྱག་རྒྱའི་དབང་སོགས་ཡོ་གའི་དབང་དྲུག་ཅུ་རྩ་གཉིས་སོ། །ཅིའི་ཕྱིར་བསྐུར་ན། སྔོན་བྱུང་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་རྗེས་སུ་བཟུང་བ་དང་། རྗེས་འཇུག་ཏུ་དམ་ཚིག་དང་ལྡན་པ་རྗེས་སུ་འཛིན་པའི་ཆེད་དུའོ། །དེ་ལྟར་བསྐུར་བའི་དགོས་པ་ནི། དབང་གང་དང་གང་བསྐུར་བ་དེ་དང་དེའི་ཡོན་ཏན་རྣམས་ཐོབ་པར་དགོས་པ་ཡོད་དོ། །སྤྱི་དོན་གསུམ་པ་གདམས་ངག་ངང་སྒོམ་གྱི་ཁྲིད་ནི། རང་སྐད་ཅིག་གིས་རྡོ་རྗེ་སེམས་དཔའམ། རྣམ་སྣང་གི་སྐུར་བསྒོམ། དེ་གསལ་བ་དང་རང་གི་སྙིང་དཀྱིལ་དུ་དྭངས་མ་མི་ཤིགས་པ་ལྔ་གདོད་ནས་རིགས་ལྔ་ཡེ་ཤེས་ལྔའི་ངོ་བོར་གནས་པ་ཉིད་རྣམ་པར་ཐིག་ལེ་སྲན་མ་ཙམ་པ་འོད་ལྔའི་གོང་བུ་ཅན་ཞིག་གསལ་བཏབ་སྟེ། ཐེབས་པ་ན་རང་གི་སྤྱི་བོར་ཐིག་ལེ་དཀར་པོ་རིལ་མ་ཙམ་ཞིག་བསྒོམ། དེ་ཡང་། ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར། །ཞེས་པས་ཐིག་ལེ་དཀར་པོ་དེ་མར་བབས་ནས་སྙིང་དཀྱིལ་གྱི་དྭངས་མ་མི་ཤིགས་པའི་ཐིག་ལེ་ལ་ཕྲུག་གིས་འདྲེས་ཏེ་གཉིས་སུ་མེད་པའི་ངང་ལ་བསལ་བཞག་མེད་པར་བཞག་པས། ཅིའི་ངོ་བོར་ཡང་མ་གྲུབ་པའི་སྟོང་གསལ་དུ་ལྷག་གེ་འཆར་ཏེ། དོན་དམ་མཚན་མ་མེད་པའི་ངོ་བོ་ཉིད་དོ། །དེའི་བྱིན་རླབས་ཀྱིས་གང་ཤར་གྱི་སྣང་བ་ཐམས་ཅད་རིགས་ལྔ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་གནས་པ་ལྟར་ལམ་དུ་ཁྱེར་བས་ལྷའི་རྣམ་པར་སྣང་བ་ནི་ཀུན་རྫོབ་ཡེ་ཤེས་ཀྱི་སྣང་བ་སྟེ། དེ་ལྟར་གཉིས་སུ་མེད་པའི་ངང་ལ་བློ་མ་བཅོས་པར་གནས་པ་ནི་དབང་ཆགས་པའི་རྟེན་ཡིན་ནོ། །དེས་ཡོ་ག་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་མན་ངག་དང་བཅས་པ་གྲུབ་པས། ཇི་ལྟར་གདམས་པ་རྣམས་ཚུལ་བཞིན་དུ་བསྒྲུབ་པར་བྱ་སྙམ་པས། གཙོ་བོས་ཇི་ལྟར་སོགས་ཀྱིས་ཁས་བླང་། གཏང་རག་གི་མཎྜལ་དང་། དེང་ནས་བརྩམས་ཏེ་སོགས་ཀྱིས་ཡོན་དབུལ་ཞིང་། དགེ་བ་བསྔོ་བ་རྣམས་སྔར་ལྟར་དང་། རྗེས་ཆོག་རྣམས་སྒྲུབ་ཐབས་ལྟར་བྱའོ། །གླན་ཉ་ཚལ་པའི་ཕྱག་བཞེས་འགོས་ཀྱི་ལས་ཐོར། དབང་རེ་ལ་བཀྲ་ཤིས་རེ་བརྗོད་ཀྱང་ལེགས། འདིར་མཛད་པ་བཅུ་གཉིས་ཀྱི་བཀྲ་ཤིས་བརྗོད། ཅེས་བྱང་སེམས་ཀྱི་དབང་གི་སྐབས་སུ་གསུངས་པ་ལྟར་བླ་མ་རྣམས་ཀྱི་ཕྱག་ལེན་དུའང་མཛད་པས། སྤྲོ་ན་ལྷ་མི་ནས་ཡོ་གའི་བར་གྱི་དབང་སོ་སོའི་མཐའི་བསྔོ་བའི་རྗེས་སུ་རང་རང་གི་སྒྲུབ་ཐབས་ཀྱི་མཇུག་ཏུ་བཀོད་པའིབཀྲ་ཤིས་རྣམས་བརྗོད་ཀྱང་ལེགས་པའི་ཡན་ལག་ཏུ་འགྲོ་ཞིང་། མ་བརྗོད་ནའང་ཆད་པའི་སྐྱོན་མེད་དོ། །རྟག་ཏུ་ལེགས་བཤད་སྨྲ་བའི་ངག །ཡོ་གའི་དབང་ཆོག་ལ་ཞུགས་པས། །ཆོས་མིག་མངའ་བའི་སྐྱེས་བུ་ལ། །ངོ་མཚར་ལྟད་མོའི་དཔལ་འདི་བྱུང་། །ཡོ་གའི་ཐེག་པའི་དབང་ཆོག་གི་ལེ་ཚན་ནོ། །འདུས་པ་མདོའི་དབང་ཆོག་རྡོ་རྗེའི་ཐེམ་སྐས་ལས། ཡན་ལག་གི་དཀྱིལ་འཁོར་དྲུག་ཏུ་མན་ངག་གི་ལུགས་ཀྱི་ཕྱི་དབང་རྒྱུད་ཀྱི་ཆུ་བོ་བསྐུར་བའི་དབང་ཆོག་བཤད་པའི་སྐབས་ཏེ་གསུམ་པའོ།། །།

རྩ་བའི་དཀྱིལ་འཁོར་དུ་ཕྱི་གསང་གཉིས་རྒྱུད་ལུགས་ཐུན་མོང་མ་ཡིན་པ་དང་། ནང་སྒྲུབ་གཉིས་རྒྱུད་དང་མན་ངག་ཐུན་མོང་པར་གྱུར་པའི་ཆུ་བོ་བཞི་བསྐོར་བའི་དབང་ཆོག་བཤད་པའི་སྐབས།

༈ ༀ་སྭ་སྟི། རང་རིག་གཟུང་འཛིན་འཆིང་བ་ཡོངས་གྲོལ་བས། །མི་འགྱུར་ཀུན་ཁྱབ་རིས་མེད་མཆོག་བདེའི་གར། །ལྷ་སྔགས་ཡེ་ཤེས་རྡོ་རྗེར་རྣམ་རོལ་པ། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་བླ་མར་འདུད། །འདུས་པ་མདོ་ཡི་རྩ་བའི་དཀྱིལ་འཁོར་དུ། །བསྙེན་སྒྲུབ་ཡན་ལག་བཞི་དང་རྗེས་འབྲེལ་བའི། །ཕྱི་ནང་སྒྲུབ་གསང་ཆུ་བོ་རྣམ་བཞིའི་དབང་། །བསྐུར་ཐབས་འཁྲུལ་མེད་ཆོ་ག་དེང་འདིར་སྤེལ། ད་ནི་ཡན་ལག་ཅན་རྩ་བའི་དཀྱིལ་འཁོར་དུ་རྒྱུད་ལུགས་ཀྱི་ཆུ་བོ་བཞིའི་དབང་བསྐུར་བ་ནི། ལྷ་སྟ་གོན་གྱི་གསོལ་གདབ་མ་གཏོགས་ལྷ་བུམ་གྱི་སྟ་གོན་ཡན་ཆད་དཀྱིལ་ཆོག་དྲི་མེད་འོད་ཕྲེང་ལྟར་སྡོན་དུ་བཏང་ལ་བཅས་རྣམས་ཡོལ་བས་སྒྲིབས་ནས་བཞག་སྟེ། སྐབས་འདིར་དཀྱིལ་ཆོག་ཏུ་ཞལ་འཕངས་གནང་བའི་སློབ་མ་སྟ་གོན་ནི། དཀྱིལ་འཁོར་གྱི་ལྷོར་མཎྜལ་ཁྲུ་གང་བ་དྲི་དང་བ་བྱུང་གིས་བྱུགས་པ་ལ་པདྨ་འདབ་བརྒྱད་ཕྱོགས་ཚོན་དྲི་བཟང་གི་ཐིག་ལེ་ཅན་དང་། སློབ་དཔོན་གྱི་དྲུང་དུ་སོ་ཤིང་སོར་བཅུ་གཉིས་པ་དྲི་ཆུས་བཀྲུས་ཤིང་སྤོས་ཀྱིས་བདུག་པ་རྩེར་མེ་ཏོག་བཅིངས་པ། ཁྱོར་ཆུ་དུང་ཞལ་དྲིའི་ཆུས་གང་བ། དབུང་སྐུད་དམར་པོ་འདོམ་གང་བ་སུམ་ལྟབ་ཏུ་སྒྲིལ་བ་ལ་རྡོ་རྗེའི་མདུད་པ་གསུམ་བཏབ་པ། ཀུ་ཤའི་ཆུན་པོ་ཆེ་ཆུང་དང་། ཕུར་ཆུང་སོགས་གྲངས་ཚང་བར་བསགས་ལ། སློབ་བུ་རྣམས་ཁྲུས་དང་ཕྱག་བྱས་ཏེ་གྲལ་དུ་འཁོད་པ་དང་། སྔོན་གཏོར་སྔར་ལྟར་ལས། བདེན་སྟོབས་ཀྱི་ཚེ། དེང་འདིར་རྡོ་རྗེ་སློབ་མ་འདི་རྣམས་ལ་ལྷག་པར་གནས་པའི་ཆོ་ག་སྒྲུབ་པར་བྱེད་པ་ལ་བར་དུ་གཅོད་པའི་ཞེས་བསྒྱུར་བས་བགེགས་བསྐྲད་དེ་མཚམས་བཅད། སེམས་བསྐྱེད་དང་ཆོས་ཉན་པའི་ཀུན་སྤྱོད་གསལ་འདེབས་པ་སྔོན་དུ་འགྲོ་བས། འདིར་གང་གསན་པར་བྱ་བའི་ཆོས་ནི། ཞེས་པ་ནས། མདོ་ཡོངས་རྫོགས་ཀྱི་ལུགས་གཉིས་གཅིག་ཏུ་དྲིལ་ནས་བསྐུར་བ་ལས། ཞེས་པའི་བར་སྔར་ལྟར་ལ་སྤྲོ་བསྡུ་ཅི་རིགས་བྱས་རྗེས། འདིར་མདོ་རྩ་བའི་དཀྱིལ་འཁོར་དུ་རྒྱུད་ལུགས་ཀྱི་ཆུ་བོ་བཞིའི་དབང་བསྐུར་བ་སྐབས་སུ་བབས་པ་ཡིན། དེ་ཡང་དཀྱིལ་འཁོར་ལ་བརྟེན་ནས་བསྐུར་དགོས་པའི་ཕྱིར། དཀྱིལ་འཁོར་སྔོན་དུ་འགྲོ་བ་ཅན་ཏེ། དྲིལ་བུ་པས། དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བར། །རྡོ་རྗེ་འཆང་གིས་གསུངས་པ་སྟེ། །ཞེས་གསུངས། དཀྱིལ་འཁོར་ལ་དབྱེ་ན། རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་། ལྷག་པ་ཏིང་ངེ་འཛིན་གྱི་གཟུགས་བརྙན་ཞེས་གྲགས་པ་སྤྲུལ་པའི་དཀྱིལ་འཁོར་དང་། རིག་པ་ཉམས་ཀྱི་དཀྱིལ་འཁོར་གསུམ་ནི་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་ཅིང་། ཏིང་ངེ་འཛིན་ལ་བརྟན་པ་རྗེས་མཐུན་ཙམ་ཐོབ་པ་ལ་སོགས་པའི་སློབ་དཔོན་གྱིས་ནི་གདུལ་བྱའི་དབྱེ་བས་སྐལ་དམན་འཇུག་པ་ལ་རྡུལ་ཚོན། འབྲིང་རས་བྲིས། རབ་ཚོམ་བུ་ལྟ་བུ་དམིགས་རྟེན་ཅུང་ཟད་ཙམ་དང་། ཡང་རབ་བླ་མའི་ལུས་དཀྱིལ་ལ་བརྟེན་ནས་བསྐུར་བའི་ཚུལ་འབྱུང་སྟེ། དང་པོ་གསུམ་གྱི་དབང་དུ་བྱས་ནས་བདེ་འདུས་ལས། དཀྱིལ་འཁོར་གང་དུ་དབང་བསྐུར་ན། །རབ་འབྲིང་ཐ་མར་གསུངས་པ་ཡི། །མེ་ཏོག་བྲིས་སྐུ་རྡུལ་ཚོན་གསུམ། །དཀྱིལ་འཁོར་གསུམ་དུ་དབང་བསྐུར་རོ། །ཞེས་དང་། ཕྱི་མའི་དབང་དུ་བྱས་ཏེ། དྲིལ་བུ་པས། བཅོས་མ་གཉིས་ཀྱི་ངོ་བོ་གང་། །དེ་ནི་གདུལ་བྱའི་དབང་ལས་འདོད། །མཁས་པའི་བསྒྲུབ་བྱ་དེ་མ་ཡིན། །ཞེས་གསུངས་ནས་གང་ལུས་དཀྱིལ་ལ་དཀྱིལ་འཁོར་དུ་འདུ་ཤེས་པའི་མཁས་པ་དེས་བསྒྲུབ་བྱའི་ཡུལ་ནི། འགྲོ་བ་འདི་ཀུན་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །ཞེས་གསུངས། དེ་ལས་འདིར་དིང་སང་གི་གང་ཟག་ཕལ་ཆེར་སྨིན་བྱེད་དུ་རུང་བའི་དཀྱིལ་འཁོར་ལ་དགོངས་ནས། བླ་མ་དམ་པ་རྣམས་ཀྱི་ཕྱག་བཞེས་སུ་རྡུལ་ཚོན་དང་རས་བྲིས་གང་རུང་ལ་བརྟེན་ཏེ་དབང་བསྐུར་བས་མཛད་པས་ན། དེའི་དབང་དུ་བྱས་ཏེ། ཧེ་རུ་ཀ་འདུས་པའི་རྒྱུད་ལས། དང་པོ་ས་ཡི་ཆོ་ག་སྟེ། །གཉིས་པ་ལ་ནི་སྟ་གོན་གནས། །གསུམ་པ་འཇུག་པའི་ཆོ་ག་བྱ། །ཞེས་གསུངས་པ་ལས། འདིར་སྟ་གོན་གྱི་ཆོ་ག་སྟེ། །དེ་ལས་ཡན་ལག་རབ་གནས་དང་། ཡན་ལག་ཅན་གྱི་རབ་གནས་ལ་གསུམ་དུ་ཕྱེ་བའི་ལྷ་དང་བུམ་པའི་སྟ་གོན་གཉིས་སྔར་སོང་བས། ད་སློབ་མ་སྟ་གོན་གྱི་བྱ་བ་དེ་སྒྲུབ་པ་སྐབས་སུ་བབས་པ་ཡིན། དེ་ལ་ཐོག་མར་སློབ་དཔོན་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཀྱིལ་འཁོར་གྱི་གཙོ་བོ་དང་ཐ་མི་དད་པའི་མོས་གུས་གསལ་བཏབ་ནས་སློབ་མ་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་མེ་ཏོག་བཀྲམ་བསྡུ་བྱས་ནས་མཎྜལ་དབུལ་དུ་གཞུག །དེ་ལྟར་མཎྜལ་ཕུལ་ནས་བློ་བཅོས་པ་ནི། གསང་བ་སྤྱི་རྒྱུད་ལས། སྔགས་ཀྱི་དངོས་གྲུབ་དོན་གཉེར་གང་། །དཀྱིལ་འཁོར་འདིར་ནི་གཞུག་པར་བྱ། །བསོད་ནམས་འདོད་པས་དེ་ལས་གཞན། །བདག་གཞན་འཇིག་རྟེན་ཕ་རོལ་གཉེར། །དད་པ་ཆེན་པོར་ལྡན་པ་དག །འཇིག་རྟེན་ཕ་རོལ་ལ་དམིགས་ནས། །བློ་ལྡན་དཀྱིལ་འཁོར་ཞུགས་བྱ་སྟེ། །འདི་ཡི་འབྲས་བུ་གཉེར་མི་བྱ། །གལ་ཏེ་འདི་འབྲས་དོན་གཉེར་ན། །འཇིག་རྟེན་ཕ་རོལ་འགྲུབ་མི་འགྱུར། །འཇིག་རྟེན་ཕ་རོལ་ལ་དམིག་ན། །འབད་པ་མེད་པར་འདི་འབྲས་འགྲུབ། །ཅེས་གསུངས་པ་ལྟར། ཁྱེད་ཅག་དཀྱིལ་འཁོར་ཆེན་པོ་འདིར་འཇུག་པའི་དོན་དུ་གཉེར་བྱ་ནི། འདི་དང་ཕྱི་མའི་འཁོར་བའི་བདེ་འབྱོར་མངོན་པར་མཐོ་བའི་གོ་འཕང་དང་། ཞི་བ་ཉན་རང་གི་བྱང་ཆུབ་ཐོབ་པའི་ཆེད་དུ་འཇུག་པར་བྱ་བ་མ་ཡིན་གྱི། སྲིད་ཞིའི་མཐའ་ལ་མི་གནས་པའི་བླ་ན་མེད་པའི་བྱང་ཆུབ་མཆོག་གི་དངོས་གྲུབ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་མི་སློབ་པའི་ཟུང་འཇུག་གི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་དཀྱིལ་འཁོར་དུ་འཇུག་པར་བྱ་བ་ཡིན་ནོ། །དེ་ཉིད་དོན་དུ་གཉེར་བས་ནི་ཚེ་འདི་ཕྱིའི་ལྷ་མིའི་བདེ་འབྱོར་དང་ཉན་རང་གི་རྣམ་གྲོལ་ཡང་འབད་མེད་དུ་ཐོབ་པར་འགྱུར་པ་ཡིན་པས་ན། ཤེས་རབ་ཆེན་པོས་འཁོར་བ་རང་བཞིན་མེད་པར་ཤེས་ཤིང་། སྙིང་རྗེ་ཆེན་པོས་དེ་ལྟར་མ་རྟོགས་པའི་མཁའ་ཁྱབ་ཀྱི་སེམས་ཅན་རྣམས་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པའི་ཕྱིར་དཀྱིལ་འཁོར་དུ་འཇུག་པར་བྱ་སྙམ་པས། སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས་དཀྱིལ་འཁོར་གྱི་ལྷ་ལ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧོཿ མི་གནས་པའི་ཡེ་ཤེས་ཆེན་པོའི་བདག་ཉིད་འདུས་པ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་རྒྱལ་བ་རྒྱ་མཚོའི་ཞིང་གི་རྡུལ་སྙེད་དང་བཅས་པ་རྣམས་གསན་ཅིང་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་འཁོར་བ་ལས་ངེས་པར་བྱུང་ནས་འགྲོ་བ་སེམས་ཅན་རྣམས་ཀྱི་དོན་བགྱི་བའི་སླད་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་བསླབ་པ་མཐར་ཕྱིན་པར་འཚལ་བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞལ་སྟོན་ཅིང་བྱིན་གྱིས་རློབ་པ་དང་། དབང་བསྐུར་དུ་གསོལ། ཞེས་ལན་གསུམ། དེ་ནས་ཧེ་རུ་ཀ་འདུས་པ་ལས། སྣོད་དང་ལྡན་པའི་སློབ་མ་དག །མོས་པས་ཁྲུས་བྱས་སེམས་བསྐྱེད་དེ། །ལྷག་པར་གནས་པ་ཇི་བཞིན་བྱ། །ཞེས་གསུངས་པ་ལྟར་སེམས་རྣམ་པ་གཉིས་བསྐྱེད་པར་བྱ་བ་ལས་དང་པོར་སྨོན་འཇུག་གིས་བསྡུས་པ་ཀུན་རྫོབ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས༴ བདག་དང་མཐའ་ཡས་སེམས་ཅན་རྣམས། །དོན་གྱི་སངས་རྒྱས་ཡིན་མོད་ཀྱང་། །རྟོག་པའི་དབང་གིས་འཁོར་བ་ལས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །སེམས་ཉིད་སངས་རྒྱས་ཡིན་པ་ལ། །མུན་པས་བསྒྲིབས་པས་དེ་མ་ཤེས། །བྱང་ཆུབ་སེམས་ཀྱི་ལམ་འདི་ནས། །སངས་རྒྱས་ས་ལ་འཇུག་པར་བགྱི། །ཞེས་ལན་གསུམ། གཉིས་པ་དོན་དམ་པར་སྐྱེ་འགག་གནས་དམིགས་ལ་སོགས་པ་མེད་པ་ལས་ཞེ་ན་བློ་ལ་སྐྱེ་འགག་ལ་སོགས་པར་སྣང་ཞིང་། སྣང་ཙམ་ཉིད་ནས་དེ་ལྟར་མ་གྲུབ་པས་སེམས་ལྔ་ཟུང་འཇུག་ཡེ་ཤེས་ལྔ་ལ་བཟླ་བ་དོན་དམ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི༴ ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཨེ་མའོ་ངོ་མཚར༴ རྫོགས་པའི༴ འགག་པ་མེད་ལས་ཐམས་ཅད་འགག །འགག་པ་ཉིད་ན་འགག་པ་མེད། །ཨེ་མའོ༴ རྫོགས་པའི༴ མི་དམིགས་པ་ལས་ཐམས་ཅད་དམིགས། །དམིགས་པ་ཉིད་ན་དམིགས་པ་མེད། །ཨེ་མའོ༴ རྫོགས་པའི༴ མི་གནས་པ་ལས་ཐམས་ཅད་གནས། །གནས་པ་ཉིད་ན་གནས་པ་མེད། །ཨེ་མའོ༴ །རྫོགས་པའི༴ འགྲོ་འོང་མེད་ལས་འགྲོ་འོང་ཉིད། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །ཅེས་ལན་གསུམ། དེ་ལྟར་སེམས་བསྐྱེད་པའི་སློབ་མ་ལ། སློབ་དབོན་ཧེ་རུ་ཀའི་བདག་ཉིད་དུ་བཞུགས་པས་གནང་བ་སྦྱིན་པ་ནི། ཨེ་མ་བདེ་གཤེགས་སྙིང་པོའི་དོན། །ཐེག་ཆེན་གསང་སྔགས་སྙིང་པོ་མཆོག །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཁྱེད་ལ་རབ་ཏུ་བསྟན་པར་བྱ། །ཞེས་བརྗོད། སྐབས་འདིར་རྡོ་རྗེ་ལས་རིམ་ལས། དཀྱིལ་འཁོར་དོན་དང་ཡོན་ཏན་རྣམས། །གསལ་བྱས་རབ་ཏུ་བྲོད་པ་བསྐྱེད། །ཅེས་གསུངས་པ་ལྟར་དཀྱིལ་འཁོར་གྱི་དོན་བཤད་པས་ངེས་ཤེས་བསྐྱེད་པར་མཛད་དེ། དེ་ལ་དཀྱིལ་འཁོར་གྱི་ངོ་བོ་ནི། བཀོད་པ་ལྷའི་འཁོར་ལོས་རྫོགས་པར་སྣང་བའོ། །ངེས་ཚིག་ནི། མཎྜ་ལའི་སྒྲ་ལས་མཎྜ་སྙིང་པོའམ་བཅུད་དང་། ལ་ནི་འཛིན་པའམ་ལེན་པ་སྟེ། སྙིང་པོའི་ཡོན་ཏན་གྱི་གཞི་འཛིན་པའི་ཕྱིར་སྙིང་པོ་ལེན་པས་ན་དཀྱིལ་འཁོར་རོ། །དབྱེ་ན། རང་བཞིན་དང་། ཏིང་ངེ་འཛིན་དང་། གཟུགས་བརྙན་ནམ། སྐུ་གསུང་ཐུགས་ཀྱི་དབྱེ་བས་གསུམ་དང་། སྒྱུ་འཕྲུལ་རྒྱས་པ་ལས། འདིས་ནི་རང་བཞིན་དཀྱིལ་འཁོར་དང་། །གཟུགས་བརྙན་ལྷག་པའི་གཟུགས་བརྙན་གསུམ། །ཏིང་འཛིན་ལྷག་པའི་ཏིང་འཛིན་དང་། །བྱང་ཆུབ་སེམས་དང་ཚོགས་མཆོག་བསྟན། །ཞེས་བདུན་དང་། དེ་ལས་ཀྱང་བཅུ་གཉིས་སུ་དབྱེ་བ་སོགས་དབྱེ་སྒོ་མང་ནའང་། འདིར་འདུས་པ་མདོའི་ལུགས་ལ། རང་བཞིན་དང་། ཏིང་ངེ་འཛིན་དང་། གཟུགས་བརྙན་དང་། ཚོགས་ཀྱི་དཀྱིལ་འཁོར་བཞིར་བཤད་པ་ལས། རང་བཞིན་གྱི་དཀྱིལ་འཁོར་ནི། དབྱིངས་སྤྲོས་བྲལ་ཡེ་ཇི་བཞིན་པའི་དཀྱིལ་འཁོར་དང་། ཡེ་ཤེས་འགག་པ་མེད་པ་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་གཉིས་དབྱེར་མི་ཕྱེད་པའི་ཟུང་འཇུག་ནི་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏེ། དེ་ཉིད་ཀྱི་ཀློང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་མ་འདྲེས་ཡོངས་རྫོགས་སུ་བཞུགས་པ་རང་བཞིན་གཞིའི་དཀྱིལ་འཁོར་དང་། དེ་ལྟར་རྟོགས་པ་ནི་རང་བཞིན་འབྲས་བུའི་དཀྱིལ་འཁོར་རོ། །དེ་སྐད་དུའང་དགོངས་འདུས་ལས། དཔག་ཏུ་མེད་པའི་རྒྱལ་བ་རྣམས། །ཇི་བཞིན་དེ་བཞིན་ཉིད་ལ་བཞུགས། །དེ་བཞིན་ཉིད་དང་ཐམས་ཅད་ཀྱང་། །གཉིས་མེད་དེ་བཞིན་དེ་ཉིད་དོ། །ཞེས་དང་། དེ་བཞིན་ཉིད་ཀྱི་དེ་ཉིད་ནི། །དཔག་ཅིང་གཞལ་བར་མཐའ་ཡས་པས། །དཔག་མེད་རྒྱལ་བའི་ཕོ་བྲང་ཡིན། །དེ་ན་ཀུན་བཀོད་དེར་གཅིག་གནས། །ཞེས་གསུངས། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི། རང་བཞིན་གྱི་དཀྱིལ་འཁོར་དང་རྗེས་སུ་མཐུན་པར་སྒོམ་པ་སྟེ། དགོངས་པ་དམ་པར་ལྷུན་གྲུབ་པ། །ཏིང་འཛིན་དཀྱིལ་འཁོར་དམ་པ་ཉིད། །ཅེས་དང་། རྔམ་གློག་ལས། དེ་ནས་སྔགས་པ་མཉམ་བཞག་སྟེ། །ཏིང་འཛིན་དཀྱིལ་འཁོར་གསལ་བར་སྒོམ། །ཞེས་སོ། །གཟུགས་བརྙན་གྱི་དཀྱིལ་འཁོར་ནི། དགོངས་འདུས་ལས། གང་དག་ས་ལ་རྒྱལ་བའི་དབྱིབས། །ཀུན་ཏུ་ལྷམ་པར་བྱས་པ་ལ། །ཚོན་རྩི་ལྔ་ཡིས་མཛེས་བཀོད་ན། །རྣམ་གྲོལ་རིག་པའི་རྟེན་དུ་འགྱུར། །ཞེས་དང་། རྔམ་གློག་ལས་ཀྱང་། རས་སམ་གྲོ་ག་ཤིང་ཤུན་ནམ། །ཏཱ་ལའི་ལོ་མའམ་དུར་ཁྲོད་རས། །ཞིང་ཆེན་རས་ལ་སོགས་པ་ལ། །ཕྱག་རྒྱའི་གཟུགས་སུ་བྲིས་ནའང་། །མཚན་མ་འབྱུང་བའི་རྟེན་དུ་བཤད། །ཅེས་དང་། ས་སྟེགས་དབྱིབས་ལེགས་མཛེས་པ་ལ། །རྡུལ་ཚོན་འདུས་བྱས་རྒྱུ་རྣམས་ཀྱིས། །བརྙན་མའི་དཀྱིལ་འཁོར་བྱས་ན་ཡང་། །དེ་ཡང་དངོས་གྲུབ་འབྱུང་བའི་རྟེན། །ཞེས་གསུངས། ཚོགས་ཀྱི་དཀྱིལ་འཁོར་ནི། ཞི་ཁྲོ་ཚོམ་བུའི་དཀྱིལ་འཁོར་རྣམས་སོ། །དེ་ལ་སྒྲུབ་གཞི་རང་བཞིན་གཞིའི་དཀྱིལ་འཁོར་ཉིད་གཟུགས་བརྙན་གྱིས་མཚོན་ཏེ། ཏིང་ངེ་འཛིན་གྱིས་གསལ་བཏབ་ནས། རང་བཞིན་འབྲས་བུའི་དཀྱིལ་འཁོར་དང་དབྱེར་མེད་དུ་བྱས་པ་ནི་གསང་བའི་དཀྱིལ་འཁོར་ཏེ། དེར་འཇུག་ཅིང་དབང་བསྐུར་བ་ལ་སོགས་པའི་ཐབས་བདེ་ཞིང་མྱུར་བས་འབྲས་བུ་མཆོག་དང་ཐུན་མོང་གི་དངོས་གྲུབ་ལ་སྦྱོར་བར་གདོན་མི་ཟ་བ་ཉིད་དེ། རྔམ་གློག་ལས། གསང་བ་མཆོག་གི་དཀྱིལ་འཁོར་དུ། །འཇུག་དང་དངོས་གྲུབ་གསོལ་བ་དང་། །དབང་བསྐུར་བ་ཡི་ལས་རྣམས་བྱ། །དེས་ནི་ཚེ་འདི་ཉིད་ལ་ཡང་། །སངས་རྒྱས་ཉིད་ཀྱང་ཐོབ་འགྱུར་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །ཞེ་གསུངས་ཤིང་། དེར་མ་ཟད་རྣམ་སྣང་མངོན་བྱང་ལས། བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱ ས་པ་གང་། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །ཞེས་པས་བསྐལ་པ་བྱེ་བ་དུ་མར་བསགས་པའི་སྡིག་སྒྲིབ་རྣམས་དཀྱིལ་འཁོར་མཐོང་བ་ཙམ་གྱིས་ཀྱང་འདག་པར་འགྱུར་ན། དཀྱིལ་འཁོར་དུ་ཞུགས་ནས་དབང་ནོད་ཅིང་རྟོགས་གོམས་ཀྱི་སྦྱོར་བས་ཉམས་སུ་བླངས་ན་ལྟ་ཅི་སྨོས། དེ་བས་ན་ཁྱེད་ཅག་བདེ་ཞིང་མྱུར་བའི་ལམ་འདི་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་ངེས་པའི་ཕྱིར་རྙེད་པའི་མཆོག་རབ་ཏུ་རྙེད་པར་གྱུར་ཏོ་སྙམ་དུ་དགའ་བ་སྒོམ་པར་མཛད་འཚལ། དེ་ནས་ཁྱད་པར་ཅན་གྱི་དོན་ཞུ་བའི་སླད་དུ་སློབ་དཔོན་ཧེ་རུ་ཀ་དང་དབྱེར་མི་ཕྱེད་པ་ལ་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ནས་གསོལ་བ་གདབ་པ་འདིའི༴ བཅོམ་ལྡན་ཀུན་བཟང་ཧེ་རུ་ཀ །དཀྱིལ་འཁོར་གཙོ་བོ་ཁྱོད་ལ་འདུད། །ཐར་པ་ཆེན་པོ་བདག་འདོད་དེ། །དེ་ཉིད་དབང་དང་དམ་ཚིག་དང་། །མགོན་པོ་དཔའ་བོར་སྐྱབས་སོང་ཞིང་། །ཐེག་ཆེན་ཁང་པར་གཞུག་པ་དང་། །མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །ཞེས་ལན་གསུམ། དེ་ལྟར་རྡོ་རྗེའི་ཐེག་པ་ལ་དོན་གཉེར་གྱི་བློ་སྐྱེས་པས་ཐེག་པ་འདིའི་རིགས་སུ་ངེས་པའི་སྒོ་ནས་བུར་གྱུར་པ་ལ་བོས་ཏེ་གནང་བ་སྦྱིན་ཞིང་དྲང་བ་ནི། ལག་གི་རྡོ་རྗེ་ལ་འཛིན་དུ་བཅུག་སྟེ། བུ་འདིར་ཤོག་ཅིག་ཅི་བདེ་བའི། །ལས་སྤྱོད་རིམ་པར་འགྲོ་བ་དང་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བཟུང་། །རྫོགས་པའི་ཡེ་ཤེས་བདེ་ཆེན་ལ། །དམིགས་པ་མེད་པར་གནས་ཕྱིར་དུ། །སེར་སྣ་སྤངས་པའི་དང་ཡིད་ཀྱིས། །གཏོང་ཞིང་རང་སེམས་བརྟན་པར་བཟུང་། །འདུས་པ་ཆེན་པོའི་དབང་རྫོགས་སྦྱིན། །ཞེས་རང་གི་མདུན་དུ་དྲང་ངོ་། །དེ་ནས་ཚེ་སྦ་བ་ནི། སློབ་དཔོན་གྱིས་བྷྲཱུཾ་ཞེས་བརྗོད་པས་སོ་སོ་རང་རང་གི་ཀླད་པ་དུང་ཁང་གི་ནང་དུ་ཟླ་གམ་དམར་པོའི་གཞལ་ཡས་ཁང་གནམ་སྒོ་གཅིག་པ། དེའི་དབུས་སུ་ཧཱུཾ་ཞེས་བརྗོད་པས་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་ཡིག་སྔོན་པོ་ལས་འཕྲོས་པའི་འོད་ཀྱིས་ལུས་ཐམས་ཅད་ཁྱབ། ཨཱ་ཡུཿཧཱུཾ་ཛཿཞེས་པས་འོད་ཟེར་དེས་ཚེའི་དྭངས་མ་ཐམས་ཅད་འོད་དཀར་པོའི་རྣམ་པར་བསྡུས་ནས་ཧཱུཾ་ལ་ཐིམ། ༀ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ་ཞེས་པས་ཧཱུཾ་ཡོངས་སུ་གྱུར་པ་ལས་ཧཱུཾ་མཛད་སྔོ་སྐྱ་ཚེའི་བུམ་པ་འཛིན་པར་གྱུར། ཟླ་གམ་གྱི་གནམ་སྒོ་ལ་ༀ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུཾ། ཞེས་པས་མི་གཡོ་བ་ལྗང་ནག་རལ་གྲི་ཐོགས་པས་སྒོ་བསྲུང་བའི་མོས་པ་མཛོད། དེ་ནས་སྒྲིབ་པ་འབྲལ་བའི་ཕྱིར་སློབ་དཔོན་ཞེ་སྡང་རྡོ་རྗེར་གསལ་བའི་ཐུགས་ཀ་དང་བ་སྤུའི་བུ་ག་ཐམས་ཅད་ནས་འབར་བའི་ཁྲོ་བོ་མཚོན་ཆའི་ཆར་འབེབས་པ་དཔག་ཏུ་མེད་པ་སྤྲོས་པས་སྒྲིབ་པ་སྦྱོང་བ་ལ་བར་དུ་གཅོད་པའི་བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་བསྡིགས་བསྐྲད་བརླག་པར་བྱས་ཏེ་འདུལ་སྦྱོང་དྲག་པོའི་དཀྱིལ་འཁོར་དུ་སྦྱངས་པར་གྱུར། ཧཱུཾ་ཧཱུཾ་ཧཱུཾ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ། ཧ་ལ་ཧ་ལ་རཾ། ཞེས་སྤོས་རོལ་དང་བཅས་པའི་ཚམ་རྔམས་ཀྱིས་བགེགས་བསྐྲད། དུང་ཁང་གི་ཁྲོ་བོ་གཉིས་དང་སྤྲུལ་པའི་ཁྲོ་ཚོགས་ཐམས་ཅད་སློབ་མའི་ལུས་ལ་ཞུ་ལུགས་སུ་འདྲེས་པས་ལུས་ཀྱི་ཆ་ཐམས་ཅད་ཁྲོ་བོའི་རྡུལ་ཕྲ་རབ་ཀྱིས་གཏམས་པར་གྱུར། སྒྲིབ་པ་སྦྱང་བ་དངོས་ནི། སློབ་དཔོན་གྱི་ཐུགས་ཀའི་ཧཱུཾ་ལས་རཾ་ཡཾ་ཁཾ་གསུམ་འཕྲོས། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས། འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉོན་མོངས་བག་ཆགས་སྐལ་པ་ངན་པ་དང་བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་སྲེགས་སྦྱངས་གཏོར་ཏེ་མི་དམིགས་པར་གྱུར། ཏ་ཀེཾ་ཏ་ཀེཾ་ཕཊ། ཧ་ལ་ཧ་ལ་རཾ། ཏིཀྵྞ་ཏིཀྵྞ་ཁཾ། ཀྲོ་དྷ་ཀྲོ་དྷ་ཡཾ། ཞེས་སྒྲིབ་པ་སྦྱངས། སླར་ཡང་སློབ་དཔོན་གྱི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་སློབ་བུའི་སེམས་ཀྱི་རྟོག་པ་དང་། དེ་ལས་བྱུང་བའི་ལུས་ངག་སྦྱངས་ཏེ། གཟུང་འཛིན་དང་བྲལ་བའི་རང་བཞིན་འོད་ཀྱི་གོང་བུ་ལས། ༀ་བཛྲ་སཏྭ་ཨཱཿ ཞེས་བརྗོད་པས་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པའི་སྐུར་གྱུར་པའི་མོས་པ་མཛོད། བྱིན་གྱིས་བརླབས་པའི་ནང་མཆོད་ཀྱིས། ༀ་ཨཱཿཧཱུཾ། ཞེས་གནས་གསུམ་དུ་ཐིག་ལེ་བྱས་པས། སྤྱི་བོ་ཟླ་བ་ལ་གནས་པའི་ༀ་དཀར་པོ། མགྲིན་པར་པདྨ་ལ་གནས་པའི་ཨཱཿདམར་པོ། སྙིང་གར་ཉི་མ་ལ་གནས་པའི་ཧཱུཾ་སྔོན་པོ། སློབ་དཔོན་གྱིས་རྡོ་རྗེའི་ཕྱག་རྒྱས་གནས་གསུམ་དུ་རེག་པས། འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ལྷ་ཚོགས་སྤྱན་དྲངས། སློབ་མའི་གནས་གསུམ་གྱི་ཡི་གེ་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས། རྣམ་སྣང་། འོད་དཔག་མེད། མི་བསྐྱོད་པ་རྣམས་ཀྱིས་རྒྱས་བཏབ་པའི་མོས་པ་མཛོད། ཕྱག་རྒྱས་རེག་ཅིང་། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་བཞིན་དུ་ཝཱ་ཀ་དང་། ཙིཏྟ། དེས་ལུས་ངག་ཡིད་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེར་བྱིན་གྱིས་བརླབས་པ་ཡིན་ནོ། །ཁུ་ཚུར་མདུད་ཅིང་། བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾ། ཞེས་བརྗོད་པས་སྤྱི་བོའི་ཧཾ་ཞུ་བའི་འོད་ཀྱིས་ལུས་ཀྱི་ཆ་ཐམས་ཅད་རྡོ་རྗེའི་རྡུལ་ཕྲ་རབ་ཏུ་གྱུར་པས་ཅིས་ཀྱང་མི་ཤིགས་པ་རྡོ་རྗེའི་གོ་ཆས་བཅིངས་པར་གྱུར། དེ་ལྟར་འགལ་རྐྱེན་སྡིག་སྒྲིབ་སྦྱངས་ཤིང་ལྷར་བསྐྱེད་ནས། ད་མཐུན་རྐྱེན་དངོས་གྲུབ་ཀྱི་ལྟས་བརྟག་པ་ལ་གཉིས་ལས། དང་པོ་སོ་ཤིང་དོར་བ་ནི། བསང་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་སོ་ཤིང་མཚན་ཉིད་ཚང་བ་དངོས་གྲུབ་ཀྱི་ལྟས་བརྟག་པའི་ནུས་པ་དང་ལྡན་པར་གྱུར། ༀ་ཨཱཿཛི་ཧ་སཾ་ཝརྟ་ནི་ཧཱུཾ་ཕཊ། ཅེས་བཟླ་བཞིན་དུ་བྱིན། དེ་ཉིད་མཁའ་དབྱིངས་ཀྱི་རྒྱས་བཟུང་ལ་སོས་འཆའ་ཞིང་དྲུད་པ་ལྟར་བྱས་པས་སྡིག་སྒྲིབ་ཐམས་ཅད་སྐྱུགས་པར་མོས་ལ། ཁར་ཤར་དུ་བལྟ་བས་དམོད་བོར་ཏེ། ༀ་བཛྲ་ཧཱ་ས་ཧ་ཞེས་ལྟོས་པ་མེད་པར་དོར་ཅིག །དེའི་ཚེ་རྩེ་མོའི་མེ་ཏོག་སྟེང་དུ་བསྟན་ན་མཆོག་གི་དངོས་གྲུབ། ཕྱོགས་བཞིར་ཞི་སོགས་ལས་བཞི། མཚམས་བཞིར་བུམ་པ་བཟང་པོ་སོགས་ཕྲ་མོའི་དངོས་གྲུབ། ཐུར་དུ་བསྟན་ན་ས་འོག་གི་དངོས་གྲུབ་འགྲུབ་པར་འགྱུར་རོ། །ཞེས་ལུང་བསྟན། ཕྱིར་ལྷུང་ན་བསྐྱར་རོ། །གཉིས་པ་རྨི་ལམ་གྱི་སྒོ་ནས་བརྟག་པ་ལ་སྦྱོར་དངོས་རྗེས་གསུམ་གྱི། སྦྱོར་བ་ལའང་གསུམ་ལས། དང་པོ་རྨི་ལམ་གསལ་བའི་ཆེད་དུ་ཁྱོར་ཆུ་བླུད་པ་ནི། དུང་ཞལ་གྱི་དྲི་ཆུ་ལ་ཧཱུཾ་བིགྷྣཱནྟ་ཀྲྀཏ་ཕཊ། ཅེས་བཟླས་ཏེ། དྲི་ཆུ་ཁྱོར་བར་ལན་གསུམ་སྦྱིན་པ་འཐུང་ལ་ལྷག་མ་རྒྱབ་ཏུ་དོར་ཅིག །ༀ་སརྦ་ཤོདྷ་ཡ་ཧཱུཾ་ཕཊ། ཅེས་བླུད། གཉིས་པ་རྨི་ལམ་གྱི་བར་ཆད་བསྲུང་བ་ལ་གཉིས་ཀྱི། དཔུང་སྐུད་གདགས་པ་ནི། བསང་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་སྲད་བུ་རྡོ་རྗེའི་མདུད་པ་གསུམ་དང་བཅས་པ་བར་ཆད་བསྲུང་བའི་ནུས་པ་དང་ལྡན་པར་གྱུར། སྟ་གོན་གྱི་ལྷའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་སྲད་བུ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཧཱུཾ་བིགྷྣཱནྟ་ཀྲྀཏ་ཕཊ། ཅེས་བཟླ་བཞིན་དུ་སྐྱེས་པའི་དཔུང་པ་གཡོན་དང་། བུད་མེད་ཀྱི་གཡས་སུ་ཉིས་བསྐོར་གྱིས་བཅིངས་ལ། ལས་བུམ་གྱི་ཆུ་འཐོར་ཞིང་རྡོ་རྗེས་རྒྱ་གྲམ་དུ་རྒྱས་བཏབ་ནས། ༀ་བཛྲ་རཀྵ་རཀྵ་ཧཱུཾ་ཕཊ། ཅེས་བརྗོད། ཕུར་བུ་སྦྱིན་པ་ནི། བསང་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་སྲས་མཆོག་སྟོད་ཁྲོ་བོ་ལ་སྨད་ཕུར་བུ་འབར་བའི་རྣམ་པ་ཅན་བར་ཆད་བསྲུང་བའི་ནུས་པ་དང་ལྡན་པར་གྱུར། ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿགཉིས་མེད་དུ་གྱུར། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ཅེས་བཟླས་བཞིན་དུ་སྦྱིན་ནོ། །གསུམ་པ་རྨི་ལམ་མི་འཁྲུག་པའི་ཕྱིར་ཀུ་ཤ་སྦྱིན་པ་ནི། བསང་སྦྱངས། སྟོང་པའི་ངང་ལས་ཧཱུཾ་དང་དྷི་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་རྩེ་མ་ཉམས་པ་རྨི་ལམ་མི་འཁྲུག་པར་བྱེད་པའི་ནུས་པ་དང་ལྡན་པར་གྱུར། ༀ་ཨཱཿདྷི་ཧཱུཾ་སྭཱ་ཧཱ། ཞེས་བཟླ་བཞིན་དུ་ཆུང་བ་སྔས་ཀྱི་དོན་དུ་ལག་གཡས་དང་། ཆེ་བ་སྟན་གྱི་དོན་དུ་གཡོན་པར་སྦྱིན་ནོ། །དེ་ནས་སྐབས་འདིར་སྤྲོ་བ་བསྐྱེད་པའི་ཆེད་དུ་དབང་གི་གླེང་གཞི་བརྗོད་པས་ལེགས་པར་གསན་འཚལ། དེ་ལ་གངས་ཅན་གྱི་ལྗོངས་འདིར་གསང་སྔགས་གསར་རྙིང་གཉིས་ལས། རོང་ཟོམ་ཆོས་ཀྱི་བཟང་པོའི་ཞལ་ནས། གསང་སྔགས་རྙིང་མ་པ་རྣམས་ལ་གསར་མ་ལས་ཁྱད་པར་དུ་འཕགས་པའི་ཆེ་བ་དྲུག་ཡོད་ཅེས་གསུངས། དྲུག་གང་ཞེ་ན། ཡོན་བདག་གནས་དང་ལོ་པཎ་དང་། །ཞུ་རྟེན་ཆོས་ཀྱི་ཆེ་བས་འཕགས། །ཞེས་པ་ལྟར། ཆེ་བ་དྲུག་གིས་གསར་མ་ལས་ཁྱད་པར་དུ་གྱུར་པ་གསང་སྔགས་རྙིང་མ་སྟེ། དེ་ལའང་རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་ཞེས་བཀའ་སྲོལ་གསུམ་དུ་གནས་པ་ལས། འདིར་སྔ་འགྱུར་བཀའ་མ་ལ་ལྷ་རྗེ་གླན་ཆེན་པོའི་བཞེད་ཀྱི། གངས་ཅན་གྱི་ལྗོངས་འདིར་དབང་གི་ཆུ་བོར་ཆེན་པོ་བཞིའི་བཀའ་བབས་པར་གསུངས་ཏེ། བཞི་གང་ཞེ་ན། ཐེག་པའི་རིམ་པའི་ཆུ་བོ་དང་། སོ་སོ་རང་རང་ནས་བརྒྱུད་པའི་ཁུངས་ཀྱི་ཆུ་བོ་དང་། དེ་དག་ལ་རྒྱ་གར་གྱི་དབང་གི་ཆུ་བོ་དང་། བོད་ཀྱི་དབང་གི་ཆུ་བོར་གྲགས་ལུགས་སོ། །དང་པོ་ཐེག་པའི་རིམ་པའི་ཆུ་བོ་ནི། སྤྱིའི་ཐེག་དགུའི་དབང་མན་ངག་རྫོགས་པ་ཆེན་པོ་ལས་བཤད་པ་དང་། བྱེ་བྲག་གི་ལུང་ལ་བསྐྱེད་རྫོགས་གསུམ་དུ་ཕྱེ་བའི་ཐེག་དགུའི་དབང་མདོ་ཡོངས་རྫོགས་ཀྱི་ལུགས་སུ་བསྐུར་བའི་བཀའ་གཉིས་སོ། །གཉིས་པ་སོ་སོ་རང་རང་ནས་བརྒྱུད་པའི་ཁུངས་ཀྱི་ཆུ་བོ་ལ་ནང་གསེས་ལྔ་བཤད་དེ། སློབ་དཔོན་ཆེན་པོ་པདྨའི་སློབ་མ་ཤཱིནྟཾ་གརྦྷ་ནས་གཤེན་ལ་བརྒྱུད་པ་སྒྱུ་འཕྲུལ་དང་ཐབས་ཞགས་ཀྱི་དབང་བཀའི་ལུགས། པཎྜི་ཏ་རྡོ་རྗེ་བཞད་པ་ནས་རྡོ་རྗེ་གྲགས་པ་ལ་བརྒྱུད་པ་གསང་བ་སྡེ་གསུམ་གྱི་དབང་བཀའི་ལུགས། ཧཱུཾ་ཀཱ་ར་ནས་ནམ་སྙིང་ལ་བརྒྱུད་པ་དཔལ་ཡང་དག་དང་དོང་སྤྲུགས་ཀྱི་དབང་བཀའི་ལུགས། པཎ་ཆེན་བི་མ་ལ་མི་ཏྲ་ནས་གཉགས་ལོ་ལ་བརྒྱུད་པ་ལུང་དང་མན་ངག་གི་དབང་བཀའི་ལུགས། སློབ་དཔོན་ཆེན་པོ་སངས་རྒྱས་གསང་བ་ནས་ཨ་ཙརྱ་མཉྫུ་ཤྲཱི་ལ་བརྒྱུད་པ་ཡོ་ག་ཕྱི་པའི་དབང་བཀའི་ལུགས་ཏེ། དེ་ལྟར་ཆུ་བོ་ལྔ་ཀ་གཉོས་ཉི་མའི་རྒྱལ་པོ་ལ་བཀའ་བབས་པར་བཤད་དོ། །གསུམ་པ་རྒྱ་གར་གྱི་དབང་གི་ཆུ་བོར་གྲགས་ལུགས་ལའང་ནང་གསེས་བཞིར་བཤད་དེ། ཡི་དམ་ལྷས་དབང་བསྐུར་ནས་ཐོབ་པ་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ། བཀའ་བརྒྱུད་རྟགས་ཀྱི་དབང་བསྐུར་ནས་ཐོབ་པ་རྒྱལ་པོ་ཆེན་པོ་ཛཿ རིག་པ་རྩལ་གྱི་དབང་བསྐུར་ནས་ཐོབ་པ་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝ། དགེ་བའི་བཤེས་གཉེན་གྱིས་དབང་བསྐུར་ནས་ཐོབ་པ་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲ་དང་བཞིའོ། །བཞི་པ་བོད་ཀྱི་དབང་གི་ཆུ་བོར་གྲགས་ལུགས་ལའང་བཞི་སྟེ། ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་དང་། པཎ་ཆེན་བི་མ་ལ་མི་ཏྲ་དང་། གནུབས་ནམ་མཁའི་སྙིང་པོ་དང་། རྒྱལ་མོ་གཡུ་སྒྲ་སྙིང་པོ་དང་བཞིས་གཉགས་ལོ་ཡེ་ཤེས་གཞོན་ནུ་ལ་དབང་བསྐུར་བའོ། །དེ་ལྟར་སྤྱིར་བཤད་ནས། འདིར་སྐབས་སུ་བབས་པ་འདུས་པ་མདོའི་དབང་གི་ཆུ་བོ་ལྷ་མིའི་ཡུལ་དུ་ཇི་ལྟར་གྲགས་པའི་གླེང་གཞི་ནི། རྒྱལ་བ་སེམས་དཔའ་རྣལ་འབྱོར་དག །དགོངས་རིག་རྣ་བར་བརྒྱུད་པ་སྟེ། །གང་ལ་ཐུག་གི་བར་དུའོ། །ཞེས་འབྱུང་བ་ལྟར། རྒྱལ་བ་དགོངས་པས་བརྒྱུད་པ་ནི། རྒྱལ་མཆོག་ཀུན་ཏུ་བཟང་པོས། རྒྱལ་ཚབ་སྐྱེས་བུ་རིགས་ལྔ་ལ་བརྒྱུད། དེས་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རིགས་གསུམ་ལ་བརྒྱུད་པ་སྟེ། ཆོས་ཀྱི་རྒྱལ་པོས་རྒྱལ་ཚབ་ལ། །དགོངས་པ་གསང་བ་ངེས་པར་བརྒྱུད། །ཅེས་གསུངས། གཉིས་པ་རིག་འཛིན་རིག་པས་བརྒྱུད་པ་ལ་གཉིས་ཀྱི། དང་པོ་མི་མ་ཡིན་ལ་བརྒྱུད་པ་ནི། རྒྱལ་སྲས་རིགས་གསུམ་གྱིས་ལྷ་ཀླུ་གནོད་སྦྱིན་གསུམ་ལ་བསྟན་པ་ལས་བརྒྱུད་དེ། ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་རིགས་འཛིན་ཅིང་སངས་རྒྱས་ཀྱི་གདུང་འཚོབ་པར་གྱུར་ཏོ། །གཉིས་པ་མི་དང་མི་མིན་གཉིས་ཀ་ལ་བརྒྱུད་པ་ནི། ཇི་སྐད་དུ། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །ལྷ་གནས་གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི། །མི་ལས་སྐལ་ལྡན་རིགས་ཅན་དེ། །རྒྱལ་པོ་ཛཿཞེས་བྱ་བ་ལ། །སྔོན་དུ་ལྟས་སྣང་སྣང་གྱུར་ཏེ། །དྲག་ཤུལ་ཅན་ཞེས་བྱ་བའི་རྩེར། །གྲོགས་ཀྱི་སེམས་དཔའ་དམན་པའི་ལུས། །ལངྐའི་བདག་པོ་ལ་སོགས་ལ། །ལག་ན་རྡོ་རྗེས་སྣང་བར་འགྱུར། །ཞེས་གསུངས་པས། སྟོན་པ་ཐུབ་པའི་དབང་པོ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ན། ལྷ་ཀླུ་གནོད་སྦྱིན་སྲིན་པོ་སྟེ་མི་མ་ཡིན་པ་བཞི་དང་། མིའི་རིག་འཛིན་ལི་ཙ་བཱི་སྟེ་དམ་པའི་རིགས་ཅན་ལྔ་རང་རང་གི་མངོན་ཤེས་དང་རྫུ་འཕྲུལ་གྱིས་ལངྐའི་ཡུལ་གྱི་རི་བོ་མ་ལ་ཡའི་རྩེར་འདུས་ཏེ། གདུང་ཚིག་ཉི་ཤུ་རྩ་གསུམ་བཏོན་པས་གསང་བའི་བདག་པོ་མངོན་སུམ་དུ་བྱོན་ནས་རིགས་ཅན་ལྔ་སོགས་རིག་འཛིན་འདུས་པ་ཕལ་མོ་ཆེ་ལ་སྔོན་འོག་མིན་དང་། དགའ་ལྡན་དང་། སུམ་ཅུ་རྩ་གསུམ་སྟེ་ལྷ་གནས་གསུམ་དུ་གྲགས་པའི་གསང་བའི་ཐེག་པ་ཉིད་སྟོན་པར་མཛད་ཅིང་། དེ་རྣམས་སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་བསྡུ་བ་པོ་བྱས་ཏེ། གསེར་གྱི་གླེགས་བམ་ལ་བཻ་ཌཱུརྱའི་ཞུན་མས་བྲིས་ནས་དགོངས་པའི་རྩལ་བདུན་གྱིས་ནམ་མཁའ་ལ་སྦས་སོ། །དེ་ཉིད་མིའི་ཡུལ་དུ་ཇི་ལྟར་གྲགས་པའི་ཚུལ་ནི། མ་ལ་ཡའི་རྩེར་གསང་བདག་གིས་ཆོས་འཁོར་བསྐོར་བའི་བྱིན་རླབས་ཀྱིས་སྐལ་ལྡན་རྒྱལ་པོ་ཛཿལ། སྐུ་གསུང་ཐུགས་རྟགས་ཐིམ་པ་དང་། །རིན་ཆེན་གླེགས་བམ་བབས་པ་དང་། །ཆོས་ཀྱི་བགྲོ་བ་བྱས་པ་དང་། །ཀུན་གྱི་དམ་པར་བསྒྲགས་པ་དང་། །མཆོད་པ་ཆེན་པོ་བྱས་པ་དང་། །རིན་ཆེན་ཆར་དུ་བབས་པ་དང་། །སངས་རྒྱས་ས་ལ་ལུང་བསྟན་པའོ། །ཞེས་པའི་རྨི་ལྟས་བདུན་པོ་སྣང་ཞིང་། དེ་དང་མཐུན་པར་རྒྱུད་ལུང་གི་གླེགས་བམ་དགོས་སུ་བབས་ཏེ། གང་དུ་བབས་ན། རྒྱུད་མ་ཧཱ་ཡོ་ག་ས་ཧོ་རའི་ཡུལ་རྒྱལ་པོ་ཛཿའི་ཁང་སྟེང་དུ་བབས་ལ། ལུང་ཨ་ནུ་ཡོ་ག་རྣམས་ནི་ལངྐའི་ཡུལ་ཞེས་གྲགས་པ་སིངྒ་ལའི་ནགས་ཚལ་དུ་བབས་ཤིང་། རྒྱལ་པོས་གླེགས་བམ་ལ་བལྟས་པ་ན། བརྡ་མ་མཇལ་ནས་རང་གི་རྒྱུད་སྦྱངས་པས། གསང་བདག་མངོན་སུམ་དུ་བྱིན་ཏེ། དབང་བསྐུར་ཞིང་བྱིན་གྱིས་བརླབས་པས་གླེགས་བམ་གྱི་དོན་མ་ལུས་པ་ཐུགས་སུ་ཆུད་པར་གྱུར་ཏོ། །གསུམ་པ་གང་ཟག་སྙན་ཁུང་བརྒྱུད་པ་ནི། དེ་ལྟར་གསང་བདག་གི་མཐུས་རྒྱལ་པོ་ཛཿས་རྒྱུད་ལུང་གི་དོན་ཐམས་ཅད་རྟོགས་པར་གྱུར་ནའང་། བསྟན་པ་ལ་རང་དགར་འཇུག་པ་དགག་པའི་ཕྱིར་གྲོགས་ཨུ་པ་རཱ་ཛ་དང་འགྲོགས་ནས་དགེ་བསྙེན་ལི་ཙ་བཱི་དྲི་མེད་གྲགས་པ་ལས་གསན། རྒྱལ་པོ་ཛཿས་ཨུ་པ་རཱ་ཛ་དང་། རང་གི་སྲས་ཨིནྡྲ་བོ་དྷི། ནཱ་ག་པུ་ཏྲ། གུ་ཧྱ་པུ་ཏྲི་གསུམ་ལ་བཤད། ཨིནྡྲ་བོ་དྷིས་ཀུ་ཀུ་རཱ་ཛ་ཕྱི་མ་ལ། དེས་རོ་ལངས་བདེ་བ་ལ། དེས་རྡོ་རྗེ་བཞད་པ་ལ། དེས་པྲ་བྷ་ཧསྟི་ལ། དེས་ཤཱཀྱ་སེང་གེ། ཤཱཀྱ་པྲ་བྷ། ཤཱཀྱ་མུ་དྲ་གསུམ་ལ་བཤད། ཤཱཀྱ་སེང་གེས་དྷ་ན་རཀྵ་ཏི་ལ། དེས་ཧཱུཾ་ཀཱ་ར་དང་སྠི་ར་མ་ཏི་ལ། དེ་གཉིས་ཀས་སློབ་དཔོན་ཆེན་པོ་བདེ་བ་གསལ་མཛད་ལ། དེ་དང་དྷ་ན་རཀྵི་ཏས་མདོ་མཁན་དྷརྨ་བོ་དྷི། མཁན་པོ་ཆོས་རྒྱལ་སྐྱོང་། བལ་པོ་བ་སུ་དྷ་ར་རྣམས་ལ། དེ་གསུམ་ཀས་བྲུ་ཤའི་ལོ་ཙཱ་བ་ཆེ་བཙན་སྐྱེས་ལ་གནང་ངོ་། །དེ་ལས་བོད་དུ་དར་ཚུལ་ནི། སྔ་འགྱུར་བསྟན་པའི་མེས་པོ་ལོ་ཙཱ་བ་ཆེན་པོ་གནུབས་སངས་རྒྱས་ཡེ་ཤེས་དགུང་ལོ་ལྔ་བཅུ་རྩ་བཞི་པ་ལ་བལ་ཡུལ་དུ་བ་སུ་དྷ་རའི་སྤྱན་སྔར་བྱོན་ནས་ཆོས་མང་དུ་གསན། དེའི་ཚེ་སློབ་དཔོན་གྱི་གསུང་ནས་རྒྱ་གར་གྱི་ཡུལ་ན་ངའི་སློབ་དཔོན་གསལ་བའི་རྒྱན་ཞེས་པ་ལོ་སྟོང་དྲུག་བརྒྱ་ལོན་པ་ཞིག་བཞུགས་པས། ཁྱོད་རང་དེའི་སྤྱན་སྔར་སོང་གསུངས་པ་ལྟར། གནུབས་ཀྱིས་རྒྱ་གར་ཡུལ་དུ་བྱོན་ནས། སློབ་དཔོན་གསལ་བའི་རྒྱན་གྱི་ཞལ་མཐོང་སྟེ། མདོའི་དབང་དང་གདམས་ངག་སོགས་ཆོས་མང་དུ་ཞུས། སློབ་དཔོན་འདི་ནི་བདེ་བ་གསལ་མཛད་དང་གཅིག་པར་རོག་བརྩོན་སེང་བཞེད་དོ། །དེ་ནས་དགོངས་འདུས་ཀྱི་གཞུང་བཤད་ཞུས་པས། རུའི་ཞལ་ནས། དྷ་ན་རཀྵི་ཏ་དང་། དྷརྨ་བོ་དྷི་དང་། དྷརྨ་རཱ་ཛ་རྣམས་ཆེ་བཙན་སྐྱེས་ཀྱིས་སྤྱན་དྲངས་ནས་བྲུ་ཤའི་ཡུལ་དུ་བཞུད་པས། དེར་ཞུས་ཤིག་གསུངས་པ་ལྟར། གནུབས་ཀྱིས་དེར་ཚོགས་པའི་ལོ་པཎ་བཞི་ལ་གཙོ་བོར་གཞུང་བཤད་དང་ཞར་ལ་མན་ངག་གི་ཕྲ་གཅོད་དབང་དང་བཅས་པའང་ཞུས་ནས་བོད་དུ་བྱོན་ཏེ། ཐུགས་ཀྱི་སྲས་གནུབས་ཡོན་ཏན་རྒྱ་མཚོ་ལ་བཤད། དེས་སྲས་ཡེ་ཤེས་རྒྱ་མཚོ་ལ། །དེས་རྒྱ་བློ་གྲོས་བྱང་ཆུབ་ལ། །དེས་ཐོ་དཀར་ནམ་མཁའ་ལྡེ་ལ། །ཡང་ན། གནུབས་སངས་རྒྱས་ཡེ་ཤེས་ཀྱིས། སྲུ་ལེགས་པའི་སྒྲོན་མེ་ལ། དེས་ཞུ་སྟོན་བསོད་ནམས་ཤཱཀྱ་ལ་བཤད། དེ་ནས་ཐོ་དཀར་དང་ཞུ་གཉིས་ཀྱིས། བསྟན་པའི་ཉི་མ་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ལ། དེས་ལྟ་དགོངས་ཀྱི་རྩེ་མོ་ཟུར་ཆུང་ཤེས་རབ་གྲགས་ལ། དེས་མདོའི་ཀ་བ་ཡང་ཁྱེད་བླ་མ་ལ། དེས་གསང་བདག་ཆེན་པོ་སྒྲོ་ཕུག་པ་ཤཱཀྱ་སེང་གེ་ལ། ཡང་ན། ཟུར་ཆུང་པས་ཆུ་བར་བ་གླན་ཤཱཀ་བཟང་དང་། ཉ་ཚལ་བ་གླན་ཤཱཀྱ་བྱང་ཆུབ་ལ། དེ་གཉིས་དང་རྗེ་སྒྲོ་ཕུག་པས། འོག་གདོང་གི་ལྷ་རྗེ་འགར་ལ། དེས་འཆུབས་ཀྱི་སྲེགས་སྟོན་རྡོ་རྗེ་རྒྱལ་མཚན་ལ། དེས་གླན་ཉ་ཚལ་པ་ཆེན་པོ་མཁས་པ་རྡོ་རྗེ་འོད་ལ། དེས་གླན་བརྩོན་འགྲུས་སེང་གེ་དང་གླན་བསོད་ནམས་རྒྱལ་པོ་སྟེ་སྲས་མཆེད་གཉིས་ལ། ཕྱི་མས་སྤྲུལ་སྐུ་ལྷ་འབུམ་ལ། དེས་གླན་ཆོས་ཀྱི་སེང་གེ་ལ། དེས་རྫ་ལུང་བླ་མ་སྤེལ་གཅིག་པ་གླན་སངས་རྒྱས་དཔལ་ལ། དེས་གླན་སྟོན་བསོད་ནམས་མགོན་པོ་ལ། དེས་སྒྲོལ་ཆེན་འཇམ་དབྱངས་བསམ་གྲུབ་རྡོ་རྗེ་ལ། དེས་ཟུར་ཧམ་ལྕམ་སྲིང་དང་། རང་གི་སྲས་སངས་རྒྱས་རིན་ཆེན་ཏེ། བསྟན་པའི་སྒྲོན་མེ་གསུམ་ལ་གནང་། དེ་དག་ལས་བརྒྱུད་པའི་ཁྱད་པར་སྒྲོལ་མ་བ་སངས་རྒྱས་རིན་ཆེན་ནས་གནམ་སྡིངས་པ་ལ་བརྒྱུད་པ་དང་། ཟུར་ཧམ་ཤཱཀ་འབྱུང་ནས་འབྲོ་ལ་བརྒྱུད་པ་གཉིས་ཟུར་ཧམ་གྱི་ཕྱག་བཞེས་སྨྱལ་པས་བསྒྲིགས་པའི་དབང་ཆོག་གི་སྟེང་ནས་དབང་མཛད་པས་ན་ཟུར་ལུགས་ཞེས་གྲགས་པ་དང་། ཟུར་མོ་དགེ་འདུན་འབུམ་ལས་ཟུར་ཤཱཀྱ་བཤེས་གཉེན་ལ་བརྒྱུད་པ་འདི་ལ་ཀཿཐོག་རྡོར་བཟང་བ་མན་ཆད་དེས་མཛད་པའི་ཡིག་ཆ་ལ་བརྟེན་པས་ན་ཁམས་ལུགས་ཞེས་གྲགས་པ་སྟེ། དེ་ལྟར་བརྒྱུད་པའི་ཁྱད་པར་མི་འདྲ་བ་གསུམ་གྱི་བཀའ་ཆུ་བོ་ཐམས་ཅད་དུས་གསུམ་རྒྱལ་བའི་སྤྱི་གཟུགས་སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནའི་ཡང་སྲིད་རྗེ་བླ་མ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པ་ལ་བབས་ཏེ། དེའི་ཞལ་སྔ་ནས་གཅུང་ལོ་ཙཱ་བ་ཆེན་པོ་དྷ་རྨ་ཤྲཱི་དང་། སྐུའི་སྲས་པདྨ་འགྱུར་མེད་རྒྱ་མཚོ་ལ། དེ་གཉིས་ཀས་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་ལ། དེས་ཁྲི་ཆེན་པདྨ་བསྟན་འཛིན་དང་། མཁན་ཆེན་ཨ་ཌི་ཡཱ་ན་ལ། ཕྱི་མས་ཁྲི་ཆེན་ཕྲིན་ལས་རྣམ་རྒྱལ་ལ། དེས་ཁྲི་ཆེན་པདྨ་དབང་རྒྱལ་ལ། དེས་ཁྲི་ཆེན་སངས་རྒྱས་ཀུན་དགའ་ལ། དེས་མདོ་སྔགས་བསྟན་འཛིན་ནོར་བུ་ལ། དེས་ཁྱབ་བདག་འཁོར་ལོའི་མགོན་པོ་ངེས་པ་དོན་གྱི་རྡོ་རྗེ་འཆང་འགྱུར་མེད་ཕན་བདེའི་འོད་ཟེར་ཏེ། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་སོགས་གདུལ་བྱར་གྱུར་པ་ལོ་ཆེན་ནས་བདག་གི་རྣམ་འདྲེན་བར་གྱི་བརྒྱུད་པའི་ཞལ་སྐོང་ཛྙཱ་ནས་སོ། །མཆན། རྣམས་རྗེས་སུ་བཟུང་ནས་རྒྱུད་སྨིན་པའི་སྐལ་པ་ཅན་དུ་མཛད་པ་ནི་མདོ་རྩ་བའི་དབང་དང་། བཤད་སྒྲུབ་ཀྱི་རྒྱུན་རྣམས་གཅིག་ཏུ་འདྲེས་པའི་བརྒྱུད་པ་ཡིན་ལ། གཞན་དུ་མདོ་ཡོངས་རྫོགས་ཀྱི་དབང་བརྒྱུད་པའི་ཁྱད་པར་བྱེ་བྲག་པ་ནི། དོན་ལ་འདུས་པ་ཆེན་པོ་མདོའི་དབང་ཉིད་ཟབ་པ་དང་རྒྱ་ཆེ་བའི་ལུགས་ཀྱི་བསྐུར་ཚུལ་ཐ་དད་དུ་སྣང་བ་ལས་གཞན་མ་ཡིན་པའི་ཕྱིར། བརྒྱུད་པའི་བཀའ་བབས་གཙོ་བོ་ནི་བཤད་མ་ཐག་པ་ཉིད་ཡིན་མོད། དེ་ལྟ་ནའང་ཐེག་པ་གོང་མའི་ནང་དུ་འོག་མ་འདུ་བའི་གནད་ཀྱིས། ཡོ་ག་མན་ཆད་ལམ་སྟེགས་ཀྱི་ཐེག་པ་རྣམས་སོ་སོའི་ལམ་དང་འདྲ་རུང་དུ་བཀྲལ་ཞིང་བཀའ་བབས་ཀྱང་སོ་སོར་སྣང་བའི་བྱིན་རླབས་ཀྱི་ཆུ་རྒྱུན་གཅིག་ཏུ་དྲིལ་བའི་ལུགས་ལྟར་ན། རྒྱལ་པོ་ཛཿལ་རྒྱུད་ལུང་གི་གླེགས་བམ་བབས་པ་དང་དུས་མཚུངས་པར། གསང་སྔགས་ཕྱི་རྒྱུད་ཀྱི་ཀྲི་ཡ་རྣམས་ཝཱ་ར་ཎཱ་སཱི་དང་། ཡོ་ག་རྣམས་མེ་རི་འབར་བའི་རྩེར་པུསྟི་དང་བཅས་ཏེ་བབས་པར་བཤད་ཅིང་། ཀུན་འབྱུང་འདྲེན་པའི་ཐེག་པ་རྣམས་ཀྱི་གླེགས་བམ་དགོས་སུ་བབས་པའི་གསལ་ཁ་མི་སྣང་ཡང་། སྟོན་པས་ལྷ་མིའི་ཐེག་པ་ནཻ་རཱཉྫ་ན་དང་། ཉན་ཐོས་ཝཱ་རཱ་ཎ་སཱིའི་བསིལ་ཁང་དུ་གསུངས་ཤིང་། དེ་གཉིས་ཀ་ཆུ་བོ་ནཻ་རཱཉྫ་ནའི་གནས་སུ་བབས་ལ། རང་རྒྱལ་གྱི་ཐེག་པ་ནི་རི་བྱ་རྐང་ཅན་དུ་གསུངས་པ་རྒྱལ་བྱེད་ཚལ་གྱི་ཀུན་དགའ་ར་བར་བབས། བྱང་སེམས་ནི་རྒྱལ་པོའི་ཁབ་ཀྱི་བྱ་རྒོད་ཕུང་པོའི་རིར་གསུངས་ཤིང་གནས་དེ་ཉིད་དུ་བབས་པར་བཤད། དེ་ཐམས་ཅད་སློབ་དཔོན་རོ་ལངས་བདེ་བ་ལ་བཀའ་བབས་པའི་ཚུལ་ནི། སློབ་དཔོན་དེས་ཨཱ་ཙརྻ་ཀིངྐ་ར་ལ་མཛད་པ་ཉི་ཤུའི་དབང་། སློབ་དཔོན་ཙཎྜི་ཀ་ལ་ཀྲི་ཡའི་དབང་ཉེར་དྲུག །སློབ་དཔོན་ཀུ་མ་ཏི་ལ་ཡོ་གའི་དབང་དྲུག་ཅུ་རྩ་གཉིས། སློབ་དཔོན་རབ་ཏུ་གསལ་བ་ལ་རྒྱུད་ལུང་མན་ངག་གི་དབང་རྣམས་ནོས་ནས་རིམ་པར་དྷརྨ་ཀཱ་ཡ། ཟ་ཧོར་གྱི་རྒྱལ་པོ། སིངྒ་ལའི་རྒྱལ་པོ། དགེ་སློང་སོ་ཀྱ་དེ་བ། སྒེག་པ་རྡོ་རྗེ། ཆོས་བློན་བདེ་བ། མཁན་པོ་ཆོས་རྒྱལ་སྐྱོང་ངམ། ཡང་ན་རོ་ལངས་བདེ་བ་ནས་རྡོ་རྗེ་བཞད་པ་ལ་བརྒྱུད་པ་སོགས་དེ་མན་ཆད་གཅིག་ཏུ་འདྲེས་པས་སྔར་དང་འདྲ་བ་ཡིན་ནོ། །དེ་ལྟར་བརྒྱུད་པའི་བླ་མ་དེ་ཐམས་ཅད་ཀྱང་གྲུབ་བརྙེས་རིག་པ་འཛིན་པའི་སྐྱེས་ཆེན་ཡེ་ཤེས་ཀྱི་སྐུ་ཅན་ཤ་སྟག་བྱོན་པའི་བྱིན་རླབས་ཀྱི་བཀའ་བབས་འགྲན་ཟླ་མེད་པ་ཡིན་པས། དེའི་རྗེས་སུ་འཇུག་ཏུ་ཡོད་པ་འདི་ནི་སྐལ་བ་མཆོག་ཏུ་གྱུར་པའོ་སྙམ་དུ་དགའ་བ་སྒོམ་པར་མཛད་འཚལ། དེས་གླེང་གཞི་བཤད་པའི་རིམ་པ་སོང་ནས། ད་ནི་དངོས་གྲུབ་ཀྱི་སྣོད་སྐྱོན་ཤེས་པའི་ཆེད་དུ་དབང་གི་གེགས་བཤད་པར་བྱ་སྟེ། སངས་རྒྱས་ཀུན་གྱི་དངོས་གྲུབ་མཆོག །དབང་དང་བྱིན་རླབས་འབྱུང་བ་ནི། །དཔེར་ན་རྒྱ་མཚོ་དྭངས་པ་ལ། །ཉི་ཟླའི་གཟུགས་བརྙན་འབྱུང་འགྱུར་གྱི། །རྙོག་པའི་ཆུ་ལ་འགག་འགྱུར་བཞིན། །བྱིན་རླབས་དབང་མཆོག་ཐོབ་པའི་གེགས། །མི་ཐོབ་མི་ཆགས་མི་འགོས་སྲེག །རྣམ་པ་བཞི་རུ་རྒྱུད་ལས་བཤད། །དད་མེད་བློ་ཞན་རྫོབ་པ་ཆེ། །ཚུལ་འཆོས་མཁན་ལ་རས་ཆོད་བྱེད། །དེ་ནི་དབང་གིས་ཚིག་པར་བཤད། །གསང་མེད་བརྗེད་ངས་དབང་མི་ཆགས། །དད་མེད་གཡེང་རྨུགས་དབང་མི་འགོས། །ཁྲོ་གཏུམ་ངང་ཐུང་ཁེ་བེར་ཅན། །སྣོད་མེད་བཅུད་བྲལ་ཀུན་སྟོངས་པ། །དེས་ནི་དབང་ཐོབ་མ་ཡིན་ནོ། །གེགས་གྱུར་འདི་དག་ལས་ལྡོག་སྟེ། །སྣོད་ལྡན་བཅུད་རྫོགས་དབང་རྟོགས་ན། །དབང་མཆོག་ཐོབ་པའི་རྒྱུ་ཞེས་བཤད། །ཅེས་རྩ་རྒྱུད་ལས་གསུངས་པའི་དོན། རྒྱ་བདུན་འགྲེལ་དུ། ཚིག་པའི་སྐྱོན་ལྔ། མི་ཆགས་པའི་སྐྱོན་གཉིས། མི་འགོས་པའི་སྐྱོན་གསུམ། མི་ཐོབ་པའི་སྐྱོན་དྲུག་ཏུ་འགྲེལ་བར་མཛད་ཅིང་དགོངས་འདུས་ལས་ཀྱང་། གྲོགས་པོ་དག །གེགས་གང་ཞེ་ན། མི་ཐོབ་པ་དང་། མི་ཆགས་པ་དང་། མི་འགོས་པ་དང་། སྲེག་པའོ། །ཞེས་གེགས་བཞིས་བསྡུས་པའི་སྐྱོན་བཅུ་དྲུག་ལས་ལྡོག་སྟེ། སྤྲོ་རིང་བ། རྒྱུད་འཇམ་པ། དད་པ་ཆེ་བ། ཆགས་པ་མེད་པ་སྟེ་སྣོད་ཀྱི་ཡོན་ཏན་བཞི་དང་ལྡན་ཞིང་། ཤེས་བྱ་ལ་མ་རྨོངས་པས་བཅུད་ཀྱི་ཡོན་ཏན་དང་། དབང་གི་དོན་ཇི་ལྟར་ཡིན་པ་སྟོང་པ་ཆེན་པོའི་ངང་ཉིད་བརྡལ་བ་ཆེན་པོར་རྟོགས་སུ་རུང་བའི་ཡོན་ཏན་ཏེ། དེ་ལྟར་མི་ཐོབ་པའི་གེགས་དང་། ཐོབ་པའི་རྒྱུ་ངེས་པས་བླང་དོར་མ་ནོར་བར་བྱོས་ཤིག །གཉིས་པ་རྨི་ལམ་བརྟག་པ་དངོས་ལ་གཉིས་ལས། དང་པོ་རྨི་ལམ་བསྒུགས་པ་ནི། བུ་ཀྱེ་ནངས་པར་འདྲི་བྱེད་པས། །དཀྱིལ་འཁོར་དྲུང་དུ་ལེགས་པར་ཉོལ། །རྨི་ལམ་དགེའམ་མི་དགེ་བ། །དེ་ཀུན་ང་ལ་རབ་ཏུ་སྨྲོས། །ཞེས་པས་དོ་ནུབ་དཀྱིལ་འཁོར་གྱི་དྲུང་ལྟ་བུ་ཅི་བདེ་བར་བླ་མ་དང་དཀྱིལ་འཁོར་གྱི་ཕྱོགས་སམ། ཡང་ན་བྱང་དུ་མགོ་བསྟན་ཏེ། ཕུར་བུ་སྔགས་མགོར་གདབ། ཀུ་ཤ་ཆུང་བ་རྩེ་གཡས་སུ་བསྟན་པ་སྔས་དང་། ཆེ་བའི་རྩེ་སྔས་ཕྱོགས་སུ་བསྟན་པ་གདན་དུ་ཆུག་ལ། གློ་གཡས་ཕབ་སྟེ་སེང་གེའི་ཉལ་སྟབས་ཀྱིས། ནངས་པར་དཀྱིལ་འཁོར་མཐོང་བར་འགྱུར་རོ་སྙམ་དུ་སྤྲོ་ཞིང་། ལྷ་དང་བླ་མ་ལ་གུས་པ་སོགས་དགེ་བའི་ཡིད་ཀྱིས་ཉོལ་ཞིག་དང་། མཚན་ཐུན་བཞི་བཅད་པའི་ཐ་མ་ཆ་བཞི་པ་ལ་རྨི་ལམ་གྱི་མཚན་མ་བཟང་ངན་དག་མཐོང་བར་འགྱུར་རོ། །ཞེས་གདམས། ཕུར་བུ་གཅིག་ལས་མེད་ན་སློབ་མ་རྣམས་གང་དུ་ཉལ་བའི་ཕྱོགས་ཅི་བདེ་བར་བཞུགས་སུ་གསོལ་ལོ། །དེ་ནས་ལས་བུམ་གྱི་ཆུས་བུ་ལ་འཐོར་ཞིང་ༀ་བཛྲ་ཡཀྵ་ཀྲོ་དྷ་ས་མ་ཡ་དཾཥྚ་ཧཱུཾ། ཞེས་བཟླས་པས་བསྲུང་བ་བྱ། དེས་སྟ་གོན་གྱི་ཆོས་རྣམས་གྲུབ། དངོས་གཞི་དབང་བསྐུར་བའི་ཆོ་ག་སླད་ནས་འབྱུང་བ་ཡིན་ནོ། །ཞེས་བརྡ་སྤྲད་དེ། དགེ་བ་བསྔོས་ལ། སློབ་མ་རྣམས་རང་གནས་སུ་བཏང་ངོ་། །སློབ་དཔོན་གྱིས་སྔར་ལྷ་སྟ་གོན་གྱི་འཕྲོས་སྙན་གསན་འབེབས་པའི་གསོལ་གདབ་དང་། རྗེས་ཆོག་རྣམས་བྱའོ། །གཉིས་པ་བསྒུགས་པའི་རྨི་ལམ་བཟང་ངན་བཤད་པ་ནི། ནངས་པར་སློབ་བུ་རྣམས་བོས་ནས་རྨི་ལམ་འདྲི་སྟེ། དེ་ལ་རྨི་ལམ་བཟང་བ་ནི། རྗེ་སྒྲོ་ཕུག་པས། རྒྱུད་ཀྱི་ལྟས་བརྒྱད་ལ་སོགས་པ་བྱུང་ན་རབ། ཅེས་པས་སྤྱི་མདོར་གསུངས་པའི་བཟང་བའི་རྨི་ལྟས་བརྒྱད་དེ། གང་ཞེ་ན། དང་པོ་སྡིག་སྒྲིབ་དང་བག་ཆགས་འབྱང་བའི་ལྟས་ནི། སྒྲེན་མོར་ཕྱུངས་དང་རྟག་པར་འཁྲུ། །རྣམ་དག་ཆུ་བོར་འབོགས་དང་རྐྱལ། །ཆར་རྒྱུན་བུམ་ཆུས་དབྱུང་བ་དང་། །སྲེག་དང་གཡེང་དང་རྣམ་པར་འཐོར། །འདི་དག་སྦྱོང་བ་དག་པའི་ལྟས། །གཉིས་པ་འཇིགས་པ་དང་བྲལ་བའི་ལྟས་ནི། གང་འདིར་འཇིགས་དང་བྲལ་བ་ཡང་། །གཡུལ་འགྱེད་ཞི་དང་ཟུག་རྔུ་བྱང་། །ཐར་མ་གྲོལ་དང་གཤེད་ལས་ཐར། །གདུག་པའི་ཚོགས་བྲལ་དུག་ནད་ཞི། །བཅིངས་གྲོལ་བཅད་ལྟས་བཟང་པོ་ཡིན། །གསུམ་པ་ས་ཐོབ་པའི་ལྟས་ནི། ཁྱད་པར་དམ་པ་སྔོན་བྱུང་བ། །ཁྲི་རྐང་ཤིང་དང་ལྗོན་ཤིང་སྐས། །འཛེགས་དང་གྱེན་དུ་འགྲོ་བ་དང་། །རི་རྩེ་མཆོད་རྟེན་ནམ་མཁའི་སྐས། །གོང་ནས་གོང་དུ་འཕར་བའི་ལྟས། །བཞི་པ་ས་ནོན་པའི་ལྟས་ནི། གང་ལ་གནས་དང་ནོན་པ་དང་། །ཁྲི་མཐོན་ལ་འདུག་གླང་ཆེན་ཞོན། །སེང་ཆེན་ཁྱུང་ལྡིང་འདབ་ཆགས་དང་། །མཆོད་རྟེན་རྩེ་དང་རི་བོའི་སྤོ། །ནམ་མཁའི་དབྱིངས་ན་འདུག་པ་དང་། །ལུས་ལ་སྤྲིན་བྱུང་ཉི་ཟླ་ལ། །འདུག་པ་གང་ལ་གནས་པའི་རྟགས། །ལྔ་པ་སངས་རྒྱས་ཀྱི་སྲས་སུ་འགྱུར་བའི་ལྟས་ནི། དམ་པའི་རིགས་ཀྱི་སྔོན་བྱུང་བ། །བཀའ་རྟགས་དབང་པོ་དབང་སྒྱུར་བྱེད། །འཇུག་རྟེན་བསྐོས་ལ་ཕེབས་པ་དང་། །དབང་སྡུད་གཡུལ་རྒྱལ་རྒྱལ་པོར་འགྱུར། །མགོ་ལ་མེ་ཏོག་ཐོད་སྐྱེས་པའོ། །དྲུག་པ་ཆོས་ལས་དབང་ཐོབ་པའི་ལྟས་ནི། ཆོས་གང་དབང་བསྒྱུར་སྔོན་བྱེད་པ། །གླེགས་བམ་རྙེད་དག་འདྲི་དཔྱོད་དང་། །གཞན་ལ་སྟོན་དང་གཏན་ལ་འབེབས། །མེ་ལོང་བུམ་གང་ལྟ་རྟོག་འཐུང་། །ནོར་བུ་འཐུ་དང་འཁོར་ལོ་བབས། །ཉི་ཟླ་ཟིན་དང་རི་རབ་བསྐོར། །གང་ལས་སྒྲ་རྒྱས་སྟོང་གསུམ་གང་། །དངོས་པོ་མཐའ་དག་ཡི་གེར་མཐོང་། །བཀླག་པས་ངོ་མཚར་ཀུན་བསྐྱེད་དང་། །མཁའ་ལས་མེ་ཏོག་ཆར་འབབས་པའོ། །བདུན་པ་བདེན་པ་མཐོང་བའི་ལྟས་ནི། དམ་པ་མཐོང་བ་སྔོན་བྱུང་བ། །སྔོན་མ་མཐོང་བའི་ཡུལ་མཐོང་དང་། །སྟོང་གསུམ་མཐོང་དང་གླེང་རྣམས་བགྲོད། །རི་རབ་རྩེར་ཕྱིར་ཐམས་ཅད་མཐོང་། །ནམ་མཁའ་མཐའ་ཡས་མཐོང་བ་དང་། །རྒྱ་མཚོའི་གཏིང་དུ་ཕྱིན་པ་དང་། །སྒྲོན་མེ་ཐོགས་དང་སྣང་སྲིད་དཔྱོད། །ཉི་མའི་སྙིང་པོ་བལྟ་བའོ། །བརྒྱད་པ་ལུང་བསྟན་འབྱུང་བའི་སྔ་ལྟས་ནི། ལུང་ཆེན་ཐོབ་པ་སྔོན་བྱུང་བ། །རོལ་མོ་འབྲུག་སྒྲ་སེང་གེ་དང་། །ཆོས་ཀྱི་བགྲོ་བ་ཐོས་པ་དང་། །གཟུགས་བརྙན་ཞལ་འཛུམ་འོད་འབྱུང་དང་། །དམ་པའི་གསུང་ཐོས་སྐུ་མི་མཐོང་། །ལྷ་མོ་གླུ་དབྱངས་སྒྲོག་པ་དང་། །གཞལ་ཡས་དག་ལས་སྒྲ་བྱུང་དང་། །གྲོགས་པོ་དམ་པ་ཞེས་འབྱུང་ཞིང་། །དེ་ཉིད་བགྲོ་བར་བྱེད་པའོ། །ཞེས་གསུངས་ཤིང་། གཞན་ཡང་གསང་བ་སྤྱི་རྒྱུད་སོགས་ལས་འབྱུང་བ་ལྟར། དཀོན་མཆོག་གསུམ་གྱི་རྟེན་དང་། སློབ་དཔོན་ཕ་མ་སོགས་མཛའ་བཤེས་མཐོང་བ། རྒྱལ་པོར་དབང་བསྐུར་བ། ཉི་ཟླ་ཤར་བ། རྟ་གླང་སོགས་ཞོན་པ། གོས་རྒྱན་དང་བཟའ་བཏུང་བཟང་པོར་སྤྱོད་པ། གཏེར་རྙེད་པ། ཆུ་ཆེན་བརྒལ་བ། ཁྲུས་བྱེད་པ། སྐྱེ་བོས་འདུད་པ། རོལ་མོ་འཁྲོལ་བའམ་སྒྲ་ཐོས་པ་སོགས་བྱུང་ན་བཟང་ངོ་། །རྨི་ལམ་ངན་པ་ནི། བྱེ་མ་དང་ཐལ་ཕུང་སོགས་ལ་འཛེག་པ། གཡང་དང་རི་དང་ལྗོན་ཤིང་ལས་ལྷུང་བ། ཆུས་ཁྱེར་བ། བོང་བུ་དང་སྤྲེའུ་སོགས་ཞོན་ནས་ལྷོར་འགྲོ་བ་སོགས་ངན་ནོ། །དུར་ཁྲོད་ཁུ་བྱུག་རོལ་པའི་མདོ་ལས། རྨི་ལམ་མཚན་མ་ཇི་སྙེད་པ། །ཇི་ལྟར་རྨིས་ཤིང་མཐོང་བའམ། །ཡང་ན་ཅི་ཡང་མ་མཐོང་བ། །ཞེས་པའི་དོན་སྔར་རིགས་ལྔ་སོ་སོའི་དབང་ཐོབ་པའི་རྨི་ལམ་བྱེ་བྲག་པ་རྣམས་འདྲེས་མར་མཐོང་ན་རིགས་སྤྱིའི་དབང་ཐོབ་པའི་རྟགས་དང་། ཅི་ཡང་མ་མཐོང་ན་ཆོས་ཉིད་སྟོང་པ་ཉིད་འདི་ལྟ་བུའོ་ཞེས་སྟོན་པའི་ལྟས་སུ་སློབ་དཔོན་ཆེན་པོ་པདྨའི་འགྲེལ་བ་ལས་གསུངས་པ་ལྟར། །འདིར་ཡང་སྔར་གྱི་ལྟས་རྣམས་འདྲེས་མར་མཐོང་བ་སོགས་ལ་རྗེས་སུ་དཔག་པར་བྱའོ། །གསུམ་པ་རྨི་ལམ་མཐོང་བའི་རྗེས་ཀྱི་བྱ་བ་ནི། རྨི་ལམ་བཟང་ན་ཞེན་པ་མེད་པའི་སྒོ་ནས་གཟེངས་བསྟོད། ངན་ན་མཆེ་བའི་རྒྱ་དང་སྔར་བཤད་པའི་རྡོ་རྗེ་གནོད་སྦྱིན་གྱི་སྔགས་ཀྱིས་བསྲུངས་བའམ། ཡང་ན་ཧཱུཾ་བིགྷྣཱནྟ་ཀྲྀཏ་ཕཊ་ཅེས་བགེགས་མཐར་བྱེད་ཀྱི་སྔགས་ཀྱིས་བསྲུང་། ཞི་བའི་སྦྱིན་སྲེག་ཀྱང་འགྲུབ་ན་བྱ། ཡང་དཔོན་སློབ་ཐམས་ཅད་རྨི་ལྟས་ངན་ན་དྲག་པོའི་སྦྱིན་སྲེག་བྱའོ། །ཅི་སྟེ་དེ་དག་བྱ་བར་མི་ནུས་ན་སྒྱུ་མ་ལྟ་བུར་ཤེས་པས་བཟློག་པར་འགྱུར་རོ། །དེ་ནས་སྟ་གོན་གྱི་ལྷ་བཏེགས་ལ། དཀྱིལ་འཁོར་བྲི་ཞིང་རྒྱན་དགོད་པ་སོགས་བསྙེན་སྒྲུབ་ཡན་ལག་བཞི་དང་འབྲེལ་ན་དཀྱིལ་ཆོག་ལ་སྒྲུབ་ཁོག་གི་སྒོས་ཆོས་རྣམས་སྦྱོར་ཞིང་། དབང་རྐྱང་ཙམ་ལ་ཙཀླི་སོགས་དབང་རྫས་རྣམས་འདུ་བྱ་བ་ལས་གཞན་དཀྱིལ་ཆོག་ལྟར་དང་། རྡུལ་ཚོན་དུ་མ་ཟད། རས་བྲིས་ཀྱི་ཕྱོགས་ལའང་དཀྱིལ་འཁོར་གསར་པ་ཡིན་ན་རབ་གནས་བྱ་དགོས་ཏེ། དེའི་ཚེ་དཀྱིལ་འཁོར་གསུམ་བསྲེ་བའམ་རས་བྲིས་རྙིང་པ་ལྟ་བུ་རབ་གནས་མི་དགོས་པའི་ཕྱོགས་ལ། དངོས་གཞིའི་ཉིན་དང་པོ་ལ། ཏིང་འཛིན་དམ་ཚིག་གི་དཀྱིལ་འཁོར་ལ། རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་། སྟ་གོན་གྱི་དཀྱིལ་འཁོར་ནམ་མཁར་བཏེགས་པ་གཉིས་བསྟིམ་སྟེ་དཀྱིལ་འཁོར་གསུམ་བསྲེས་ལ། མཆོད་བསྟོད་བཟླས་པ་སོགས་བྱ་སྟེ། མདོར་ན་བདག་མདུན་བུམ་གསུམ་དམ་ཚིག་གི་དཀྱིལ་འཁོར་གཅིག་གིས་བསྡུས་ནས་བཟླས་པའི་བར་སྒྲུབ་ཐབས་ལྟར་བྱས་རྗེས། བུམ་པའི་དཀྱིལ་འཁོར་མདུན་དུ་ཕྱེས་ལ་གཟུངས་ཐག་གཏད་དེ་བཟླས་པ་དང་འོད་ཞུ་བྱ་བ་སོགས་ཆོ་གའི་ཁྱད་པར་སྒྲུབ་ཆེན་དང་འབྲེལ་ལམ། མ་འབྲེལ་བ་དབང་རྐྱང་གི་སྐབས་གང་ཡིན་དེ་དག་དེའི་སྒོས་ཆོས་རྣམས་མ་འདྲེས་པར་དམིགས་ཕྱེད་ཅིང་། རྒྱས་བསྡུས་འདོར་ལེན་འཕྲུལ་ཤེས་པས་དཀྱིལ་འཁོར་སྒྲུབ་མཆོད་ཀྱི་ཆོ་ག་ཆ་ལག་དང་བཅས་པ་ཚང་བར་བྱའོ། །དེ་ཡང་དཀྱིལ་འཁོར་བྲི་སྒྲུབ་ཚོགས་ཆེན་འདུས་པ་ཐུན་མོང་བའི་ལུགས་བྱེད་པའི་ཁྱད་པར་ཙམ་མ་གཏོགས་གཞན་འགྲེལ་པ་ལུང་བསྟན་མ་ལས། དང་པོ་རྩ་བའི་རྒྱུད་ཀྱི་ལེའུ་དགུ་པ་དང་། སྤྱིའི་ཚོགས་དཀྱིལ་འཁོར་གཉིས་ཀྱི་བསྙེན་པ་དང་། ལྷག་པར་གནས་པའི་ཆོ་ག་རྫོགས་པར་བྱའོ། །དེ་ནས་ལེའུ་བཅུ་གཉིས་པ་ཚོགས་ཆེན་འདུས་པའི་ལུགས་ཀྱི་དཀྱིལ་འཁོར་བྲི་བ་དང་། རྒྱན་དགྲམ་པ་དང་། སྔོན་དུ་འགྲོ་བ་བྱས་ལ། དཀྱིལ་འཁོར་གསུམ་བསྲེ་བ་དང་། མཆོད་པ་ལ་སོགས་པ་བྱའོ། །ཞེས་གསུངས་པའི་དོན་ནོ། །དེ་ནས་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བ་ལ་གཉིས་ལས། དང་པོ་སློབ་དཔོན་བདག་ཉིད་འཇུག་པ་ནི། ཧེ་རུ་ཀ་འདུས་པ་ལས། ནུས་དང་ལྡན་པའི་ལྟས་ཐོབ་ནས། །རྣལ་འབྱོར་བདག་ཉིད་འཇུག་པར་བྱ། །ཞེས་པས་རང་གི་སེམས་ཉིད་རང་བཞིན་ཡེ་ཤེས་ཀྱི་འཁོར་ལོར་རྫོགས་པ་དབང་ཞུ་བའི་ཡུལ་དུ་བྱས་ནས། རྣམ་འགྱུར་གློར་བུར་བ་རྣམ་སྨིན་གྱི་ལུས་སློབ་མའི་ཚུལ་དུ་བྱས་ལ། རྩ་བའི་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་དབང་ཞུ་བའི་བསམ་པས། དབང་གི་བྱ་བ་རྣམས་གཙོ་བོའི་ཐུགས་ཀ་ནས་སྤྲུལ་པའི་ཧེ་རུ་ཀ་ཕྱག་གཉིས་པས་མཛད་པར་དམིགས་ཏེ། རྒྱས་པར་ན་སློབ་མ་ཇི་ལྟར་འཇུག་པའི་ཚོགས་བདག་ཉིད་ཞུགས་ཏེ་དབང་ལེན་པ་ཡིན་ལ། ཡང་བསྡུས་པ་ལ་དགའ་ན། སྤྱི་དབང་ཆེན་པོའི་ལས་ཐོ་ལས། ཀུན་བྱས་དབང་ཕྱུག་རིག་པས་འཇུག །ཅེས་པས་སློབ་དཔོན་བདག་ཉིད་ཁྲུས་བྱས། དབང་གོས་གྱོན་ནས། དཀྱིལ་འཁོར་གྱི་ཤར་སྒོར་འདུག་སྟེ། ༀ་བཛྲ་ས་མ་ཡ་ༀ། ཨཱཾ་བཛྲ་ས་མ་ཡ་ཨཱཾཿ ཧཱུཾ་བཛྲ་ས་མ་ཡ་ཧཱུཾ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ཞེས་པས་རིག་པའི་མེ་ཏོག་དོར་བས། བདག་དང་དཀྱིལ་འཁོར་གྱི་ལྷའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་དབྱེར་མེད་དུ་གྱུར་པར་བསམ་ལ། ༀ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ༀ་བཛྲ་ས་མ་ཡ་ཧཱུཾ། ༀ་བཛྲ་ས་མ་ཡ་སྟྭཾ། ༀ་བཛྲ་ས་མ་ཡ་ཧོཿ ཞེས་བསྐུལ་ཞིང་། བདག་གི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་གནས་གསུམ་དུ་ཕོག་པས། རྡོ་རྗེ་གསུམ་ལ་མཉེས་པའི་མཆོད་པ་ཕུལ་ལ། བླ་མ་དང་འདུས་པ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་དང་། ཁྱད་པར་སློབ་མ་འདི་རྣམས་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པའི་སླད་དུ་འདུས་པ་ཆེན་པོའི་དཀྱིལ་འཁོར་དུ་གཞུག་ཅིང་དབང་བསྐུར་བར་འཚལ་གྱིས། བདག་ནུས་པ་དང་ལྡན་པར་བྱིན་གྱིས་རློབ་ཏུ་གསོལ། །ཞེས་ལན་གསུམ་བརྗོད་པས། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཡི་གནས་གསུམ་ལས་འོད་ཟེར་བྱུང་བ་རང་གི་གནས་གསུམ་དུ་ཐིམ་པས་རྟོག་སྒྲིབ་དག་ནས་བདག་དང་དཀྱིལ་འཁོར་ཐ་མི་དད་པར་གྱུར་པས་གཞན་དོན་ནུས་པར་བསམ་པའོ། །འཇུག་པ་རྒྱས་བསྡུས་གང་ལྟར་ཀྱང་། མཐའ་སློབ་མ་འཇུག་པར་གནང་བ་ཞུ་བ་ནི། ཐལ་མོ་སྦྱར་བས་བཏུད་དེ། ཧོཿ སངས་རྒྱས་བདེ་མཆོག་ཐམས་ཅད་དང་། །རྡོ་རྗེ་གསང་མཆོག་ཐོབ་བྱེད་པའི། །འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་གཞུག་པར་བགྱི། །བཟོད་པར་མཛད་དེ་དགོངས་སུ་གསོལ། །ཞེས་གསོལ་བས་ལྷ་ཐམས་ཅད་དགྱེས་ནས་འཛུམ་པ་དང་བཅས་པས་སློབ་མ་ཅི་དགའ་བར་ཆུག་ཅིག །ཅེས་གནང་བ་བྱིན་པར་བསམ་མོ། །དེ་ནས་སློབ་མ་དཀྱིལ་འཁོར་དུ་གཞུག་པའི་རྒྱུར་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་བསྐུལ་བའི་གླུ་བླང་བར་འགྲེལ་བ་ལུང་བསྟན་མ་ལས་གསུངས་པ་ལྟར། རྡོར་དྲིལ་འཛིན་པས། ༀ། ཆོས་ཀུན་རང་བཞིན་དག་པས་ན། །བདག་ཀྱང་རང་བཞིན་རྣམ་པར་དག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཐུགས་དམ་དབྱིག་མཆོག་བདག་ཉིད་ནི། །སེམས་ཅན་འབྱམས་ཀླས་མ་ལུས་ཀུན། །མཆོག་ཉིད་སྒྲུབ་པར་སྦྱོར་བས་ན། །རྒྱལ་བ་རྒྱ་མ ཚོ་ཀུན་འདུས་པས། །སྐུ་ཡི་དབྱིག་ཏུ་བདག་བསྐྱེད་ཅིག །ཡེ་ཤེས་རིན་ཆེན་དབུ་རྒྱན་མཆོག །གཟི་བརྗིད་ཕུང་པོ་བླ་ན་མེད། །སངས་རྒྱས་རིན་ཆེན་ཀུན་འདུས་པའི། །རྣམ་པར་རྒྱལ་ལ་ཕྱག་འཚལ་ལོ། །དབྱིག་གི་ཡེ་ཤེས་གཙོ་མཆོག་ཉིད། །རྡོ་རྗེ་དམ་པ་མཆོག་འཛིན་པ། །ཁྱོད་ནི་དམ་ཚིག་གཙོ་ལགས་ཀྱིས། །དབང་ཕྱུག་རྒྱལ་པོར་བདག་བསྐུར་ཅིག །བདག་ནི་རྡོ་རྗེས་མངོན་དུ་དབང་བསྐུར་བས། །སངས་རྒྱས་ཀུན་གྱིས་དེ་ཉིད་བདག་དབང་བསྐུར། །བཅོམ་ལྡན་ཐམས་ཅད་མཆོག་གི་བདག་ལགས་ཏེ། །མཆོག་ཉིད་སྒྲུབ་ཕྱིར་རྡོ་རྗེ་བླང་བར་བགྱི། །རྡོ་རྗེ་རྒྱལ་པོ་ཁྱོད་བཞུགས་པས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟེ། །རྡོ་རྗེ་དམ་ཚིག་མཆོག་ཉིད་ཀྱིས། །གྲུབ་པ་ཕུན་ཚོགས་དབང་བསྐུར་ཅིག །ཆོས་ཀུན་རྡོ་རྗེའི་མཚན་ཉིད་དེ། །རྡོ་རྗེ་ལའང་མཚན་ཉིད་མེད། །རྡོ་རྗེ་ལྟ་བུའི་རྣལ་འབྱོར་པས། །དོན་ཀུན་རྡོ་རྗེ་ཉིད་དུ་གསལ། །འདི་ནི་སངས་རྒྱས་གསུང་དབྱངས་ཉིད། །ཡེ་ཤེས་སེམས་དཔའི་དམ་ཚིག་བསྣམས། །རྡོ་རྗེ་སེམས་དཔའི་དཀའ་ཐུབ་དམ། །རྟག་ཏུ་བདག་གིས་བཅང་བར་བགྱི། །ཧཱུཾ། རྡོ་རྗེ་སེམས་དཔའ་དམ་ཚིག་རྗེས་སུ་བསྲུངས། །ཡེ་ཤེས་སེམས་དཔའ་ཉེ་བ་ཉིད་དུ་སྐྱོན། །རིག་པའི་རྒྱལ་པོ་བདག་ལ་རྟག་པར་དགོངས། །གསང་བའི་དབང་ཕྱུག་བདག་ཉིད་གསོལ་བར་གསོལ། །རྟོགས་པ་མཆོག་སྦྱིན་བདག་ལ་དགྱེས་པ་སྐྱེད། །འདོད་པ་ཀུན་ཞེན་བདག་ལ་ཆགས་པར་མཛོད། །དང་པོའི་སངས་རྒྱས་མཉམ་ཉིད་ཐུགས་རྗེ་ཅན། །ལས་རྣམས་ཀུན་ལ་བདག་སེམས་དགེ་བར་བསྒྱུར། །དུས་གསུམ་བདེ་གཤེགས་བདག་གནས་ཐམས་ཅད་དུ། །རྡོ་རྗེ་ཅན་དང་དམ་ཚིག་སེམས་དཔར་སྒྲུབས། །དེ་བཞིན་གཤེགས་པ་དགྱེས་པ་དགྱེས་པ་ཀྱེ། །རྡོ་རྗེས་བདག་ཡོང་གཏན་དུ་མ་བཏང་ཞིག །ཀྱེ། རྡོ་རྗེ་ཆོས་དབྱིངས་ཀུན་གྱི་གཙོ། །མི་གནས་ཆགས་པ་ཆེན་མོ་སྟེ། །མ་ལུས་ཀུན་གྱི་འབྱུང་གནས་མཆོག །བདེ་བ་མཆོག་གི་དམ་པ་ལགས། །ཁྱོད་ནི་དམ་ཚིག་ཀུན་གྱི་གཙོ། །རྡོ་རྗེ་སེམས་དཔའ་བསྐྱེད་མཛད་མ། །སེམས་ཅན་དོན་སྒྲུབ་ཕྲིན་ལས་ལ། །ཐུགས་རྗེ་མཉམ་སྦྱོར་སྒྲུབ་པར་མཛོད། །སངས་རྒྱས་ཡོན་ཏན་ཀུན་འབྱུང་ཕྱིར། །རིན་ཆེན་རྡོ་རྗེ་བླ་ན་མེད། །ཆོས་ཀྱི་རྡོ་རྗེ་གླུ་བླངས་པས། །ལས་ཀྱི་རྡོ་རྗེར་བྱེད་གྱུར་ཅིག །ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཞེས་བརྗོད་དོ། །གཉིས་པ་སློབ་མ་གཞུག་པ་ལ། །ཕྱག་བཞེས་ཕལ་ཆེ་བར་སྒྱུ་འཕྲུལ་རྡོ་རྗེ་ལས་རིམ་ལྟར་མཛད་ནའང་ཟོར་ཡང་ཙམ་དུ་ཟད་པས། འདིར་མདོ་རང་ལུགས་ཀྱི་དབང་དུ་བྱས་ན། འགྲེལ་པ་ལུང་བསྟན་མའི་ལུང་སྔར་དྲངས་པའི་འཕྲོས་ལས། དེ་ནས་རྡོ་རྗེ་རྣལ་འབྱོར་འཇུག་པ་ལྟར་ཞུགས་པའམ་འདི་ཉིད་ཀྱི་རུ་དྲ་འཇུག་པ་ལྟར་གཞུག་པའི་ཆོ་ག་བྱས་ལ། རྡོ་རྗེ་དབང་གི་ལེའུ་དང་། ལེའུ་བདུན་ཅུ་པ་དང་། ལེའུ་འདི་ཉིད་དང་གསུམ་གྱིས་དབང་བསྐུར་བར་བྱའོ། །ཞེས་རྩ་རྒྱུད་ཀྱི་རྡོ་རྗེ་རྣལ་འབྱོར་འཇུག་པའི་ལེའུ་ལྟར་ཆོས་བཅུ་དང་། དགོངས་འདུས་ཀྱི་རུ་དྲ་དཀྱིལ་ཁོར་དུ་འཇུག་པའི་ཆོ་ག་ལེའུ་སུམ་ཅུ་པ་དང་སོ་གཅིག་པར་གསུངས་པ་སྡེབས་ནས་ཆོས་སུམ་ཅུའམ་སོ་གཉིས་དང་། ཧེ་རུ་ཀ་འདུས་པར། ཁྲུས་བྱས་དྲི་ལྡན་རིན་ཆེན་ཐོགས། །དར་སོགས་དམར་པོས་ངོ་བཀབ་ལ། །གསོལ་གདབ་དམ་དཔོག་ལྷ་བསྐྱེད་ཅིང་། མིག་དབྱེ་ལྷ་བསྟན་ཆོ་ག་དག །ཇི་ལྟར་འཐད་པའི་ཆོ་ག་བྱ། །ཞེས་ཆོས་བརྒྱད་དུ་གསུངས་པ་ཡོད་ནའང་། འདིར་རྒྱས་བསྡུས་འཚམས་པས་ལག་ཏུ་བླང་བ་བདེ་བའི་ཕྱིར་རྗེ་སྒྲོ་ཕུག་པའི་དབང་ཆོག་ལྟར་ལ་ཞལ་འཕངས་རྣམས་ཁ་བསྐང་ནས་བྲི་བར་བྱའོ། །དེ་ལ་ཐོག་མར་སློབ་བུ་རྣམས་དཀྱིལ་འཁོར་ཁང་པའི་ཕྱི་རོལ་ཏུ་ལས་བུམ་གྱི་ཆུས་ཁྲུས་བྱས་ཏེ་ནང་དུ་ཞུགས་ནས་ཕྱག་བྱས་གྲལ་དུ་འཁོད། །བགེགས་གཏོར་བཏང་ལ་མཚམས་བཅད། སེམས་བསྐྱེད་དང་ཆོས་ཉན་པའི་ཀུན་སྤྱོད་གསལ་འདེབས་པ་སྔོན་དུ་འགྲོ་བས། འདིར་གང་གསན་པར་བྱ་བའི་ཆོས་ནི། ཞེས་པ་ནས། འདིར་མདོ་རྩ་བའི་དཀྱིལ་འཁོར་དུ་རྒྱུད་ལུགས་ཀྱི་ཆུ་བོ་བཞིའི་དབང་བསྐུར་བ་སྐབས་སུ་བབས་པ་ཡིན། ཞེས་པའི་བར་སྟ་གོན་བཞིན་ལ་སྤྲོ་བསྡུ་ཇི་ལྟར་འདོད་པ་བྱས་རྗེས། དེ་ལའང་གཉིས་ལས། སློབ་དཔོན་གྱི་བགྱི་འོས་དཀྱིལ་འཁོར་བཞེངས་པ། སྒྲུབ་ཅིང་མཆོད་པ། བདག་ཉིད་འཇུག་པ། སློབ་མ་གཞུག་པའི་ཕྱིར་གནང་བ་ཞུ་ཞིང་། ཐུགས་དམ་བསྐུལ་བའི་གླུ་བླང་བ་རྣམས་གྲུབ་ནས། འདིར་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། ལྷ་དང་སྐལ་བ་མཉམ་པའི་ཆེད་དུ་དཀྱིལ་འཁོར་དུ་འཇུག་པའི་ཆོས་དང་། ཞུགས་པ་ལ་དབང་བསྐུར་བའི་ཆོ་ག་གཉིས་ལས། དང་པོ་དགོངས་འདུས་ལས། ཀྱེ་འདུས་པའི་ཚོགས་རྒྱལ་བའི་སྲས་རྣམས། རང་རང་གི་དེ་ཁོ་ན་ཉིད་མཐོང་བར་འདོད་ན། དཀྱིལ་འཁོར་ཆེན་པོ་གསུམ་གྱི་སྒོ་འབའ་ཞིག་ཏུ་འཇུག་པར་བྱའོ། །ཞེས་དང་། རྩ་རྒྱུད་ལས། འདུས་པ་ཆེན་པོའི་རྣལ་འབྱོར་པ། །གསང་བའི་དཀྱིལ་འཁོར་དམ་པ་འདིར། །གང་དག་འཇུག་པར་བྱེད་པ་ཡི། །ཞེས་སོགས་གསུངས་པ་ལྟར་འདིར་འཇུག་པའི་སྐབས་ཡིན། དེ་ལའང་ཕྱི་ནང་གི་འཇུག་པ་གཉིས་ལས། ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པའི་ཡན་ལག་ཁྲུས་དང་། བགེགས་བསལ་བ་སོང་ནས། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། དེ་ལྟར་མཎྜལ་ཕུལ་ནས་ཆས་སུ་གཞུག་པ་ནི། ༀ་ཙཀྵུ་བནྡྷ་ཝ་ར་མཱ་ན་ཡ་ཧཱུཾ། ཞེས་མིག་དར་དམར་པོ་བཅིང་། ཨཱ་ཁཾ་ཝཱི་ར་ཧཱུཾ་གིས་མེ་ཏོག་གི་ཕྲེང་བ་གཏད་ལ། དེ་ནས་རྩ་རྒྱུད་ལས། སྣོད་དུ་གྱུར་པ་ཀུན་བསྡུས་ནས། །བྱང་ཆུབ་མཆོག་གི་སེམས་བསྐྱེད་དེ། །ཞེས་དང་། ལས་ཐོ་ལས་ཀྱང་། བུ་རྣམས་ཕྲིན་གདགས་སེམས་བསྐྱེད་དེ། །དཀྱིལ་འཁོར་འཇུག་པ་རིམ་བཞིན་བྱ། །ཞེས་གསུངས་པ་ལྟར་སེམས་བསྐྱེད་པར་བྱ་བ་ལ་གཉིས་ལས། དང་པོ་ཀུན་རྫོབ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི༴ བདག་དང་མཐའ་ཡས་སེམས་ཅན་རྣམས། །དོན་གྱི་སངས་རྒྱས་ཡིན་མོད་ཀྱང་། །རྟོག་པའི་དབང་གི་འཁོར་བ་ལས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །སེམས་ཉིད་སངས་རྒྱས་ཡིན་པ་ལ། །མུན་པས་བསྒྲིབས་པས་དེ་མ་ཤེས། །བྱང་ཆུབ་སེམས་ཀྱི་ལམ་འདི་ནས། །སངས་རྒྱས་ས་ལ་འཇུག་པར་བགྱི། །ཞེས་ལན་གསུམ། དེ་ནས་སེམས་ལྔ་ཟུང་འཇུག་ཡེ་ཤེས་ལྔར་ལ་བཟླ་བ་དོན་དམ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི༴ ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཨེ་མའོ་ངོ་མཚར༴ རྫོགས་པའི༴ འགག་པ་མེད་ལས་ཐམས་ཅད་འགག །འགག་པ་ཉིད་ན་འགག་པ་མེད། །ཨེ་མའོ༴ རྫོགས་པའི༴ མི་དམིགས་པ་ལས་ཐམས་ཅད་དམིགས། །དམིགས་པ་ཉིད་ན་དམིགས་པ་མེད། །ཨེ་མའོ༴ རྫོགས་པའི༴ མི་གནས་པ་ལས་ཐམས་ཅད་གནས། །གནས་པ་ཉིད་ན་གནས་པ་མེད། །ཨེ་མའོ༴ རྫོགས་པའི༴ འགྲོ་འོང་མེད་ལས་འགྲོ་འོང་ཉིད། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །ཅེས་ལན་གསུམ། དེ་ནས་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པ་འདིའི༴ ཨེ་མའོ་བདེ་མཆོག་དགའ་ཚལ་འདིར། །བདག་ཅག་ཀུན་ཏུ་འཇུག་འཚལ་ན། །དགའ་བ་བྱང་ཆུབ་སེམས་བསྐྱེད་ནས། །གསང་བའི་དོན་འདི་སྤྱད་པར་བགྱི། །ཞེས་ལན་གསུམ། གང་གི་ཆེད་འཇུག་པའི་འདུན་པ་བརྟག་པའི་ཕྱིར་འདོད་དོན་དྲི་བ་ནི། ཁྱེད་ནི་དགའ་བ་ཅི་ལ་དགའ། །ཁྱེད་ནི་དད་པ་ཅི་ལ་དད། །ཁྱེད་ནི་མོས་པ་ཅི་ལ་མོས། །ཁྱེད་ནི་འདོད་པ་ཇི་ལྟ་བ། །ཞེས་དྲིས་པར། བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ལ་དགའ་བའི་ལན་བཏབ་པར་མོས་ནས་འདིའི༴ བདག་ཅག་སྐལ་ལྡན་བདེ་ཆེན་པོ། །རབ་དགྱེས་སེམས་ལ་བདག་ཅག་དགའ། །མཆོག་ཉིད་དོན་ལ་བདག་ཅག་དད། །ཨེ་མའོ་བདེ་མཆོག་དགའ་ཚལ་འདིར། །སངས་རྒྱས་མཛད་དཀའ་སྤྱད་ནས་ནི། །འགྲོ་བ་ཐམས་ཅད་བསྒྲལ་བར་མོས། །དེ་ནས་སྒོ་ཕྱེ་ནས་ཞལ་བལྟ་བར་གསོལ་བ་གདབ་པ་འདིའི༴ བདེ་ཆེན་ལྷུན་གྲུབ་གཞལ་ཡས་འདིར། །རྣམ་པར་ཐར་པའི་སྒོ་བཞི་ནས། །ཚད་མེད་ཐུགས་རྗེའི་སྒོ་ཕྱེ་ནས། །བྱམས་པའི་ཞལ་བཟང་བསྟན་དུ་གསོལ། །ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་དཔལ་ཆེན་པོའི་ཞལ་འཛུམ་པའི་མདངས་ཀྱི་འོད་ཟེར་གྱིས་དཀྱིལ་འཁོར་གྱི་སྒོ་བཞི་ཕྱེ་བའི་མོས་པ་མཛོད། ཨེ་མའོ་སྐལ་ལྡན་འདུས་པའི་ཚོགས། །འཁོར་བའི་ལམ་སྒོ་ཀུན་བཅད་དེ། །བྱང་ཆུབ་ལམ་ལ་གཟུད་པའི་ཕྱིར། །རྡོ་རྗེ་གསང་སྒོ་དབྱེ་བར་བྱ། །ཞེས་བརྗོད་ཅིང་། ཡོལ་བ་བསལ་ནས། ལས་ཀྱི་རྡོ་རྗེའི་ལག་གི་རྡོ་རྗེ་ལ་འཇུས་ཏེ་ཚད་མེད་བཞིའི་འཇུག་པས་སྒོ་བཞི་ནས་ཞུགས་པའི་མོས་པ་མཛོད། སློབ་དཔོན་གྱིས་ལག་གི་རྡོ་རྗེ་ཕྱེད་གཏད་དེ། འདུས་པ་ཆེན་པོའི་དཀྱིལ་འཁོར་དུ། །རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །དང་བའི་ཡིད་ཀྱིས་ཞུགས་བྱས་ཏེ། །བྱིན་རླབས་དམ་པ་གཏད་པར་བྱ། །ཞེས་དྲངས་ཏེ་ཤར་སྒོར་བཞག་གོ། །དེ་ནས་ནང་འཇུག་གི་སྦྱོར་བ་ལས། ཚེ་སྦ་ཞིང་བགེགས་བསྐྲད་པ་ནི། །སློབ་དཔོན་གྱིས་བྷྲཱུཾ་ཞེས་བརྗོད་པས། སོ་སོའི་དུང་ཁང་དུ་ཟླ་གམ་དམར་པོ་གནམ་སྒོ་གཅིག་པ། དེའི་དབུས་སུ་ཧཱུཾ་ཞེས་བརྗོད་པས་ཉི་མ་ལ་གནས་པའི་ཧཱུཾ་ཡིག་སྔོན་པོ་འབར་བའི་འོད་ཀྱིས་ལུས་ཐམས་ཅད་ཁྱབ། ཨཱཿཡུ་ཧཱུཾ་ཛཿཞེས་པས་འོད་ཟེར་དེས་ཚེའི་དྭངས་མ་ཐམས་ཅད་བསྡུས་ནས་ཧཱུཾ་ལ་ཐིམ། ༀ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ་ཞེས་པས་ཧཱུཾ་ཡོངས་སུ་གྱུར་པ་ལས་ཧཱུཾ་མཛད་སྔོ་སྐྱ་ཚེའི་བུམ་པ་འཛིན་པ། ཟླ་གམ་གྱི་གནམ་སྒོ་ལ་ༀ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུཾ་ཞེས་པས་མི་གཡོ་བ་ལྗང་ནག་རལ་གྲི་ཐོགས་པས་སྒོ་བསྲུང་བར་གྱུར། བདག་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀ་དང་བ་སྤུའི་བུ་ག་ཐམས་ཅད་ནས་འབར་བའི་ཁྲོ་བོ་མཚོན་ཆའི་ཆར་འབེབས་པ་དཔག་ཏུ་མེད་པ་སྤྲོས་པས་འཇུག་ཅིང་དབང་ནོད་པ་ལ་བར་དུ་གཅོད་པའི་བགེགས་ཐམས་ཅད་འདུལ་སྤྱོད་དྲག་པོའི་དཀྱིལ་འཁོར་དུ་སྦྱངས་པར་གྱུར། ཧཱུཾ་ཧཱུཾ་ཧཱུཾ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ། ཧ་ལ་ཧ་ལ་རཾ། ཞེས་སྤོས་རོལ་ཐུན་བྲབས་པ་དང་བཅས་པས་བསྐྲད། དུང་ཁང་གི་ཁྲོ་བོ་གཉིས་དང་སྤྲུལ་པའི་ཁྲོ་ཚོགས་ཐམས་ཅད་སློབ་བུའི་ལུས་ལ་ཞུ་ལུགས་སུ་འདྲེས་པས། ལུས་ཀྱི་ཆ་ཐམས་ཅད་ཁྲོ་བོའི་རྡུལ་ཕྲ་རབ་ཀྱིས་གཏམས་པར་གྱུར། དེ་ནས་སྡིག་སྒྲུབ་སྦྱང་བ་ནི། བདག་ཉིད་དཔལ་ཆེན་པོའི་ཐུགས་ཀའི་ཧཱུཾ་ལས་རཾ་ཡཾ་ཁཾ་འཕྲོས། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་སྡིག་སྒྲིབ་ཀྱི་དངོས་པོ་ཐམས་ཅད་སྲེགས་སྦྱངས་གཏོར་ཏེ་མི་དམིགས་པར་གྱུར། ཏ་ཀེཾ་ཏ་ཀེཾ་ཕཊ། ཧ་ལ་ཧ་ལ་རཾ། ཏིཀྵྞཱ་ཏིཀྵྞཱ་ཁཾ། ཀྲོ་དྷ་ཀྲོ་དྷ་ཡཾ། ཞེས་བརྗོད། དེ་ནས་རྒྱུད་དྲུག་གི་ས་བོན་སྦྱང་ཞིང་སྒོ་དགག་པ་ནི། ཁྱེད་རང་རྣམས་ཀྱི་སྤྱི་བོར་པཾ་པདྨ་མཎྜ་ལ་ཞེས་བརྗོད་པས་པདྨ་འདབ་མ་བཞི་པའི་དབུས་སུ་ཨ་དང་ནྲྀ། ཤར་དུ་སུ། ལྷོར་ཏྲི། ནུབ་ཏུ་པྲེ། བྱང་དུ་དུཿརྣམས་གནས་པའི་སྟེང་དུ་ཧཱུཾ་ཡིག་འབར་བ་རེ་རེས་མནན་པར་མོས་ལ། སློབ་དཔོན་གྱིས་སྔགས་རྒྱས་སྦྱང་བ་ནི། ལག་གཉིས་མཐེའུ་ཆུང་མཐེ་བོས་མནན། །སོར་མོ་གསུམ་སྦྱར་དཔྲལ་བར་བསྣོལ། །ལྷ་དང་ལྷ་མིན་གནས་དག་ཏུ། །མི་གཏོང་ལྡོག་པའི་ཕྱག་རྒྱ་ཡིན། །ཀི་མ་རུ་དྲ་ཀྲོ་དྷ་ཀི་ཧཱུཾ། ཞེས་པས་ཧཱུཾ་ཡིག་ཡེ་ཤེས་ཀྱི་མེར་འབར་བས་དབུས་ཀྱི་ཨ་དང་ཤར་གྱི་སུ་ཡིག་སྲེག་པར་གྱུར། ལག་གཉིས་བསྣོལ་ནས་མཆན་ཁུང་བསྡམ། །མི་ཡི་ཁམས་ནས་ལྡོག་པའི་རྒྱ། །ཀི་མ་རུ་དྲ་ཀྲོ་དྷ་ཀི་ཧཱུཾ། ཧཱུཾ་ཡིག་འབར་བས་དབུས་ཀྱི་ནྲི་སྲེགས་པར་གྱུར། ཁུ་ཚུར་བཅང་ཏེ་མཛུབ་སྒྲེངས་ནས། །གཡོན་གྱི་སྟེང་དུ་གཡས་མནན་པ། །བྱོལ་སོང་གནས་ནས་ལྡོག་པའི་རྒྱ། །ཀི་མ་རུ་དྲ་ཀྲོ་དྷ་ཀི་ཧཱུཾ། ཧཱུཾ་ཡིག་འབར་བས་ལྷོའི་ཏྲི་སྲེགས་པར་གྱུར། ཐལ་མོ་མཉམ་སྦྱར་གུང་རྩེ་སྤྲད། །གུང་མོའི་རྒྱབ་ཏུ་སྲིན་ལག་བསྣོལ། །མགུལ་ལས་མཛུབ་མོས་འཁྱུད་པ་ནི། །ཡི་དྭགས་ཁམས་ནས་ལྡོག་པའི་རྒྱ། །ཧྲི་ས་མ་པ་ཙ་ཧཱུཾ། ཧཱུཾ་ཡིག་འབར་བས་ནུབ་ཀྱི་པྲེ་སྲེགས་པར་གྱུར། གཡོན་ཐོག་གཡས་ཀྱི་རྒྱབ་སྦྱར་ཏེ། སྲིན་ལག་གུང་མཛུབ་གཅིག་ལ་གཅིག །འཁྱུད་པ་དམྱལ་བའི་སྒོ་བཅད་རྒྱ། ཧྲི་ས་མ་པ་ཙ་ཧཱུཾ། ཧཱུཾ་ཡི་འབར་བས་བྱང་གི་དུ་ཡིག་སྲེགས་པར་གྱུར། །ལྷར་བསྐྱེད་ཅིང་བསྲུང་བར་བྱ་བ་ནི། དེ་ལྟར་ཧཱུཾ་ཡིག་ལྔ་ཡེ་ཤེས་ཀྱི་མེར་འབར་བས་རིགས་དྲུག་གི་ས་བོན་བག་ཆགས་བཅས་པ་བསྲེགས་པས། སེམས་ཀྱི་རྟོག་པ་དང་། དེ་ལས་བྱུང་བའི་ལུས་ངག་ཀྱང་སྦྱངས་ཏེ། གཟུང་འཛིན་དང་བྲལ་བ་ཡེ་ཤེས་ལྔའི་རང་བཞིན་འོད་ལྔའི་གོང་བུར་འབར་བ་ལས། ༀ་བཛྲ་ས་ཏྭ་ཨ། ཞེས་བརྗོད་པས། རྡོ་རྗེ་སེམས་དཔའ་ཞལ་གཅིག་ཕྱག་གཉིས་པའི་སྐུར་གྱུར་པའི་སྤྱི་བོར་ༀ། མགྲིན་པར་ཨཱཿ སྙིང་གར་ཧཱུཾ་ཡིག་གིས་མཚན་པས་ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས། ཁུ་ཚུར་མདུད་ཅིང་། བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾ། ཞེས་བརྗོད་པས། སྤྱི་བོའི་ཧཾ་ཞུ་བའི་འོད་ཀྱིས་ལུས་ཀྱི་ཆ་ཐམས་ཅད་རྡོ་རྗེའི་རྡུལ་ཕྲ་རབ་ཏུ་གྱུར་པས་ཅིས་ཀྱང་མི་ཤིགས་པ་རྡོརྗེའི་གོ་ཆས་བཅིངས་པའི་མོས་པ་མཛོད། དེས་འགལ་རྐྱེན་སྦྱངས་ཤིང་བསྲུང་བ་སོང་ནས། ད་མཐུན་རྐྱེན་སྒྲུབ་པའི་སྦྱོར་བ་ལས། ཕྱག་འཚལ་བ་ནི། ཁྱེད་རང་རྣམས་ཤར་སྒོར་གནས་པས་བླ་མ་ཉིད་དཀྱིལ་འཁོར་གྱི་འཁོར་ལོས་སྒྱུར་བའི་བདག་ཉིད་དུ་བཞུགས་པ་ལ་ཕྱག་འཚལ་བའི་མོས་པས་འདིའི༴ རྡོ་རྗེ་རྣལ་འབྱོར་མཆོག་གི་ལྷ། །འགྲོ་དྲུག་འདྲེན་པའི་དཔལ་མཛད་པ། །རྡོ་རྗེ་ཅན་ལ་ཕྱག་འཚལ་ཏེ། །བྱམས་མགོན་ཁྱོད་ལ་སྐྱབས་སུ་མཆི། །ཞེས་རུའི་ཞབས་ལ་སྤྱི་བོས་གཏུག་གོ། །དེ་ནས་རྒྱུད་ལ་ཡོན་ཏན་གྱི་གཞི་འཛིན་པ་དམ་ཚིག་དང་སྡོམ་པ་ཡིན་པས། དེ་ནོད་པའི་ཕྱིར་གསོལ་བ་གདབ་པ་འདིའི༴ མི་ཕྱེད་གསང་བའི་རྣལ་འབྱོར་པ། །གཉིས་མེད་དོན་གྱི་དབྱིངས་ལས་བྱུང་། །དབྱིངས་ནི་མི་འཇིག་རྡོ་རྗེ་སྟེ། །འདུ་འབྲལ་མེད་པར་གཅིག་པས་ན། །གསང་བ་གསུམ་གྱི་དབྱིངས་ཉིད་དུ། །གཉིས་སུ་མེད་པར་ནན་ཏན་མཛོད། །ཅེས་པའི་ལན་དུ་གནང་བ་སྦྱིན་པ་ནི། རྡོ་རྗེ་ཅན་གྱི་རྣལ་འབྱོར་ཁྱེད། །རྡོ་རྗེ་ཅན་དུ་གཅིག་ངེས་ན། །གསང་བ་གསུམ་དུ་མཉམ་པའི་ཕྱིར། །མི་ཕྱེད་རྡོ་རྗེའི་དམ་ཚིག་སྦྱིན། །དེ་ལྟར་སྐབས་ཕྱེ་ནས་དམ་ཚིག་སྦྱིན་པ་དངོས་ནི། ཁྱེད་རང་རྣམས་ཀྱི་སྤྱི་མགྲིན་སྙིང་གའི་གནས་སུ་ༀ་ཨཱཿཧཱུཾ་དང་། ཀ་པཱ་ལའི་ནང་གི་བདུད་རྩི་ལའང་འབྲུ་གསུམ་གསལ་བར་གྱུར། ༀ་བཛྲ་ཨ་མྲྀ་ཏ་ཨ་ཧི་ཧཾ་སརྦ་མན་ཧཱུཾ་ཧྲཱིཿཋཱ། ཞེས་དུག་ལྔ་རྣམ་དག་བདུད་རྩི་ལྔའི་སྟེང་གི་ཡེ་གེ་གསུམ་རེ་རེ་ནས་བླངས་ཏེ་ལན་གསུམ་བླུད་པའི་རྐྱེན་གྱིས། གནས་གསུམ་གྱི་ཡི་གེ་ལས་འོད་ཟེར་འཕྲོས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བྱིན་རླབས་བསྡུས་ཏེ། ཡིག་འབྲུ་སོ་སོ་ལ་ཐིམ་པས་སྐུ་གསུང་ཐུགས་རྡོ་རྗེའི་དམ་ཚིག་ཐོབ་པའི་མོས་པ་མཛོད། མི་ཕྱེད་རྡོ་རྗེའི་དམ་ཚིག་ནི། །གསང་བ་གསུམ་གྱི་དབྱིངས་ནས་ཕྱུང་། །དཀྱིལ་འཁོར་གསུམ་གྱི་དམ་ཚིག་ནི། །གྲུབ་ན་འཇིག་པའི་དུས་མེད་དོ། །རྡོ་རྗེའི་ཕྱག་རྒྱ་གནས་གསུམ་དུ་རེག་ལ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་བཞིན་དུ་ཝཱ་ཀ་དང་ཙིཏྟ། དེ་ཉིད་བརྟན་པར་བྱ་བའི་ཕྱིར་ཆུ་ནན་བྱ་བ་ནི། རྒྱལ་བ་ཀུན་དང་མཉམ་སྦྱོར་བའི། །དམ་ཚིག་འདི་ལས་གང་འདས་པ། །རྒྱལ་བ་ཐམས་ཅད་བསྡུས་པ་ཡིན། །ཁྲག་འཐུང་ཁ་འབར་མ་ཡི་ཚོགས། །ཁྲོས་ནས་སྙིང་ཁྲག་དྲངས་ཏེ་འཐུང་། །བཛྲ་ས་མ་ཡ་ཨི་དནྟེ་ན་ར་ཀན། པ་རི་ཧྲཱི་ད་ཡེ། ན་མ་བསྟི་ནན། ས་མ་ཡ་རཀྵ་སི། སིདྡྷི་པི་ན་བཛྲ་ཨ་མྲྀ་ཏོད་ཀཾ །ཞེས་དམ་ཆུ་བླུད་པ་ཡི་གེ་ཧཱུཾ་དུ་གྱུར་ནས་སྙིང་གི་དཀྱིལ་དུ་ཐིམ་པའི་མོས་པ་མཛོད། དེ་ནས་དེའི་ཁེ་ཉེན་བཤད་པ་ནི། རྩ་རྒྱུད་ལས། གང་གི་གསང་སྒོར་ཞུགས་པའི་ཚེ། །དོན་དང་ལྡན་པའི་བླ་མ་ཡིས། །རྡོ་རྗེའི་ཐ་ཚིག་བྱིན་བརླབས་ནས། །ལྕེ་ལ་དམ་ཚིག་ཆུ་བཞག་པ། །དམྱལ་བ་རྡོ་རྗེར་དམོད་བཅུགས་ནས། །ཡི་གེ་ཧཱུཾ་དུ་བྱས་པ་དེ། །སྙིང་གི་དཀྱིལ་དུ་བསྟིམ་བྱས་པ། །ལྕགས་ཀྱི་སྡིག་པ་མགོ་དགུ་པའི། །ཁྲོ་བོ་ཡཀྵ་ཞེས་བྱ་བ། །ཁྲག་འཐུང་ཆེན་པོར་གྱུར་ནས་ནི། །སྡུག་བསྔལ་ཆེན་པོས་བསད་ནས་ཀྱང་། །དམྱལ་བ་རྡོ་རྗེར་དེ་ལྟུང་འགྱུར། །གལ་ཏེ་ཐ་ཚིག་མ་ཉམས་ན། །ལྕེ་ལ་བཞག་པའི་ཨརྒྷ་དེ། །སྙིང་གི་དཀྱིལ་དུ་ཐིམ་ནས་ཀྱང་། །ཡེ་ཤེས་སེམས་དཔའ་མཚོན་གང་བར། །གྱུར་ཏེ་སྒྲིབ་པ་ཀུན་སྦྱངས་ནས། །སངས་རྒྱས་སྲས་སུ་བསྐྱེད་པར་བྱེད། །ཅེས་གདམས། དེ་ནས་བསྲུང་བྱའི་དམིགས་ཤེས་པའི་ཕྱིར་དམ་བསྒྲག་པ་ནི། ཀྱེ། རིགས་སུ་གྱུར་པའི་བུ་ཁྱོད་རྣམས། །རྡོ་རྗེ་སློབ་དཔོན་སྙིང་ལྟར་ཁུར། །རྡོ་རྗེ་མཆེད་ལ་མིག་ལྟར་གྱིས། །ཡི་དམ་ལྷ་ནི་དཔོན་ལྟར་བཟུང་། །གསང་བའི་ཚིག་སྤྱོད་རང་མཚང་ལྟར། །ནམ་ཡང་དེ་བཞིན་སེམས་པར་གྱིས། །སེམས་ཅན་ཐམས་ཅད་བུ་ལྟར་བཟུང་། །རྒྱལ་བའི་བཀའ་ལས་མ་འདའ་ཞིག །ཅེས་བསྒྲག །དེ་ནས་ནང་འཇུག་གི་དངོས་གཞི་ལས། རང་གི་ལྷག་པའི་ལྷ་ངོས་བཟུང་བའི་ཕྱིར་མེ་ཏོག་དོར་བ་ནི། སྔོན་ནས་ལས་འབྲེལ་ཡོད་པའི་རིགས་ཀྱི་ལྷ་ལ་འབབ་པར་ཤོག་སྙམ་པས་འདིའི༴ སྔོན་ཚེ་གོང་ནས་འབྲེལ་བ་ཡི། །བདག་གི་ཉེ་གནས་གང་ལགས་པ། །ལས་འཕྲོ་དང་ནི་ཐུགས་རྗེ་ཡིས། །ད་ལྟ་ཉིད་དུ་འབབ་པར་ཤོག །ༀ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་དོར་བས། གང་ལ་བབས་པའི་ལྷ་དེའམ་སྤྱི་ཙམ་དུ་འཁོར་ལོའི་དབང་ཕྱུག་གི་དབུ་ལ་བབས་ཏེ་བཞེས་པར་བསམ་མོ། །དེ་ལྟར་ངེས་པ་དེས་རྒྱུད་བྱིན་གྱིས་རློབ་པའི་ཕྱིར་ལྷ་དབབ་པ་ནི། ལུས་གནད་མི་གཡོ་བར་འཆིང་། ངག་གནད་རླུང་རང་བབས་སུ་བཟུང་། །སེམས་ཀྱི་གནད་མེ་ཏོག་གཙོ་བོས་བཞེས་པའི་དབང་དུ་བྱས་ཏེ། ཁྱེད་རང་རྣམས་ཆེ་མཆོག་ཧེ་རུ་ཀ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་ཐོད་ཁྲག་འཛིན་པ། ཞབས་གཡས་བརྐྱང་གིས་བཞེངས་པའི་སྙིང་གར་སྔར་ཆུ་ནན་བྱས་པའི་ཆུ་དང་གཉིས་སུ་མེད་པའི་དྭངས་མ་མི་ཤིགས་པའི་ཐིག་ལེ་ཉིད་ཧཱུཾ་ཡིག་འབར་བ། དེ་ལས་བྱུང་བའི་འོད་ཟེར་གྱིས་བསྐུལ་བས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་། དཔལ་རྡོ་རྗེ་སེམས་དཔའ་ནམ་མཁའ་དང་མཉམ་པའི་རང་བཞིན་གྱི་དབྱིངས་ན་བཞུགས་པ་ཐམས་ཅད་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་ཡིག་འབར་བ་ལས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བདེ་བ་ཆེན་པོ་ཉིད་ཧཱུཾ་ཡིག་གི་རྣམ་པ་གྲངས་མེད་པ་འོད་ཟེར་གྱི་ཕུང་པོ་འབར་ཞིང་འཕྲོ་བ་ཁ་ཆར་དང་བུ་ཡུག་འཚུབ་པ་ལྟར་བབས་པ་བ་སྤུའི་བུ་ག་ནས་ཞུགས། སྙིང་གའི་ཧཱུཾ་ཡིག་ལ་སིབ་སིབ་ཐིམ་པའི་རྐྱེན་གྱིས། དེ་ཉིད་ལས་འཕྲོས་པའི་བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས་ལུས་ནང་ཐམས་ཅད་མེར་ཁྲིག་གིས་གང་བས་བདེ་བ་ཆེན་པོའི་ཡེ་ཤེས་མཆོག་ཏུ་འབར་བ་ལ་སེམས་རྩེ་གཅིག་ཞོག་ཅིག །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ༀ་ཨ་ཀྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཀ་ཏ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ་ཕཊ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ༀ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུཾ་ཧཱུཾ། ཨཱ་བེ་ཤ་ཡ་ཨ། ཞེས་ཌཱ་དྲིལ་གྱིས་སྣ་དྲངས་པའི་རོལ་མོའི་སྒྲ་མྱུར་དལ་སྤེལ་མའི་སྦྱོར་བ་དང་། ཁྱད་པར་གྱི་རྫས་རོ་སོལ་གྱི་མེ་ལ་སྲེག་པའི་བདུག་སྤོས་དང་བཅས་པས་དབབ། དེའི་ཚེ་ཕེབས་པའི་རྟགས་ལུས་འཕར་ཞིང་གཡོ་བ་དང་། ངག་སྨྲ་བཞིན་རྒོད་པ་དང་། སེམས་རྟོག་མེད་འོད་གསལ་གྱི་དབྱིངས་སུ་གྲོལ་བའི་ཉམས་ཤར་ན་བྱུང་རྒྱལ་དུ་བསྐྱང་དུ་གཞུག་གོ། །དེ་ལྟར་ཕེབས་པ་ན། རང་གི་རིགས་སུ་ངེས་པའི་སློབ་མ་འདི་ལ་བརྟན་པར་བཞུགས་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྗེས་སུ་ཟུངས་ཤིག་ཅེས་སྔར་མེ་ཏོག་བཞེས་ཤིང་གང་གི་ཡེ་ཤེས་བབས་པའི་ལྷ་དེ་ལ་གཏད་པར་མོས་ལ། ༀ་པྲ་ཏི་གྲྀཧྞ་ཏྭཾ་ཨི་མཾ་ས་ཏྭ་མ་ཧཱ་བ་ལ་ཏིཥྛ། ཞེས་མེ་ཏོག་གི་ཕྲེང་བ་སྤྱི་་བོར་བཅིང་ངོ་། །དེ་ནས་དཀྱིལ་འཁོར་མཐོང་བའི་བདག་ཉིད་དུ་འཇུག་པའི་ཕྱིར་མིག་དབྱེ་བ་ནི། དེ་རིང་དད་པའི་ཤུགས་ཀྱིས་ནི། དཀྱིལ་འཁོར་དམ་པ་ལྟ་བར་གྱིས། །སྔགས་དང་ཕྱག་རྒྱའི་རིགས་སུ་འཁྲུངས། །ཁྱོད་ནི་ཐེག་ཆེན་འདི་ལྟ་བུ། །གསང་བ་བསྟན་པའི་སྣོད་དུ་རུང་། །ཐོབ་པ་མཉམ་མེད་དེ་རིང་ཐོབ། །རྙེད་པ་མཉམ་མེད་དེ་རིང་རྙེད། །དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས། །དམ་ཚིག་མཆོག་ཏུ་འགྱུར་བར་བྱེད། །བཛྲ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་གདོང་གཡོགས་བཀྲོལ་ཞིང་མིག་ཕྱེ་བས། མ་རིག་པའི་ལིང་ཏོག་སངས་ནས་དག་པ་ཡེ་ཤེས་ཀྱི་མིག་ཐོབ་པ་ལ་མཐོང་པ་བསྟན་པ་བྱ་སྟེ། ༀ་མཱུཾ། ཧཱུཾ། ཧཾ། ༀ་ཞེས་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་བཅུག་གོ། །མཱུཾ་ཞེས་ཡེ་ཇི་བཞིན་པའི་དཀྱིལ་འཁོར་དུ་ཞུགས་སོ། །ཧཱུཾ་ཞེས་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གནས་སོ། །ཧཾ་ཞེས་མཐོང་བ་ཡོངས་སུ་དག་སྟེ། དཀྱིལ་འཁོར་རྣམ་གསུམ་དབྱེར་མེད་འདུས་པ་ཆེན་པོའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་མ་འདྲེས་ཡོངས་རྫོགས་སུ་མཐོང་བར་གྱུར་པ་ནི། འདི་ལྟར་བསྲུང་བའི་འཁོར་ལོས་མི་ཕྱེད་པར་བཅིངས་པའི་ནང་། དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་དབུས་སུ། པདྨ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་རྫོགས་པའི་ཐར་པ་ཆེན་པོའི་ཕོ་བྲང་། འོག་ཁང་འབར་བའི་གཞལ་ཡས་ཁང་རིམ་པ་དགུ་པ་སྒོ་དགུས་གསལ་བར་གྱུར་པའི་བར་ཁྱམས་དགུ་ནང་ནས་རིམ་པ་བཞིན། དང་པོ་སེར་པོ། གཉིས་པ་དཀར་པོ། གསུམ་པ་དམར་པོ། །བཞི་པ་སེར་པོ། ལྔ་པ་དམར་པོ། དྲུག་པ་དཀར་པོ། བདུན་པ་ནག་པོ། བརྒྱད་པ་ཕྱོགས་མདོག །དགུ་པ་ལྗང་གུ། སྒོ་ཕྱི་མ་ལ་རྟ་བབས་ལ་སོགས་ཏེ། རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་དབུས་སུ། གྲུ་ཆད་བཞི་གློ་འབུར་གྱིས་མཛེས་པའི་སྟེང་ན་འཁོར་ལོ་སེར་པོ་རྩིབས་བརྒྱད་པ་ལྟེ་བ་དང་བཅས་པ། ཕོ་བྲང་དབུས་མའི་སྟེང་ཁང་རིན་པོ་ཆེའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བརྒྱད་པ་ལྟེ་བར་འཁོར་ལོ་རྩིབས་བཞི་པ། སྟེང་འོག་གི་ཕོ་བྲང་གཉིས་ཀྱི་ལྷ་གནས་སོ་སོར་རང་རིགས་དང་འཚམས་པའི་གདན་གྱི་ཁྱད་པར་ཅན། སྟེང་ཁང་ཞི་བའི་དཀྱིལ་འཁོར་གྱི་དབུས་སུ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་མཐིང་ག་མཐིང་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རྡོར་དྲིལ། གཉིས་པ་བྱང་ཆུབ་མཆོག་རྒྱ། གསུམ་པ་མཉམ་གཞག །ཀུན་ཏུ་བཟང་མོ་སྔོན་མོ་དང་འཁྲིལ་བ་ནི་བདེ་བ་ཆེན་པོའི་དཀྱིལ་འཁོར་རོ། །གཙོ་བོའི་མདུན་ན་མི་བསྐྱོད་པ་དང་། རྩིབས་བཞིར་རྣམ་སྣང་སོགས་རིགས་ལྔ་ཡབ་ཡུམ། འཁོར་ལོའི་མཆན་དང་གྲུ་ཆད་ལ་སེམས་དཔའ་ཡབ་ཡུམ་བརྒྱད། ཁྱམས་ཀྱི་ཤར་ནུབ་ཏུ་བྱེད་པ་པོ་དང་བྱ་བ་མོ། །ལྷོ་བྱང་དང་མཚམས་བཞིར་ཐུབ་པ་དྲུག །སྒོ་བཞིར་མཐར་བྱེད་ཡབ་ཡུམ་སྟེ། བཞི་བཅུ་རྩ་གཉིས་ནི་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རོ། །འོག་ཁང་ཁྲོ་བོའི་དཀྱིལ་འཁོར་གྱི་ལྟེ་བར་བཅོམ་ལྡན་འདས་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་མཐིང་ནག་ཉི་མ་བྱེ་བའི་འོད་ལྟར་འབར་བའི་གཟི་བྱིན་ཅན། ཞལ་ཉི་ཤུ་རྩ་གཅིག །ཕྱག་བཞི་བཅུ་རྩ་གཉིས་ཀྱིས་ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་བསྣམས་པ། གར་གྱི་ཉམས་དགུས་སྒེག་ཅིང་དུར་ཁྲོད་རོལ་པའི་ཆས་བརྒྱད་དང་། དཔལ་གྱི་ཆས་བརྒྱད་རྫོགས་པ། ཡུམ་གནམ་ཞལ་དབྱིངས་ཕྱུག་མ་སྔོན་མོ་དབུ་དགུའི་རྩ་ཞལ་ཧེ་རུ་ཀའི་གསང་བའི་རྡོ་རྗེ་དང་སྦྱོར་ཞིང་། གཡས་གཡོན་གྱི་ཞལ་བཞི་བཞི་ཡབ་ཀྱི་ཞབས་བརྒྱད་དང་སྦྱོར་བ། ཕྱག་བཅོ་བརྒྱད་ཀྱི་དང་པོ་གཉིས་རྡོ་རྗེ་དང་དུང་ཁྲག །ལྷག་མ་བཅུ་དྲུག་གི་གཡས་ན་མ་མོ་བརྒྱད་དང་། གཡོན་ན་ཕྲ་མེན་བརྒྱད། ཞབས་བཞི་བགྲད་པ། འཁོར་འདས་ཀྱི་ཆོས་ཐམས་ཅད་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་གདན་ཁྲི་ནས་དབུའི་གཙུག་ཏོར་མན་ཆད་ལ་རྫོགས་པར་སྣང་བའི་བདག་ཉིད་ཆེན་པོར་བཞུགས་པ་ནི་ཆོས་སྐུ་རྫོགས་པའི་དཀྱིལ་འཁོར་རོ། །གཙོ་བོའི་མདུན་ན་དབང་མཆོག་ཧེ་རུ་ཀ་མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད་པ་དང་། རྡོ་རྗེ་ཧེ་རུ་ཀ །རྩིབས་བརྒྱད་ལ་རྒྱུད་ལུང་གི་ཁྲོ་བོ་བརྒྱད་དེ་དགུ་ཀ་ཞལ་གསུམ་ཕྱག་དྲུག་པ། ཐམས་ཅད་ཀྱང་རང་རང་གི་ཡུམ་དང་འཁྲིལ་བའོ། །གློ་འབུར་དང་གྲུ་ཆད་ལ་གནས་ཀྱི་མ་མོ་གོ་རཱི་མ་སོགས་བརྒྱད། དཀྱིལ་འཁོར་དང་པོའི་ཁྱམས་ལ་ཡུལ་གྱི་ཕྲ་མེན་སིངྷ་མུ་ཁཱ་སོགས་བརྒྱད་དང་སྒོར་རྟ་གདོང་མ་སོགས་བཞི། གཉིས་པའི་ཁྱམས་ལ་འབར་མ་བརྒྱད་དང་སྒོར་གསང་བའི་ཡུམ་བཞི། གསུམ་པའི་ཁྱམས་དང་སྒོར་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་རྣམས་ནི་ཁྲག་འཐུང་རྩ་བའི་དཀྱིལ་འཁོར་རོ། །བཞི་པའི་ཁྱམས་དང་སྒོར་ཕྲིན་ལས་མྱུར་མགྱོགས་ཀྱི་དཀྱིལ་འཁོར་མཁའ་འགྲོ་སོ་གཉིས། ལྔ་པའི་ཁྱམས་ལ་མ་མོ་བདུན་དང་སྒོར་སྲིང་མོ་བཞི་སྟེ་དམ་ཚིག་རྒྱ་མཚོའི་དཀྱིལ་འཁོར་རོ། །དྲུག་པའི་ཁྱམས་དང་སྒོར་སྒྲོལ་བ་ཀིང་གི་དཀྱིལ་འཁོར་ཀིངྐ་ར་བཅོ་བརྒྱད། བདུན་པའི་ཁྱམས་དང་སྒོར་ཁྲོ་བོ་རོལ་པའི་དཀྱིལ་འཁོར་སྟེང་གི་ཕོ་ཉ་ཁྲོ་བོ་ཁྲོ་མོ་དྲུག་ཅུ། བརྒྱད་པའི་ཁྱམས་ལ་མགྱོགས་འགྲོ་ཡིད་ཀྱི་དཀྱིལ་འཁོར་ཕྱོགས་ཀྱི་ཕོ་ཉ་ཉིས་བརྒྱ་བཞི་བཅུ། དགུ་པའི་ཁྱམས་ལ་དམ་ཚིག་རྒྱ་མཚོའི་དཀྱིལ་འཁོར་འོག་གི་ཕོ་ཉ་མ་མོ་དྲུག་ཅུ། གཞལ་ཡས་ཁང་གི་རྩ་བར་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང་། ཕྱི་རོལ་སྟེང་འོག་ཕྱོགས་མཚམས་ལ་ཁྲོ་བཅུ་ཡབ་ཡུམ་ཁྲ་ཐབས་ཉི་ཤུ་དང་བཅས་པ་མགྲོན་ཐབས་ཁྲག་འཐུང་སྤྲུལ་པའི་དཀྱིལ་འཁོར་ཏེ། དེ་ལྟར་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལྔ་བརྒྱ་དང་བརྒྱད་ཅུ་རྩ་གསུམ། རྒྱུའི་རྟ་བབས་ཀྱི་ཕྱི་རོལ་འཁོར་ཡུག་ཟླུམ་པོ་ལ་རྡོ་རྗེ་འཆང་གི་དཀྱིལ་འཁོར་རིག་འཛིན་བླ་མ་བྱེ་བ་ས་ཡ། གཞན་ཡང་སྤྲུལ་པ་དང་ཡང་སྤྲུལ་ཕྱག་བརྙན་འབུམ་ཕྲག་མཐའ་ཡས་པའི་ཚོགས་བསམ་གྱིས་མི་ཁྱབ་པས་ཀུན་ཏུ་ཁྱབ་ཅིང་གང་བ། དེ་ལྟར་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་འཁོར་ལོ་དེ་ཐམས་ཅད་ཀྱང་། དོན་དམ་པར་རང་གི་སེམས་ཉིད་དབྱིངས་དང་ཡེ་ཤེས་དབྱེར་མི་ཕྱེད་པའི་ཟུང་འཇུག་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་སེམས་ཀྱི་རང་སྩལ་འགག་མེད་ཡེ་ཤེས་ཀྱི་འཁོར་ལོ་ཕྲིན་ལས་རྣམ་པ་བཞིའི་སྒྱུ་འཕྲུལ་གྱི་རོལ་པར་འཆར་བའི་སྣང་བརྙན་ཉིད་མཚན་མ་རྟགས་ཀྱི་དཀྱིལ་འཁོར་གྱིས་མཚོན་ནས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་ལྟར་མ་འདྲེས་ཡོངས་རྫོགས་སུ་བཀྲ་ལམ་གྱིས་མཇལ་བར་གྱུར་སྙམ་པའི་མོས་པ་མཛོད། ཅེས་བསྟན། སྤྲོ་ན་བརྟེན་དང་བརྟེན་པར་བཅས་པ་རེ་རེ་ནས་བརྡ་དང་རྟགས་ཀྱིས་སོ་སོར་བསྟན་ལ། དེའི་ནང་ནས་ཀྱང་མེ་ཏོག་ཕོག་པའི་རིགས་ཀྱི་ལྷ་ནི་འདི་ཡིན་ནོ། །ཞེས་ལྷའི་མཚན་དང་། དེའི་སྙིང་པོ་སྔགས་དང་། མངོན་པར་རྟོགས་པ་བཤད་ནས། །རྟག་ཏུ་སྒོམ་བཟླས་ལ་བརྩོན་པར་གདམས་ཤིང་། རིགས་གང་ལ་བབས་པའི་གསང་བའི་མིང་། རྡོ་རྗེ་མྱུ་གུ། རིན་ཆེན་མྱུ་གུ། ཆོས་ཀྱི་མྱུ་གུ་སོགས་རིགས་དང་མཐུན་པར་བཏགས་ལ། ཁྱོད་ནི་རྡོ་རྗེ་ཆེ་གེ་མོ། །རྒྱལ་བའི་སྲས་པོ་གདུང་བརྒྱུད་འཛིན། །གསང་བ་མཆོག་གི་མིང་སྦྱིན་གྱིས། །ཞིང་ཁམས་ཀུན་ཏུ་བདེ་བར་སྤྱོད། །དེས་ནི་སངས་རྒྱས་ཞིང་དུ་འགྱུར། །ཞེས་ལུང་བསྟན་ནོ། །དེ་ནས་ཡོན་དབུལ་བ་ནི། ཧེ་རུ་ཀ་འདུས་པ་ལས། དེ་ནས་དབང་ཐོབ་བྱ་བའི་ཕྱིར། །རྟ་དང་གླང་པོ་གསེར་དངུལ་དང་། །བུ་དང་ཆུང་མ་བུ་མོ་དང་། །རྒྱལ་སྲིད་རང་ལུས་ལ་སོགས་པ། །བླ་མ་མཆོད་ཕྱིར་དབུལ་བར་བྱ། །ཞེས་དང་། མཉམ་སྦྱོར་ལས་ཀྱང་། ཀུན་ཏུ་སྣ་ཚོགས་བླ་མ་ལ། །ཡོན་མཆོག་དག་ནི་དབུལ་བར་བྱ། །གང་ལ་ཡོངས་སུ་གཏོང་དཀའ་བ། །དེ་ནི་མཆོག་ཏུ་བཤད་པ་ཡིན། །གང་ལ་གང་ནི་སྡུག་པ་མཆོག །ཡང་ན་ཤིན་ཏུ་ཁྱད་པར་ཅན། །དེ་དང་དེ་ནི་བླ་མ་ལ། །དེ་ཉིད་མི་ཟད་འདོད་པས་འབུལ། །ཡང་ན་དེ་ནི་འདོད་གྱུར་པའམ། །འོན་ཏེ་སེམས་ལ་དགོས་པ་དག །དེ་ནི་ཆུང་ཡང་མཆོག་ཡིན་ནོ། །གལ་ཏེ་དེ་ལ་མཆོག་བདོག་ལ། །དེ་ལས་ངན་པའི་ཡོན་འབུལ་ན། །ཀུན་གྱི་སློབ་དཔོན་བརྙས་པས་ན། །དེ་ནི་རྟག་ཏུ་སྡུག་བསྔལ་ཐོབ། །ཞེས་གསུངས་པས་སྡུག་ཅིང་མཆོག་ཏུ་གྱུར་པའི་དངོས་པོ་ཅི་འབྱོར་པའམ། མ་འབྱོར་ན་སླར་དབུལ་བར་ཁས་བླང་ཞིང་། ཡིད་ཀྱིས་ཀྱང་ལུས་དང་ལོངས་སྤྱོད་ཐམས་ཅད་ལྟོས་མེད་དུ་ཕུལ་བའི་མོས་པ་མཛད་འཚལ། དེ་ལྟར་དཀྱིལ་འཁོར་དུ་ཞུགས་པའི་ཕན་ཡོན་ནི། དགོངས་འདུས་ལས། ལངྐའི་བདག་པོ། འདུས་པའི་ཚོགས་དེ་དག །འདི་ལྟར་གསང་བ་གསུམ་གྱི་དམ་པར་ཞུགས་པ། དེའི་ཚེ་དེའི་དུས་ན། ལ་ལ་ནི་འདུན་པའི་རྣལ་འབྱོར་ལ་གནས་པ་ཤ་སྟག་ཏུ་གྱུར་ཏོ། །ལ་ལ་ནི་རིགས་ཆེན་འབྱེད་པའི་རྣལ་འབྱོར་ལ་གནས་པ་ཤ་སྟག་ཏུ་གྱུར་ཏོ། །ལ་ལ་ནི་དབུགས་ཆེན་འབྱིན་པའི་རྣལ་འབྱོར་ལ་གནས་པ་ཤ་སྟག་ཏུ་གྱུར་ཏོ། །ལ་ལ་ནི་ལུང་ཆེན་ཐོབ་པའི་རྣལ་འབྱོར་ལ་གནས་པ་ཤ་སྟག་ཏུ་གྱུར་ཏོ། །ལ་ལ་ནི་རྩལ་ཆེན་རྫོགས་པའི་རྣལ་འབྱོར་ལ་གནས་པ་ཤ་སྟག་ཏུ་གྱུར་ཏོ། །ཞེས་སྔོན་བྱུང་གི་འཁོར་རྣམས་ཀྱང་སྐལ་བ་དང་ཤེས་རབ་ཆེ་ཆུང་གིས་ས་མཐོ་དམའི་ཁྱད་པར་བྱུང་བ་བཞིན་དུ་རྗེས་འཇུག་རྣམས་ཀྱང་དཀྱིལ་འཁོར་དུ་ཞུགས་པས་རང་རང་གི་ལས་སྐལ་བཞིན་དུ་རྣལ་འབྱོར་ལྔ་ཐོབ་པའམ། འཐོབ་རུང་གི་ནུས་པ་ཅན་དུ་བྱས་པ་སྟེ། སངས་རྒྱས་མཉམ་སྦྱོར་ལས། རྡོ་རྗེ་སེམས་དཔའ་ལ་སོགས་པའི། །འཁོར་ལོ་སྔོན་དུ་མཐོང་བ་ཡི། །བསོད་ནམས་རྟག་པ་གང་ཡིན་པ། །ཕྱིས་བྱས་པ་ཡང་དེ་བཞིན་ནོ། །ཞེས་སློབ་བུ་ལས་དང་པོ་པ་ཡིན་ཀྱང་ཆོ་ག་རྣམ་པར་དག་པས་དཀྱིལ་འཁོར་དུ་བཅུག་ན། སྔོན་འོག་མིན་དུ་མཐར་ལམ་ལ་ཞུགས་པ་དང་སྐལ་པ་མཉམ་པར་བཤད་པའི་ཕྱིར་རོ། །དེ་དག་གིས་ནི་དཀྱིལ་འཁོར་དུ་འཇུག་པའི་ཆོས་འཁོར་དང་བཅས་པ་ལེགས་པར་གྲུབ་ནས། བཞུགས་པའི་དཀྱིལ་འཁོར་དེར་དབང་བསྐུར་བ་ལ། སྤྱིར་དབང་གི་ངོ་བོ་ནི། བྱེད་པ་པོ་རྡོ་རྗེ་སློབ་དཔོན་གྱིས། ལས་ནི་རྒྱུད་སྦྱངས་པའི་སློབ་བུ་སྣོད་ལྡན་ལ། བྱེད་པ་རྫས་སྔགས་ཏིང་ངེ་འཛིན་ཚོགས་པའི་ཆོ་ག་ཁྱད་པར་ཅན་གྱིས། བྱ་བ་སློབ་མའི་རྒྱུད་བྱིན་གྱིས་རླབས་པའི་ཁྱད་པར་ལས། སེམས་རྒྱུད་ལ་གནས་པའི་རང་སྐལ་གྱི་དྲི་མ་རང་སངས་ཀྱིས་དག་པའམ་ཉམས་སྨད་པར་བྱས་ཤིང་། དགེ་བའི་ས་བོན་ཁྱད་པར་ཅན་ཐོབ་བྱ་རང་གནས་ཀྱི་ཡེ་ཤེས་ཅི་རིགས་གསོས་ཐེབས་པའི་མཐུས། ལམ་རིམ་པ་གཉིས་ཀྱི་ཡེ་ཤེས་མངོན་དུ་སྐྱེས་སམ། སྐྱེ་རུང་གི་ནུས་པ་མཐུ་ཅན་དུ་གྱུར་པས་རྒྱུད་འགྱུར་བའི་ཁྱད་པར་གང་ཡིན་པའོ། །དེ་ལྟར་ཡང་ཧེ་རུ་ཀ་འདུས་པའི་རྒྱུད་ལས། གང་གིས་གང་ལ་གང་བསྐུར་བས། །རྒྱུད་དག་ནུས་པ་ཐོབ་ཕྱིར་དབང་། །ཞེས་གསུངས་ཤིང་། ཆོ་གས་སེམས་རྒྱུད་ཀྱི་ཡོན་ཏན་དགེ་བའི་ས་བོན་གསོས་ཐེབས་པ་ལ་དབང་དང་དམ་ཚིག་དང་སྔགས་སྡོམ་ཐོབ་པ་ཞེས་བྱའོ། །ངེས་ཚིག་ནི། ཨ་བྷི་ཥིཉྩའི་སྒྲ་ལས་དྲངས་ན། མངོན་པར་གཏོར་བས་ན་དབང་སྟེ། སྦྱང་བྱའི་དྲི་མ་གཏོར་ཞིང་འཁྱུད་པར་བྱེད་པའི་ཕྱིར། མངོན་པར་བླུགས་པས་ན་དབང་སྟེ། ལམ་སྒོམ་རུང་དང་འབྲས་བུ་ཐོབ་རུང་གི་ནུས་པ་ཁྱད་པར་ཅན་རྒྱུད་ལ་འཇོག་པའི་ཕྱིར། དེ་ལྟར་ཡང་ཧེ་བཛྲ་ལས། གཏོར་དང་བླུགས་པ་ཞེས་བྱ་བ། །དེས་ན་དབང་ཞེས་བརྗོད་པར་བྱ། །ཞེས་སོ། །དབྱེ་ན། ཆུ་བོ་བཞིས་བསྡུས་པའི་དབང་སུམ་ཅུ་རྩ་དྲུག་ཏེ། རྩ་རྒྱུད་ལས། འདུས་པ་ཆེན་པོའི་རྣལ་འབྱོར་པ། །སྲིད་པ་གསུམ་གྱིས་ཕྱག་བྱས་པའི། །བླ་མའི་ས་ལ་གནས་པ་ཡིས། །དབང་མཆོག་སུམ་ཅུ་རྩ་དྲུག་ཡིན། །ཕྱི་ཡི་དབང་དང་ནང་གི་དབང་། །སྒྲུབ་པའི་དབང་དང་གསང་བའི་དབང་། །བཅུ་དང་བཅུ་གཅིག་བཅུ་གསུམ་དང་། །རྣམ་པ་གཉིས་ཀྱིས་རྫོགས་པར་འགྱུར། །ཞེས་དང་། བཤད་རྒྱུད་རྔམ་གློག་ལས། དང་པོ་ཕྱི་ཡི་དབང་བཅུ་བསྐུར། །དེ་ནས་ནང་དང་བཅུ་དང་གཅིག །དེ་ནས་སྒྲུབ་དབང་བཅུ་དང་གསུམ། །ཐ་མར་གསང་བ་རྣམ་པ་གཉིས། །བཅུ་ཕྲག་གསུམ་དང་དྲུག་དག་གིས། །དབང་མཆོག་དམ་པ་བསྐུར་བ་ཡིན། །ཞེས་གསུངས། །དབང་ཇི་ཙམ་བསྐུར་བ་ནི། སློབ་བུའི་བློའི་ཐེག་ཚད་ཀྱི་རིམ་པ་དང་སྦྱར་ནས། དད་པ་ཅན་ལ་ཕྱི་དབང་། བརྩོན་འགྲུས་ཅན་ལ་ནང་དབང་དང་སྒྲུབ་དབང་། བརྟུལ་ཞུགས་ཅན་ལ་གསང་དབང་རྣམས་སྦྱིན་པར་བྱ་སྟེ། དེ་ལས་གཞན་དུ་སྐལ་མེད་ལ་སྦྱིན་ན་ཉེས་པ་ཆེན་པོར་འགྱུར་བའི་ཕྱིར། དེ་ལྟར་ཡང་སྤྱི་མདོ་ལས། རྡོ་རྗེ་ལུང་གི་ཚད་ཅན་ལ། །ཇི་ལྟར་ནུས་པ་དེ་དབང་བསྐུར། །རྩལ་མེད་མི་ནུས་གང་དག་ལ། །ཕན་པ་འབའ་ཞིག་བསྔགས་པ་ཡིན། །ཞེས་དང་། གབ་པའི་དབང་ལེ་ལས་ཀྱང་། འདི་དག་གི་རིམ་པ་སློབ་དཔོན་གྱིས་ཤེས་པར་བྱས་ལ། སྣོད་ཀྱི་རིམ་པ་དང་སྦྱར་བ་ལས། བབ་ཆོལ་དང་། མཐོ་སེམས་དང་། ངོ་དགར་བྱ་བ་ནི་མ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །དུས་ནམ་བསྐུར་བ་ནི། ཧེ་རུ་ཀ་འདུས་པ་ལས། དཀྱིལ་འཁོར་བཞི་ལ་རིམ་ཞུགས་ནས། །དབང་རྣམས་རིམ་པ་བཞིན་དུ་སྦྱིན། །ཞེས་པས་གང་དུ་བསྐུར་བྱའི་དཀྱིལ་འཁོར་དེར་བཅུག་པའི་རྗེས་སུ་སྟེ། དཀྱིལ་འཁོར་དུ་མ་བཅུག་པ་ལ་དབང་བསྐུར་དུ་མི་རུང་བའི་ཕྱིར་རོ། །དེ་བས་ན་ཞུགས་པའི་དཀྱིལ་འཁོར་འདིར་དབང་བསྐུར་བ་ལ་བཞི་ལས། དང་པོ་ཕྱི་འཁོར་སྐྱོང་བའི་རྒྱལ་པོར་དབང་བསྐུར་བརྒྱུད་ཀྱི་ཆུ་བོའི་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ། དེ་ནས་བླ་མ་དཀྱིལ་འཁོར་གྱི་གཙོ་བོ་དཔལ་ཆེན་པོ་དང་གཉིས་སུ་མེད་པའི་སྟེང་ཞལ་ལས་རྟ་སྐད་ཀྱི་སྒྲ་བསྒྲགས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་སྤྲིན་ཕུང་གཏིབས་པ་བཞིན་དུ་བྱོན་ནས། རང་གི་གནས་གསུམ་དུ་ཐིམ་པས་དབང་བསྐུར་བའི་ནུས་པ་ཆེས་ཆེར་འབར་བ་བྱས། སླར་ཡང་བརྒྱུད་པའི་བླ་མ་ཐམས་ཅད་བྱིན་འཐིབས་ཀྱིས་བྱོན་ནས་སྤྱི་བོར་འོད་ཕུང་དུ་འཁྱིལ་ལེ་བཞུགས་པ་ལས་འོད་ཟེར་འཕྲོས། སློབ་བུ་རྣམས་ལ་རེག་པས་སྐལ་བ་ངན་པའི་དྲི་མ་ཐམས་ཅད་སྦྱངས་ཏེ་སྣོད་དག་པར་བསྒྲུབ་པའི་མོས་པ་མཛོད། དེ་ནས་བླ་མ་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་དུ་མོས་ནས་ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པ་འདིའི༴ སངས་རྒྱས་རྡོ་རྗེ་འཛིན་པ་ལ། །ས་མཐའི་སེམས་དཔའ་ཆེན་པོ་ཡིས། །ཇི་ལྟར་མཆོད་ཅིང་ཞུས་པ་ལྟར། །དེ་ལྟར་བདག་ལ་རྡོ་རྗེ་ཡིས། །དབང་རྣམས་རིམ་པར་སྩལ་དུ་གསོལ། །ཞེས་ལན་གསུམ། དེ་ལྟར་གསོལ་བ་གདབ་པའི་ལན་དུ་གནང་བ་བྱིན་པ་ནི། སངས་རྒྱས་དག་ནི་ཐམས་ཅད་ཀྱིས། །གསང་བ་རྡོ་རྗེ་གསུམ་ལས་བྱུང་། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །དབང་བསྐུར་གནང་བ་ཆེན་པོ་བྱིན། །ཞེས་བརྗོད་ནས། རུས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་བས་དཀྱིལ་འཁོར་གྱི་ཕྱོགས་སུ་གཏད་དེ། ཧོཿ ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་རྡོ་རྗེ་སློབ་དཔོན་འདི་ཞེས་བྱ་བས་སློབ་བུ་འདི་རྣམས་ལ་འདུས་པས་ཆེན་པོའི་དབང་བསྐུར་བར་འཚལ་བས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མཐུ་བསྟན་དུ་གསོལ། དབང་བསྐུར་དུ་གསོལ། །བྱིན་གྱིས་རློབ་ཏུ་གསོལ། །འདུས་པ་ཆེན་པོའི་དཀྱིལ་འཁོར་དུ། །སློབ་བུ་རྣམས་ལ་དབང་བསྐུར་བའི། །སེམས་ཅན་དོན་ལ་བདག་བརྩོན་ན། །བཟོད་པར་མཛད་དེ་དགོངས་སུ་གསོལ། །ༀ་བཛྲ་ས་མ་ཡ་ཧཱུཾ་ཛཿ ཞེས་ལན་གསུམ་བརྗོད་པས། དབང་གི་ལྷ་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་མདུན་གྱི་ནམ་མཁའི་གནས་སུ་སྤྲིན་འཐིབ་པ་བཞིན་སད་ནས་བཞུགས་པས་དབང་ཅི་དགའ་བར་བསྐུར་ཅིག །ཅེས་གནང་བ་བྱིན་པར་བསམ་ནས། དབུ་རྒྱན་སོགས་འཁོར་ལོས་སྒྱུར་བའི་ཆས་སུ་ཞུགས་ཏེ། བསྐུར་རློབ་ཀྱི་སྔགས་བརྗོད་པས། བདག་ཉིད་སྐུ་གསུང་ཐུགས་ཀྱི་གཟི་བྱིན་དང་ལྡན་པར་མོས་ལ། རྒྱལ་བ་སངས་རྒྱས་ཐམས་ཅད་ཀུན། །འདུས་པ་ཆེན་པོའི་དཀྱིལ་འཁོར་དུ། །དང་བའི་ཡིད་ཀྱིས་ཞུགས་ནས་ཀྱང་། །བྱིན་བརླབས་དབང་མཆོག་ནོད་པར་མཛོད། །ཅེས་བརྗོད་ཅིང་དཀྱིིལ་འཁོར་གྱི་དབུས་སུ་འདུག་པར་མོས་ཏེ། རང་ཉིད་དབང་ཁྲི་ལ་སྙེམས་པ་དང་བཅས་པས་འདུག་གོ། །དེ་ནས་སློབ་བུ་རྣམས་གནས་སུ་དཀྲི་ཞིང་ལྷར་བསྐྱེད་པ་ནི། སློབ་དཔོན་གྱི་ཐུགས་ཀའི་ཧཱུཾ་ལས་ཧཱུཾ་ཡིག་འབར་བ་རེ་ཆད་པ་སྙིང་གར་ཐིམ་པས་མ་དག་པའི་སྣང་བ་སྦྱངས་ཏེ། ཁྱེད་རང་རྣམས་སྐད་ཅིག་གིས་རྡོ་རྗེ་སེམས་དཔའ་རྡུལ་བྲལ་དྭངས་པའི་སྐུ་གྱུར་པ་དཀྱིལ་འཁོར་གྱི་ཤར་སྒོར་དབང་སྟེགས་པདྨའི་སྟན་ལ་འཁོད་པའི་མོས་པ་མཛོད། སློབ་དཔོན་གྱིས་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་སྙིང་གར་གཏུགས་ཏེ། ༀ་བཛྲ་ས་ཏྭ་ཨཱཿ ཞེས་པས་གསལ་ཞིང་བརྟན་པར་བྱས་པ་ལ། བསྐུར་བྱེད་དཀྱིལ་འཁོར་པ་ལས་སྤྲོས་པ་དང་ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཀྱིས་དབང་རིམ་པར་བསྐུར་བའི་མོས་པ་བྱེད་དུ་བཅུག་སྟེ། བསྐུར་བྱ་ཕྱི་དབང་རྒྱུད་ཀྱི་ཆུ་བོའམ་ཕན་པའི་དབང་བཅུ་ལས། དང་པོ་རྒྱལ་པོ་བཀའ་རྟགས་ཕྱག་རྒྱའི་དབང་ནི། ལས་བུམ་གྱི་ཆུ་འཐོར་ཞིང་། ཧཱུཾ་བིགྷྣཱནྟ་ཀྲྀཏ་ཕཊ་ཀྱིས་བསང་། སྭ་བྷཱ་ཝ ས་སྦྱངས། དབང་རྫས་མི་དམིགས་པ་ལས་དེ་བཞིན་གཤེགས་པ་རིགས་ལྔའི་སྐུར་གྱུར། ཡེ་ཤེས་པ་ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་བྱས་པ། སློབ་མའི་གནས་ལྔར་ཐིམ་པས་ཕུང་པོ་ལྔ་རིགས་ལྔའི་སྐུར་དག་པར་མོས་ལ། ཞི་བ་རིགས་ལྔའི་ཙཀླི་སྤྱི་བོར་བཞག་སྟེ། ཀུན་གྱིས་འདའ་བར་དཀའ་བ་ཡི། །ཚིག་བཙན་ཡུལ་ལ་དབང་བསྒྱུར་བ། །རྒྱལ་པོའི་བཀའ་རྟགས་ཕྱག་རྒྱའི་དབང་། །སྐུ་ལྔ་ཡོངས་སུ་རྫོགས་པར་འགྱུར། །ༀ་ཧཱུཾ་སྭཱ་ཧྲཱིཿཧཱ་ཨ་བྷི་ཥིཉྩ་ཧཱུཾ། ན་མོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེན་པའི་བྱིན་རླབས་ཀྱིས། སྐལ་ལྡན་རིག་པ་འཛིན་པ་ཁྱེད་རྣམས་ལ་ལྷ་སྐུ་ཕྱག་རྒྱ་ཆེན་པོའི་དབང་བསྐུར་བས་སྐུ་ལྔ་ཡོངས་སུ་རྫོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །གཉིས་པ་རྟགས་ཀྱི་མཚན་པའི་དབང་ནི། བསང་སྦྱངས། དབང་རྫས་མི་དམིགས་པ་ལས་རིགས་ལྔའི་སྐུར་གྱུར། ཡེ་ཤེས་པ་ཛཿཧཱུཾ་བཾ་ཧོཿས་གཉིས་མེད་དུ་བྱས་པ་ཞུ་བ་ལས་བྱུང་བའི་ཕྱག་མཚན་ལག་གཡས་སུ་གཏད་པ་སྙིང་གའི་རྩ་ཆེན་བཞི་ལ་ཐིམ་པས་རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་དག་པར་མོས་ལ། རིགས་རྣམས་སོ་སོའི་རྒྱུད་འཛིན་ཅིང་། །རྟགས་ཀྱི་མཚན་མ་ཆེན་པོ་ནི། །སྦྱོར་བ་ཆེན་པོའི་ཕྱག་མཚན་ཏེ། །དམ་ཚིག་ཕྱག་རྒྱས་དབང་བསྐུར་རོ། །རྡོ་རྗེ་གཏད་ལ། ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུཾ། འཁོར་ལོ་གཏད་ལ། ༀ་མ་ཧཱ་ཨཱ་དཪྴ་ཛྙཱ་ན་ཨ་བྷི༴ རིན་ཆེན་གཏད་ལ། ༀ་མ་ཧཱ་ས་མ་ཏཱ་ཛྙཱ་ན་ཨ་བྷི༴ པདྨ་གཏད་ལ། ༀ་མ་ཧཱ་པྲ་ཏྱ་བ ཀྵཱེ་ཎ་ཛྙཱ་ན་ཨ་བྷི༴ རལ་གྲི་གཏད་ལ། ༀ་མ་ཧཱ་ཀྲྀ་ཏྱཱ་ནུཥྛ་ན་ཛྙཱ་ན་ཨ༴ ན་མོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེན་པའི་བྱིན་རླབས་ཀྱིས། སྐལ་ལྡན་རིག་པ་འཛིན་པ་ཁྱེད་རྣམས་ལ་རིགས་ལྔའི་ཕྱག་མཚན་དམ་ཚིག་གི་ཕྱག་རྒྱའི་དབང་བསྐུར་བས་རིགས་ལྔ་ཡེ་ཤེས་ལྔའི་དབང་དམ་པ་ཐོབ་པར་གྱུར་ཅིག །གསུམ་པ་ཤེས་རབ་གཟུངས་ཀྱི་དབང་ནི། བསང་སྦྱངས། དབང་རྫས་མི་དམིགས་པ་ལས་རིགས་ཀྱི་ཡུམ་ལྔར་གྱུར། ཡེ་ཤེས་པ་ཛཿཧཱུཾ་བཾ་ཧོཿ ཞུ་བ་ལས་བྱུང་བའི་གཟུངས་ཀྱི་ཕྱག་རྒྱ་ལག་གཡོན་པར་གཏད་པ་དབུ་མའི་ཐིག་ལེ་ལ་ཐིམ་པས་ཁམས་ལྔ་དབྱིངས་སུ་དག་སྟེ་འོད་གསལ་རྣམ་པར་མི་རྟོག་པའི་ཤེས་རབ་མཐར་ཕྱིན་པར་མོས་ལ། རིག་མའི་ཙཀླི་འམ་དྲིལ་བུ་གཏད་དེ། ཤེས་རབ་གཟུངས་ཀྱི་དབང་མཆོག་ནི། །དོན་དང་ལྡན་པར་གྱུར་པ་ཡིས། །མཐའ་གཉིས་དག་ཏུ་མི་གཏོང་བའི། །གཟུངས་མའི་རྒྱལ་མོ་ཆེན་པོ་ཡིན། །གཉིས་མེད་ཡོངས་སུ་རྫོགས་པས་ན། །ཐམས་ཅད་བདེ་བ་ཆེན་པོའི་ངང་། །བྱང་ཆུབ་སེམས་དང་དོན་དུ་འབྲེལ། །ཤེས་རབ་ཆེན་པོ་རྫོགས་དབང་སྦྱིན། །ༀ་མ་ཧཱ་མུ་དྲཱ་ཨ་བྷི༴ ན་མོ། ཕྱོགས་བཅུ་དུས་བཞིའི༴ སྐལ་ལྡན་རིག་པ་འཛིན་པ་ཁྱེད་རྣམས་ལ་ཤེས་རབ་གཟུངས་མའི་དབང་བསྐུར་བས་རྟོགས་པའི་གཟུངས་ཀྱིས་མཐའ་གཉིས་སུ་མི་གཏོང་བའི་དབང་དམ་པ༴ བཞི་པ་བཀྲ་ཤིས་བུམ་པའི་དབང་ནི། བསང་སྦྱངས། དབང་རྫས་མི་དམིག་པ་ལས། ཡེ་ཤེས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཡོངས་སུ་རྫོགས་པའི་གཞལ་ཡས་ཁང་དུ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་གསལ་བར་གྱུར། ཡེ་ཤེས་པ་ཛཿཧཱུཾ་བཾ་ཧོཿས་བསྟིམ། ཏིལ་གྱི་གང་བུ་ཁ་བྱེ་བ་བཞིན་དུ་ནམ་མཁའ་གང་བར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་བུམ་པ་ཐོགས་ཏེ། རོལ་མོའི་སྒྲ་སྒྲོག་ཅིང་མེ་ཏོག་གི་ཆར་འབེབས་པ་སོགས་ངོ་མཚར་བའི་དགེ་མཚན་གྱི་རྣམ་པ་དུ་མ་དང་ལྡན་པར་དབང་བསྐུར་བས། བུམ་ནང་གི་ལྷ་ཚོགས་ཐམས་ཅད་རྗེས་ཆགས་ཀྱིས་སྙོམས་པར་ཞུགས་པ་ལས་བབས་པའི་བྱང་སེམས་ཡེ་ཤེས་ལྔའི་རང་བཞིན་བདུད་རྩིའི་ཆུ་རྒྱུན་རྩ་གནས་ཀུན་གྱི་ཐིག་ལེ་ལ་ཐིམ་ཞིང་འཕེལ་བས་ལུས་ཐམས་ཅད་སྐྱ་མེར་གྱིས་ཁེངས། ངག་མ་དག་པའི་རླུང་གི་འགྱུ་བ་ཐམས་ཅད་དང་བྲལ། སེམས་བདེ་བ་ཆེན་པོ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉམས་སུ་མྱོང་བས་རྒྱུད་རླན་པར་བྱས། ཕུང་ཁམས་ཉོན་མོངས་པ་ལྔ་སོགས་རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་སུ་དག་པར་མོས་ལ། བུམ་པ་ལྔའམ་དགུ་ཡོད་ན་གཞན་རྣམས་ཀྱི་ཆུ་དབུས་ཀྱི་བུམ་པར་བསྡུས་ནས། སྤོས་འཐུལ་ཞིང་རོལ་མོའི་སྒྲ་དང་བཅས་པས་བུམ་པ་སྤྱི་བོར་བཞག་ལ། བཀྲ་ཤིས་ཆེན་པོའི་བུམ་པ་ནི། །བདེ་གཤེགས་བཞུགས་པའི་ཕོ་བྲང་སྟེ། །དཀྱིལ་འཁོར་རྫོགས་པར་གྱུར་པ་ཡི། །དབང་མཆོག་དེ་ཡང་སྦྱིན་པར་བྱ། །ༀ་བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུཾ། ༀ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ༀ། ༀ་རཏྣ་ཀ་ལ་ཤ་ཨ་བྷི་ཥིཉྩ་སྭཱ། ༀ་པདྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧྲཱིཿ ༀ་ཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱ། ཞེས་བུམ་ཆུ་མགོ་བོའི་གནས་ལྔར་གཏིགས་ཤིང་བླུད་དོ། །ན་མོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༴ སྐལ་ལྡན་རིག་པ་འཛིན་པ་ཁྱེད་རྣམས་ལ་བུམ་པ་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱི་དབང་བསྐུར་བས་ཕྱི་ནང་གི་སྒྲིབ་པ་མ་ལུས་པ་དག་ནས་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་དབང་དམ་པ༴ ལྔ་པ་བཀྲ་ཤིས་རྫས་བརྒྱད་ཀྱི་དབང་ནི། མཾ་ལས་བྱུང་བའི་བཀྲ་ཤིས་པའི་རྫས་བརྒྱད་གཏད་པས་གསང་བའི་བསྟན་པ་འཕེལ་ཞིང་ཡུན་དུ་བཙན་པས་བཀྲ་ཤིས་པའི་རྟེན་འབྲེལ་སྒྲིགས་པར་བསམ་ལ། གསང་བའི་བསྟན་པ་རྒྱས་ནས་ནི། །ཡུན་རིང་གནས་པར་འགྱུར་བ་ཡི། །བཀྲ་ཤིས་རྫས་ཀྱི་དབང་མཆོག་ཀྱང་། །གནང་བ་ཆེན་པོ་སྦྱིན་པར་བྱ། །རྫས་བརྒྱད་རིམ་པར་གཏོད་ཅིང་། ཡུངས་ཀར་དངོས་གྲུབ་བགེགས་ཀྱི་སྦྱོར་བ་རྣམ་འཇོམས་ཤོག །སཪྵ་པ་དྲ་བྱ་ཨ་བྷི་ཥིཉྩ་ཧཱུཾ། ཞོ་ཡིས་རྒྱས་བྱེད་ཏིང་འཛིན་བཅུད་ཀྱིས་འཚོ་བར་ཤོག །ད་དྷི་དྲ་བྱ་ཨ་བྷི༴ དུརྦས་དགེ་བའི་རྩ་བ་དཔག་མེད་ཚོགས་ལྡན་ཤོག །དུརྦཱ་དྲ་བྱ་ཨ་བྷི༴ ལི་ཁྲིས་ལྷ་མི་མ་ལུས་དབང་དུ་འདུ་བར་ཤོག །སིནྡྷཱུ་ར་དྲ་བྱ་ཨ་བྷི༴ མེ་ལོང་གིས་ནི་ཆོས་ཀུན་གཟུགས་བརྙན་ལྟར་རྟོགས་ཤོག །ཨཱ་དཪྴ་དྲ་བྱ་ཨ་བྷི༴ དུང་གིས་འཇིག་རྟེན་གསུམ་དུ་གྲགས་པ་ཐོབ་པར་ཤོག །ཤངྑ་དྲ་བྱ་ཨ་བྷི༴ གིའུ་ཝཾ་དུག་གསུམ་ཞི་བྱེད་ཆོས་སྲོག་འཚོ་བར་ཤོག །གོ་རོ་ཙ་ན་དྲ་བྱ་ཨ་བྷི༴ བིལྦས་བླ་མེད་བྱང་ཆུབ་སྙིང་པོ་ཐོབ་པར་ཤོག །བིལྦ་དྲ་བྱ་ཨ་བྷི་ཥིཉྩ་ཧཱུཾ། ན་མོ། ཕྱོགས་བཅུ་དུས་བཞིའི༴ སྐལ་ལྡན་རིག་པ་འཛིན་པ་ཁྱེད་རྣམས་ལ་བཀྲ་ཤིས་པའི་རྫས་ཀྱིས་དབང་བསྐུར་བས་ཇི་ལྟར་བཤད་པའི་ཡོན་ཏན་དེ་རྣམས་ཀྱིས། གནས་སྐབས་སུ་བསྟན་པ་འཕེལ་ཞིང་ཡུན་དུ་བཙན་པ་དང་། མཐར་ཐུག་འཕགས་ལམ་ཡན་ལག་བརྒྱད་མངོན་དུ་བྱེད་པའི་དབང་དམ་པ༴ དྲུག་པ་རིན་ཆེན་སྣ་བདུན་གྱི་དབང་ནི། ༀ་ལས་བྱུང་བའི་རིན་པོ་ཆེ་སྣ་བདུན་ལག་ཏུ་གཏད་པས་ཆོས་ཀྱི་འཁོར་ལོས་སྒྱུར་བའི་རྟེན་འབྲེལ་སྒྲིགས་པར་བསམ་ལ། དོན་རྣམས་གྲུབ་པར་གྱུར་བ་ཡི། །འདོད་དགུའི་རེ་སྐོངས་རིན་པོ་ཆེ། །རྒྱལ་སྲིད་རིན་ཆེན་སྣ་བདུན་གྱིས། །རྒྱལ་པོ་མཆོག་ཏུ་དབང་བསྐུར་རོ། །རིན་ཆེན་བདུན་རིམ་པར་གཏོད་ཅིང་། ༀ་ཙཀྲ་རཏྣ་ཨ་བྷི་ཥིཉྩ་ཧཱུཾ། ༀ་མ་ཎི་རཏྣ་ཨ་བྷི༴ ༀ་ཝ་ཏི་རཏྣ༴ ༀ་མ་ཧཱ་ཏ་རཏྣ༴ ༀ་ཧསྟི་རཏྣ༴ ༀ་ཏུ་རངྒ་རཏྣ༴ ༀ་ཁངྒ་རཏྣ༴ ན་མོ། ཕྱོགས་བཅུ་དུས་བཞིའི༴ སྐལ་ལྡན་རིག་པ་འཛིན་པ་ཁྱེད་རྣམས་ལ་རིན་པོ་ཆེ་སྣ་བདུན་གྱི་དབང་བསྐུར་བས་གནས་སྐབས་སུ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་དང་མཐར་ཐུག་བྱང་ཆུབ་ཡན་ལག་བདུན་གྱིས་ཆོས་ཀྱི་རྒྱལ་པོ་ཆེན་པོའི་གོ་འཕང་ལ་མངའ་བསྒྱུར་བའི་དབང་དམ་པ༴ བདུན་པ་གདན་ཁྲིའི་དབང་ནི། བྷྲཱུཾ་ལས་བྱུང་བའི་གདན་ཁྲི་བཀོད་པ་ཕུན་སུམ་ཚོགས་པ་འོག་ཏུ་བཏིང་བས་བླ་ན་མེད་པའི་གོ་འཕང་ལ་དབང་བསྒྱུར་བའི་རྟེན་འབྲེལ་སྒྲིགས་པར་བསམ་ལ། གདན་ཁྲི་ལྔ་ཐོགས་ཏེ། རིན་ཆེན་པདྨ་སེང་གེའི་ཁྲི། །བླ་མར་གྱུར་པའི་གདན་མཆོག་སྟེ། །ཁྱད་པར་ཆེན་པོར་གྱུར་པའི་དབང་། །ཁྲི་ཆེན་དག་ལ་བཞག་པར་བྱ། །ན་མོ། ཕྱོགས་བཅུ་དུས་བཞིའི༴ སྐལ་ལྡན་རིག་པ་འཛིན་པ་ཁྱེད་རྣམས་ལ་གདན་ཁྲིའི་དབང་བསྐུར་བས་མི་འཇིགས་པ་བཞི་དང་། སྟོབས་བཅུ་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་བཅུ་དང་། ཐོགས་པ་མེད་པའི་ཕྲིན་ལས་དང་། དགོས་འདོད་ཡིད་བཞིན་དུ་འགྲུབ་པའི་དབང་ཐོབ་སྟེ། །བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོ་ཆེན་པོར་གྱུར་ཅིག །བརྒྱད་པ་རྒྱན་ཆས་རྟགས་ཀྱི་དབང་ནི། ཏྲཾ་ལས་བྱུང་བའི་རྒྱན་ཆ་རྣམས་བསྐོན་པས་འབྲས་བུའི་ཆོས་ཐམས་ཅད་ལ་དབང་བསྒྱུར་བའི་རྟེན་འབྲེལ་སྒྲིགས་པར་བསམ་ལ། རྒྱན་ཆས་ཐོགས་ཏེ། དར་གྱི་ཅོད་པན་མེ་ཏོག་ཕྲེང་བ་སོགས། །དབང་མཆོག་བརྗིད་པའི་རྒྱན་གྱིས་ཀླུབས། །དབུ་རྒྱན་དོ་ཤལ་སེ་མོ་དོ། །དཔུང་རྒྱན་རྐང་གདུབ་ལག་གདུབ་རྣམས། །དབང་ཐོབ་རྒྱལ་པོ་དེ་ལ་སྦྱིན། །ན་མོ། ཕྱོགས་བཅུ་དུས་བཞིའི༴ སྐལ་ལྡན་རིག་པ་འཛིན་པ་ཁྱེད་རྣམས་ལ་མཛེས་པ་རྒྱན་ཆས་ཀྱི་དབང་བསྐུར་བས། མི་བརྗིད་པའི་གཟུངས་དང་། གཟུངས་ཀྱི་སྒོ་ལྔ་བརྒྱ་དང་། ཏིང་ངེ་འཛིན་གྱི་སྒོ་འབུམ་ཕྲག་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། མཚན་དང་དཔེ་བྱད་ལ་སོགས་པ་འབྲས་བུའི་ཆོས་ཐམས་ཅད་ལ་དབང་བསྒྱུར་བའི་དམ་པ༴ དགུ་པ་དབང་བསྒྱུར་མིང་གི་དབང་ནི། རྡོ་རྗེ་དབང་ཕྱུག །རིན་ཆེན་དབང་ཕྱུག་སོགས་དབང་ཕྱུག་གི་མཐའ་ཅན་རིགས་ཀྱི་མིང་བཏགས་ཤིང་། དེ་ཉིད་སློབ་དཔོན་དང་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་བཏགས་པར་བསམ་ལ། ལག་གཡས་སྐྱབས་སྦྱིན་གྱི་རྡོ་རྗེ་ཐོགས་ཏེ། དབང་ཐོབ་མཛེས་པས་བརྗིད་པའི་རྒྱལ་པོ་དེ། །དབང་ཕྱུག་ཡིན་པས་དེ་ལ་གུས་ཕྱག་འཚལ། །རྡོ་རྗེ་དབང་ཕྱུག་དབང་ཕྱུག་ཅེས་པར་ནི། །ཀུན་གྱིས་སྒྲ་ཆེར་འབོད་ཅིང་བསྒྲག་པར་བྱ། །ན་མོ། ཕྱོགས་བཅུ་དུས་བཞིའི༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་ཆེ་གེ་དབང་ཕྱུག་ཅེས་བྱ་བ་རྡོ་རྗེ་མིང་གི་དབང་བསྐུར་བས་སངས་རྒྱས་དང་རིག་པ་འཛིན་པའི་ཞིང་ཁམས་ཀུན་ཏུ་ཡོངས་སུ་གྲགས་པའི་དབང་དམ་པ༴ ཅེས་དྲིལ་བུས་སྣ་དྲངས་པའི་རོལ་མོའི་སྒྲ་སྦྱར་རོ། །བཅུ་པ་རྒྱལ་ཐབས་འཁོར་ལོའི་དབང་ནི། བྷྲཱུཾ་ལས་བྱུང་བའི་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ལག་ཏུ་བྱིན་པས་ཆོས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་ཐབས་ཀྱིས་འགྲོ་བ་འདུལ་བའི་རྟེན་འབྲེལ་སྒྲིགས་པར་བསམ་ལ། འཁོར་ལོ་གཏད་དེ། གསེར་གྱི་འཁོར་ལོ་རྩིབས་ཁྱུད་ལྡན་པ་ཞིག །རྒྱལ་པོ་དེ་ཡི་ལག་ཏུ་བསྐུར་ནས་ནི། །འཇིག་རྟེན་ཀུན་ལ་ཁ་ལོ་བསྒྱུར་བ་ཡི། །དབང་མཆོག་རྒྱལ་པོ་འདི་ཡང་སྦྱིན་པར་བྱ། །ༀ་བཛྲ་ཙཀྲ་ཨ་བྷི་ཥིཉྩ་ཧཱུཾ། ན་མོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེན་པའི་བྱིན་རླབས་ཀྱིས། སྐལ་ལྡན་རིག་པ་འཛིན་པ་ཁྱེད་རྣམས་ལ་འཁོར་ལོའི་དབང་བསྐུར་བས། འཁོར་ལོས་སྒྱུར་བའི་རྒྱལ་ཐབས་ཀྱིས་འཇིག་རྟེ་གྱི་ཁ་ལོ་གྱེན་དུ་བསྒྱུར་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཅེས་བསྐུར་རོ། །དེ་རྣམས་ཀྱིས་ནི་ཕྱི་དབང་རྒྱུད་ཀྱི་ཆུ་བོར་གྲགས་པ་ཕན་པའི་དབང་བཅུ་ཐོབ། ཕྱི་འཁོར་སྐྱོང་བའི་རྒྱལ་པོར་གྱུར་ཅིང་། བླ་ན་མེད་པའི་བྱང་ཆུབ་མཆོག་གི་རིགས་ཅན་དུ་ཕྱིན་པས་ནང་དབང་བསྐུར་རུང་དུ་སྨིན། གཙོ་བོར་ལས་ཀྱི་སྒྲིབ་པ་དང་ལུས་ཀྱིས་དྲི་མ་རགས་པ་འཁྲུད། རྣལ་འབྱོར་ཕྱི་པ་མན་ཆད་ཀྱི་ཐེག་པ་མཐའ་དག་བཤད་ཅིང་སྒྲུབ་པ་དང་། དེ་རྣམས་དང་ཐུན་མོང་པར་གྱུར་པ་ཨ་ནུ་རང་ལུགས་ཀྱི་ཆོས་དྲང་དོན་གཙོ་བོར་སྟོན་པ་རྣམས་མཉན་པ་དང་སྒྲུབ་པ་ལ་དབང་། རྣལ་འབྱོར་བཞི་ལས་ཡོ་ག་དང་། མཐར་ཐུག་བདུན་པ་དམིགས་པ་འབྲས་བུ་སྐྱེ་བའི་ས་མན་ཆད་ནོན་པ་སྒོམ་ལམ་ལུང་ཆེན་ཐོབ་པའི་རྣལ་འབྱོར་མངོན་དུ་བྱེད་པའི་སྐལ་བ་ཅན་དུ་བྱས་སོ། ༈ །གཉིས་པ་ནང་དབང་འབྱུང་བའི་ཆུ་བོའམ་ནུས་པའི་དབང་ཞུ་བའི་ཡོན་དུ་མཎྜལ་འབུལ་དུ་བཅུག་ནས། ལུས་ཐམས་ཅད་ས་ལ་ཕབ་པའི་བརྐྱང་ཕྱག་སྔོན་དུ་འགྲོ་བས་ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པ་འདིའི༴ གསང་བ་ཆེན་པོའི་རིགས་ཚོགས་སུ། དེང་ནས་བདག་ནི་འཇུག་པར་བྱ། །ཕྱིར་མི་ལྡོག་པར་ལུང་ཐོབ་ཕྱིར། །བདག་ལ་གསང་སྒོ་དབྱེ་བར་གསོལ། །ཞེས་ལན་གསུམ། དེ་ནས་རྩ་རྒྱུད་ལས། ཕྱི་འཁོར་སྐྱོང་བའི་རྒྱལ་པོར་གྱུར་ཕན་ཆད། །བླ་མེད་མཆོག་གི་རྟགས་དང་ལྡན་གྱུར་པས། །གསང་སྒོ་ཕྱེ་ནས་ནང་དུ་གཞུག་པར་བྱ། །ཞེས་དང་། རྔམ་གློག་ལས་ཀྱང་། ཕྱི་དབང་བཅུ་པོ་རྫོགས་པ་དང་། །རྡོ་རྗེས་ནང་དུ་གཞུག་བྱ་བ། །ཞེས་པས་དམིགས་པ་འདི་ལྟར་མཛོད། བླ་མ་དང་གཉིས་སུ་མེད་པའི་དཔལ་ཆེན་པོ་ཡབ་ཡུམ་མཉམ་པར་སྦྱོར་བའི་མཁའ་གསང་ལས་ཉི་ཟླ་བྱང་ཆུབ་སེམས་ཀྱི་འོད་ཟེར་གྱི་སྤྲིན་འཕྲོས་པས་ནང་དཀྱིལ་མཐོང་བ་ལ་སྒྲིབ་པའི་དྲི་མ་ཐམས་ཅད་ཕྲལ་ཏེ་དོན་ལ་ངེས་པར་འཇུག་པའི་གསང་སྒོ་ཕྱེ་བར་གྱུར། སློབ་དཔོན་གྱི་ཐུགས་ཀ་ནས་ལས་ཀྱི་རྡོ་རྗེ་ཧེ་རུ་ཀའི་རྣམ་པར་སྤྲོས་པའི་ཕྱག་གི་རྡོ་རྗེས་ཉེ་བར་དྲངས་ཏེ། དཀྱིལ་འཁོར་གྱི་གཙོ་བོའི་མདུན་ཕྱོགས་ཀྱི་ཁྱམས་ནང་དུ་དབང་སྟེགས་སེང་ཁྲི་པདྨའི་སྟན་སྟེང་རྡོ་རྗེ་སེམས་དཔའི་རྣམ་པས་འཁོད་པ་ལ། བསྐུར་བྱ་ནང་དབང་བཅུ་གཅིག་ལས། དང་པོ་དད་པ་དང་སྲི་ཞུ་ཚད་དུ་ཕྱིན་པ་ལ་གསང་བའི་དོན་ཉན་ཅིང་སློབ་པའི་དབང་བསྐུར་བ་ནི། སློབ་བུའི་རྣ་བ་གཉིས་སུ་ཉན་ཤེས་ཀྱི་ཐིག་ལེ་ཉིད་ཏྲཾ་ཡིག་ཟུང་ལས་རིན་ཆེན་འབྱུང་ལྡན་ཡབ་ཡུམ་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པའི་སྐུར་གྱུར། གནས་གསུམ་ལས་འཕྲོས་པའི་འོད་ཀྱིས་ཚིག་དང་དོན་གྱི་གཟུངས་ལ་སོགས་པ་དེ་བཞིན་གཤེགས་པའི་ཡོན་ཏན་རིན་པོ་ཆེའི་གཏེར་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་ནས་ཐིམ་པས། ཆོས་ཉན་པ་ལ་སྒྲིབ་པའི་དྲི་མ་ཐམས་ཅད་དག །སློབ་མ་ལྷ་དང་བཅས་པ་འོད་དུ་ཞུ་བ་ལས་རིན་ཆེན་འབྱུང་ལྡན་གྱི་སྐུར་གྱུར་པས་ཉན་དབང་ཐོབ་པར་བསམ་ལ། ཏྲཱཾ་ལས་བྱུང་བའི་རིན་འབྱུང་གི་ངོ་བོ་རྒྱུད་ཀྱི་གླེགས་བམ་གཏད་དེ། ཏྲཱཾ། གསང་བ་གསང་ཆེན་གསང་མཆོག་རྣམ་གསུམ་གྱི། །གསང་བའི་དོན་ལ་མཉན་ཞིང་སློབ་པའི་དབང་། །དབང་ཐོབ་སྐལ་ལྡན་ཁྱོད་ལ་སྦྱིན་པར་བྱ། །བདུད་རྩིའི་ཆུ་འདིས་རྣ་བའི་གསང་སྒོ་དབྱེ། །སརྦ་ཏ་ཐཱ་ག་ཏ་དྷརྨ་སིདྡྷི་ཧོཿ ཞེས་བསྒྲག །ན་མོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེན་པའི་བྱིན་རླབས་ཀྱིས། སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་ཉན་པའི་དབང་བསྐུར་བས་གསང་བའི་བཀའ་མཐའ་དག་ཉན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །གཉིས་པ་ལས་རྣམ་བཞི་ཚད་དུ་ཕྱིན་པར་ནུས་པ་ལ་ཕྲིན་ལས་ཀྱི་དབང་བསྐུར་བ་ནི། སློབ་བུའི་ལག་མཐིལ་གཉིས་སུ་བསྐྱོད་བྱེད་ཀྱི་ཐིག་ལེ་ཉིད་ཧཱ་ཡིག་ཟུང་ལས་དོན་ཡོད་གྲུབ་པ་ཡབ་ཡུམ་ལྗང་ཁུ་རྒྱ་གྲམ་དང་དྲིལ་བུ་འཛིན་པའི་སྐུར་གྱུར། གནས་གསུམ་ལས་འཕྲོས་པའི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཕྲིན་ལས་འོད་ཀྱི་རྣམ་པར་བསྡུས་ཏེ་ཐིམ་པས། འགྲོ་བ་འདུལ་བའི་ཕྲིན་ལས་སྒྲིབ་པའི་དྲི་མ་ཐམས་ཅད་དག །སློབ་མ་ལྷ་དང་བཅས་པ་འོད་དུ་ཞུ་བ་ལས་དོན་ཡོད་གྲུབ་པའི་སྐུར་གྱུར་པས་ཕྲིན་ལས་ཀྱི་དབང་ཐོབ་པར་བསམ་ལ། ཧཱཾ་ལས་བྱུང་བའི་དོན་གྲུབ་ཀྱི་ངོ་བོ་སྣ་ཚོགས་རྡོ་རྗེ་གཏད་དེ། ཧཱཾ། ཁྱེད་ཀྱི་འགྲོ་བའི་དོན་བྱེད་ནུས་པས་ན། །ལས་རྣམས་རྒྱ་མཚོ་ཐམས་ཅད་འགྲུབ་པའི་རྟགས། །རྡོ་རྗེ་རྒྱ་གྲམ་ཞི་སོགས་རྣམ་བཞིའི་རྫས། །བུ་མཆོག་ཁྱོད་ལ་ཐབས་ཀྱིས་སྦྱིན་པར་བྱ། །ན་མོ། ཕྱོགས་བཅུ་དུས་བཞིའི༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་བྱ་བ་ཕྲིན་ལས་ཀྱི་དབང་བསྐུར་བས་འགྲོ་བའི་དོན་ལ་ཐོགས་པ་མེད་པར་སྤྱོད་པའི་དབང་དམ་པ༴ གསུམ་པ་མ་འགགས་པའི་ཤེས་རབ་ཚད་དུ་ཕྱིན་པ་ལ་རྒྱལ་ཐེབས་འཆད་པའི་དབང་བསྐུར་བ་ནི། སློབ་བུའི་ལྕེ་ལ་སྨྲ་བྱེད་ཀྱི་ཐིག་ལེ་ཉིད་ཧྲཱིཿཡིག་ཟུང་ལས་སྣང་བ་མཐའ་ཡས་ཡབ་ཡུམ་དམར་པོ་པདྨ་དང་དྲིལ་བུ་འཛིན་པའི་སྐུར་གྱུར། གནས་གསུམ་ལས་འཕྲོས་པའི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེ་འོད་ཀྱི་རྣམ་པར་བསྡུས་ཏེ་ཐིམ་པས་ཆོས་འཆད་པ་སྒྲིབ་པ་དྲི་མ་ཐམས་ཅད་དག །སློབ་མ་ལྷ་དང་བཅས་པ་འོད་དུ་ཞུ་བ་ལས་སྣང་བ་མཐའ་ཡས་ཀྱི་སྐུར་གྱུར་པས་འཆད་པའི་དབང་ཐོབ་པར་བསམ་ལ། ཧྲཱིཿལས་བྱུང་བ་སྣང་མཐའི་ངོ་བོ་འཁོར་ལོ་གཏད་དེ། ཧྲཱིཿ གཞན་གྱི་རེ་འདོད་སྐོང་བའི་བུ་མཆོག་དེ། །རྒྱལ་པོ་རྒྱལ་རིགས་རྒྱུད་དུ་བྱུང་བ་བཞིན། །རྒྱལ་ཚབ་ཆོས་ཀྱི་རྒྱུད་དུ་བྱུང་བས་ན། །ཏནྟྲ་ལ་སོགས་དམ་པའི་མཛོད་གསུམ་སྦྱིན། །ན་མོ། ཕྱོགས་བཅུ་དུས་བཞིའི༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་ཆོས་འཆད་པའི་དབང་བསྐུར་བས་བཀའ་གསང་བའི་ཐེག་པ་མཐའ་དག་འཆད་པའི་དབང་དམ་པ། བཞི་པ་དམ་པའི་མཛོད་གསུམ་ལ་ཕྱོགས་མེད་འཆད་པར་མཁས་པ་ལ་རྡོ་རྗེ་རྒྱལ་པོར་རབ་འབྱམས་ཀྱི་དབང་བསྐུར་བ་ནི། རྗེ་སྒྲོ་ཕུག་པས་སྤྱི་བོར་རྡོ་རྗེ་སེམས་དཔའ་དང་། དབང་དོན་རྒྱས་པར་དེ་བཞིན་གཤེགས་རིགས་རྣམ་སྣང་བསྒོམ་པར་གསུངས་པ་ལྟར་བྱས་ཀྱང་མི་འགལ་མོད། དེ་ལྟ་ནའང་རྔམ་གློག་ལས། དེ་ནས་རབ་འབྱམས་རྒྱལ་པོའི་དབང་། །ཡན་ལག་ལྔ་ལ་རིགས་ལྔས་བསྐུར། །ཞེས་དང་། རྒྱ་བདུན་འགྲེལ་དུ། ཀུན་བཟང་དུ་བསྐྱེད་པར་གསུངས་པ་ལྟར། རྡོ་རྗེ་རྒྱལ་པོ་རིགས་ཐམས་ཅད་ཀྱི་བདག་པོ་ཡིན་པའི་ཕྱིར། རིགས་སྤྱིའི་དབང་བསྐུར་བ་འབྲེལ་ཆགས་པས་ན་འདིར། སློབ་བུའི་མགོ་ལ་ༀ་ལས་རྣམ་སྣང་དཀར་པོ་འཁོར་ལོ། ལག་གཡས་ལ་ཧཱུཾ་ལས་མི་བསྐྱོད་པ་སྔོན་པོ་རྡོ་རྗེ། ལག་གཡོན་པར་སྭཱ་ལས་རིན་འབྱུང་སེར་པོ་རིན་པོ་ཆེ། རྐང་པ་གཡོན་པར་ཨཱཾ་ལས་སྣང་མཐའ་དམར་པོ་པདྨ། རྐང་པ་གཡས་པར་ཧཱ་ལས་དོན་གྲུབ་ལྗང་ཁུ་རྒྱ་གྲམ། ལྔ་ཀ་གཡོན་དྲིལ་བུ་འཛིན་ཞིང་རང་འོད་ཀྱི་ཡུམ་དང་འཁྲིལ་བའི་སྐུར་གྱུར། དེ་རྣམས་ཀྱི་གནས་གསུམ་ལས་འཕྲོས་པའི་འོད་ཀྱིས་དེ་བཞིན་གཤེགས་པ་རིགས་ལྔ་སོ་སོའི་བྱིན་རླབས་འོད་ཀྱི་རྣམ་པར་བསྡུས་ཏེ་ཐིམ་པས། དོན་གཉིས་ཕུན་སུམ་ཚོགས་པ་སྤྱོད་ཅིང་སྒྲུབ་པ་ལ་སྒྲིབ་པའི་དྲི་མ་ཐམས་ཅད་དག །སློབ་མ་ལྷ་དང་བཅས་པ་འོད་དུ་ཞུ་བ་ལས་རིགས་ཐམས་ཅད་ཀྱི་བདག་པོ་ཀུན་ཏུ་བཟང་པོའི་སྐུར་གྱུར་པས། རྡོ་རྗེ་སློབ་དཔོན་གྱི་ལས་རབ་འབྱམས་ལ་སྤྱོད་པའི་དབང་ཐོབ་པར་བསམ་ལ། ༀ་དང་ཨ་ལས་བྱུང་བ་ཀུན་བཟང་ཡབ་ཡུམ་གྱི་ངོ་བོ་རྡོ་རྗེ་རྩེ་དགུ་པ་དང་དྲིལ་བུ་གཏད་དེ། ༀ། ཁྱོད་ཀྱིས་སློབ་མའི་ཚོགས་ཀུན་སློབ་ནུས་པས། །བསྟན་པ་སྒྲོག་པའི་སར་གནས་བྱ་བའི་ཕྱིར། །རྡོ་རྗེ་རྒྱལ་པོ་དཔལ་གྱི་དབང་མཆོག་འདི། །ཐེག་ཆེན་དགུ་ཡི་རྟགས་དང་བཅས་ཏེ་བྱིན། །ན་མོ། ཕྱོགས་བཅུ་དུས༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་རྡོ་རྗེ་རྒྱལ་པོའི་དབང་བསྐུར་བས་ཐབས་མཁས་ཐུགས་རྗེའི་རླབས་ཀྱིས་འགྲོ་བ་འདྲེན་པའི་དབང་དམ་པ༴ ལྔ་པ་གདན་ཁྲིའི་དབང་ནི། རྡོ་རྗེ་རྒྱལ་པོའི་དབང་ཐོབ་པས་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོ་ཆེན་པོའི་ས་ནོན་པའི་རྟགས་སུ་ཟིལ་གནོན་གདན་ཁྲིའི་བཀོད་པ་ཕུན་སུམ་ཚོགས་པ་འོག་ཏུ་བཏིང་བར་བསམ་ལ། གདན་ཁྲི་ཐོགས་ཏེ། ཁྱོད་ནི་བླ་མེད་རྒྱལ་པོར་གྱུར་པས་ན། །ས་རྣམས་ནོན་པའི་དབང་མཆོག་གདན་ཁྲིའི་དབང་། །ལྷ་ཆེན་ལ་སོགས་ཞིང་ཆེན་ཉི་ཟླར་བཅས། །ཁྱུ་མཆོག་སེང་གེ་མ་ཧེ་གཟིག་དང་སྟག །གཏུམ་པ་དོམ་གྱིས་འཕགས་ཏེ་བྱིན་པར་བྱ། །ན་མོ། ཕྱོགས་བཅུ་དུས་བཞིའི༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ། ཁམས་གསུམ་གྱི་དྲེགས་པ་ཅན་ཟིལ་གྱིས་གནོན་པ་ལྷ་ཆེན་པོའི་གདན་དང་། ཐབས་ཤེས་འབྲེལ་བས་འགྲོ་དོན་བྱེད་པ་ཉི་ཟླའི་གདན་དང་། རྒོལ་བ་ཟིལ་གྱིས་གནོན་པ་ཁྱུ་མཆོག་གླང་སེང་གི་གདན་དང་། བརྟུལ་ཞུགས་ཆེན་པོ་ཐོགས་པ་མེད་པར་འཇུག་པ་དོམ་གྱི་གདན་དང་། ཡོན་ཏན་ཕུན་སུམ་ཚོགས་པས་བརྗིད་པ་མ་ཧེའི་གདན་དང་། མཐུན་འཇུག་གི་ལས་ལ་མཁས་པ་གཟིག་གི་གདན་དང་། ས་རྣམས་མངོན་སུམ་དུ་འབར་བ་སྟག་གི་གདན་རྣམས་ཀྱི་དབང་བསྐུར་བས་ཡོན་ཏན་དེ་དག་ཡོངས་སུ་རྫོགས་པའི་དབང་དམ་པ༴ དྲུག་པ་ཐུན་མོང་མ་ཡིན་པའི་རིན་ཆེན་བདུན་གྱི་དབང་ནི། རྫས་རྣམས་མི་དམིགས་པ་ལས་ལྷ་སོ་སོར་གྱུར་པ་ཞུ་བ་ལས་བྱུང་བའི་ལྷ་དེ་དང་དེའི་ངོ་བོ་ཆོས་ཀྱི་རྒྱལ་པོའི་རྟགས་རིན་པོ་ཆེ་བདུན་དུ་གྱུར་པ་གཏད་པས་གསང་བ་བླ་ན་མེད་པའི་ཆོས་ཀྱི་རྒྱལ་སྲིད་ལ་དབང་བསྒྱུར་བའི་ནུས་པ་ཐོབ་པར་བསམ་ལ། རྒྱལ་པོ་ཡིན་པའི་རྟགས་ནི་རྣམ་པ་བདུན། །སྐྱེ་ལ་དབང་སྒྱུར་རྒྱལ་པོ་མཉེས་པའི་གཟུངས། །ཕ་རོལ་དཔུང་འཇོམས་སྲིད་ཐུབ་འཛིན་པ་དང་། །བདག་གཞན་དོན་སྒྲུབ་རྫུ་འཕྲུལ་རྐང་པར་ལྡན། །དགོས་འདོད་ཡིད་བཞིན་སྐོང་བའི་རིན་པོ་ཆེ། །རྒྱལ་པོ་ཁྱོད་ལ་ཐབས་ཀྱིས་བྱིན་པར་བྱ། །རྫས་རྣམས་རེ་རེ་ནས་གཏོད་ཅིང་། ན་མོ། ཕྱོགས་བཅུ་དུས་བཞིའི༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ། ཡི་དམ་གྱི་ལྷ་ཡབ་རྡོ་རྗེ་སེམས་དཔའི་ངོ་བོ་རུས་པའི་འཁོར་ལོའི་དབང་བསྐུར་བས་སྐྱེ་བ་རྣམ་པ་བཞི་ལ་དབང་བསྒྱུར་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཡུམ་དབྱིངས་ཕྱུག་མའི་ངོ་བོ་བཙུན་མོའི་དབང་བསྐུར་བས་འབྱུང་བ་རྣམ་བཞིར་རང་དབང་ཐབས་ཀྱིས་སྤྱོད་པ་ལ་འཇུག་པའི་དབང་༴ ཁྲོ་བོ་སྟོབས་པོ་ཆེའི་ངོ་བོ་དམག་དཔོན་གྱི་དབང་བསྐུར་བས་ཚུལ་དགུས་བདུད་བཞིའི་དཔུང་འཇོམས་པའི་དབང་དམ་པ༴ སེམས་དཔའ་རྡོ་རྗེའི་ངོ་བོ་ཁྱིམ་བདག་གི་དབང་བསྐུར་བས་ཚད་མེད་བཞིའི་བློ་གྲོས་ཕུན་སུམ་ཚོགས་པས་ཆོས་ཀྱི་ཆབ་སྲིད་འཛིན་པའི་དབང་དམ་པ༴ བྱང་སེམས་སྤོས་ཀྱི་གླང་པོའི་ངོ་བོ་གླང་ཆེན་གྱི་དབང་བསྐུར་བས་སྟོབས་བཅུའི་རྩལ་གྱིས་བདག་དང་གཞན་གྱི་དོན་ཐམས་ཅད་སྒྲུབ་པའི་དབང་དམ་པ༴ ཁྲོ་བོ་རྟ་མགྲིན་གྱི་ངོ་བོ་རྟའི་དབང་བསྐུར་བས་ཐོགས་པ་མེད་པའི་རྫུ་འཕྲུལ་གྱི་རྐང་པ་དང་ལྡན་པའི་དབང་དམ་པ༴ བྱང་སེམས་རྡོ་རྗེ་རིན་ཆེན་གྱི་ངོ་བོ་ནོར་བུ་རིན་པོ་ཆེའི་དབང་བསྐུར་བས་སྦྱིན་པ་རྣམ་པ་བཞིས་གདུལ་བྱའི་རེ་འདོད་ཡིད་བཞིན་དུ་སྐོང་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །བདུན་པ་ཕྱག་རྒྱ་གཟུགས་བརྙན་གྱི་དབང་ནི། རྩ་རྒྱུད་ལས། དེ་ནས་རྒྱལ་བའི་སྲས་པོ་ཡིན་པས་ན། །ཕྱག་རྒྱ་ཆེན་པོའི་དབང་མཆོག་བྱིན་པར་བྱ། །རས་སམ་འབུར་རམ་ལུགས་སུ་བླུགས་པ་ཡི། །ཕྱག་རྒྱའི་གཟུགས་བརྙན་དེ་ཡི་སྤྱི་བོར་བཞག །ཅེས་པའི་དོན་རྒྱ་བདུན་འགྲེལ་དང་རྗེ་སྒྲོ་ཕུག་པའི་དབང་ཆོག་ཏུ་ཁྲོ་བོའི་ལྷ་དབང་ཉིད་བསྐུར་བར་གསུངས་པ་ནི། རྩ་བའི་དཀྱིལ་འཁོར་དུ་རྒྱུད་ལུགས་ཀྱི་ཆུ་བོ་བཞི་ཁོ་ན་བསྐུར་བའི་ལུགས་ཡིན་པས། རྒྱུད་དང་མན་ངག་གི་ལུགས་གཅིག་ཏུ་དྲིལ་བའི་སྐབས་འདིར་འདྲེན་པའི་ལས་བྱང་ཆེ་ལེ་དང་། དབང་དོན་རྒྱ་ཆེར་འབྱེད་པར་ཞི་ཁྲོའི་ལྷ་ལྔ་བརྒྱ་དང་བརྒྱད་ཅུ་རྩ་གསུམ་བསྐུར་བར་གསུངས་པས་ཞི་བའི་ལྷ་དབང་ཡང་བསྐུར་དགོས་ཤིང་། དེའི་ལྷ་གྲངས་དབང་དོན་རྒྱ་ཆེར་འབྱེད་པར། བདེ་ཆེན་གཅིག་དང་བརྒྱད་ཅུ་རྩ་གཉིས་དང་། །ཞེས་དང་། བདེ་ཆེན་གཅིག་དང་བཞི་བཅུ་རྩ་གཉིས་དང་། །ཞེས་དཔེ་མི་འདྲ་བ་གཉིས་བྱུང་བ་ལྟར་ཟུར་ཧམ་གྱི་ཕྱག་བཞེས་ཀྱི་རྒྱུན་ལ་སྔ་མ་ལྟར་མཛད་ནའང་། འདིར་གླན་གྱི་ཡིག་རྙིང་དང་ཟུར་མོ་དགེ་འདུན་འབུམ་གྱི་ཕྱག་བཞེས་རྒྱུན་ལ་ཕྱི་མ་ལྟར་འབྱུང་བ་ཉིད་དག་པར་མངོན་ཏེ། འདྲེན་པའི་ལས་བྱང་ཆེན་མོར། ཞི་ཁྲོའི་ལྷ་སྤྱི་གྲངས་ལྔ་བརྒྱ་གྱ་གསུམ་དང་། བྱེ་བྲག་ཞི་བའི་ལྷ་གྲངས་ལ་བཞི་བཅུ་རྩ་གཉིས་སུ་བཤད་པའི་ཕྱིར་རོ། །ཡང་ཟུར་ཧམ་གྱི་ཕྱག་ལེན་ལ་རིག་འཛིན་བླ་མའི་དབང་རྣམས་སྒྲུབ་དབང་གི་རྗེས་སུ་བསྐུར་བར་མཛད་པའང་མི་རིགས་ཏེ། སྐབས་འདིར་བསྐུར་དགོས་པར་དབང་དོན་གྱི་ལུང་སྔར་གྱི་འཕྲོས་ལས། དཀྱིལ་འཁོར་ཐ་མ་བྱིན་རླབས་སློབ་དཔོན་དབང་། །ཞེས་དང་། ལས་བྱང་ཆེན་མོར་ཡང་། དེ་ནས་བྱིན་པ་སློབ་དཔོན་གྱི་དབང་ནི། དུས་གསུམ་གྱི་རྡོ་རྗེ་སློབ་དཔོན་གྱི་མཚན་དང་། གསང་མཚན་དང་བཅས་པས་བསྐུར་ཏེ། དེའང་དམ་ཚིག་དབང་གི་སློབ་དཔོན་དང་། ཤེས་རབ་རྒྱུད་ཀྱི་སློབ་དཔོན་དང་། མན་ངག་འབྲས་བུའི་སློབ་དཔོན་གྱི་རིམ་པས་དབང་བསྐུར་རོ། །ཞེས་གསུངས་པས་སོ། །དེས་ན་འདྲེན་པའི་ལས་བྱང་ཆེན་པོས་དབང་བསྐུར་བ་ལ་གསུམ་གྱི། འདིར་ཕན་པ་ལྷའི་དབང་དང་། བྱིན་པ་སློབ་དཔོན་གྱི་དབང་གཉིས་བསྐུར་བའི་སྐབས་ཡིན། དེ་ལ་ཕན་པ་ལྷའི་དབང་ལའང་། ཞི་བ་དང་། ཁྲོ་བོའི་དབང་གཉིས་ལས། དང་པོ་ཞི་བའི་ལྷ་དབང་ནི། ཁྱེད་རང་རྣམས་རིགས་དྲུག་པ་བཅོམ་ལྡ་འདས་དཔལ་ཀུན་ཏུ་བཟང་པོ་མཐིང་ཀ་ཞལ་གསུམ་ཕྱག་དྲུག་པ་ཡུམ་ཀུན་ཏུ་བཟང་མོ་སྔོན་མོ་དང་འཁྲིལ་སྦྱོར་དུ་བཞུགས་པ་ལ། སློབ་དཔོན་གྱིས་ལྷ་སོ་སོའི་ཙཀླིས་དབང་བསྐུར་བའི་དུས་སུ་དཀྱིལ་འཁོར་གྱི་ལྷ་ཚོགས་ལས་ལྷ་དེ་དང་དེ་མར་མེ་གཅིག་ལས་གཉིས་ཆད་ཀྱི་རྣམ་པར་སྤྱི་བོ་ནས་སོ་སོའི་རྟོག་པ་ལ་ཐིམ་པས་རྟོག་ཚོགས་ཞེ་གཉིས་ཡེ་ཤེས་བཞི་བཅུ་རྩ་གཉིས་སུ་གྲོལ་བའི་ནུས་པ་ཐོབ་པའི་རྟགས་སུ་གཞི་ལུས་ཀྱི་གནས་སོ་སོ་ལྷ་དེ་དང་དེ་ལུས་དཀྱིལ་གྱི་རྣམ་པར་བཀྲ་ལམ་གྱིས་གྲུབ་པའི་མོས་པ་མཛོད། ཙཀླི་རྣམས་རིམ་པར་ཐོགས་ནས། རིགས་བདག་ཀུན་བཟང་ཡབ་ཡུམ་དབྱིངས་རིག་ལ་ཐིམ་པས་གཞི་ལུས་ཀྱི་ལྷ་ཉིད་གསལ་ཞིང་འབར་བར་གྱུར། ཨེ་མ་ཧོ་ཀུན་བཟང་རྡོ་རྗེ་ཡིད། །རིག་པ་ཚུལ་སྣང་སངས་རྒྱས་པས། །སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡབ། །ཀུན་ཏུ་བཟང་པོའི་དབང་མཆོག་བྱིན། །ཕྱི་ཡི་ཡུལ་སྣང་སངས་རྒྱས་པས། །སྣང་སྲིད་ཐམས་ཅད་ཆོས་ཀྱི་དབྱིངས། །ཐབས་དང་ཤེས་རབ་འབྲེལ་བའི་ཡུམ། །ཀུན་ཏུ་བཟང་མོའི་དབང་མཆོག་བྱིན། །ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟཾ་ༀ། ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མནྟ་ཨཿ ཨ་བྷི་ཥིཉྩ་ཧཱུཾ། རིགས་ལྔ་ཡབ་ཡུམ་ཕུང་ཁམས་ལ་ཐིམ་པས་ཐུགས་ཀར་འཁོར་ལོ་རྩིབས་བཞི་ལ་བཞུགས་པར་མོས་ནས། ཧཱུཾ། རྣམ་ཤེས་ཕུང་པོ་སངས་རྒྱས་པས། །རྡོ་རྗེ་རིགས་སུ་ལྷུན་གྱིས་གྲུབ། །སངས་རྒྱས་ཀུན་གྱི་ཐུགས་ཡིན་པས། །རྡོ་རྗེ་སེམས་དཔའི་དབང་མཆོག་བྱིན། །འབྱུང་བ་ནམ་མཁའ་སངས་རྒྱས་པས། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །རྡོ་རྗེ་རིགས་ཀྱི་ཡུམ་ཡིན་པས། །ཀུན་ཏུ་བཟང་མོའི་དབང་མཆོག་བྱིན། །ཧཱུཾ་བཛྲ་དྷྲིཀ྄ །མཱུཾ་དྷཱ་ཏྭེ་ཤྭ་རཱི། ཨ་བྷི༴ གཟུགས་ཀྱི་ཕུང་པོ་སངས་རྒྱས་པས། །དེ་བཞིན་གཤེགས་རིགས་ལྷུན་གྱིས་གྲུབ། །སངས་རྒྱས་ཀུན་གྱི་སྐུ་ཡིན་པས། །རྣམ་པར་སྣང་མཛད་དབང་མཆོག་བྱིན། །འབྱུང་བ་ས་ནི་སངས་རྒྱས་པས། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། །བདེ་གཤེགས་རིགས་ཀྱི་ཡུམ་ཡིན་པས། །སངས་རྒྱས་སྤྱན་མའི་དབང་མཆོག་བྱིན། །ༀ་ཛི་ན་ཛིཀ྄ །ལཱཾ་དྭེ་ཥ་ར་ཏི། ཨ་བྷི༴ ཚོར་བའི་ཕུང་པོ་སངས་རྒྱས་པས། །རིན་ཆེན་རིགས་སུ་ལྷུན་གྱིས་གྲུབ། །སངས་རྒྱས་ཀུན་གྱི་ཡོན་ཏན་མཆོག །རིན་ཆེན་འབྱུང་ལྡན་དབང་མཆོག་བྱིན། །འབྱུང་བ་ཆུ་ཡིས་སངས་རྒྱས་པས། །རིན་ཆེན་དབྱིངས་ཀྱི་དབང་ཕྱུག་མ། །རིན་ཆེན་རིགས་ཀྱི་ཡུམ་ཡིན་པས། །མཱ་མ་ཀཱི་ཡི་དབང་མཆོག་བྱིན། །སྭཱ་རཏྣ་དྷྲིཀ྄ །མཱཾ་མོ་ཧ་ར་ཏི། ཨ་བྷི༴ འདུ་ཤེས་ཕུང་པོ་སངས་རྒྱས་པས། །པདྨ་རིགས་སུ་ལྷུན་གྱིས་གྲུབ། །སངས་རྒྱས་ཀུན་གྱི་གསུང་ཡིན་པས། །སྣང་བ་མཐའ་ཡས་དབང་མཆོག་བྱིན། །འབྱུང་བ་མེ་ནི་སངས་རྒྱས་པས། །པདྨ་དབྱིངས་ཀྱི་དབང་ཕྱུག་མ། །པདྨ་རིགས་ཀྱི་ཡུམ་ཡིན་པས། །གོས་དཀར་མོ་ཡི་དབང་མཆོག་བྱིན། །ཨཱཾ་ཨཱ་རོ་ལིཀ྄ །པཱཾ་རཱ་ག་ར་ཏི། ཨ་བྷི༴ འདུ་བྱེད་ཕུང་པོ་སངས་རྒྱས་པས། །ལས་ཀྱི་རིགས་སུ་ལྷུན་གྱིས་གྲུབ། །སངས་རྒྱས་ཕྲིན་ལས་མཆོག་ཡིན་པས། །དོན་ཡོད་གྲུབ་པའི་དབང་མཆོག་བྱིན། །འབྱུང་བ་རླུང་གི་སངས་རྒྱས་པས། །ལས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ། །སྣ་ཚོགས་འདུལ་བའི་ཡུམ་ཡིན་པས །དམ་ཚིག་སྒྲོལ་མའི་དབང་མཆོག་བྱིན། །ཧཱཾ་པྲཛྙཱ་དྷྲིཀ྄ །ཏཱཾ་བཛྲ་ར་ཏི། ཨ་བྷི༴ སེམས་དཔའ་ཡབ་ཡུམ་བརྒྱད་ཤེས་ཡུལ་དབང་དུས། སོ་སོར་ཐིམ་པས་མིག་སོགས་དབང་རྟེན་གཡས་གཡོན་བཞི་བཞི་ལ་བཞུགས་པར་མོས་ཏེ། མིག་གི་རྣམ་ཤེས་སངས་རྒྱས་པས། །བྱང་ཆུབ་ཆེན་པོ་མཐོང་བའི་དཔལ། །བདག་གི་མིག་ལས་བསྐྱེད་བྱས་པས། །ས་ཡི་སྙིང་པོའི་དབང་མཆོག་བྱིན། །གཟུགས་སུ་སྣང་བ་སངས་རྒྱས་པས། །བྱང་ཆུབ་ལྷ་མོ་དཀར་མོ་སྟེ། །ཕྱི་ཡུལ་གཟུགས་ལས་བསྐྱེད་བྱས་པས། །ལྷ་མོ་ལཱ་སྱེའི་དབང་མཆོག་བྱིན། །ཀྵིཾ་ཧི་རཱ་ཛ་ཡ། ཧཱུཾ་ལཱ་སྱེ་ས་མ་ཡ་སྟྭཾ། ཨ་བྷི༴ སྣ་ཡི་རྣམ་ཤེས་སངས་རྒྱས་པས། །བྱང་ཆུབ་ཆེན་པོ་སྣོམ་པའི་དཔལ། །བདག་གི་སྣ་ལས་བསྐྱེད་བྱས་པས། །ནམ་མཁའ་སྙིང་པོའི་དབང་མཆོག་བྱིན། །དྲི་ཡི་ཡུལ་ནི་སངས་རྒྱས་པས། །བྱང་ཆུབ་ལྷ་མོ་བཻ་ཌཱུརྱ། །དྲི་ཡི་ཡུལ་ལས་བསྐྱེད་བྱས་པས། །ལྷ་མོ་མཱ་ལེའི་དབང་མཆོག་བྱིན། །ཏྲཾ་ཨཱ་གརྦ་ཡ། ཏྲཾ་ཨཱ་གརྦྷ་ཡ། ཏྲཾ་མཱ་ལྱེ་ས་མ་ཡ་ཧོཿ ཨ་བྷི༴ ལྕེ་ཡི་རྣམ་ཤེས་སངས་རྒྱས་པས། །བྱང་ཆུབ་ཆེན་པོ་མྱོང་བའི་དཔལ། །བདག་གི་ལྕེ་ལས་བསྐྱེད་བྱས་པས། །སྤྱན་རས་གཟིགས་ཀྱི་དབང་མཆོག་བྱིན། །རོ་ཡི་ཡུལ་ནི་སངས་རྒྱས་པས། །བྱང་ཆུབ་ལྷ་མོ་རཱ་གའི་མདོག །དྲོ་བའི་ཡུལ་ལས་བསྐྱེད་བྱས་པས། །ལྷ་མོ་གཱིརྟིའི་དབང་མཆོག་བྱིན། །ཧྲཱིཿཧཱ་ཧཱུཾ་པདྨ་པ་ད་མ། ཧྲཱིཿགཱིརྟི་རཱ་གོ྅་ཧཾ། ཨ་བྷི༴ རྣ་བའི་རྣམ་ཤེས་སངས་རྒྱས་པས། །བྱང་ཆུབ་ཆེན་པོ་ཐོབ་པའི་དཔལ། །རྣ་བ་ཉིད་ལས་བསྐྱེད་བྱས་པས། །ཕྱག་ན་རྡོ་རྗེའི་དབང་མཆོག་བྱིན། །སྒྲ་ཡི་ཡུལ་ནི་སངས་རྒྱས་པས། །བྱང་ཆུབ་ལྷ་མོ་ནཱི་ལེནྡྲ། །སྒྲ་ཡི་ཡུལ་ལས་བསྐྱེད་བྱས་པས། །ལྷ་མོ་ནིརྟིའི་དབང་མཆོག་སྦྱིན། །ཛྲཱིཾ་ཀུ་རུ་པཱ་ཎ། ཨཾ་ནིརྟི་རཱ་ག་ཡཱ་མྱི། ཨ་བྷི༴ མཐོང་བའི་དབང་པོ་སངས་རྒྱས་པས། །བྱང་ཆུབ་ཆེན་པོ་མཐོང་བར་བྱེད། །དེ་ཉིད་ལས་ནི་བསྐྱེད་བྱས་པས། །བྱམས་པ་མཻ་ཏྲིའི་དབང་མཆོག་བྱིན། །དབྱར་དགུན་སྟོན་དཔྱིད་སངས་རྒྱས་པས། །དུས་བཞིའི་ཡུལ་རྣམས་སེམས་མའི་སྐུ། །འདས་དུས་ལས་ནི་བསྐྱེད་བྱས་པས། །བཛྲ་དྷཱུ་པེའི་དབང་མཆོག་བྱིན། །མེ་དྷཱ་ར་ཎེ་སྭཱ་ཧཱ། ཛཿདྷཱུ་པེ་པྲ་བེ་ཤ །ཨ་བྷི༴ ཐོས་པའི་དབང་པོ་སངས་རྒྱས་པས། །བྱང་ཆུབ་ཆེན་པོ་ཐོས་པར་བྱེད། །ཐོས་པའི་དབང་པོ་ལས་བསྐྱེད་པས། །སྒྲིབ་པ་རྣམ་སེལ་དབང་མཆོག་བྱིན། །དུས་བཞི་ཉིད་ནི་སངས་རྒྱས་པས། །ལྷ་མོ་འོད་ལྡན་མཛེས་པའི་སྐུ། །ད་ལྟའི་དུས་ལས་བསྐྱེད་བྱས་པས། །བཛྲ་པུཥྤེའི་དབང་མཆོག་བྱིན། །ཐླྷིཾ་ནིསྶ་རཾ་བྷ་ཡ་སྭཱ་ཧཱ། ཧཱུཾ་པུཥྤེ་ཨ་བེ་ཤ །ཨ་བྷི༴ སྣོམ་པའི་དབང་པོ་སངས་རྒྱས་པས། །བྱང་ཆུབ་ཆེན་པོ་སྣོམ་པར་བྱེད། །སྣོམ་བྱེད་ཉིད་ལས་བསྐྱེད་བྱས་པས། །ཀུན་ཏུ་བཟང་པོའི་དབང་མཆོག་བྱིན། །དུས་བཞིའི་ཡུལ་ནི་སངས་རྒྱས་པས། །ལྷ་མོ་མུན་སེལ་འོད་ཀྱི་མཆོག །མ་འོངས་དུས་ལས་བསྐྱེད་བྱས་པས། །བཛྲ་ལོ་ཀེའི་དབང་མཆོག་བྱིན། །ཧཱུཾ་ས་རཱ་ཛ་ཡ་སྭཱ་ཧཱ། བཾ་དྷཱི་པ་སུ་གི་རཱི། ཨ་བྷི༴ མྱོང་བའི་དབང་པོ་སངས་རྒྱས་པས། །བྱང་ཆུབ་ཆེན་པོ་མྱོང་བྱེད་དཔལ། །དབང་པོ་དེ་ལས་བསྐྱེད་བྱས་པས། །འཇམ་དཔལ་གཞོན་ནུའི་དབང་མཆོག་བྱིན །དུས་བཞིའི་དུས་ནི་སངས་རྒྱས་པས། །ལྷ་མོ་འཇམ་དེས་བདེ་ལྡན་མ། །མ་ངེས་དུས་ལས་བསྐྱེད་བྱས་པས། །བཛྲ་གནྡྷེའི་དབང་མཆོག་བྱིན། །མུཾ་ཤྲཱི་ཨཾ་རཱ་ག་ཡ་སྭཱ་ཧཱ། ཧོཿགནྡྷེ་ཙིཏྟ། ཨ་བྷི༴ མཐར་བྱེད་ཡབ་ཡུམ་ལུས་ཀྱི་ཆོས་བཞི་དང་མུ་བཞིའི་ཆོས་ཉིད་ལ་བསྟིམ་པས་རྐང་ལག་གི་མཐིལ་བཞིར་བཞུགས་པར་མོས་ལ། ཕྱིན་ཅི་ལོག་བཞི་སངས་རྒྱས་པས། །འཇོམས་བྱེད་ཁྲོ་བོ་རེག་ཤེས་ཏེ། །རེག་ཤེས་ཉིད་ལས་སྐུ་བསྐྱེད་པས། །གཤིན་རྗེ་གཤེད་པོའི་དབང་མཆོག་བྱིན། །དེ་ཡི་ཡུལ་བཞི་སངས་རྒྱས་པས། །རྟག་པར་མ་ཡིན་ཁྲོ་མོ་སྟེ། །དེ་ཉིད་ལས་ནི་སྐུ་བསྐྱེད་པས། །རོ་ལངས་མ་ཡི་དབང་མཆོག་བྱིན། །ཧཱུཾ་ཡ་མཱནྟ་ཀྲྀཏ་ཕཊ། ༀ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནཱི་ཧཱུཾ་ཕཊ། ཨ་བྷི༴ ཕྱིན་ཅི་ལོག་བཞིའི་སངས་རྒྱས་པས། །འཇོམས་བྱེད་ཁྲོ་བོ་རེག་བྱ་སྟེ། །དེ་ཉིད་ལས་ནི་སྐུ་བསྐྱེད་པས། །གཞན་གྱིས་མི་ཐུབ་དབང་མཆོག་བྱིན། །དེ་ཡི་ཡུལ་བཞི་སངས་རྒྱས་པས། །ཆད་པར་མ་ཡིན་ཁྲོ་མོ་སྟེ། །དེ་ཉིད་ལས་ནི་སྐུ་བསྐྱེད་པས། །མི་ཕམ་མ་ཡི་དབང་མཆོག་བྱིན། །ཧཱུཾ་པྲཛྙཱ་ནྟ་ཀྲྀཏ་ཕཊ། ༀ་རཏྣ་དྷ་ར་མ་ཧཱ༴ ཨ་བྷི༴ ཕྱིན་ཅི་ལོག་བཞི་སངས་རྒྱས་པས། །འཇོམས་བྱེད་ཁྲོ་བོ་རེག་བྱེད་དེ། །དེ་ཉིད་ལས་ནི་སྐུ་བསྐྱེད་པས། །ཁྲོ་ཆེན་རྟ་མགྲིན་དབང་མཆོག་བྱིན། །དེ་ཡི་ཡུལ་བཞི་སངས་རྒྱས་པས། །བདག་ཏུ་མ་ཡིན་ཁྲོ་མོ་སྟེ། །དེ་ཉིད་ལས་ནི་སྐུ་བསྐྱེད་པས། །ཁྲོ་གཉེར་མ་ཡིན་དབང་མཆོག་སྦྱིན། །ཧཱུཾ་པདྨཱནྟ་ཀྲྀཏ་ཕཊ། ༀ་པདྨ་དྷ་ར༴ ཨ་བྷི༴ ཕྱིན་ཅི་ལོག་བཞི་སངས་རྒྱས་པས། །འཇོམས་བྱེད་ཁྲོ་བོ་རེག་པ་སྟེ། །རེག་པ་ཉིད་ལས་སྐུ་བསྐྱེད་པས། །བདུད་རྩི་འཁྱིལ་བའི་དབང་མཆོག་བྱིན། །དེ་ཡི་ཡུལ་བཞི་སངས་རྒྱས་པས། །མཚན་མར་མ་ཡིན་ཁྲོ་མོ་སྟེ། །དེ་ཉིད་ལས་ནི་སྐུ་བསྐྱེད་པ། །རལ་གཅིག་མ་ཡི་དབང་མཆོག་བྱིན། །ཧཱུཾ་བིགྷྣཱནྟ་ཀྲྀཏ་ཕཊ། ༀ་ཀརྨ་དྷ་ར༴ ཨ་བྷི༴ བྱ་བྱེད་གཉིས་ཡིད་ཆོས་ལ་བསྟིམ་པས་སྙིང་གའི་མདུན་རྒྱབ་ཏུ་བཞུགས་པར་མོས་ལ། ཡིད་ཀྱི་རྣམ་ཤེས་སངས་རྒྱས་པས། །བྱེད་པོ་ཀུན་ཏུ་བཟང་པོ་སྟེ། །དེ་ཉིད་ལས་ནི་སྐུ་བསྐྱེད་པས། །ཀུན་ཏུ་བཟང་པོའི་དབང་མཆོག་བྱིན། །ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ༀ། ཨ་བྷི༴ ཆོས་ཀྱི་སྐྱེ་མཆེད་སངས་རྒྱས་པས། །བྱ་བ་ཀུན་ཏུ་བཟང་མོ་སྟེ། །དེ་ཉིད་ལས་ནི་སྐུ་བསྐྱེད་པས། །ཀུན་ཏུ་བཟང་མོའི་དབང་མཆོག་བྱིན། །ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མནྟ་ཨ། ཨ་བྷི༴ ཐུབ་དྲུག་ཉོན་མོངས་དྲུག་གི་རྟོག་པ་ལ་བསྟིམ་པས། དཔྲལ་ལྕེ་སྙིང་ལྟེ་གསང་གནས་རྐང་མཐིལ་དྲུག་ཏུ་གསལ་བར་མོས་ལ། ང་རྒྱལ་ཐམས་ཅད་སངས་རྒྱས་པས། །བརྒྱ་བྱིན་ལྷ་ཡི་དབང་པོ་བྱུང་། །དེ་ཉིད་ལས་ནི་སྐུ་བསྐྱེད་པས། །ལྷ་ཡི་ཐུབ་པའི་དབང་མཆོག་བྱིན། །ༀ་མུ་ནེ་ཀྲཱེཾ་སྭཱ་ཧཱ། ཨ་བྷི༴ ཕྲག་དོག་ཐམས་ཅད་སངས་རྒྱས་པས། །ལྷ་མ་ཡིན་ལ་ཐག་བཟང་རིས། །དེ་ཉིད་ལས་ནི་སྐུ་བསྐྱེད་པས། །ལྷ་མིན་ཐུབ་པའི་དབང་མཆོག་བྱིན། །ༀ་མུ་ནེ་ཧཱུཾ་ཏྲཱུ་ཾསྭཱ་ཧཱ། ཨ་བྷི༴ འདོད་ཆགས་ཐམས་ཅད་སངས་རྒྱས་པས། །བཅོམ་ལྡན་ཤཱཀྱ་ཐུབ་པ་སྟེ། །དེ་ཉིད་ལས་ནི་སྐུ་བསྐྱེད་པས། །མི་ཡི་ཐུབ་པའི་དབང་མཆོག་བྱིན། །ༀ་མུ་ནེ་སྲུཾ་སྭཱ་ཧཱ། ཨ་བྷི༴ གཏི་མུག་ཉིད་ལ་སྐུ་བསྐྱེད་པས། །སངས་རྒྱས་སེང་གེ་རབ་བརྟན་བྱུང་། །དེ་ཉིད་ལས་ནི་སྐུ་བསྐྱེད་པ། །བྱོལ་སོང་ཐུབ་པའི་དབང་མཆོག་བྱིན། །ༀ་མུ་ནེ་བྲེཾ་སྭཱ་ཧཱ། ཨ་བྷི༴ སེར་སྣ་ཐམས་ཅད་སངས་རྒྱས་པས། །སངས་རྒྱས་ཁ་འབར་སྐུ་བྱུང་སྟེ། །སེར་སྣ་ཉིད་ལས་བསྐྱེད་བྱས་པས། །ཡི་དྭགས་ཐུབ་པའི་དབང་མཆོག་བྱིན། །ༀ་མུ་ནེ་ཀྵཾ་སྭཱ་ཧཱ། ཨ་བྷི༴ ཞེ་སྡང་ཡེ་ནས་སངས་རྒྱས་པས། །སྟོན་པ་ཆོས་ཀྱི་རྒྱལ་པོ་བྱུང་། །ཞེ་སྡང་རྒྱུ་ལས་སྐུ་བསྐྱེད་པས། །དམྱལ་བའི་ཐུབ་པའི་དབང་མཆོག་བྱིན། །ༀ་མུ་ནེ་ཡེ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། ན་མོ། ཕྱོགས་བཅུ་དུས་བཞིའི༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ། ཀུན་གྱི་སྤྱི་དཔལ་ཀུན་བཟང་བདེ་བ་ཆེན་པོའི་དཀྱིལ་འཁོར་དང་། ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་ཀྱི་ཕྱག་རྒྱའི་དབང་བསྐུར་བས་རྟོག་ཚོགས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཡོངས་སུ་དག་པའི་དབང་དམ་པ༴ གཉིས་པ་ཁྲོ་བོའི་ལྷ་དབང་ནི། ཁྱེད་རང་རྣམས་ཀུན་ཏུ་བཟང་པོར་གསལ་བ་གནས་བསྒྱུར་ཏེ། དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་མཐིང་ནག་དབུ་ཉི་ཤུ་རྩ་གཅིག་ཕྱག་བཞི་བཅུ་རྩ་གཉིས་པ། གསང་བའི་རྡོ་རྗེ་དང་ཞབས་བརྒྱད་ཡུམ་གནམ་ཞལ་དབྱིངས་ཕྱུག་མ་དབུ་དགུ་ཕྱག་བཅོ་བརྒྱད་ཞབས་བཞི་པའི་ཞལ་དགུ་དང་སྦྱར་བའི་སྐུར་གྱུར་པ་ལ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མར་མེ་གཅིག་ལས་གཉིས་ཆད་ཀྱི་རྣམ་པར་བྱོན་ཏེ། སྤྱི་བོ་ནས་རྟོག་ཚོགས་སོ་སོ་ལ་ཐིམ་པས་ཐ་མལ་གྱི་རྟོག་པ་དབྱིངས་སུ་དག་ནས་དཔལ་ཆེན་པོའི་སྐུ་དང་ཡེ་ཤེས་སུ་རྟོགས་པས་གཉིས་འཛིན་གྱི་མཐའ་ལ་ཞེན་པའི་འགྲོ་བ་རྣམས་སྒྲོལ་བའི་ནུས་པ་ཐོབ་པའི་རྟགས་སུ། གཞི་ལུས་ཀྱི་གནས་སོ་སོར་ལྷ་དེ་དང་དེ་སྐད་ཅིག་གིས་གྲུབ་པའི་མོས་པ་མཛོད། ཆེ་མཆོག་དང་དབང་མཆོག་གཉིས་གཞི་ལུས་ལ་བསྟིམ་པས་གསལ་ཞིང་འབར་བར་མོས་ཏེ། ཧཱུཾ། སྟོན་པ་ཀུན་བཟང་གནས་གྱུར་པ། །ཁྲོ་རྒྱལ་ཀུན་གྱི་རྗེ་བཙན་ཡབ། །སྐུ་དང་ཕྱག་རྒྱ་མངོན་རྫོགས་པར། །ཆེ་མཆོག་ཧེ་རུ་ཀའི་དབང་མཆོག་བྱིན། །ཀུན་ཏུ་བཟང་མོ་གནས་གྱུར་པ། །ཁྲོ་མོ་ཀུན་གྱི་རྗེ་བཙུན་ཡུམ། །ཤེས་རབ་དབྱིངས་ལས་སྐུ་བསྐྱེད་པ། །ཀྲོ་དྷེ་ཤྭ་རཱིའི་དབང་མཆོག་བྱིན། །ༀ་ཨ་ཀྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཀ་ཏ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཧཱུཾ་ཕཊ། ཨ་བྷི་ཥིཉྩ་ཧཱུཾ། བཅོམ་ལྡན་དབང་མཆོག་ཧེ་རུ་ཀ །མཐིང་ནག་འཇིགས་སྐུ་གདུག་པ་འདུལ། །དབུ་གསུམ་དང་པོར་བྱུང་བ་ནི། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །སྐུ་གསུང་ཐུགས་དང་ལྡན་པའི་དབུ། ཁམས་གསུམ་མྱ་ངན་འདས་པའི་ཞལ། །དབུ་གསུམ་བར་དུ་རྔམས་པ་ནི། །གཡས་སྔོ་གཡོན་དམར་དབུས་མཐིང་ཞལ། །ཐབས་དང་ཤེས་རབ་སེམས་ཀྱི་དབུ། །སྲིད་གསུམ་དབྱིངས་སུ་སྒྲོལ་བའི་ཞལ། །དབུ་གསུམ་ཐ་མར་རྔམས་པ་ནི། །གཡས་གཡོན་དབུས་གསུམ་མཐིང་གའི་ཞལ། །ལུང་དང་མན་ངག་སེམས་ཀྱི་དབུ། ཁམས་གསུམ་རེ་བ་སྐོང་བའི་ཞལ། །བཅོ་བརྒྱད་ཕྱག་རྒྱ་རོལ་པ་ནི། །སྟོང་པ་བཅོ་བརྒྱད་དབྱིངས་སུ་ཐིམ། །བཅོ་བརྒྱད་ཕྱག་ན་བསྣམས་པ་ནི། །རྡོ་རྗེ་གློ་སྙིང་ཞིང་ཆུང་གཡས། །བྷཉྫ་ཞིང་ཆུང་ཏི་ར་གཡོན། །ཞིང་ཞགས་ཉི་མ་ཁྱུང་ཆེན་གཡས། །ཞིང་ཆེན་ཟླ་བ་འུག་པ་གཡོན། །མེ་དང་རྒྱ་མཚོ་གའུ་གཡས། །ཀླུ་དང་རིན་ཆེན་རི་རབ་གཡོན། །ཡོན་ཏན་བཅོ་བརྒྱད་དབྱིངས་སུ་རྫོགས། །ཁྲོ་རྒྱལ་རྒྱན་རྣམས་སྐུ་ལ་བརྗིད། །ཀྲོ་དྷཱི་མཐིང་ནག་འཁྲིལ་བའི་ཚུལ། །རྡོ་རྗེ་དུང་དམར་གཙོ་ལ་སྟོབ། །ཁྲོ་རྒྱལ་དཔལ་ཆེན་ཧེ་རུ་ཀ །དབང་མཆོག་སྐུ་ཡི་དབང་འདི་བྱིན། །ༀ་སརྦ་ཏ་ཐཱ་ག་ཏེ་ཤྲཱི་ཧེ་རུ་ཀ་ཧཱུཾ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། སརྦ་ཏ་ཐཱ་ག་ཏ་ཀྲོ་དྷེ་ཤྭ་རཱི་ས་མ་ཡ་སྟྭཾ། ཨ་བྷི༴ ཡབ་ཀྱི་སྙིང་གར་འཁོར་ལོ་རྩིབས་བརྒྱད་ཀྱི་ལྟེ་བ་དང་རྩིབས་ལ་ཧེ་རུ་ཀ་དགུ་བསྟིམ། ཞིང་བསྐྱེད་དེ། །རྡོ་རྗེ་སེམས་དཔའ་གནས་གྱུར་པས། །ཁྲག་འཐུང་ཞེ་སྡང་འཇོམས་པའི་སྐུ། །འཇིགས་བྱེད་འབར་བའི་སྐུར་སྤྲུལ་ནས། །མཆོད་ཅིང་བྱིན་རླབས་གསལ་སྒྲུབས་པ། །བཛྲ་ཧེ་རུ་ཀའི་དབང་མཆོག་བྱིན། །ནམ་མཁའ་ཀུན་བཟང་གནས་གྱུར་པས། །ཁྲོ་མོ་དབང་ཕྱུག་སྐུར་གསལ་བ། །ཐབས་དང་ཤེས་རབ་གཉིས་སུ་མེད། །ཡབ་ཡུམ་མཆོད་ཅིང་གསལ་སྒྲུབས་པ། །བཛྲ་ཀྲོ་དྷཱིའི་དབང་མཆོག་བྱིན། །ༀ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷེ་ཤྭ་རི་ས་མ་ཡ་ཧཱུཾ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨ་བྷི༴ རྣམ་པར་སྣང་མཛད་གནས་གྱུར་པས། །ཁྲག་འཐུང་གཏི་མུག་འཇོམས་པའི་སྐུ། །འཇིགས་བྱེད་སྨུག་ནག་འབར་བར་གསལ། །མཆོད་ཅིང་སྒྲུབས་ཏེ་བྱིན་རླབས་པའི། །བུདྡྷ་ཧེ་རུ་ཀའི་དབང་མཆོག་བྱིན། །སངས་རྒྱས་སྤྱན་མ་གནས་གྱུར་པས། །ཁྲོ་མོ་དབང་ཕྱུག་སྐུར་གསལ་བ། །ཐབས་དང་ཤེས་རབ་བྱང་ཆུབ་སེམས། །སྤྱན་དྲངས་མཆོད་ཅིང་སྒྲུབས་པ་ཡི། །བུདྡྷ་ཀྲོ་དྷཱིའི་དབང་མཆོག་བྱིན། །ༀ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷེ་ཤྭ་རཱི་ཧཱུཾ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨ་བྷི༴ རིན་ཆེན་འབྱུང་ལྡན་གནས་གྱུར་པས། ཁྲག་འཐུང་ཆེན་པོ་ང་རྒྱལ་འཇོམས། །འཇིགས་བྱེད་སེར་ནག་འབར་བ་ཅན། །སྤྱན་དྲངས་མཆོད་ཅིང་སྒྲུབ་པ་ཡི། །རཏྣ་ཧེ་རུ་ཀའི་དབང་མཆོག་བྱིན། །མཱ་མ་ཀཱི་ལས་གནས་གྱུར་པས། །འཇིགས་བྱེད་ཁྲོ་མོའི་སྐུ་བྱུང་བ། །ཡབ་ཡུམ་ཐབས་དང་ཤེས་རབ་ལས། །སྤྱན་དྲངས་མཆོད་ནས་བསྙེན་སྒྲུབས་པའི། །རཏྣ་ཀྲོ་དྷཱིའི་དབང་མཆོག་བྱིན། །ༀ་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷེ་ཤྭ་རཱི་སྟྭཾ། ༀ་རུ་ལུ་རུ་ལུ༴ ཨ་བྷི༴ སྣང་བ་མཐའ་ཡས་གནས་གྱུར་པས། །དཔལ་ཆེན་ཁྲག་འཐུང་འདོད་ཆགས་འཇོམས། །དམར་ནག་འབར་བའི་རལ་པ་ཅན། །བསྒོམས་ཤིང་མཆོད་དེ་སྒྲུབས་པ་ཡི། །པདྨ་ཧེ་རུ་ཀའི་དབང་མཆོག་བྱིན། །ན་བཟའ་དཀར་མོ་གནས་གྱུར་པས། །འཇིགས་བྱེད་ཁྲོ་མོའི་སྐུར་སྣང་བ། །ཐབས་ཤེས་བྱང་ཆུབ་སེམས་སྒྲུབས་པའི། །པདྨ་ཀྲོ་དྷཱིའི་དབང་མཆོག་བྱིན། །ༀ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷེ་ཤྭ་རཱི་སྟྭཾ། ༀ་རུ་ལུ༴ ཨ་བྷི༴ དོན་ཡོད་གྲུབ་པ་གནས་གྱུར་པས། །འཇིགས་བྱེད་ཁྲག་འཐུང་ཕྲག་དོག་འཇོམས། །ལྗང་ནག་མེ་འབར་འཇིགས་པའི་གཟུགས། །གསལ་བར་བསྐྱེད་ཅིང་མཆོད་སྒྲུབས་པའི། །ཀརྨ་ཧེ་རུ་ཀའི་དབང་མཆོག་བྱིན། །དམ་ཚིག་སྒྲོལ་མ་གནས་གྱུར་པས། །འཇིགས་བྱེད་ཁྲོ་མོའི་ཆ་ལུགས་འཛིན། །ཡབ་ཡུམ་ཐབས་དང་ཤེས་རབ་ལས། །ལྷག་མ་བྱང་ཆུབ་སེམས་འཕྲོས་པའི། །ཀརྨ་ཀྲོ་དྷཱིའི་དབང་མཆོག་བྱིན། །ༀ་ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷེ་ཤཱ་རཱི་སྟྭཾ། ༀ་རུ་ལུ༴ ཨ་བྷི༴ མཐུ་སྟོབས་མངའ་བདག་གནས་གྱུར་པས། །སྒྲོལ་བྱེད་ཆེན་པོ་བདུད་རྣམས་འཇོམས། །ཐོད་གཡག་སྲིན་པོ་སྒྲོལ་ལ་བརྩོན། །མཐིང་ནག་འཇིགས་པའི་ཆ་ལུགས་ཅན། །རཀྵ་ཧེ་རུ་ཀའི་དབང་མཆོག་བྱིན། །ལྷ་མོ་རལ་གཅིག་གནས་གྱུར་པས། །ཁྲོ་མོ་ཡབ་ཀྱི་ཆ་ལུགས་ཅན། །ཡབ་ཡུམ་ཐབས་དང་ཤེས་རབ་ལས། །རཀྵ་ཀྲོ་དྷཱིའི་དབང་མཆོག་བྱིན། །ༀ་མ་ཧཱ་རཀྵ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ། ༀ་རུ་ལུ༴ མ་ཧཱ་རཀྴ་་ཀྲོ་དྷེ་ཤྭ་རཱི་ཧཱུཾ་ཕཊ། ༀ་རུ་ལུ༴ ཨ་བྷི་ཥེ་ཀ་སྭཱ་ཧཱ། ཨེ་ཤ་ར་སི་ཏི་ན་མ་སྭཱ་ཧཱ། ཨ་བྷི༴ མཁྱེན་རབ་བདག་པོ་གནས་གྱུར་པས། །སྒྲོལ་བྱེད་མ་མོ་མཁའ་འགྲོ་འདུལ། །སེར་ནག་མདོག་ཅན་འཇིགས་པའི་གཟུགས། །གང་སྒྲུབས་མཐུ་དང་དབང་སྩོལ་བའི། །ས་ནུ་ཧེ་རུ་ཀའི་དབང་མཆོག་བྱིན། །འཇིག་རྟེན་བདག་མོ་གནས་གྱུར་པས། །ཁྲོ་མོ་དབང་ཕྱུག་ཀུན་གྱི་རྗེ། །སྤྲུལ་པ་ཡང་སྤྲུལ་ཀུན་གྱི་མ། །ས་ནུ་ཀྲོ་དྷཱིའི་དབང་མཆོག་བྱིན། །ༀ་མ་ཧཱ་ས་ནུ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་ངུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ། ༀ་མ་ཧཱ་ས་ནུ་ཀྲོ་དྷཱི་ཤ་རཱི་ཧཱུཾ་ཕཊ། ཨ་བྷི་ཥེ་ཀ་སྭཱ་ཧཱ། ཨེ་ཤ་ར་སི་ཏི་ན་མཿ ༀ་རུ་ལུ༴ ཨ་བྷི༴ ཐུགས་རྗེའི་བདག་པོ་གནས་གྱུར་པས། །གསང་བའི་དོན་ལ་མངའ་མཛད་པ། །དམར་ནག་འཇིགས་པའི་ཆ་ལུགས་ཅན། །དུས་རྣམས་རྟག་ཏུ་གསང་བའི་ལྷ། །གུ་ཧྱ་ཧེ་རུ་ཀའི་དབང་མཆོག་བྱིན། །གསུང་གི་བདག་མོ་གནས་གྱུར་པས། །ཁྲོ་མོ་ཆེན་མོ་གསང་བའི་ལྷ། །གསང་བའི་དོན་ལ་བསྐུལ་བྱེད་མ། །གུ་ཧྱ་ཀྲོ་དྷཱིའི་དབང་མཆོག་བྱིན། །ༀ་གུ་ཧྱ་ཤྲཱི་ཧེ་རུ་ཀ །གུ་ཧྱ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ། ༀ་རུ་ལུ༴ ཨ་བྷི་ཥེ་ཀ་སྭཱ་ཧཱ། ཨ་བྷི༴ བཛྲ་ཡཀྵ་གནས་གྱུར་པས། །དཔལ་ཆེན་དམ་ཚིག་མངའ་མཛད་པ། །ལྗང་ནག་འཇིགས་པའི་ཆ་ལུགས་ཅན། །བསྐལ་པ་བརྒྱར་ཡང་དམ་ཚིག་ལྷ། །ཡཀྵ་ཧེ་རུ་ཀའི་དབང་མཆོག་བྱིན། །ཡུམ་ཆེན་དམ་ཚིག་གནས་གྱུར་པས། །ཁྲོ་མོ་དམ་ཚིག་བྱ་ར་མཁན། །སངས་རྒྱས་སེམས་ཅན་འདའ་མི་བྱེད། །དམ་ཚིག་དབྱིངས་སུ་བསྐུལ་བྱེད་མ། །ཡཀྵ་ཀྲོ་དྷཱིའི་དབང་མཆོག་བྱིན། །ༀ་མ་ཧཱ་ཡཀྵ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ། ༀ་མ་ཧཱ་ཡཀྵ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལི་ནི་ཧཱུཾ་ཕཊ། ཨ་བྷི་ཥེ་ཀ་ཏ་སྭཱ་ཧཱ། ཨེ་ཤ་རི་སི་ཏི་ན་མཿ བི་ཤེ་ཙ་ནི་མཾ་ག་ལ་ན་ཤཱ་པ་ཧཱུཾ། ༀ་རུ་ལུ༴ ཨ་བྷི༴ ག་རཱི་མ་བརྒྱད་མིག་སོགས་གཡས་གཡོན་གྱི་དབང་རྟེན་བཞི་བཞིའི་རྩ་ནང་དུ་བསྟིམ་ཞིང་དེ་དང་དེར་བསྐྱེད་ལ། དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །འཁོར་ལོ་བརྒྱད་ཀྱི་ཕྱི་རོལ་ན། །གྲུ་ཆད་བཞི་དང་གློ་འབུར་དུ། །ཁྲོ་མོ་བརྒྱད་ཀྱིས་བསྐོར་བ་ནི། །ས་ཡི་སྙིང་པོ་གནས་གྱུར་པས། །སྲིན་མོ་ཆེན་མོ་ཀེང་ཐོད་བཏུལ། །དཀར་མོའི་མཐུ་རྩལ་འགུགས་བྱེད་མ། །བཛྲ་ག་རཱིའི་དབང་མཆོག་བྱིན། །ༀ་བཛྲ་ག་རཱི་ཧ ། ཨ་བྷི༴ ནམ་མཁའི་སྙིང་པོ་གནས་གྱུར་པས། །སྲིན་མོ་ཆེན་མོ་མདའ་འཕེན་བཏུལ། །རྐུན་མོའི་མཐུ་རྩལ་ལེན་བྱེད་མ། །བཛྲ་ཙ་རཱིའི་དབང་༴ ༀ་བཛྲ་ཙ་རཱི་ཧ། ཨ་བྷི༴ སྤྱན་རས་གཟིགས་དབང་གནས་གྱུར་པས། །སྲིན་མོ་ཆེན་མོ་འཛིན་བྱེད་བཏུལ། །རྨོངས་མོའི་མཐུ་རྩལ་འབྲལ་བྱེད་མ། །བཛྲ་པྲ་མོ་ཧཱའི་དབང་༴ ༀ་བཛྲ་པྲ་མོ་ཧེ་ཧ། ཨ་བྷི༴ ཕྱག་ན་རྡོ་རྗེ་གནས་གྱུར་པས། །སྲིན་མོ་བེ་ཏ་ནག་མོ་བཏུལ། །ཐལ་བྱེད་མཐུ་རྩལ་ཉམས་བྱེད་མ། །བཛྲ་བེ་ཏ་ལཱིའི་དབང་༴ ༀ་བཛྲ་བེ་ཏ་ལཱི་ཧ། ཨ་བྷི༴ འཕགས་པ་བྱམས་པ་གནས་གྱུར་པས། །སྲིན་མོ་ནང་ཁྲོལ་འདྲེན་མ་བཏུལ། །སྦོས་མོའི་མཐུ་རྩལ་འཆིང་བྱེད་མ། །པུཀྐ་སཱི་ཡི་དབང་མཆོག་བྱིན། །ༀ་བཛྲ་པུཀྐ་སཱི་ཧ། ཨ་བྷི༴ སྒྲིབ་པ་རྣམ་སེལ་གནས་གྱུར་པས། །ལྷོ་ནུབ་སྲིན་མོ་རབ་འཇིགས་བཏུལ། །སྨེ་ཤའི་མཐུ་རྩལ་སྨྱོ་བྱེད་མ། །གསྨ་རཱི་ཡི་དབང་མཆོག་བྱིན། །ༀ་བཛྲ་གྷསྨ་རཱི་ཧ། ཨ་བྷི༴ ཀུན་ཏུ་བཟང་པོ་གནས་གྱུར་པས། །ནུབ་བྱང་སྲིན་མོ་སྲོག་གཅོད་བཏུལ། །གཏུམ་མོའི་མཐུ་རྩལ་དབང་བྱེད་མ། །སྨ་ཤ་ནཱི་ཡི་དབང་མཆོག་བྱིན། །ༀ་བཛྲ་སྨ་ཤ་ནཱི་ཧ། ཨ་བྷི༴ འཇམ་དཔལ་གཞོན་ནུ་གནས་གྱུར་པས། །བྱང་ཤར་སྲིན་མོ་སྨྱོན་མ་བཏུལ། །མ་ཚོགས་མཐུ་རྩལ་སྨྱོ་བྱེད་མ། །ཙཎྜ་ལཱི་ཡི་དབང་༴ ༀ་བཛྲ་ཙཎྜ་ལཱི་ཧ། ཨ་བྷི༴ ཧ་ཧ་ཧ་རུ་ལུ་རུ་ལུ་ཧཱུཾ། ཨ་བྷི་ཥེ་ཀ་ཏ་སྭཱ་ཧཱ། ཨེ་ཤ་རི་སི་ཏི་ན་མཿ བི་ཤེ་ཙ་ནི་སྭ་ཏི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཡུལ་གྱི་ཕྲ་མེན་བརྒྱད་དབང་རྟེན་གྱི་རྩའི་ཕྱིར་བསྟིམ་ཞིང་བསྐྱེད་ལ། དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །གྲུ་ཆད་གློ་འབུར་ཕྱི་རོལ་གྱི། །བར་ཁྱམས་ཕྱོགས་བཞི་མཚམས་བཞི་རུ། །ཕྲ་མེན་བརྒྱད་ཀྱིས་བསྐོར་བ་ནི། །རྡོ་རྗེ་སྒེག་མོ་གནས་གྱུར་པས། །ཤར་ཕྱོགས་སྲིན་མོ་སེང་གདོང་བཏུལ། །ཕྲ་མེན་མཐུ་རྩལ་འབྱིན་བྱེད་མ། །སིདྷ་མུ་ཁཱའི་དབང་མཆོག་བྱིན། །ༀ་བཛྲ་སིདྷ་མུ་ཁཱི་ཧེ། ཨ་བྷི༴ རྡོ་རྗེ་ཕྲེང་མ་གནས་གྱུར་པས། །ལྷོ་ཕྱོགས་སྲིན་མོ་སྟག་མགོ་བཏུལ། །ཕྲ་མེན་མཐུ་རྩལ་འཇོམས་བྱེད་མ། །བྱ་གྷྲྀ་མུ་ཁཱིའི་དབང་༴ ༀ་བཛྲ་བྱཱ་གྷྲྀ་མུ་ཁཱི་ཧེ། ཨ་བྷི༴ རྡོ་རྗེ་གླུ་མ་གནས་གྱུར་པས། །ནུབ་ཕྱོགས་སྲིན་མོ་སྲོག་ལེན་བཏུལ། །ཕྲ་མེན་མཐུ་རྩལ་འཛིན་བྱེད་མ། །ཤྲི་ག་ལ་མུ་ཁཱིའི་དབང་༴ ༀ་བཛྲ་ཤྲི་གཱ་ལ་མུ་ཁཱི་ཧེ། ཨ་བྷི༴ རྡོ་རྗེ་གར་མ་གནས་གྱུར་པས། །བྱང་ཕྱོགས་སྲིན་མོ་ར་རོ་བཏུལ། །ཕྲ་མེན་མཐུ་རྩལ་འདྲི་བྱེད་མ། །ཤྭ་ན་མུ་ཁཱིའི༴ ༀ་བཛྲ་ཤྭ་ན་མུ་ཁཱི་ཧེ། ཨ་བྷི༴ རྡོ་རྗེ་སྦོས་མ་གནས་གྱུར་པས། །ཤར་ལྷོའི་སྲིན་མོ་ཁྲག་འཐུང་བཏུལ། །ཕྲ་མེན་མཐུ་རྩལ་འགྱོགས་བྱེད་མ། །གྲྀདྡྷ་མུ་ཁཱའི་དབང་༴ ༀ་བཛྲ་གྲྀདྡྷ༴ ཨ་བྷི༴ རྡོ་རྗེ་མེ་ཏོག་གནས་གྱུར་པས། །ལྷོ་ནུབ་སྲིན་མོ་རྐང་ཟ་བཏུལ། །ཕྲ་མེན་མཐུ་རྩལ་ཁྱབ་བྱེད་མ། །ཀངྐ་མུ་ཁཱའི༴ ༀ་བཛྲ་ཀངྐ་མུ་ཁཱ་ཧེ། ཨ་བྷི༴ རྡོ་རྗེ་སྒྲོན་མེ་གནས་གྱུར་པས། །ནུབ་བྱང་སྲིན་མོ་འཇོམས་བྱེད་བཏུལ། །ཕྲ་མེན་མཐུ་རྩལ་ཟ་བྱེད་མ། །ཀཱ་ཀ་མུ་ཁཱའི་དབང་༴ ༀ་བཛྲ་ཀཱ་ཀ་མུ་ཁཱི་ཧེ། ཨ་བྷི༴ རྡོ་རྗེ་དྲི་མ་གནས་གྱུར་པས། །བྱང་ཤར་སྲིན་མོ་སྐེམ་མ་བཏུལ། །ཕྲ་མེན་མཐུ་རྩལ་མྱོས་བྱེད་མ། །ཨུ་ལཱུ་མུ་ཁཱིའི་དབང་༴ ༀ་བཛྲ་ཨུ་ལཱུ་ཀ་མུ་ཁཱི་ཧེ། ཨ་བྷི༴ ཧེ་ཧེ་ཧེ་རུ་ལུ་རུ་ལུ་ཧཱུཾ། ཨ་བྷི་ཥེ་ཀ་ཏ་སྭཱ་ཧཱ། ཨེ་ཤ་རི་སི་ཏི་ན་མཿ བི་ཤེ་ཙ་ནི་སྭ་ཏི་ཧཱུཾ། ཨ་བྷི༴ སྒོ་སྐྱོང་གདོང་མོ་བཞི་རྐང་ལག་གི་མཐིལ་བཞི་ལ་བསྟིམ་ཞིང་བསྐྱེད་ལ། དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །གྲུ་ཆད་བར་ཁྱམས་ཕྱི་རིམ་གྱི། །རྣམ་པར་ཐར་པའི་སྒོ་བཞི་རུ། །སྒོ་མ་བཞི་ཡིས་བསྐོར་བ་ནི། །ལྷ་མོ་བྱམས་མ་གནས་གྱུར་པས། །ཤར་གྱི་སྲིན་མོ་རྟ་མགོ་བཏུལ། །བྱམས་ཆེན་རྣལ་འབྱོར་མགོན་མཛད་མ། །ཨངྐུ་ཤ་ཡི་དབང་༴ ༀ་བཛྲ་ཨརྻ་ཏེ་ཛ་ཏེ་ང་ཛཿ ཨ་བྷི༴ ལྷ་མོ་སྙིང་རྗེ་གནས་གྱུར་པས། །ལྷོ་སྒོའི་སྲིན་མོ་ཕག་མགོ་བཏུལ། །ཐུགས་རྗེས་གཞན་ལ་ཕན་འདོགས་མ། །བཛྲ་པཱ་ཤའི་དབང་༴ ༀ་བཛྲ་ཨ་མུ་ཁེ་ཧཱུཾ། ཨ་བྷི༴ དགའ་བ་ཆེན་མོ་གནས་གྱུར་པས། །ནུབ་སྒོའི་སྲིན་མོ་དྲེད་མགོ་བཏུལ། །དགའ་བས་རྣལ་འབྱོར་སྟོངས་མཛད་མ། །ལོ་ཀ་མ་ཡི་དབང་༴ ༀ་བཛྲ་ལོ་ཀ་བཾ། ཨ་བྷི༴ བཏང་སྙོམས་ཆེན་མོ་གནས་གྱུར་པས། །བྱང་སྔོའི་སྲིན་མོ་སྤྱང་མགོ་བཏུལ། །བཏང་སྙོམས་ཆེན་པོས་དོན་མཛད་མ། །ཐལ་བྱེད་མ་ཡི༴ ༀ་བཛྲ་བྷསྨི་པ་ལ་ཡ་བ་ཏུ་ཧོཿ ཨ་བྷི༴ ཕཊ་ཕཊ་ཕཊ། རུ་ལུ་རུ་ལུ་ཧཱུཾ། ཨ་བྷི་ཥེ་ཀ་ཏེ་སྭཱ་ཧཱ། ཨེ་ཤ་རི་སི་ཏི་ན་མཿ བི་ཤེ་ཙ་ནི་སྭ་ཏི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། སྤོར་མ་བརྒྱད་སྙིང་ག་ནས་གཡས་བསྐོར་གྱི་ནུ་མ། ཕྲག་པ། སོག་པ། སོག་ཕྲག་སོགས་ལུས་ཀྱི་གནས་བརྒྱད་ལ་བསྟིམ་ཞིང་བསྐྱེད་ལ། དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །རྣམ་ཐར་སྒོ་བཞིའི་ཕྱི་རོལ་ཏུ། །འབར་བའི་བར་ཁྱམས་གཉིས་པ་ཡི། །སྣམ་བུ་ཕྱོགས་བཞི་མཚམས་བཞི་རུ། །སྤོར་མ་བརྒྱད་ཀྱིས་བསྐོར་བ་ནི། །ནང་གི་ཡིད་ཤེས་གནས་གྱུར་པས། །སྲིང་མོ་འབར་མ་ཉི་ཞགས་བཏུལ། །མི་བཟད་སྣ་ཚོགས་ཉི་ཟེར་ཞགས། །ཤར་གྱི་སྤོར་མའི་དབང་མཆོག་བྱིན། །ༀ་བཛྲ་ཨ་པྲ་ཏི་ཧ་ཨཱརྻ་ནི་ཙ་ཏུ་ར་ཏ་ར་ཕཊ་རཀྨོ་ཧཱུཾ། ཨ་བྷི༴ ཡི་དྭགས་སྟོན་པ་གནས་གྱུར་པས། །འབར་མ་སྲིན་མོ་མེ་ཁྱེར་བཏུལ། །མེ་ཁྱེར་དམར་ནག་གློག་ཕྲེང་འཛིན། །ཤར་ལྷོའི་སྤོར་མའི༴ ༀ་བཛྲ་ཨ་པྲ་ཏི་ཧ་ཨཱརྻ་ནི༴ ཨ་བྷི༴ མི་ཡི་སྟོན་པ་གནས་གྱུར་པས། །སྲིན་མོ་འབར་མ་གཏུམ་མོ་བཏུལ། །གཏུམ་མོ་སྔོ་ནག་མདུན་ཐུང་འཕེན། །ལྷ་ཡི་སྤོར་མའི་དབང་མཆོག་བྱིན། །ༀ་བཛྲ་ཨ་པྲ་ཏི༴ ཨ་བྷི༴ དམྱལ་བའི་སྟོན་པ་གནས་གྱུར་པས། །སྲིན་མོ་འབར་མ་རལ་གྲི་བཏུལ། །གཤིན་རྗེ་སྔོ་ནག་རལ་གྲིའི་སྐྲ། །ལྷོ་ནུབ་སྤོར་མའི་དབང་༴ ཕྱི་ཡི་ཡུལ་ཆོས་གནས་གྱུར་པས། །སྲིན་མོ་འབར་མ་སྒྲ་འབྱིན་བཏུལ། །རྡོ་རྗེ་དྲིལ་བུ་འཁྲོལ་བྱེད་མ། །ནུབ་ཀྱི་སྤོར་མའི༴ ༀ་བཛྲ་ཨ་པྲ༴ ཨ་བྷི༴ ལྷ་ཡི་སྟོན་པ་གནས་གྱུར་པས། །འབར་མ་སྲིན་མོ་གནོད་སྦྱིན་བཏུལ། །གནོད་སྦྱིན་མཐིང་ནག་ཁྱུང་ཐོགས་མ། །ནུབ་བྱང་སྤོར་མའི༴ ༀ་བཛྲ་ཨ་པྲ་ཏི༴ ཨ་བྷི༴ ལྷ་མིན་སྟོན་པ་གནས་གྱུར་པས། །སྲིན་མོ་འབར་མ་ཐོགས་མེད་བཏུལ། །ཐོགས་མེད་སྔོན་ནག་སྐར་མདའ་གཏོང་། །བྱང་གི་སྤོར་མའི༴ ༀ་བཛྲ་ཨ་པྲ་ཏི༴ ཨ་བྷི༴ བྱོལ་སོང་སྟོན་པ་གནས་གྱུར་པས། །སྲིན་མོ་འཇིག་རྟེན་འབར་མ་བཏུལ། །འཇིག་རྟེན་སྨུག་ནག་གླག་ཤ་གདེངས། །བྱང་ཤར་སྤོར་མའི༴ ༀ་བཛྲ་ཨ་པྲ་ཏི་ཧ་ཨཱརྻ་ནི་ཙ་ཏུར་ཏ་ར་ཕཊ་རཀྨོ་ཧཱུཾ། ཨ་བྷི༴ ཨ་ཨ་ཨ། རུ་ལུ་རུ་ལུ་ཧཱུཾ། ཨ་བྷི་ཥེ་ཀ་ཏ་སྭཱ་ཧཱ། ཨེ་ཤ་རི་སི་ཏི་ན་མཿ བི་ཤི་ཙེ་ནི་སྭ་ཏི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། གསང་ཡུམ་བཞི་ནམ་ཚོང་རྩིབ་མ་བཞིར་བསྟིམ་ཞིང་བསྐྱེད་ལ། དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །འབར་བའི་བར་ཁྱམས་གཉིས་པ་དེའི། །སྣམ་བུའི་ཕྱི་རིམ་སྒོ་བཞི་རུ། །གསང་བའི་ཡུམ་བཞིས་བསྐོར་བ་ནི། །དཀར་མོ་མིག་གཅིག་རྒྱས་འདེབས་མ། །དཔལ་ཆེན་སྐུ་ལ་སྦྱོར་བའི་ཡུམ། །ཤར་ཕྱོགས་མདུན་ནས་འཁྲིལ་བ་ཡིས། །སངས་རྒྱས་ཀུན་གྱི་གཟུངས་མཛད་མ། །གསང་བའི་ཡུམ་འདིའི་དབང་༴ ༀ་ཤྲཱི་བཛྲ་མངྒ་ར་མུ་ཁ་ཤྭ་ར་ཡཱ་ཡ་ན་མཿ ཨ་བྷི༴ སེར་མོ་ལས་མཁན་ཚེ་འཕེལ་མ། །དཔལ་ཆེན་སྐུ་ལ་སྦྱོང་བའི་ཡུམ། །ལྷོ་ཕྱོགས་གཡས་ནས་འཁྲིལ་བ་ཡིས། །སངས་རྒྱས་ཀུན་གྱི་གཟུངས་མཛད་མ། །གསང་བའི་ཡུམ་འདིའི༴ ༀ་ཤྲཱི་བཛྲ་རཱ་ག་མ་ཤྭ་ར་ཡཱ་ཡ་ན་མཿ ཨ་བྷི༴ དམར་མོ་ཟ་བྱེད་དབང་སྡུད་མ། །དཔལ་ཆེན་སྐུ་ལ་སྦྱོར་བའི་ཡུམ། །ནུབ་ཕྱོགས་རྒྱབ་ནས་འཁྲིལ་བ་ཡིས། །སངས་རྒྱས་ཀུན་གྱི་གཟུངས་མཛད་མ། གསང་བའི་ཡུམ་འདིའི༴ ༀ་བཛྲ་ཁ་ཊྭཱཾ་ཀ་པྲ་ཛྭ་ལ་ཡཱ་ཡ་ན་མཿ ཨ་བྷི༴ ནག་མོ་རལ་གཅིག་རྨོངས་བྱེད་མ། །དཔལ་ཆེན་སྐུ་ལ་སྦྱོར་བའི་ཡུམ། །བྱང་ཕྱོགས་གཡོན་ནས་འཁྲིལ་བ་ཡིས། །སངས་རྒྱས་ཀུན་གྱི་གཟུངས་མཛད་མ། །གསང་བའི་ཡུམ་འདིའི༴ ༀ་ཤྲཱི་བཛྲ་གྷཎྜེ་པྲ་ཛྭ་ལ་ཡ་ཡཱ་ན་མཿ ཨ་བྷི༴ དབང་མོ་ཉེར་བརྒྱད་མཇིང་མཇུག་རྩིས་པའི་སྒལ་ཚིགས་ཉི་ཤུ་རྩ་བརྒྱད་ལ་བསྟིམ་ཞིང་བསྐྱེད་དེ། དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །ཕྱི་རིམ་གསུམ་པ་ཁྲག་ཁྱམས་ཀྱི། །སྒོ་དང་སྣམ་བུའི་ངོས་བཞི་ལ། །དབང་ཕྱུག་ཚོགས་ཀྱིས་བསྐོར་བ་ནི། །སྲིན་པོའི་ཆུང་མ་གནས་གྱུར་པས། །དབང་ཕྱུག་ཆེན་མོ་མིའི་སྲིན་མོ། །སྐུ་མདོག་སྨུག་ནག་ཐོད་རློན་འཆང་། །དེ་ཉིད་ལས་ནི་གནས་གྱུར་པས། །དམར་སེར་ཏྲི་ཤཱུ་ཞིང་ཆེན་གཡང་། །མཐུ་དང་རྫུ་འཕྲུལ་བསམ་མི་ཁྱབ། །མ་ནུ་རཀྵའི་དབང་༴ མ་ནུ་རཀྵ་སཱི་བྷྱོ༴ ཨ་བྷི༴ ཚངས་པའི་ཆུང་མ་གནས་གྱུར་པས། །དབང་ཕྱུག་ཆེན་མོ་ཚངས་མ་སྟེ། །སྐུ་མདོག་དམར་སེར་པདྨ་བསྣམས། །དེ་ཉིད་ལས་ནི་གནས་གྱུར་པས། །དམར་སྐྱ་རྩེ་ལྔ་བྷན་དམར་སྤྲུལ། །མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ། །བྲཧྨ་ནཱིའི་དབང་མཆོག༴ བྲ་ཧྨ་ནི་བྷྱོ། ཨ་བྷི༴ ལྷ་ཆེན་ཆུང་མ་གནས་གྱུར་པས། །དབང་ཕྱུག་ཆེན་མོ་འཁྲུག་མོ་སྟེ། །སྐུ་མདོག་དཀར་མོ་ཏྲི་ཤཱུ་ལ། །དེ་ཉིད་ལས་ནི་གནས་གྱུར་པས། །དམར་སེར་ཞིང་དབྱུག་སྙིང་འབྱིན་གཟིག །རོལ་པའི་རྫུ་འཕྲུལ་བྱིན་རླབས་ཀྱིས། །བཛྲ་ར་ཏྲཱི་དབང་༴ ར་ཏྲཱི་བྷྱོ། ཨ་བྷི༴ ཁྱབ་འཇུག་ཆུང་མ་གནས་གྱུར་པས། །གཏོགས་འདོད་ཆེན་མོ་འཁོར་ལོ་འཆང་། །དེ་ཉིད་ལས་ནི་གནས་གྱུར་པས། །སེར་མོ་ཕ་ཝཾ་འཁོར་ལོ་རིལ། །དྲེགས་པའི་མཐུ་སྟོབས་བསམ་ཡས་པ། །བིཥྞ་བེ་ཡི༴ བིཥྞ་བཻ་བྷྱོ། ཨ་བྷི༴ གཞོན་ནུའི་ཆུང་མ་གནས་གྱུར་པས། །དབང་ཕྱུག་ཆེན་མོ་དམར་མོ་སྟེ། །གཞོན་ནུ་དམར་མོ་མདུང་ཐུང་འཕེན། །དེ་ཉིད་ལས་ནི་གནས་གྱུར་པས། །དབང་མོ་དམར་སྐྱ་བམ་དབྱུག་དྲེད། །ཡོན་ཏན་མཐུ་རྩལ་བསམ་ཡས་པ། །བཛྲ་ཀུ་མཱའི་དབང་༴ ཀུ་མཱ་རཱི་བྷྱོ། ཨ་བྷི༴ བརྒྱ་བྱིན་ཆུང་མ་གནས་གྱུར་པས། །དབང་ཕྱུག་ཆེན་མོ་དབང་མོ་ཆེ། །སྐུ་མདོག་དམར་མོ་ཨེནྡྲ་གདེངས། །དེ་ཉིད་ལས་ནི་གནས་གྱུར་པས། །དཀར་དམར་དུང་དམར་སྲེ་མོང་མགོ། །ཆེ་བའི་ཡོན་ཏན་བསམ་ཡས་པ། །བཛྲཱིནྡྲ་ནཱིའི༴ ཨིནྡྲ་ཎཱི་བྷྱོ། ཨ་བྷིི༴ ལྷ་མོ་ཁྱོ་མེད་གནས་གྱུར་པས། །དབང་ཕྱུག་ཆེན་མོ་དམར་མོ་སྟེ། །ཞི་བ་དམར་མོ་ཙནྡན་འཐུང་། །དེ་ཉིད་ལས་ནི་གནས་གྱུར་པས། །དམར་མོ་དུང་དམར་རྒྱུ་ཞགས་དོམ། །ཡིད་ཀྱི་འདོད་པ་བསམ་ཡས་པ། །པིངྒ་ལ་ཡི་དབང་༴ བཛྲ་པིངྒ་ལཾ་བྷྱོ། ཨ་བྷི༴ ཉི་མའི་ཆུང་མ་གནས་གྱུར་པ། །དབང་ཕྱུག་ཆེན་མོ་བདུད་རྩི་མོ། །སྐུ་མདོག་དམར་མོ་པདྨ་བསྣམས། །དེ་ཉིད་ལས་ནི༴ བདུད་རྩི་སྔོན་མོ་ཆུ་སྲིན་བུམ། །སྨན་གྱི་མཐུ་སྟོབས་བསམ་ཡས་པ། །བཛྲ་མྲྀ་ཏའི་དབང་༴ ཨ་མྲྀ་ཏཾ་བྷྱོ། ཨ་བྷི༴ ཟླ་བའི་ཆུང་མ་གནས་གྱུར་པས། །དབང་ཕྱུག་ཆེན་པོ་ཞི་བ་མོ། །སྐུ་མདོག་དཀར་མོ་པུཎྜཱ་རི། །དེ་ཉིད་ལས་ནི༴ སྔོ་སྐྱ་བམ་རིལ་ཁོག་སྨད་སྡིང་། །བདུད་རྩི་བྱང་ཆུབ་སེམས་ཀྱི་མཐུས། །བཛྲ་ས་མྱའི་དབང་༴ ས་མྱ་བྷྱོ། ཨ་བྷི༴ བེ་ཅོན་ཆུང་མ་གནས་གྱུར་པས། །དབང་ཕྱུག་ཆེན་མོ་བེ་ཅོན་མ། །སྐུ་མདོག་སྔོན་མོ་དབྱུག་ཏོ་འཕྱར། །དེ་ཉིད་ལས་ནི༴ བེ་ཅོན་ནག་མོ་ཐོད་རློན་ཁྲ། །དུག་ཤུལ་འཇོམས་པའི་མཐུ་སྟོབས་ཀྱིས། །བཛྲ་དཎྜཱའི་དབང་༴ དཎྜཱ་དཾ་བྷྱོ། ཨ་བྷི༴ སྲིན་མོ་ཁྱོ་མེད་གནས་གྱུར་པས། །དབང་ཕྱུག་ཆེན་མོ་སྲིན་མོ་སྟེ། །སྐུ་མདོག་དམར་སེར་ཐོད་ཁྲག་འཐུང་། །དེ་ཉིད་ལས་ནི༴ དམར་ནག་ཞིང་གི་རྒྱུ་འདྲེན་ཝ། །དྲག་པོའི་མཐུ་སྟོབས་བསམ་ཡས་པ། །བཛྲ་རཀྴའི་དབང་མཆོག༴ རཀྵ་སཱི་བྷྱོ། ཨ་བྷི༴ ནག་ཆེན་ཆུང་མ༴ དབང་ཕྱུག་ཆེན་མོ་ཟ་བ་མོ། །སྐུ་མདོག་དམར་ནག་བ་སུ་འདྲེན། །དེ་ཉིད་ལས༴ ཟ་བྱེད་ནག་མོ་སྙིང་འབྱིན་སྟག །མཐུ་སྟོབས་གཞན་གྱིས་མི་ཐུབ་པ། །བཛྲ་བྷཀྵའི་དབང་༴ བྷཀྵ་སཱི་བྷྱོ། ཨ་བྷི༴ བྷྲིང་གིའི་ཆུང་མ་གནས༴ དབང་ཕྱུག་ཆེན་མོ་དགའ་མོ་སྟེ། །སྐུ་མདོག་དཀར་མོ་ཀ་ཏར་འཆང་། །དེ་ཉིད་ལས་ནི༴ དམར་མོ་འཁོར་ལོ་རལ་གྲི་རྒོད། །མཐུ་དང་ལོངས་སྤྱོད་བསམ་མི་ཁྱབ། །བཛྲ་ར་ཏིའི་དབང་༴ ར་ཏི་བཛྲ་བྷྱོ། ཨ་བྷི༴ སྟོབས་བཟང་ཆུང་མ་གནས་གྱུར་པས། །དབང་ཕྱུག་ཆེན་མོ་ཁྲག་འཐུང་མོས། །སྐུ་མདོག་དཀར་མོ་གཤོལ་འཆང་བ། །དེ་ཉིད་ལས་ནི༴ དམར་ནག་རྡོར་དབྱུག་དུང་དམར་རྟ། །མཐུ་སྟོབས་རྫུ་འཕྲུལ་བསམ་ཡས་པ། །རུ་དྷིརྨཏྟའི་དབང་༴ རུ་དྷི་ར་མཏྟཱ་བྷྱོ། ཨ་བྷི༴ རྣམ་ཐོས་ཆུང་མ་གནས་གྱུར་པས། །དབང་ཕྱུག་ཆེན་མོ་གཅིག་པུར་སྤྱོད། །རྡོ་རྗེ་སེར་མོ་སྤུ་གྲིས་གཅོད། །དེ་ཉིད་ལས་ནི༴ དཀར་དམར་རྡོ་རྗེ་བྷཉྫ་ཁྱུང་། །འབྱོར་བའི་ལོངས་སྤྱོད་བསམ་མི་ཁྱབ། །ཨེ་ཀ་ཙ་རིའི་དབང་༴ ཨེ་ཀ་ཙ་རི་ཎཱི་བྷྱོ། ཨ་བྷི༴ འདོད་ལྷའི་ཆུང་མ་གནས་གྱུར་པས། །དབང་ཕྱུག་ཆེན་མོ་ཡིད་འཕྲོག་མ། །སྐུ་མདོག་དམར་མོ་མདའ་གཞུ་ཐོགས། །དེ་ཉིད་ལས་ནི༴ དམར་སེར་ཞིང་ཟ་ཁྱི་གདོང་ཅན། །འདོད་པའི་ཡོན་ཏན་ཀུན་རྫོགས་པ། །མ་ནོ་ཧ་རའི་དབང་༴ ན་མོ་ཧ་རཾ་བྷྱོ། ཨ་བྷི༴ ནོར་སྲུང་ཆུང་མ་གནས༴ དབང་ཕྱུག་ཆེན་མོ་གྲུབ་མོར་བྱུང་། །སྐུ་མདོག་དཀར་མོ་བུམ་པ་འཛིན། །དེ་ཉིད་ལས་ནི༴ དཀར་དམར་པདྨ་པུ་ཤུད་གདོང་། །ལྷག་པར་ནོར་གྱི་ལོངས་སྤྱོད་ཆེ། །སིདྡྷི་ཀཾ་གི་དབང་མཆོག་བྱིན། །སིདྡྷི་ཀཾ་བྷྱོ། ཨ་བྷི༴ རླུང་ལྷའི་ཆུང་མ་གནས༴ དབང་ཕྱུག་ཆེན་མོ་རླུང་མོ་སྟེ། །སྐུ་མདོག་སྔོ་ནག་བ་དན་འཕྱར། །དེ་ཉིད་ལས་ནི༴ དམར་སྐྱ་རོ་ཟ་ཤ་བའི་མགོ། །མགྱོགས་བྱེད་ཤུགས་འཆང་དངོས་གྲུབ་ཅན། །ཝཱ་ཡ་ཝཱི་ཡི་དབང་༴ ཝཱ་ཡ་ཝཱི་བྷྱོ། ཨ་བྷི༴ སྐྱོང་མ་ཁྱོ་མེད་གནས་གྱུར་པས། །དབང་ཕྱུག་ཆེན་མོ་ཁྱོ་མེད་མ། །སྐུ་མདོག་དམར་ནག་རལ་གྲིས་གཅོད། །དེ་ཉིད་ལས་ནི༴ ལྗང་ནག་བམ་ཆེན་རྔེའུ་ཆུང་སྤྱང་། །སྒྲོལ་བྱེད་མཐུ་སྟོབས་བསམ་ཡས་པ། །མཱ་ར་ཎ་ཡི་དབང་༴ མ་ཧཱ་མཱ་ར་ཎ་བཛྲ་བྷྱོ། ཨ་བྷི༴ མེ་ལྷའི་ཆུང་མ་གནས༴ དབང་ཕྱུག་ཆེན་མོ་མེ་མོར་བྱུང་། །སྐུ་མདོག་དམར་མོ་གསལ་ཤིང་འཛིན། །དེ་ཉིད་ལས་ནི༴ ལྗང་དམར་མེས་སྲེག་རྒྱུ་འདྲེན་སྐྱིན། །རྣམ་རྟོག་བག་ཆགས་ཀུན་སྲེག་པ། །བཛྲ་ཨགྣཱིའི་དབང་༴ ཨགྣཱི་བྷྱོ། ཨ་བྷི༴ ས་བདག་ཆུང་མ་གནས༴ དབང་ཕྱུག་ཆེན་མོ་ཕག་མོར་བྱུང་། །སྐུ་མདོག་དམར་ནག་མཆེ་ཞགས་བསྣམས། །དེ་ཉིད་ལས་ནི༴ ལྗང་སེར་རྩེ་གསུམ་བྱིས་རོ་ཕག །འཇིག་རྟེན་ཁམས་ཀྱི་དཔལ་གཅིག་མ། །ཝཱ་ར་ཧཱི་ཡི་དབང་༴ ཝཱ་ར་ཧཱི་བྷྱོ། ཨ་བྷི༴ གཤིན་རྗེའི་ཆུང་མ་གནས༴ དབང་ཕྱུག་ཆེན་མོ་རྒན་བྱེད་མོ། །དམར་སྨུག་བྱིས་རོའི་རྒྱུ་མ་ཟ། །དེ་ཉིད་ལས་ནི༴ ལྗང་སྔོན་རྒྱུ་འདྲེན་ཁྲག་འཐོར་ཁྲ། །མ་མོ་མཐུ་དབང་ཀུན་རྫོགས་པ། །ཙ་མུཎྜཱི་ཡི་དབང་༴ ཙ་མུཎྜཱི་བྷྱོ། ཨ་བྷི༴ བགེགས་ཀྱི་ཆུང་མ་གནས་གྱུར་པས། །དབང་ཕྱུག་ཆེན་མོ་སྣ་ཆེན་མོ། །སྐུ་མདོག་དམར་ནག་ཐོད་ཁྲག་འཐུང་། །དེ་ཉིད་འཇིགས་པའི་སྐུར་སྤྲུལ་པ། །ལྗང་དམར་བམ་ཆེན་ལོངས་སྤྱོད་གླང་། །བགེགས་ཆེན་ཀུན་འདུལ་མཐུ་སྟོབས་ཀྱིས། །སུ་ཏ་ན་ཡི་དབང་མཆོག༴ སུ་ཏ་ནཾ་བྷྱོ། ཨ་བྷི༴ ཆུ་ལྷའི་ཆུང་མ་གནས་གྱུར་པས། །དབང་ཕྱུག་ཆེན་པོ་ཆུ་ལྷ་མོ། །སྐུ་མདོག་དཀར་མོ་སྤྲུལ་ཞགས་འཛིན། །འཇིགས་བྱེད་འབར་བའི་སྐུར་སྤྲུལ་པ། །ལྗང་ནག་དུང་དམར་སྤྲུལ་ཞགས་སྤྲུལ། །རཏྣ་གཏེར་གྱི་ལོངས་སྤྱོད་མ། །ཝ་རུ་ཎ་ཡི་དབང་མཆོག༴ ཝ་རུ་ཎཱི་བྷྱོ། ཨ་བྷི༴ ནག་ཆེན་ཆུང་མ་གནས་གྱུར་པས། །དབང་ཕྱུག་ནག་མོ་ཆེན་མོ་སྟེ། །སྐུ་མདོག་ནག་མོ་ཨངྐུ་ཤ །འཇིགས་བྱེད་འབར་བའི་སྐུར་སྤྲུལ་པ། །ནག་མོ་ལྕགས་ཀྱུ་ཁུ་བྱུག་གདོང་། །ཐམས་ཅད་འཛིན་བྱེད་མཐུ་རྫོགས་པ། །མ་ཧཱ་ཀཱ་ལའི་དབང་མཆོག༴ བཛྲ་མ་ཧཱ་ཀཱ་ལི་བྷྱོ། ཨ་བྷི༴ ར་གདོང་ཆུང་མ་གནས༴ དབང་ཕྱུག་ཆེན་མོ་ར་མགོ་མ། །སྐུ་མདོག་དམར་སེར་ཞགས་པ་བསྣམས། །འཇིགས་བྱེད་འབར་བའི་སྐུར་སྤྲུལ་པ། །ར་གདོང་སྔོན་མོ་རྒྱུ་ཞག་འདྲེན། །འཁོར་བར་མི་གཏོང་དབང་མོ་ཆེ། །ཙ་ཀཱ་ལ་ཡི་དབང་མཆོག༴ བཛྲ་ཙ་ཀཱ་ལ་བྷྱོ། ཨ་བྷི༴ བུམ་རྣའི་ཆུང་མ་གནས༴ དབང་ཕྱུག་བུམ་རྣ་སྔོ་ནག་མ། །སྐུ་མདོག་སྔོ་ནག་ལྕགས་སྒྲོག་སྡོམ། །འཇིགས་བྱེད་འབར་བའི་སྐུར་སྤྲུལ་པ། །བུམ་རྣ་དམར་པོ་ལྕགས་སྒྲོག་སེང་། །བགེགས་བདུད་སྲིན་སྡོམ་དབང་མོ་ཆེ། །ཀུམྦྷ་ཀརྞའི་དབང་༴ བཛྲ་ཀུ མྦྷ་ཀརྞ་བྷྱོ། ཨ་བྷི༴ གསུས་ཆེན་ཆུང་མ་གནས་གྱུར་པས། །དབང་ཕྱུག་གསུས་འཛིན་ཆེན་མོར་གྱུར ། །སྐུ་མདོག་ལྗང་ནག་དྲིལ་བུ་འཁྲོལ། །འཇིགས་བྱེད་འབར་བའི་སྐུ་སྤྲུལ་པས། །ལྗང་ནག་དྲིལ་བྷན་སྐྱ་ཁའི་གདོང་། །ང་རྒྱལ་དྲེགས་པ་གནས་སྤོར་མ། །ལམྦོ་ད་རའི་དབང་༴ བཛྲ་ལམྦོ་ད་ར་བྷྱོ། ཨ་བྷི་ཥིཉྩ་ཧཱུཾ། དེ་ཡན་གྱིས་རྩ་བའི་དཀྱིལ་འཁོར་གྱི་དབང་སོང་ནས། ད་ཁྲོ་བོ་བཀའ་ཉན་གྱི་དཀྱིལ་འཁོར་རྣམས་ཀྱི་ལྷ་དབང་ལས། མཁའ་འགྲོ་སོ་གཉིས་ཀྱི་སྐུ་སོ་སུམ་ཅུ་རྩ་གཉིས་ལ་བསྟིམ་ཞིང་དེར་བསྐྱེད་དེ། དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །ཕྱི་རིམ་ལྷག་མའི་དཀྱིལ་འཁོར་གྱི། །ཕྱོགས་བཞི་ཁྱམས་དང་སྒོ་བཞི་དུ། །ཌཱ་ཀིའི་ཚོགས་ཀྱིས་བསྐོར་བ་ནི། །རྡོ་རྗེ་སེམས་དཔའ་གནས་གྱུར་པས། །མཁའ་འགྲོ་དགའ་བྱེད་རྡོ་རྗེ་བསྣམས། །ཌཱ་ཀི་རྡོ་རྗེའི་རིགས་དབང་ཕྱུག །དེ་ཡི་དབང་མཆོག་ཁྱོད་ལ་བྱིན། །མ་ཧཱ་བཛྲ་དྷ་ར་ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་རྒྱལ་པོ་གནས་གྱུར་པས། །འདྲེན་བྱེད་དཀར་སྐྱ་ལྕགས་ཀྱུ་མ། །ཌཱ་ཀི་འདྲེན་བྱེད་ཆེན་མོ་སྟས། །དེ་ཡི་དབང་མཆོག་ཁྱོད་ལ་བྱིན། །ཀྲོ་དྷཱི་ཤྭ་རཱི་ཧཱུཾ་ཨ་བྷི༴ རྡོ་རྗེ་ཆགས་པ་གནས་གྱུར་པས། །གསོད་བྱེད་ཐབས་ཀྱི་མདའ་འགེང་དཀར་། །མཁའ་འགྲོ་སྒྲོལ་བྱེད་མཐུ་དབང་རྫོགས། །དེ་ཡི་དབང་མཆོག༴ བཛྲ་མ་ཧཱ་ཧེ་མ་བ་ཏི་ཧཱུཾ་ཨ་བྷི༴ རྡོ་རྗེ་ལེགས་པ་གནས་གྱུར་པས། །སྤོར་བྱེད་དཀར་སྐྱ་སྤུ་གྲི་ཐོགས། །ཌཱ་ཀི་ཉོན་མོངས་གཅོད་མཛད་མ། །དེ་ཡི་དབང་མཆོག༴ བཛྲ་ཀུ་མཱ་ར་པྲ་ཡེ་ཧཱུཾ་ཨ་བྷི༴ ༈ རྡོ་རྗེ་རིན་ཆེན་གནས་གྱུར་པས། །འབར་བྱེད་མཐིང་ནག་རིན་ཆེན་འབར། །ཌཱ་ཀི་དགོས་འདོད་ཀུན་སྐོང་མ། །དེ་ཡི་དབང་མཆོག༴ མ་ཧཱ་བཛྲ་མ་ཏི་ཧཱུཾ་ཨ་བྷི༴ རྡོ་རྗེ་ཉི་མ་གནས༴ མཁའ་འགྲོ་གཟི་བརྗིད་ཉི་མ་ཐོགས། །རྣམ་རྟོག་མུན་སེལ་མཐུ་དབང་རྫོགས། །དེ་ཡི་དབང་༴ བཛྲ་ཏྲི་ཤྲཱི་སྨ་ར་ཡ་ཧཱུཾ་ཨ་བྷི༴ རྡོ་རྗེ་རྒྱལ་མཚན་གནས༴ ཁྲོ་གཉེར་མཐིང་ནག་ཞིང་འཕན་འཕྱར། །བདུད་བཞི་འདུལ་བྱེད་དབང་ལྡན་མ། །དེ་ཡི་དབང་མཆོག༴ བཛྲ་ཙགྣེ་ན་ཧཱུཾ་ཨ་བྷི་ཥིཉྩ༴ རྡོ་རྗེ་བཞད་པ་གནས༴ འཇོམས་བྱེད་དཀར་སྐྱ་ཞིང་ཁ་གདེངས། །དུར་ཁྲོད་བགེགས་འཇོམས་ཟ་བྱེད་མ། །དེ་ཡི་དབང་མཆོག༴ མ་ཧཱ་བཛྲ་ཀྲོ་དྷཱ་ཧཱུཾ་ཨ་བྷི༴ ༈ རྡོ་རྗེ་ཆོས་རབ་གནས༴ ཆགས་བྱེད་དམར་ནག་པད་ཐོད་བསྣམས། །ཉེས་པའི་སྐྱོན་བྲལ་ལེགས་རྫོགས་མ། །དེ་ཡི་དབང་མཆོག༴ མ་ཧཱ་ཨ་མྲྀ་ཏོཏྤ་ཏི་ཧཱུཾ་ཨ་བྷི༴ རྡོ་རྗེ་རྣོན་པོ་གནས༴ ཆགས་བྲལ་དམར་ནག་གྲི་ཐོགས་མ། །མཁའ་འགྲོ་སྒྲོལ་བྱེད་མཐུ་དབང་རྫོགས། །དེ་ཡི་དབང་མཆོག༴ མ་ཧཱ་ས་མ་ཧཱུཾ་ཨ་བྷི༴ རྡོ་རྗེ་འཁོར་ལོ་གནས༴ འཁོར་ལོ་དམར་སེར་འཁོར་ལོ་འཕེན། །མཁའ་འགྲོ་གཅོད་བྱེད་མཐུ་དབང་རྫོགས། །དེ་ཡི་དབང་མཆོག༴ མ་ཧཱ་བཛྲ་ཙནྡི་ཧཱུཾ་ཨ་བྷི༴ རྡོ་རྗེ་སྨྲ་བ་གནས༴ རྒྱས་འདེབས་ལྕེ་འབེབས་ལྕགས་ཀྱུ་དམར། །ཐོགས་མེད་ལྗགས་ཀྱིས་དབང་བསྒྱུར་མ། །དེ་ཡི་དབང་མཆོག༴ མ་ཧཱ་ར་མ་ནི་ཧཱུཾ་ཨ་བྷི༴ ༈ རྡོ་རྗེ་ཕྲིན་ལས་གནས༴ སྣ་ཚོགས་ལུས་འཆང་རྒྱ་གྲམ་ཐོགས། །མཁའ་འགྲོ་ཕྲིན་ལས་རྫོགས་བྱེད་མ། །དེ་ཡི་དབང་མཆོག༴ མ་ཧཱ་སྨྲི་ཏི་ཀ་པ་ལ་ཧསྟི་ཏ་ཀི་ཧཱུཾ་ཨ་བྷི༴ རྡོ་རྗེ་བསྲུང་བ་གནས༴ བསྲུང་བ་མོ་ལྗང་གོ་ཆ་ཐོགས། །འཇིགས་ཀུན་སྲུང་བྱེད་ཌཱ་ཀི་མ། །དེ་ཡི་དབང་མཆོག༴ བཛྲ་སུ་མ་ཧཱུཾ་ཨ་བྷི༴ རྡོ་རྗེ་གནོད་སྦྱིན་གནས༴ གནོད་སྦྱིན་མོ་ལྗང་མཆེ་བ་འཛིན། །དམ་ཉམས་གསོད་པའི་ཌཱ་ཀི་མ། །དེ་ཡི་དབང་མཆོག༴ མྲྀ་ཏ་སུ་ཏ་དཎྜ་རི་ཧཱུཾ་ཨ་བྷི༴ རྡོ་རྗེ་ཀུན་ཚུར་གནས༴ ཡང་དག་འཕྲོག་ལྗང་མུ་ཏིག་འཕྱར། །རྡུལ་དུ་རློག་བྱེད་མཁའ་འགྲོ་མ། །དེ་ཡི་དབང་མཆོག༴ བཛྲ་བི་ལ་ཀེ་ཧཱུཾ་ཨ་བྷི༴ ༈ དཔལ་བར་འགྲོ་བ་གནས༴ བྱ་རོག་གདོང་ལ་མིག་འབྱིན་མ། །ནག་མོ་གྲི་དང་མཁར་གཞོང་ཐོགས། །རྣམ་ཤེས་འཇོམས་པའི་མཁའ་གྲོ་མ། །དེ་ཡི་དབང་༴ བི་བྷ་རི་རཾ་ཧཱུཾ་ཨ་བྷི༴ ཀུན་བཟང་སེམས་དཔའ་གནས༴ འཇིགས་བྱེད་དཀར་སྔོ་མཆེ་གཙིགས་མ། །ཐམས་ཅད་འཇོམས་དབང་མཁའ་འགྲོ་མ། །དེ་ཡི་དབང་༴ ཤ་ནི་ཀྵ་ཧཱུཾ་ཨ་བྷི༴ ཟླ་འོད་གཞོན་ནུ་གནས༴ བཞད་གདོང་དཀར་མོ་སྙིང་འབྱིན་མ། །ཐམས་ཅད་སྒྲོལ་བའི་ཌཱ་ཀི་མ། །དེ་ཡི་དབང་༴ ཤ་ནི་ཏ་ཀ་ཧཱུཾ་ཨ་བྷི༴ བྱང་སེམས་བཟང་སྐྱོང་གནས༴ འུག་མགོ་དཀར་སྔོ་ཀེང་རུས་འཛིན། །ལས་བྱེད་ལྷག་སྡུད་ཌཱ་ཀི་མ། །དེ་ཡི་དབང་༴ པི་ཏ་ཀ་ཧཱུཾ་ཨ་བྷི༴ ༈ བྱང་སེམས་དྲྭ་འོད་གནས༴ ཁྱི་མགོ་མཐིང་ནག་ཀེང་རུས་འཆའ། །དུར་ཁྲོད་འཇོམས་པའི་མཐུ་ལྡན་མ། །དེ་ཡི་དབང་༴ བཛྲ་ཨ་ན་ཡ་ཧཱུཾ་ཨ་བྷི༴ རྡོ་རྗེ་སྙིང་པོ་གནས༴ མཐིང་ནག་ཕག་མགོ་མཱཾ་ས་ཟ། །གཙང་རྨེ་མེད་པར་རྟོག་བྲལ་མ། །དེ་ཡི་དབང་༴ པེ་ཀཱེ་ནི་ཧཱུཾ་ཨ་བྷི༴ ནམ་མཁའ་མཛོད་ནི་གནས༴ སྔོ་ནག་གློ་འདྲེན་རྔ་མོའི་མགོ། །ཡི་དྭགས་འདོད་འཇོམས་ཌཱ་ཀི་མ། །དེ་ཡི་དབང་མཆོག༴ ཛ་དུ་ལ་ཡ་ཧཱུཾ་ཨ་བྷི༴ འོད་དཔག་མེད་པ་གནས༴ ཐོད་དབྱུང་དགྲ་སྟྭ་བོང་བུའི་མགོ། །དབང་བྱེད་འཇོམས་པའི་ཌཱ་ཀི་མ། །དེ་ཡི་དབང་༴ ཏ་ཀི་བི་ཀ་ཏེ་ཧཱུཾ་ཨ་བྷི༴ ༈ མྱ་ངན་ཀུན་འཇོམས་གནས༴ ར་མགོ་དམར་ནག་སྤུ་གྲི་འཛིན། །དགྲ་བགེགས་འཇོམས་གཅོད་མཁའ་འགྲོ་མ། །དེ་ཡི་དབང་༴ བཛྲ་ཏཪྵི་ཏ་ཧཱུཾ་ཨ་བྷི༴ རྒྱལ་བ་ཡེ་ཤེས་གནས༴ དམར་ནག་རུས་འཆའ་བྱི་ལའི་མགོ། །མ་ལུས་སྒྲོལ་བྱེད་ཌཱ་ཀི་མ། །དེ་ཡི་དབང་མཆོག༴ ཀཱ་ལི་པྲ་བེ་ཤ་ཧཱུཾ་ཨ་བྷི༴ བློ་གྲོས་མི་ཟད་གནས༴ དམར་ལྗང་སེང་མགོ་ཀེང་རུས་འཛིན། །ཞེ་སྡང་འཇོམས་པའི་མཁའ་འགྲོ་མ། །དེ་ཡི་དབང་མཆོག༴ ཨུསྟིམྨས་ཧཱུཾ་ཨ་བྷི༴ སྤོབས་པ་བརྩེགས་པ་གནས༴ དམར་སེར་རུས་འཕྲེང་ལྕེ་སྤྱང་མགོ། །དངོས་པོ་ཀུན་འཇོམས་མཁའ་འགྲོ་མ། །དེ་ཡི་དབང་མཆོག༴ ཀ་རཉྫ་ཧཱུཾ་ཨ་བྷི༴ ༈ ངན་སོང་ཀུན་འདྲེན་གནས༴ མཁའ་འགྲོ་སྲིན་མོ་བུམ་སྣ་མ། །རྡོ་རྗེ་ལྕགས་ཀྱུ་ཀ་ཏ་རེ། །དེ་ཡི་དབང་མཆོག༴ སརྦ་ཨ་ཏ་རི་ཧཱུཾ་ཨ་བྷི༴ བྱམས་པ་བརྩེགས་པ་གནས༴ མཁའ་འགྲོ་གཤིན་རྗེ་རྣམ་འཇོམས་མ། །ཞགས་པ་གྲི་ཐོགས་འཛིན་ཅིང་སྒྲོལ། །དེ་ཡི་དབང་མཆོག༴ ས་ལ་ཏ་གི་ཧཱུཾ་ཨ་བྷི༴ སྤོས་ཀྱི་གླང་པོ་གནས༴ མཁའ་འགྲོ་ད་ཤ་གྲཱི་ཝ་སྟེེ། །ལྕགས་སྒྲོག་སྤུ་གྲི་ཟ་བྱེད་མ། །དེ་ཡི་དབང་མཆོག༴ བཛྲ་སརྦ་བྷནྡྷ་ཨ་ཧཱུཾ་ཨ་བྷི༴ སེམས་དཔའ་དོན་གྲུབ་གནས་གྱུར༴ མཁའ་འགྲོ་ཆེན་མོ་འབོད་སྒྲོག་མ། །དྲིལ་བུ་དགྲ་སྟྭས་སྤོར་ཞིང་སྒྲོལ། །དེ་ཡི་དབང་མཆོག་ཁྱོད་ལ་བྱིན། །བཛྲ་སཱ་བྷན་ཨ་ཀི་ཧཱུཾ་ཨ་བྷི་ཥིཉྩ་ཧཱུཾ། ༈ མ་མོ་བདུན་མགོ་དང་གཟུགས་དྲུག་ལ་བསྟིམ་ཞིང་བསྐྱེད་དེ། དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །ཕྱི་རིམ་སྣམ་བུའི་ཕྱོགས་བཞི་རུ། །མ་མོ་བདུན་གྱིས་བསྐོར་བ་ནི། །རྒྱ་མཚོ་ཆེན་མོའི་དཀྱིལ་འཁོར་ནས། །དཔལ་ལྡན་ཤུགས་སྒྲོལ་གཙོ་མོ་སྟེ། །རི་རབ་བསྙིལ་བའི་མཐུ་མོ་ཆེ། །རྡོ་རྗེ་ཀུན་གྲགས་དབང་བསྐུར་རོ། །མ་མ་དྷཱ་ཏུ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཨ་བྷི༴ ༈ ནམ་མཁའ་སྟོང་གི་དཀྱིལ་འཁོར་ནས། །ཐམས་ཅད་ཀུན་ཏུ་ཁྱབ་མཛད་ཅིང་། །མ་ལུས་ཡོངས་ལ་དབང་བསྒྱུར་མ། །ཀུན་ཏུ་བཟང་མོའི་དབང་བསྐུར་རོ། །མ་མ་དྷཱ་ཏུ་ཀྲོ་དྷཱི་ཤྭ་རི་ཧཱུཾ་ཨ་བྷི༴ འཇའ་ཚོན་འབར་བའི་དཀྱིལ་འཁོར་ནས། །མཛེས་པའི་ཚུལ་གྱིས་འོད་འཕྲོ་ཞིང་། །མ་རིག་མུན་པ་སེལ་མཛད་མ། །རྡོ་རྗེ་ཀུན་གསལ་དབང་བསྐུར་རོ། །མ་མ་དྷཱ་ཏུ་ཀྲོ་དྷཱི༴ ཨ་བྷི༴ དམ་ཚིག་ཆེན་པོའི་དཀྱིལ་འཁོར་ནས། །ཕོ་ཉ་མ་སྟེ་དྲུག་ཅུའི་གཙོ། །ཤ་ཆེན་ཁྲག་ལ་ལོངས་སྤྱོད་མ། །རྡོ་རྗེ་ཡེ་ཤེས་དབང་༴ མ་མ་དྷཱ་ཏུ་ཀྲོ་དྷཱི༴ ཨ་བྷི༴ ཁྲག་གི་རྒྱ་མཚོའི་དཀྱིལ་འཁོར་ནས། །རྡོ་རྗེ་དྲྭ་བའི་ཕྲེང་ཐོགས་ཤིང་། །ཕྲིན་ལས་འབྱུང་པོ་ཀུན་འདུལ་མ། །རྡོ་རྗེ་འོད་ཆགས་དབང་༴ མ་མ་དྷཱ་ཏུ༴ ཨ་བྷི༴ མེ་དཔུང་འབར་བའི་དཀྱིལ་འཁོར་ནས། །ཞགས་པ་སྟོང་གི་གདེངས་ལྡན་ཞིང་། །བྱང་ཕྱོགས་རང་གི་འཁོར་འདུས་མ། །རྡོ་རྗེ་འོད་འཕྲོའི་དབང་༴ མ་མ་དྷཱ་ཏུ༴ ཨ་བྷི༴ དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་ནས། །དམ་ཚིག་ཉམས་པ་གསོད་བྱེད་ཅིང་། །བཀའ་ལས་འགལ་བའི་སྙིང་འཕྲོག་མ། །རྡོ་རྗེ་གཡུ་སྒྲོན་དབང་བསྐུར་རོ། །མ་མ་དྷཱ་ཏུ་ཀྲོ་དྷཱི་ཤྭ་རི་ཧཱུཾ་ཨ་བྷི་ཥིཉྩ་ཧཱུཾ། ༈ སྲིང་མོ་བཞི་རྐང་ལག་གི་གསེག་ནེ་བཞི་ལ་བསྟིམ་ཞིང་བསྐྱེད་དེ། དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །ཕྱི་རིམ་སྣམ་བུའི་སྒོ་བཞི་རུ། །སྲིང་མོ་བཞི་ཡིས་བསྐོར་བ་ནི། །གླིང་བཞི་མགྱོགས་མ་ལྷ་ཡི་སྲིང་། །སྐུ་ལ་བྱ་རྒོད་ཐུལ་པ་གསོལ། །ཐུགས་དམ་རྣལ་འབྱོར་གྲོགས་ལ་བརྩོན། །ལྷ་ཡི་སྲིང་མོའི་དབང་བསྐུར་རོ། །བཛྲ་དུནྟིང་བྷྱོ་ཨབྷི༴ མཁའ་ལ་ཁྱུང་ལྡིང་གཤིན་རྗེའི་སྲིང་། །སྐུ་ལ་སྟག་གི་ཐུལ་པ་གསོལ། །ཐུགས་དམ་རྣལ་འབྱོར་གྲོགས་ལ་བརྩོན། །གཤིན་རྗེའི་སྲིང་མོའི་དབང་བསྐུར་རོ། །བཛྲ་དུནྟིང་བྷྱོ་ཨ་བྷི༴ ༈ དམར་མོ་གཡག་ཐོད་ཀླུ་ཡི་སྲིང་། །ན་བཟའ་ཆུ་སྲིན་ལྤགས་པ་གསོལ། །དམ་ཚིག་ཅན་ལ་བརྩེར་དགོངས་མ། །ཀླུ་ཡི་སྲིང་མོའི་དབང་༴ བཛྲ་དུནྟིང་བྷྱོ་ཨ་བྷི༴ ནག་མོ་སྔར་ཆེན་གནོད་སྦྱིན་སྲིང་། །སྐུ་ལ་རྨ་བྱའི་ཐུལ་པ་གསོལ། །དམ་ཚིག་ཅན་ལ་བརྩེར་དགོངས་མ། །གནོད་སྦྱིན་སྲིང་མོའི་དབང་བསྐུར་རོ། །བཛྲ་དུནྟིང་བྷྱོ་ཨ་བྷི༴ ༈ ཀིངྐ་ར་བཅོ་བརྒྱད་གུར་རྩིབ་བཅོ་བརྒྱད་ལ་བསྟིམ་ཞིང་བསྐྱེད་དེ། དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །ཕྱི་རིམ་སྣམ་བུའི་ཕྱོགས་བཞི་རུ། །དཔལ་ཆེན་བཞད་ཞལ་སྤྲུལ་པ་ལས། །ཁྲོ་བོ་ཀིང་གིས་བསྐོར་བ་ནི། །དཔལ་ཆེན་ལས་རྣམས་ཀུན་བྱེད་པ། །མཐིང་ནག་རལ་གྲི་བྷཉྫ་ཐོགས། །གང་ལ་དམིགས་པ་སྒྲོལ་བྱེད་པ། །རྡོ་རྗེ་ཀིང་གི་དབང་བསྐུར་རོ། །ༀ་བཛྲ་ཀ་ཏ་རི་ཤ་ཤྭ་རི་ཧཱུཾ་ཨ་བྷི༴ ཁྲོ་མོ་ཁམས་གསུམ་དབུགས་སྡུད་མ། །སྔོ་ནག་ཐོད་ཁྲག་རལ་གྲི་ཐོགས། །སྒྲོལ་བ་འབའ་ཞིག་ལས་ལ་དགྱེས། །རྡོ་རྗེ་ཀིང་མོའི་དབང་བསྐུར་རོ། །ༀ་བཛྲ་ཀ་ཏ་རི་ཤ་ཤྭ་རི་ཧཱུཾ་ཨ་བྷི༴ ༈ རྡོ་རྗེ་ཀ་ཏར་ཀིངྐ་ར། །དམར་ནག་བྷཉྫ་ཀ་ཏར་འཛིན། །མ་ཐོགས་མྱུར་དུ་སྒྲོལ་བར་བྱེད། །རྡོ་རྗེ་འབྱུང་པོའི་དབང་བསྐུར་རོ། །ༀ་བཛྲ་ཀ་ཏ་རི་ཤ་ཤྭ་རི་ཧཱུཾ་ཨ་བྷི༴ རྡོ་རྗེ་ཀིང་ཆེན་གནོད་སྦྱིན་ནི། །ལྗང་ནག་ཕྱག་གཉིས་སྡིགས་མཛུབ་འཕྱར། །དམ་ཚིག་ཉམས་རྣམས་སྒྲོལ་བྱེད་པ། །རྡོ་རྗེ་ཀིང་གི་དབང་བསྐུར་རོ། །ༀ་བཛྲ་ཀ་ཏ་རི་ཤ་ཤྭ་རི་ཧཱུཾ་ཨ་བྷི༴ རྡོ་རྗེ་ཀིང་ཆེན་སྤྱང་ཀི་ནི། །དམར་ནག་སྤྱང་མགོ་སྤུ་གྲི་ཐོགས། །གསོད་པའི་ལས་ལ་ཤིན་ཏུ་དགྱེས། །རྡོ་རྗེ་ཀིང་གི་དབང་བསྐུར་རོ། །ༀ་བཛྲ་ཀ་ཏ་རི་ཤ་ཤྭ་རི་ཧཱུཾ་ཨ་བྷི༴ རྡོ་རྗེ་ཀིང་ཆེན་གཤིན་རྗེ་ནི། །མཐིང་ནག་བེ་ཅོན་དགྲ་སྟྭ་འཛིན། །མ་ལུས་སྒྲོལ་བའི་ཀིང་ཆེན་ཏེ། །རྡོ་རྗེ་ཀིང་གི་དབང་༴ ༀ་བཛྲ་ཀ་ཏ་རི༴ ཨ་བྷི༴ རྡོ་རྗེ་ཀིང་ཆེན་རོལ་པ་ནི། །དམར་ནག་བྷཉྫ་དཔལ་ཚབ་བསྣམས། །དགྲ་བགེགས་མ་ལུས་ཉལ་ཐག་གཅོད། །རྡོ་རྗེ་ཀིང་གི་དབང་༴ ༀ་བཛྲ་ཀ་ཏ་རི༴ ཨ་བྷི༴ རྡོ་རྗེ་ཀིང་ཆེན་འཆི་བདག་ནི། །ལྗང་སེར་རྡོ་རྗེ་གསོར་ཞིང་བརྡེག །དྲག་ཤུལ་སྒྲོལ་བའི་མཐུ་སྟོབས་ཅན། །རྡོ་རྗེ་ཀིང་གི་དབང་༴ ༀ་བཛྲ་ཀ་ཏ་རི༴ ཨ་བྷི༴ ༈ རྡོ་རྗེ་ཀིང་ཆེན་དུས་མཚམས་ནི། །ལྗང་ནག་ཤཀྟི་བྷཉྫ་ཐོགས། །དགྲ་དང་འབྱུང་པོ་ཀུན་འཇོམས་པའི། །རྡོ་རྗེ་ཀིང་གི་དབང་༴ ༀ་བཛྲ་ཀ་ཏ་རི༴ ཨ་བྷི༴ རྡོ་རྗེ་ཀིང་ཆེན་རོ་ལངས་ནི། །སེར་ནག་ཞིང་གི་དབྱུག་པ་འཕྱར། །གང་ལ་དམིགས་པ་ཡུད་ཀྱིས་འཇོམས། །རྡོ་རྗེ་ཀིང་གི་དབང་བསྐུར་རོ། །ༀ་བཛྲ་ཀ་ཏ༴ ཨ་བྷི༴ རྡོ་རྗེ་ཀིང་ཆེན་འཇོམས་པ་ནི། །སྨུག་ནག་རྡོ་རྗེ་ཐོ་བ་ཐོགས། །བགེགས་ཀྱི་དཔུང་རྣམས་ཡུད་ཀྱིས་འཇོམས། །རྡོ་རྗེ་ཀིང་གི་དབང་༴ ༀ་བཛྲ་ཀ་ཏ༴ ཨ་བྷི༴ ༈ རྡོ་རྗེ་ཀིང་ལྕམ་དབང་སྡུད་ནི། །ལྗང་ནག་རྡོ་རྗེ་ལྕགས་ཀྱུ་འདྲེན། །གང་ལ་དམིགས་པ་ཡུད་ཀྱིས་སྒྲོལ། །རྡོ་རྗེ་ཀིང་ལྕམ་དབང་༴ ༀ་བཛྲ་ཀ་ཏ༴ ཨ་བྷི༴ རྡོ་རྗེ་ཀིང་ལྕམ་དབང་བསྐུར་མ། ཁམས་གསུམ་ཞིང་གི་གཡབ་མོས་འདེབས། །མཐུ་དང་རྫུ་འཕྲུལ་བསམ་མི་ཁྱབ། །རྡོ་རྗེ་ཀིང་ལྕམ་དབང་༴ ༀ་བཛྲ་ཀ་ཏ་རི་ཤ་ཤྭ་རི་ཧཱུཾ་ཨ་བྷི༴ རྡོ་རྗེ་ཀིང་ལྕམ་འཕྲུལ་མོ་ཆེ། །གཟུགས་མེད་རླུང་ལྟར་རྒྱུ་བྱེད་ཅིང་། །གང་ལ་དམིགས་པ་ཡུད་ཀྱིས་འབྲུབ། །རྡོ་རྗེ་ཀིང་ལྕམ་དབང་༴ ༀ་བཛྲ་ཀ་ཏ༴ ཨ་བྷི༴ ༈ རྡོ་རྗེ་ཀིང་ལྕམ་གློག་འགྱུ་མ། །རྫུ་འཕྲུལ་གར་གྱིས་གློག་ལྟར་འགྱུ། །ཅིར་ཡང་བསྒྱུར་བའི་མཐུ་མོ་ཆེ། །རྡོ་རྗེ་ཀིང་མོའི་དབང་༴ ༀ་བཛྲ༴ ཨ་བྷི༴ རྡོ་རྗེ་ཀིང་ལྕམ་མཐུ་མོ་ཆེ། །ལྗང་ནག་ལྕགས་ཀྱི་ཐོ་བ་ཐོགས། །རྦོད་གཏོང་བཅོལ་བ་ལེན་པར་བྱེད། །རྡོ་རྗེ་ཀིང་མོའི་དབང་བསྐུར་རོ། །ༀ་བཛྲ་ཀ་ཏ༴ ཨ་བྷི༴ རྡོ་རྗེ་ཀིང་ལྕམ་རྩལ་མོ་ཆེ། །མཐིང་ནག་རྡོ་རྗེ་དགྲ་སྟྭ་ཐོགས། །ཕྲིན་ལས་རྣ་ཉན་ཕྲ་མ་ཟེར། །རྡོ་རྗེའི་ཀིང་མོའི་དབང་༴ ༀ་བཛྲ་ཀ་ཏ་རི༴ ཨ་བྷི༴ རྡོ་རྗེ་ཀིང་ལྕམ་སྒྲོལ་བྱེད་མ། །སྨུག་ནག་བྷཉྩ་གྲི་ཐོགས་མ། །ཕྲིན་ལས་སྲིད་གསུམ་སྒྲོལ་བྱེད་མ། །རྡོ་རྗེ་ཀིང་མོའི་དབང་༴ ༀ་བཛྲ༴ ཨ་བྷི༴ ༈ འདིར་མགྲོན་ཐབས་སུ་ཀིང་ལྕམ་ཟ་མྱོང་གཉིས་ཀྱི་དབང་ཡང་སྦྱོར་བར་མཛད་པས་རྩིབ་ཐུང་གཉིས་ལ་བསྟིམ་ཞིང་བསྐྱེད་དེ། རྡོ་རྗེ་ཀིང་ལྕམ་ཟ་བྱེད་མ། །མཐིང་ནག་ཕྱག་ན་ལོངས་སྤྱོད་བསྣམས། །ཕྲིན་ལས་ཚོགས་ཀྱི་ཕྱག་ཚང་བྱེད། །རྡོ་རྗེ་ཀིང་མོའི་དབང་༴ ༀ་བཛྲ་ཀ་ཏ༴ ཨ་བྷི༴ རྡོ་རྗེ་ཀིང་ལྕམ་མྱོང་བྱེད་མ། །སྨུག་ནག་ལོངས་སྤྱོད་གཞོང་པ་ཐོགས། །ཕྲིན་ལས་ཚོགས་ཀྱི་ཕྱག་ཚང་མཛད། །རྡོ་རྗེ་ཀིང་མོའི་དབང་༴ ༀ་བཛྲ་ཀ་ཏ་རི་ཤ་ཤྭ་རི་ཧཱུཾ་ཨ་བྷི༴ ༈ སྟེང་གི་ཕོ་ཉ་ཁྲོ་བོ་ཡབ་ཡུམ་ཡ་དྲུག་ཅུ་རྐང་ལག་གི་སོར་ཚིགས་མགོའི་རུས་པ་དྲུག་ཅུ་ལ་ཟུག་པའི་རྒྱབ་རྩ་རེ་དང་བཅས་པ་ལ་བསྟིམ་ཞིང་བསྐྱེད་དེ། དབང་གི་དཀྱིལ་འཁོར་ཆེན་པོ་འདིར། །སྐུ་ཡི་འོད་ཟེར་རྣམ་དྲུག་ལས། །སུམ་བརྒྱ་དྲུག་ཅུའི་གདོན་བསྒྲལ་ཕྱིར། །ཕོ་ཉ་སུམ་བརྒྱ་དྲུག་ཅུར་སྤྲུལ། །དེ་ལས་སྟེང་གི་ཕོ་ཉ་ནི། །ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གི། །དགྲ་གདོན་མ་ལུས་འདུལ་བའི་ཕྱིར། །སྐུ་ཡི་འོད་ཟེར་མཐིང་ནག་ལས། །ཁྲོ་བོ་ཁྲོ་མོ་དྲུག་ཅུ་སྤྲུལ། །རྣམ་རྒྱལ་རྡོ་རྗེ་ཐོ་བ་དཀར། །རྡོ་རྗེ་སྙེམས་མ་ཐོད་ཁྲག་ཐོགས། །དྲི་ཟའི་གདོན་འདུལ་མཐུ་རྩལ་ཅན། །ཁྲོ་བོ་ཁྲོ་མོའི་དབང་ཐོབ་ཤོག །ཀྲོ་དྷ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ་ཨ་བྷི་ཥིཉྩ་ཧཱུཾ། དབྱུག་སྔོན་སྡིགས་མཛུབ་རིན་ཆེན་སྔོ། །རྡོ་རྗེ་སྡེར་མོ་དུང་དམར་ཐོགས། །མཐུ་ལྡན་དྲང་སྲོང་གདོན་འདུལ་བའི། །ཁྲོ་བོ་ཁྲོ་མོའི་དབང་༴ ཀྲོ་དྷ་ཀྲོ་དྷཱི༴ ཨ་བྷི༴ གཤིན་རྗེ་གཤེད་མཐིང་དབྱུག་ཐོ་ཞགས། །རྡོ་རྗེ་དུར་ཁྲོད་དུང་དམར་ཐོགས། །ང་རྒྱལ་མཐུ་ཆེན་གཤིན་རྗེ་འདུལ། །ཁྲོ་བོ་ཁྲོ་མོའི༴ ཀྲོ་དྷ་ཀྲོ་དྷཱི༴ ཨ་བྷི༴ མི་གཡོ་རལ་གྲི་ཁུ་ཚུར་སྨུག །རྡོ་རྗེ་གཏུན་ཁུང་དུང་དམར་ཐོགས། །རྫུ་འཕྲུལ་མཐུ་ཆེན་སྲིན་མོ་འདུལ། །ཁྲོ་བོ༴ ཀྲོ་དྷ༴ ཨ་བྷི༴ རྟ་མགྲིན་མདའ་གཞུ་པདྨ་དམར། །རྡོ་རྗེ་གཏུམ་མོ་དུང་དམར་ཐོགས། །གཏི་མུག་ཀླུ་འདུལ་ཐུགས་རྗེའི་རྩལ། །ཁྲོ་བོ༴ ཀྲོ་དྷ༴ ཨ་བྷི༴ གཞན་གྱིས་མི་ཐུབ་དགྲ་སྟྭ་གཏུན། །རྡོ་རྗེ་མདའ་སྙེམས་དུང་དམར་སྔོ། །མཐུ་དང་རྫུ་འཕྲུལ་རླུང་གདོན་འདུལ། །ཁྲོ་བོ༴ ཀྲོ་དྷ༴ ཨ་བྷི༴ བདུད་རྩི་འཁྱིལ་ལྗང་རྒྱ་གྲམ་འཕྱར། །རྡོ་རྗེ་རླུང་འབྱིན་དུང་དམར་ཐོགས། །དྲག་པོའི་མཐུ་ཡིས་གནོད་སྦྱིན་འདུལ། །ཁྲོ་བོ༴ ཀྲོ་དྷ༴ ཨ་བྷི༴ སུམ་རྒྱལ་རྡོ་རྗེ་ཐོ་བ་ནག །རྡོ་རྗེ་གསོད་བྱེད་དུང་དམར་སྟོབ། །དྲག་ཤུལ་མཐུ་ཡིས་འབྱུང་པོ་འདུལ། །ཁྲོ་བོ༴ ཀྲོ་དྷ༴ ཨ་བྷི༴ སྟོབས་ཆེན་དུད་ཁ་རྔ་ཡབ་དུང་། །རྡོ་རྗེ་བསྐྱེད་བྱེད་དུང་དམར་སྟོབ། །མཐུ་སྟོབས་ལྡན་པས་ས་གདོན་འདུལ། །ཁྲོ་བོ༴ ཀྲོ་དྷ༴ ཨ་བྷི༴ ཧཱུཾ་མཛད་དམར་སྐྱ་མདའ་གཞུ་འགེངས། །རྡོ་རྗེ་སྒྲ་འབྱིན་དུང་དམར་ཐོགས། །ཉི་ཟླ་གཟའ་སྐར་གནམ་གདོན་འདུལ། །ཁྲོ་བོ༴ ཀྲོ་དྷ༴ ཨ་བྷི༴ རྡོ་རྗེ་ཕུར་མཐིང་ཕུར་བུ་འདྲིལ། །ཁྲོ་མོ་རྒྱས་འདེབས་དུང་དམར་ཐོགས། །མཐུ་དབང་དགྲ་དང་ལྷ་གདོན་འདུལ། །ཁྲོ་བོ༴ ཀྲོ་དྷ༴ ཨ་བྷི༴ རྨེ་བརྩེགས་མཐིང་ནག་རྡོ་རྗེ་ཐོགས། །ཁྲོ་མོ་འདམ་འབྱིན་དུང་དམར་བཀང་། །རྟོག་འཇོམས་བདུད་དང་རུ་དྲ་འདུལ། །ཁྲོ་བོ༴ ཀྲོ་དྷ༴ ཨ་བྷི༴ ཡཀྵ་ཕུར་བུ་སྡིགས་མཛུབ་ལྗང་། །ཡཀྨོ་དུང་ཆེན་སྙིང་ཁྲག་བཅས། །དམ་ཚིག་ཉམས་དང་དམ་སྲི་འདུལ། །ཁྲོ་བོ༴ ཀྲོ་དྷ༴ ཨ་བྷི༴ ཁྲོ་བོ་དམར་ནག་རྡོ་རྗེ་ཐོགས། །དབང་སྒྱུར་བྷཉྫ་རཀྟས་བཀང་། །མཐུ་རྩལ་ཆེན་པོས་མ་གདོན་འདུལ། །ཁྲོ་བོ༴ ཀྲོ་དྷ༴ ཨ་བྷི༴ ཁྲོ་བོ་ས་འོག་ཐོད་སྤྲུལ་ལྗང་། །ས་འོག་མོ་ནི་རྡོ་རྗེ་ཐོད། །རྫུ་འཕྲུལ་མཐུ་ཡིས་རྨུ་གདོན་འདུལ། །ཁྲོ་བོ༴ ཀྲོ་དྷ༴ ཨ་བྷི༴ ཁྲོ་བོ་རབ་འཁྲུག་རལ་གྲི་སྔོ། །ཁྲོ་མོ་རབ་འཇིགས་ཐོད་ཁྲག་ཐོགས། །མཐུ་རྩལ་གདོན་ཆེན་བཅོ་བརྒྱད་འདུལ། །ཁྲོ་བོ༴ ཀྲོ་དྷ༴ ཨ་བྷི༴ མ་ཧཱ་ཀཱ་ལ་དམར་ནག་ཞགས། །ཁྲོ་མོ་རལ་སྒྲེང་ཐོད་ཁྲག་འཛིན། །མཐུ་ཆེན་ཡ་བདུད་འདུལ་བར་མཛད། །ཁྲོ་བོ༴ ཀྲོ་དྷ༴ མི་འཆི་ཐབས་སྦྱོར་ཐལ་རྡེབ་སྔོ། །ཁྲོ་མོ་འཇོམས་ཆེན་དུང་དམར་ཅན། །མཐུ་ཆེན་སྲི་ཅན་རྡུལ་དུ་རློག །ཁྲོ་བོ༴ ཀྲོ་དྷ༴ ཨ་བྷི༴ གུ་ལང་སྨུག་ནག་གཏུན་ཤིང་བརྡེག །ཁྲོ་མོ་ལས་ཀུན་བྷན་དམར་བཀང་། །མཐུ་རྩལ་ཁམས་གསུམ་གསད་གསོ་མཛད། །ཁྲོ་བོ༴ ཀྲོ་དྷ༴ ཨ་བྷི༴ རབ་རྔམས་ལྗང་ནག་རྡོ་རྗེ་དུང་། །གཏུམ་ཆེན་ཐོད་ཁྲག་ཙིཏྟ་བསྣམས། །མཐུ་ཆེན་བརྗེད་བྱེད་གདོན་རྣམས་འདུལ། །ཁྲོ་བོ༴ ཀྲོ་དྷ༴ ཨ་བྷི༴ གསུམ་སྣང་བེ་ཅོན་སྡིགས་མཛུབ་མཐིང་། །མི་ཕམ་སྔོ་ནག་དུང་ཆེན་ཐོགས། །མཐུ་རྩལ་ཆེ་བས་ཤར་གདོན་འདུལ། །ཁྲོ་བོ༴ ཀྲོ་དྷ༴ ཨ་བྷི༴ གསུམ་འདུལ་དམར་ནག་ཐོ་བ་འཕྱར། །ཁྲོ་མོ་ལྕགས་ཀྱུ་མ་ལྕགས་ཀྱུ། །ཤར་སྒོ་བསྲུང་ཞིང་ཤར་གདོན་འདུལ། །ཁྲོ་བོ༴ ཀྲོ་དྷ༴ ཨ་བྷི༴ རྔམས་ཆེན་སྨུག་ནག་བེ་ཅོན་སྡིགས། །ཁྲོ་མོ་དབང་སྡུད་ཐོད་ཁྲག་འཆང་། །རྩལ་ཆེན་བདུད་དང་སྲིན་པོ་འདུལ། །ཁྲོ་བོ༴ ཀྲོ་དྷ༴ ཨ་བྷི༴ གསུམ་འཇིགས་དམར་ནག་ཐོ་བ་འཕྱར། །ཁྲོ་གཉེར་ཅན་མ་ཐོད་ཁྲག་ཐོགས། །མཐུ་རྩལ་ཆེ་བས་ལྷོ་གདོན་འདུལ། །ཁྲོ་བོ༴ ཀྲོ་དྷ༴ ཨ་བྷི༴ གསུམ་འཆིང་སྔོ་ནག་དབྱུག་ཐོ་འཕྱར། །ཁྲོ་མོ་ཞགས་པ་དུང་དམར་ཞགས། །ལྷོ་སྒོ་བསྲུང་ཞིང་ལྷོ་གདོན་འདུལ། །ཁྲོ་བོ༴ ཀྲོ་དྷ༴ ཨ་བྷི༴ པད་རྒྱལ་དམར་ནག་རལ་གྲི་འཕྱར། །རོ་ལངས་ཅན་མ་ཐོད་ཁྲག་འཛིན། །མཐུ་རྩལ་ཆེ་བས་ནུབ་གདོན་འདུལ། །ཁྲོ་བོ༴ ཀྲོ་དྷ༴ ཨ་བྷི༴ བེ་ཅོན་རཏྣའི་བེ་ཅོན་སྔོ། །ཁྲོ་མོ་ལྕགས་སྒྲོག་དེ་བཞིན་དུ། །ནུབ་སྒོ་བསྲུང་ཞིང་ནུབ་གདོན་འདུལ། །ཁྲོ་བོ་ཁྲོ་མོའི་དབང་ཐོབ་ཤོག །ཀྲོ་དྷ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ་ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཐོ་བ་དུད་ཁ་ཐོ་། །ཁྲོ་མོ་ཟ་བྱེད་དུང་དམར་ཐོགས། །མཐུ་རྩལ་མ་མོ་གཤིན་རྗེ་འདུལ། །ཁྲོ་བོ་ཁྲོ་མོའི་དབང་ཐོབ་ཤོག །ཀྲོ་དྷ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ་ཨ་བྷི་ཥིཉྩ་ཧཱུྃ། ཀ་ཏི་དམར་ནག་གྲི་སྡིགས་མཛུབ། །ཁྲོ་མོ་རལ་གཅིག་དུང་ཁྲག་ཐོགས། །མཐུ་རྩལ་ཆེན་པོས་བྱང་གདོན་འདུལ། །ཁྲོ་བོ་ཁྲོ་མོ་དབང་ཐོབ་ཤོག །ཀྲོ་དྷ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ་ཨ་བྷི༴ ༈ རྡོ་རྗེ་གོ་ཆ་མཐིང་ནག་གོ། །ཁྲོ་མོ་དྲིལ་འཁྲོལ་ཐོད་ཁྲག་དྲིལ། །བྱང་སྒོ་བསྲུང་ཞིང་བྱང་གདོན་འདུལ། །ཁྲོ་བོ་ཁྲོ་མོའི་དབང་ཐོབ་ཤོག །ཀྲོོ་དྷ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ་ཨ་བྷི་ཥིཉྩ་ཧཱུཾ། སྐུའི་ཕོ་ཉ་མོ་དྲུག་ཅུ་ལག་གཡས་ཀྱི་སོར་ཚིགས་བཅོ་ལྔའི་གཡས་གཡོན་གྱི་རྩ་གཉིས་གཉིས་ཏེ་བཞིར་བསྟིམ་ཞིང་བསྐྱེད་ལ། འཇིགས་བྱེད་འབར་བའི་སྐུར་སྤྲུལ་པས། །དྲི་ཟའི་དགྲ་གདོན་འདུལ་བའི་ཕྱིར། །ཤར་ཕྱོགས་འོད་ཟེར་དཀར་པོ་ལས། །དུང་གི་མི་མོ་དྲུག་ཅུ་སྤྲུལ། །རྡོ་རྗེ་འབར་བའི་ཕོ་ཉ་མོ། །དཀར་མོ་མཐོང་བྱེད་ལྕགས་ཀྱུ་མ། །ཡིད་ཀྱིས་ཕྱིན་ཅིང་བསམ་པས་འགྲུབ། །དབང་འདི་བུ་ལ་བསྐུར་བར་བྱ། །བྷ་ན་བྷ་ན་ཨངྐུ་ཤ་ཛཿ ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་སྡེར་མོ་ཕོ་ཉ་མོ། །དཀར་མོ་འཛིན་བྱེད་ཞགས་པ་འདེབས། །གར་ཡང་ཐོགས་མེད་གློག་འགྱུ་བའི། །དབང་འདི་བུ་ལ་བསྐུར༴ བྷ་ན་བྷ་ན༴ ཨ་བྷི༴ ཕོ་ཉ་རྡོ་རྗེ་ཀཱི་ལ་ཡ། །དཀར་མོ་ཐོག་མེད་དམིགས་གསལ་མ། །འཇིགས་བྱེད་སྙིང་གི་ཞགས་འཕེན་མ། །དབང་འདི་བུ་ལ༴ བྷ་ན༴ ༈ ཕོ་ཉ་རྡོ་རྗེ་འབིགས་པ་མོ། །དཀར་མོ་ཤེལ་གྱི་མདའ་འཕེན་མ། །གང་ལ་དམིགས་པ་གྲུབ་བྱེད་མ། དབང་འདི༴ བྷ་ན༴ རྡོ་རྗེ་ཕོ་ཉ་རོ་ལངས་མ། །དཀར་མོ་ལག་ན་གྲི་ཐོགས་མ། །མགྱོགས་བྱེད་དུར་ཁྲོད་ཁྱབ་འགྲོ་མའི། །དབང་འདི༴ བྷ་ན༴ རྡོ་རྗེ་དྲག་མོ་ཕོ་ཉ་མོ། །དཀར་མོ་ལག་ན་མདུང་ཐོགས་མ། །གང་ལ་མངགས་པ་གྲུབ་བྱེད་མའི། །དབང་འདི༴ བྷ་ན༴ ༈ རྡོ་རྗེ་ཕོ་ཉ་མགྱོགས་པ་མོ། །དཀར་མོ་མི་སྲིན་གཡབ་མོས་འདེབས། །ཏིང་འཛིན་ཡིད་ཀྱི་ཕོ་ཉ་མའི། །དབང་འདི༴ བྷ་ན༴ ཕོ་ཉ་རྡོ་རྗེ་གཏུམ་མོ་ནི། །དཀར་མོ་སྙིང་འབྱིན་ཆོ་ངེས་འདེབས། །སྒྲོལ་བྱེད་ཕོ་ཉ་ཙིཏྟ་ཡི། །དབང་འདི༴ བྷ་ན༴ ཕོ་ཉ་རྡོ་རྗེ་འབེབས་མ་ནི། །དཀར་མོ་གར་བྱེད་གླུ་ལེན་མཁན། །ལས་ལ་འདྲིད་པའི་ཕོ་ཉ་མའི། །དབང་འདི༴ བྷ་ན༴ ༈ ཕོ་ཉ་རྡོ་རྗེ་གསལ་མ་ནི། །དཀར་མོ་དུང་ཕྲེང་ཀླད་ལ་བསྐོར། །ས་མ་ཡ་ཡི་ཁུས་འདེབས་མའི། །དབང་འདི༴ བྷ་ན༴ རྡོ་རྗེ་ཕོ་ཉ་བསྟོད་མ་ནི། །དཀར་སྐྱ་དར་དཀར་གཡབ་འདོར་མ། །རྒྱལ་བས་ཡོན་ཏན་ཆེར་བསྟོད་པས། །རྡོ་རྗེ་ཕོ་ཉ་ཆེན་མོ་ཡི། །དབང་འདི༴ བྷ་ན༴ རྡོ་རྗེ་ཕོ་ཉ་འགུགས་བྱེད་མ། །དཀར་མོ་བདུད་ཀྱི་རྙིང་འབྱིན་མ། །གྲུབ་པར་མི་འགྱུར་གང་ཡང་མེད། །རྡོ་རྗེ་ཕོ་ཉ་སྐུར་བཅས་ཀྱི། །དབང་འདི༴ བྷ་ན༴ ༈ རྡོ་རྗེ་ཕོ་ཉ་ཐོགས་པ་མེད། །དཀར་དམར་ལག་ན་ཟངས་གྲི་འཆང་། །དཔའ་བོ་ཆེན་མོ་ཐོགས་མེད་མའི། །དབང་འདི༴ བྷ་ན༴ རྡོ་རྗེ་ཕོ་ཉ་བསྐྱོད་མ་ནི། །དཀར་དམར་རླུང་གི་ཞགས་པ་ཐོགས། །རྣལ་འབྱོར་ཕྲིན་ལས་བསྐྱོད་བྱེད་མའི། །དབང་འདི༴ བྷ་ན༴ རྡོ་རྗེ་ཕོ་ཉ་འཆང་བདག་མོ། །དཀར་དམར་འཛིན་བྱེད་ཞག་ཐོགས་མ། །རླུང་ཡང་འཆོར་བ་མེད་པར་འདེབས། །དབང་འདི༴ བྷ་ན༴ ༈ རྡོ་རྗེ་ཕོ་ཉ་ཕྲ་མེན་མ། །དཀར་དམར་མེ་ཡི་སྒྲོན་ཁྱེར་མ། །དོན་དང་རྟགས་སུ་བཅས་ནས་འཛིན། །དབང་འདི༴ བྷ་ན༴ རྡོ་རྗེ་ཕོ་ཉ་མྱུར་བྱེད་མ། །དཀར་དམར་གློག་གི་ཞགས་ཐོགས་མ། །གང་བཟུང་ཡུད་ཀྱིས་འདེབས་པར་བྱེད། །དབང་འདི༴ བྷ་ན༴ རྡོ་རྗེ་ཕོ་ཉ་བསྐུལ་བྱེད་མ། །དཀར་དམར་སྐར་མདའི་འོད་འཕེན་མ། །ཐུགས་དམ་བསྐུལ་ཞིང་ཕྲིན་ལས་མཛད། །དབང་འདི༴ བྷ་ན༴ ༈ རྡོ་རྗེ་ཕོ་ཉ་གསལ་བཀྲ་མོ། །དཀར་དམར་རྡོ་རྗེའི་ཞགས་འཕེན་མ། །སུས་ཀྱང་མི་བཟློག་ཐུབ་པར་དཀའ། །དབང་འདི༴ བྷ་ན༴ རྡོ་རྗེ་ཕོ་ཉ་ཡང་དག་མོ། །དཀར་དམར་དུང་གི་ལན་ཕྲན་འདེབས། ཁམས་གསུམ་ས་དགུ་ཡིད་ཀྱིས་ཁྱབ། །དབང་འདི༴ བྷ་ན༴ རྡོ་རྗེ་ཕོ་ཉ་ཆེ་བ་མོ། །དཀར་སེར་རྡོ་རྗེ་རྩེ་གཅིག་འཕེན། །ཐུགས་དམ་དབང་གིས་རྟགས་སྟོན་མ། །རྡོ་རྗེ་ཐུགས་ཀྱི་ཕོ་ཉ་མོའི། །དབང་འདི༴ བྷ་ན༴ ༈ རྡོ་རྗེ་ཕོ་ཉ་གནོན་མཛད་མོ། །དཀར་སེར་རྡོ་རྗེའི་བྲག་འཕེན་མོ། །རི་རབ་རྩེ་ཡང་གནོན་བྱེད་མའི། །དབང་འདི༴ བྷ་ན༴ རྡོ་རྗེ་ཕོ་ཉ་དབང་ཕྱུག་མ། །དཀར་སེར་ཏྲི་ཤུལ་གཟེ་མོ་འཛིན། །དུག་གསུམ་ནད་རྣམས་འཇོམས་མཛད་མའི། །དབང་འདི༴ བྷ་ན༴ རྡོ་རྗེ་ཕོ་ཉ་སྲེ་མོ་ནི། །དཀར་སེར་ལྕགས་ཀྱུ་དམར་པོ་ཐོགས། །བརྡབས་པ་ཙམ་གྱིས་གང་ཡང་ཁུག །དབང་འདི༴ བྷ་ན༴ ༈ རྡོ་རྗེ་ཕོ་ཉ་ཁ་འབར་མ། །དམར་སེར་སྤྲིན་གྱི་གོ་ཟུ་ཅན། ཁ་ནས་མེ་འབར་རྒྱ་མཚོ་སྐྱེམས། །དབང་འདི༴ བྷ་ན༴ རྡོ་རྗེ་ཕོ་ཉ་གསལ་བྱེད་མ། །དཀར་སེར་དུང་གི་འཁོར་ལོ་འཕེན། །གང་ལ་བྱ་བ་ས་ལེར་གསལ། །དབང་འདི༴ བྷ་ན༴ རྡོ་རྗེ་ཕོ་ཉ་ཁྲོ་མོ་ནི། །དཀར་སེར་ཁྲོ་མོའི་གཟུགས་འཆང་མ། །དེ་བཞིན་ལག་ན་གཡང་གཞི་རྡེབ། །དབང་འདི༴ བྷ་ན༴ ༈ རྡོ་རྗེ་ཕོ་ཉ་འཆང་མ་ནི། །དཀར་སེར་རྡོ་རྗེ་ཕུར་བུ་འཆང་། །གང་ལ་བྱ་བའི་སྙིང་ལ་འདེབས། །དབང་འདི༴ བྷ་ན༴ རྡོ་རྗེ་ཕོ་ཉ་གཏུམ་མོ་ནི། །དཀར་སེར་རྡོ་རྗེ་ཐོ་བ་ཐོགས། །གང་ལ་དམིགས་པ་ཡུད་ཀྱིས་འཇོམས། །དབང་འདི༴ བྷ་ན༴ རྡོ་རྗེ་ཕོ་ཉ་ཁྲོས་མ་ནི། །དམར་སེར་རྡོ་རྗེ་བེ་ཅོན་འཕྱར། །ཁྲོས་བཞིན་གདོང་ལ་དཔའ་བརྟུལ་ཆེ། །དབང་འདི༴ བྷ་ན༴ ༈ རྡོ་རྗེ་ཕོ་ཉ་ལས་བྱེད་མ། །དམར་སེར་གཅོད་པའི་རལ་གྲི་འཛིན། །སེམས་ཅན་སྐྱེ་ཤི་རྩད་གཅོད་མ། །དབང་འདི༴ བྷ་ན༴ རྡོ་རྗེ་ཕོ་ཉ་དུས་མཚན་མ། །དམར་སེར་ལག་ན་ཤཀྟི་ཐོགས། །མ་ལུས་འཇོམས་པའི་ལས་མཛད་མའི། །དབང་འདི༴ བྷ་ན༴ རྡོ་རྗེ་ཕོ་ཉ་ཐར་པ་མོ། །དམར་སེར་ལག་ན་གཏུན་ཤིང་འཛིན། །རྡུལ་དུ་རློག་པའི་ལས་མཛད་མའི། །དབང་འདི༴ བྷ་ན༴ ༈ རྡོ་རྗེ་ཕོ་ཉ་ཀུན་མ་ལ། །དམར་སེར་ལག་ན་ལྕགས་ཀྱུ་འདེབས། །མ་ལུས་འཛིན་པའི་ཀིང་ཆེན་མའི། །དབང་༴ བྷ་ན༴ རྡོ་རྗེ་ཕོ་ཉ་དཔལ་འབར་མ། །དམར་སེར་རས་ཀྱི་ཞགས་པ་འདེབས། །དཔལ་ཆེན་སྐུ་ལ་སྦྱོར་མཛད་མའི། །དབང་༴ བྷ་ན༴ རྡོ་རྗེ་ཕོ་ཉ་བསྐྱོད་ཆེན་མ། །དམར་སེར་རླུང་གི་རྐྱལ་པ་ཐོགས། །བསྐལ་པའི་མེ་ཆེན་གཏོར་བ་ཡི། །དབང་༴ བྷ་ན༴ ༈ རྡོ་རྗེ་ཕོ་ཉ་ལུས་འཕྲོག་མ། །དཀར་སེར་ལྕགས་ཀྱི་ཚྭ་ཚྭ་འཕྲོ། །བ་སྤུ་སྲ་མཁྲེགས་རྡོ་རྗེའི་སྤུ། །དབང་འདི༴ བྷ་ན༴ རྡོ་རྗེ་ཕོ་ཉ་ངག་འཕྲོག་མ། །དམར་སེར་ལྐུགས་བྱེད་ལྕགས་ཀྱུ་ཅན། །སྨྲ་བ་ངག་གི་ལྕེ་འཕྲོག་མའི། །དབང་འདི༴ བྷ་ན༴ རྡོ་རྗེ་ཕོ་ཉ་ཡིད་གཏུམ་མ། །དཀར་སེར་སེན་མོས་སྙིང་འབྱིན་མ། །ཐུགས་རྗེས་བདུད་སྲིན་མྱོས་ཤིང་རླམ། །དབང་འདི༴ བྷ་ན༴ ༈ རྡོ་རྗེ་ཕོ་ཉ་བདེ་ཆེན་མོ། །དམར་སེར་རལ་པའི་གཡབ་མོས་འདེབས། །ཐུགས་རྗེས་བསྒྲལ་བའི་ཞིང་བཅུ་སྒྲོལ། །དབང་འདི༴ བྷ་ན༴ རྡོ་རྗེ་ཕོ་ཉ་གསོད་བྱེད་མ། །དཀར་སྔོ་དུང་གི་ཞགས་པ་ཅན། །ཐུགས་རྗེས་ཞིང་བཅུ་སྒྲོལ་ལ་བརྩོན། །དབང་འདི༴ བྷ་ན༴ རྡོ་རྗེ་ཕོ་ཉ་རླངས་པ་མོ། །དཀར་སྔོ་དུང་གི་རླངས་པ་བསྣམས། །ཐུགས་རྗེས་བདུད་དང་སྲིན་པོ་སྒྲོལ། །དབང་འདི༴ བྷ་ན༴ ༈ རྡོ་རྗེ་ཕོ་ཉ་གསོད་པ་མོ། །དཀར་སྔོ་ཤེལ་གྱི་གྲི་ཐོགས་མ། །གསོད་པ་འབའ་ཞིག་ལས་ལ་དགྱེས། །དབང་འདི༴ བྷ་ན༴ རྡོ་རྗེ་ཕོ་ཉ་ཟ་བ་མོ། །དཀར་སྔོ་མཱཾ་ས་ཟས་སུ་ཟ། །གཏི་མུག་གཏན་ནས་ཟད་མཛད་པའི། །དབང་འདི༴ བྷ་ན༴ རྡོ་རྗེ་ཕོ་ཉ་ཁྲག་འཐུང་མ། །དཀར་སྔོ་བྷཉྫར་ཁྲག་འཐུང་བས། །འདོད་ཆགས་གཏན་ནས་ཟད་མཛད་པའི། །དབང་འདི༴ བྷ་ན༴ ༈ རྡོ་རྗེ་ཕོ་ཉ་འཆའ་བ་མོ། །དཀར་སྔོ་ཀེང་རུས་ཁྲལ་ཁྲོལ་འཆའ། །ཞེ་སྡང་གཏན་ནས་ཟད་མཛད་མའི། །དབང་འདི༴ བྷ་ན༴ རྡོ་རྗེ་ཕོ་ཉ་ཚེ་ལེན་མ། །དཀར་སྔོ་དར་གྱི་གཡབ་འདོར་བས། །སྡང་བ་དགྲ་ཡི་ཚེ་འཕྲོག་མའི། །དབང་འདི༴ བྷ་ན༴ རྡོ་རྗེ་ཕོ་ཉ་མདངས་ལེན་མ། །དཀར་སྔོ་དུང་གི་པར་བུ་ཐོགས། །གང་ལ་དམིགས་པའི་མདངས་འཕྲོག་མའི། །དབང་འདི༴ བྷ་ན༴ ༈ རྡོ་རྗེ་ཕོ་ཉ་སྲོག་འཕྲོག་མ། །དཀར་སྔོ་ལག་གཡས་ཙིཏྟ་འབྱིན། །སྐད་ཅིག་ཡུད་ལ་ཉམས་པ་ལེན། །དབང་འདི༴ བྷ་ན༴ རྡོ་རྗེ་ཕོ་ཉ་སྙིང་འབྱིན་མ། །དཀར་སྔོ་སྙིང་གི་ཕྲེང་བ་འདྲེན། །རྣམ་ཤེས་ཕུང་པོ་གཏན་སྟོབ་པའི། །དབང་འདི༴ བྷ་ན༴ རྡོ་རྗེ་ཕོ་ཉ་གཅོད་བྱེད་མ། །དཀར་ལྗང་ཤེལ་གྱི་དགྲ་སྟྭ་འཕྱར། །རྒྱུད་དྲུག་འཁོར་བ་རྩད་གཅོད་མའི། །དབང་འདི༴ བྷ་ན༴ ༈ རྡོ་རྗེ་ཕོ་ཉ་བསྐུལ་བྱེད་མ། །དཀར་མོ་ཕྱག་ན་ལྕགས་ཀྱུ་ཅན། །ཞིང་བཅུ་བསྒྲལ་ནས་ཐུགས་དམ་བསྐུལ། །དབང་འདི༴ བྷ་ན༴ རྡོ་རྗེ་ཕོ་ཉ་སྣ་ཚོགས་གཟུགས། །བསེ་ཡི་ལྡན་དཀར་ཟབ་སློག་གསོལ། །མ་ལུས་སྒྲོལ་བྱེད་བྱ་ར་མའི། །དབང་འདི༴ བྷ་ན༴ རྡོ་རྗེ་ཕོ་ཉ་སྨྱོན་མ་ནི། །དཀར་ལྗང་ཤེལ་གྱི་རྡོ་རྗེ་འཕེན། །གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ། །དབང་འདི༴ བྷ་ན༴ ༈ རྡོ་རྗེ་ཕོ་ཉ་འཇུག་བྱེད་མ། །དཀར་ལྗང་ཕྱག་ན་ཁྲ་ཐོགས་མ། །གསོད་ཅིང་འཇུམས་པའི་རྫུ་འཕྲུལ་ཅན། །དབང་འདི༴ བྷ་ན༴ རྡོ་རྗེ་ཕོ་ཉ་ཡིད་འཕྲོག་མ། །དཀར་ལྗང་ཚོན་གྱི་གྲུ་གུ་ཐོགས། །སྣ་ཚོགས་འོད་ཀྱིས་བྱད་དུ་འཛུད། །དབང་འདི༴ བྷ་ན༴ རྡོ་རྗེ་ཕོ་ཉ་རོ་རྐུན་མ། །དཀར་ལྗང་ཞིང་གི་རོ་ཁུར་མ། །དུར་ཁྲོད་བགེགས་ཀྱི་ཚོགས་འཇོམས་མའི། །དབང་འདི༴ བྷ་ན༴ ༈ རྡོ་རྗེ་ཕོ་ཉ་རྫུ་བྱེད་མ། །དཀར་ལྗང་རླུང་གི་ཞགས་པས་འདེབས། །ཅིར་ཡང་སྤྲུལ་པའི་སྐུ་གཅིག་མ། །དབང་འདི༴ བྷ་ན༴ རྡོ་རྗེ་ཕོ་ཉ་འཇིགས་བྱེད་མ། །དཀར་ལྗང་དུང་གི་མཆེ་བ་འབྱིན། །འཇིགས་ཤིང་སྐྲག་པའི་རྫུ་འཕྲུལ་ཅན། །དབང་འདི༴ བྷ་ན༴ རྡོ་རྗེ་ཕོ་ཉ་བཅུད་ལེན་མ། །དཀར་ལྗང་གཡུ་ཡི་ཟ་མ་ཏོག །ཁམས་གསུམ་ཚེ་སྡུད་ཕོ་ཉ་མོའི། །དབང་འདི་བུ་ལ་བསྐུར་བར་བྱ། །བྷ་ན་བྷ་ན་ཨངྐུ་ཤ་ཛཿ ཨ་བྷི་ཥིཉྩ་ཧཱུཾ། ༈ ཡོན་ཏན་གྱི་ཕོ་ཉ་མོ་དྲུག་ཅུ་ལག་གཡོན་གྱི་སོར་ཚིགས་བཅོ་ལྔའི་གཡས་གཡོན་གྱི་རྩ་བཞིར་བསྟིམ་ཞིང་བསྐྱེད་ལ། དགྲ་དང་གཤིན་རྗེའི་གདོན་འདུལ་ཕྱིར། །འཇིགས་བྱེད་ཕོ་ཉའི་སྐུར་སྤྲུལ་པ། །ལྷོ་ཕྱོགས་འོད་ཟེར་སེར་པོ་ལས། །གསེར་གྱི་མི་མོ་དྲུག་ཅུ་བྱུང་། །ཡོན་ཏན་ཕོ་ཉ་དབྱིངས་ཕྱུག་མ། །སེར་ནག་མེ་ཡི་ཞགས་པ་ཐོགས། །ཅི་བགྱི་ཞེས་ཀྱང་ཐོགས་པ་མེད། །དབང་འདི་བུ་ལ་བསྐུར་བར་བྱ། །ཧ་ལ་ཧ་ལ་པཱ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཡོན་ཏན་ཕོ་ཉ་མཁའ་འགྲོ་མ། །སེར་ནག་སྡིགས་མཛུབ་གྱད་དོར་ཅན། །ལྷག་མ་ལེན་ཞིང་སྒྲུབ་ལ་འགོད། །དབང་འདི་བུ་ལ༴ ཧ་ལ་ཧ་ལ༴ ཡོན་ཏན་ཕོ་ཉ་མཐུ་འབེབས་མ། །དམར་སེར་བ་དན་གཡབ་འདོར་མ། །སྒྲུབ་པ་པོ་ལ་མཐུ་བྱིན་འབེབས། །དབང་འདི༴ ཧ་ལ༴ ༈ ཡོན་ཏན་ཕོ་ཉ་སྲ་བ་མོ། །སེར་ནག་རྡོ་རྗེའི་གོ་གྱོན་པས། །ཅིས་ཀྱང་མི་ཚུགས་རྡོ་རྗེའི་སྐུ། །དབང་འདི༴ ཧ་ལ༴ ཡོན་ཏན་ཕོ་ཉ་མཆོང་མོ་ཆེ། །སེར་ནག་མཆོངས་སྟབས་བྱན་ལག་ཐོགས། །རི་ཀླུངས་ཀུན་སླེབ་མཆོད་བྱེད་མའི། །དབང་འདི༴ ཧ་ལ༴ ཡོན་ཏན་ཕོ་ཉ་ཁྲོ་གཏུམ་ཅན། །སེར་ནག་སྡང་མིག་སྟག་ལ་ཞོན། །བདུད་འདུལ་ཟ་བྱེད་ཆེན་མོའི་སྐུ། །དབང་འདི༴ ཧ་ལ༴ ༈ ཡོན་ཏན་ཕོ་ཉ་བརྩོན་བྱེད་མ། །སེར་ནག་རླུང་གི་ཞགས་པ་འཕེན། །གྱེན་མཐུར་མེད་པར་རྒྱུག་ཅིང་འཛིན། །དབང་འདི༴ ཧ་ལ༴ ཡོན་ཏན་ཕོ་ཉ་འཇིགས་གདོང་མ། ཁ་བགྲད་མཆེ་གཙིགས་ལག་གཉིས་གདེངས། །སྟོབས་ཆེན་མཐུ་ཡང་འཇོམས་བྱེད་མའི། །དབང་འདི༴ ཧ་ལ༴ ཡོན་ཏན་ཕོ་ཉ་ཤ་ཟ་མོ། །མི་ཁོག་དབྱུག་པ་ཀླད་ལ་བསྐོར། །མཱཾ་ས་ཟ་ཞིང་བདུད་ཁྱིམ་འཇོམས། །དབང་འདི༴ ཧ་ལ༴ ༈ ཡོན་ཏན་ཕོ་ཉ་ཁྲག་འཐོར་མ། །མི་མགོའི་ཕོར་པ་རློན་པ་རུ། །མི་སྙིང་ཁྲག་ཞག་བླུག་ཅིང་འཐོར། །དབང་འདི༴ ཧ་ལ༴ ཡོན་ཏན་ཕོ་ཉ་སོ་གཅིག་མ། །སེར་མོ་ཁ་མིག་སོ་གཅིག་མ། །རྡོ་རྗེ་རྩེ་གཅིག་མདའ་འཕེན་མའི། །དབང་འདི༴ ཧ་ལ༴ ཡོན་ཏན་ཕོ་ཉ་རལ་གསིག་མ། །སེར་མོ་རལ་པའི་གོ་ཟུ་ཅན། །གཡོན་སྡིགས་གཡས་པ་ལྕགས་ཀྱུ་འདེབས། །དབང་འདི༴ ཧ་ལ༴ ༈ ཡོན་ཏན་ཕོ་ཉ་འཁྲིལ་བྱེད་མ། །སེར་མོ་སྔོ་དམར་ཞགས་པ་འཕེན། །རྫུ་ནི་གཉེན་དང་གྲུང་པོར་བརྫུ། །དབང་འདི༴ ཧ་ལ༴ ཡོན་ཏན་ཕོ་ཉ་འཛུལ་བྱེད་མ། །སེར་མོ་གསེར་གྱི་ཟངས་གྲི་ཐོགས། །རྫུ་ནི་སྦྲུལ་དང་སྲེ་མོར་བརྫུ། །དབང་འདི༴ ཧ་ལ༴ ཡོན་ཏན་ཕོ་ཉ་མྱུར་བྱེད་མ། །སེར་མོ་ཚོན་གྱི་གྲུ་གུ་ཐོགས། །རྫུ་ནི་འུག་པ་སྲིན་བྱར་བརྫུ། །དབང་འདི༴ ཧ་ལ༴ ༈ ཡོན་ཏན་ཕོ་ཉ་མཐུ་ཆེན་མོ། །སེར་མོ་ཐོག་གི་ཆར་འབེབས་མ། །གནམ་ས་རི་ཀླུངས་ཀུན་ཏུ་ཁྱབ། །དབང་འདི༴ ཧ་ལ༴ ཡོན་ཏན་ཕོ་ཉ་ནག་མོ་ནི། །ནག་མོ་རལ་པའི་ཞགས་པ་འཕེན། ཁམས་གསུམ་བྷྱོ་དང་ཁུས་འདེབས་མའི། །དབང་འདི༴ ཧ་ལ༴ ཡོན་ཏན་ཕོ་ཉ་རྟོག་འཇོམས་མ། །སེར་མོ་བྷཉྫ་རློན་པ་རུ། །དམ་རྫས་སྣ་ལྔ་ཟ་ཞིང་སྤྱོད། །དབང་འདི༴ ཧ་ལ༴ ༈ ཡོན་ཏན་ཕོ་ཉ་རྟོག་མེད་མ། །སེར་མོ་དུང་གི་གཞོང་ཐོགས་མ། །གང་ལ་བཅོལ་ཡང་ཚིག་ཅིང་ཁྲོ། །དབང་འདི༴ ཧ་ལ༴ ཡོན་ཏན་ཕོ་ཉ་ཡངས་པ་མོ། །སེར་མོ་སྤྲིན་དམར་ག་ཤ་ཅན། །གློག་གི་ཕྲེང་བ་ཀླད་ལ་བསྐོར། །དབང་འདི༴ ཧ་ལ༴ ཡོན་ཏན་ཕོ་ཉ་སྣ་ཚོགས་ལུས། །དམར་སྐྱ་ཟ་འོག་སྟོང་གཡོགས་ཅན། །རྔ་མོང་གྭ་པར་བརྫུ་བྱེད་མ། །དབང་འདི༴ ཧ་ལ༴ ༈ ཡོན་ཏན་ཕོ་ཉ་སྡང་མིག་མ། །དམར་སྐྱ་ལྕགས་ཀྱི་ཁྲ་ཐོགས་མ། །དགྲ་དང་བགེགས་ལ་གླག་ལྟར་འཇུམས། །དབང་འདི༴ ཧ་ལ༴ ཡོན་ཏན་ཕོ་ཉ་དུར་ཁྲོད་མ། །དམར་སྐྱ་ཞིང་གི་གཡང་གཞི་རྡེབ། །མཁས་པས་དགྲ་བགེགས་སྒྲོལ་བྱེད་མའི། །དབང་འདི༴ ཧ་ལ༴ ཡོན་ཏན་ཕོ་ཉ་མིག་འགྲོ་མ། །ཁྱུང་ལ་ཞོན་ཅིང་གློག་ཞགས་འདེབས། །གང་ལ་དམིགས་པ་ཡུད་ཀྱིས་འགྲུབ། །དབང་འདི༴ ཧ་ལ༴ ༈ ཡོན་ཏན་ཕོ་ཉ་བདེ་འགྲོ་མ། །མཆོང་གི་བྱ་གླག་དམར་མོ་ཞོན། །སེར་མོ་གཡུ་ཡི་ཟོར་བ་འདེབས། །དབང་འདི༴ ཧ་ལ༴ ཡོན་ཏན་ཕོ་ཉ་རྒྱས་བྱེད་མ། །སེར་སྐྱ་ཉི་ཟླའི་འཁོར་ལོ་འཕེན། །ཚེ་དང་ཕུང་པོར་བཅས་པ་འཇོམས། །དབང་འདི༴ ཧ་ལ༴ ཡོན་ཏན་ཕོ་ཉ་འཛུམ་བྱེད་མ། །སེར་སྐྱ་ཚོན་གྱི་གྲུ་གུ་རྡེབ། །རྫུ་ནི་བུ་ཆུང་སྤྲེའུར་རྫུ། །དབང་འདི༴ ཧ་ལ༴ ༈ ཡོན་ཏན་ཕོ་ཉ་ཁྲག་མྱོས་མ། །དམར་མོ་མཆུ་རིང་དུར་བྱའི་གདོང་། །རྩ་ལ་རྒྱུ་ཞིང་སྙིང་ཁྲག་འཐུང་། །དབང་འདི༴ ཧ་ལ༴ ཡོན་ཏན་ཕོ་ཉ་རྔམ་ཚིག་མ། །མངགས་ཤིང་བཅོམ་པའི་ལས་མཆིས་ན། །རང་ལ་རང་ཡང་ཚིག་ཅིང་ཁྲོ། །དབང་འདི༴ ཧ་ལ༴ ཡོན་ཏན་ཕོ་ཉ་མགྱོགས་བྱེད་མ། །སེར་སྐྱ་མགྱོགས་པའི་རླུང་ལ་ཞོན། །གར་ཡང་མི་གཏོང་མཐུ་མོ་ཆེའི། །དབང་འདི༴ ཧ་ལ༴ ༈ ཡོན་ཏན་ཕོ་ཉ་གཏུམ་པ་མོ། །དམར་སེར་སྤུ་གྲིས་སྙིང་འབྱིན་མ། །ཉམས་པའི་དགྲ་བགེགས་ཉལ་ཐག་གཅོད། །དབང་འདི༴ ཧ་ལ༴ ཡོན་ཏན་ཕོ་ཉ་མདུང་ཐུང་འཕེན། །དཀར་སེར་གཡོན་གདེངས་གཡས་མདུང་འཕེན། །བདུད་དང་སྲིན་པོ་ཚར་གཅོད་མའི། །དབང་འདི༴ ཧ་ལ༴ ཡོན་ཏན་ཕོ་ཉ་གློགས་འགྱུ་མ། །དམར་སེར་གློག་གི་ཞགས་པ་འཕེན། །ནམ་མཁའི་མཐོངས་ནས་འགྲིམ་སྟེ་རྒྱུག །དབང་འདི༴ ཧ་ལ༴ ༈ ཡོན་ཏན་ཕོ་ཉ་ཐོག་འབེབས་མ། །དམར་སེར་ཐོག་གི་ཚྭ་ཚྭ་འཕྲོ། །རྒྱ་མཚོའི་གཏིང་ཡང་སྐེམ་པར་བྱེད། །དབང་འདི༴ ཧ་ལ༴ ཡོན་ཏན་ཕོ་ཉ་སྤོར་བྱེད་མ། །དམར་སེར་ཞིང་ཆེན་ཞལ་དུ་གསོལ། །ཞིང་ཆུང་གཏན་ནས་ལེན་བྱེད་མའི། །དབང་འདི༴ ཧ་ལ༴ ཡོན་ཏན་ཕོ་ཉ་འཁྲུག་བྱེད་མ། །རི་རབ་རྩེ་ནས་འཇོམས་བྱེད་ཅིང་། །རྒྱ་མཚོའི་གཏིང་ནས་འཁྲུག་པར་འགྱུར། །དབང་འདི་ཁྱོད༴ ཧ་ལ༴ ༈ ཡོན་ཏན་ཕོ་ཉ་དབང་ཕྱུག་མ། །སྨུག་ནག་དུར་ཁྲོད་ཁྲག་འཐུང་མ། །སྒྲོལ་བྱེད་སྙིང་འབྱིན་གྲི་ཐོགས་མའི། །དབང་འདི༴ ཧ་ལ༴ ཡོན་ཏན་ཕོ་ཉ་ཀ་ལ་ཡན། །མཛུབ་མོས་རི་རབ་རྩེ་ལ་གཡེང་། །རྐང་པས་རྒྱ་མཚོའི་གཏིང་ནས་འཁྲུག །དབང་འདི༴ ཧ་ལ༴ ཡོན་ཏན་ཕོ་ཉ་གསལ་བཀྲ་མ། །དམར་སེར་ཉི་ཟླའི་ཞགས་པ་འཕེན། །གང་ལྟར་སོང་ཡང་མི་གཏོང་བའི། །དབང་འདི༴ ཧ་ལ༴ ༈ ཡོན་ཏན་ཕོ་ཉ་ཁ་བསྒྱུར་མ། །དམར་སེར་དུང་གི་རྒོ་བ་ཞོན། །རི་ཀླུངས་མེད་པ་རྗེས་ཀྱིས་འགེངས། །དབང་འདི༴ ཧ་ལ༴ ཡོན་ཏན་ཕོ་ཉ་ཀུན་སྒྲོལ་མ། །དམར་ལྗང་རལ་གྲི་ཀླད་ལ་བསྐོར། །སོ་བྱ་སྲམ་དང་ཆུ་བྱར་སྤྲུལ། །དབང་འདི༴ ཧ་ལ༴ ཡོན་ཏན་ཕོ་ཉ་མྱོས་བྱེད་མ། །དམར་ལྗང་ར་རོ་སྨྱོ་རྫུ་ཅན། །དཀར་དམར་སྙིང་གི་མཚམས་ནས་འཛིན། །དབང་འདི༴ ཧ་ལ༴ ༈ ཡོན་ཏན་ཕོ་ཉ་ཁྲག་འཐུང་མ། །དམར་ལྗང་ཐོད་ཁྲག་ཞལ་དུ་གསོལ། །སྐྱེ་འགྲོ་ཡོངས་ཀྱི་ཁྲག་འཐུང་མ། །དབང་འདི༴ ཧ་ལ༴ ཡོན་ཏན་ཕོ་ཉ་འབར་མ་ནི། །དམར་ལྗང་རིན་ཆེན་འབར་བ་ཐོགས། །རྣལ་འབྱོར་ཡིད་ལ་ཅི་འདོད་སྒྲུབ། །དབང་འདི༴ ཧ་ལ༴ ཡོན་ཏན་ཕོ་ཉ་མི་ཟད་མ། །གནམ་ས་གཉིས་ཀྱང་ཐགས་སུ་འཐག །སྐྱེ་འཆི་གཉིས་ཀྱང་རྩ་བ་གཅོད། །དབང་འདི༴ ཧ་ལ༴ ༈ ཡོན་ཏན་ཕོ་ཉ་འཕྲོག་བྱེད་མ། །གཡས་པ་ལྕགས་ཀྱུས་ཙིཏྟ་འབྱིན། །གཡོན་པ་གའུས་སྲོག་འཕྲོག་མ། །དབང་འདི༴ ཧ་ལ༴ ཡོན་ཏན་ཕོ་ཉ་སྒྲོལ་བྱེད་མ། །སེར་ལྗང་སྐྱེ་འགྲོའི་ཙིཏྟ་འབྱིན། །མ་ལུས་སྒྲོལ་བའི་མཐུ་མོ་ཆེ། །དབང་འདི༴ ཧ་ལ༴ ཡོན་ཏན་ཕོ་ཉ་སྣ་ཚོགས་སྟོབ། །སེར་ལྗང་ཞིང་གི་རྐང་ལག་འཛིན། །དུག་གསུམ་མ་ལུས་ཞལ་དུ་སྟོབ། །དབང་འདི༴ ཧ་ལ༴ ཡོན་ཏན་ཕོ་ཉ་ཡིད་འཕྲོག་མ། །སེར་ལྗང་ན་ཆུང་ཚུལ་དུ་རྫུ། །འགལ་བར་བྱེད་པའི་ཡིད་འཕྲོག་མ། །དབང་འདི༴ ཧ་ལ༴ ཡོན་ཏན་ཕོ་ཉ་སྲོག་ལེན་མ། །མི་སྙིང་བརྒྱུས་པའི་ཞགས་པ་འཕེན། །ཞིང་བཅུ་གཏན་ནས་ལེན་པར་བྱེད། །དབང་འདི༴ ཧ་ལ༴ ཡོན་ཏན་ཕོ་ཉ་བཅུད་ལེན་མ། །སེར་སྨུག་ཟངས་ཀྱི་མཆུ་རིངས་མ། །བཀའ་ལས་འགལ་བའི་བཅུད་འཇིབ་མའི། །དབང་འདི༴ ཧ་ལ༴ ༈ ཡོན་ཏན་ཕོ་ཉ་ཚེ་རྐུན་མ། །བསེ་ཡི་གའུ་དམར་པོ་ནས། །ཛཿདམར་ཕོ་ཉས་ཚེ་བརྐུ་མའི། །དབང་འདི༴ ཧ་ལ༴ ཡོན་ཏན་ཕོ་ཉ་དབང་མོ་ཆེ། །སེར་སྨུག་སེང་གེ་དཀར་མོ་ཞོན། །ཉི་ཟླ་བརྒྱུས་པའི་ཞགས་པ་འཕེན། །དབང་འདི༴ ཧ་ལ༴ ཡོན་ཏན་ཕོ་ཉ་དྲེགས་འཇོམས་མ། །འཇིགས་པའི་གོ་གྱོན་བདུད་དཔུང་འཇོམས། །མྱུར་བའི་ཤུགས་འཆང་ཐུགས་རྗེ་ཆེའི། །དབང་འདི༴ ཧ་ལ༴ ༈ ཡོན་ཏན་ཕོ་ཉ་འདུལ་བྱེད་མ། །དགྲ་བོའི་ཚེ་སྲོག་འཕྲོག་པར་བྱེད། །ཇི་ལྟར་འདུལ་བ་བཞིན་དུ་སྤྲུལ། །དབང་འདི༴ ཧ་ལ༴ ཡོན་ཏན་ཕོ་ཉ་བླ་འཛིན་མ། །དགྲ་བོའི་བླ་ཡི་གཉེན་པོར་ཆེ། །ཇི་ལྟར་འདུལ་བ་བཞིན་དུ་སྤྲུལ། །དབང་འདི༴ ཧ་ལ༴ ཡོན་ཏན་ཕོ་ཉ་སྲོག་འཛིན་མ། །སེར་སྨུག་ལྕགས་ཀྱུའི་ཕྱག་རྒྱ་ཅན། །སེམས་ཅན་ཀུན་གྱི་ཚེ་སྲོག་འཛིན། །དབང་༴ ཧ་ལ༴ ༈ ཡོན་ཏན་ཕོ་ཉ་རྩ་འགྲོ་མ། །སུམ་བརྒྱ་དྲུག་ཅུའི་རྩ་ལ་རྒྱུ། །དམ་ཉམས་དགྲ་བགེགས་རྩ་རྒྱུད་འབྲལ། །དབང་འདི༴ ཧ་ལ༴ ཡོན་ཏན་ཕོ་ཉ་གནས་འབྱིན་མ། །སེར་སྨུག་འབྲུག་གི་སྒྲ་འབྱིན་པས། །ས་དགུ་གཏིང་ནས་འཇོམས་པར་བྱེད། །དབང་འདི༴ ཧ་ལ༴ ཡོན་ཏན་ཕོ་ཉ་གནས་བསྟོད་མ། །ཐུགས་རྗེ་ཆེན་པོས་གང་བསྒྲལ་བ། །བྱང་ཆུབ་ཐར་ལམ་བདེ་ལ་འགོད། །དབང་འདི་བུ་ལ་བསྐུར་བར་བྱ། །ཧ་ལ་ཧ་ལ་པཱ་ཤྭ་ཧཱུཾ་ཨ་བྷི་ཥིཉྩ་ཧཱུཾ། ༈ གསུང་གི་ཕོ་ཉ་མོ་དྲུག་ཅུ་རྐང་གཡོན་གྱི་སོར་ཚིགས་བཅོ་ལྔའི་གཡས་གཡོན་གྱི་རྩ་བཞིར་བསྟིམ་ཞིང་བསྐྱེད་དེ། ཐུགས་རྗེས་འཇིགས་བྱེད་སྐུར་སྤྲུལ་པ། །དགྲ་དང་ཀླུ་གདོན་འདུལ་བའི་ཕྱིར། །ནུབ་ཕྱོགས་འོད་ཟེར་དམར་པོ་ལས། །ཟངས་ཀྱི་མི་མོ་དྲུག་ཅུ་བྱུང་། །གསུང་གི་ཕོ་ཉ་ཐོག་འབེབས་མ། །དམར་ནག་ལག་ནས་ཐོག་ཆེན་འབེབས། །གང་ལ་དམིགས་པ་ཡུད་ཀྱིས་བསྲེག །དབང་འདི་བུ་ལ་བསྐུར་བར་བྱ། །གརྫ་གརྫ་སྥོ་ཊ་བཾ་ཨ་བི་ཥིཉྩ་ཧཱུཾ། གསུང་གི་ཕོ་ཉ་འབྲུག་སྒྲོག་མ། །དམར་ནག་འབྲུག་ཆེན་ཆིབས་སུ་ཆིབས། །སྟོང་གསུམ་ཀུན་གྲགས་མཐུ་མོ་ཆེའི། །དབང་འདི༴ གརྫགརྫ༴ གསུང་གི་ཕོ་ཉ་ཆར་འབེབས་མ། །དམར་ནག་སྤྲིན་ཆེན་སློག་པ་ཅན། །དུག་དང་བདུད་རྩི་ཆར་འབེབས་མའི། །དབང་འདི༴ གརྫ༴ ༈ གསུང་གི་ཕོ་ཉ་འོད་འགྱེད་མ། །དམར་ནག་འཇའ་ཚོན་འོད་འཕྲོ་མ། །མུན་པའི་ནང་ནས་སྒྲོན་གསལ་མའི། །དབང་འདི༴ གརྫ༴ གསུང་གི་ཕོ་ཉ་གསལ་བཀྲ་མ། །དམར་ནག་གཡུ་ཡི་ལན་ཕྲན་ཅན། །འཇིག་རྟེན་ཁམས་ཀྱི་དབང་ཕྱུག་མའི། །དབང་འདི༴ གརྫ༴ གསུང་གི་ཕོ་ཉ་འཇའ་ཚོན་མ། །དམར་ནག་འཇའ་ཚོན་ཞགས་པ་ཐོགས། །རྫུ་འཕྲུལ་ཅིས་ཀྱང་མི་ཚུགས་པའི། །དབང་འདི༴ གརྫ༴ ༈ གསུང་གི་ཕོ་ཉ་འོད་འཕྲོ་མ། །དམར་ནག་ཉི་མའི་འོད་འཕྲོ་ཅན། །ཕྲིན་ལས་མྱུར་མགྱོགས་ཐོགས་པ་མེད། །དབང་འདི༴ གརྫ༴ གསུང་གི་ཕོ་ཉ་འོད་གསལ་མ། །དམར་ནག་མེ་འོད་ཕྱག་ན་བསྣམས། །འཁོར་བའི་བག་ཆགས་བསྲེག་མཛད་མའི། །དབང་འདི༴ གརྫ༴ གསུང་གི་ཕོ་ཉ་ཁྲག་འཐུང་མ། །དམར་ནག་ཐོད་ཁྲག་སྐོམ་དུ་འཐུང་། །མ་ལུས་ཡོངས་ཀྱི་ཁྲག་འཐུང་མའི། །དབང་འདི༴ གརྫ༴ ༈ གསུང་གི་ཕོ་ཉ་དབང་ཕྱུག་མ། །དམར་ནག་རྡོ་རྗེ་པདྨ་ཅན། །སྲིད་པ་གསུམ་ན་མཐུ་དབང་ཆེ། །དབང་འདི༴ གརྫ༴ གསུང་གི་ཕོ་ཉ་ས་བདག་མོ། །དམར་སྔོ་ལྕགས་ཀྱི་ཕག་མགོ་ཐོགས། །ས་ཆེན་དགུ་ཡང་འཁྲུག་པར་བྱེད། །དབང་འདི༴ གརྫ༴ གསུང་གི་ཕོ་ཉ་འགུགས་བྱེད་མ། །དམར་སྔོ་རྡོ་རྗེ་ལྕགས་ཀྱུ་ཅན། །དམ་ལས་འདས་པ་འགུགས་བྱེད་མའི། །དབང་འདི༴ གརྫ༴ ༈ གསུང་གི་ཕོ་ཉ་དཀར་ཤམ་མོ། །དམར་སྔོ་བསེ་ཡི་གའུ་ཅན། །ཉམས་པའི་ཁྲག་འཐུང་དབང་མོ་ཆེ། །དབང་འདི༴ གརྫ༴ གསུང་གི་ཕོ་ཉ་སྒྲ་སྒྲོག་མ། །དམར་སྔོ་ཞིང་གི་རྔེའུ་ཆུང་བརྡུང་། །སྒྲ་ཆེན་བདུད་བཞི་ཟིལ་གྱིས་གནོན། །དབང་འདི༴ གརྫ༴ གསུང་གི་ཕོ་ཉ་ཡིད་གཞུངས་མ། །དམར་སྔོ་ལག་ན་ཁུ་ཚུར་འཆང་། །འཁོར་བ་གནས་ནས་སྤོར་མཛད་མའི། །དབང་འདི༴ གརྫ༴ ༈ གསུང་གི་ཕོ་ཉ་ལྟ་ན་མཛེས། །སྔོ་དམར་མེ་ཏོག་ཆུན་འཕྱང་ཅན། །ཡིད་འོང་ཕྲིན་ལས་ཀུན་མཛད་མའི། །དབང་འདི༴ གརྫ༴ གསུང་གི་ཕོ་ཉ་སེམས་འཕྲོག་མ། །དམར་སྔོ་གཡུ་ཡི་ཉི་མ་བསྣམས། །མ་ལུས་ཀུན་གྱི་སྙིང་འབྱིན་མའི། །དབང་འདི༴ གརྫ༴ གསུང་གི་ཕོ་ཉ་བདུད་འབེབས་མ། །དམར་སྔོ་མི་ཐོད་རྟ་ཐོད་ཐོགས། །སྐྱེ་འགྲོ་ཡོངས་ལ་བདུད་འབེབས་མའི། །དབང་འདི༴ གརྫ༴ ༈ གསུང་གི་ཕོ་ཉ་མགྱོགས་བྱེད་མ། །དམར་སྔོ་ཁྱུང་ཆེན་ཆིབས་སུ་ཆིབས། །ཟིལ་གྱིས་གནོན་པའི་ཕྲིན་ལས་མཛད། །དབང་འདི༴ གརྫ༴ གསུང་གི་ཕོ་ཉ་གསོ་རྐྱེན་མ། །དམར་སྔོ་སེང་ཞོན་མདུང་ཐོགས་མ། །གང་ལ་དམིགས་པར་ཡུད་ཀྱིས་ཕྱིན། །དབང་འདི༴ གརྫ༴ གསུང་གི་ཕོ་ཉ་སྙིང་འབྱིན་མ། །དམར་ལྗང་ལག་ན་ཙིཏྟ་ཐོགས། །དམ་ལས་འདས་པའི་སྙིང་འབྱིན་མའི། །དབང་འདི༴ གརྫ༴ ༈ གསུང་གི་ཕོ་ཉ་དམར་འཐུང་མ། །དམར་ལྗང་དུང་ཆེན་ཁྲག་འཐུང་མ། ཁམས་གསུམ་ཡོངས་ཀྱི་སྙིང་ཁྲག་འཐུང་། །དབང་འདི༴ གརྫ༴ གསུང་གི་ཕོ་ཉ་རྐང་འཇིབ་མ། །དམར་ལྗང་གཡི་ཡི་མགོ་བོ་ཅན། །ཟས་སུ་རྐང་དང་བཅུད་འཇིབ་མའི། །དབང་འདི༴ གརྫ༴ གསུང་གི་ཕོ་ཉ་ལས་བྱེད་མ། །དམར་ལྗང་འབྲུག་སྔོན་ཆིབས་སུ་ཆིབས། །འཇིག་རྟེན་ཁམས་ཀྱང་སྐད་ཀྱིས་འགེངས། །དབང་འདི༴ གརྫ༴ ༈ གསུང་གི་ཕོ་ཉ་ཞགས་ཐོགས་མ། །སྔོན་མོ་ཞགས་ཐོགས་རླུང་ལ་ཞོན། །ཁྱོད་ཀྱིས་མི་གཟིགས་གང་ཡང་མེད། །དབང་འདི༴ གརྫ༴ གསུང་གི་ཕོ་ཉ་བླ་འཕྲོག་མ། །དམར་སྐྱ་སྐྱི་སེར་རླུང་ལ་ཞོན། །སྐུ་སྨད་རེ་བས་དཀྲིས་མཛད་མ། །དབང་འདི༴ གརྫ༴ གསུང་གི་ཕོ་ཉ་ཐོགས་མེད་མ། །དམར་ལྗང་རལ་གྲི་རྣོན་པོ་ཐོགས། །དམ་ལས་འགལ་པ་སྒྲོལ་བྱེད་མའི། །དབང་འདི༴ གརྫ༴ ༈ གསུང་གི་ཕོ་ཉ་ཟ་བྱེད་མ། །དམར་ལྗང་སྟག་ཆེན་སྡེར་མང་ཞོན། །གཙང་རྨེ་མེད་པར་ཟ་བྱེད་མའི། །དབང་འདི༴ གརྫ༴ གསུང་གི་ཕོ་ཉ་མྱོས་བྱེད་མ། །དམར་ལྗང་ལྕགས་ཀྱི་ཐོ་བ་ཐོགས། །མགོ་དང་ཀླད་པ་འགེམས་བྱེད་མའི། །དབང་འདི༴ གརྫ༴ གསུང་གི་ཕོ་ཉ་རྨུགས་བྱེད་མའི། །དམར་ལྗང་ལྕགས་ཀྱི་དྲྭ་བ་ཐོགས། །གང་ལ་བྱ་བ་འཛིན་ཅིང་སྡོམ། །དབང་འདི༴ གརྫ༴ ༈ གསུང་གི་ཕོ་ཉ་རྫུ་བྱེད་མ། །དམར་སེར་ར་སྐྱེས་ཁམ་པ་ཞོན། །ཅིར་ཡང་སྤྲུལ་ཞིང་རྫུ་བྱེད་མའི། །དབང་༴ གརྫ༴ གསུང་གི་ཕོ་ཉ་འཁྲུག་བྱེད་མ། །དམར་སེར་རྒྱ་མཚོ་ཧུབ་ཀྱིས་འདེབས། །ཀླུ་ཡི་གནས་ཀྱང་འཇོམས་པར་བྱེད། །དབང་འདི༴ གརྫ༴ གསུང་གི་ཕོ་ཉ་དྲག་མོ་ནི། །དམར་སེར་གཏུམ་པ་དོམ་ལ་ཞོན། །གཏི་མུག་དྲེགས་པ་འཇོམས་བྱེད་མའི། །དབང་འདི༴ གརྫ༴ ༈ གསུང་གི་ཕོ་ཉ་སྐེམ་མ་ནི། །དམར་སེར་ཁྲག་གི་ལན་ཕྲན་ཅན། །མ་ལུས་འཇོམས་པའི་མཐུ་མོ་ཆེ། །དབང་འདི༴ གརྫ༴ གསུང་གི་ཕོ་ཉ་འཇོམས་མ་ནི། །དམར་སེར་སྤང་ཐིའི་མགོ་བོ་ཅན། །གཏི་མུག་ཀླད་ཆེན་འདྲལ་བྱེད་མའི། །དབང་འདི༴ གརྫ༴ གསུང་གི་ཕོ་ཉ་རབ་དགའ་མ། །དམར་སེར་ལག་ན་ཟངས་གྲི་ཐོགས། །འཛུམ་ཞིང་འགུགས་པའི་ལས་ལ་མགྱོགས། །དབང་འདི༴ གརྫ༴ ༈ གསུང་གི་ཕོ་ཉ་འཛིན་མ་ནི། །དམར་སེར་སྦྲུལ་ནག་ཞགས་པ་འཕེན། །བཀའ་ལས་འགལ་བ་འཛིན་བྱེད་མའི། །དབང་འདི༴ གརྫ༴ གསུང་གི་ཕོ་ཉ་གློག་འགྱུ་མ། །དམར་སེར་རྫུ་འཕྲུལ་ཁྲ་ཐོགས་མ། །དམ་ལས་ལོག་པའི་སྙིང་འབྱིན་མའི། །དབང་འདི་བུ་ལ༴ གརྫ༴ གསུང་གི་ཕོ་ཉ་གཡུལ་འཇོམས་མ། །དམར་སེར་ལག་ན་ཤཀྟི་ཐོགས། །དགྲ་དང་བདུད་ཀྱི་དཔུང་འཇོམས་མའི། །དབང་འདི༴ གརྫ༴ ༈ པདྨའི་ཕོ་ཉ་ལྷ་འབྲེལ་མ། །དམར་སེར་རྡོ་རྗེའི་ཐོག་འབེབས་པས། །སྲིད་པ་གསུམ་ཡང་རྩེ་ནས་འཇོམས། །དབང་འདི༴ གརྫ༴ གསུང་གི་ཕོ་ཉ་སྲོག་འབྲེལ་མ། །དམར་སྨུག་འཇོམས་པའི་ཀ་ཏ་རི། །གསོད་ཅིང་འཇོམས་པའི་ཕོ་ཉ་མོའི། །དབང་འདི༴ གརྫ༴ གསུང་གི་ཕོ་ཉ་མྱུར་བྱེད་མ། །དམར་སྨུག་གློག་གི་ག་ཤ་ཅན། །ཐུགས་རྗེ་ཤུགས་འཆང་ཕོ་ཉ་མོའི། །དབང་འདི༴ གརྫ༴ ༈ གསུང་གི་ཕོ་ཉ་རེངས་བྱེད་མ། །བུད་མེད་ལུས་ལ་མཆོངས་མོ་ཆེ། །རི་ཀླུངས་མེད་པར་རྗེས་ཀྱིས་འགེང་། །དབང་འདི༴ གརྫ༴ གསུང་གི་ཕོ་ཉ་སྲོག་བྱེད་མ། །དམར་སྨུག་ལག་ན་གྲི་ཐོགས་ཤིང་། །མཐའ་ཡས་སེམས་ཅན་སྒྲོལ་ལ་མཁས། །དབང་འདི༴ གརྫ༴ གསུང་གི་ཕོ་ཉ་རློག་བྱེད་མ། །དམར་སྨུག་རྡོ་རྗེ་བེ་ཅོན་གྱིས། ཁམས་གསུམ་རྡུལ་དུ་རློག་བྱེད་མའི། །དབང་འདི༴ གརྫ༴ ༈ གསུང་གི་ཕོ་ཉ་ཐོ་བ་མ། །དམར་སྨུག་རྡོ་རྗེ་ཐོ་བ་འཕྱར། ཁམས་གསུམ་བདུད་དང་སྲིན་པོ་འཇོམས། །དབང་འདི༴ གརྫ༴ གསུང་གི་ཕོ་ཉ་གཏུན་ཁུང་མ། །དམར་སྨུག་ལག་ཏུ་གཏུན་ཁུང་ཐོགས། །ཆེ་ཆུང་མེད་པ་འཇོམས་བྱེད་མའི། །དབང་འདི༴ གརྫ༴ གསུང་གི་ཕོ་ཉ་ཞགས་འཕེན་མ། །དམར་སྨུག་བདུད་ཀྱི་ཞགས་པ་ཡིས། །གང་ལ་དམིགས་པ་འཛིན་བྱེད་མའི། །དབང་འདི༴ གརྫ༴ ༈ གསུང་གི་ཕོ་ཉ་མེ་ཁྱེར་མ། །དམར་སྨུག་དུར་ཁྲོད་མེ་ཆེན་གྱིས། །ཕྱི་ནང་མེད་པར་སྲེག་བྱེད་མ། །དབང་འདི༴ གརྫ༴ གསུང་གི་ཕོ་ཉ་སྡུད་བྱེད་མ། །དམར་སྨུག་གསེར་གྱི་ཕྲེང་བ་ཐོགས། །དུག་གསུམ་ཞལ་དུ་སྡུད་བྱེད་མའི། །དབང་འདི༴ གརྫ༴ གསུང་གི་ཕོ་ཉ་གཡེང་ཕྱེད་མ། །དམར་སྐྱ་རླུང་གི་འཁོར་ལོ་ཐོགས། །རི་རབ་གླིང་བཞི་གཡེང་བྱེད་མའི། །དབང་འདི༴ གརྫ༴ ༈ གསུང་གི་ཕོ་ཉ་བསྡུས་འཇོམས་མ། །དམར་སྐྱ་གཏུན་དང་ཐོ་བ་ཐོགས། །ལྔ་ཕུང་རྡུལ་དུ་རློག་པ་ཡི། །དབང་འདི༴ གརྫ༴ གསུང་གི་ཕོ་ཉ་དཔལ་མོ་ནི། །དམར་སྐྱ་སྲིད་པའི་དཔལ་འཕྲོག་མ། །གསེར་གཡུ་སྤེལ་མའི་ན་བཟའ་གསོལ། །དབང་འདི༴ གརྫ༴ གསུང་གི་ཕོ་ཉ་དབང་ཕྱུག་མ། །རྡོ་རྗེ་རྩེ་གསུམ་ཐོད་ཁྲག་འཐུང་། །སྲིད་པ་གསུམ་ན་དབང་ཆེར་གྲགས། །དབང་འདི༴ གརྫ༴ ༈ གསུང་གི་ཕོ་ཉ་གྲགས་པ་མོ། །དམར་སྐྱ་མི་མགོ་དུང་དུ་འབུད། །སྟོང་གསུམ་གདུག་པ་ཟིལ་གྱིས་གནོན། །དབང་འདི༴ གརྫ༴ གསུང་གི་ཕོ་ཉ་གཏུམ་བག་ཅན། །དགྲ་བོའི་སྙིང་འབྱིན་ཆོ་ངེས་འདེབས། །གང་ལ་བབས་ཀྱང་ཐོགས་མེད་མའི། །དབང་འདི༴ གརྫ༴ གསུང་གི་ཕོ་ཉ་ཀཱི་ལ་ཡ། །དམར་སྐྱ་ཀཱི་ལའི་མཚོན་ཐོགས་མ། །མ་ལུས་འཇོམས་པའི་མཐུ་མོ་ཆེ། །དབང་འདི༴ གརྫ༴ ༈ པདྨའི་ཕོ་ཉ་སྡེ་ཚོགས་མ། །པདྨ་ཁྲག་གི་ཆར་འབེབས་མ། །མ་མོ་འབུམ་སྡེ་བྲན་དུ་འཁོལ། །དབང་འདི༴ གརྫ༴ གསུང་གི་ཕོ་ཉ་ཧ་ལའི་གདོང་། །མི་བཟད་མཐུ་ཆེན་བདུད་རྩི་ཐོགས། །ཧ་ལ་ཧ་ལའི་དུག་ཀྱང་འཇོམས། །དབང་འདི༴ གརྫ༴ གསུང་གི་ཕོ་ཉ་རབ་བརྗིད་མ། །མི་མགོ་རྣམ་གསུམ་ཕྲེང་བ་འདྲེན། །ཀླད་ལ་བསྐོར་བས་དགྲ་བགེགས་སྒྲོལ། །དབང་འདི་བུ་ལ་བསྐུར་བར་བྱ། །གརྫ་གརྫ་སྥོ་ཊ་བཾ་ཨ་བྷི་ཥིཉྩ་ཧཱུཾ། ༈ ཕྲིན་ལས་ཀྱི་ཕོ་ཉ་མོ་དྲུག་ཅུ་རྐང་གཡས་ཀྱི་སོར་ཚིགས་བཅོ་ལྔའི་གཡས་གཡོན་གྱི་རྩ་བཞིར་བསྟིམ་ཞིང་བསྐྱེད་དེ། །དགྲ་དང་གནོད་སྦྱིན་འདུལ་བའི་ཕྱིར། །འཇིགས་བྱེད་ཕོ་ཉར་སྐུ་སྤྲུལ་པ། །བྱང་ཕྱོགས་འོད་ཟེར་སྔོན་པོ་ལས། །གཡུ་ཡི་མི་མོ་དྲུག་ཅུ་སྤྲུལ། །ཕྲིན་ལས་ཕོ་ཉ་རྡོ་རྗེ་མ། །ལྗང་སྔོན་རྡོ་རྗེ་རྒྱ་གྲམ་ཐོགས། །ཕྲིན་ལས་རྣམ་བཞིའི་ཕོ་ཉ་འགྱེད། །དབང་འདི་བུ་ལ་བསྐུར་བར་བྱ། །པ་ཙ་པ་ཙ་གྷཎྜེ་ཧོཿ ཨ་བྷི་ཥིཉྩ་ཧཱུཾ། ཕྲིན་ལས་ཕོ་ཉ་འཇོམས་ཆེན་མ། །ལྗང་སྔོན་ཁྱུང་གི་ཁྲ་ཐོགས་མ། །གཏི་མུག་ཀླུ་ལ་དབང་བསྒྱུར་མ། །དབང་འདི་བུ་ལ༴ པ་ཙ་པ་ཙ༴ ཕྲིན་ལས་ཕོ་ཉ་འདུལ་མཛད་མ། །ལྗང་སྔོན་དྲེད་ཀྱི་གཡང་གཞི་རྡེབ། །རྫུ་འཕྲུལ་རྔ་མོའི་གཟུགས་འཆང་མ། །དབང་འདི༴ པ་ཙ་པ་ཙ༴ ༈ ཕྲིན་ལས་ཕོ་ཉ་དབང་ཕྱུག་མ། །ལྗང་སྔོན་ཐོད་རློན་ཁྲག་གིས་བཀང་། །འབྲོང་ཆེན་གཡག་མོ་ཁལ་དུ་ཞོན། དབང་འདི༴ པ་ཙི༴ ལས་ཀྱི་ཕོ་ཉ་གྲུབ་བྱེད་མ། །ལྗང་སྔོན་མི་མགོ་དུང་དུ་འབུད། ཁམས་གསུམ་མ་ལུས་སྒྲས་འགེངས་མ། །དབང་འདི༴ པ་ཙ༴ ཕྲིན་ལས་ཕོ་ཉ་བསྐུལ་བྱེད་མ། །ལྗང་སྔོན་སྙན་པའི་གླུ་སྒྲས་འགེང་། །ཐུགས་དམ་གཉན་པོ་རྒྱུད་བསྐུལ་མ། །དབང་འདི༴ པ་ཙ༴ ༈ ཕྲིན་ལས་ཕོ་ཉ་གྲུབ་པ་མོ། །ལྗང་སྔོན་གཡུ་ཡི་འཁོར་ལོ་འཆང་། །ཕྲིན་ལས་ནན་ཏན་མཐུ་མོ་ཆེ། །དབང་འདི༴ པ་ཙ༴ ཕྲིན་ལས་ཕོ་ཉ་མཐར་ཕྱིན་མོ། །ལྗང་སྨུག་གཡུ་ཡི་ཐོར་ཚུགས་ཅན། །ལས་སུ་བཅོལ་ན་ཀུན་ཀྱང་འགྲུབ། །དབང་འདི༴ པ་ཙ༴ ཕྲིན་ལས་ཕོ་ཉ་མཐར་འདོན་མ། །ལྗང་སྨུག་རྡོ་རྗེ་རྒྱ་གྲམ་ཐོགས། །གང་བཅོལ་ལས་རྣམས་མཐར་འབྱིན་མ། །དབང་འདི༴ པ་ཙ༴ ༈ ཕྲིན་ལས་ཕོ་ཉ་ཆུད་མི་ཟ། །ལྗངས་སྔོན་དུང་གི་མཆེ་བ་ཅན། །མགྱོགས་པའི་ལས་བྱེད་ཆུད་མི་ཟ། །དབང་འདི༴ པ་ཙ༴ ཕྲིན་ལས་ཕོ་ཉ་དབང་བསྒྱུར་མ། །ལྗང་དམར་ཆུ་སྲིན་རྒྱལ་མཚན་ཐོགས། །འཛིན་བྱེད་མི་གཏོང་རྫུ་འཕྲུལ་ཅན། །དབང་འདི༴ པ་ཙ༴ ཕྲིན་ལས་ཕོ་ཉ་ཐོགས་མེད་མ། །འདབ་ཆགས་བྱ་ཡི་རྒྱལ་པོ་ཞོན། །འཇིགས་སུ་རུང་བའི་མཚོན་ཆ་འཕྱར། །དབང་འདི༴ པ་ཙ༴ ༈ ཕྲིན་ལས་ཕོ་ཉ་གྲུབ་པ་མ། །དམར་ལྗང་ཤེལ་གྱི་ཟ་མ་ཏོག །དགྲ་ཡི་དབང་དང་དངོས་གྲུབ་འཕྲོག །དབང་འདི༴ པ་ཙ༴ ཕྲིན་ལས་ཕོ་ཉ་གསལ་བྱེད་མ། །དམར་ལྗང་མེ་ཡི་ཞགས་པ་འཕེན། །མུན་པའི་སྨག་ནས་འདྲེན་བྱེད་མ། །དབང་འདི༴ པ་ཙ༴ ཕྲིན་ལས་ཕོ་ཉ་དབང་བྱེད་མ། །དམར་ལྗང་རྡོ་རྗེ་ལྕགས་ཀྱུ་འཛིན། །སྤྲེ་དང་བྱི་ལའི་སྤྲུལ་འགྱེད་མ། །དབང་འདི༴ པ་ཙ༴ ༈ ཕྲིན་ལས་ཕོ་ཉ་དམ་ཚིག་མ། །དམར་ལྗང་མེ་ཞགས་སྡིགས་མཛུབ་ཅན། །དམ་ཚིག་ཀུན་གྱི་རྗེས་སྤྱོད་མ། །དབང་འདི༴ པ་ཙ༴ ཕྲིན་ལས་ཕོ་ཉ་བྱ་ར་མ། །ལྕགས་ཀྱི་བྱ་ཁྲ་གཡུ་མིག་མ། །བལྟས་པས་མཐོང་ཞིང་མཐོང་བས་འཛིན། །དབང་འདི༴ པ་ཙ༴ ཕྲིན་ལས་ཕོ་ཉ་སྟངས་འཛིན་མ། །དམར་ནག་རྩིས་ཀྱི་བྱང་བུ་ཐོགས། །ལེགས་ཉེས་ཀུན་གྱི་སྟངས་འཛིན་མ། །དབང་འདི༴ པ་ཙ༴ ༈ ཕྲིན་ལས་ཕོ་ཉ་སྟངས་གཅོད་མ། །ལྗང་དམར་རྩིས་ཀྱི་ཁྲམ་ཐོགས་པས། །དགེ་སྡིག་གཉིས་ཀྱི་སྟངས་གཅོད་མ། །དབང་འདི༴ པ་ཙ༴ ཕྲིན་ལས་ཕོ་ཉ་གལ་འཛིན་མ། །རྒྱལ་འཕམ་རྡེའུ་ཤོ་འགྱེད་པས། །ཕམ་རྒྱལ་གཉིས་ཀྱི་གལ་འཛིན་མ། །དབང་འདི༴ པ་ཙ༴ ཕྲིན་ལས་ཕོ་ཉ་བསྐུལ་བྱེད་མ། །ལྗང་སེར་ལྕགས་ཀྱི་མདའ་འཕེན་མ། །གནམ་ས་ཀུན་ཡང་ཉུལ་བར་བྱེད། །དབང་འདི༴ པ་ཙ༴ ༈ ཕྲིན་ལས་ཕོ་ཉ་དབང་མོ་རྐུ། །ལྗང་སེར་ཁྲག་གི་ཕོར་པ་ཐོགས། །མ་ཐོགས་ལས་ལ་མྱུར་བྱེད་མ། །དབང་འདི༴ པ་ཙ༴ ཕྲིན་ལས་ཕོ་ཉ་ཕག་མོ་ནི། །ལྗང་སེར་ཕག་མགོ་ཐོ་བ་འཕྱར། །ཆེ་ཆུང་མེད་པ་རྡུལ་དུ་རློག །དབང་འདི༴ པ་ཙ༴ ཕྲིན་ལས་ཕོ་ཉ་སྤྱན་བརྒྱ་མ། །མགོ་ལུས་མེད་པ་མིག་གིས་གང་། །སྟོང་གསུམ་མ་ལུས་གསལ་ཞིང་བཀྲ། །དབང་འདི༴ ཙ་པ༴ ༈ ཕྲིན་ལས་ཕོ་ཉ་མིག་སྟོང་ལྡན། །དབུ་སྟོང་ཕྱག་སྟོང་སྤྱན་ཡང་སྟོང་། །སྟོང་གསུམ་སྟོང་ལ་དབང་ཆེར་གྲགས། །དབང་འདི༴ པ་ཙ༴ ཕྲིན་ལས་ཕོ་ཉ་འོད་མགྱོགས་མ། །འཇའ་ཚོན་ལུས་ལ་འོད་ཀྱི་མིག །བལྟས་པས་མི་མཐོང་གང་ཡང་མེད། །དབང་འདི༴ པ་ཙ༴ ཕྲིན་ལས་ཕོ་ཉ་རླུང་ཞོན་མ། །ལྗང་སེར་ལྕགས་ཀྱི་དགྲ་སྟྭ་ཐོགས། །རླུང་ནག་འཚུབ་མ་ཆིབས་སུ་ཆིབས། །དབང་འདི༴ པ་ཙ༴ ༈ ཕྲིན་ལས་ཕོ་ཉ་རྫུ་འཕྲུལ་ཅན། །སྤྲུལ་ནག་སྟོང་གི་ཞགས་པ་འཕེན། །ལྟས་ངན་རྔ་མོང་གྭ་པ་ཞོན་། །དབང་འདི༴ པ་ཙ༴ ཕྲིན་ལས་ཕོ་ཉ་རྒྱུ་བ་མོ། །ཅིར་ཡང་མ་ངེས་གཟུགས་སུ་སྟོན། །ཆེད་འགའ་ཆུ་སྲིན་སྦྲུལ་གྱི་ལུས། །དབང་འདི༴ པ་ཙ༴ ཕྲིན་ལས་ཕོ་ཉ་དབང་ཕྱུག་རྒྱལ། །ལྗང་སེར་མདུང་ཐུང་རྩེ་གསུམ་འཕྱར། །དུག་གསུམ་རྩད་ནས་ལེན་བྱེད་མ། །དབང་འདི༴ པ་ཙ༴ ༈ ཕྲིན་ལས་ཕོ་ཉ་གྲགས་རྒྱལ་མ། །ལྗང་ནག་སྟག་ཞོན་དྲེད་ཀྱི་མགོ། །འཇིག་རྟེན་ཁམས་འདིར་མཐུ་ཆེར་གྲགས། །དབང་འདི༴ པ་ཙ༴ ཕྲིན་ལས་ཕོ་ཉ་དཔལ་ཤམ་མ། །དམར་གྱི་གཏོར་མ་ཀླད་ལ་བསྐོར། །ཁྲག་གི་གཏོར་མ་ཞགས་པར་འཕེན། །དབང་འདི༴ པ་ཙ༴ ཕྲིན་ལས་ཕོ་ཉ་ཡཀྵ་མོ། །ལྗང་ནག་གནོད་སྦྱིན་མགོ་བོ་ཐོགས། །གང་ལ་བྱ་བ་ཐོད་ཟོར་འཕེན། །དབང་འདི༴ པ་ཙ༴ ༈ ཕྲིན་ལས་ཕོ་ཉ་ཁྲོ་བག་ཅན། །བུད་མེད་གཟུགས་ལ་སྐྱེས་པའི་མགོ། །ཆེད་འགའ་ཞི་སྟེ་ཆེད་འགའ་ཁྲོ། །དབང་འདི༴ པ་ཙ༴ ཕྲིན་ལས་ཕོ་ཉ་མཆེ་བ་མོ། །ལག་གཉིས་རྡོ་རྗེའི་མཆེ་བ་འདེབས། །བཟུང་བས་མི་ཟིན་གང་ཡང་མེད། །དབང་འདི༴ པ་ཙ༴ ཕྲིན་ལས་ཕོ་ཉ་དབང་བསྐུར་མ། །རྡོ་རྗེ་གོ་ཆའི་ཕྱག་རྒྱ་ཅན། །ཀུན་གྱི་མངའ་བདག་དབང་མོ་ཆེ། །དབང་འདི༴ པ་ཙ༴ ༈ ཕྲིན་ལས་ཕོ་ཉ་དངོས་གྲུབ་བདག །ལྗང་ནག་འདོད་ཡོན་ལྔ་ལ་རོལ། །དངོས་གྲུབ་རྣམ་གསུམ་དུས་འདིར་སྩོལ། །དབང་འདི༴ པ་ཙ༴ ཕྲིན་ལས་ཕོ་ཉ་སྒྲོལ་བྱེད་ཆེ། །ལྗང་ནག་གཅོད་པའི་ཕལ་ཚབ་བསྣམས། །གང་ཡང་གསོན་པར་མི་བྱེད་མ། །དབང་འདི༴ པ་ཙ༴ ཕྲིན་ལས་ཕོ་ཉ་མངའ་བདག་མོ། །སྲིད་གསུམ་གྲགས་པའི་རྔེའུ་ཆུང་བརྡུང་། །མ་ལུས་གདུག་པ་ཟིལ་གྱིས་གནོན། །དབང་འདི༴ པ་ཙ༴ ༈ ཕྲིན་ལས་ཕོ་ཉ་འོད་འཕྲོ་མ། །ལྗང་ནག་གཅོད་པའི་ཤཀྟི་ཐོགས། །སྲིད་གསུམ་གསལ་བའི་འོད་འཕྲོ་མ། །དབང་འདི༴ པ་ཙ༴ ཕྲིན་ལས་ཕོ་ཉ་དྲག་མོ་ནི། །ལྗང་སྨུག་གྲུ་གསུམ་མཐིང་ནག་ཐོགས། །དྲག་པོ་ལས་ཀྱི་ཕོ་ཉ་མོ། །དབང་འདི༴ པ་ཙ༴ ཕྲིན་ལས་ཕོ་ཉ་ཁྲོ་རྐྱེན་མ། །ལྗང་སྨུག་རལ་པ་ས་ལ་རྡེབ། །རང་ལ་རང་ཡང་ཚིག་ཅིང་ཁྲོ། །དབང་༴ པ་ཙ༴ ༈ ཕྲིན་ལས་ཕོ་ཉ་མྱུར་གྲུབ་མ། །འཇམ་དཔལ་རྣོན་པོ་ལག་ན་ཐོགས། །ཧ་ཧ་རུ་ལུའི་སྒྲ་སྒྲོག་མའི། །དབང་འདི༴ པ་ཙ༴ ཕྲིན་ལས་ཕོ་ཉ་ཆུད་མི་ཟ། །ལྗང་སྨུག་རིན་ཆེན་སྒྲོན་མ་ཐོགས། །གདུང་བས་བརྩེ་ཞིང་ཕན་འདོགས་པའི། །དབང་འདི༴ པ་ཙ༴ ལས་ཀྱི་ཕོ་ཉ་འདུལ་བྱེད་མ། །ལྗང་སྨུག་སྲིན་པོའི་ཐོད་པ་ཐོགས། །ཁྱོད་ཀྱིས་མི་ཐུལ་གང་ཡང་མེད། །དབང་༴ པ་ཙ༴ ༈ ཕྲིན་ལས་ཕོ་ཉ་རྒྱ་མཚོ་མ། །རྣ་ཚོགས་ལུས་ཅན་རྒྱ་མཚོ་རློག །འཛམ་བུ་གླིང་གཞི་གཡོ་བྱེད་མ། །དབང་འདི༴ པ་ཙ༴ ལས་ཀྱི་ཕོ་ཉ་ལྟུང་འཛིན་མ། །སེམས་ཅན་ཞིང་བཅུ་བསྒྲལ་བྱས་ལ། །དམྱལ་བར་ལྟུང་ངེས་ལྕགས་ཀྱུས་འཛིན། །དབང་འདི༴ པ་ཙ༴ ཕྲིན་ལས་ཕོ་ཉ་སྒྲོལ་བྱེད་མ། །དམར་སྨུག་འཇོམས་བྱེད་རི་རབ་འཛིན། །རྡུལ་དུ་རློག་པའི་ལས་མཛད་མ། །དབང་འདི༴ པ་ཙ༴ ༈ ཕྲིན་ལས་ཕོ་ཉ་རང་དབང་མོ། །ལྗང་ནག་གཡུ་ཡི་ཞགས་པ་འདེབས། །འཇིག་རྟེན་ལས་ཀྱི་གཉེན་གཅིག་མ། །དབང་འདི༴ པ་ཙ༴ ཕྲིན་ལས་ཕོ་ཉ་འདུལ་མཁན་མ། །སྐྱེས་བུ་ན་ཆུང་གཟུགས་འཆང་མ། །ཇི་ལྟར་དམིགས་པ་བཞིན་དུ་འདུལ། །དབང་འདི༴ པ་ཙ༴ ལས་ཀྱི་ཕོ་ཉ་གོམས་པ་མོ། །ལྗང་ཁུ་ཡུངས་དཀར་མདའ་འཕེན་མ། །དཀར་ནག་སྙིང་གི་མཚམས་སུ་བརྡེགས། །དབང་འདི༴ པ་ཙ༴ ༈ ཕྲིན་ལས་ཕོ་ཉ་ལས་མཁན་མ། །ལྗང་སྐྱ་མཚེ་ཡི་ཟོར་འཕེན་མ། །ལོག་པའི་ཕྱོགས་རྣམས་ཟློག་བྱེད་མ། །དབང་འདི༴ པ་ཙ༴ ཕྲིན་ལས་ཕོ་ཉ་དབང་བསྒྱུར་མ། །ཉི་ཟླ་གཟའ་སྐར་སློག་པ་གྱོན། །ཛམྦུ་གླིང་གཞི་ལག་པར་ཐོགས། །དབང་འདི༴ པ་ཙ༴ ཕྲིན་ལས་ཕོ་ཉ་མཆོག་སྒྲོལ་མ། །ལྗང་སྐྱ་མཆོག་གི་ཙིཏྟ་འབྱིན། །སྐྱེ་ཤི་གཉིས་ཀྱི་རྩད་གཅོད་མ། །དབང་འདི༴ པ་ཙ༴ ༈ ཕྲིན་ལས་ཕོ་ཉ་རྒྱུག་འཛིན་མ། །ཐུགས་དམ་གཉན་པོ་རྒྱུད་བསྐུལ་ཕྱིར། །ཤེལ་དག་ལུང་ཐང་ཡུ་བུ་བསྣམས། །དབང་འདི༴ པ་ཙ༴ ཕྲིན་ལས་ཕོ་ཉ་རྔམས་པ་མོ། །ལྗང་སྐྱ་ཤ་ཁྲག་རློན་པ་ཟ། །གསོད་པའི་ལས་ལ་ཤིན་ཏུ་རྔམས། །དབང་འདི༴ པ་ཙ༴ ལས་ཀྱི་ཕོ་ཉ་སྤྲོ་རྐྱེན་མ། །ལྗང་སྐྱ་འདེབས་པའི་ལས་ལ་མྱུར། །ཛ་ཛ་ཧོ་ཧོའི་སྒྲ་འདེབས་མ། །དབང་འདི༴ པ་ཙ༴ ༈ ཕྲིན་ལས་ཕོ་ཉ་གཏུམ་ཆེན་མ། །ཉི་མ་ཟླ་བའི་འཁོར་ལོ་འཕེན། །གཏུམ་པས་འདོད་ཁམས་ལྷ་མི་བཙན། །དབང་འདི༴ པ་ཙ༴ ལས་ཀྱི་ཕོ་ཉ་མིག་དམར་མ། །ཁྲག་གི་ཆང་གིས་མྱོས་པར་བྱེད། །མིག་རྩ་དམར་ལ་ར་གདོང་ཆེ། །དབང་འདི༴ པ་ཙ༴ ཕྲིན་ལས་ཕོ་ཉ་སེན་མོ་ཅན། །དམར་སྨུག་སེན་མོ་ལྕགས་ཀྱུས་གཏམས། །བསྒྲལ་བའི་ཞིང་བཅུ་འཛིན་བྱེད་མ། །དབང་འདི་བུ་ལ་བསྐུར་བར་བྱ། །པ་ཙ་པ་ཙ་གྷཎྜེ་ཧོཿ ཨ་བྷི་ཥིཉྩ་ཧཱུཾ། ༈ འོག་གི་ཕོ་ཉ་མོ་དྲུག་ཅུ་རྐང་ལག་གི་སོར་ཚིགས་བཅོ་ལྔའི་མདུན་རྩ་རེ་རེ་ལ་བསྟིམ་ཞིང་བསྐྱེད་དེ། ཁམས་གསུམ་སྲིད་གསུམ་ཐམས་ཅད་ཀྱི། །དགྲ་དང་འབྱུང་པོ་བསྒྲལ་བའི་ཕྱིར། །སྐུ་ཡི་འོད་ཟེར་སྨུག་ནག་ལས། །ལས་བྱེད་མ་མོ་དྲུག་ཅུ་སྤྲུལ། །རལ་པ་གཅིག་མ་འཇིགས་གཟུགས་མཐིང་། །ཏྲི་ཤཱུ་གྲི་དྲེལ་ནད་རྐྱལ་ཐོགས། །མ་མོ་འདི་ཡི་དབང་བསྐུར་རོ། །མ་མེ་ཤྭ་ར་ཧཱུཾ་ཨ་བྷི་ཥིཉྩ་ཧཱུཾ། །སྦས་མོ་ཐལ་མདོག་ཐོད་ཁྲག་འཐུང་། །གཡང་གཞི་དུར་ཁྲོད་རྒྱན་མཛེས་ཀླུབས། །སྲིད་གསུམ་མཐུ་ཆེ་རྩལ་དྲག་པའི། །མ་མོ་འདི་ཡི་དབང་༴ མ་མེ་ཤྭ་ར༴ དུར་ཁྲོད་ཚོགས་ཀྱི་རལ་ཅན་མ། །མི་ཐོད་ཕྲེང་བས་སྐུ་རྒྱན་བརྗིད། ཁམས་གསུམ་འདི་ན་མཐུ་ཆེན་ཅན། །མ་མོ་འདི་ཡི༴ མ་མེ་ཤྭ༴ ༈ ཟ་བྱེད་རྔམས་པའི་མ་མོ་ནི། །མཐིང་སྐྱ་ཁྲག་རལ་གོས་སུ་གྱོན། །ཕྱག་གིས་སྐྱེ་འགྲོའི་ཙིཏྟ་བཟུང་། །མ་མོ་འདི་ཡི༴ མ་མེ་ཤྭ་ར༴ ཁམས་གསུམ་སྡུད་པའི་མ་མོ་ནི། །དམར་མོ་ཐོད་ཁྲག་སྐོམ་དུ་འཐུང་། །ང་རྒྱལ་དྲེགས་པའི་འཁོར་འཇོམས་མ། །མ་མོ༴ མ་མེ༴ རྒྱུད་དྲུག་སྒྲོལ་བའི་མ་མོ་ཆེ། །སྨུག་ནག་མེ་འབར་རྒྱ་མཚོ་གྱོན། །མི་སྙིང་ཕྲེང་བ་ཀླད་ལ་བསྐོར། མ་མོ་འདི༴ མ་མེ༴ ༈ སྲིད་གསུམ་ཟ་བྱེད་མ་མོ་ནི། །དམར་ནག་གནམ་ས་གོས་སུ་གྱོན། །བདུད་སྲིན་ཚོགས་རྣམས་འདར་ཞིང་འདུ། །མ་མོ་འདི༴ མ་མེ༴ སྲིད་གསུམ་ཡོངས་ལ་དབང་བསྒྱུར་མ། །སེར་ནག་ཉི་ཟླ་ཐོད་དུ་བཅིངས། །གནམ་ས་གཉིས་ལ་དབང་བྱེད་མ། །མ་མོ་འདི༴ མ་མེ༴ མཐུ་རྩལ་སྙེམས་པའི་མ་མོ་ནི། །ལྗང་ནག་ཞིང་གི་གོ་ཟུ་གྱོན། །ལག་པ་གཡས་པས་ནམ་མཁའ་འདེགས། །མ་མོ༴ མ་མེ། ༈ ཁྲོས་ཆེན་ཤ་ཁྲག་གསུར་ལ་དགའ། །མི་ཤ་རྟ་ཤ་ཟས་སུ་ཟ། །མི་ཁྲག་རྟ་ཁྲག་སྐོམ་དུ་འཐུང་། །མ་མོ༴ མ་མེ༴ སྒྲོལ་བྱེད་མ་མོ་ཆེན་མོ་ནི། །མཐིང་ནག་ནང་རོལ་གློ་སྙིང་འབྱིན། །ཕྲིན་ལས་དམ་ཉམས་སྒྲོལ་ལ་བརྩོན། །མ་མོ༴ མ་མེ༴ ཟ་བྱེད་མ་མོ་ཆེན་མོ་ནི། །སྔོ་ནག་གཡུ་ཡི་ཟ་མ་ཏོག །ཉམས་པ་ལེན་ཅིང་སྒྲུབ་ལ་སྟོབ། །མ་མོ་འདི་ཡི༴ མ་མེ༴ ༈ རྔམས་བྱེད་མ་མོ་ཆེན་མོ་ནི། །དམར་ནག་འབྲུག་སྔོན་ཆིབས་སུ་ཆིབས། །དགྲ་དང་ཉམས་པའི་སྙིང་འབྱིན་མ། །མ་མོ༴ མ་མེ༴ འཛིན་བྱེད་མ་མོ་ཆེན་མོ་ནི། །སེར་ནག་ཐོད་ཁྲག་ལྕགས་ཀྱུ་ཐོགས། །མ་ལུས་སྒྲོལ་བའི་ཀིང་ཆེན་མོ། །མ་མོ༴ མ་མེ༴ བགེགས་ཆེན་འཇོམས་པའི་མ་མོ་ནི། །སྔོ་ནག་སྤུ་གྲི་ཐོ་བ་ཐོགས། །བགེགས་ཀྱི་རྒྱལ་པོའི་སྙིང་ལ་འདེབས། །མ་མོ༴ མ་མེ༴ ༈ ཞིང་བཅུ་སྒྲོལ་བའི་མ་མོ་ནི། །ལྗང་ནག་བྷཉྫ་གྲི་ཐོགས་མ། །འཇིག་རྟེན་ཁམས་ཀྱི་དབང་མོ་ཆེ། །མ་མོ༴ མ་མེ༴ ཆད་པས་གཅོད་པའི་མ་མོ་ནི། །སྔོ་ནག་ཞིང་གི་གཡང་གཞི་རྡེབ། །དམ་ཚིག་ཉམས་པའི་སྙིང་འབྱིན་མ། །མ་མོ༴ མ་མེ༴ འབྱུང་པོ་སྒྲོལ་བྱེད་མ་མོ་ནི། །བྷཉྫ་གྲི་ཐོགས་འབྱུང་པོ་སྒྲོལ། །ཤར་གྱི་ཕྱོགས་ཀྱི་ལས་བྱེད་མ། །མ་མོ༴ མ་མེ༴ ༈ གཤིན་རྗེ་སྒྲོལ་བྱེད་མ་མོ་ནི། །བྷཉྫ་གྲི་ཐོགས་གཤིན་རྗེ་སྒྲོལ། །ལྷོ་ཡི་ཕྱོགས་ནས་ལས་བྱེད་མ། །མ་མོ༴ མ་མེ༴ ནུབ་ཕྱོགས་ཀླུ་སྒྲོལ་ཆེན་མོ་ནི། །བྷཉྫ་གྲི་ཐོགས་ཀླུ་ཆེན་སྒྲོལ། །ནུབ་ཀྱི་ཕྱོགས་ཀྱི་ལས་བྱེད་མ། །མ་མོ༴ མ་མེ༴ གནོད་སྦྱིན་སྒྲོལ་བྱེད་ཆེན་མོ་ནི། །ལྗང་ནག་བྷཉྫ་གྲི་ཐོགས་མ། །བྱང་གི་ཕྱོགས་ནས་ལས་བྱེད་མ། །མ་མོ༴ མ་མེ༴ ༈ སྲིན་པོ་སྒྲོལ་བྱེད་མ་མོ་ནི། །སྔོ་ནག་བྷཉྫ་གྲི་ཐོགས་མ། །སྟེང་གི་ཕྱོགས་ནས་ལས་བྱེད་མ། །མ་མོ༴ མ་མེ༴ སྲིན་མོ་སྒྲོལ་བྱེད་མ་མོ་ནི། །སྨུག་ནག་བྷཉྫ་གྲི་ཐོགས་མ། །འོག་གི་ཕྱོགས་ནས་ལས་བྱེད་མ། །མ་མོ༴ མ་མེ༴ གཟུགས་ལ་མངའ་མཛད་དབང་མོ་ཆེ། །དཀར་མོ་ཞིང་གི་དབྱུག་པ་བསྣམས། །དགྲ་བོའི་གཟུགས་རྣམས་འཕྲོག་བྱེད་མ། །མ་མོ༴ མ་མེ༴ ༈ ཁྲག་ལ་དབང་བའི་མ་མོ་ནི། །སྔོན་མོ་ཐོད་ཁྲག་འཁྲུག་ཅིང་གསོལ། །དགྲ་བོའི་ཁྲག་རྣམས་འཕྲོག་བྱེད་མ། །མ་མོ༴ མ་མེ༴ དྲོད་ལ་དབང་བའི་མ་མོ་ནི། །དམར་མོ་ལག་ན་ཙིཏྟ་ཐོགས། །སྡང་བ་དགྲ་ཡི་དྲོད་འཕྲོག་མ། །མ་མོ༴ མ་མེ༴ དབུགས་ལ་དབང་བའི་མ་མོ་ནི། །ལྗང་ནག་ཐོད་ཁྲག་ཞགས་པ་ཐོགས། །དགྲ་ཡི་དབུགས་རྣམས་འཕྲོག་བྱེད་མ། །མ་མོ༴ མ་མེ༴ ༈ བཀྲག་ལ་དབང་བའི་མ་མོ་ནི། །སེར་ནག་རལ་གྲི་ཐོད་ཁྲག་འཐུང་། །དགྲ་ཡི་མདངས་རྣམས་འཇིབ་བྱེད་མ། །མ་མོ༴ མ་མེ༴ སྲོག་ལ་དབང་བའི་མ་མོ་ནི། །སྨུག་ནག་གྲི་དང་ཐོད་ཁྲག་འཐུང་། །དགྲ་ཡི་སྲོག་རྣམས་འཕྲོག་བྱེད་མ། །མ་མོ༴ མ་མེ༴ མ་མོ་ཁྲག་འཐུང་བྱ་རྒོད་མགོ། །སེར་ལྗང་རལ་གྲི་ཐོད་ཁྲག་འཐུང་། །འཇིག་རྟེན་ཁྱབ་པའི་མཐུ་མོ་ཆེ། །མ་མོ༴ མ་མེ༴ ༈ མ་མོ་ཟ་བྱེད་སྟག་གི་མགོ། །དམར་སེར་ཐོད་ཁྲག་ཞལ་དུ་གསོ། །གདུག་པའི་ཚོགས་འཇོམས་རྫུ་འཕྲུལ་ཅན། །མ་མོ༴ མ་མེ༴ མ་མོ་འཇིགས་བྱེད་ཆུ་སྲིན་མགོ། །ཤ་ཁྲག་གསུར་ལ་དགའ་བྱེད་མ། །འཇིག་རྟེན་འདི་ན་དབང་ཆེར་ངེས། །མ་མོ༴ མ་མེ༴ མ་མོ་ཆེན་མོ་དུར་ཁྲོད་རྒྱན། །མི་ལྤགས་རློན་པ་ན་བཟར་གསོལ། །དུར་ཁྲོད་བགེགས་ཆེན་འདུལ་མཛད་མ། །མ་མོ༴ མ་མེ༴ ༈ རྡོ་རྗེ་གར་དབང་ཆེན་མོ་ནི། །དབུ་བརྒྱ་སྤྱན་སྟོང་ཀུན་ལ་ཁྱབ། །མ་ལུས་སྒྲོལ་བའི་ཀིང་ཆེན་མ། །མ་མོ་འདི༴ མ་མེ༴ པདྨ་གར་གྱི་དབང་ཕྱུག་མ། །ལག་ན་མི་མགོའི་ཕོར་པ་རུ། །མི་སྙིང་ཚིལ་བུས་བཀང་ཞིང་གསོལ། །མ་མོ༴ མ་མེ༴ ས་བདག་ཆེན་མོ་པདྨ་ཕྲེང་། །དམར་ནག་བྷཉྫ་ཁྲག་གིས་བཀང་། །མིག་རྩ་དམར་ཞིང་རྔམ་པ་ཆེ། །མ་མོ༴ མ་མེ༴ ༈ སྲིད་པ་གསུམ་གྱི་མངའ་བདག་མོ། །རི་རབ་རྩེ་ནས་བསྙིལ་བྱེད་ཅིང་། །རྒྱ་མཚོ་གཏིང་ནས་རྙོག་བྱེད་མ། །མ་མོ༴ མ་མེ༴ རྒྱ་མཚོའི་གཏིང་གི་དབང་མོ་ཆེ། །ན་བཟའ་ཆུ་སྲིན་ལྤགས་པ་གསོལ། །སྦྲུལ་ནག་སྟོང་གི་གདེངས་ཀ་ཅན། །མ་མོ༴ མ་མེ༴ མ་མོ་རྡོ་རྗེ་ཐོ་བ་མ། །སྔོ་ནག་མི་བསྲུན་ཐོ་བ་ཐོགས། །སྲིན་པོའི་ཚོགས་ཀྱང་འདར་ཞིང་གཡོ། །མ་མོ༴ མ་མེ༴ ༈ མ་མོ་རྡོ་རྗེ་གཏུན་ཁུང་མ། །མཐིང་ནག་དགྲ་བོ་གཏུན་དུ་བརྡུང་། །གང་ལ་བྱ་བ་རྡུལ་དུ་རློག །མ་མོ༴ མ་མེ༴ མ་མོ་རྡོ་རྗེ་དུར་ཁྲོད་བདག །སྔོ་ནག་མི་མགོ་རྡོ་རྗེ་དབྱུག །གདུག་པ་ཚོགས་རྣམས་འཇོམས་པར་བྱེད། །མ་མོ་འདི༴ མ་མེ༴ མ་མོ་རྡོ་རྗེ་གདེངས་པ་མོ། །སྔོ་ནག་རྡོ་རྗེ་རྩེ་གསུམ་བསྣམས། །གདུག་ཅིང་གཏུམ་ལ་དྲག་ཤུལ་ཆེ། །མ་མོ༴ མ་མེ༴ ༈ མ་མོ་རྡོ་རྗེ་གསལ་བཀྲ་མ། །དམར་ནག་མེ་ཡི་རྒྱུ་ཞགས་འཕེན། །བཀའ་ལས་འགལ་བ་འཛིན་བྱེད་མ། །མ་མོ༴ མ་མེ༴ མ་མོ་རྡོ་རྗེ་ཁྲག་འཐུང་མ། །ལྗང་སེར་བྷཉྫ་རཀྟས་བཀང་། །བཀའ་ལས་འགལ་བའི་སྙིང་ཁྲག་འཐུང་། །མ་མོ༴ མ་མེ༴ མ་མོ་ནག་མོ་དྲེལ་ཞོན་མ། །ནད་ཀྱི་རྐྱལ་པ་གོང་དུ་བཏགས། །ཚོན་གྱི་གྲུ་གུ་ཀླད་ལ་བསྐོར། །མ་མོ༴ མ་མེ༴ ༈ དུས་བཞིའི་རྒྱལ་མོ་མཐུ་མོ་ཆེ། །སྲིད་པ་གསུམ་ལ་དབང་བྱེད་ཅིང་། །ཅིར་ཡང་འགྱུར་བའི་སྐུ་མངའ་བ། །མ་མོ་འདི་ཡི༴ མ་མེ༴ མ་མོ་གནས་ཉུལ་སྤྱང་ཀིའི་མགོ། །མི་ཤ་ཟ་ཞིང་བདུད་ཁྱིམ་འཇོམས། །བལྟས་པས་བདུད་རྣམས་རློག་བྱེད་མ། །མ་མོ༴ མ་མེ༴ མ་མོ་རྫུ་བྱེད་སྟག་དང་དོམ། །གཅན་གཟན་གདུག་པའི་གཟུགས་སུ་སྤྲུལ། །མ་ལུས་འཇོམས་པའི་མཐུ་མོ་ཆེ། །མ་མོ༴ མ་མེ༴ ༈ མ་མོ་འཇུམས་བྱེད་ཕོ་ཉ་མོ། །ཁྲ་ལྟར་འཇུམས་ཤིང་ཁྱི་ལྟར་ཟུག །གང་ལ་དམིགས་པ་ཡུད་ཀྱིས་ལེན། །མ་མོ༴ མ་མེ༴ མ་མོ་གནམ་ས་ཕྱེད་ཀྱི་བདག །རི་ཀླུངས་མེད་པ་གཟུགས་ཀྱིས་ཁེབས། །ཆེ་ཆུང་མེད་པ་འཇོམས་པར་བྱེད། །མ་མོ༴ མ་མེ༴ མ་མོ་ཕོ་ཉ་རྒྱུག་བྱེད་མོ། །བུད་མེད་ལུས་ལ་འཇའ་ཚོན་གོས། །བང་ནི་རི་ཀླུངས་མེད་པར་རྒྱུག །མ་མོ༴ མ་མེ༴ ༈ མ་མོ་ཕོ་ཉ་ཟ་བྱེད་མ། །བུད་མེད་ལུས་ལ་སྟག་གི་མགོ། །ཟས་སུ་གཙང་རྨེ་མེད་པར་ཟ། །མ་མོ་འདི་ཡི༴ མ་མེ༴ རྡོ་རྗེ་ཡ་བྱིན་ཕོ་ཉ་མོ། །དཀར་ཁྲ་ལྕགས་ཀྱུ་ཕུར་བུ་འཛིན། །གང་ལ་བྱ་བ་གྲུབ་པར་བྱེད། །མ་མོ༴ མ་མེ༴ རྡོ་རྗེ་བསེ་བྱིན་རྩལ་མོ་ཆེ། །སྔོ་ནག་ཞགས་པ་ཕུར་བུ་ཐོགས། །གང་ལ་བྱ་བ་གྲུབ་པར་བྱེད། །མ་མོ་འདི༴ མ་མེ༴ ༈ རྡོ་རྗེ་ཕག་བྱིན་ཐོགས་པ་མེད། །དམར་ནག་ལྕགས་སྒྲོག་ཕུར་བུ་ཐོགས། །གང་ལ་བྱ་བ་གྲུབ་པར་བྱེད། །མ་མོ༴ མ་མེ༴ རྡོ་རྗེ་དེ་བྱིན་དབང་གྲུབ་མ། །ལྗང་ནག་དྲིལ་འཁྲོལ་ཕུར་བུ་འཕེན། །གང་ལ་བྱ་བ་གྲུབ་པར་བྱེད། །མ་མོ༴ མ་མེ༴ ས་བདག་རྒྱལ་མོ་ཆེན་མོ་འདི། །སེར་ནག་གསེར་གྱི་བུམ་པ་བསྣམས། །ཚེ་སྲོག་ཀུན་ལ་དབང་བསྒྱུར་མ། །མ་མོ༴ མ་མེ༴ ༈ ཕྱི་འཁོར་སྐྱོང་བའི་མངའ་བདག་མོ། །རྒྱན་དང་ཆ་ལུགས་མཛེས་པའི་ཚུལ། །གནས་ནི་གཡའ་རི་གངས་ལ་གནས། །མ་མོ༴ མ་མེ༴ འབྲོག་སྲིང་རྣམས་ཀྱི་རྗེ་མོ་ནི། །བུད་མེད་བཟང་སྡུག་འོད་ཆགས་མ། །སྐྲ་བཤིག་རལ་པ་གྱེན་དུ་བརྫེས། །མ་མོ༴ མ་མེ༴ ཁྲོ་ཚིག་མྱུར་བའི་མ་མོ་ནི། །བུད་མེད་ཁྲག་གི་ལན་ཕྲན་ཅན། །ནག་མོ་ལག་ན་ཐོད་པ་ཐོགས། །མ་མོ་འདི་ཡི་དབང་བསྐུར་རོ། །མ་མེ་ཤྭ་ར་ཧཱུཾ་ཨ་བྷི་ཥིཉྩ་ཧཱུཾ། ༈ སྲུང་འཁོར་གྱི་དབུས་དང་ཕྱོགས་བཅུ་ནས་ཁྲག་འཐུང་སྤྲུལ་པའི་དཀྱིལ་འཁོར་ཕུར་པའི་ལྷ་ཞེ་གཉིས་ཡང་སྤྲུལ་བྱེ་བ་ཕྲག་ས་ཡ་དང་བཅས་པ་ཆད་དེ་བ་སྤུའི་བུ་ག་རྣམས་སུ་ཐིམ་པས་ཁྲོ་བོའི་རྡུལ་ཕྲ་རབ་ཀྱིས་གོ་མཚམས་མེད་པར་གཏམས་པར་བསམ་ཞིང་། རྡོ་རྗེ་གཞོན་ནུ་མཐིང་ནག་ཕུར་བུ་འདྲིལ། །འཁོར་ལོ་རྒྱས་འདེབས་གཙོ་འཁྱུད་དུང་དམར་སྟོབ། །ཕྲིན་ལས་གདུག་ཅན་དྲེགས་པ་འདུལ་བའི་དབང་། །སྐལ་ལྡན་རིགས་ཀྱི་བུ་ལ་བསྐུར་བར་བྱ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། ༀ་དཱིཔྟ་ཙཀྲ་ཧ་ན་ཧ་ན་ཧཱུཾ་ཕཊ། ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ་ཆེན་མཐིང་སྐྱ་འཁོར་ལོ་ཐོད་དབྱུག་ཐོགས། །སྒྲ་འབྱིན་གཙོ་འཁྱུད་དུང་ཁྲག་ཡབ་ལ་སྟོབ། །སྤྲུལ་པའི་ཕྲ་མེན་ཕག་དང་རྨིག་བུའི་མགོ། །ཕྲིན་ལས་ཉི་ཟླའི་གདོན་ཚོགས་འདུལ་བའི་དབང་། །སྐལ་ལྡན་རིགས་ཀྱི་བུ་ལ་སྐུར་བར་བྱ། །ༀ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ། གརྫ་གརྫ་ཧཱུཾ་ཕཊ། ཀྲོ་དྷཱི་ཤྭ་རཱི་དཱི་པ་ཡ་ཏི་ཧཱུཾ། བཛྲ་ཨུ་ཡ་ཀ་མུ་ཁ་ཨུ་ཨི་ཤི་མུ་ཁཱི་ཧཱུཾ། ཨ་བྷི༴ རྣམ་རྒྱལ་དཀར་པོ་རྩེ་ལྔ་ཞིང་དབྱུག་འཕྱར། །སྙེམས་མ་གཙོ་འཁྱུད་དུང་ཁྲག་ཡབ་ལ་སྟོབ། །སྤྲུལ་པའི་ཕྲ་མེན་སྟག་དང་བྱ་རྒོད་མགོ། །ཕྲིན་ལས་དྲི་ཟའི་གདོན་ཚོགས་འདུལ་བའི༴ སྐལ་ལྡན་རིགས་ཀྱི་བུ་ལ༴ ༀ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ་ཧ་ན་ཧ་ན་ཧཱུཾ་ཕཊ། ཀྲོ་དྷཱི་ཤྭ་རཱི་ལཱ་སྱ་ཀི་ཧཱུཾ། བཛྲ་བྷཱ་གྷྲི་མུ་ཁ་གྲྀ་ཌྷ་མུ་ཁཱི་ཧཱུཾ། ཨ་བྷི༴ དབྱུག་སྔོན་སྔོ་སྐྱ་མེ་དབལ་དྲང་སྲོང་འཛིན། །སྡེར་མོ་གཙོ་འཁྱུད་དུང་ཁྲག་ཡབ་ལ་སྟོབ། །སྤྲུལ་པའི་ཕྲ་མེན་གཡག་དང་བྱ་རོག་མགོ། །ཕྲིན་ལས་དྲང་སྲོང་གདོན་ཚོགས༴ སྐལ་ལྡན་རིགས་ཀྱི་བུ༴ ༀ་བཛྲ་ཀྲོ་དྷ་ནཱི་ལ་དནྜ་ཧཱུཾ་ད་ཧ་ད་ཧ་ཧཱུཾ་ཕཊ། ཀྲོ་དྷཱི་ཤྭ་རཱི་ཏཱ་ཏཱ་ཧཱུཾ། བཛྲ་ཙ་མ་ར་མུ་ཁ་ཀཱ་ཀ་མུ་ཁཱི་ཧཱུཾ། ཨ་བྷི༴ གཤེད་པོ་སེར་ནག་བེ་ཅོན་གཤིན་རྗེ་འཛིན། །དུར་ཁྲོད་གཙོ་འཁྱུད་དུང་ཁྲག་ཡབ་ལ་སྟོབ། །སྤྲུལ་པའི་ཕྲ་མེན་ཤ་བ་འུག་པའི་མགོ། །ཕྲིན་ལས་གཤིན་རྗེའི་གདོན་ཚོགས༴ སྐལ་ལྡན་རིགས་ཀྱི་བུ་ལ༴ ༀ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ་པ་ཙ་པ་ཙ་ཧཱུཾ་ཕཊ། ཀྲོ་དྷཱི་ཤྭ་རཱི་སྨ་ཤ་པ་ཏི་ཧཱུཾ། བཛྲ་ཧ་རི་ཎ་མུ་ཁ་ཨུ་ལཱུ་ཀ་མུ་ཁཱི་ཧཱུཾ། ཨ་བྷི༴ མི་གཡོ་ལྗང་སྔོན་རལ་གྲི་སྲིན་པོ་འཛིན། །གཏུན་ཁུང་གཙོ་འཁྱུད་དུང་ཁྲག་ཡབ༴ སྤྲུལ་པའི་ཕྲ་མེན་གཟིག་དང་ཁྭ་ཏའི་མགོ། །ཕྲིན་ལས་སྲིན་པོའི་གདོན་ཚོགས༴ སྐལ་ལྡན་རིགས་ཀྱི་བུ༴ ༀ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུཾ་བནྡྷ་བནྡྷ་ཧཱུཾ་ཕཊ། ཀྲོ་དྷཱི་ཤྭ་རཱི་མུ་ཧ་ལ་ཧཱུཾ། བཛྲ་ཨ་ཏྱ་མུ་ཁ་པྲེ་ཏི་མུ་ཁཱི་ཧཱུཾ། ཨ་བྷི༴ རྟ་མགྲིན་དམར་ནག་ཞིང་དབྱུག་ཁྱུང་གཤོག་འཛིན། །གཏུམ་མོ་གཙོ་འཁྱུད་དུང་ཁྲག༴ སྤྲུལ་པའི་ཕྲ་མེན་བྱི་ལ་པུ་ཤུད་མགོ། །ཕྲིན་ལས་ཀླུ་ཡི་གདོན་ཚོགས༴ སྐལ་ལྡན་རིགས་ཀྱི་བུ༴ ༀ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཀྲོ་དྷཱི་ཤྭ་རཱི་ཛ་ཡ་ཏི་ཧཱུཾ། བཛྲ་བི་རཱ་ལ་མུ་ཁ་པཀྵ་ཏི་མུ་ཁཱི་ཧཱུཾ། ཨ་བྷི༴ འདོད་རྒྱལ་དམར་ལྗང་བ་དན་རླུང་ལྷ་འཛིན། །མདའ་སྙེམས་གཙོ་འཁྱུད་དུང་ཁྲག༴ སྤྲུལ་པའི་ཕྲ་མེན་སྤྱང་ཀི་ཁྲ་ཡི་མགོ། །ཕྲིན་ལས་རླུང་ལྷའི་གདོན་ཚོགས༴ སྐལ་ལྡན་རིགས་ཀྱི་བུ༴ ༀ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུཾ་ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ཀྲོ་དྷཱི་ཤྭ་རཱི་ས་བྱ་ཏི་ཧཱུཾ། བཛྲ་སྲྀ་ག་ལ་མུ་ཁ་སཉྩ་ར་ཎ་མུ་ཁཱི་ཧཱུཾ། ཨ་བྷི༴ བདུད་རྩི་ལྗང་ནག་དབྱུག་ཏོ་གནོད་སྦྱིན་འཛིན། །རླུང་འབྱིན་གཙོ་འཁྱུད་དུང་ཁྲག༴ སྤྲུལ་པའི་ཕྲ་མེན་སེང་གེ་ཕ་ཝང་མགོ། །ཕྲིན་ལས་གནོད་སྦྱིན་གདོན་ཚོགས༴ སྐལ་ལྡན་རིགས་ཀྱི༴ ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། ཀྲོ་དྷཱི་ཤྭ་རཱི་ས་བྱ་མི་ཏ་ཧཱུཾ། བཛྲ་སིཾ་ཧ་མུ་ཁ་ཏི་ཏི་ལ་མུ་ཁཱི་ཧཱུཾ། ཨ་བྷི༴ སུམ་རྒྱལ་དཀར་པོ་རྡོ་རྗེ་འབྱུང་པོ་འཛིན། །གསོད་མ་གཙོ་འཁྱུད་དུང་ཁྲག༴ སྤྲུལ་པའི་ཕྲ་མེན་དོམ་དང་སྲེ་མོའི་མགོ། །ཕྲིན་ལས་འབྱུང་པོའི་གདོན་ཚོགས༴ སྐལ་ལྡན་རིགས་ཀྱི༴ ༀ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུཾ། བྷིནྡ་བྷིནྡ་ཧཱུཾ་ཕཊ། ཀྲོ་དྷཱི་ཤྭ་རཱི་མཱ་ར་ཎི་ཧཱུཾ། བཛྲ་རིཀྵ་ས་མུ་ཁ་ན་ཀུ་ལ་མུ་ཁཱི་ཧཱུཾ། ཨ་བྷི༴ སྟོབས་ཆེན་དུད་ཁ་ཐོང་གཤོལ་ཞིང་དབྱུག་ཐོགས། །བསྐྱོད་མ་གཙོ་འཁྱུད་དུང་ཁྲག་ཡབ་ལ་སྟོབ། །སྤྲུལ་པའི་ཕྲ་མེན་དྲེད་དང་བྱི་བའི་མགོ། །ཕྲིན་ལས་ས་བདག་གདོན་ཚོགས་འདུལ་བའི་དབང་། །སྐལ་ལྡན་རིགས་ཀྱི་བུ་ལ་བསྐུར་བར་བྱ། །ༀ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ་སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། ཀྲོ་དྷཱི་ཤྭ་རཱི་མུཎྜེ་མཾ་ཧཱུཾ། བཛྲ་རིཀྵ་ས་མུ་ཁ་ཀཱ་ཤི་ཀ་མུ་ཁཱི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། འདིར་ཟུར་ཧམ་ཤཱཀ་འབྱུང་གིས། ཧཱུཾ་ཆེན་མཐིང་ག་འཁོར་ལོ་ཐོད་དབྱུག་ཐོགས། །སྒྲ་འབྱིན་གཙོ་འཁྱུད་དུང་ཁྲག་གཙོ་ལ་སྟོབ། །ཕྲིན་ལས་ཉི་ཟླའི་གདོན་ཚོགས་འདུལ་བའི་དབང་། །རིགས་ཀྱི་བུ་མཆོག་ཁྱོད་ལ་བྱིན་པར་བྱ། །ཧཱུཾ་ཞེས་སྒྲ་འབྱིན་ཕག་དང་རྨིག་བུའི་མགོ། །ཡང་ན། ཁྲོ་བཅུ་ཞལ་གསུམ་ཕྱག་དྲུག་མངོན་པར་རོལ། །ཞེས་པས། ཁྲོ་བཅུ་རྣམས་ཞལ་གཅིག་ཕྱག་གཉིས་པའམ། ཡང་ན་ཞལ་གསུམ་ཕྱག་དྲུག་པ་དང་། ཟ་གསོད་ཀྱང་ཡོད་མེད་འདམ་ཀ་ཅན་དུ་མཛད་པ་ལས། སྨྱལ་པས། ཟ་གསོད་ཀྱང་མེད་པ་དང་། ཁྲོ་བཅུ་ཞལ་གཅིག་ཕྱག་གཉིས་པར་མཛད་པའི་རྗེས་སུ་འབྲང་ནའང་། འདིར་ཞལ་ཕྱག་རྒྱས་བསྡུས་ཡིན་པས་གང་ལྟར་བྱས་ཀྱང་རུང་མོད། ཟ་གསོད་ངེས་པར་དགོས་ཏེ། ཧེ་རུ་ཀ་འདུས་རྒྱུད་ལས། རྡོ་རྗེ་མེ་རི་ལག་ཆུ་ཧ། །ཕྱི་རོལ་ཁྲོ་བཅུ་ཡབ་ཡུམ་སྟེ། །ཕྲ་མེན་ཉི་ཤུ་ཡང་སྤྲུལ་དག །བྱེ་བ་ཕྲག་ནི་ས་ཡ་འཕྲོ། །ཞེས་དང་། དབང་དོན་རྒྱུ་ཆེར་འབྱེད་པར། རིག་འཛིན་བླ་མ་མ་གཏོགས་པའི་ལྷ་དབང་ལ་འདིར་ཞི་ཁྲོའི་ལྷ་ལྔ་བརྒྱ་གྱ་གསུམ་ཡོད་པར་བཤད་ཅིང་། དེ་ལ་འདྲེན་པའི་ལས་བྱང་ཆེ་ལེར་ཕུར་པའི་ལྷ་ཞེ་གཉིས་བགྲང་དགོས་པར་གསུངས་པའི་ཕྱིར། ཟ་གསོད་ཡོད་པའི་ཕྱོགས་དག་པར་མཐོང་ནས་འདིར་ཁ་བསྐང་བ་ཡིན་ནོ། །ན་མོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེན་པའི་བྱིན་གྱི་རླབས་ཀྱིས། སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ། ཆེ་མཆོག་ཡབ་ཡུམ་ཆོས་སྐུ་རྫོགས་པའི་དཀྱིལ་འཁོར་དང་། ཁྲག་འཐུང་རྩ་བའི་དཀྱིལ་འཁོར་བདུན་ཅུ་རྩ་བརྒྱད། ཁྲོ་བོ་བཀའ་ཉན་དང་སྤྲུལ་པའི་དཀྱིལ་འཁོར་བཞི་བརྒྱ་རེ་གསུམ་རྣམས་ཀྱི་ཕྱག་རྒྱའི་དབང་བསྐུར་བས། རྟོག་ཚོགས་ཐམས་ཅད་དབྱིངས་སུ་དག་ནས་དཔལ་ཆེན་པོའི་སྐུ་དང་ཡེ་ཤེས་སུ་རྟོགས་པར་གཉིས་འཛིན་གྱི་མཐའ་ལ་ཞེན་པའི་འགྲོ་བ་རྣམས་དུས་གཅིག་ལ་སྒྲོལ་བའི་དབང་དམ་པ༴ དེས་ཕན་པ་ལྷའི་དབང་སོང་ནས། ད་བྱིན་པ་སློབ་དཔོན་གྱི་དབང་ཞེས་གྲགས་པ་རྡོ་རྗེ་འཆང་གི་དཀྱིལ་འཁོར་རིག་འཛིན་རྣམས་ཀྱི་དབང་བསྐུར་བ་ནི། སྤྱིར་མདོ་རྩ་བ་དང་། མདོ་ཡོངས་རྫོགས་ཀྱི་བརྒྱུད་ལུགས་གཉིས་གང་ལྟར་ཀྱང་རོ་ལངས་བདེ་བ་ལ་བཀའ་བབས་པས། དེ་ཕྱིན་ཆད་གཅིག་འདྲེས་སུ་གྱུར་མོད། །དེ་ལྟ་ནའང་། ཨ་ནུ་ལ་བསྐྱེད་རྫོགས་གསུམ་དུ་ཕྱེ་བའི་མ་ཧཱ་དང་ཨ་ཏི་གཉིས་ཀྱང་། ཐེག་པ་དེ་གཉིས་ཀྱི་ལམ་དང་ཆ་འདྲ་བར་བཀྲལ་བས། དེ་དང་དེའི་བྱིན་རླབས་ཀྱི་བཀའ་བབས་ཀྱང་དུ་མ་ཞིག་གནུབས་ཆེན་ལ་བབས་པས་ན། མདོ་རང་གི་ནང་གསེས་བསྐྱེད་རྫོགས་གསུམ་དུ་ཕྱེ་བའི་བླ་བརྒྱུད་གཅིག་ནས་གཅིག་ཏུ་བརྒྱུད་པའི་རིམ་པ་ཁོ་ན་མ་ཡིན་ཀྱང་། རིག་འཛིན་དེ་རྣམས་ཀྱི་བྱིན་རླབས་འཕོ་བའི་ཆུ་རྒྱུན་གཅིག་ཏུ་འདྲིལ་བས་སློབ་མའི་རྒྱུད་བྱིན་གྱིས་རློབ་པའི་སྒོར་བཀའ་བབས་ཐ་དད་པའི་བརྒྱུད་པའང་མགྲོན་ཐབས་སུ་བྱས་ཏེ་ངོ་མཚར་སྒྲིགས་ལྟ་བུར་མཛད་ནས་བསྐུར་བ་ཡིན་ལ། དེ་ཡང་གབ་པའི་དབང་ལེར་དུས་གསུམ་གྱི་སློབ་དཔོན་ཞེས། དམ་ཚིག་དབང་དང་། ཤེས་རབ་རྒྱུད་དང་། མན་ངག་འབྲས་བུའི་སློབ་དཔོན་རྣམས་སོ་སོའི་གསང་མཚན་དང་བཅས་ཏེ་གོ་རིམ་དེ་ལྟར་བསྐུར་བར་གསུངས་ཤིང་། བསྐྱེད་རྫོགས་གསུམ་རེ་རེ་ལའང་དབང་རྒྱུད་མན་ངག་གསུམ་གྱི་བརྒྱུད་སྲོལ་ཚང་ཡང་། གཙོ་ཆེ་བའི་དབང་དུ་བྱས་ནས། དེ་གསུམ་རིམ་པ་ལྟར་མ་ཧཱ། ཨ་ནུ། ཨ་ཏི་གསུམ་ལ་སྦྱར་དུ་རུང་བས། དེའི་དགོངས་པ་ལྟར་ན་འཇུག་རིམ་བཞིན་མས་འཛེགས་ཀྱིས་བསྐུར་བར་འགྱུར་ནའང་། བླ་མ་རྣམས་ཀྱི་ཕྱག་བཞེས་སུ་མཆོག་དམན་གྱི་རིམ་པས་བསྐུར་བར་མཛད་པ་ལའང་འགལ་བ་མ་མཐོང་བས། འདིར་དེ་བཞིན་དུ་བསྐུར་བར་བྱ་བ་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་ལས་དགོངས་རིག་གི་རྒྱལ་བ་སྲས་བཅས་དང་། རྒྱུའི་རྟ་བབས་ཀྱི་ཕྱི་རོལ་ཁོར་ཡུག་ཟླུམ་པོ་ལ་བཞུགས་པའི་དུས་གསུམ་གྱི་རིག་འཛིན་བླ་མ་རྣམས་ལས་རང་འདྲ་བ་རེ་རེ་ཆད་དེ་མགོ་བོའི་སྐྲ་ལ་ཐིམ་པས་རིག་འཛིན་བླ་མ་བྱེ་བ་ས་ཡའི་ཚོགས་སུ་སྐད་ཅིག་གིས་གྲུབ་པའི་མོས་པ་མཛོད། དེ་ལ་གསུམ་ལས། དང་པོ་མན་ངག་འབྲས་བུའི་སློབ་དཔོན་ཨ་ཏི་ཡོ་གའི་བརྒྱུད་པ་ནི། ཙཀླི་རྣམས་རིམ་པར་ཐོགས་ལ། དབྱིངས་དང་ཡེ་ཤེས་གཉིས་མེད་པའི། །སྟོན་པ་ཀུན་བཟང་ཡབ་ཡུམ་ནི། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །འདིར་གཤེགས་དབང་བསྐུར་བྱིན་གྱིས་རློབས། །ༀ་མ་ཧཱ་གུ་རུ་ཤ་རི་རཾ་གཱི་ལི་ཧཱུཾ་ཨ་བྷི་ཥིཉྩ་ཧཱུཾ། ཡེ་ཤེས་རང་རྩལ་མཚན་དཔེའི་སྐུ། །ལོངས་སྐུ་རྡོ་རྗེ་སེམས་དཔའ་ཡང་། །འོག་མིན་གནས་བཞུགས༴ འདིར་གཤེགས་དབང་༴ ༀ་མ་ཧཱ་གུ་རུ༴ བདེ་གཤེགས་སྐུ་ཡི་རིགས་འཆང་བ། །མཁྱེན་རབ་མངའ་བདག་འཇམ་དཔལ་དབྱངས། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ ༈ བདེ་གཤེགས་གསུང་གི་རིགས་འཆང་བ། ཐུགས་རྗེའི་མངའ་བདག་སྤྱན་རས་གཟིགས། འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ བདེ་གཤེགས་ཐུགས་ཀྱི་རིགས་འཆང་བ། །མཐུ་སྟོབས་མངའ་བདག་རྡོ་རྗེ་འཛིན། །འོག་མིན༴ འདིར༴ ༀ་མ་ཧཱ༴ སློབ་དཔོན་དགའ་རབ་རྡོ་རྗེ་ནི། །གསང་མཚན་རྡོ་རྗེ་བདེ་བྱེད་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ ༈ སློབ་དཔོན་འཇམ་དཔལ་བཤེས་གཉེན་ནི། །གསང་མཚན་རྡོ་རྗེ་གཞོན་ནུ་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ རྒྱལ་པོ་དྷ་ཧེ་ན་ཏ་ལོ། །གསང་མཚན་རྡོ་རྗེ་དགའ་བྱེད་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ ཐུ་བོ་རཱ་ཛ་ཧསྟི་ནི། །གསང་མཚན་རྡོ་རྗེ་གསལ་བ་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ ༈ རྒྱལ་པོའི་སྲས་མོ་ཝཱ་ར་ཎི། །གསང་མཚན་རྡོ་རྗེ་མཛེས་མ་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ ཀླུ་ཡི་རྒྱལ་པོ་འཇོག་པོ་ནི། །གསང་མཚན་རྡོ་རྗེ་རྫུ་འཕྲུལ་ཅན། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ སྲས་མོ་གནོད་སྦྱིན་བྱང་ཆུབ་མོ། །གསང་མཚན་རྡོ་རྗེ་གཡུང་དྲུང་རྩལ། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ ༈ སྨད་འཚོང་གཟུངས་མ་ཨ་ར་ལིའི། །གསང་མཚན་རྡོ་རྗེ་དབྱིངས་མ་རྩལ། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ ཁ་ཆེའི་སློབ་དཔོན་ཨཀྵོ་བྷྱཿ །གསང་མཚན་རྡོ་རྗེ་དངོས་གྲུབ་རྩལ། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ མཁན་པོ་ཀུ་ཀུ་རཱ་ཛ་ཡི། །གསང་མཚན་རྡོ་རྗེ་དྲག་པོ་རྩལ། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ ༈ སྨད་འཚོང་བུདྡྷ་ས་མ་ཡའི། །གསང་མཚན་རྡོ་རྗེ་ཡང་དག་རྩལ། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ སྨད་འཚོང་བུདྡྷ་ས་མ་ཏཱི། །གསང་མཚན་རྡོ་རྗེ་ཉི་འོད་རྩལ། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ ཨོ་རྒྱན་རྒྱལ་པོ་མ་ཧཱ་རཱ་ཛ་ཡི། །གསང་མཚན་རྡོ་རྗེ་རྫུ་འཕྲུལ་རྩལ། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ ༈ སྲས་མོ་གོ་མ་དེ་ཝཱི་ཡི། །གསང་མཚན་རྡོ་རྗེ་ངེས་གྲུབ་རྩལ། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ སློབ་དཔོན་ཆེན་པོ་ཨཱ་ལོ་ཀེའི། །གསང་མཚན་རྡོ་རྗེ་གཡུང་དྲུང་རྩལ། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ ཀུ་ཀུ་རཱ་ཛ་ཕྱི་མ་ཡི། །གསང་མཚན་རྡོ་རྗེ་བདུད་འདུལ་རྩལ། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ ༈ སློབ་དཔོན་མ་ཧཱ་རཱ་ཛ་ཡི། །གསང་མཚན་རྡོ་རྗེ་སྒེག་པ་རྩལ། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ སློབ་དཔོན་དྲང་སྲོང་བྷ་ཤི་ཏིའི། །གསང་མཚན་རྡོ་རྗེ་ལྷུན་གྲུབ་རྩལ། །འོག་མིིན༴ འདིར་གཤེགས༴ ༀ་མ་ཧཱ༴ གཟུངས་མ་སྨད་འཚོང་བདག་ཉིད་མའི། །གསང་མཚན་རྡོ་རྗེ་འོད་མཆོག་རྩལ། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ ༈ སློབ་དཔོན་ནཱ་གརྫུ་ན་ཡི། །གསང་མཚན་རྡོ་རྗེ་ཐོགས་མེད་རྩལ། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ སློབ་དཔོན་དེ་བ་རཱ་ཛ་ཡི། །གསང་མཚན་རྡོ་རྗེ་གསང་བརྩལ་བ། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ འཇམ་དཔལ་བཤེས་གཉེན་ཕྱི་མ་ཡི། །གསང་མཚན་རྡོ་རྗེ་ངེས་པ་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ ༈ རིག་འཛིན་དགེ་བསྙེན་ལེགས་པ་ཡི། །གསང་མཚན་རྡོ་རྗེ་མཆོག་རབ་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ སློབ་དཔོན་བུདྡྷ་གུ་ཧྱ་ཡི། །གསང་མཚན་རྡོ་རྗེ་གསང་རྫོགས་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ སློབ་དཔོན་ཤྲཱི་སིདྡྷ་ཡི། །གསང་མཚན་རྡོ་རྗེ་བཞད་པ་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ ༈ དགེ་སློང་མ་གཟུགས་ཀུན་དགའ་མོའི། །གསང་མཚན་རྡོ་རྗེ་ཤེས་རབ་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ སློབ་དཔོན་བི་མ་ལ་མི་ཏྲའི། །གསང་མཚན་རྡོ་རྗེ་གྲོ་ལོད་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ ལོ་ཆེན་བཻ་རོ་ཙ་ན་ཡི། །གསང་མཚན་རྡོ་རྗེ་ཁྱུང་གཤོག་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ ༈ རྒྱལ་མོ་གཡུ་སྒྲ་སྙིང་པོ་ཡི། །གསང་མཚན་རྡོ་རྗེ་བདེ་འབྱམས་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ གཉགས་ལོ་ཡེ་ཤེས་གཞོན་ནུ་ཡི། །གསང་མཚན་དྲི་མེད་ཟླ་ཤར་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ སོག་པོ་དཔལ་གྱི་ཡེ་ཤེས་ཀྱི། །གསང་མཚན་རྡོ་རྗེ་གཞད་པའི་གཏེར། །འོག་མིན༴ འདིར༴ ༀ་མ་ཧཱ༴ ༈ གཉིས་པ་ཤེས་རབ་རྒྱུད་ཀྱི་སློབ་དཔོན་ཨ་ནུ་ཡོ་གའི་བརྒྱུད་པ་ནི། །འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །རྒྱལ་མཆོག་ཀུན་བཟང་ཡུམ་དང་བཅས། །འདིར་གཤེགས་དབང་བསྐུར་བྱིན་གྱིས་རློབས། །དབྱིངས་རིག་དབྱེར་མེད་རྟོགས་པར་ཤོག །ༀ་མ་ཧཱ་གུ་རུ་ཤ་རི་རཾ་གཱི་ལི་ཧཱུཾ་ཨ་བྷི་ཥིཉྩ་ཧཱུཾ། ཡེ་ཤེས་རང་སྣང་ཞིང་ཁམས་ནས། །རྒྱལ་ཚབ་རྡོ་རྗེ་སེམས་དཔའ་ཡང་། །འདིར་གཤེགས་དབང་༴ རང་བྱུང་ཡེ་ཤེས་རྟོགས་པར་ཤོག །ༀ་མ་ཧཱ་གུ་རུ་ཤ་རི༴ དབུས་ཕྱོགས་རྣམ་དག་ཞིང་ཁམས་ནས། །སྐུ་མཆོག་རྣམ་པར་སྣང་མཛད་ཀྱང་། །འདིར་གཤེགས༴ ཆོས་དབྱིངས་ཡེ་ཤེས་རྟོགས༴ ༀ་མ་ཧཱ༴ ༈ ཤར་ཕྱོགས་རྣམ་དག་ཞིང་ཁམས་ནས། །ཐུགས་མཆོག་རྡོ་རྗེ་མི་བསྐྱོད་པ། །འདིར་གཤེགས༴ མེ་ལོང་ཡེ་ཤེས༴ ༀ་མ་ཧཱ༴ ལྷོ་ཕྱོགས་རྣམ་དག༴ ཡོན་ཏན་རིན་ཆེན་འབྱུང་གནས་ཀྱང་། །འདིར༴ མཉམ་ཉིད༴ ༀ་མ་ཧཱ༴ ནུབ་ཕྱོགས་རྣམ་དག༴ གསུང་མཆོག་སྣང་བ་མཐའ་ཡས་ཀྱང་། །འདིར༴ སོར་རྟོག༴ ༀ་མ་ཧཱ༴ ༈ བྱང་ཕྱོགས་རྣམ་དག༴ ལས་མཆོག་དོན་ཡོད་གྲུབ་པ་ཡང་། །འདིར༴ བྱ་གྲུབ་ཡེ་ཤེས༴ ༀ་མ་ཧཱ༴ ཆོས་ཉིད་ཞི་ལས་མ་གཡོས་པར། །བདུད་འདུལ་ཁྲོ་བོའི་སྐུར་སྣང་བ། །ཚོགས་རྗེ་ཚོགས་བདག་ཧེ་རུ་ཀ །འདིར༴ ༀ་མ་ཧཱ༴ རྣམ་པར་རྒྱལ་བའི་ཁང་བཟང་དུ། །རིགས་ལྔས་འགྲོ་འདུལ་སྤྲུལ་པའི་སྐུ། །དབང་བསྐུར་དམ་པ་ཏོག་དཀར་ཡང་། །འདིར༴ ༀ་མ་ཧཱ༴ ༈ གཞོན་ཚུལ་མཛེས་པའི་སྐུར་བསྟན་ནས། །ལྷ་རྣམས་རྒྱལ་བའི་གདུང་ཚབ་ཏུ། །དབང་བསྐུར་བྱེད་པོ་འཇམ་དཔལ་དབྱངས། །འདིར་གཤེགས༴ ༀ་མ་ཧཱ༴ བདུད་རྩི་སྨན་གྱི་སྐུར་བསྟན་ནས། །ཀླུ་རྣམས་རྒྱལ་བའི་གདུང་ཚབ་ཏུ། །འདྲེན་མཛད་སྤྱན་རས་གཟིགས་དབང་ཡང་། །འདིར༴ ༀ་མ་ཧཱ༴ དྲག་ཤུལ་འཇིགས་པའི་སྐུར་བསྟན་ནས། །གནོད་སྦྱིན་ཚོགས་རྣམས་རྒྱལ་ཚབ་ཏུ། །དབང་བསྐུར་བྱེད་པོ་རྡོ་རྗེ་འཛིན། །འདིར༴ ༀ་མ་ཧཱ༴ ༈ ལྷ་དབང་གྲགས་ལྡན་མཆོག་སྐྱོང་གི། །གསང་མཚན་ཐིག་ལེ་ཆགས་མེད་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ གནོད་སྦྱིན་རིག་འཛིན་སྐར་མདའ་གདོང་། །གསང་མཚན་རྡོ་རྗེ་གློག་འབྱིན་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ སྲིན་པོ་ལངྐ་མགྲིན་བཅུ་ཡི། །གསང་མཚན་བློ་གྲོས་ཐབས་ལྡན་སྩལ། །འོག་མིན། །འདིར༴ ༀ་མ་ཧཱ༴ ༈ རིག་འཛིན་ཀླུ་རྒྱལ་འཇོག་པོ་ཡི། །གསང་མཚན་དབང་ཕྱུག་ལྷུན་གྲུབ་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ མི་ཡི་རིག་འཛིན་ལི་ཙ་བཱི། །གསང་མཚན་དྲི་མེད་གྲགས་པ་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི། །མི་ལས་སྐལ་ལྡན་རིགས་ཅན་ཞེས། །རྒྱལ་བས་ལུང་བསྟན་རྒྱལ་པོ་ཛཿ །ལག་ན་རྡོ་རྗེས་རྗེས་བཟུང་ཞིང་། །བཀའ་བརྒྱུད་རྟགས་ཀྱི་དབང་རྫོགས་ཐོབ། །གསང་མཚན་རྡོ་རྗེ་ཉི་འོད་རྩལ། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ ༈ སློབ་དཔོན་ཨུ་པ་རཱ་ཛ་ཡི། །གསང་མཚན་རྡོ་རྗེ་ཡང་དག་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ རྒྱལ་པོ་ཨིན་དྲ་བོ་དྷི་ཡི། །གསང་མཚན་རྡོ་རྗེ་གསལ་མཛེས་རྩལ། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ རྒྱལ་པོ་ནཱ་ག་པུ་ཏྲ་ཡི། །གསང་མཚན་ཐིག་ལེ་བསྐྱོད་མེད་རྩལ། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ ༈ རྒྱལ་པོ་གུ་ཧྱ་པུ་ཏྲི་ཡི། །གསང་མཚན་རྡོ་རྗེ་གསལ་འཕྲོ་ཅན། །འོག་མིན༴ འདིར་གཤེགས༴ ༀ་མ༴ རྒྱལ་པོ་སིདྷ་པུ་ཏྲ་ཡི། །གསང་མཚན་རྡོ་རྗེ་འོད་ཟེར་རྩལ། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ ཀུ་ཀུ་རཱ་ཛ་ཕྱི་མ་ཡི། །གསང་མཚན་རྡོ་རྗེ་བདེ་མཆོག་རྩལ། །འོག་མིན། འདིར་གཤེགས། ༀ་མ་ཧཱ༴ ༈ སློབ་དཔོན་རོ་ལངས་བདེ་བ་ཡི། །གསང་མཚན་བདུད་འདུལ་དྲག་པོ་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ སློབ་དཔོན་རྡོ་རྗེ་བཞད་པ་ཡི། །གསང་མཚན་རྡོ་རྗེ་བདེ་བྱེད་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ ཟ་ཧོར་རྒྱལ་པོ་པྲ་ཧསྟིའི། །གསང་མཚན་ཐིག་ལེ་བདེ་བྱེད་རྩལ། །འོག༴ འདིར༴ ༀ་མ༴ ༈ སློབ་དཔོན་ཤཱཀྱ་སེང་གེ་ཡི། །གསང་མཚན་རྡོ་རྗེ་ཐོད་ཕྲེང་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ སློབ་དཔོན་ཤཱཀྱ་པྲ་བྷཱ་ཡི། །གསང་མཚན་རྡོ་རྗེ་ཐིག་ལེ་རྩལ། །འོག༴ འདིར༴ ༀ༴ སློབ་དཔོན་ཤཱཀྱ་མུ་དྲ་ཡི། །གསང་མཚན་རྡོ་རྗེ་ཐོགས་མེད་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ ༈ སློབ་དཔོན་དྷ་ན་རཀྵི་ཏའི། །གསང་མཚན་སེང་གེ་སྒྲ་སྒྲོག་རྩལ། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ སློབ་དཔོན་ཧཱུཾ་ཆེན་ཀཱ་ར་ཡི། །གསང་མཚན་རྡོ་རྗེ་ཉི་འོད་རྩལ། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ སློབ་དཔོན་སྠི་ར་མ་ཏིའི། །གསང་མཚན་ཡང་དག་རྫོགས་པ་རྩལ། །འོག༴ འདིར༴ ༀ༴ ༈ སློབ་དཔོན་བདེ་བ་གསལ་མཛད་ཀྱི། །གསང་མཚན་དབང་ཕྱུག་འཇིགས་མེད་རྩལ། །འོག༴ འདིར༴ ༀ༴ སློབ་དཔོན་དྷརྨ་བོ་དྷི་ཡི། །གསང་མཚན་ཤེས་རབ་མཐར་ཕྱིན་རྩལ། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ མཁན་པོ་དྷརྨ་རཱ་ཛ་ཡི། །གསང་མཚན་རྡོ་རྗེ་བདེ་བྱེད་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ ༈ བལ་པོ་བ་སུ་དྷ་ར་ཡི། །གསང་མཚན་རྡོ་རྗེ་ཐུགས་མཆོག་རྩལ། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ རྒྱ་གར་གཙུག་ལག་དཔལ་དགེ་ཡི། །གསང་མཚན་རྡོ་རྗེ་གཙུག་ཏོར་རྩལ། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ བྲུ་ཤའི་མཁན་པོ་ཆེ་བཙན་སྐྱེས། །གསང་མཚན་རྡོ་རྗེ་ལེགས་ཐོབ་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ ༈ གསུམ་པ་དམ་ཚིག་དབང་གི་སློབ་དཔོན་མ་ཧཱ་ཡོ་གའི་བརྒྱུད་པ་ནི། བྱ་བྱེད་ཡིད་ཆོས་གནས་དག་པ། །དྲུག་པ་ཀུན་བཟང་ཡབ་ཡུམ་སྐུ། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ གཟུགས་ཀྱི་ཕུང་པོ་གནས་དག་པ། །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །འོག་མིན་གནས་བཞུགས༴ འདིར་གཤེགས༴ ༀ་མ་ཧཱ༴ རྣམ་ཤེས་ཕུང་པོ་གནས་དག་པ། །མི་བསྐྱོད་རྡོ་རྗེ་བཅོམ་ལྡན་འདས། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ ༈ ཚོར་བའི་ཕུང་པོ༴ རིན་ཆེན་འབྱུང་གནས༴ འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ འདུ་ཤེས་ཕུང་པོ༴ སྣང་བ་མཐའ་ཡས༴ འོག་མིན༴ འདིར༴ ༀ་མ་ཧཱ༴ འདུ་བྱེད་ཕུང་པོ༴ དོན་ཡོད་གྲུབ་པ༴ འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ ༈ རང་བྱུང་ཡེ་ཤེས་བཅོམ་ལྡན་འདས། །རིགས་འདུས་རྒྱལ་ཚབ་རྡོ་རྗེ་སེམས། །འོག་མིན༴ འདིར༴ ༀ་མ་ཧཱ༴ གསང་སྔགས་སྡུད་པོར་དབང་བསྐུར་བ། །རྡོ་རྗེ་ཆོས་ཞེས་གསང་བའི་བདག །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ སྤོང་ལེན་བརྟུལ་ཞགས་སྤྱོད་པའི་དབང་། །དགེ་བར་བསྐུར་ཐོབ་སྐལ་ལྡན་ཛཿ །གསང་མཚན་རྡོ་རྗེ་ཉི་འོད་རྩལ། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ ༈ རྣམ་དག་མཆོད་རྟེན་དྲུག་བསྒྲུབས་པས། །རྡོར་སེམས་ཞལ་མཐོང་ཏནྟྲ་ཡི། །དོན་རྟོགས་ཀུ་ཀུ་རཱ་ཛ་ཆེ། །གསང་མཚན་རྡོ་རྗེ་ཆེ་མཆོག་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ རྒྱལ་པོ་ཤ་ཏྲ་པུ་ཏྲ་ཡི། །གསང་མཚན་རྡོ་རྗེ་རབ་མཛེས་རྩལ། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ རྒྱལ་པོ་སིདྷ་རཱ་ཛ་ཡི། །གསང་མཚམ་རྡོ་རྗེ་གྲགས་པ་རྩལ། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ ༈ རྒྱལ་པོ་ཨུ་པ་རཱ་ཛ་ཡི། །གསང་མཚན་ཡང་དག་གྲུབ་པ་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ སྲས་མོ་གོ་མ་དེ་ཝཱི་ཡི། །གསང་མཚན་རྡོ་རྗེ་ཟླ་མཛེས་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ སློབ་དཔོན་མཻ་ཏྲཱི་ཀ་མ་ལའི། །གསང་མཚན་རྡོ་རྗེ་ཁྱུང་ཆེན་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ ༈ སློབ་དཔོན་ཛི་ན་མི་ཏྲ་ཡི། །གསང་མཚན་རྡོ་རྗེ་ངེས་པ་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ སློབ་དཔོན་རྡོ་རྗེ་བཞད་པ་ཡི། །གསང་མཚན་རྡོ་རྗེ་བདེ་བྱེད་རྩལ། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །འདིར་གཤེགས་དབང་བསྐུར་བྱིན་གྱིས་རློབས། །ༀ་མ་ཧཱ་གུ་རུ་ཤ་རི༴ སློབ་དཔོན་ཉིན་བྱེད་སེང་གེ་ཡི། །གསང་མཚན་རྡོ་རྗེ་རྩལ་ཆེན་རྩལ། །འོག་མིན༴ འདིར༴ ༈ སློབ་དཔོན་བདེ་བ་གསལ་མཛད་ཀྱི། །གསང་མཚན་རྡོ་རྗེ་འགྱུར་མེད་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ སློབ་དཔོན་ཤཱཀྱ་བོ་དྷི་ཡི། །གསང་མཚན་རྡོ་རྗེ་གྲུབ་མཆོག་རྩལ། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ སློབ་དཔོན་སོ་ཀྱ་དེ་བ་ཡི། །གསང་མཚན་རྡོ་རྗེ་དད་པ་རྩལ། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ ༈ སློབ་དཔོན་སྒེག་པ་རྡོ་རྗེ་ཡི། །གསང་མཚན་རྡོ་རྗེ་སྒེག་པ་རྩལ། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ སློབ་དཔོན་ཆོས་བློན་བདེ་བ་ཡི། །གསང་མཚན་རྡོ་རྗེ་ངེས་ཆེན་རྩལ། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ མཁན་པོ་ཆོས་རྒྱལ་སྐྱོང་བ་ཡི། །གསང་མཚན་རྡོ་རྗེ་བདེ་བྱེད་རྩལ། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ ༈ ཞར་བྱུང་ཐེག་དྲུག་གི་བབས་སོ་ཡང་། ཕར་ཕྱིན་སློབ་དཔོན་ཀིངྐ་ར། །ཀྲི་ཡའི་ཀླུ་སྒྲུབ་ཙཎྜི་ཀ །ཡོ་གའི་ཀུ་མ་ཏི་གསུམ་གྱིས། །རྗེས་བཟུང་རོ་ལངས་བདེ་བ་སོགས། །ཕྱི་དབང་རྒྱུད་ཀྱི་ཆུ་བོ་ཡི། །བཀའ་བབས་བརྒྱུད་པའི་བླ་མ་རྣམས། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ ༈ དེ་ནས་རྒྱུད་ལུང་མན་ངག་གསུམ་ཐེག་དྲུག་དང་བཅས་པ་ཐམས་ཅད་གཅིག་ཏུ་འདྲིལ་བའི་བརྒྱུད་པ་ནི། བདག་འདྲ་གནུབས་ཀྱི་བན་ཆུང་གིས། །གཡུང་དྲུང་རིན་ཆེན་གཏེར་གནས་སུ། །ཡི་དམ་གསལ་བར་བསྒོམས་པའི་ཚེ། །སྟོབས་པོ་ཆེ་ཡི་རྫས་མཆོག་འདི། །ནམ་མཁའི་མཐོངས་ནས་ཡས་མར་བབས། །བདག་གི་ལག་པ་གཡས་པས་ཟིན། །ཡེ་ཤེས་རྡོ་རྗེའི་དབང་མཆོག་ཐོབ། །འོལ་མོ་ཚལ་དུ་བསྒོམས་པའི་ཚེ། །མངོན་སུམ་དྲི་ཟ་ཕྲུ་གུ་བྱུང་། །སངས་རྒྱས་ཁྱོད་ཡིན་མཚན་ཡང་བཏགས། །དམ་པའི་དོན་ལ་དམ་ཚིག་བསྲེས། །རྡོ་རྗེ་མིང་གི་དབང་ཡང་ཐོབ། །གང་བཟང་གནས་སུ་བསྒོམས་པའི་ཚེ། །གནོད་སྦྱིན་ཕྲུ་གུ་མངོན་དུ་བྱུང་། །འདོད་ཡོན་ལྔ་ཡི་མཆོད་པ་བསྟབས། །ཡུན་གྱི་འཁོར་དུ་དམ་ཡང་བཅས། །ཆེ་བའི་ཡོན་ཏན་དབང་ཡང་ཐོབ། །གླིང་དགུའི་མཚོ་འགྲམ་བསྒོམས་པའི་ཚེ། །ཀླུ་ཕྲུག་སྤུན་གསུམ་མངོན་གྱུར་སྟེ། །རོ་བརྒྱ་ལྡན་པའི་མཆོད་པ་དྲངས། །ཡང་དག་སློབ་མར་དམ་ཚིག་ནོས། །གདུག་པ་སེལ་བའི་དབང་ཡང་ཐོབ་། །དུར་ཁྲོད་ལྷས་སུ་བསྒོམས་པའི་ཚེ། །ཡི་དྭགས་ཕྲུ་གུ་མངོན་དུ་བྱུང་། །ཞབས་ལ་གཏུགས་ཏེ་མཆི་མ་ཕྱུངས། །ཅི་བསྒོས་ཉན་པར་གཉེར་དམ་བསྐོས། །མཐུ་རྩལ་སྙེམས་པའི་དབང་ཡང་ཐོབ། །ཕྱི་རབས་སློབ་མ་གང་བྱུང་རྣམས། །འདྲེན་པའི་ལས་བྱང་ཆེན་མོ་འདིས། །ཕན་པ་ལྷ་ཡི་དབང་ནོས་ལ། །བསྐུར་ཐབས་དབང་བསྐུར་རྒྱལ་པོ་བཞིན། །དབང་མཆོག་འདི་རྣམས་ཐོབ་པར་ཤོག །དེ་སྐད་རྡོ་རྗེའི་བདེན་ཚིག་ཏུ། །གསུང་མཛད་སངས་རྒྱས་ཡེ་ཤེས་ཞབས། །གསང་མཚན་རྡོ་རྗེ་ཡང་དབང་གཏེར། །འོག་མིན་གནས་བཞུགས༴ འདིར་གཤེགས་དབང་བསྐུར༴ ༀ་མ་ཧཱ་གུ་རུ་ཤ་རི་རཾ་གཱི་ལི་ཧཱུཾ་ཨ་བྷི༴ ༈ གནུབས་སྲས་ཡོན་ཏན་རྒྱ་མཚོ་ཡི། །གསང་མཚན་རྡོ་རྗེ་རིག་འཛིན་གཏེར། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ གནུབས་རྟོན་ཡེ་ཤེས་རྒྱ་མཚོ་ཡི། །གསང་མཚན་རྡོ་རྗེ་དབང་གྲུབ་རྩལ། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ རྒྱ་སྟོན་བློ་གྲོས་བྱང་ཆུབ་ཀྱི། །གསང་མཚན་རྡོ་རྗེ་ལས་གྲུབ་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ ༈ བཀའ་བབས་ཐོ་ཀར་ནམ་མཁའི་ལྡེའི། །གསང་མཚན་རྡོ་རྗེ་དངོས་གྲུབ་གཏེར། །འོག་མིན༴ འདིར༴ ༀ་མ་ཧཱ༴ ཡང་ན་གནུབས་ཆེན་ནས། སྲུ་སྟོན་ལེགས་པའི་སྒྲོན་མེ་ཡི། །གསང་མཚན་ཨུཏྤལ་དབང་ཆེན་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ ཞུ་སྟོན་བསོད་ནམས་ཤཱཀྱ་ཡི། །གསང་མཚན་ཕྲིན་ལས་མཐར་ཕྱིན་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ ༈ དེ་དང་ཐོ་དཀར་ནས། བདེ་གཤེགས་ཟུར་ཆེན་ཤཱཀྱ་འབྱུང་། །གསང་མཚན་རྡོ་རྗེ་བདུད་འདུལ་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ ལྟ་དགོངས་རྩེ་མོ་ཟུར་ཆུང་བ། །གསང་མཚན་རྡོ་རྗེ་ལྷུན་གྲུབ་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ རྫོགས་ཆེན་ཀ་བ་སྐྱོ་ཤཱཀ་ཡེ། །གསང་མཚན་རྡོ་རྗེ་སྙིང་པོ་རྩ་ལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ ༈ མདོ་ཡི་ཀ་བ་ཡང་ཁྱེད་བླ། །གསང་མཚན་ཐིག་ལེ་འགྱུར་མེད་རྩལ། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ སྒྱུ་འཕུལ་ཀ་བ་ཀླན་ཤཱཀ་བཟང་། །གསང་མཚན་རྡོ་རྗེ་མྱུ་གུ་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ ཕྲིན་སྒྲུབ་ཀ་བ་མདའ་ཆོས་ཤཱཀ །གསང་མཚན་རྡོ་རྗེ་དངོས་གྲུབ་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ ༈ གླན་སྟོན་ཤཱཀྱ་བྱང་ཆུབ་ནི། །གསང་མཚན་རྡོ་རྗེ་དྲག་པོ་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ གསང་བདག་ཤཱཀྱ་སེང་གེ་ཡི། །གསང་མཚན་དབང་ཕྱུང་རྫོགས་པ་རྩལ། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ འོག་གདོང་ལྷ་རྗེ་འགར་ཟུང་ངེ། །གསང་མཚན་རྡོ་རྗེ་དྲག་པོ་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ ༈ སྲེགས་སྟོན་རྡོ་རྗེ་རྒྱལ་མཚན་གྱི། །གསང་མཚན་རྡོ་རྗེ་འཇིགས་མེད་རྩལ། འོག་མིན༴ འདིར༴ ༀ་མ་ཧཱ༴ མཁས་པ་གླན་སྟོན་རྡོ་རྗེ་འོད། །གསང་མཚན་རྡོ་རྗེ་དྲག་པོ་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ གླན་སྟོན་བརྩོན་འགྲུས་སེང་གེ་ཡི། །གསང་མཚན་རྡོ་རྗེ་དྲག་པོ་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ ༈ གླན་སྟོན་བསོད་ནམས་རྒྱལ་པོ་ནི། །གསང་མཚན་ཕྲིན་ལས་མཐར་ཕྱིན་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ སྤྲུལ་སྐུ་ལྷ་རྗེ་ལྷ་འབུམ་ནི། །གསང་མཚན་རྡོ་རྗེ་དྲག་པོ་རྩལ། །འོག༴ འདིར༴ ༀ་མ༴ གླན་སྟོན་ཆོས་ཀྱི་སེང་གེ་ནི། །གསང་མཚན་བཛྲ་དྲག་པོ་རྩལ། །འོག༴ འདིར༴ ༀ་མ་ཧཱ༴ ༈ གླན་སྟོན་བུདྡྷ་ཤྲཱི་ཡི། །གསང་མཚན་རྡོ་རྗེ་བདེ་བྱེད་རྩལ། །འོག༴ འདིར༴ ༀ་མ༴ ཉ་ཚལ་གླན་ཆེན་བསོད་ནམས་མགོན། །གསང་མཚན་ཐེག་ལེ་དྲག་པོ་རྩལ། །འོག་མིན༴ འདིར༴ ༀ་མ༴ གཟི་སྟོན་ཤཱཀྱ་བཟང་པོ་ཡི། །གསང་མཚན་རྡོ་རྗེ་དྲག་པོ་རྩལ། །འོག༴ འདིར༴ ༀ་མ༴ ༈ སྒྲོལ་ཆེན་བསམ་གྲུབ་རྡོ་རྗེ་ཡི། །གསང་མཚན་རྡོ་རྗེ་བདེ་བྱེད་རྩལ། །འོག༴ འདིར༴ ༀ་མ་ཧཱ༴ སྒྲོལ་བྱེད་སངས་རྒྱས་རིན་ཆེན་གྱི། །གསང་མཚན་རྡོ་རྗེ་ཐུགས་མཆོག་རྩལ། །འོག༴ འདིར༴ ༀ་མ་ཧཱ༴ རླུང་སེམས་མཐར་ཕྱིན་གནམ་སྡིངས་པ། །གསང་མཚན་རྡོ་རྗེ་དབང་དྲག་སྟེ། །འོག༴ འདིར༴ ༀ་མ༴ ༈ ཤ་མི་རྡོ་རྗེ་རྒྱལ་མཚན་གྱི། །གསང་མཚན་རྡོ་རྗེ་དྲག་པོ་རྩལ། །འོག༴ འདིར༴ ༀ༴ རིག་འཛིན་ལ་རྒུ་རྡོས་དགོན་པའི། །གསང་མཚན་རྡོ་རྗེ་དྲག་པོ་རྩལ། །འོག༴ འདིར༴ ༀ༴ མཁས་གྲུབ་བློ་གྲོས་བཟང་པོ་ཡི། །གསང་མཚན་དྲི་མེད་ཟླ་ཤར་རྩལ། །འོག་མིན༴ འདིར༴ ༀ་མ༴ ༈ མཁས་བཙུན་གཞན་ཕན་རྡོ་རྗེ་ཡི། །གསང་མཚན་རྡོ་རྗེ་ཡེ་ཤེས་རྩལ། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ གསང་བདག་ཕྲིན་ལས་ལྷུན་གྲུབ་ཀྱི། །གསང་མཚན་རྡོ་རྗེ་བདུད་འདུལ་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ དྭགས་སྟོན་ཆོས་རྒྱལ་བསྟན་འཛིན་གྱི། །གསང་མཚན་རྡོ་རྗེ་ཡོངས་གྲོལ་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ ༈ ཡང་ན་སྒྲོལ་ཆེན་བསམ་གྲུབ་རྡོ་རྗེ་ནས། །ཟུར་ཧམ་ཤཱཀྱ་འབྱུང་གནས་ཀྱི། །གསང་མཚན་རྡོ་རྗེ་ཐོད་ཕྲེང་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ ༈ ལང་གྲོ་ཚེ་དབང་རྒྱལ་པོ་ཡི། །གསང་མཚན་རྡོ་རྗེ་ཐོགས་མེད་རྩལ། །འོག༴ འདིར༴ ༀ་མ༴ བརྒྱུད་འཛིན་ལེགས་པ་དཔལ་བཟང་གི། །གསང་མཚན་རྡོ་རྗེ་དབང་སྡུད་རྩལ། །འོག༴ འདིར༴ ༀ་མ༴ ལྷ་བཙུན་གློ་བོ་མ་ཐང་པ། །འཇམ་དབྱངས་རིན་ཆེན་རྒྱལ་མཚན་ཡང་། །འོག༴ འདིར༴ ༀ་མ་ཧཱ༴ ༈ རིག་འཛིན་བདུད་འཇོམས་རྡོ་རྗེ་ཡི། །གསང་མཚན་རྡོ་རྗེ་གྲོ་ལོད་རྩལ། །འོག༴ འདིར༴ ༀ་མ༴ སྐྱི་སྟོན་ཚེ་རིང་དབང་པོ་ཡི། །གསང་མཚན་རོལ་བའི་རྡོ་རྗེ་སྟེ། །འོག་མིན༴ འདིར༴ ༀ་མ་ཧཱ༴ གཉགས་སྟོན་ཆོས་རྒྱལ་རྡོ་རྗེ་ཡི། །གསང་མཚན་རིག་འཛིན་འདུས་པ་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ ཉང་སྟོན་བློ་གྲོས་མཆོག་གི་སྡེ། །གསང་མཚན་རིག་པའི་རྡོ་རྗེ་རྩལ། །འོག་མིན༴ འདིར༴ ༀ་མ་ཧཱ༴ རིག་འཛིན་པདྨ་ཕྲིན་ལས་ཀྱི། །གསང་མཚན་རྡོ་རྗེ་བདུད་འཇོམས་རྩལ། །འོག་མིན༴ འདིར༴ ༀ་མ༴ ཡང་ན་གཞན་ཕན་རྡོ་རྗེ་ལ། ཆོས་རྒྱལ་རྡོ་རྗེ་དང་། བློ་མཆོག་རྡོ་རྗེ་གཉིས་ཀས་གསན་པས། དེ་ལས་ཀྱང་བརྒྱུད་ཆོག་གོ། ། ༈ ཡང་བརྒྱུད་ལུགས་གཅིག་ལྟར་ན། སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེ་ནས། །ཟུར་མོ་མཁས་བཙུན་དགེ་འདུན་འབུམ། །གསང་མཚན་རྡོ་རྗེ་དབྱིངས་ཕྱུག་མ། །འོག་མིན༴ འདིར༴ ༀ་མ་ཧཱ༴ ཟུར་སྟོན་ཤཱཀྱ་བཤེས་གཉེན་གྱི། །གསང་མཚན་རྡོ་རྗེ་ཐུགས་མཆོག་རྩལ། །འོག༴ འདིར༴ ༀ་མ་ཧཱ༴ མཁས་གྲུབ་བྲའོ་ཆོས་འབུམ་གྱི། །གསང་མཚན་རྡོ་རྗེ་ཐོགས་མེད་རྩལ། །འོག༴ འདིར༴ ༀ་མ་ཧཱ༴ ༈ བཤེས་གཉེན་དཀོན་མཆོག་བཟང་པོ་ཡི། །གསང་མཚན་རྡོ་རྗེ་གཟི་འབར་རྩལ། །འོག༴ འདིར༴ ༀ་མ༴ རྨོག་སྟོན་རྡོ་རྗེ་བཟང་པོ་ཡི། །གསང་མཚན་རྡོ་རྗེ་ཡང་དག་རྩལ། །འོག༴ འདིར༴ ༀ་མ༴ སེམས་དཔའ་ཆེན་པོ་དར་ལུང་བ། །རྡོ་རྗེ་རྣམ་རྒྱལ་མི་བསྐྱོད་རྩལ། །འོག༴ འདིར༴ ༀ་མ་ཧཱ༴ ༈ འཁྲུལ་ཞིག་བློ་གྲོས་དཔལ་ལྡན་གྱི། །གསང་མཚན་རྡོ་རྗེ་ལྷུན་གྲུབ་རྩལ། །འོག༴ འདིར༴ ༀ་མ་ཧཱ༴ དཔང་སྟོན་ཀརྨ་གུ་རུ་ཡི། །གསང་མཚན་རྡོ་རྗེ་དབང་ཕྱུག་རྩལ། །འོག༴ འདིར༴ ༀ་མ༴ སྔགས་འཆང་ཀུན་བཟང་དཔལ་འབྱོར་གྱི། །གསང་མཚན་རྡོ་རྗེ་ཆེ་མཆོག་རྩལ། །འོག༴ འདིར༴ ༀ་མ་ཧཱ༴ ༈ ཡང་ན་ཀཿཐོག་པ་ནས། འཕགས་མཆོག་བྱ་བཏང་ཆེན་པོ་ཡི། །གསང་མཚན་རྡོ་རྗེ་བདུད་འདུལ་རྩལ། །འོག༴ འདིར༴ ༀ་མ༴ དེ་དང་གནམ་སྡིངས་པ་ནས། ཤ་མི་བཛྲ་དྷྭཱ་ཛ་ཡི། །གསང་མཚན་རྡོ་རྗེ་དྲག་པོ་རྩལ། །འོག༴ འདིར༴ ༀ་མ༴ མཐུ་ཆེན་གཡུ་འབྲུག་རྡོ་རྗེ་ཡི། །གསང་མཚན་རྡོ་རྗེ་དྲག་པོ་རྩལ། །འོག༴ །འདིར༴ ༀ་མ་ཧཱ༴ ༈ ཀུན་མཁྱེན་མ་ཏི་དྷྭཱ་ཛ་ཡི། །གསང་མཚན་དྲི་མེད་ཟླ་ཤར་རྩལ། །འོག༴ འདིར༴ ༀ་མ་ཧཱ༴ ཟབ་ལུང་དབང་གི་རྒྱལ་པོ་ཡི། །གསང་མཚན་རྡོ་རྗེ་རོལ་པ་རྩལ། །འོག༴ འདིར༴ ༀ་མ༴ ལྷ་བཙུན་ཀུན་བཟང་རྣམ་རྒྱལ་གྱི། །གསང་མཚན་རྣམ་མཁའ་འཇིགས་མེད་རྩལ། འོག༴ འདིར༴ ༀ་མ༴ ༈ དེ་དང་ཀུན་བཟང་དཔའ་འབྱོར་ནས། གསང་བདག་ཕྲིན་ལས་ལྷུན་གྲུབ་ཀྱི། །གསང་མཚན་རྡོ་རྗེ་བདུད་འདུལ་རྩལ། །འོག༴ འདིར༴ ༀ༴ དྭགས་སྟོན་ཆོས་རྒྱལ་བསྟན་འཛིན་གྱི། །གསང་མཚན་རྡོ་རྗེ་ཡོངས་གྲོལ་རྩལ། །འོག༴ འདིར༴ ༀ༴ ཡང་ན་མ་ཏི་དྷྭཱ་ཛ་ནས་གཞན་ཕན་རྡོ་རྗེ་སོགས་སོ། །༈ དེ་ལྟར་རིག་འཛིན་པདྨ་ཕྲིན་ལས་དང་། དྲགས་སྟོན་ཆོས་རྒྱལ་བསྟན་འཛིན་གཉིས་ལ་གཏེར་ཆེན་རིན་པོ་ཆེས་གསན་ཏེ་བརྒྱུད་སྲོལ་དེ་ཐམས་ཅད་ཀྱི་བཀའ་བབས་པས། ཆོས་རྒྱལ་འགྲོ་འདུལ་གཏེར་བདག་གླིང་། །གསང་མཚན་འགྱུར་མེད་རྡོ་རྗེ་རྩལ། །འོག༴ འདིར༴ ༀ༴ ལོ་ཆེན་ཆོས་དཔལ་རྒྱ་མཚོ་ཡི། །གསང་མཚན་རྡོ་རྗེ་གཟི་འབར་རྩལ། །འོག༴ འདིར༴ ༀ༴ རྒྱལ་སྲས་རིན་ཆེན་རྣམ་རྒྱལ་གྱི། །གསང་མཚན་རྡོ་རྗེ་བདུད་འདུལ་རྩལ། འོག༴ འདིར༴ ༀ༴ །གྲུབ་མཆོག་པདྨ་བསྟན་འཛིན་གྱི། །གསང་མཚན་གར་དབང་རྡོ་རྗེ་རྩལ། འོག༴ འདིར༴ ༀ༴ མཁན་ཆེན་ཨ་ཌི་ཡཱ་ན་ཡི། །གསང་མཚན་བསྟན་འཛིན་རྡོ་རྗེ་རྩལ། །འོག༴ འདིར༴ ༀ༴ སྨྱོས་སྟོན་ཕྲིན་ལས་རྣམ་རྒྱལ་གྱི། །གསང་མཚན་རྡོ་རྗེ་བདུད་འདུལ་རྩལ། འོག༴ འདིར༴ ༀ༴ རིག་འཛིན་པདྨ་དབང་རྒྱལ་གྱི། །གསང་མཚན་རྡོ་རྗེ་བདུད་འདུལ་རྩལ། འོག༴ འདིར༴ ༀ༴ ཁྲི་ཆེན་སངས་རྒྱས་ཀུན་དགའ་ཡི། །གསང་མཚན་རྡོ་རྗེ་མི་འགྱུར་རྩལ། །འོག༴ འདིར༴ ༀ་མ༴ མདོ་སྔགས་བསྟན་འཛིན་ནོར་བུ་ཡི། །གསང་མཚན་རྡོ་རྗེ་སེམས་དཔའ་རྩལ། །འོག༴ འདིར༴ ༀ༴ འགྱུར་མེད་ཕན་བདེའི་འོད་ཟེར་གྱི། །ལོ་ཆེན་ནས་བདག་གི་འདྲེན་མཆོག་ཕན་བདེའི་འོད་ཟེར་བར་གྱི་བརྒྱུད་པའི་ཞལ་སྐོང་ཛྙཱ་ནས་སོ། །མཆན། གསང་མཚན་རྡོ་རྗེ་གཤོག་རྒོད་རྩལ། །འོག༴ འདིར༴ ༀ༴ ༈ སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །རྩ་བའི་བླ་མ་བཀའ་དྲིན་ཅན། །བྱིན་རླབས་བརྒྱུད་པར་ལྡན་པ་ཡིས། །འདིར་གཤེགས་དབང་བསྐུར་བྱིན་གྱིས་རློབས། །ༀ་མ་ཧཱ་གུ་རུ་ཤ་རི་རཾ་གཱི་ལི་ཧཱུཾ་ཨ་བྷི་ཥིཉྩ་ཧཱུཾ། ན་མོ། ཕྱོགས་བཅུ་དུས་བཞིའི༴ སྐལ་ལྡན་རིགས་པའི་འཛིན་པ་ཁྱོད་ལ་རྡོ་རྗེ་འཆང་གི་དཀྱིལ་འཁོར་བརྒྱུད་གསུམ་རིག་འཛིན་བླ་མའི་ཚོགས་ཀྱི་ཕྱག་རྒྱའི་དབང་བསྐུར་བས། །བསྐྱེད་རྫོགས་གསུམ་གྱིས་དགོངས་པའི་དོན་རྟོག་ནས་རྒྱུད་ལུང་མན་ངག་ལྷུན་གྱིས་གྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བརྒྱད་པ་ཡེ་ཤེས་ལྔའི་དབང་བསྐུར་བ་ནི། །བསང་སྦྱངས། དབང་རྫས་མི་དམིགས་པ་ལས་ཏྲཱཾ་ལས་བྱུང་བའི་ཐོད་པའི་དབུ་རྒྱན་རིན་པོ་ཆེའི་ཁང་བུ་ལྔ་པ་བསྐོན་པར་བསམ་ལ། ཡེ་ཤེས་རིན་ཆེན་དབུ་རྒྱན་མཆོག །གཟི་བརྗིད་ཕུང་པོ་བླ་ན་མེད། །སངས་རྒྱས་རིན་ཆེན་ཀུན་འདུས་པས། །རྣམ་པར་རྒྱལ་བར་དབང་བསྐུར་རོ། །ༀ་རཏྣ་ཀ་པཱ་ལ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཏྲཾ་ཏྲཾ། ཞེས་བསྐོན། དེ་ནས་རིགས་ལྔའི་ཙཀླི་སྤྱི་བོ་དང་མར་མེ་ལྔ་ལག་ཏུ་གཏད་ལ། དབང་རྫས་རྣམ་ཤེས་ཚོགས་བརྒྱད་ལ་བསྟིམ་པས། །སྤྱི་བོའི་གནས་ལྔར་དེ་བཞིན་གཤེགས་པ་རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པའི་རྗེས་ཆགས་ཀྱི་མེས་ཞུ་བའི་ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་དབང་བསྐུར། ལུས་ཐམས་ཅད་གང་། ཆུ་ལྷག་མ་སྤྱི་བོའི་གནས་ལྔར་འཁྱིལ་བ་ལས། རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་དག་སྟེ། ཁམས་གསུམ་ཆོས་ཀྱི་རྒྱལ་པོར་གྱུར་པའི་རྟགས་རིགས་ལྔ་དབུ་རྒྱན་གྱི་ཁང་བུ་ལ་བཞུགས་པའི་མོས་པ་མཛོད། ཡེ་ཤེས་ཆེན་པོའི་དོན་དང་དེ་ལྡན་པས། །ཡེ་ཤེས་ལྔ་ཡི་རྟགས་མཆོག་ཕྱག་རྒྱ་ཡི། །གནས་ལྔར་གཏུགས་ཏེ་ཐུགས་ཀྱི་དབང་མཆོག་སྦྱིན། །ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭབྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་བཞིན་དུ། ༀ་མ་ཧཱ་ཨཱ་དཪྴ་ཛྙཱ་ན༴ ༀ་མ་ཧཱ་ས་མ་ཏཱ་ཛྙཱ་ན༴ ༀ་མ་ཧཱ་པྲ་ཏྱ་བེཀྵ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ༴ ༀ་མ་ཧཱ་ཀྲྀ་ཏྱ་ནུཥྛཱ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ན་མོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེན་པའི་བྱིན་རླབས་ཀྱིས། སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་ཐུགས་ཡེ་ཤེས་ལྔའི་རྟགས་ཀྱི་ཕྱག་རྒྱའི་དབང་བསྐུར་བས་རྣམ་ཤེས་ཚོགས་བརྒྱད་མ་སྤངས་གནས་སུ་དག་ནས་ཡེ་ཤེས་ལྔའི་དོན་རྟོགས་པའི་དབང་དམ་པ༴ དགུ་པ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ནི། རིགས་ལྔ་སོ་སོའི་སྐུ་སྒོ་གསུམ་ཉེར་སྤྱོད་བྱ་བ་དང་བཅས་པ་ལ་བསྟིམ་པས། སྤྱི་མགྲིན་སྙིང་ལྟེ་གསང་བར་ཟླ་བ་པདྨ་ཉི་མ་རིན་ཆེན་རལ་གྲི་ལ་གནས་པའི་ༀ་ཨཱཾ་ཧཱུཾ་སྭཱ་ཧཱ་ལས་འོད་ཟེར་འཕྲོས། །རྡོ་རྗེ་ལྔའི་ལྷ་ཚོགས་སྤྱན་དྲངས་ཏེ་ཐིམ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་གཉིས་སུ་མེད་པར་གྱུར་པའི་རྟགས་སུ། སྤྱི་བོར་རྣམ་སྣང་། མགྲིན་པར་མཐའ་ཡས། སྙིང་གར་མི་བསྐྱོད་པ། ལྟེ་བར་རིན་འབྱུང་། གསང་བར་དོན་གྲུབ་རྣམས་ཀྱིས་རྒྱས་བཏབ་པའི་མོས་པ་མཛོད། །སྐུ་དང་གསུང་ཐུགས་རྡོ་རྗེ་ཡི། །རྣལ་འབྱོར་བདེ་མཆོག་དེ་ཡིན་པས། །སྐུ་གསུང་ཐུགས་ཀྱི་དབང་མཆོག་འདི། །རྡོ་རྗེ་ཅན་ལ་སྦྱིན་པར་བྱ། །རིགས་སོ་སོའི་ཙཀླི་གནས་ལྔར་འཇོག་ཅིང་། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉཱ་ཧཾ། དེ་བཞིན་དུ། ༀ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ༴ ༀ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ༴ ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ༴ ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ༴ ན་མོ། ཕྱོགས་བཅུ་དུས་བཞིའི༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་འབྲས་ཆོས་ལྔའི་དབང་བསྐུར་བས། ཁམས་དྲུག་གཉིས་གཉིས་རོ་གཅིག་པ་གཉུག་མའི་སྒོ་གསུམ་དུ་དག་སྟེ། རྡོ་རྗེ་གསུམ་གྱི་དོན་རྟོགས་པའི་དབང་དམ་པ༴ བཅུ་པ་བདུད་འདུལ་བཀྲ་ཤིས་རྫས་བརྒྱད་ཀྱི་དབང་བསྐུར་བ་ནི། མཾ་ལས་བྱུང་བའི་ཐུན་མོང་མ་ཡིན་པའི་རྫས་བརྒྱད་ལག་ཏུ་གཏད་བྱེད་ལུས་ཀྱི་གནས་སོ་སོར་བསྟིམ་པས་བདུད་ཀྱི་གཡུལ་ལས་རྣམ་པར་རྒྱལ་ཏེ་དོན་གཉིས་ལྷུན་གྱིས་གྲུབ་པ་ལ་མངའ་འབྱོར་བའི་རྟེན་འབྲེལ་སྒྲིགས་པའི་མོས་པ་མཛོད། དབང་མཆོག་ཐོབ་པའི་བུ་མཆོག་དེས། །དོན་རྣམས་གྲུབ་པའི་བཀྲ་ཤིས་ཕྱིར། །བདུད་འདུལ་བཀྲ་ཤིས་རྫས་མཆོག་རྣམས། །རྟགས་ཀྱིས་བརྒྱན་ཏེ་བྱིན་པར་བྱ། །རུས་པ་དང་ཞིང་ལྤགས་ཀྱི་རྒྱུ་ལས་གྲུབ་པའི་རྫས་བརྒྱད་རེ་རེ་ནས་གཏོད་ཅིང་། ན་མོ། ཕྱོགས་བཅུ་དུས་བཞིའི༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ། སྔོན་སྟོན་པ་ཐུབ་པའི་དབང་པོ་འཚང་རྒྱ་བའི་ཚེ་བདུད་ཀྱི་གཡུལ་ལས་རྣམ་པར་རྒྱལ་བའི་རྟགས་བཀྲ་ཤིས་པའི་རྫས་བརྒྱད་ལས། དཔལ་བེའུའི་དབང་བསྐུར་བས་ཐུགས་དཔལ་བེའུར་བཀྲ་ཤིས་པར་ཐམས་ཅད་མཁྱེན་པའི་གོ་འཕང་ལ་དབང་འབྱོར་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །རྒྱལ་མཚན་གྱི་དབང་བསྐུར་བས་སྐུ་མི་ནུབ་པ་རྒྱལ་མཚན་དུ་བཀྲ་ཤིས་པས་བདུད་བཞི་ལས་རྒྱལ་བའི་དབང་དམ་པ༴ དུང་གི་དབང་བསྐུར་བས་གསུང་དབྱངས་དུང་གི་སྒྲར་བཀྲ་ཤིས་པས་རྒོལ་བ་ཐམས་ཅད་སྤ་བཀོང་བའི་དབང་དམ་པ༴ འཁོར་ལོའི་དབང་བསྐུར་བས་ཕྱག་ཞབས་ཀྱི་མཐིལ་བཞི་འཁོར་ལོར་བཀྲ་ཤིས་པས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དབང་དམ་པ༴ བུམ་པའི་དབང་བསྐུར་བས་མགུལ་བུམ་པར་བཀྲ་ཤིས་པས་ཐུགས་རྗེས་ཐམས་ཅད་འཛིན་པའི་དབང་དམ་པ༴ གསེར་ཉའི་དབང་བསྐུར་བས་ཕྱག་ཞབས་ཀྱི་ཉྭ་བཞི་ཉར་བཀྲ་ཤིས་པས་འཁོར་བར་དོན་མཛད་ཀྱང་ཉམ་ང་མེད་པའི་དབང་དམ་པ༴ པདྨའི་དབང་བསྐུར་བས་ལྗགས་པདྨར་བཀྲ་ཤིས་པས་ཅིས་ཀྱང་གོས་པ་མེད་པའི་དབང་དམ་པ༴ གདུགས་ཀྱི་དབང་བསྐུར་བས་དབུ་སྐྲ་གདུགས་སུ་བཀྲ་ཤིས་པས་གདུང་བ་ཐམས་ཅད་སེལ་བའི་དབང་དམ་པ༴ བཅུ་གཅིག་པ་གསང་བ་མིང་གི་དབང་བསྐུར་བ་ནི། ཐིག་ལེ་དང་རྩལ་གྱི་བར་དུ་རིགས་གང་ཡིན་གྱི་མིང་སྦྱར་བ་སྟེ། དཔེར་ན་རྡོ་རྗེའི་རིགས་ལ། ཐིག་ལེ་འགྱུར་མེད་རྩལ། ཞེས་པ་ལྟར། འགྱུར་མེད་ཀྱི་གནས་སུ། ཐུགས་མཆོག །དྲག་པོ། བསྐྱོད་མེད། ཡང་དག །སྙིང་པོ་སོགས་བཅུག་པ་དང་། དེ་བཞིན་གཤེགས་པའི་རིགས་ལ། སྣང་མཛད། བདེ་གཤེགས། སྐུ་མཆོག །ལྷུན་གྲུབ་སོགས་བཅུག །རིན་ཆེན་རིགས་ལ། རིན་ཆེན། ཡོན་ཏན། དཔལ་མཆོག་སོགས། པདྨའི་རིགས་ལ། ཆགས་མེད། གསུང་མཆོག །མྱུ་གུ། དབང་གྲུབ་སོགས། ལས་རིགས་ལ། ལས་རབ། ལས་གྲུབ། ཐོགས་མེད། བདུད་འཇོམས་སོགས་བཅུག་པ་བཏགས་ལ། མིང་དེ་ཉིད་སློབ་དཔོན་དང་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་བཏགས་པའི་མོས་པ་བྱེད་དུ་བཅུག་སྟེ། རྡོ་རྗེ་ལག་ཏུ་གཏོད་ཅིང་། དོན་རྣམས་གྲུབ་པའི་བུ་མཆོག་དེ། །རྡོ་རྗེའི་དབང་མཆོག་ཐོབ་པས་ན། །ཞིང་ཁམས་ཀུན་ཏུ་གྲགས་པ་ཡི། །རྩལ་གྱི་ཐིག་ལེ་རྡོ་རྗེ་བྱིན། །ན་མོ། ཕྱོགས་བཅུ་དུས་བཞིའི༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་ཐིག་ལེ་ཆེ་གེ་རྩལ་ཞེས་བྱ་བ་དོན་དང་མི་འགལ་བའི་མིང་གི་དབང་བསྐུར་བས་ཐམས་ཅད་འདུལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཅེས་དྲིལ་བུས་སྣ་དྲངས་པའི་རོལ་མོ་འཁྲོལ་ལོ། །དེ་རྣམས་ཀྱིས་ནི་ནང་དབང་འབྱུང་བའི་ཆུ་བོར་གྲགས་པ་ནུས་པའི་དབང་བཅུ་གཅིག་ཐོབ། ནང་པ་མ་ཧཱ་ཡོ་གའི་སྤངས་ཐོབ་དང་རིགས་འདྲའི་ཡོན་ཏན་གྱི་ས་བོན་ཐེབས་པས། རང་འབྲས་སྒྲུབ་དབང་བསྐུར་རུང་དུ་སྨིན། གཙོ་བོར་ལས་སྒྲིབ་དང་ལུས་ཀྱི་དྲི་མ་འབྲིང་པོ་འཁྲུད། དམིགས་མེད་ཀུན་གསལ་གྱི་ཡེ་ཤེས་གཡོ་བས་བག་ལ་ཉལ་རགས་ལ་སྦྱངས་ནས་རིག་པ་བྱང་ཆུབ་ཀྱི་སེམས་སྐྱེ་བའི་རྒྱུ་སྒྲུབས། ནང་པ་མ་ཧཱ་ཡོ་ག་མན་ཆད་ཀྱི་ཐེག་པ་མཐའ་དག་བཤད་ཅིང་སྒྲུབ་པ་དང་། མ་ཧཱ་དང་ཐུན་མོང་དུ་གྱུར་པའི་ཨ་ནུ་རང་ལུགས་ཀྱི་བསྐྱེད་རིམ་གཙོ་བོར་སྟོན་པའི་ཆོས་རྣམས་ཉན་བཤད་བྱེད་པ་ལ་དབང་། རྣལ་འབྱོར་བཞི་ལས་མ་ཧཱ་ཡོ་ག་དང་། མཐར་ཐུག་བརྒྱད་པ་གནས་པ་མི་འགྱུར་བའི་ས་ནོན་པ་མཐར་ལམ་དང་པོ་རྩལ་ཆེན་རྫོགས་པའི་རྣལ་འབྱོར་མངོན་དུ་བྱེད་པའི་སྐལ་བ་ཅན་དུ་བྱས་སོ། ༈ །གསུམ་པ་སྒྲུབ་དབང་གྲགས་པའི་ཆུ་བོ་ནི། རྩ་རྒྱུད་ལས། ནང་དུ་འཇུག་པའི་དབང་ཐོབ་ནས། །དེ་དག་ཀུན་ལ་སྤྱོད་སྒྲུབ་པའི། །དབང་མཆོག་དམ་པ་བྱིན་པར་བྱ། །ཞེས་པས་ནང་དབང་ཐོབ་ནས། དེ་དག་གི་དོན་ཁྱད་པར་ཅན་སྒྲུབ་པའི་ཐབས་སྤྱོད་པའི་དབང་ཞུ་བའི་ཡོན་དུ་མཎྜལ་འབུལ་དུ་བཅུག་ནས། སློབ་དཔོན་གྱི་ཐུགས་ཀ་ནས་ལས་ཀྱི་རྡོ་རྗེ་ཧེ་རུ་ཀའི་རྣམ་པར་སྤྲོས་པའི་ཕྱག་གི་རྡོ་རྗེས་རྩ་བའི་དཀྱིལ་འཁོར་གྱི་སྟེང་དུ་དྲངས་ཏེ། ལུས་ཐམས་ཅད་ས་ལ་ཕབ་པའི་ཕྱག་སྔོན་དུ་འགྲོ་བར་མོས་ནས་ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པ་འདིའི་རྗེས༴ གསང་བ་མཆོག་གི་དཀྱིལ་འཁོར་དུ། །དེ་རིང་ངེས་པར་ཞུགས་ནས་ཀྱང་། །ཐབས་ཀྱིས་སྤྱོད་པའི་དབང་མཆོག་རྣམས། །སློབ་དཔོན་ཆེན་པོས་བདག་ལ་སྩོལ། །ལན་གསུམ། ཞེས་གསོལ་བ་བཏབ་པས། བླ་མ་ཡབ་ཡུམ་མཉམ་པར་རོལ་པའི་བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས་སློབ་བུ་རྣམས་བཀུག་སྟེ་ཞལ་དུ་བཅུག །སྐུའི་དབྱིབས་བརྒྱུད། རྡོ་རྗེའི་ལམ་ནས་ཡུམ་གྱི་མཁའ་ནང་དུ་གནས་པར་གྱུར། སླར་ཡང་མཁའ་ཁྱབ་ཀྱི་སངས་རྒྱས་སྲས་དང་བཅས་པ་སྤྱན་དྲངས། ཞལ་དུ་ཞུགས། བྱང་ཆུབ་ཀྱི་སེམས་སུ་ཞུ་བའི་འོད་ཟེར་རྡོ་རྗེའི་ལམ་ནས་བྱུང་བ་དེས། སློབ་བུའི་ལུས་སྦྱངས་ཏེ། ཤེས་པ་སྐད་ཅིག་གིས་ཆེ་ཆོག་ཧེ་རུ་ཀར་གྱུར་པ། མཁའ་ནང་ནས་ཕྱིར་ཐོན་ཏེ། རང་གི་མདུན་ཏུ་དབང་སྟེགས་ཟིལ་གནོན་གདན་ཁྲིའི་བཀོད་པ་ཕུན་སུམ་ཚོགས་པའི་སྟེང་དུ་འཁོད་པའི་མོས་པ་མཛོད། དེ་ལ་བསྐུར་བྱ་སྒྲུབ་དབང་བཅུ་གསུམ་ལས། དབང་པོ་ཤེས་རབ་རིག་པའི་དབང་བསྐུར་བ་ནི། ཤེས་བྱ་ཕྱི་ནང་གིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་གཤིས་ལུགས་དཀྱིལ་འཁོར་རྣམ་གསུམ་མ་འདྲེས་ཡོངས་རྫོགས་སུ་གནས་པ་སྟེ། དེའི་ངང་ལ་རྩོལ་བྲལ་བསལ་བཞག་མེད་པར་སྐྱོང་བའི་ཏིང་ངེ་འཛིན་སེམས་ལོན་རིག་པའི་གཏན་ཚིགས་ཀྱིས། སེམས་ཉིད་ཅི་ཡང་མ་ཡིན་པ་ཉིད། ཅིར་ཡང་མ་འགགས་པར་སྣང་ལ། །སྣང་སྟོང་གཉིས་སུ་མེད་ཅིང་། དེ་ཡང་འདི་ཁོ་ནའོ་ཞེས་བརྗོད་བྲལ་དུ་ཉམས་སུ་མྱོང་བ་ནི་བདག་ཞལ་བདག་གིས་མཐོང་བ་སྟེ། དེའི་རྟགས་ༀ་ལས་བྱུང་བའི་རྡོ་རྗེའམ་གཏན་ཚིགས་ཀྱི་སྒྲོན་མེ་གཏད་དེ། སྐྱེ་མེད་ཆོས་ཀྱི་དབྱིངས་ཉིད་ལས། །སེམས་ཀྱི་དབང་བསྐུར་ཐོབ་པ་ཡི། །ཤེས་རབ་ཆེན་པོ་རིག་པའི་དབང་། །སེམས་ལོན་དོན་གྱི་གཏན་ཚིགས་བྱིན། །ༀ་པྲཛྙཱ་བིདྱཱ་ཨ་བྷི་ཥིཉྩ་ཧཱུཾ། ན་མོ། ཕྱོགས་བཅུ་དུས་བཞིའི༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་ཤེས་རབ་རིག་པའི་དབང་བསྐུར་བས། རྟོག་དཔྱོད་ཀྱི་རྗེས་སུ་འཇུག་པ་ལྟ་བ་གཏན་ལ་ཕེབས་ཤིང་། དོན་གྱི་རྗེས་སུ་འཇུག་པ་རྣམ་པར་མི་རྟོག་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་མཐར་ཕྱིན་པའི་དབང་དམ་པ༴ གཉིས་པ་སྙིང་རྗེ་རྟགས་ཀྱི་དབང་ནི། ཆོས་ཉིད་སྙིང་པོ་ཡེ་ཇི་བཞིན་པ་ལས་སྒོམ་བྱེད་ཀྱི་བློ་མ་བཅོས་པར་འཇོག་པ་དོན་དམ་བྱང་སེམས་རྣམ་པར་མི་རྟོག་པའི་ངང་ལས། དེ་ལྟར་མ་རྟོགས་པའི་སྒྱུ་མ་ལྟ་བུའི་སེམས་ཅན་ལ་སྙིང་རྗེ་རིག་པའི་རྩལ་སྣང་མ་འགགས་པར་སྣང་བ་ཀུན་རྫོབ་བྱང་སེམས་ཀྱིས་ཁམས་གསུམ་ལ་དབང་བསྒྱུར་བའི་ནུས་པ་ཐོབ་པར་མོས་ལ། དེའི་རྟགས་ཨཱཿལས་བྱུང་བའི་ཉི་ཟླའི་དཀྱིལ་འཁོར་གཏད་དེ། བྱ་བའི་མཚན་མ་ཀུན་བྲལ་ཞིང་། །རྩོལ་མེད་གནས་པའི་བྱང་ཆུབ་སེམས། །སྙིང་རྗེ་ཆེན་པོའི་བདེ་མཆོག་གིས། ཁམས་གསུམ་ཀུན་ལ་དབང་བསྒྱུར་བྱིན། །ཨ་མ་ཙཀྲ་ཨ་བྷི་ཥིཉྩ་ཧཱུཾ། ན་མོ། ཕྱོགས་བཅུ༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་སྙིང་རྗེ་རྟགས་ཀྱི་དབང་བསྐུར་བས་དོན་དམ་བྱང་སེམས་རྣམ་པར་མི་རྟོག་པའི་ངང་ལས་ཀུན་རྫོབ་བྱང་སེམས་སྙིང་རྗེ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་གྱིས་ཁམས་གསུམ་ལ་དབང་བསྒྱུར་བའི་དབང་དམ་པ༴ གསུམ་པ་འགྲོ་དོན་རྫོགས་པའི་དབང་ལ་གཉིས་ལས། བཤད་རྒྱུད་རྔམ་གློག་ལྟར་ཡི་གེ་འཁོར་ལོའི་དབང་ནི། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་རང་རིག་ཡེ་གེར་སྣང་བས་རྒྱུའི་ཏིང་འཛིན་མཐར་ཕྱིན་པར་མོས་ལ། ཡིག་འབྲུ་གཏད་དེ། ཉོན་མོངས་ལྔ་པོ་གནས་དག་ནས། །ཡེ་ཤེས་ལྔ་པོ་ཐོབ་བྱའི་ཕྱིར། །ཡི་གེ་འཁོར་ལོའི་དབང་མཆོག་འདི། །དབང་ཐོབ་དེ་ཡི་ལག་ཏུ་བྱིན། །ༀ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿཝརྞ་ཙཀྲ་ཨ་བྷི༴ རྩ་རྒྱུད་དང་དབང་དོན་རྣམ་པར་འབྱེད་པ་ལྟར་ཐོང་གཤོལ་གྱི་དབང་ནི། ཉོན་མོངས་པའི་ཐ་རྒོད་བཅོམ་པས་སྲིད་གསུམ་འགྲོ་བའི་དོན་རྫོགས་པར་མོས་ལ། ཧཱུཾ་ལས་བྱུང་བའི་ཐོང་གཤོལ་གཏད་དེ། སྲིད་གསུམ་འགྲོ་བའི་དོན་རྣམས་ཀུན། །ཐམས་ཅད་རྫོགས་པར་ནུས་པ་ཡིན། །རྟགས་ཀྱི་དབང་མཆོག་དམ་པ་ནི། །ཐོང་གཤོལ་འབར་བ་བྱིན་པར་བྱ། །ཨ་མོ་གྷ་སིདྡྷི་ཧ་ལ་ཨ་བྷི༴ འདིར་ཡི་གེ་དང་གཤོལ་གཅིག་ཏུ་དྲིལ་ནས་བསྐུར་བར་དབང་ཆོག་ནོར་བུའི་ཕྲེང་བ་ལས་ཀྱང་བཤད་ཅེས་ཟུར་ཧམ་གསུངས་སོ། །ན་མོ། ཕྱོགས་བཅུ༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་ཡི་གེ་འཁོར་ལོ་དང་ཐོང་གཤོལ་གྱི་དབང་བསྐུར་བས་ཟུང་འཇུག་རྒྱུའི་ཏིང་ངེ་འཛིན་གྱིས་ཉོན་མོངས་པ་བཅོམ་སྟེ་འགྲོ་དོན་རྫོགས་པའི་དབང་དམ་པ༴ བཞི་པ་དྲུག་གསུམ་སྤྲུགས་པའི་དབང་ནི་ཆགས་སྡང་རྨོངས་གསུམ་གནས་སུ་དག་པས་སྐུ་གསུམ་ལྷུན་གྲུབ་ལྷ་སྐུ་ཕྱག་རྒྱ་གཅིག་པའི་ཏིང་ངེ་འཛིན་མཐར་ཕྱིན་པར་མོས་ལ། ཨ་ལས་བྱུང་བའི་ཐོད་པ་ཚར་གསུམ་དམར་གྱིས་གང་བ་གཏད་དེ། དུག་གསུམ་གཏིང་ནས་སྤྲུགས་པ་ཡི། །རྟགས་ཆེན་གའུ་རྣམ་པ་གསུམ། །དམར་ཆེན་དག་གིས་བཀང་ནས་ཀྱང་། །དབང་ཐོབ་དེ་ཡི་ལག་ཏུ་བྱིན། །ༀ་ཏྲི་ཀ་པཱ་ལ་ཨ་བྷི༴ ན་མོ། ཕྱོགས་བཅུ༴ སྐལ་ལྡན་རིག་པ༴ གའུ་རྣམ་གསུམ་གྱི་དབང་བསྐུར་བས་ཆོ་ག་གསུམ་གྱིས་དུག་གསུམ་དབྱིངས་སུ་བཅད་པས་རྡོ་རྗེ་གསུམ་ལྷུན་གྱིས་གྲུབ་པའི་དབང་དམ་པ༴ ལྔ་པ་སྲིད་གསུམ་སྒྲོལ་བའི་དབང་ནི། འཁོར་བའི་རྟོགས་ཚོགས་དབྱིངས་སུ་བཅད་པས་སྣང་བ་ཐམས་ཅད་ཟུང་འཇུག་གི་ལྷར་སྤྲོ་བའི་ནུས་པ་ཐོབ་པར་མོས་ལ། ཧཱ་ལས་བྱུང་བའི་མཚོན་ཆ་གཏད་དེ། སྲིད་གསུམ་སྒྲོལ་བར་བྱ་བ་ཡི། །དབང་མཆོག་ཆེན་པོ་སྦྱིན་པའི་ཕྱིར། །ཀ་ཏར་ལ་སོགས་མཚོན་ཆ་རྣམས། །དབང་ཐོབ་དེ་ཡི་ལག་ཏུ་བྱིན། །ཤསྟྲ་ཨ་བྷི༴ འདིར་རྒྱལ་བ་གཡུང་གིས་མཚོན་ཆ་དྲུག་གི་གྲངས་ངེས་མཛད་ཀྱང་། རྔམ་གློག་ལས་མཚོན་ཆ་སྣ་ཚོགས་ཞེས་གསུངས་པ་ལྟར་ཕྱག་ལེན་དུ་མཛད་དོ། །ན་མོ། ཕྱོགས་བཅུ་དུས་བཞིའི༴ སྐལ་ལྡན་རིག་པ་འཛིན་པ༴ ཀ་ཏར་ལ་སོགས་པ་མཚོན་ཆའི་དབང་བསྐུར་བས་སྲིད་པ་གསུམ་གྱི་ཉོན་མོངས་པ་དབྱིངས་སུ་བསྒྲལ་ཏེ་སྣང་སྤྱོད་ཐམས་ཅད་སྐུ་དང་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པའི་དབང་དམ་པ༴ དྲུག་པ་སྐྱོན་གྱིས་མ་གོས་པའི་དབང་ནི། ཡོ་བྱད་ལྔ་སོགས་འདོད་པའི་ཡོན་ཏན་ལ་ཅི་དགར་སྤྱད་ཀྱང་གོས་པ་མེད་པའི་ཐབས་མཁས་ཀྱིས་ཉེ་རྒྱུའི་སྤྱོད་པ་མཐར་ཕྱིན་པར་མོས་ལ། པཾ་ལས་བྱུང་བའི་པདྨ་གཏད་དེ། འཁོར་བའི་ཆོས་ལ་ཅིར་སྤྱད་ཀྱང་། །སྐྱོན་གྱིས་གོས་པར་མི་འགྱུར་བའི། །རྟགས་ཀྱི་ཕྱག་རྒྱ་ཆེན་པོ་ནི། །རྣམ་དག་རྫས་ཀྱི་པདྨ་བྱིན། །ༀ་པདྨ་ཨ་བྷི༴ ན་མོ། ཕྱོགས་བཅུ༴ སྐལ་ལྡན༴ པདྨའི་དབང་བསྐུར་བས་ཉོན་མོངས་པ་འཁོར་བའི་ཆོས་ལ་སྤྱད་ཀྱང་གོས་པ་མེད་པས་ཉེ་རྒྱུའི་སྤྱོད་པ་ཚོགས་སྒྲུབ་མཐར་ཕྱིན་པའི་དབང་དམ་པ༴ བདུན་པ་ལས་རྣམ་བཞི་རྫོགས་པའི་དབང་ནི། ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པས་གང་ལ་གང་འདུལ་གྱི་དོན་བྱེད་པའི་ནུས་པ་ཐོབ་པར་མོས་ལ། ཧཱཾ་ལས་བྱུང་བའི་ཏི་རའི་དབྱུག་པ་ལག་ཏུ་གཏད་དེ། ལས་རྣམས་རྫོགས་པར་གྱུར་པ་ཡི། །དབང་མཆོག་དམ་པའི་རྟགས་ཆེན་ནི། །ཏི་རའི་དབྱུག་པ་ཆེན་པོ་དག །དབང་ཐོབ་དེ་ཡི་ལག་ཏུ་བྱིན། །ཏི་ར་དཎྜ་ཨ་བྷི༴ ན་མོ། ཕྱོགས་བཅུ༴ སྐལ་ལྡན་རིག་པ༴ ཏི་རའི་དབྱུག་པའི་དབང་བསྐུར་བས་ཕྲིན་ལས་རྣམ་བཞི་མཐར་ཕྱིན་ནས་བདག་གཞན་གྱི་དོན་རྫོགས་པར་སྤྱོད་པའི་དབང་དམ་པ༴ བརྒྱད་པ་གཉིས་མེད་འཁྲིལ་བའི་དབང་ནི། ཐབས་ཤེས་གཉིས་སུ་མེད་པས་ཆོས་ཉིད་མ་ནོར་བ་དང་གཉིས་སུ་མེད་པའི་དོན་ཐོབ་པར་བསམ་ལ། ཧཱུཾ་ཨ་ལས་བྱུང་བའི་སྦྲུལ་ཆུན་གཏད་དེ། ཡུམ་དང་གཉིས་མེད་འཁྲིལ་བ་ཡི། །ཆོས་ཉིད་དོན་དང་གཉིས་མེད་རྟོགས། །སྦྲུལ་ནག་འཁྲིལ་བའི་ཆུན་པོ་འདི། །དབང་ཐོབ་དེ་ཡི་ལག་ཏུ་བྱིན། །ཨ་དྭ་ཡ་ཨ་བྷི༴ ན་མོ། ཕྱོགས་བཅུ༴ སྐལ་ལྡན་རིག་པ༴ སྦྲུལ་ནག་གི་ཆུན་པོའི་དབང་བསྐུར་བས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་དོན་བལྟ་བྱ་ལྟ་བྱེད་མེད་པར་དམིགས་བྲལ་དུ་རང་གསལ་རྗེན་པར་མཐོང་བའི་ལམ་སྒྲུབ་པ་ཆེན་པོ་མཐར་ཕྱིན་པའི་དབང་དམ་པ༴ དགུ་པ་གསང་བ་སྦྱོར་བའི་དབང་ནི། གཉིས་མེད་དུ་སྦྱོར་བའི་རྟགས་ལྷ་མོ་རང་བཞིན་གསུམ་གྱི་དབང་ཐོབ་པར་མོས་ལ། བྱིན་གྱིས་བརླབས་པའི་རིག་མ་གཏད་དེ། གསང་བ་སྦྱོར་བའི་ཤེས་རབ་མ། །དྲི་མེད་རྣམ་དག་ལྷ་མོ་ཞིག །མཚན་ལྡན་ཤིན་ཏུ་བརྒྱན་བྱས་ལ། །དབང་ཐོབ་དེ་ལ་བྱིན་པར་བྱ། །དྷ་རི་པྲཛྙཱ་ཨ་བྷི༴ ན་མོ། ཕྱོགས་བཅུ་དུས༴ སྐལ་ལྡན༴ དོན་དམ་སྤྲོས་བྲལ་རང་བཞིན་གྱིས་རྣམ་པར་དག་པས་དྲི་མ་མེད་ཅིང་ཞི་བའི་ཕྱག་རྒྱ་ཤེས་རབ་མའི་དབང་བསྐུར་བས་གསང་སྦྱོར་ཞུ་བདེའི་ཡེ་ཤེས་དབང་པོའི་སྡུག་བསྔལ་གྱི་རྟོག་པ་ཐམས་ཅད་དབྱིངས་སུ་བཅད་ནས་སྦྱོར་སྒྲོལ་གྱི་ལམ་མཆོག་ཡོངས་སུ་རྫོགས་པའི་དབང་དམ་པ༴ བཅུ་པ་འདོད་ཡོན་ལོངས་སྤྱོད་ཀྱི་དབང་ནི། ཕྱི་ནང་སྒྲུབ་པའི་དབང་ཐོབ་པས་ཀུན་གྱི་བདག་ཉིད་ཆེན་པོར་གྱུར་པ་ལ་འདོད་པའི་ལོངས་སྤྱོད་རྣམས་ཀྱིས་མངའ་གསོལ་བར་བསམ་ཞིང་། ༀ་ལས་བྱུང་བའི་འདོད་ཡོན་གཏད་དེ། དབང་ཐོབ་རྒྱལ་པོ་ཆེན་པོ་དེ། །ཀུན་གྱི་བདག་པོ་ཡིན་པས་ན། །རོལ་མོ་དྲི་དང་ཞལ་ཟས་དང་། །འདོད་ཡོན་ལྔ་ལ་སོགས་པ་དང་། །ཉེ་བའི་ལོངས་སྤྱོད་རྒྱན་རྣམས་ཀུན། །ཐམས་ཅད་ཐམས་ཅད་བྱིན་པར་བྱ། །སརྦ་ཀཱ་མ་གུ་ཎ་ཨ་བྷི༴ ན་མོ། ཕྱོགས་བཅུ༴ སྐལ་ལྡན༴ འདོད་ཡོན་ལོངས་སྤྱོད་ཀྱི་དབང་བསྐུར་བས་འདོད་ཡོན་གྱི་སྣང་བ་ཐམས་ཅད་བདེ་བ་ཆེན་པོ་ཡེ་ཤེས་རོལ་པའི་རྒྱན་དུ་མ་སྤངས་ལྷུན་གྱིས་གྲུབ་པའི་དབང་དམ་པ་ཐོབ་པར༴ བཅུ་གཅིག་པ་སྒྲུབ་པའི་རྒྱལ་པོའི་དབང་ནི། སྒྲུབ་དབང་གི་དཀྱིལ་འཁོར་ཐུན་མིན་ལ་བརྟེན་པའི་ཚེ། སྐབས་འདིར་ཁྲག་འཐུང་རེ་བཞི་གཙོ་བོ་དང་བཅས་པ་རྣམས་ཀྱི་ལྷ་དབང་བསྐུར་ནས། གནས་མ་སོགས་བཀའ་ཉན་གྱི་འཁོར་དང་རིག་འཛིན་རྣམས་སྒྲུབ་རྫས་ཀྱི་རྗེས་སུ་བསྐུར་བར་བཤད་ནའང་། སྒྲུབ་དབང་ལ་དཀྱིལ་འཁོར་ལོགས་སྒྲུབ་མ་བྱས་པའི་ལུགས་ལ། རྩ་རྒྱུད་ལས། དེ་དག་ཀུན་ལ་སྤྱོད་སྒྲུབ་པའི། །ཞེས་པའི་དགོངས་པས་ལྷ་དབང་སྔར་ནང་དབང་དུ་སོང་བས་གོ་ཆོད་པར་བྱས་ཏེ། ཁ་ཅིག་སྒྲུབ་པའི་རྒྱལ་པོའི་དབང་མི་བསྐུར་བ་དང་། བསྐུར་བ་ལའང་གཡུང་སྟོན་ཆེན་པོས་རིགས་ལྔ། ཁམས་ལུགས་པས་རྡོར་སེམས། ཟུར་ཧམ་གྱི་མཐའ་དཔྱོད་དུ་ཞི་བ་ཀུན་བཟང་དང་ཁྲོ་བོ་ཆེ་མཆོག་ལ་བསྡུས་ཏེ་བསྐུར་བ་སོགས་བཞེད་པ་ཐ་དད་པ་ལས། འདིར་ཕྱི་མ་ལྟར་ས་ཁོངས་འཛིན་བྱེད་ཙམ་དུ། ཞི་བའི་གཙོ་བོ་ཀུན་བཟང་གི་ཙཀླི་དང་། ཁྲོ་བོའི་གཙོ་བོ་དཀྱིལ་འཁོར་ལ་ཆེ་མཆོག་གི་ཐོད་སྐུ་བཀོད་ཡོད་ན་དང་། མེད་ན་ཙཀླིས་བསྐུར་ཏེ། དབང་དོན་རྣམ་པར་འབྱེད་པ་ལས་ཀྱང་། བཅུ་གཅིག་སྒྲུབ་པའི་རྒྱལ་པོ་དཀྱིལ་འཁོར་གཙོ་བོ་སྦྱིན། ཞེས་པ་དང་འབྱོར་ཞིང་། དབང་ཚིག་ཏུ་རྡོ་རྗེ་སེམས་དཔའ་ཞེས་པའང་རིགས་འདུས་ལ་དགོངས་པས་གཙོ་བོ་དང་མི་འགལ་ལོ། །དེས་ན་ཞི་ཁྲོའི་ལྷ་མར་མེ་གཅིག་ལས་གཉིས་ཆད་ཀྱི་རྣམ་པར་སྤྱི་བོ་ནས་ཐིམ་པས་དཀྱིལ་འཁོར་གྱི་ལྷ་རྣམས་སྒྲུབ་པའི་ལས་ལ་དབང་ཐོབ་པར་མོས་ལ། ཞི་ཁྲོའི་གཙོ་བོ་ཐོགས་ཏེ། སྒྲུབ་པའི་རྒྱལ་པོ་ཁྱོད་ལ་ནི། །སྒྲུབ་པའི་ལས་ལ་དབང་ཐོབ་ཕྱིར། །རྡོ་རྗེ་སེམས་དཔའ་ལ་སོགས་པ། །རྒྱལ་བ་ཐམས་ཅད་སྒྲུབས་ཤིག་ཅེས། །བསྒྲུབ་བྱའི་ལྷ་རྣམས་བྱིན་པར་བྱ། །ༀ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུཾ་ཧཱུཾ་ཨ་བྷི༴ ན་མོ༴ ཕྱོགས་བཅུ་དུས༴ སྐལ་ལྡན་རིག་པ༴ སྒྲུབ་པའི་རྒྱལ་པོ་དཀྱིལ་འཁོར་གྱི་གཙོ་བོའི་དབང་བསྐུར་བ་ཞི་ཁྲོའི་དཀྱིལ་འཁོར་ཐམས་ཅད་སྒྲུབ་པའི་དབང་འབྱོར་བའི་དབང་༴ བཅུ་གཉིས་པ་སྒྲུབ་རྫས་ཀྱི་དབང་ལ་གསུམ་གྱི། དང་པོ་རྣལ་འབྱོར་པ་བློ་རབ་འབྲིང་མེད་པ་ཡོངས་ལ་འདྲེན་པའི་ལས་བྱང་ཆུང་དུས་བསྐུར་བའི་སྒྲུབ་རྫས་ཐུན་མོང་བ་བཅོ་ལྔ་ལས། དང་པོ་དབུ་རྒྱན་ནི། ཏྲཾ་ལས་བྱུང་བའི་དབུ་རྒྱན་བཅིངས་པས་ཐོད་པའི་ཁང་བུ་ལྔར་གྱུར་པའི་ནང་དུ་རིགས་ལྔའི་ཧེ་རུ་ཀས་དབུ་བརྒྱན་པར་བསམ་ལ། སངས་རྒྱས་ཀུན་གྱི་རཏྣ་ཆེ། །དཔག་ཏུ་མེད་པའི་འོད་དང་ལྡན། །རིགས་མཆོག་ཕྱག་རྒྱ་ལྔར་ལྡན་པས། ཁམས་གསུམ་བདག་པོར་དབང་བསྐུར་རོ། །ༀ་བཛྲ་རཏྣ་མུ་ཀུ་ཊ་ཏྲཾ་ཏྲཾ་ཏྲཾ། ན་མོ། ཕྱོགས་བཅུ༴ སྐལ་ལྡན་རིག་པ༴ དབུ་རྒྱན་གྱི་དབང་བསྐུར་བས་དྲེགས་པ་བདུད་དང་སྲིན་པོ་འདུལ་པའི་དབང་དམ་པ༴ གཉིས་པ་ཅོད་པན་ནི། ཧཱུཾ་དང་ཧྲཱིཿལས་བྱུང་བའི་དར་མཐིང་དམར་གྱི་ཅོད་པན་དཔྱངས་ཤིང་འཕུར་བས་འཁོར་འདས་ཀྱི་ཆོས་ལ་མངའ་བརྙེས་ཤིང་གདུག་པ་ཅན་འདུལ་བ་དང་ཆོས་ཀྱི་རྒྱལ་པོ་ཆེན་པོར་མངའ་གསོལ་བར་བསམ་ཞིང་། །ཅོད་པན་མི་འགྱུར་མངའ་བརྙེས་པས། །ཆོས་ཀྱི་རྒྱལ་སྲིད་ཆེན་པོའི་དབང་། ཁམས་གསུམ་ཀུན་གྱི་དབང་ཕྱུག་ཆེན། །ཆོས་ཀྱི་རྒྱལ་པོར་དབང་བསྐུར་རོ། །དྷཱརྨ་རཱ་ཛ་ཡ་སྭཱ་ཧཱ། ན་མོ། ཕྱོགས་བཅུ༴ སྐལ་ལྡན༴ ཅོད་པན་གྱི་དབང་བསྐུར་བས་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལ་མངའ་བརྙེས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དབང་དམ་པ༴ གསུམ་པ་བྷཉྫ་ནི། ཀཾ་ལས་བྱུང་བའི་ཐོད་པ་བྱིན་པས་སྣོད་བཅུད་ཆོས་ཀྱི་སྐུ་དང་ལྡན་པར་མོས་ལ། མཚན་མའི་རྟོག་བྲལ་བྷཉྫའི་རྫས་མཆོག་འདི། །སྔོན་གྱི་སྐྱེས་མཆོག་སྒྲུབ་པའི་རྫས་ཡིན་ཏེ། །སྐལ་ལྡན་རྣལ་འབྱོར་འདི་ལ་དབཅ༴ སྣོད་བཅུད་ཆོས་ཀྱི་སྐུ་དང་ལྡན་པར་ཤོག །དྷརྨ་ཀཱ་ཡ་ཤ་ར་སྭཱ་ཧཱ། ན་མོ། ཕྱོགས་བཅུ༴ སྐལ་ལྡན༴ བྷཉྫའི་དབང་བསྐུར་བས་སྣོད་བཅུད་ཆོས་ཀྱི་སྐུ་དང་ལྡན་པའི་དབང་དམ་པ༴ བཞི་པ་ཧཱུཾ་ལས་བྱུང་བའི་བྱང་སེམས་དཀར་པོ་གཏད་དེ། སྐྱེ་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་འདི། །དཀར་ལ་དག་པའི་གཉིས་མེད་བྱང་ཆུབ་སེམས། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །རྡོ་རྗེ་རིགས་ཀྱི་སིདྡྷི་ཐོབ་པར་ཤོག །ཨཱ་དཪྴ་ཛྙཱ་ན་ཨཱཏྨ་ཀོ྅་ཧཾ། ན་མོ། ཕྱོགས་བཅུ༴ སྐལ་ལྡན་རིག་པ༴ བྱང་ཆུབ་སེམས་ཀྱི་དབང་བསྐུར་བས། །མེ་ལོང་ལྟ་བུའི་ཡེ་ཤེས་དང་ལྡན་ཏེ་རྡོ་རྗེ་རིགས་ཀྱི་དངོས་གྲུབ་ཐོབ་པར་གྱུར་ཅིག །ལྔ་པ་ༀ་ལས་བྱུང་བའི་དྲི་ཆེན། དྲི་ཆེན་བདུད་རྩི་ཆེན་པོའི་རང་བཞིན་ཏེ། །རྣམ་རྟོག་དུག་སེལ་བདུད་རྩིའི་བདག་ཉིད་ཀྱིས། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །དེ་བཞིན་རིགས་ཀྱི་སིདྡྷི་ཐོབ་པར་ཤོག །མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་ཨཱཏྨ་ཀོ྅་ཧཾ། ན་མོ། ཕྱོགས་བཅུ༴ སྐལ་ལྡན༴ དྲི་ཆེན་གྱི་དབང་བསྐུར་བས་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་ལྡན་ཏེ། དེ་བཞིན་གཤེགས་པའི་རིགས་ཀྱི་དངོས་གྲུབ་ཐོབ༴ དྲུག་པ་སྭཱ་ལས་བྱུང་བའི་མཾ་ས། མ་རིག་ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །གནས་ནས་སྒྲོལ་མཛད་རྫས་མཆོག་ཤ་ཆེན་འདིས། །སྐལ་ལྡན༴ རིན་ཆེན་རིགས་ཀྱི་སིདྡྷི༴ ས་མ་ཏཱ་ཛྙཱ་ན་ཨཏྨ་ཀོ྅་ཧཾ། ན་མོ། ཕྱོགས་བཅུ༴ སྐལ་ལྡན༴ ཤ་ཆེན་གྱི་དབང་བསྐུར་བས་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་ལྡན་ཏེ། རིན་ཆེན་རིགས་ཀྱི་དངོས་གྲུབ་ཐོབ༴ བདུན་པ་ཨཱཾ་ལས་བྱུང་བའི་རཀྟ། གསང་བའི་དབང་གི་རྫས་མཆོག་རཀྟ་འདི། །ཆགས་མེད་བདེ་བར་སྤྱད་པས་དམར་ལ་དྭངས། །སྐལ་ལྡན་རྣལ་འབྱོར༴ པདྨ་རིགས་ཀྱི༴ པྲ་ཏྱ་བེཀྵ་ན་ཛྙཱ་ན༴ ན་མོ། ཕྱོགས་བཅུ༴ སྐལ་ལྡན༴ རཀྟའི་དབང་བསྐུར་བས་སོ་སོར་རྟོག་པའི་ཡེ་ཤེས་དང་ལྡན་ཏེ་པདྨའི་རིགས་ཀྱི་དངོས་གྲུབ༴ བརྒྱད་པ་ཧ་ལས་བྱུང་བའི་དྲི་ཆུ། རང་བྱུང་དག་པ་ལས་མཆོག་རིགས་ཀྱི་རྫས། །ཕྱི་ནང་གསོས་གྱུར་བདུད་རྩིའི་རང་བཞིན་འདིས། །སྐལ་ལྡན་རྣལ་འབྱོར༴ ལས་ཀྱི་རིགས་ཀྱི་སིདྡྷི་ཐོབ་པར་ཤོག །ཀྲྀ་ཏྱ་ནུཥྠཱ་ན་ཛྙཱ་ན་ཨཱཏྨ་ཀོ྅་ཧཾ། ན་མོ། ཕྱོགས་བཅུ་དུས༴ སྐལ་ལྡན༴ དྲི་ཆུའི་དབང་བསྐུར་བས་བྱ་བ་ནན་ཏན་གྱི་ཡེ་ཤེས་དང་ལྡན་ཏེ། ལས་ཀྱི་རིགས་ཀྱི་དངོས་གྲུབ་ཐོབ་པར་གྱུར་ཅིག །དགུ་པ་ཧཱུཾ་ཨ་ལས་བྱུང་བའི་རྡོར་དྲིལ། དབྱིངས་དང་ཡེ་ཤེས་གཉིས་མེད་པ། །ཐུགས་མཆོག་རྟོགས་པ་རིག་པའི་རྒྱན། །རྡོ་རྗེ་དྲིལ་བུས་དབང་བསྐུར་བས། །ཐབས་དང་ཤེས་རབ་དབང་ཐོབ་ཤོག །བཛྲ་གྷནྜེ་ཤ་ར་སྭཱ་ཧཱ། ན་མོ། ཕྱོགས་བཅུ༴ སྐལ་ལྡན༴ རྡོ་རྗེ་དྲིལ་བུའི་དབང་བསྐུར་བས་སྐུ་དང་ཡེ་ཤེས་ལྡན་པའི་ཆོས་ལ་ལོངས་སྤྱོད་པར་གྱུར་ཅིག །བཅུ་པ་ཧཱུཾ་ལས་བྱུང་བའི་ཕུར་བུ། དཔལ་ཆེན་ཡབ་ཡུམ་ཐུགས་ཀ་ནས། །མཐར་བྱེད་བགེགས་རྣམས་ཚར་གཅོད་མཚོན་ཆར་ལྡན། །རྡོ་རྗེ་ཀཱི་ལ་ཡ་ཡི་དབང་བསྐུར་བས། །ལོག་འདྲེན་དགྲ་བགེགས་ཚོགས་རྣམས་འཇོམས་པར་ཤོག །བཛྲ་ཀཱི་ལི་ཀཱི་ལ་ཡ་ཨཱ་བེ་ཤ་ཡ་སྭཱ་ཧཱ། ན་མོ། ཕྱོགས་བཅུ་དུས༴ སྐལ་ལྡན༴ ཕུར་བུའི་དབང་བསྐུར་བས་ཡ་མ་དམ་སྲིའི་བར་གཅོད་སྒྲོལ་བའི་དབང་དམ་པ༴ བཅུ་གཅིག་པ་དཔལ་བོ་འབྲུ་ལྔ་ལས་བྱུང་བའི་བདུད་རྩི་ར་ས་ཡ་ན། ཐམས་ཅད་སྨན་ཡིན་བདུད་རྩི་མཆོག །རྒྱལ་བ་ཀུན་གྱིས་སྒྲུབ་པའི་ལམ། །ར་ས་ཡ་ནས་དབང་བསྐུར་བས། །བདུད་རྩིའི་བཅུད་དང་འཕྲད་པར་ཤོག །སརྦ་ཨ་མྲྀ་ཏྱ་ཤྭ་ར་སྭཱ་ཧཱ། ན་མོ། ཕྱོགས་བཅུ༴ སྐལ་ལྡན༴ བདུད་རྩིའི་དབང་བསྐུར་བས། སྐྱེ་ཤི་མེད་པའི་སྐུ་ཐོབ་པར་གྱུར་ཅིག །བཅུ་གཉིས་པ་ཏྲཾ་ལས་བྱུང་བའི་ཕྲེང་བ། ཕྲེང་བ་མྱ་ངན་འདས་པའི་ཆོས་ལ་སྤྱོད། །འགྲོ་ཀུན་ཡང་དག་ཆོས་ཀྱི་དོན་ལ་འཇུག །མེ་ཏོག་ཕྲེང་བ་ལ་སོགས་དབང་བསྐུར་བས། །གཟུངས་དང་ཏིང་འཛིན་ལྡན་པའི་དབང་ཐོབ་ཤོག །རཏྣ་མཱ་ལ་ཨ་བྷི་ཥིཉྩ་སྭཱ་ཧཱ། ན་མོ། ཕྱོགས་བཅུ༴ སྐལ་ལྡན༴ མེ་ཏོག་ཕྲེང་བའི་དབང་བསྐུར་བས་གཟུངས་དང་ཏིང་ངེ་འཛིན་དང་ལྡན་པར་གྱུར་ཅིག །བཅུ་གསུམ་པ་ཧཱུཾ་ལས་བྱུང་བའི་ཡུངས་ཀར། ཡུངས་ཀར་རྒྱལ་པོ་བྱིན་རླབས་ཤ་རི་རཾ། །བར་གཅོད་བགེགས་ཀྱི་ཚོགས་འཇོམས་གྲུབ་རྫས་འདིས། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །བར་གཅོད་བགེགས་རྣམས་རྡུལ་དུ་རློག་པར་ཤོག །ན་མོ། ཕྱོགས་བཅུ༴ སྐལ་ལྡན༴ ཡུངས་ཀར་གྱི་དབང་བསྐུར་བས། སྤྲུལ་པ་འགྱེད་པ་དང་དགྲ་བགེགས་འདུལ་བའི་དབང་དམ་པ་དང་ལྡན་པར་གྱུར་ཅིག །བཅུ་བཞི་པ་ཧཱུཾ་ལས་བྱུང་བའི་མར་མེ། དཔལ་ཆེན་ཡབ་ཡུམ་གསང་བའི་ཐུགས་བསྡུས་པས། །སྐྱེ་མེད་དབྱིངས་ནས་ཡེ་ཤེས་མར་མེ་གསལ། །ཀུན་གཞི་གནས་གྱུར་སྤྱན་གྱི་ཡེ་ཤེས་འདིས། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་རོ། །བཛྲ་ཛྙཱ་ན་ཨཱ་ལོ་ཀེ་ཤ་རི་སྭཱ་ཧཱ། ན་མོ། ཕྱོགས་བཅུ༴ སྐལ་ལྡན༴ མར་མེའི་དབང་བསྐུར་བས། དཔལ་ཆེན་པོའི་ཐུགས་ཡེ་ཤེས་དགུ་དང་ལྡན་པའི་དབང་ཐོབ་པར་གྱུར་ཅིག །བཅོ་ལྔ་པ་ཧཱུཾ་ལས་བྱུང་བའི་རྔེའུ་ཆུང་། ཤེས་རབ་གསང་བའི་རྔ་མཆོག་འདི། ཁམས་གསུམ་ཀུན་ཏུ་ཆོས་སྒྲ་སྒྲོག །ང་རྒྱལ་དྲག་ཤུལ་བདུད་འཇོམས་པའི། །ཕྱག་མཚན་འདི་ཡི་དབང་བསྐུར་རོ། །པྲཛྙཱ་ཙ་མ་ར་ཤ་རི་སྭཱ་ཧཱ། ན་མོ། ཕྱོགས་བཅུ༴ སྐལ་ལྡན༴ རྔེའུ་ཆུང་གི་དབང་བསྐུར་བས། ཆོས་སྐུ་སྐྱེ་བ་མེད་པའི་སྒྲ་བསྒྲགས་པས་བདུད་དང་སྲིན་པོ་ཟིལ་གྱིས་མནན་ཏེ། མ་མོ་དང་ཌཱ་ཀི་དབང་དུ་སྡུད་པའི་དབང་ཐོབ་པར་གྱུར་ཅིག །གཉིས་པ་ཐུན་མོང་མ་ཡིན་པའི་སྒྲུབ་རྫས་རོལ་པའི་ཆས་བཅུ་ལས། དང་པོ་སྟག་ཤམ་གཏད་དེ། སྔོན་ཚེ་དཔལ་ཆེན་ཧེ་རུ་ཀར། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །སྟག་ལྤགས་ཤམ་ཐབས་དབང་བསྐུར་བས། །བདུད་དང་སྲིན་པོ་ཀུན་བསྒྲལ་ནས། །མ་ཚོགས་མཁའ་འགྲོ་དབང་དུ་བསྡུས། དེ་བཞིན་སྐལ་ལྡན་བུ་ཁྱོད་ལ། །སྟག་གི་ཤམ་ཐབས་གསོལ་བ་ཡི། །དཔའ་བོ་བདུད་ལས་རྒྱལ་བ་དང་། །རྣམ་རྟོག་འཇོམས་པའི་དབང་ཐོབ་ཤོག །བྱཱ་གྷྲི་ཙརྨ་ཨ་བྷི་ཥིཉྩ་ཧཱུཾ། གཉིས་པ་གླང་ཆེན་ཀོ་རློན། སྔོན་ཚེ་དཔལ་ཆེན༴ ཕྱོགས་བཅུའི་སངས་རྒྱས༴ གླང་ཆེན་ཀོ་རློན་དབང་༴ གཏི་མུག་གནས་སུ་དག་པ་དང་། ཁམས་གསུམ་བདག་པོར་གྱུར་པ་ལྟར། །དེ་རིང་རྣལ་འབྱོར་བུ་ཁྱོད་ལ། །གླང་ཆེན་ཀོ་རློན་དབང་བསྐུར་བས། །གཏི་མུག་གནས་སུ་དག་གྱུར་ནས། །བདུད་དཔུང་ཆེན་པོ་འཇོམས་པར་ཤོག །ཧསྟི་ཙརྨ་ཨ་བྷི༴ གསུམ་པ་ཞིང་གི་གཡང་གཞི། སྔོན་ཚེ་བདུད་སྲིན་ལ་སོགས་པས། །བཅོམ་ལྡན་སྐུ་ལ་བསྡོས་པའི་ཚེ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །ཞིང་གི་གཡང་གཞིའི་དབང་བསྐུར་བས། །བདུད་དང་སྲིན་པོ་བཏུལ་པ་ལྟར། །འཁོར་བ་རྡུལ་དུ་རློག་པའི་ཕྱིར། །དེ་རིང་རྡོ་རྗེའི་སློབ་བུ་ལ། །ཞིང་གི་གཡང་གཞིའི་དབང་བསྐུར་བས། །བདུད་དང་སྲིན་པོ་ལ་སོགས་པ། །ཐམས་ཅད་འཇོམས་པའི་དབང་ཐོབ་ཤོག །ན་ར་ཙརྨ་ཨ་བྷི༴ བཞི་པ་ཐོད་ཕྲེང་། སྔོན་ཚེ་དཔལ་ཆེན་ཧེ་རུ་ཀར། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །ཐོད་པ་སྐམ་རློན་ར་རི་ཡི། །ཐོད་ཕྲེང་ཚར་གསུམ་མངའ་གསོལ་བས། །ས་གསུམ་ནོན་ནས་སྐུ་གསུམ་གྲུབ། །དེ་བཞིན་སྐལ་ལྡན་བུ་ཁྱོད་ལ། །ཐོད་ཕྲེང་ཚར་གསུམ་དབང་བསྐུར་བས། །སྐུ་གསུམ་ལྷུན་གྱིས་གྲུབ་པ་དང་། །དུག་གསུམ་གནས་སུ་དག་ནས་ཀྱང་། །ཐམས་ཅད་འདུལ་བའི་དབང་ཐོབ་ཤོག །ཀ་པཱ་ལ་མཱ་ལ་ཨ་བྷི༴ ལྔ་པ་སྤྲུལ་ཆུན། སྔོན་ཚེ་དཔལ་ཆེན་ཧེ་རུ་ཀར། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །སྦྲུལ་གྱི་ཆུན་པོས་དབང་བསྐུར་བས། །ཐུགས་རྗེས་ཞེ་སྡང་གནས་སུ་དག །དེ་བཞིན་སྐལ་ལྡན་བུ་ཁྱོད་ལ། །སྦྲུལ་གྱི་ཆུན་པོས་དབང་བསྐུར་བས། །ཀླུ་བདུད་སྲིན་པོ་ཀུན་བཅོམ་ནས། །འཇིགས་བྱེད་ཆེན་པོའི་སྐུ་ཐོབ་ཤོག །ནཱ་ག་དཱ་མ་ཨ་བྷི༴ དྲུག་པ་ཁྱུང་གཤོག །སྔོན་ཚེ་དཔལ་ཆེན་ཧེ་རུ་ཀར། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །རྡོ་རྗེའི་གཤོག་པས་དབང་༴ བདུད་དང་སྲིན་པོ་ཟིལ་གྱིས་ནོན། །དེ་བཞིན་སྐལ་ལྡན་བུ་ཁྱོད་ལ། །རྡོ་རྗེའི་ཁྱུང་གཤོག་དབང་བསྐུར་བས། །ཐབས་དང་ཤེས་རབ་འབྲེལ་བར་ཤོག །བཛྲ་པཀྵ་ཨ་བྷི༴ བདུན་པ་མེ་དཔུང་། ཧཱུཾ། འབར་ཞིང་འཕྲོ་བ་ཡེ་ཤེས་ཐུགས་རྗེར་ལྡན། །ཡེ་ཤེས་གསལ་བས་ཕྱོགས་བཅུའི་མུན་ནག་སེལ། །བསྐལ་པའི་མེ་དཔུང་འབར་བའི་དབང་བསྐུར་བས། །མཚན་མའི་འཛིན་རྟོག་སྲེག་པའི་དབང་ཐོབ་ཤོག །བཛྲ་ཛྙཱ་ན་ཛྭ་ལ་རཾ་ཧཱུཾ་ཨ་བྷི༴ བརྒྱད་པ་གདོང་གི་འབུར་བཞིར་ཁྲག་གི་ཐིག་ལེ་གདབ་ཅིང་། ཧཱུཾ། ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །ཞིང་ཆེན་གསར་རྙིང་ཏི་རར་བཅས། །དམར་གྱི་ཨརྒྷ་རྒྱ་མཚོར་སྐྱིལ། །ཁྲག་གི་ཐིག་ལེས་མཚན་པ་ནི། །འདི་ཡང་སྔོན་གྱི་དམ་ཚིག་ལ། །འདི་ཡང་རྟགས་ཀྱི་ཕྱག་རྒྱ་སྟེ། །འདོད་ཆགས་གནས་སུ་དག་པ་ཡི། །ཁྲག་གི་ཐིག་ལེས་རྟགས་མཚན་ནས། །ཁྲག་གི་ཐིག་ལེའི་དབང་བསྐུར་བས། །གཏུམ་པོ་དྲག་པོ་འཇོམས་པ་དང་། །ང་རྒྱལ་དྲེགས་པ་འདུལ་མཛད་ཅིང་། །དབང་མཆོག་དམ་པ་ཐོབ་པར་ཤོག །ༀ་མ་ཧཱ་རཀྟ་ཏི་ལ་ཀ་ཧཱུཾ། དགུ་པ་མགྲིན་པར་ཞག་གི་ཟོ་རིས་ཟླ་གམ་དུ་གདབ་ཅིང་། ཧཱུཾ། ཧེ་རུ་ཀ་ཡི་གནས༴ དུར་ཁྲོད་ཆེན་པོའི་གནས༴ ཞིང་ཆེན་གསར་རྙིང་༴ དམར་གྱི་ཨརྒྷ་རྒྱ༴ ཞག་གི་ཚོམ་བུས་མཚན་པ་ནི། །འདི་ཡང་སྔོན་གྱི་དམ༴ འདི་ཡང་རྟགས་ཀྱི་ཕྱག༴ ཆོས་ཉིད་ཞག་གིས་བརྒྱན་པ་ཡི། །ཞག་གི་ཚོམ་བུའི་དབང་བསྐུར་བས། །ཆོས་ཉིད་དབྱིངས་སུ་རྒྱལ་བ་དང་། །གདུག་པ་ཐབས་ཀྱིས་འདུལ་བ་དང་། །ཆེ་བའི་ཡོན་ཏན་རྒྱས་པ་ཡི། །ཆོས་ཉིད་ཞག་གི་དབང་ཐོབ་ཤོག །ༀ་པ་ཏ་པ་ག་ཏ་ཧཱུཾ། བཅུ་པ་དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ་རྩེ་གསུམ་པའི་དབྱིབས་སུ་གདབ་ཅིང་། ཧཱུཾ། ཧེ་རུ་ཀ་ཡི་གནས༴ དུར་ཁྲོད་ཆེན་པོའི༴ ཞིང་ཆེན་གསར་རྙིང་༴ དམར་གྱི་ཨརྒྷ༴ ཐལ་བའི་མཚན་མས་བརྒྱན་པ་ནི། །གདུག་པ་མ་ལུས་རབ་འདུལ་བ། །ཆེ་བའི་རྒྱལ་པོ་ཀུན་གྱི་བདག །ཐམས་ཅད་ཀུན་ཏུ་དཔའ་བོའི་མཚན། །གདུག་པ་ཟིལ་གནོན་ཐལ་བའི་མཚན། །དབང་མཆོག་འདི་ཡི་དབང་བསྐུར་བས། ཁམས་གསུམ་གདུག་པ་ཐལ་བར་རློག །དེ་འདྲའི་དབང་མཆོག་ཐོབ་པར་ཤོག །ༀ་བ་ཏ་བ་ཡ་ཧཱུཾ། གསུམ་པ་ཁྱད་པར་གྱི་སྒྲུབ་རྫས་ལ། སྤྱི་དང་། བྱེ་བྲག་གཉིས་ལས། དང་པོ་འདས་མ་འདས་ཀྱི་དངོས་གྲུབ་ཐམས་ཅད་སྒྲུབ་པའི་རྫས་སྤྱིར་བྱིན་པ་ནི། དཔལ་བཤོས། དབང་བཤོས། གསལ་ཤིང་གི་ཟླ་གམ། ཛ་གད། བཀྲ་ཤིས་གཙང་མ་དང་དག་པ་ལྷའི་རྫས་ཀྱི་བམ། མདའ་དར། རལ་གྲི། མེ་ལོང་། ཚོན་སྐུད། ཕུར་བུ། དུར་ཁྲོད་ཀྱི་རྒྱན་ཆས། ཐོད་སྐུ། གསུང་རྟེན་ཐོད་པ། རྡོར་དྲིལ། གསང་བའི་རྔེའུ་ཆུང་། རྐང་གླིང་། བགྲང་ཕྲེང་སྟེ་སྒྲུབ་རྫས་ཐམས་ཅད་གཏད་ལ། སྒྲུབ་པའི་རྒྱལ་པོ་ཁྱོད་ལ་ནི། །སྒྲུབ་པའི་ལས་ལ་དབང་ཐོབ་ཕྱིར། །རྡོ་རྗེ་སེམས་དཔའ་ལ་སོགས་པའི། །རྒྱལ་བ་ཐམས་ཅད་སྒྲུབ་པ་དང་། །རྡོ་རྗེ་ཚེ་དང་སྨན་ལ་སོགས། །སྒྲུབ་པ་མ་ལུས་སྒྲུབས་ཤིག་ཅེས། །སྒྲུབ་རྫས་ཐམས་ཅད་བྱིན་པར་བྱ། །སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧཱུཾ། གཉིས་པ་བྱེ་བྲག་གི་སྒྲུབ་རྫས་ནི། དབང་དོན་རྒྱས་པར། ཡང་དག་དུར་ཁྲོད་བརྡལ་དང་ཕུར་བུ་རྫས། །བདུད་རྩི་ཕོ་བྲང་བདེ་ཆེན་དབང་བསྐུར་རོ། །ཞེས་པ་ཙམ་ལས་མི་འབྱུང་ཡང་། གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེའི་གསུང་ལས། བན་ཆུང་སངས་རྒྱས་ཡེ་ཤེས་ཀྱིས། །པཎྜི་ཏ་ཡི་ཐུགས་མཛོད་བསྡུས། །རྒྱ་བོད་མཁས་པའི་དགོངས་པ་དྲིལ། །ཚོགས་ཆེན་ཡོངས་འདུས་དཀྱིལ་འཁོར་དུ། །ཐེག་པ་འདུས་དང་དབང་བསྡུས་དང་། །སྒྲུབ་ཆེན་དཀྱིལ་འཁོར་འདུས་པའི་ཕྱིར། །འཇམ་དཔལ་སྐུ་དང་པདྨ་གསུང་། །ཡང་དག་ཐུགས་དང་བདུད་རྩི་ཕུར། །མ་མོ་མཆོད་བསྟོད་དྲག་སྔགས་རྣམས། །ཆ་རྐྱེན་ཡིན་ཕྱིར་རིག་འཛིན་བརྒྱད། །ཚེ་ནི་སྤྱི་ཡི་ཁ་སྐོང་ཡིན། །སྒོ་བྱང་ཕྱི་ནང་དགྲ་བགེགས་སྐྲོད། །རྫས་སྐོངས་མར་མེ་བདུད་རྩི་སྨན། །མཚམས་ཕུར་གདབ་ཁ་བསྙེན་ཕུར་རྟེན། །དམར་ཆེན་རཀྟས་ཐུགས་དམ་སྐོངས། །འཇིག་རྟེན་མཆོད་རྟེན་དྲག་ཟོར་གཏོད། །རིག་འཛིན་གཏོར་ཕུད་ཚེ་ཟན་རྫས། །ཞེས་སྒྲུབ་སྡེ་བརྒྱད་ཀ་གསུངས་པ་ལྟར། དང་པོ་ཕྱིའི་སྒོ་བྱང་ལྷོར་བཀོད་པ་གཏད་དེ། ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མངགས་གཞུག་ཕོ་ཉའི་ལས་མཛད་པ། །འཇམ་དཔལ་གཤིན་རྗེ་གཤེད་པོ་ཡིས། །དགྲ་བགེགས་སྦྱོར་བ་རྒྱུན་ཆོད་ཅིག །ཧཱུཾ། རྒྱ་གར་དུར་ཁྲོད་འཇིགས་བྱེད་ཚལ་ཆེན་དུ། །སློབ་དཔོན་འཇམ་དཔལ་བཤེས་གཉེན་གསང་མཚན་ནི། །རྡོ་རྗེ་གྲུབ་པ་རྩལ་ཏེ་རིག་འཛིན་གཙོ། །འཇམ་དཔལ་སྐུ་ཡི་དངོས་གྲུབ་བརྙེས་པའི་རྗེ། །འདིར་གཤེགས་སྐལ་ལྡན་བྱིན་རླབས་དངོས་གྲུབ་སྩོལ། །རྒྱ་གར་གནས་དང་སྒྲགས་ཀྱི་ཡང་རྫོང་དུ། །ཡི་དམ་དཔལ་ཆེན་དཀྱིལ་འཁོར་ཞལ་ཕྱེ་ཚེ། །ཡི་དམ་ཡ་མཱནྟ་ཀཱའི་ཞལ་གཟིགས་པའི། །ལོ་ཆེན་བཻ་རོ་ཙ་ན་སྲུང་བ་དང་། །གནུབས་ཆེན་སངས་རྒྱས་ཡེ་ཤེས་གསང་བའི་མཚན། །རྡོ་རྗེ་དྲག་པོ་རྩལ་ཏེ་དེ་ལ་སོགས། །འཇམ་དཔལ་སྐུ་ཡི་དངོས་གྲུབ་བརྙེས་པ་རྣམས། །འདིར་གཤེགས་སྐལ་ལྡན༴ ༀ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ་ཨ་བྷི་ཥིཉྩ་ཧཱུཾ། གཉིས་པ་ནང་གི་སྒོ་བྱང་ནུབ་ཏུ་བཀོད་པ་གཏད་དེ། ཧཱུཾ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མངགས་གཞུག་ཕོ་ཉའི༴ སྤྱན་རས་གཟིགས་དབང་རྟ་མགྲིན་གྱིས། །གདོན་བགེགས་སྦྱོར་བ་རྒྱུན་ཆོད་ཅིག །ཧཱུཾ། རྒྱ་གར་པདྨ་བརྩེགས་པའི་དུར་ཁྲོད་ནས། །སློབ་དཔོན་ནཱ་གརྫུ་ནའི་གསང་མཚན་ནི། །རྡོ་རྗེ་གྲུབ་པ་རྩལ་ཏེ་རིག་འཛིན་མཆོག །པདྨ་གསུང་གི་དངོས་གྲུབ་བརྙེས་པའི་རྗེ། །འདིར་གཤེགས་སྐལ་ལྡན༴ བསམ་ཡས་མཆིམས་ཕུ་དཔལ་གྱི་ཡང་དབེན་དུ། །ཟླ་གམ་དབང་གི་དཀྱིལ་འཁོར་ཞལ་ཕྱེ་ཚེ། །པདྨ་དབང་ཆེན་དཀྱིལ་འཁོར་ཞལ་གཟིགས་པའི། །ངན་ལམ་རྒྱལ་བ་མཆོག་དབྱངས་གསང་མཚན་ནི། །རྡོ་རྗེ་པདྨ་རྩལ་ཏེ་དེ་ལ་སོགས། །པདྨ་གསུང་གི་དངོས་གྲུབ་བརྙེས་པ་རྣམས། །འདིར་གཤེགས་སྐལ་ལྡན༴ ༀ་ཧྲཱིཿཔདྨནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ་ཨ་བྷི༴ གསུམ་པ་ཤར་གྱི་མར་མེ་གཏད་དེ། ཧཱུཾ། དུས་གསུམ་སངས་རྒྱས༴ མངགས་གཞུག་ཕོ་ཉའི༴ དཔལ་ཆེན་ཡང་དག་ཧེ་རུ་ཀས། །ཡེ་ཤེས་རྟོགས་པའི་དངོས་གྲུབ་སྩོལ། །ཧཱུཾ། རྒྱ་གར་ཡུལ་གྱི་ཧཱུཾ་སྒྲོག་དུར་ཁྲོད་དུ། །སློབ་དཔོན་རྡོ་རྗེ་ཧཱུཾ་མཛད་གསང་མཚན་ནི། །རྡོ་རྗེ་དངོས་གྲུབ་རྩལ་ཏེ་རིག་འཛིན་གཙོ། །ཡང་དག་ཐུགས་ཀྱི་དངོས་གྲུབ་བརྙེས་པའི་རྗེ། །འདིར་གཤེགས་སྐལ་ལྡན་བྱིན༴ ཧཱུཾ། ལྷོ་བྲག་མཁར་ཆུ་དཔལ་གྱི་ཕུག་རིང་དུ། །མར་མེ་དགུ་ཡི་དཀྱིལ་འཁོར་ཞལ་ཕྱེ་ཚེ། །ཡི་དམ་དཔལ་ཆེན་འཁོར་བཅས་ཞལ་གཟིགས་པའི། །སློབ་དཔོན་ནམ་མཁའི་སྙིང་པོའི་གསང་མཚན་ནི། །རྡོ་རྗེ་ཐོག་འབེབས་རྩལ་ཏེ་དེ་ལ་སོགས། །ཡང་དག་ཐུགས་ཀྱི་དངོས་གྲུབ་བརྙེས་པ་རྣམས། །འདིར་གཤེགས༴ ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཨ་བྷི༴ བཞི་པ་ཕོ་བྲང་དབུས་ཀྱི་སྨན་གྱི་ཐོད་པའམ་དེ་ཁྱེར་མི་བདེ་ན་སྨན་ཕུད་གཏོད་ཅིང་། ཧཱུཾ། དུས་གསུམ་སངས་རྒྱས༴ མངགས་གཞུག༴ ཀུན་བཟང་ཆེ་མཆོག་བདུད་རྩི་ཡིས། །ནད་སེལ་སྨན་གྱི་དངོས་གྲུབ་སྩོལ། །ཧཱུཾ། བདུད་རྩི་རོལ་པའི་དུར་ཁྲོད་རྩལ་ཆེན་དུ། །སློབ་དཔོན་བི་མ་མི་ཏྲའི་གསང་མཚན་ནི། །རྡོ་རྗེ་མི་འགྱུར་རྩལ་ཏེ་རིག་འཛིན་གཙོ། །བདུད་རྩི་ཡོན་ཏན་དངོས་གྲུབ་བརྙེས་པའི་རྗེ། །འདིར་གཤེགས་སྐལ་ལྡན༴ ཧཱུཾ། ཡར་ཀླུངས་ར་མོ་སྨན་སྒང་ཤེལ་བྲག་ཏུ། །བདུད་རྩི་སྨན་གྱི་དཀྱིལ་འཁོར་ཞལ་ཕྱེ་ཚེ། །སྨན་གྱི་ལྷ་སྲུང་རིག་འཛིན་ཞལ་གཟིགས་པའི། །གཉགས་ལོ་ཡེ་ཤེས་གཞོན་ནུའི་གསང་མཚན་ནི། །དྲི་མེད་ཟླ་ཤར་རྩལ་ཏེ་དེ་ལ་སོགས། །བདུད་རྩི་ཡོན་ཏན་དངོས་གྲུབ་བརྙེས་པ་རྣམས། །འདིར་གཤེགས་སྐལ་ལྡན༴ ༀ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཋཱ་ཨ་བྷི༴ ལྔ་པ་བྱང་གི་བསྙེན་ཕུར་དང་ཁྲོ་བཅུའི་མཚམས་ཕུར་གཏད་དེ། ཧཱུཾ། དུས་གསུམ༴ མངགས་གཞུག༴ རྡོ་རྗེ་གཞོན་ནུ་གཙོ་འཁོར་གྱིས། །དམ་སྲིའི་ཕུང་སྦྱོར་རྒྱུན་ཆོད་ཅིག །ཧཱུཾ། དྲེགས་པ་འདུལ་བའི་དུར་ཁྲོད་རྩལ་ཆེན་དུ། །སློབ་དཔོན་པྲ་བྷ་ཧ་སྟིའི་གསང་མཚན་ནི། །རྡོ་རྗེ་དྲག་པོ་རྩལ་ཏེ་རིག་འཛིན་གཙོ། །ཕུར་པ་ཕྲིན་ལས་དངོས་གྲུབ་བརྙེས་པའི་རྗེ། །འདིར་གཤེགས༴ ཧཱུཾ། བྲག་དཀར་སེང་གེ་རྫོང་གི་ཕུག་པ་རུ། །གྲུ་གསུམ་ཤེལ་གྱི་དཀྱིལ་འཁོར་ཞལ་ཕྱེ་ཚེ། །མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གསང་མཚན་ནི། །རྡོ་རྗེ་ལྕམ་གཅིག་མ་སྟེ་རིག་འཛིན་གཙོ། །ཕུར་པ་གྲུབ་པས་བྲག་ལ་ཕུར་བུ་བཏབ། །མཁར་མིའི་མཛེ་གདོན་རྒྱུན་ཡང་གཅོད་པར་མཛད། །མིང་པོ་མཁར་ཆེན་དཔལ་གྱི་དབང་ཕྱུག་ཀྱང་། །རྡོ་རྗེ་དྲག་པོ་རྩལ་ཏེ་དེ་ལ་སོགས། །ཕུར་པ་ཕྲིན་ལས་དངོས་གྲུབ་བརྙེས་པ་རྣམས། །འདིར་གཤེགས༴ ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བི་གྷྣཱཾ་བཾ་ཧཱུཾ་ཕཊ་ཨ་བྷི༴ དྲུག་པ་ཤར་ལྷོའི་མདོས་རཀ་གཏད་དེ། ཧཱུཾ། དུས་གསུམ་སངས་རྒྱས༴ མངགས་གཞུག༴ མངོན་རྫོགས་རྒྱལ་པོ་ཡབ་ཡུམ་གྱིས། །ཆག་ཉམས་བགེགས་སོལ་དངོས་གྲུབ་སྩོལ། །ཧཱུཾ། རྒྱ་གར་དུར་ཁྲོད་སྣ་ཚོགས་པདྨའི་གླིང་། །སློབ་དཔོན་དྷ་ན་སཾསྐྲྀ་ཏའི་གསང་མཚན། །རྡོ་རྗེ་དབང་ཕྱུག་རྩལ་ཏེ་རིག་འཛིན་གཙོ། །མ་མོ་རྦོད་གཏོང་དངོས་གྲུབ་བརྙེས་པའི་རྗེ། །འདིར་གཤེགས་སྐལ༴ ཧཱུཾ། ཡར་ཀླུངས་ཤམ་པོ་གངས་ཀྱི་གནས་མཆོག་ཏུ། །མ་མོའི་རྒྱུད་ལུང་དཀྱིལ་འཁོར་ཞལ་ཕྱེ་ཚེ། །མ་མོའི་ཞལ་གཟིགས་འོ་བྲན་དཔལ་གཞོན་ནུ། །གསང་མཚན་རྡོ་རྗེ་འཕྲུལ་རྒོད་རྩལ་དང་ནི། །མ་མོའི་བཀའ་བབས་རྩ་རླུང་དབང་བསྒྱུར་ནས། །མི་བརྗེད་གཟུངས་ཐོབ་འབྲོག་མི་དཔལ་ཡེ་སོགས། །མཁའ་དབྱིངས་མ་མོའི་དངོས་གྲུབ་བརྙེས་པ་རྣམས། །འདིར་གཤེགས༴ ༀ་ཤྲཱི་ཧེ་རུ་ཀ་ཡུམ་ཀྲོ་དྷཱི་ཤྭ་རཱི་སྟྭཾ་ཧཱུཾ་ཧ་ཧེ་ཕཊ་མ་མ་ཡོ་གི་ནཱི་རུ་ལུ་བྷྱོ། ཨ་བྷི༴ བདུན་པ་ནུབ་བྱང་གི་ཆོས་སྐྱོང་སྤྱི་གཏོར་དང་སྨན་ཕུད་གཏད་དེ། ཧཱུཾ། དུས་གསུམ༴ མངགས་གཞུག༴ གསང་བདག་དྲེགས་པ་ཀུན་འདུལ་གྱིས། །ཆོས་བསྲུང་མ་གཡེལ་སྟོངས་གྲོགས་མཛོད། །ཧཱུྃ། རྒྱ་གར་དུར་ཁྲོད་འདམ་བུའི་ཚལ་ཆེན་དུ། །རཾ་བུ་གུ་ཧྱ་དེ་བ་ཙནྡྲ་ཡི། །གསང་མཚན་རྡོ་རྗེ་གཤོག་རྒོད་རྩལ་དུ་གྲགས། །འཇིག་རྟེན་མཆོད་བསྟོད་གྲུབ་པ་བརྙེས་པའི་རྗེ། །འདིར་གཤེགས༴ ཧཱུཾ། སྤ་གྲོ་སྟག་ཚང་སེང་གེའི་བྲག་ཕུག་ཏུ། །དྲེགས་པ་ཀུན་འདུལ་དཀྱིལ་འཁོར་ཞལ་ཕྱེ་ཚེ། །བཅོམ་ལྡན་དཔལ་ཆེན་དྲེགས་པའི་ཞལ་གཟིགས་པ། །སློབ་དཔོན་དཔལ་གྱི་སེང་གེའི་གསང་མཚན་ནི། །རྡོ་རྗེ་དྲག་པོ་རྩལ་ཏེ་དེ་ལ་སོགས། །འཇིག་རྟེན་མཆོད་བསྟོད་དངོས་གྲུབ་བརྙེས་པ་རྣམས། །འདིར་གཤེགས་སྐལ་ལྡན༴ ༀ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ་ཨ་བྷི༴ བརྒྱད་པ་བྱང་ཤར་གྱི་ལས་བཞིའི་ཧོམ། དམར་གཏོར། ཀོང་ཟོར། བྲུབ་ཁུང་། གདབ་ཕུར་རྣམས་གཏད་དེ། ཧཱུཾ། དུས་གསུམ༴ མངགས་གཞུག༴ སྟོབས་ལྡན་སྒྲོལ་གིང་ཁྲོ་བོ་ཡི། །ཕྲིན་ལས་མཐར་ཕྱིན་གྲུབ་པར་མཛོད། །ཧཱུཾ། རྒྱ་གར་དུར་ཁྲོད་རོ་ཡི་ཚལ་ཆེན་དུ། །འཕུང་བྱེད་སློབ་དཔོན་ཤཱནྟིང་གརྦྷ་ཡི། །གསང་མཚན་རྡོ་རྗེ་གཤོག་རྒོད་རྩལ་ཞེས་བྱ། །དམོད་པ་དྲག་སྔགས་དངོས་གྲུབ་བརྙེས་པའི་རྗེ། །འདིར་གཤེགས་སྐལ་ལྡན༴ ཧཱུཾ། བྲག་དམར་གཡའ་མ་ལུང་གི་དབེན་གནས་སུ། །སྟོབས་ལྡན་དྲེགས་པའི་དཀྱིལ་འཁོར་ཞལ་ཕྱེ་ཚེ། །དཔལ་ཆེན་སྟོབས་ལྡན་ནག་པོ་ཞལ་གཟིགས་པའི། །པ་གོར་བཻ་རོ་ཙ་ནའི་གསང་མཚན་ནི། །རྡོ་རྗེ་གྲུབ་པ་རྩལ་ཏེ་དེ་ལ་སོགས། །དམོད་པ་དྲག་སྔགས་དངོས་གྲུབ་བརྙེས་པ་རྣམས། །འདིར་གཤེགས་སྐལ་ལྡན༴ ༀ་བཛྲ་སརྦ་དུཥྚཾ་ཧཱུཾ་ཕཊ་ཨ་བྷི༴ དགུ་པ་ཤར་ལྷོའི་རིག་འཛིན་སྤྱི་གཏོར་དང་སྨན་ཕུད་ཐོགས་ཏེ། ཧཱུཾ། བདུན་པ་སེམས་པ་རིགས་ཆེན་འབྱེད་པ་དང་། །དབུགས་འབྱིན་ལུང་ཐོབ་རྩལ་ཆེན་རྫོགས་པ་ཡི། །རྣལ་འབྱོར་སར་བཞུགས་རིག་འཛིན་བླ་མའི་ཚོགས། །འདིར་གཤེགས་སྐལ་ལྡན༴ ཧཱུཾ། མ་ཧཱ་གུ་རུ་པདྨ་འབྱུང་གནས་ཀྱི། །གསང་མཚན་རྡོ་རྗེ་ཐོད་ཕྲེང་རྩལ་དུ་གྲགས། །རྒྱལ་བའི་རྒྱལ་ཚབ་སྲིད་གསུམ་ཟིལ་གྱིས་གནོན། ཁམས་གསུམ་གདུལ་བྱ་ཀུན་འདུལ་སྤྱི་དཔལ་རྗེ། །འདིར་གཤེགས༴ མངའ་བདག་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི། །གསང་མཚན་དབང་ཆེན་འཇམ་དཔལ་རྩལ་དུ་གྲགས། །མུ་ཁྲི་སད་ན་ལེགས་དང་ཁྲི་རལ་སོགས། །རྒྱལ་སྲས་སྤྲུལ་པ་གདུང་རབ་འཁོར་དང་བཅས། །འདིར་གཤེགས་སྐལ་ལྡན༴ བོ་དྷི་སཏྭ་ཞི་འཚོའི་གསང་བའི་མཚན། །རྡོ་རྗེ་ཉི་འོད་རྩལ་ཏེ་དེ་ལ་སོགས། །གསང་སྔགས་ཕྱི་རྒྱུད་ཐུབ་པའི་རྒྱུད་རྣམས་དང་། །ཛི་ན་མི་ཏྲ་རྡོ་རྗེ་སེམས་རྩལ་སོགས། །མཚན་ཉིད་ཐེག་པ་ཆེ་ཆུང་བླ་བརྒྱད་རྣམས། །འདིར་གཤེགས༴ ཚ་བ་རོང་གི་རྒྱལ་པོའི་སྒྲུབ་ཁང་དུ། །རྒྱ་བོད་མཁས་གྲུབ་ཐུགས་ཀྱི་བཅུད་འཆང་ཞིང་། །ཡི་དམ་ཚོགས་ཆེན་རྣམས་ཀྱི་ཞལ་གཟིགས་པའི། །གཡུ་སྒྲ་སྙིང་པོ་རྡོ་རྗེ་བདེ་རྒོད་རྩལ། །འདིར་གཤེགས༴ ཆུ་བོ་བཞི་འདུས་གཉགས་ལོ་ཡེ་ཤེས་གཞོན། །གསང་མཚན་ཐིག་ལེ་རྩལ་རྒོད་རྩལ་དུ་གྲགས། །སོག་པོ་དཔལ་ཡེ་རྡོ་རྗེ་བཞད་པའི་གཏེར། །ཞང་སྟོན་རྒྱལ་ཡོན་དམ་ཚིག་མཐར་ཕྱིན་རྩལ། །དར་རྗེ་དཔལ་གྲགས་ཡང་དག་གྲུབ་རྩལ་སོགས། །བཤད་སྒྲུབ་བཀའ་སྲོལ་བྱིན་རླབས་བརྒྱུད་ལྡན་རྣམས། །འདིར་གཤེགས་སྐལ་ལྡན༴ ཨེ་མ་ཧོཿ ནགས་ཚལ་མེ་ཏོག་ལྷ་བྱའི་སྐད་སྙན་ཚལ། །ཕར་ཕྱིན་སློབ་དཔོན་ཆེན་པོ་ཀིངྐ་ར། །ཀྲྀ་ཡའི་སློབ་དཔོན་ཀླུ་སྒྲུབ་ཙཎྜི་ཀ །ཡོ་གའི་སློབ་དཔོན་པདྨ་ཀུ་མ་ཏི། །སློབ་དཔོན་རོ་ལངས་བདེ་བའི་སློབ་དཔོན་ཏེ། །ཡོ་ག་ལ་སོགས་ཕྱི་དབང་བརྒྱ་རྩ་བརྒྱད། །ལྷ་མི་ཡན་ཆད་དབང་བསྐུར་སློབ་དཔོན་དང་། །རྒྱུད་ལུང་མན་ངག་ཐེག་དགུའི་བླ་མ་རྣམས། །འདིར་གཤེགས༴ བཀའ་ལུང་མ་ནོར་རྣལ་འབྱོར་དབང་ཕྱུག་ནི། །རིག་འཛིན་བརྒྱ་དང་རྩ་བརྒྱད་དབང་བསྐུར་འདིས། །ཚོགས་ཆེན་འདུས་པའི་དབང་སྒྲུབ་བཤད་ལུང་གི། །བྱིན་རླབས་བརྒྱུད་པར་ལྡན་པའི་བླ་མ་རྣམས། །འདི་གཤེགས་སྐལ་ལྡན༴ ༀ་མ་ཧཱ་གུ་རུ་ཤ་རི་རཾ་གཱི་ལི་ཧཱུཾ་ཨ་བྷི༴ བཅུ་པ་ཤར་གྱི་ཚེ་འབྲང་དང་ཚེ་ཆང་ཐོགས་ཏེ། ཧཱུཾ། བཅོམ་ལྡན་འདས་མགོན་པོ་ཡེ་ཤེས་ཚེ་དཔག་མེད། །སྒྲིབ་པའི་དྲི་མ་མ་ལུས་སེལ་མཛད་པ། །མཁའ་དང་མཉམ་པའི་སྐུ་གསུང་ཐུགས་མངའ་བས། །མི་ཤིགས་རྡོ་རྗེ་གསུམ་གྱི་དངོས་གྲུབ་སྩོལ། །ཧཱུཾ། རྒྱ་གར་ཨ་སུ་ར་ཡི་བྲག་ཕུག་ཏུ། །སློབ་དཔོན་ཀུ་ཀུ་རཱ་ཛས་ཚེ་དབང་གྲུབ། །ཚོམ་བུ་འབུམ་བཅས་རྡོ་རྗེ་འཆང་སར་གཤེགས། །འདིར་གཤེགས་སྐལ་ལྡན༴ པདྨ་ཐོད་ཕྲེང་བི་མ་མི་ཏྲ་སོགས། །འཆི་མེད་དྭངས་མའི་འོད་ལུས་སྐུ་བརྙེས་པའི། །རྩ་བ་བརྒྱུད་པའི་བླ་མ་གྲུབ་ཐོབ་རྣམས། །འདིར་གཤེགས་སྐལ་ལྡན་བྱིན་རླབས་དངོས་གྲུབ་སྩོལ། །ༀ་བྷྲཱུཾ་བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཨཿ ཨ་བྷི་ཥིཉྩ་ཧཱུཾ། ཞེས་བསྐུར་རོ། །ན་མོ། ཕྱོགས་བཅུ༴ སྐལ་ལྡན་རིག༴ སྒྲུབ་རྫས་ཐམས་ཅད་ཀྱི་དབང་བསྐུར་བས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་སྒྲུབ་པའི་དབང་དམ་པ༴ བཅུ་གསུམ་པ་སངས་རྒྱས་དང་ཐ་མི་དད་པའི་རྟགས་མིང་གི་དབང་ནི། རྡོ་རྗེ་བདུད་འདུལ་རྩལ། རྡོ་རྗེ་གཟི་འབར་རྩལ་ལྟ་བུ་རྡོ་རྗེེ་དང་རྩལ་གྱི་བར་དུ་ཁྱུང་ཆེན་གཤོག་རྒོད། དྲག་པོ། ཐིག་ལེ། འབར་བ། ཐོགས་མེད། གྲུབ་མཆོག །ཟླ་ཤར། བདུད་འཇོམས། གྲགས་མཆོག །ལྷུན་གྲུབ། བཞད་པ། གཏེར་ཆེན། གཏེར་བཞད། གཞོན་ནུ། ངེས་གྲུབ། གཡུང་དྲུང་། བདེ་ལྡན། སྒྲིབ་མེད། མྱུ་གུ་སོགས་བཅུག་པ་བཏགས་ལ། མིང་དེ་ཉིད་སློབ་དཔོན་དང་ལྷན་ཅིག་ཏུ་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་བཏགས་པའི་མོས་པ་བྱེད་དུ་བཅུག་ལ། རྡོ་རྗེ་ལག་ཏུ་གཏད་དེ། རྒྱལ་བ་སངས་རྒྱས་ཐམས་ཅད་དང་། །དབང་ཐོབ་དེཉིད་གཅིག་པའི་ཕྱིར། །རིག་འཛིན་རྡོ་རྗེ་རྩལ་གྱི་དབང་། །རྡོ་རྗེ་མིང་ནི་བྱིན་པར་བྱ། །དེ་བ་ཨ་དྭ་ཡ་ཨ་བྷི་ཥི་ཉྩ་ཧཱུཾ། ན་མོ། ཕྱོགས་བཅུ༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་རྡོ་རྗེ་ཆེ་གེ་རྩལ་ཞེས་པ་མིང་གི་དབང་བསྐུར་བས་ལྷ་དང་གཉིས་སུ་མེད་པར་གྲགས་པ་རྡོ་རྗེ་མིང་གི་དབང་དམ་པ་ཐོབ་པར་གྱུར་ཅིག །ཅེས་དྲིལ་བུས་སྣ་དྲངས་པའི་རོལ་མོའི་སྒྲ་སྦྱར་རོ། །དེ་རྣམས་ཀྱིས་ནི་སྒྲུབ་དབང་གྲགས་པའི་ཆུ་བོ་ཞེས་བྱ་བ་དངོས་གྲུབ་སྒྲུབ་བྱེད་ཐབས་ཀྱི་སྤྱོད་པའི་དབང་ཁྱད་པར་ཅན་ཐོབ། ཨ་ནུ་ཡོ་གའི་ཐེག་པ་རང་ལུགས་ཀྱིས་སྤངས་ཐོབ་ཀྱི་རིགས་སུ་གནས་པའི་ཡོན་ཏན་གྱི་ས་བོན་ཐེབས་པས། རང་འབྲས་གསང་དབང་བསྐུར་རུང་དུ་སྨིན། གཙོ་བོར་ལས་སྒྲིབ་དང་ལུས་ཀྱི་དྲི་མ་ཕྲ་བ་འཁྲུད། དམིགས་མེད་ཀུན་གསལ་གྱི་ཡེ་ཤེས་ཐོབ་པས་བག་ལ་ཉལ་འབྲིང་པོ་དག་སྟེ་གནས་པ་བྱང་ཆུབ་ཀྱི་སེམས་སྐྱེ་བའི་རྒྱུ་སྒྲུབས། གསང་བའི་ཐེག་པ་ཨ་ནུ་རང་ལུགས་ཀྱི་དངོས་གྲུབ་སྒྲུབ་པའི་ཐབས་ཟབ་མོའི་བསྐྱེད་རིམ་དང་། དེ་དང་ཐུན་མོང་བ་ཞུ་བདེ་སྒྲུབ་པའི་རྫོགས་རིམ་རྣམས་ཉན་བཤད་སྒྲུབ་པ་ལ་དབང་། རྣལ་འབྱོར་བཞི་ལས་ཨ་ནུ་ཡོ་ག་དང་། མཐར་ཐུག་སློབ་ལམ་དགུ་པ་བརྡལ་བ་ཆོས་ཉིད་ཀྱི་ས་ནོན་པ་མཐར་ལམ་གཉིས་པ་བདེ་བ་ཆེན་པོའི་རྣལ་འབྱོར་དང་མི་སློབ་ལམ་སྐུ་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་བ་ཅན་དུ་བྱས་སོ། ༈ །བཞི་པ་གསང་དབང་རྫོགས་པའི་ཆུ་བོ་ནི། རྩ་རྒྱུད་ལས། སྒྲུབ་པའི་དབང་མཆོག་ཐོབ་པ་དང་། །གསང་བའི་བདག་པོ་ཡིན་པས་ན། །གསང་བའི་དབང་མཆོག་བྱིན་པར་བྱ། །ཞེས་པས་སྒྲུབ་དབང་སོང་ནས། ད་གསང་བའི་དབང་ཞུ་བའི་ཡོན་དུ་མཎྜལ་འབུལ་དུ་བཅུག་ནས། ཕྱག་སྔོན་དུ་འགྲོ་བས་ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པ་འདིའི༴ དཔལ་ལྡན་སངས་རྒྱས་ཀུན་བདག་ཉིད། །རྡོ་རྗེ་བླ་མ་བདག་ལ་དགོངས། །འདོད་པ་འབྱུང་བའི་རིན་ཆེན་གཏེར། །དེ་རིང་མངོན་དུ་གྱུར་པར་མཛོད། །ཅེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། བསྐུར་བྱ་རྫོགས་པའི་ཆུ་བོ་ལ་གཉིས་ཀྱི། དང་པོ་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དབང་ལུས་ལ་བསྐུར་བ་ལའང་གཉིས་ལས། གསང་དབང་ནི། བླ་མ་ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་པའི་ཉི་ཟླ་བྱང་ཆུབ་ཀྱི་སེམས་ལྕེ་ཐོག་ཏུ་བཞག་པ་སྙིང་གར་བབས་པས། ལས་དང་བག་ཆགས་ཀྱི་རྟོགས་པ་སྦྱངས་ཏེ། སེམས་གསལ་སྟོང་རྣམ་པར་མི་རྟོག་པའི་རང་བཞིན་དོན་དམ་སྤྲོས་མེད་ཀྱི་ཡེ་ཤེས་ཉམས་སུ་མྱོང་བར་མོས་ལ། ཧཱུཾ། དགའ་བ་བྱང་ཆུབ་སེམས་ཆེན་པོ། །ཀུན་ཏུ་ཚིམ་པར་བྱེད་པ་ཡི། །དཀར་དམར་ལྷག་པའི་བྱང་ཆུབ་སེམས། །དབང་ཐོབ་ཁྱོད་ཀྱི་ལྕེ་ལ་བཞག །ཨ་ཧོ་མ་ཧཱ་སུ་ཁ་ཧོཿ ཞེས་བདུད་རྩི་མྱོང་དུ་བཅུག་གོ། །ན་མོ། །ཕྱོགས་བཅུ་དུས་བཞིའི༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་གསང་བའི་དབང་བསྐུར་བས་ཉོན་མོངས་པའི་སྒྲིབ་པ་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དབྱིངས་སུ་དག་པའི་དབང་དམ་པ༴ གཉིས་པ་ཤེས་རབ་ཡེ་ཤེས་ནི། བླ་མས་གཏད་པའི་རིག་མ་དང་སྙོམས་པར་ཞུགས་པས་སེམས་ཉིད་དོན་དམ་འོད་གསལ་དུ་དྭངས་པའི་རྩལ་སྣང་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རོལ་པར་འཆར་བར་མོས་ལ། ཡབ་ཡུམ་གྱི་མཁའ་གསང་མཚོན་བྱེད་ཆོས་འབྱུང་གི་དབུས་སུ་པད་འདབ་བརྒྱད་རྡོ་རྗེས་མཚན་པ་གཏད་དེ། ཧཱུཾ། གཉིས་མེད་བྱང་ཆུབ་སེམས་ཀྱི་དབང་། །དབང་ཐོབ་ཁྱོད་ལ་བསྐུར་བར་བྱ། །དོན་དམ་ཀུན་རྫོབ་ལྷན་ཅིག་སྐྱེས། །རང་བྱུང་ཡེ་ཤེས་ཆེན་པོར་ཤོག །ཨ་ཧོ་མ་ཧཱ་སུ་ཁ་ཧོཿ ན་མོ། ཕྱོགས་བཅུ༴ སྐལ་ལྡན་རིག༴ ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་ཤེས་སྒྲིབ་ལུས་བདེ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དབྱིངས་སུ་གྲོལ་བའི་དབང་དམ་པ༴ གཉིས་པ་དོན་དམ་བྱང་སེམས་ཀྱི་དབང་སེམས་ལ་བསྐུར་བ་ནི། ཤེས་རབ་མ་ལས་བྱུང་བའི་བདེ་སྟོང་སྒྱུ་མ་ལྟ་བུ་དེས་མཚོན་ཏེ། དེ་གའི་རང་ངོ་ལ་བལྟས་པས། དཀྱིལ་འཁོར་རྣམ་གསུམ་དབྱེར་མི་ཕྱེད་པའི་རང་བཞིན། བརྗོད་བྲལ་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད། སྐུ་དང་ཡེ་ཤེས་ཟུང་དུ་འཇུག་པ་ནི་བདེ་བ་ཆེན་པོའི་དབང་གི་ངོ་བོ་ཡིན་པས། དེ་ཀའི་ངང་བསྐྱང་དུ་བཅུག་ལ། ཧོཿ གསང་བ་ཤེས་རབ་ཡེ་ཤེས་དང་། །དབྱེར་མེད་བདེ་བ་ཆེན་པོའི་དབང་། །བཙལ་མེད་བྱང་ཆུབ་སེམས་ཆེན་པོ། །ཤེས་རབ་ཆེན་པོའི་རྩལ་གྱིས་ནི། །ཆོས་ཀུན་སྒྱུ་མར་དབང་བསྒྱུར་ནས། །རྩལ་ཆེན་རྫོགས་པའི་དབང་ཡིན་པས། །རྫས་དང་ཚིག་དང་གང་ཟག་དང་། །ཀུན་རྫོབ་དབང་དེ་མ་ཐོབ་ཀྱང་། །ཆོས་ལ་སེམས་ཀྱི་དབང་ཐོབ་ན། །རྒྱལ་བ་རིག་འཛིན་ཐམས་ཅད་དང་། །སྲིད་གསུམ་དབང་བཙན་ཐམས་ཅད་ཀུན། །དེ་ལ་དབང་མཆོག་བསྐུར་བར་འགྱུར། །ཨ་ཧོ་མ་ཧཱ་སུ་ཁ་ཧོཿ ན་མོ། ཕྱོགས་བཅུ་དུས་བཞིའི༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་རིག་པ་རྩལ་གྱི་དབང་བསྐུར་བས་འཕོ་བའི་བག་ཆགས་ཀྱི་སྒྲིབ་པ་ཉིད་ཟུང་འཇུག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དབྱིངས་སུ་གྲོལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་རྣམས་ཀྱིས་ནི་གསང་དབང་རྫོགས་པའི་ཆུ་བོར་གྲགས་པ་ཀུན་རྫོབ་དང་དོན་དམ་བྱང་སེམས་ཀྱི་དབང་རྣམ་པ་གཉིས་ཐོབ། ཨ་ཏི་ཡོ་གས་སྤངས་ཐོབ་ཀྱི་ཡོན་ཏན་དང་རིགས་འདྲའི་ཨ་ནུ་རང་ལུགས་ཀྱི་རྫོགས་རིམ་མཐར་ཐུག་ཟུང་འཇུག་གི་ཡེ་ཤེས་སྐྱེ་རུང་གི་ནུས་པ་ཁྱད་པར་ཅན་བཞག །མཆོག་དབང་དེ་གསུམ་གྱིས་གཙོ་བོར་ཉོན་སྒྲིབ། །ཤེས་སྒྲིབ། བག་ཆགས་ཀྱི་སྒྲིབ་པ་གསུམ་དང་། ངག་ཡིད་འཕོ་བའི་ཐིག་ལེ་གསུམ་གྱི་དྲི་མ་འཁྲུད། དམིགས་མེད་ཀུན་གསལ་གྱི་ཡེ་ཤེས་བརྟན་པས་བག་ལ་ཉལ་ཕྲ་མོ་སྦྱངས་ཏེ་འབྲས་བུ་ལ་སྐད་ཅིག་གིས་སྦྱོར་བའི་རྫོགས་པ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བའི་གཞི་འདིང་། ཨ་ནུ་རང་ལུགས་ཀྱི་ཟབ་མོའི་རྫོགས་རིམ་རྣམས་ཉན་བཤད་སྒྲུབ་པ་ལ་དབང་། རྣལ་འབྱོར་བཞི་ལས་ཨ་ཏི་ཡོ་ག་དང་། མཐར་ཐུག་སློབ་ལམ་བཅུ་པ་རྫོགས་པ་ཅིར་ཆིབ་ཀྱི་ས་ནོན་པ་མཐར་ལམ་གསུམ་པ་ལྷུན་གྱིས་གྲུབ་པའི་རྣལ་འབྱོར་དང་མི་སློབ་ལམ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་བ་ཅན་དུ་བྱས་སོ། །རྗེས་ཀྱི་བྱ་བ་ལ་སྤྱི་དོན་གསུམ་སྟེ། ལམ་ཁྱེར་བཞི་བསྟན་པ། འགག་དྲུག་བཤད་པ། གདམས་ངག་ངང་སྒོམ་གྱི་ཁྲིད་གདབ་པའོ། །སྤྱི་དོན་དང་པོ་ལམ་ཁྱེར་ལ་བཞི་ལས། དང་པོ་ཐེག་པ་ལམ་ཁྱེར་ནི། ཨ་ནུ་ཡོ་གའི་ཐེག་པ་སྟེ། དེ་ལའང་ནང་དབང་། སྒྲུབ་དབང་། གསང་དབང་རྣམས་ཡན་ལག་གི་དཀྱིལ་འཁོར་སོ་སོར་ཕྱེ་བ་ལ་ལྟོས་ནས་གསུངས་པ་ལྟར། ཟབ་མོའི་བསྐྱེད་རྫོགས་རང་གཞུང་ལྟར་བཀྲ་བ་ཨ་ནུ་དང་། མི་ཟབ་པའི་བསྐྱེད་རིམ་དང་ཤིན་ཏུ་ཟབ་པའི་རྫོགས་རིམ་གཙོ་བོར་སྟོན་པའི་ཆ་རྣམས་གོང་འོག་གི་ཐེག་པ་མ་ཧཱ་དང་ཨ་ཏི་གཉིས་དང་ཆ་འདྲ་བར་བཀྲལ་ཏེ། བསྐྱེད་རྫོགས་གསུམ་དུ་ཕྱེ་བ་ལས། འདིར་མ་ཧཱ་དང་ཨ་ནུ་གཉིས་འཆད་པར་བྱ་སྟེ། དང་པོ་མ་ཧཱ་ཡོ་ག་ལའང་དྲུག་ལས། འཇུག་སྒོ་ནི། ཤེས་རབ་སྟོང་པ་ཆེན་པོ་དང་། ཐབས་སྙིང་རྗེ་སྒྱུ་མ་དང་། ཕྱག་རྒྱ་ཕྲ་རགས་ཏེ་ཏིང་ངེ་འཛིན་གསུམ་གྱི་སྒོ་ནས་འཇུག །ལྟ་བ་ནི། ལྷག་པ་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བར་རྟོགས་པ་སྟེ། སྒྱུ་འཕྲུལ་ལམ་རྣམ་བཀོད་ལས། ལྷག་པའི་མཉམ་ཉིད་དབྱེར་མེད་དོན། །མིང་གྲངས་ཅིར་ཡང་བསྟན་མོད་ཀྱང་། །དོན་དུ་སྨྲ་བསམ་ཡུལ་ལས་འདས། །ཞེས་གསུངས། ཚུལ་ཁྲིམས་ནི། རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་། ཡན་ལག་གི་དམ་ཚིག་ལྔ་ཚན་ལྔ་སྟེ་ཉི་ཤུ་རྩ་བརྒྱད་ལ་སོགས་པ་རྣམས་བསྲུང་ཞིང་སྒྲུབ་པ་ལས་མི་འདའ་བར་སྡོམ། སྒོམ་པ་ནི། ཐབས་བསྐྱེད་པའི་རིམ་པ་གཙོ་བོས་ཏིང་ངེ་འཛིན་གསུམ་གྱི་སྒོ་ནས་མ་དག་པའི་སྣང་བ་དབྱིངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་འཁོར་ལོ་དང་། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་རྫོགས་རིམ་སྒོམ། སྤྱོད་པ་ནི། གཙང་རྨེའི་རྟོག་པ་ལྡོག་པའི་ཕྱིར་བླང་དོར་མེད་པའི་ཐབས་ཀྱིས་དམ་རྫས་ལྔ་སོགས་ལ་སྤྱོད། འབྲས་བུ་ནི། ཚེ་འདིའམ་བར་དོར་ལམ་གཞན་ལ་མ་ལྟོས་པར་པདྨ་ཅན་གྱི་ས་ནོན་ཏེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱེད་པའོ། །གཉིས་པ་ཨ་ནུ་ཡོ་ག་ལའང་དྲུག་ལས། འཇུག་སྒོ་ནི། དབྱིངས་དང་ཡེ་ཤེས་གཉིས་མེད་ཀྱི་སྒོ་ནས་འཇུག །ལྟ་བ་ནི། ཆོས་ཐམས་ཅད་དཀྱིལ་འཁོར་རྣམ་གསུམ་དབྱེར་མེད་པའི་རང་བཞིན་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་སངས་རྒྱས་པར་འདོད་དེ། སྤྱི་མདོ་ལས། ཐམས་ཅད་དེ་ཉིད་དེར་གཅིག་པས། །ཡེ་ནས་སངས་རྒྱས་བདེ་ཆེན་ཉིད། །སྐྱེ་འགག་མེད་པའི་སྙིང་པོ་ཡིན། །བྱ་བྱེད་མེད་པའི་དཀྱིལ་འཁོར་གསུམ། །ཡེ་ནས་གྲུབ་ཟིན་ལྷུན་གྱིས་གྲུབ། །ཅེས་གསུངས། ཚུལ་ཁྲིམས་ནི། བསྲུང་མཚམས་མེད་པ་ཆོས་ཉིད་ཀྱི་དམ་ཚིག་དང་། བསྲུང་མཚམས་ཅན་སྙིང་རྗེའི་དམ་ཚིག་རྣམས་བསྲུང་ཞིང་སྒྲུབ་པ་ལས་མི་འདའ་བར་སྡོམ། སྒོམ་པ་ནི། དོན་གྱི་རྗེས་སུ་འཇུག་པ་མཚན་མེད་རྣམ་པར་མི་རྟོག་པ་དང་། ཡི་གེའི་རྗེས་སུ་འཇུག་པ་མཚན་བཅས་ལྷའི་ཏིང་ངེ་འཛིན་སྒོམ། སྤྱོད་པ་ནི། དབྱིངས་དང་ཡེ་ཤེས་མཉམ་པ་ཉིད་ཀྱི་ངང་ནས་སྤྱོད། འབྲས་བུ་ནི། ཚེ་གཅིག་གིས་ལམ་གཞན་ལ་མ་ལྟོས་པར་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །གཉིས་པ་ལྷ་ལམ་ཁྱེར་ནི། འདིར་ནང་དབང་དང་སྒྲུབ་དབང་གཉིས་དཀྱིལ་འཁོར་གཅིག་ཏུ་བསྐུར་བའི་ལུགས་ལ་ལྷ་ཐ་དད་པ་མེད་པས། རྒྱུད་ལུང་འདྲ་བར་སྔར་མེ་ཏོག་གང་ལ་ཕོག་པའི་ལྷའམ། ཡང་ན་དཀྱིལ་འཁོར་གྱི་གཙོ་བོ་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་ཉིད་ཡི་དམ་གྱི་ལྷ་ཡིན་པར་ངོ་སྤྲད། དེ་ཡང་རང་སེམས་དབྱིངས་དང་ཡེ་ཤེས་དབྱེར་མེད་ཉིད་གདོད་ནས་ལྷ་ཡབ་ཡུམ་ཟུང་འཇུག་གི་ངོ་བོ་ཡིན་པ་ལ་ཡིན་པར་ཤེས་པས། སྣང་བ་ཐམས་ཅད་ལྷ་དང་ལྷ་མོའི་རོལ་པར་ལམ་དུ་ཁྱེར་རོ། །གསུམ་པ་སྙིང་པོ་ལམ་ཁྱེར་ནི། མེ་ཏོག་ཕོག་པའི་ལྷའི་སྙིང་པོའམ། ཡང་ན་སྤྱི་སྔགས་གུ་ཧྱ་ཛྙཱ་ན་ཉིད་བཟླ་བྱའི་སྔགས་སུ་ངོ་སྤྲད། དེ་ཡང་སྒྲར་གྲགས་ཐམས་ཅད་གྲགས་སྟོང་གཞོམ་མེད་ཀྱི་སྔགས་སྒྲར་ལམ་དུ་ཁྱེར་རོ། །བཞི་པ་དབང་ལམ་ཁྱེར་ནི། ཆུ་བོ་བཞིས་བསྡུས་པའི་དབང་མཆོག་སུམ་ཅུ་རྩ་དྲུག་སྟེ། དེ་དང་རྗེས་སུ་འབྲེལ་བའི་བསླབ་བྱ་སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས་ཀྱི་བསྲུང་མཚམས་ལས་མི་འདའ་བ་ལ་སོགས་པ་སྟེ། མདོ་འགག་སྣང་གྲགས་འགྱུ་གསུམ་ཐམས་ཅད་དབྱིངས་སྐྱེ་བ་མེད་པ་ཉིད་ཅིར་ཡང་མ་འགགས་པའི་ཡེ་ཤེས་ཀྱི་རོལ་རྩལ་དུ་ཐག་བཅད་ནས། སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་རྟེན་དང་བརྟེན་པའི་དཀྱིལ་འཁོར་དང་། སྒྲར་གྲགས་ཐམས་ཅད་སྔགས་ཀྱི་སྒྲ་གདངས། དྲན་རྟོགས་ཐམས་ཅད་ཆོས་ཉིད་མཉམ་པ་ཉིད་དུ་བལྟ་ཞིང་སྒོམ་པའི་སྤྱོད་པ་ལས་མཉམ་རྗེས་ཐམས་ཅད་དུ་མི་འདའ་བས་གང་ཤར་དག་སྣང་དུ་སྦྱོང་བའི་ཐབས་ལ་བསླབ་ཅིང་། དེ་སྟོན་པའི་བླ་མ་དམ་པ་ལ་དད་གུས་དང་དེ་ལྟར་ཉམས་སུ་ལེན་པའི་མཆེད་རྣམས་ལ་དུང་སེམས་རྒྱུན་མི་ཆད་པར་བྱའོ། །སྤྱི་དོན་གཉིས་པ་འགག་དྲུག་བཤད་པ་ནི། གཞུང་ལས། གང་དུ་གང་གིས་གང་ལ་གང་བསྟན་པ། །ཅི་ཡི་ཕྱིར་དང་དགོས་པ་ཡེ་གནས་པ་། །འདིར་ནི་ནང་གི་འགག་དྲུག་བསྟན་པ་ཡིན། །ཞེས་པའི་དོན་སྔོན་བྱུང་དང་། རྗེས་འཇུག་གི་དབང་གཉིས་སུ་སྦྱར་ཏེ་བཤད་ན། གང་དུ་བསྐུར་བའི་གནས་ནི། སྔོན་བྱུང་ལ་སྤྱིར་ཡེ་ཤེས་རང་སྣང་ལས་གྲུབ་པའི་རང་བཞིན་གྱི་དཀྱིལ་འཁོར་དང་། བྱེ་བྲག་ཚུལ་བསྟན་དུ་ཆུ་བོ་བཞིའི་གནས་རིམ་པ་ཇི་ལྟ་བར། དགའ་ལྡན་དང་། ཆུ་བོ་ནཻ་རཱཉྫ་ནའི་འགྲམ་དང་། བྱང་ཆུབ་ཀྱི་ཤིང་དྲུང་དང་། དབང་བསྒྱུར་གྱི་ཁང་བཟང་རྣམས་སུ་བསྐུར་ཞིང་། རྗེས་འཇུག་ཏུ་པདྨ་མེ་ཏོག་འཇའ་ཚོན་གྱི་ཚལ་དུའོ། །གང་གིས་བསྐུར་བའི་སློབ་དཔོན་ནི། སྔོན་བྱུང་དུ་སྤྱིར་རྫོགས་པའི་སངས་རྒྱས་དང་། བྱེ་བྲག་ཏུ་སངས་རྒྱས་ཐམས་ཅད་ཆོས་ཀྱི་རྒྱལ་པོ་ལྟར་བསྟན་པ་དང་། རིགས་ལྔའི་སངས་རྒྱས་དང་། ཕྱོགས་བཅུའི་རྒྱལ་བ་དཔག་མེད་དང་། རྣམ་སྣང་དང་ཐུབ་དབང་སྟེ་གཟུགས་སྐུ་གཉིས་ཀྱིས་བསྐུར་ཞིང་། རྗེས་འཇུག་ཏུ་སློབ་དཔོན་ཆེན་པོ་རོ་ལངས་བདེ་བའི་དངོས་གྲུབ་ཀྱིས་སོ། །གང་ལ་བསྐུར་བའི་སློབ་མ་ནི། སྔོན་བྱུང་དུ་སྤྱིར་རྒྱུའི་མི་སློབ་ལམ་དང་། སྔགས་རང་ལུགས་ཀྱི་མཐར་ལམ་རྒྱུན་མཐར་གནས་པ་ལ། བྱེ་བྲག་ཏུ་དམ་པ་ཏོག་དཀར་དང་། རྒྱལ་བུ་དོན་གྲུབ་དང་། ཐུབ་པའི་དབང་པོ་དང་། གསང་བདག་ལག་ན་རྡོ་རྗེ་རྣམས་ལ་བསྐུར་ཞིང་། རྗེས་འཇུག་ཏུ། ཨོ་རྒྱན་གྱི་རྒྱལ་པོ་དྷརྨ་ཀཱ་ཡ་དང་། རྡོ་རྗེ་བཞད་པ། ཧཱུཾ་མཛད། འཇམ་དཔལ་བཤེས་གཉེན་སོགས་མངོན་ཤེས་ལྔ་དང་ལྡན་པ་རྣམས་ལའོ། །གང་བསྐུར་བའི་དབང་ནི། སྔོན་བྱུང་དུ། སྤྱིར་འབྲས་དུས་ཀྱི་དབང་དང་། བྱེ་བྲག་ཏུ་དབུ་རྒྱན་དང་། ཉི་ཟླ་རྡོ་རྗེ་དང་། རིགས་ལྔའི་རྒྱ་དང་། རྡོ་རྗེ་ཕ་ལམ་ལྟ་བུའི་རྫས་རྣམས་ལ་བརྟེན་ནས་ཆུ་བོ་བཞིའི་དབང་བསྐུར་ཞིང་། རྗེས་འཇུག་ཏུ་ཕྱི་ནང་སྒྲུབ་གསང་བཞིས་བསྡུས་པའི་དབང་མཆོག་སུམ་ཅུ་རྩ་དྲུག་གོ། །ཅིའི་ཕྱིར་བསྐུར་བ་ནི། སྔོན་བྱུང་དུ་སྤྱིར་མཐར་ཐུག་གི་འབྲས་བུ་ལ་སྦྱོར་བ་དང་། བྱེ་བྲག་ཏུ། རྒྱལ་ཚབ་ཏུ་དབྱུང་བ་དང་། གཟུགས་སྐུ་རྣམ་སྣང་དུ་འཚང་རྒྱ་བ་དང་། ཆོས་ཀྱི་སྒྲོན་མར་ལུང་མངོན་པར་ཐོབ་པ་དང་། གསང་བའི་སྙིང་པོའི་ངེས་པ་དུས་ལ་བབ་པའི་ཕྱིར་བསྐུར་ཞིང་། རྗེས་འཇུག་ཏུ་མི་ལུས་ལྷར་སྒྲུབ་པའི་ཆེད་དུ་སྟེ། རྟོག་ཚོགས་སུ་སྣང་བའི་ཆོས་ཅན་གང་ལའང་ཆོས་ཉིད་དུ་སོང་བའི་ཡེ་ཤེས་ཀྱི་ལྷ་ཉིད་རྟོགས་གོམས་ཀྱི་སྦྱོར་བས་མངོན་དུ་བྱེད་པའི་ཕྱིར་བསྐུར་བས་སོ། །དེ་ལྟར་བསྐུར་བའི་དགོས་པ་ནི། དབང་ཐོབ་པ་སྟེ། དེའི་རྟགས་སྔོན་བྱུང་དུ་སྤྱིར་རྫོགས་པའི་སངས་རྒྱས་ཐོབ་པའི་དགོས་པ་ཡོད་ཅིང་། བྱེ་བྲག་ཏུ། ཆོས་ཀྱི་རྒྱལ་ཚབ་ཆེན་པོར་མངོན་པར་སྣང་བ་དང་། ལོངས་སྤྱོད་རྫོགས་པ་ཉིད་དུ་གྱུར་པ་དང་། ཆོས་ཀྱི་མངའ་བདག་ཏུ་གྱུར་པས་ཆོས་འཁོར་བསྐོར་བ་དང་། དོན་ཟབ་མོ་མཐར་རྫོགས་པས་གསང་བའི་མཛོད་འཛིན་ཅིང་སྟོན་པའི་ནུས་པ་མངོན་དུ་སྣང་བའི་དགོས་པ་དང་། རྗེས་འཇུག་ཏུ། དང་པོར་རྒྱུད་མ་སྨིན་པ་སྨིན་པར་བྱ་བ་དང་། བར་དང་ཐ་མར་ཚོགས་སྦྱོར་གཅིག་ཏུ་བསྡུས་ཏེ་སློབ་ལམ་བཞིར་བཞག་ནས། དེ་དང་དེ་ལ་རིམ་པ་ཇི་ལྟ་བར་ཆུ་བོ་བཞི་བསྐུར་བས་ལམ་གོང་མ་གོང་མས་སྦྱོར་བའི་སྒོ་ནས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ཐོབ་པའི་དགོས་པ་ཡོད་དོ། །སྤྱི་དོན་གསུམ་པ་གདམས་ངག་ངང་སྒོམ་གྱི་ཁྲིད་ལ་གཉིས་ཏེ། ལྷ་སྒོམ་པ་དང་། མན་ངག་སྒོམ་པའོ། །དང་པོ་ལྷ་སྒོམ་པའི་ཐབས་ནི། ངང་སྒོམ་ཆུང་ངུ་སྟེ། འདི་ལྟར་སྣང་བའི་ཆོས་ཐམས་ཅད་བདག་གི་ཕུང་ཁམས་སྐྱེ་མཆེད་དུ་འདུ་ཞིང་། དེ་ཐམས་ཅད་ལྷའི་རང་བཞིན་དུ་ཡེ་ནས་སངས་རྒྱས་པའོ་ཞེས་དར་ཅིག་མཉམ་པར་བཞག །དེའི་ངང་ལས་མེ་ཏོག་གང་ལ་ཕོག་པའི་ལྷའམ་དཀྱིལ་འཁོར་གྱི་གཙོ་བོ་ཆེ་མཆོག་ལྟ་བུ་གང་བསྒོམས་ཀྱང་རུང་སྟེ། རང་གི་བསྐྱེད་སྔགས་ཆོས་ཉིད་ཀྱི་རང་སྒྲར་བསྒྲགས་པའི་རྐྱེན་གྱིས་དྭངས་པའི་མཚོ་ལ་གཟུགས་བརྙན་ཤར་བ་ལྟར་བཀྲ་ལམ་གྱིས་གསལ་བཏབ་ནས་ལྷའི་སྣང་ཞེན་ལ་ཡུན་རིང་དུ་བསླབ། དེ་གསལ་བརྟན་དུ་གྱུར་པ་ན། དེའི་སྤྱི་བོར་ཐིག་ལེ་དམར་པོ་དང་། དེ་ལས་ཁྲུ་གང་ཙམ་གྱིས་མཐོ་བར་ཐིག་ལེ་དཀར་པོ་སྟེ། གཉིས་ཀ་སྲན་མ་ཙམ་པ་འོད་འབར་བ་ཞིག་སྒོམ། དེ་གསལ་བ་དང་སྣ་བུག་གཡོན་ནས་འོད་ཀྱི་ཐིག་ལེ་དམར་པོ་སྲན་མ་ཙམ་ཞིག་འཕྲོས། སྤྱི་བོའི་ཐིག་ལེ་དམར་པོ་ལ་ཕོག་པས། དེ་ལས་ཀྱང་འོད་ཟེར་མཁའ་ཁྱབ་ཏུ་སྤྲོས། སངས་རྒྱས་མཆོད་ཅིང་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། འཁོར་འདས་ཀྱི་སྣང་བ་ཐམས་ཅད་ཞུ་བ་འོད་དང་འགྲོགས་ཏེ་ཚུར་འདུས་ཐིག་ལེ་དམར་པོ་ལ་ཐིམ་པས། དེ་ཡང་འོད་དུ་ཞུ་སྟེ་ལྟེམ་མེ་གནས་པར་བསམ། ཡང་སྣ་བུག་གཡས་ནས་འོད་ཀྱི་ཐིག་ལེ་དཀར་པོ་སྲན་མ་ཙམ་ཞིག་འཕྲོས། དེའི་སྟེང་གི་ཐིག་ལེ་དཀར་པོ་ལ་ཕོག་པས། དེ་ལས་འོད་ཟེར་སྤྲོས་ཏེ་དོན་གཉིས་བྱས། འཁོར་འདས་ཞུ་བ་དང་འགྲོགས་ཏེ་ཚུར་འདུས་པ་ཐིག་ལེ་དཀར་པོ་ལ་ཐིམ་པས། དེ་ཡང་འོད་དུ་ཞུ་སྟེ། ཐིག་ལེ་དཀར་པོ་དམར་པོ་ལ་ཞུགས་པ་ཚངས་བུག་ནས་སྙིང་དཀྱིལ་དུ་བསྟིམ་ཞིང་བདེ་སྟོང་གཉིས་མེད་ཀྱི་ངང་ལ་བློ་སྐྱུར་ཏེ་བཞག་གོ། །གཉིས་པ་མན་ངག་སྒོམ་པ་ལ་གཉིས་ལས། དང་པོ་ནང་དབང་དང་འབྲེལ་བ་མ་ཧཱ་ཡོ་ག་དང་ཐུན་མོང་བའི་སྒོམ་ཐབས་ནི། ངང་སྒོམ་འབྲིང་པོ་སྟེ། དེ་ལའང་གཉིས་ལས། སྟེང་སྒོ་སྒོམ་ཐབས་ནི། རང་ལུས་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བའི་དབུས་སུ་རྩ་ཨ་བ་དྷཱུ་ཏི་མདའ་སྨྱུག་འབྲིང་པོ་ཙམ་པ་ཕྱི་དཀར་ལ་ནང་དམར་བ་དྭངས་གསལ་སྦུབས་སྟོང་གི་རྣམ་པ་ཅན་དྲང་ཐལ་ལེར་གནས་པ། དེ་ལས་སྤྱི་བོ། མགྲིན་པ། སྙིང་ག །ལྟེ་བ་རྣམས་སུ་འཁོར་ལོའི་རྩ་འདབ་དངོས་སུ་སྒོམ་པའམ། མ་བསྒོམས་ཀྱང་རུང་སྟེ། དབུ་མ་བསྒོམ་པས་དེ་འཁོར་ལོ་བཞི་ཀའི་ལྟེ་བ་ཡིན་པའི་ཕྱིར། དོན་ལ་བསྒོམ་པར་འགྱུར་བ་ཡིན། ལྟེ་འོག་སོར་བཞིའི་ཐད་དུ་མེའི་འཁོར་ལོ་དང་། དེའི་འོག་ཏུ་གཤང་ཁ་རླུང་གི་འཁོར་ལོ་རྣམས་ཀྱང་གསལ་བཏབ། དེ་ཡང་དབུ་མ་སྲོག་ཤིང་། རླུང་མེའི་འཁོར་ལོ་ཁྲི་འཕང་། ལྟེ་བ་བང་རིམ། སྙིང་འཁོར་བུམ་པ། མགྲིན་པ་བྲེ་དང་ཆོས་འཁོར། སྤྱི་བོའི་འཁོར་ལོ་གདུགས་ཏེ། ལུས་མཆོད་རྟེན་གྱི་ངོ་བོར་མོས་པར་བྱ། དེ་ནས་སྤྱི་བོར་མི་ཤིགས་པའི་ཐིག་ལེ་ཧཾ་གི་རང་བཞིན་སྲན་མ་ཙམ་པ་ཞིག་གསལ་བཏབ་ལ། འཇམ་རླུང་རང་བབས་སུ་བཟུང་བས། གཏུམ་མོ་འབར་བའི་འོད་གྱེན་དུ་སོང་བ་སྤྱི་བོའི་ཐིག་ལེ་ལ་ཕོག་པས། དེ་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས། སངས་རྒྱས་ཀྱི་མཛད་པ་བསྒྲུབས། འཁོར་འདས་ཀྱི་སྣང་བ་ཐམས་ཅད་ཞུ་ནས་ཚུར་འདུས་ཏེ། སྤྱི་བོའི་ཐིག་ལེ་ལ་ཐིམ། དེ་ཡང་ཞུ་བ་ལས་རང་གི་རྩ་བའི་བླ་མ་སྐུ་བདེ་བའི་ཉམས་རྒྱས་ཤིང་གཟི་བྱིན་འབར་བར་གྱུར་པ་ཏོག་གི་ཚུལ་དུ་བཞུགས་པར་བསྒོམ། དེ་ལ་སེམས་ཡུན་རིང་དུ་བཟུང་བས། བླ་མ་ཡང་བདེ་བ་ཆེན་པོའི་ངོ་བོར་ལྟེམ་གྱིས་ཞུ་བ་ཚངས་བུག་ནས་བབས་ཏེ། སྙིང་གར་སིབ་ཀྱིས་ཐིམ། བླ་མའི་ཐུགས་དང་རང་སེམས་རོ་གཅིག་ཏུ་འདྲེས་པའི་ངང་ལ་མ་བཅོས་པར་སྐྱུར་བས་སྣང་བ་ཐམས་ཅད་བདེ་བར་འཆར་རོ། །གཉིས་པ་འོག་སྒོའི་བདེ་བ་སྒོམ་ཐབས་ནི། རང་གི་སྤྱི་བོར་ཐིག་ལེ་དམར་པོ་སྲན་མ་ཙམ་པ། དེའི་སྟེང་གི་མདའ་གང་ཙམ་དུའང་ཐིག་ལེ་དཀར་པོ་སྲན་མ་ཙམ་ཞིག་གསལ་བཏབ་ལ། འཇམ་རླུང་ཅུང་ཟད་བཟུང་ཞིང་། སྤྱི་བོའི་ཐིག་ལེ་དམར་པོ་ལ་ཤེས་པ་གཏད་པས། དེ་ཆགས་པའི་རང་བཞིན་དུ་འདར་ཁྲི་ལི་ལི་གཡོ་ཞིང་འབར་བས་རྐྱེན་བྱས་ཏེ། ཐིག་ལེ་དཀར་པོ་དེའང་འདར་བཞིན་དུ་ལྟེམ་གྱིས་ཞུ་ནས། ཐིག་ལེ་དམར་པོ་ལ་རོ་གཅིག་ཏུ་འདྲེས། དེ་ཚངས་བུག་ནས་བདེ་རིལ་ལི་ལི་བབས་པ་སྙིང་དཀྱིལ་དུ་ཐིམ་པའི་ངང་ལ་མ་བཅོས་པར་བཞག་པས་བདེ་སྟོང་དབྱེར་མེད་ཀྱི་ཉམས་འཆར་རོ། །གཉིས་པ་སྒྲུབ་དབང་དང་འབྲེལ་བ་ཨ་ནུའི་མན་ངག་སྒོམ་ཐབས་ནི། ངང་སྒོམ་ཆེན་པོ་སྟེ། རང་གི་སྙིང་གི་དཀྱིལ་དུ་ཐིག་ལེ་དཀར་པོ་ཕུག་རོན་གྱི་སྒོ་ང་ཙམ་པ་འོད་འབར་བ་ཞིག་སྒོམ། དེ་གསལ་ཐེབས་པ་དང་། དེ་ལས་འོད་ཀྱི་ཐིག་ལེ་སྐར་མདའ་འཕངས་པ་ལྟར་ཡར་སྤྱི་གཙུག་ནས་ཐོན། དེ་ལས་ཀྱང་ཐིག་ཕྲན་བསམ་གྱིས་མི་ཁྱབ་པ་འཕྲོས་པས་བློས་འཁྱུད་ཚད་ཀྱི་ནམ་མཁའི་ཁྱོན་གང་བ་ལ་སེམས་བཟུང་། ཡང་མཁའ་ཁྱབ་ཀྱི་ཐིག་ཕྲན་རྣམས་ཚུར་འདུས། འཕྲོ་གཞིའི་ཐིག་ལེ་དང་རོ་གཅིག་ཏུ་འདྲེས་པའི་ངང་ལ་བལྟ་བྱ་ལྟ་བྱེད་མེད་པར་བཞག་པས། ཡུལ་དབྱིངས་དང་ཡུལ་ཅན་རིག་པའི་ཡེ་ཤེས་དབྱེར་མེད་བདེ་བ་ཆེན་པོས་ལྷག་ལྷག་འཆར་ཏེ། དེ་ཀའི་ངང་ལ་ཞེན་འཛིན་མེད་པར་བསྐྱང་བར་བྱ་བ་གནད་དོ། །དེས་རྩ་བའི་དཀྱིལ་འཁོར་དུ་ནང་དབང་སྒྲུབ་དབང་གཉིས་མདོ་ཡོངས་རྫོགས་ཀྱི་ལུགས་དང་ཡང་ཐུན་མོང་བར་གྱུར་པའི་ཆུ་བོ་བཞིའི་དབང་རྒྱུད་ལུགས་གཙོ་བོར་བྱས་པ་མཐའ་རྟེན་མན་ངག་དང་བཅས་པ་གྲུབ་པས། ཇི་ལྟར་གདམས་པ་ལྟར་ཚུལ་བཞིན་དུ་བསྒྲུབ་པར་བགྱིའོ་སྙམ་པས། གཙོ་བོས་ཇི་ལྟར་སོགས་ཀྱིས་ཁས་བླངས། གཏང་རག་གི་མཎྜལ་དང་། དེང་ནས་བརྩམས་ཏེ་སོགས་ཀྱི་ཡོན་དབུལ་ཞིང་། དགེ་བ་བསྔོ་བ་རྣམས་སྔར་ལྟར་དང་། རྗེས་ཆོག་རྣམས་སྐབས་ཇི་ལྟ་བའི་ཁྲིགས་བཞིན་བྱ་བ་ཡིན་ནོ། །ཟབ་བརླིང་རྒྱུད་དག་མན་ངག་ནམ་མཁའི་ཁྱོན། །རྣམ་འབྱེད་རྟ་བདུན་དབང་པོས་གཞལ་བ་ན། །ལེགས་བཤད་ཆོས་ཀྱི་འོད་ཟེར་བྱེ་བའི་གཟིས། །སྐ་བཟང་མིག་ལ་སྣང་བའི་དཔལ་དུ་གྱུར། །སྐྱེས་ཆེན་འགའ་ལས་ཕྱི་དུས་འདིར། །ཚུར་བཞིན་རྟོགས་ནས་འཆད་པ་ཉུང་། །དེ་ཕྱིར་གཙང་དག་ཡི་གེ་འདི། །སྔོན་མེད་ལེགས་བཤད་ཉིད་དུ་བཟུང་། །འདུས་པ་མདོའི་དབང་ཆོག་རྡོ་རྗེའི་ཐེམ་སྐས་ལས། རྩ་བའི་དཀྱིལ་འཁོར་དུ་ཕྱི་གསང་གཉིས་རྒྱུད་ལུགས་ཐུན་མོང་མ་ཡིན་པ་དང་། ནང་སྒྲུབ་གཉིས་རྒྱུད་དང་མན་ངག་ཐུན་མོང་པར་གྱུར་པའི་ཆུ་བོ་བཞི་བསྐོར་བའི་དབང་ཆོག་བཤད་པའི་སྐབས་ཏེ་བཞི་པའོ།། །།

ཡན་ལག་གི་དཀྱིལ་འཁོར་དུ་མན་ངག་གི་ལུགས་ཀྱི་གསང་དབང་རྫོགས་པའི་ཆུ་བོ་བསྐུར་བའི་དབང་ཆོག་བཤད་པའི་སྐབས།

༈ ༀ་སྭ་སྟི། ཞུ་བདེའི་འགྱུར་རྩིས་ཀུན་རྟོགས་ལྕགས། །འཕོ་མེད་གསེར་ཁམས་རྡོ་རྗེར་བསྒྱུར། །དེར་བཏུད་ཀུན་རྫོབ་བྱང་སེམས་ཀྱི། །གསང་དབང་ལུས་ལ་བསྐུར་ཐབས་བསྟན། །ད་ནི་ཡན་ལག་གི་དཀྱིལ་འཁོར་དུ་མན་ངག་གི་ལུགས་ཀྱི་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དབང་བསྐུར་བ་ནི། མཚོན་བྱ་ལུས་དཀྱིལ་དང་། མཚོན་བྱེད་ཀྱི་བརྡ་མེ་ལོང་གི་མཁའ་དཀྱིལ། གསང་རྫས་བདུད་རྩི་སྒྲུབ་པ་ཚོགས་གཏོར་དང་བཅས་པ་རྣམས་སྒྲུབ་ཐབས་ལྟར་བྱ་ཞིང་། དེ་ནས་འཇུག་པ་ལ་གཉིས་ལས། དང་པོ་སློབ་དཔོན་འཇུག་པ་ནི། རུ་བདག་ཉིད་རང་གི་རྩ་བའི་བླ་མ་ཡབ་ཡུམ་ལྷག་པའི་ལྷར་གསལ་བའི་ལུས་དཀྱིལ་དུ་ཞུགས་ནས་གསང་དབང་དང། ཕྱག་རྒྱ་མ་འཁོར་ལོའི་གཙོ་མོར་གསལ་བའི་མཁའ་དཀྱིལ་དུ་ཞུགས་ནས་ཤེར་དབང་དང་ཆོ་ག་རྒྱས་བསྡུས་ཇི་ལྟར་རིགས་པས་བླང་པའོ། །གཉིས་པ་སློབ་མ་གཞུག་ཅིང་དབང་བསྐུར་བ་གཉིས་ལས། དང་པོ་གསང་དབང་ནི། ལས་རྒྱ་དངོས་ཡོད་ན་མཚན་མོ་དབེན་པའི་གནས་སུ་ཡོལ་བས་སྒྲིབས་ཏེ་སློབ་མ་རྣམས་དྲི་ཆུ་ལ་སོགས་པས་ཁྲུས་དང་། བགེགས་བསྐྲད་ཅིང་བསྲུང་བ་བྱས་ལ། སེམས་བསྐྱེད་དང་ཆོས་ཉན་པའི་ཀུན་སྤྱོད་གསལ་འདེབས་པ་སྔོན་དུ་འགྲོ་བས། འདིར་གངས་གསན་པར་བྱ་བའི་ཆོས་ན། ཞེས་པ་ནས། མདོ་ཡོངས་རྫོགས་ཀྱི་ལུགས་གཉིས་གཅིག་ཏུ་དྲིལ་ནས་བསྐུར་བ་ལས། ཞེས་པའི་བར་སྤྲོ་བསྡུ་ཇི་ལྟར་རིགས་པས་མཚམས་སྦྱར་རྗེས། འདིར་མདོ་ཡོངས་རྫོགས་ཀྱི་དབང་དུ་བྱས་པའི་གསང་དབང་རྫོགས་པའི་ཆུ་བོའི་ཡན་ལག་གི་དཀྱིལ་འཁོར་དང་པོར་ཀུན་རྫོབ་བྱང་སེམས་ཀྱི་དབང་ལུས་ལ་བསྐུར་བའི་སྐབས་ཡིན། དེ་ལ་ཐོག་མར་གསང་དབང་ཞུ་བའི་སླད་དུ་བླ་མ་རིགས་འདུས་རྡོ་རྗེ་སེམས་དཔའི་ངོ་བོར་བཞུགས་པ་ལ་ཕྱག་སྔོན་དུ་འགྲོ་བས། འདོད་ཡོན་ལྔའི་མཆོད་པ་དང་རྒྱུད་སྦྱངས་པའི་ལས་ཀྱི་ཕྱག་རྒྱ་མཚན་ཉིད་དང་ལྡན་པ་ཕུལ་བར་མོས་ནས་མཎྜལ་ཕུལ་མཛོད། དེ་ནས་བླ་མ་རིགས་འདུས་རྡོ་རྗེ་སེམས་དཔའི་རྣམ་པར་བཞུགས་པའི་གནས་ལྔར་དེ་བཞིན་གཤེགས་པ་རིགས་ཀྱི་ཡབ་ལྔ། ཡན་ལག་བཞིར་སྒོ་བ་བཞི་རྣམས་གསལ་བ་ལས། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་རེག་པས། ཕུལ་བའི་ལས་རྒྱ་དེའི་སེམས་ཀྱི་རྟོག་པ་དང་། དེ་ལས་བྱུང་བའི་ལུས་ངག་གི་སྒྲིབ་པ་སྦྱངས་ཏེ་སྟོང་པ་ཉིད་དུ་གྱུར། དེའི་ངང་ལས་སྐད་ཅིག་གིས་ཡུམ་རྡོ་རྗེ་དབྱིངས་ཕྱུག་མར་གྱུར་པའི་གནས་ལྔར་རིགས་ཀྱི་ཡུམ་ལྔ། ལག་གཡས་གཡོན་གཉིས། ཞལ་དང་བྷ་གའི་སྒོར་གསང་ཡུམ་བཞི་རྣམས་གསལ་བར་མོས་ལ། ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པ་འདིའི༴ རྡོརྗེ་སློབ་དཔོན་ཡབ་ཡུམ་དགོངས། །འདོད་པ་འབྱུང་བའི་རིན་ཆེན་གཏེར། །དགྱེས་པ་ཆེན་པོའི་ཐབས་ལམ་གྱིས། །ཆུ་བོ་བཞི་ལས་བདག་སྒྲོལ་མཛོད། །ཅེས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པའི་ལན་དུ་སློབ་དཔོན་རིག་མ་དང་བཅས་པ་རྡོར་སེམས་ཡབ་ཡུམ་དུ་གསལ་བས། བུ་ཁྱོད་སྨྲོས་དང་ཐབས་ལམ་འདི། །རྒྱལ་བ་ཡོངས་ཀྱིས་སྦས་པ་ཡིན། །ཐབས་ཆེན་གསང་བའི་ཐེག་པ་འདིར། །གཙང་རྨེའི་འཆིང་བ་སྦྱང་བའི་ཕྱིར། །དྲི་ཤ་ཆུ་རྣམས་བཟའ་བཏུང་དང་། །ཕྱག་རྒྱའི་བྷ་གའི་ཡེ་ཤེས་བཞི། །འོ་དང་གཞིབ་དང་དྲང་བ་དང་། །སེམས་ཆུ་འཐུང་བར་ཁྱོད་ནུས་སམ། །ཞེས་དྲིས་པའི་ལན་དུ་ནུས་སྙམ་པའི་འདིའི༴ ཨེ་མའོ་ཐབས་ལམ་ཡེ་ཤེས་ཕྱིར། །བདག་ནི་ཅི་ལའང་མི་ནུས་མེད། །དེ་དག་བདག་གིས་སྤྱད་པར་བགྱི། །ཇི་ལྟར་སད་ཕྱིར་བདག་ལ་སྩོལ། །ཞེས་ཞུས་ནས། གསང་བའི་དཀྱིལ་འཁོར་མ་མཐོང་བའི་བརྡར་ༀ་ཨཱཿཧཱུཾ་གིས་གདོང་གཡོགས་བཅིངས་ལ། དེ་ནས་བླ་མ་ཡབ་ཡུམ་ལྷར་གསལ་བའི་ཡབ་ཀྱི་གསང་གནས་ཧཱུཾ་ལས་རྡོ་རྗེ་དམར་པོ་རྩེ་ལྔ་པ་ལྟེ་བར་ཧཱུཾ། རྩེ་མོར་ༀ། བུ་གར་ཨཱཿཡིག་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པ། ཡུམ་གྱི་མཁའ་ཨཱཿལས་པདྨ་ཟེའུ་འབྲུར་ཧྲཱིཿཡིག་དམར་པོ་འོད་ཟེར་འབར་བས་མཚན་པའི་ནང་དུ་རྩ་དགུའི་ངོ་བོ་རྩིབས་བརྒྱད་ལྟེ་བ་དང་བཅས་པར་ཟླ་གམ་དགུ་ལ་གནས་པའི་བྱང་སེམས་བདེ་བའི་ཡེ་ཤེས་ཀྱི་ངོ་བོ་ཧེ་རུ་ཀ་ཡབ་ཡུམ་ག་རཱི་མ་བརྒྱད་ཀྱིས་བསྐོར་བར་མོས་ལ། བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་ཞི་ཁྲོ་རིགས་ལྔ་ཡབ་ཡུམ་སྤྱན་དྲངས་ཏེ། སྟོང་གསུམ་འགེངས་པ་ཙམ་གྱིས་འདོད་ཆགས་ཆེན་པོས་བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ་ནས་རང་ལ་ཐིམ་པས། ལུས་དཀྱིལ་གྱི་ལྷ་རྣམས་ཀྱང་རྗེས་ཆགས་ཀྱི་མེས་ཞུ་བ་དང་ལྷན་ཅིག་དྷཱུ་ཏི་ནས་སོང་སྟེ། རྡོ་རྗེ་ནོར་བུར་ལྷན་ཅིག་སྐྱེས་པའི་དགའ་བ་བརྟན་པར་བྱས་ལ། ཕཊ་ཅེས་སྤྲོས་པས་ཡུམ་གྱི་པདྨའི་དཀྱིལ་འཁོར་པ་རྣམས་མཉེས་པར་བྱས། དེ་ལས་ཀྱང་སྤྲོས་པའི་སེམས་སྤྲིན་གྱིས་སངས་རྒྱས་ཀྱི་མཛད་པ་བསྒྲུབས་ནས་ཚུར་འདུས་ཏེ། མཁའ་གསང་གི་དཀྱིལ་འཁོར་པ་རྣམས་ཀྱང་བདེ་བ་ཆེན་པོར་ཞུ་བ་དང་ལྷན་ཅིག་ཏུ་མཁའ་ལ་ལྟེམས་པའི་བྱང་ཆུབ་སེམས་ཀྱི་རྡུལ་ཕྲ་རབ་རེ་རེ་བཞིན་ཡང་རྡོ་རྗེ་སེམས་དཔའི་ངོ་བོ་ཧཱུཾ་ཡིག་གི་རྣམ་པར་གྱུར་པ། ཡབ་ཀྱི་རྡོ་རྗེ་ནོར་བུའི་རྩེ་ནས་བ་དང་བེའུའི་ཚུལ་དུ་ལེན་པ་ཐབས་ཀྱི་གསང་དབང་། ཡུམ་གྱི་མཁའ་ལས་མེ་ཏོག་དང་བུང་བའི་ཚུལ་དུ་ལེན་པ་ཤེས་རབ་ཀྱི་གསང་དབང་། ཡུམ་གྱི་མཁའ་ལས་ཡབ་ཀྱི་ལྕེའམ་མཐེབ་སྲིན་གྱིས་བླངས་པ་བྱ་དང་བྱིའུའི་ཚུལ་དུ་བྱིན་པ་ཐབས་ཤེས་གཉིས་མེད་ཀྱི་གསང་དབང་སྟེ། རིམ་པ་ཇི་ལྟ་བ་དེ་ལྟར་རང་གི་ལྕེས་བླངས་པའི་མོས་པ་མཛོད། ཧཱུཾ། དགའ་བ་བྱང་ཆུབ་སེམས་ཆེན་པོ། །ཀུན་ཏུ་ཚིམ་པར་བྱེད་པ་ཡི། །དཀར་དམར་ལྷག་པའི་བྱང་ཆུབ་སེམས། །དབང་ཐོབ་ཁྱོད་ཀྱི་ལྕེ་ལ་བཞག །རྡོ་རྗེ་ཉི་ཟླ་རྡུལ་ཕྲན་གྲངས། །རྡོ་རྗེ་སེམས་དཔའ་མངོན་གསལ་བ། །ཐབས་དང་ཤེས་རབ་གཉིས་མེད་པས། རྩེ་ནས་རྩེ་རུ་ཐིམ་པ་ལས། །གནས་ངན་ལེན་པ་ཀུན་སྦྱངས་ནས། །འཁོར་ལོ་འོད་ཀྱིས་གང་བ་ཡིས། །རྡོ་རྗེ་ཐིག་ལེ་འོད་དུ་འབར། །ཧཱུཾ་བཛྲ་སཏྭ་ཤྲཱི་མ་ཧཱ་སུ་ཁ་བོ་དྷི་བཛྲ་ཧཱུཾ་ཧོཿཨཾ། ཞེས་ལྕེ་ལ་བདུད་རྩི་ལན་གསུམ་སྦྱིན་ཞིང་། དེས་ཀྱང་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་རྡོ་རྗེ་སེམས་དཔའི་ངོ་བོར་མོས་ཏེ། ཨ་ཧོ་མ་ཧཱ་སུ་ཁ་ཧོཿ ཞེས་མྱང་བས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་སྙིང་གར་བབས་པས་རྩ་ཆེན་བཞི་ལ་གནས་པའི་རིགས་དྲུག་གི་ས་བོན་གཉིད་དང་བཅས་པ་སྦྱངས། ལས་ཉོན་བག་ཆགས་ཀྱི་རྟོག་པ་ཐམས་ཅད་མི་དམིགས་པའི་དབྱིངས་སུ་གྲོལ་ཏེ། སེམས་གསལ་སྟོང་རྣམ་པར་མི་རྟོག་པའི་རང་བཞིན་དོན་དམ་སྤྲོས་མེད་ཀྱི་ཡེ་ཤེས་ནམ་མཁའ་དང་མཉམ་པ་རྒྱུད་ལ་སྐྱེས་པའི་མོས་པ་བྱེད་དུ་བཅུག་ལ། དབང་དེ་ཐོབ་པའི་བརྡར་འབྲུ་གསུམ་གྱིས་གདོང་གཡོགས་བསལ་བས། ཡུམ་གྱི་བྷ་ག་མཐོང་བའི་རྐྱེན་གྱིས་བྱང་སེམས་ཆེར་གཡོས་ནས་འདོད་ཆགས་ཆེན་པོས་བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ་སྟེ། ཤེས་པ་ཧཱུཾ་ཡིག་ཤེལ་ལྟར་དྭངས་པ་ལས་སྐད་ཅིག་གིས་ཆེ་མཆོག་ཧེ་རུ་ཀ་མཐིང་ནག་རྡོ་རྗེ་དང་ཐོད་ཁྲག་བསྣམས་པ། དེའི་ཐུགས་ཀར་གུ་ཧྱ་ཧེ་རུ་ཀ་སྔོན་པོ་རྡོར་དྲིལ། དེའི་ཐུགས་ཀར་ས་ནུ་ཧེ་རུ་ཀ་དཀར་པོ་ཕྱག་གཉིས་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་ཅན་གསལ་བཏབ་སྟེ། རྡོ་རྗེ་དང་དྲིལ་བུ་ལྷན་ཅིག་སྙིང་གར་བཟུང་ལ་བདེན་པ་བརྗོད་པ་ནི། ༀ། མི་འགྱུར་བ་ཡི་ཡེ་ཤེས་གནས། །མ་བཙལ་ཕྱིན་པ་བདེ་བའི་མཆོག །མཁའ་ལྟར་དག་པའི་ཡེ་ཤེས་སྤྱན། །གོང་ན་མེད་པས་ཀུན་གྱི་རྗེ། །ཡེ་ཤེས་རང་གནས་བརྡལ་བ་ལ། །མི་འགྱུར་གཡུང་དྲུང་ས་ཐོབ་ཤོག །ༀ་མ་ཧཱ་གུ་ཧྱ་བྷྲཱུཾ་ཛྙཱ་ན་མཎྜ་ལ་ཛྙཱ་ན་གུ་ཧྱ་སིདྡྷི་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་ནས་དབུགས་དབྱུང་བ་ནི། བུ་ཁྱོད་མཚན་མའི་རྟོག་བྲལ་ཞིང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །ཀུན་ལ་སྤྱོད་པའི་དབང་ཐོབ་ནས། །སློབ་མ་བདེ་ལ་འགོད་བྱེད་པའི། །དབང་ཕྱུག་ཆེན་པོར་དེང་གྱུར་ཏོ། །ཞེས་བརྗོད་དོ། །དེས་གསང་བའི་དབང་ཐོབ། གཙོ་བོར་ཉོན་སྒྲིབ་དང་ངག་གི་ཐིག་ལེའི་དྲི་མ་དག །ལམ་བཟླས་པ་དང་གཏུམ་མོ་རླུང་གི་རྣལ་འབྱོར་སྒོམ་པ་ལ་དབང་། འབྲས་བུ་གསུང་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། དེས་བླ་མ་ཡབ་ཡུམ་གྱི་ཉི་ཟླ་བྱང་ཆུབ་ཀྱི་སེམས་སློབ་བུའི་ལྕེ་ལ་བཞག་སྟེ་གསང་བའི་དབང་བསྐུར་བ་སོང་ནས། ད་སློབ་བུ་ཤེས་རབ་མ་དང་བཅས་པའི་ཉི་ཟླ་བྱང་ཆུབ་ཀྱི་སེམས་གསང་རྩ་ཕན་ཚུར་དུ་ལྟེམས་པ་ཐབས་ཀྱི་གསང་བ་རྡོ་རྗེའི་ལྕེ་ལ་བཞག་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཡིན་པས། དེ་ཞུ་བའི་སླད་དུ་བླ་མ་རིགས་འདུས་རྡོ་རྗེ་སེམས་དཔའི་ངོ་བོར་བཞུགས་པ་ལ་ཕྱག་སྔོན་དུ་འགྲོ་བས། རྒྱུད་སྦྱངས་པའི་རིགས་མ་མཚན་ལྡན་ཕུལ་བར་མོས་ལ་མཎྜལ་ཕུལ་མཛོད། དེ་ནས་ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པ་འདིའི༴ རྡོརྗེ་དགའ་མ་བདག་ལ་དགོངས། །འདོད་པ་འབྱུང་བའི་རིན་ཆེན་གཏེར། །དགྱེས་པ་ཆེན་པོའི་ཐབས་ལམ་གྱིས། །ཆུ་བོ་བཞི་ལས་བདག་སྒྲོལ་མཛོད། །ཅེས་ལན་གསུམ། དེ་ལྟར་གསོལ་བའི་ལན་དུ་ཕྱག་རྒྱ་མས། བུ་ཁྱོད་སྨྲོས་དང་ཐབས་ལམ་འདི། །རྒྱལ་བ་ཡོངས་ཀྱིས་སྦས་པ་ཡིན། །ཐབས་ཆེན་གསང་བའི་ཐེག་པ་འདིར། །གཙང་རྨེའི་འཆིང་བ་སྦྱང་བའི་ཕྱིར། །དྲི་ཤ་ཆུ་རྣམས་བཟའ་བཏུང་དང་། །ང་ཡི་བྷ་གའི་ཡེ་ཤེས་བཞི། །འོ་དང་གཞིབ་དང་དྲང་བ་དང་། །སེམས་ཆུ་འཐུང་བར་ཁྱོད་ནུས་སམ། །ཞེས་དྲིས་པའི་ལན་དུ་ནུས་སྙམ་པས་འདིའི༴ ཨེ་མའོ་ཐབས་ལམ་ཡེ་ཤེས་ཕྱིར། །བདག་ནི་ཅི་ལའང་མི་ནུས་མེད། །དེ་དག་བདག་གིས་སྤྱད་པར་བགྱི། །ཇི་ལྟར་སད་ཕྱིར་བདག་ལ་སྩོལ། །ཞེས་ལན་བཏབ། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡར་ༀ་ཨཱཿཧཱུཾ་ཞེས་མིག་དར་བཅིངས་ནས། སློབ་དཔོན་རྡོ་རྗེ་སེམས་དཔར་གསལ་བས་རིག་མའི་སྲིན་ལག་གཡས་པ་རིན་པོ་ཆེའི་ཕྲེང་བས་བཅིངས་པ་དེ་ལག་གཡོན་པས་བཟུང་ལ། ཁྱེར་ཅིག་ཁྱེར་ཅིག་བདེ་བ་ཅན། །ཤེས་རབ་དམ་པ་འདི་ཡིན་ནོ། །ཁྱོད་ཀྱི་ཡེ་ཤེས་བསྐྱེད་པར་བྱེད། །འདི་ལ་རྟག་ཏུ་རོལ་མོ་གྱིས། །བདེ་བ་ཆེན་པོ་ཆོས་ཀྱི་སྐུ། །ཤེས་རབ་ཐབས་ཀྱིས་རྫོགས་པར་འགྱུར། །འདི་དང་སྐྱེ་བ་ཐམས་ཅད་དུ། །དངོས་གྲུབ་སྟེར་འདི་མ་སྤོངས་ཤིག །རྒྱལ་བ་སངས་རྒྱས་ཐམས་ཅད་ཀྱིས། །རྫོགས་པའི་སགས་རྒྱས་འདི་ལས་བྱུང་། །སྤངས་ནས་རྡོ་རྗེ་དབྱིངས་ཕྱུག་རྩ། །དགུག་དང་བསྡམ་པ་མ་ཤེས་ན། །རྡོ་རྗེ་བསྐལ་པ་མཐའ་ཀླས་པར། །ཆོས་སྐུ་ཐོབ་པར་མི་འགྱུར་རོ། །ཞེས་བརྗོད་ཅིང་སློབ་བུའི་ལག་གཡོན་པར་གཏད། དེས་ཀྱང་ལུས་དྲི་ཞིམ་པོས་བྱུགས། གོས་དང་བྲལ་བས་རང་གི་ཆུ་སྐྱེས་སྟོན་བཞིན་དུ་འདི་སྐད་ཅེས། རྨད་བྱུང་ང་ཡི་པདྨ་འདི། །བདེ་བ་ཐམས་ཅད་འདི་ལས་བསྐྱེད། །བདེ་བར་གཤེགས་པ་ཐམས་ཅད་ཀུན། །རྟག་ཏུ་འདི་དང་མི་འབྲལ་ལོ། །པདྨ་འདི་ནི་ཆོས་ཀྱི་དབྱིངས། །སངས་རྒྱས་ཐམས་ཅད་འདི་ལས་བྱུང་། །སེམས་ཅན་ཐམས་ཅད་འདི་རུ་བྱུང་། །ནང་གི་རྩ་ཡི་འཁོར་ལོ་ནི། །བདེ་བ་ཆེན་པོའི་ཕོ་བྲང་ཡིན། །ཐིག་ལེ་རང་བྱུང་ཡེ་ཤེས་ཏེ། །སངས་རྒྱས་ཀུན་གྱི་སྙིང་པོ་ཡིན། །སྒོམ་པའི་ལམ་ཞེས་བྱ་བ་སྟེ། །ས་བཅུ་ལ་ནི་གནས་པ་ཡིན། །བྷཉྫ་མོཀྵ་ཧོཿ ཞེས་ཐབས་ཀྱི་པང་དུ་བྱོན་པར་བསམ། དེས་ཤེས་རབ་མ་བྱིན་པའི་དབང་སོང་ནས། དེ་ལས་ཡེ་ཤེས་བསྐྱེད་པའི་དབང་ལ་གཉིས་ལས། དང་པོ་ཡས་འབབ་ཀྱི་དགའ་བས་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྐྱེད་པའི་དབང་ནི། སློབ་མ་རིགས་འདུས་རྡོ་རྗེ་སེམས་དཔར་གསལ་བའི་གནས་ལྔར་རིགས་ཀྱི་ཡབ་ལྔ། ཡན་ལག་བཞི་ལ་སྒོ་བ་བཞི། རིག་མ་རྡོ་རྗེ་དབྱིངས་ཕྱུག་མར་གསལ་བའི་གནས་ལྔར་རིགས་ཀྱི་ཡུམ་ལྔ། ལག་པ་གཉིས། ཞལ་དང་། བྷ་ག་རྣམས་ལ་གསང་བའི་ཡུམ་བཞི། གཉིས་ཀའི་སྤྱི་བོར་ༀ། མགྲིན་པར་ཨཱཿ སྙིང་གར་ཧཱུཾ། ཡབ་ཀྱི་གསང་གནས་ཧཱུཾ་ལས་རྡོ་རྗེ་དམར་པོ་རྩེ་ལྔ་པ་ལྟེ་བར་ཧཱུཾ། རྩེ་མོར་ༀ། བུ་གར་ཨཱཿཡིག་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པས། ཡུམ་གྱི་མཁའ་ཨཱཿལས་པདྨ་ཟེའུ་འབྲུར་ཧྲཱིཿ དམར་པོ་འབར་བས་མཚན་པའི་ནང་དུ་རྩིབས་བརྒྱད་ལྟེ་བ་དང་བཅས་པའི་སྟེང་ཟླ་གམ་དགུ་ལ་ཧེ་རུ་ཀ་ཡབ་ཡུམ་ག་རཱི་མ་བརྒྱད་ཀྱིས་བསྐོར་བ་གསལ་བཏབ། དེ་ལྟར་ཡབ་ཡུམ་ལྷར་བསྐྱེད་པ་ལྷའི་འདུ་ཤེས། མཁའ་གསང་བྱིན་གྱིས་རློབས་པ་སྔགས་ཀྱི་འདུ་ཤེས། ཐབས་འདི་ལ་བརྟེན་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་ཏེ། འདུ་ཤེས་གསུམ་དང་མ་བྲལ་བའི་སྒོ་ནས། ཕན་ཚུན་གཟུགས་ལ་བལྟ་བ་དང་། བརྡ་བཞིས་བསྣོལ་མར་བསྐུལ་བ་ལ་སོགས་པས་སྒྲ་ཉན་པ་དང་། སྟེང་འོག་གི་དྲི་ཞིམ་སྣོམ་པ་དང་། ལྕེ་མཆུ་འཇིབ་པའི་རོ་མྱང་བ་དང་། བཟུང་འཁྱུད་བསྡམས་པས་མཉེས་པའི་རེག་བདེས། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་སྙོམས་པར་ཞུགས་པའི་སྒྲས་སངས་རྒྱས་ཐམས་ཅད་སྤྱན་དྲངས། འདོད་ཆགས་ཆེན་པོས་ཞུ་བ་བདག་ཉིད་རིག་མར་བཅས་པ་ལ་ཐིམ། ཡབ་ཡུམ་རོལ་པའི་རྗེས་ཆགས་ཀྱི་རྐྱེན་གྱིས་རླུང་བསྐྱོད་པ་དེས་གཏུམ་མོ་འབར་བས་ཁམས་ཞུ་བ་ཡས་འབབ་དགའ་བཞིའི་འགྲོས་ཀྱིས་ཕྱིན་པ་གསང་བའི་ལྕེ་ཡབ་ཡུམ་གྱི་གསང་རྩ་ཕན་ཚུན་དུ་བཞག་སྟེ། ཕྱེད་ཤོར་ཕྱེད་མ་ཤོར་གྱིས་ཉི་ཟླ་རོ་མཉམ་པ་དེ་ཉིད་འཛག་མེད་དུ་བཟུང་བས། སྣང་བ་གསུམ་ཐིམ་ནས་སེམས་ཉིད་འོད་གསལ་དུ་དྭངས་པའི་རྟགས་སྣང་ལྷག་པ་ཀུན་རྫོབ་ཀྱི་རོལ་པར་འགག་མེད་དུ་ཤར་བས་དངོས་པོ་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་བར་བྱས་པའོ། །གཉིས་པ་ལུགས་ལྡོག་མས་བརྟན་གྱི་དགའ་བས་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོ་སྤྲོད་པའི་དབང་ནི། ཡས་འབབ་ཀྱི་མཐར་ཉི་ཟླ་གསང་རྩ་ཕན་ཚུན་དུ་བཞག་ཅིང་རྡོ་རྗེ་ནོར་བུ་བྱང་སེམས་ཀྱིས་གང་བར་བཟུང་བ་ལས། ཉི་ཟླ་གཉིས་འདྲེས་ཡུམ་གྱི་མཁར་འཁྱིལ་བ་དེ། དགའ་བ་བྱང་ཆུབ་སེམས་ཆེན་པོ། །ཀུན་ཏུ་ཚིམ་པར་བྱེད་པ་ཡི། །དཀར་དམར་ལྷག་པའི་བྱང་ཆུབ་སེམས། །དབང་ཐོབ་ཁྱོད་ཀྱི་ལྕེ་ལ་བཞག །ཅེས་པས་ཡུམ་གྱི་རྩ་ཁ་ག་མུ་ཁའི་རྩེ་ནས་ཡབ་ཀྱི་གསང་བའི་ལྕེ་རྡོ་རྗེ་ནོར་བུར་བསྟིམ་ཞིང་བཞག་པ་ཉིད། ཧཱུཾ་ཞེས་གྱེན་དུ་དྲངས་པས་ལུགས་ལྡོག་མས་བརྟན་གྱི་དགའ་བཞིའི་འགྲོས་ཀྱིས་འོངས་ཤིང་། རྩ་གནས་ཀུན་ཏུ་ཁྱབ་པས། མི་ཤིགས་པའི་དྭངས་མས་ལུས་ཐམས་ཅད་མངོན་པར་གང་བའི་ངང་ནས། བསམ་གྱིས་མི་ཁྱབ་པ་རང་བཞིན་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད། སྐུ་དང་ཡེ་ཤེས་ཟུང་དུ་འཇུག་པའི་བདག་ཉིད་མངོན་དུ་གྱུར་པའི་མོས་པ་བྱའོ། །དེ་ཡང་ཡས་འབབ་མས་བརྟན་གྱི་དགའ་བ་བཞི་རེ་རེ་ལའང་དགའ་བའི་དགའ་བ་སོགས་དགའ་ཆུང་བཞི་བཞི་སྦྱར་བས་བཅུ་དྲུག་ལས། དང་པོ་བཞི་ཚོགས་ལམ། དེ་ནས་རེ་རེ་སྦྱོར་ལམ་དང་མཐོང་ལམ། དེ་ནས་དགུ་སྒོམ་ལམ་ས་དགུ། དེ་ནས་གཅིག་མི་སློབ་ལམ་སྟེ། ཡས་འབབ་རྣམས་རྒྱུའི་ས་ལམ་དང་། མས་བརྟན་རྣམས་འབྲས་བུའི་ས་ལམ་དང་སྦྱར་ཞིང་། ཁྱད་པར་མས་བརྟན་གྱི་མཐའི་ལྷན་སྐྱེས་ཀྱི་ལྷན་ཅིག་སྐྱེས་དགའ་ནི། སྣང་སྟོང་གི་མཐས་མ་སྒྲིབས་པར་རང་གསལ་བས་ཀུན་ཏུ་འོད་དང་། མི་ཤིགས་པའི་དྭངས་མ་ཁྱབ་ཅིང་བརྟན་པས་འཁོར་བའི་སྐྱོན་གྱིས་མ་གོས་པས་པདྨ་ཅན་དང་། ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་རབ་འབྱམས་སུ་སྣང་བས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་མངོན་དུ་བྱས། དེའི་ཚེ་ཐབས་ཤེས་ཀྱི་དགའ་བ་བཅུ་དྲུག་ཕྲག་གཉིས་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། ཐབས་ཀྱི་དགའ་བ་བཅུ་དྲུག་པོ་རེ་རེ་ལའང་ཡེ་ཤེས་ལྔ་ལྔའི་ཉམས་དང་ལྡན་པས་དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་ཞིང་། མངོན་པར་ཤེས་པ་དྲུག་ཀྱང་ཤར་བར་གྱུར་ཏོ་སྙམ་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ཏེ། རང་བཞིན་ལྷན་ཅིག་སྐྱེས་པའི་བདེ་ཆེན་དེ་རང་བྱུང་གི་ཡེ་ཤེས་སུ་ངོ་སྤྲོད་པ་ནི། ཧཱུཾ། ཆེ་བའི་ཡེ་ཤེས་རྙེད་དཀའ་བ། །ཤེས་རབ་ཐབས་ལ་བརྟེན་པས་འགྲུབ། །མིང་ཙམ་གཞན་ལ་བརྟེན་འདྲ་ཡང་། །མངོན་སུམ་བདེན་པ་རང་ལ་བྱུང་། །ༀ་བཛྲ་ཛྙཱ་ན་བོ་དྷི་ཙིཏྟ་ཨ་བི་ཥིཉྩ་ཧཱུཾ། དབང་དེ་ཐོབ་པའི་བརྡར་འབྲུ་གསུམ་གྱིས་མིག་དར་བསལ། དེ་ནས་རྡོར་དྲིལ་སློབ་བུའི་སྙིང་གར་བཟུང་སྟེ་བདེན་པ་བརྗོད་པ་ནི། ༀ། མི་འགྱུར་བ་ཡི་ཡེ་ཤེས་གནས། །མ་བཙལ་ཕྱིན་པ་བདེ་བའི་མཆོག །མཁའ་ལྟར་དག་པའི་ཡེ་ཤེས་སྤྱན། །གོང་ན་མེད་པས་ཀུན་གྱི་རྗེ། །ཡེ་ཤེས་རང་གནས་བརྡལ་བ་ལ། །མི་འགྱུར་གཡུང་དྲུང་ས་ཐོབ་ཤོག །ༀ་མ་ཧཱ་གུ་ཧྱ་བྷྲཱུཾ་པྲཛྙཱ་ཛྙཱ་ན་མཎྜ་ལ་ཛྙཱ་ན་གུ་ཧྱ་སིདྡྷི་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་ནས་དབུགས་དབྱུང་བ་ནི། གཉིས་ཀའི་ལག་ནས་བཟུང་སྟེ། བུ་ཁྱོད་འཁོར་བའི་རྒྱ་མཚོ་ལས། །གྲོལ་ཞིང་ཐར་ནས་སྐད་ཅིག་གིས། །རྡོ་རྗེ་ནམ་མཁའི་ཡེ་ཤེས་ཆེ། །བླ་མ་ཆེན་པོའི་ས་གནས་སུ། །ཐམས་ཅད་རིགས་ཀྱི་བདག་པོར་གྱུར། །སྤྱི་དཔལ་བཅུ་ཡིས་མངའ་བརྙེས་ནས། །བརྡལ་ཁྱབ་ཆེན་པོའི་ཕྲིན་ལས་ལྔས། ཁམས་གསུམ་སྲས་སུ་བཟུང་བར་བྱོས། །ཞེས་བརྗོད། དེ་ནས་གསང་གཉེར་གཏད་པ་ནི། གསང་བའི་དོན་མཆོག་འདི་དག་ནི། །ལྟ་བ་དམན་ལ་བསྟན་བྱས་ན། །དུས་མིན་པར་ནི་སྲོག་ཟད་ནས། །མགོ་འགས་སྙིང་ཡང་ཚིག་པར་འགྱུར། ཁབ་ལེན་གྱིས་ནི་ལྕགས་སྡུད་ལྟར། །མི་འདོད་བཞིན་དུ་དབང་མེད་པར། །བསྐལ་པར་ངན་སོང་མྱོང་བར་འགྱུར། །དེ་བས་ཤིན་ཏུ་གསང་བར་བྱ། །ཞེས་བསྒྲག །འདི་ནི་གསང་དབང་ཤེར་དབང་གཉིས་ནུབ་སོ་སོར་བཅད་ནས་བསྐུར་བའི་ཚེ་གསང་དབང་གི་རྗེས་སུའང་སྒྲོག་དགོས་སོ། །དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། གཙོ་བོར་ཤེས་སྒྲིབ་དང་། ཡིད་ཀྱི་ཐིག་ལེའི་དྲི་མ་དག །ལམ་དངོས་སམ་ཡེ་ཤེས་ཀྱི་རིག་མ་བརྟེན་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །དོན་དམ་བྱང་སེམས་ཀྱི་དབང་སྐབས་འདི་ཉིད་དུ་སྦྲེལ་ནས་མི་བསྐུར་ན་འདི་སྐད་ཅེས། དེ་ལྟར་ཀུན་རྫོབ་བྱང་སེམས་ཀྱི་དབང་བསྐུར་བའི་རིམ་པ་དེ་གྲུབ་པ་ཡིན་པས། དེ་དག་གི་གནས་སྐབས་སུ་ཐོབ་པའི་དམ་ཚིག་རྣམས་ཚུལ་བཞིན་དུ་བསྒྲུབ་པར་བྱའོ་སྙམ་པས། གཙོ་བོའི་ཇི་ལྟར་སོགས་ཀྱིས་ཁས་བླངས། གཏང་རག་གི་མཎྜལ་དབུལ། དེང་ནས་བརྩམས་ཏེ་སོགས་ཀྱིས་ཡོན་དང་། དགེ་བ་བསྔོ་བ་རྣམས་བྱ་ཞིང་། གང་ལྟར་ཡང་། རྗེས་ཆོག་རྣམས་སྒྲུབ་ཐབས་ལྟར་བྱའོ། །སྒྱུ་དྲྭའི་མན་ངག་བཤུས་བཀབ་ལ། །མདོ་ཡི་དབང་ཆོག་ཡིན་ནོ་ལོ། །རང་སྐད་གཙང་དག་ཆོས་ཚུལ་འདི། །དཔྱོད་ལྡན་དཔལ་དུ་འགྱུར་མིན་ནམ། །ཀུན་རྫོབ་བྱང་སེམས་ཀྱི་གསང་དབང་བསྐུར་བའི་དབང་ཆོག་ལེ་ཚན་ནོ།། །།
༈ ༀ་སྭ་སྟི། རྣམ་འགྱུར་ཆོས་ཀུན་དབྱིངས་ཡེ་ཤེས། །གཉིས་མེད་རྡོ་རྗེའི་ཀློང་གྲོལ་བ། །དེར་བཏུད་དོན་དམ་བྱང་སེམས་ཀྱི། །གསང་དབང་སེམས་ལ་བསྐུར་ཐབས་བཤད། །ད་ནི་ཡན་ལག་གི་དཀྱིལ་འཁོར་དུ་མན་ངག་གི་ལུགས་ཀྱི་དོན་དམ་བྱང་སེམས་ཀྱི་དབང་བསྐུར་བ་ནི། མཚོན་བྱེད་བརྡའི་དཀྱིལ་འཁོར་བཤམ་ཞིང་། མཚོན་བྱ་ཆོས་ཐམས་ཅད་ཡེ་ནས་དབྱིངས་རིག་དབྱེར་མེད་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པ་ཡིན་པ་ལ་ཡིན་པར་གསལ་འདེབས་པའི་ཕྲིན་ལས་སྒྲུབ་ཐབས་ལྟར་བྱས་རྗེས། དེར་འཇུག་པ་ལ་གཉིས་ཀྱི། དང་པོ་སློབ་དཔོན་འཇུག་པ་ནི། ཡེ་ཇི་བཞིན་པའི་མཁའ་ཀློང་དུ། རིག་པ་ཡེ་ཤེས་ཀྱི་རྩལ་སྣང་མ་འགགས་པས། དཀྱིལ་འཁོར་གསུམ་མ་འདྲེས་ཡོངས་རྫོགས་སུ་རྟོགས་པའི་ཤེས་རབ་ཀྱིས་བྱ་རྩོལ་མེད་པར་འཇུག་པ་ཡིན་པས། དེའི་དགོངས་པ་བསྐྱང་བའོ། །གཉིས་པ་སློབ་མ་གཞུག་ཅིང་དབང་བསྐུར་བ་ནི། བུ་རྣམས་ཁྲུས་བྱས། བགེགས་བསྐྲད་ཅིང་། སྲུང་བ་བྱས་ལ། སེམས་བསྐྱེད་དང་ཆོས་ཉན་པའི་ཀུན་སྤྱོད་གསལ་འདེབས་པ་སྔོན་དུ་འགྲོ་བས། འདིར་གང་གསན་པར་བྱ་བའི་ཆོས་ནི། ཞེས་པ་ནས། མདོ་ཡོངས་རྫོགས་ཀྱི་ལུགས་གཉིས་གཅིག་ཏུ་དྲིལ་ནས་བསྐུར་བ་ལས། ཞེས་པའི་བར་རྣམས་སྐབས་བབས་ཀྱི་སྤྲོ་བསྡུས་མཚམས་སྦྱོར་རྗེས། འདིར་མདོ་ཡོངས་རྫོགས་ཀྱི་དབང་དུ་བྱས་པའི་གསང་དབང་རྫོགས་པའི་ཆུ་བོ་ཡན་ལག་གི་དཀྱིལ་འཁོར་གཉིས་པར། དོན་དམ་བྱང་སེམས་ཀྱི་དབང་སེམས་ལ་བསྐུར་བའི་སྐབས་ཡིན་པས། བླ་མ་ཉིད་དབྱིངས་དང་ཡེ་ཤེས་གཉིས་མེད་ཀུན་བཟང་ཡབ་ཡུམ་གྱི་ངོ་བོར་བཞུགས་པ་ལ་ལུས་ལོངས་སྤྱོད་ཐམས་ཅད་ལྟོས་པ་མེད་པར་ཕུལ་བར་མོས་པས་མཎྜལ་འབུལ་དུ་བཅུག་ནས། དེ་ཡང་རྒྱུད་མ་དག་ན་དབང་མི་ཐོབ་པས་ཉམས་ཆག་སྐོང་བའི་ཕྱིར། བླ་མའི་སྐུ་ལས་འོད་ཟེར་འཕྲོས་པ། སོ་སོ་རང་རང་ལ་རེག་པས་ཉི་འོད་ཀྱིས་བ་མོ་སྦྱངས་པ་བཞིན་དུ་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་པར་མོས་ལ། ཡིག་བརྒྱ་ཅི་འགྲུབ་བཟླར་གཞུག་གོ། །དེ་ནས་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པ་འདིའི༴ ཀྱེ། དཔལ་ལྡན་སངས་རྒྱས་ཀུན་བདག་ཉིད། །རྡོ་རྗེ་བླ་མ་བདག་ལ་དགོངས། །ཡང་དག་དོན་གྱི་མཆོག་དམ་པ། །དེ་རིང་མངོན་དུ་གྱུར་པར་མཛོད། །ཅེས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པའི་ལན་དུ་རུས། མ་འོངས་སངས་རྒྱས་བློ་ལྡན་ཁྱོད། །བླ་མེད་ཡེ་ཤེས་བསྐྱེད་པའི་ཕྱིར། །རྒྱུད་སྦྱངས་གསང་བ་གསུམ་དུ་ཞུགས། །རང་གི་མེ་ལོང་ཉིད་ལ་ལྟོས། །ཞེས་གདམས་ནས། ཐོག་མར་དཔེ་རྟགས་དོན་གསུམ་གྱི་སྒོ་ནས་འཇུག་བྱ་དབྱིངས་རིག་གཉིས་མེད་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་བསྟན་པས་ངེས་ཤེས་བསྐྱེད་པར་བྱ་སྟེ། དཔེ་ནི་ཕྱི་རོལ་ཏུ་བཤམས་པའི་རིས་སུ་བྲིས་པའི་དཀྱིལ་འཁོར་འདི་ཡིན་ལ། རྟགས་ནི། ནང་ལུས་ཀྱི་དཀྱིལ་འཁོར་སོ་སོའི་སྙིང་གར་བསྒོམ་པར་འགྱུར་བ་ཉིད་དོ། །དེས་མཚོན་བྱ་དོན་གྱི་དཀྱིལ་འཁོར་ནི། གསང་བ་སེམས་ཉིད་ཀྱི་དཀྱིལ་འཁོར་ཏེ། དེ་ཡང་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་སུ་འདུ་ལ། སེམས་ཉིད་དབྱིངས་ཡེ་གཉིས་མེད་གདོད་ནས་མ་སྐྱེས་པའི་ཆོས་ཉིད་ཨ་ཡིག་གི་རྣམ་པར་མཚོན་པ་སྟེ། ཐུགས་ཙིཏྟ་རིན་པོ་ཆེའི་ཕོ་བྲང་པད་འདབ་བཅུ་དྲུག་གི་ལྟེ་བའི་ཨ་ཡིག་གཉིས་ནི། དབྱིངས་ཀུན་ཏུ་བཟང་མོ་དང་། ཡེ་ཤེས་ཀུན་ཏུ་བཟང་པོ། འདབ་མའི་ཨ་ཡིག་བཅུ་དྲུག་ནི། ཡེ་ཤེས་ཀྱི་རྩལ་སྣང་རྣམ་ཤེས་ཚོགས་བརྒྱད་དང་། དབྱིངས་ཀྱི་རྩལ་སྣང་ཡུལ་བརྒྱད་དེ། ཐམས་ཅད་དབྱིངས་དང་ཡེ་ཤེས་སུ་འདུ་བས། རང་རིག་གདོད་མ་ནས་དབྱིངས་ཡེ་དབྱེར་མེད་དཀྱིལ་འཁོར་རྣམ་གསུམ་མ་འདྲེས་ཡོངས་རྫོགས་སུ་བཞུགས་པ་ཉིད། དེ་ལྟར་ཤར་བ་ལ་བྱ་རྩོལ་མེད་པའི་ཤེས་རབ་ཀྱི་རྟོགས་ཤིང་ཉམས་སུ་མྱོང་བ་ནི་གསང་བའི་དཀྱིལ་འཁོར་དེར་བཞུགས་པ་ཡིན་པས། ད་དེ་ཉིད་རྟོགས་པར་བྱ་བའི་ཕྱིར་དབང་བསྐུར་བ་ནི། ཁྱེད་རང་རྣམས་ལུས་ཀྱི་གནད་ཆོས་བདུན་མི་གཡོ་བར་བཅིང་། ངག་གི་གནད་རླུང་སོ་མར་ཞོག །སེམས་ཀྱི་གནད་སོ་སོ་རང་རང་གི་སྙིང་གར་པད་འདབ་བཅུ་དྲུག་ལ་ཨ་ཡིག་ལྟེ་བར་གཉིས་དང་། འདབ་མ་རྣམས་ལ་རེ་རེ་སྟེ་ཐམས་ཅད་ཀྱང་དཀར་གསལ་འབར་བའི་རྣམ་པ་ཅན་ལྡེམ་མེ་གནས་པ་ལ་ཤེས་པ་གཏད་དེ་མ་ཡེངས་པར་རྩེན་གྱིས་བཞག །ཨ་ཡིག་རྣམས་སྣང་ལ་རང་བཞིན་མེད་པར་གསལ་སྟོང་དུ་འཆར་བའི་ངང་བསྐྱང་། དེ་ཀ་ལ་འདབ་མའི་ཨ་རྣམས་མེ་ལོང་གི་རླངས་འདུས་པ་ལྟར་ལྟེ་བའི་ཨ་ཡིག་གཉིས་ལ་ཐིམ། དེ་གཉིས་ཀྱང་གཅིག་ཏུ་འདྲེས་པ་ཇེ་ཆུང་ཇེ་ཕྲར་བསྡུས་ཏེ། རིག་པ་བདེ་གསལ་རྩིས་གདབ་དང་བྲལ་བའི་ངང་ལ་ཤིགས་སེ་བཞག །དེ་ཀའི་རང་ངོ་ལ་ཆེར་གྱིས་བལྟས་པས། བདེ་གསལ་མི་རྟོག་པ་ཙམ་དུའང་མི་དམིགས་པས། བསམ་བརྗོད་ལས་འདས་པའི་དོན་རང་སངས་རང་རིག །དྭངས་ལ་མི་གཡོ་བ། གསལ་ལ་མི་རྟོག་པ། རྒྱ་ཆད་ཕྱོགས་ལྷུང་མེད་པ་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ། སྤྲོས་པ་ཐསམ་ཅད་དང་བྲལ་བ་དེ་ཀ་དབྱིངས་རིག་དབྱེར་མེད་རང་བྱུང་གི་ཡེ་ཤེས་ཡིན་པས་ངོ་ཤེས་པར་གྱིས་ཤིག །ཅེས་གདམས་ལ། དེ་ལྟར་གཉིས་མེད་རང་ཤར་མཐའ་དང་བྲལ་བ་དེ་ཉིད་ལྟ་བ་ཡེ་འབྱམས་སུ་དབང་བསྐུར་བ་ནི། རྣམ་པར་སྣང་མཛད་ཐིག་ལེ་དབང་གི་ཏནྟྲའི་ལེའུ་བརྒྱད་པ་ཁོལ་དུ་ཕྱུངས་པའི་དབང་ལེའི་ཚིག་ཇི་ལྟ་བ་བཞིན་དུ་བསྐུར་བར་བྱ་བ་ཡིན་པས་མ་ཡེངས་པར་ཉོན་ཅིག །བླ་མས་ཀྱང་དབྱིངས་རིག་དབྱེར་མེད་ཀྱི་ངང་ལ་མཉམ་པར་བཞག་ནས་གདངས་སྙན་པོས་འདི་སྐད་དུ། རྣལ་འབྱོར་པ་མན་ངག་ངེས་པའི་དོན་ལ་མཁས་ཤིང་ཡེ་ཤེས་ལྷུན་གྱིས་གྲུབ་པའི་རང་བཞིན་དུ་གྱུར་པ་རྣམས་ནི། རིག་པའི་རྒྱལ་པོ་རང་དབང་དུ་གྱུར་པས། དབང་བསྐུར་ཡང་མི་དགོས། མ་བསྐུར་ཡང་རྫོགས་ཏེ། དེ་ཅིའི་ཕྱིར་ཞེ་ན། ལྷའི་རྒྱལ་པོ་དེ་རྒྱུད་དུལ། ཕན་འདོགས་པས། དེའི་གསེར་འགྱུར་ནི་གསེར་དུ་བརྟགས་ཀྱང་གསེར་དུ་སྣང་ཞིང་། གསེར་གཞན་ལས་བརྒྱད་ཅུ་སྡེས་སྤགས་ལ། གསེར་སྲང་གཅིག་གིས་ཟངས་སྲང་སྟོང་ལ་རེག་ཀྱང་གསེར་དུ་སྣང་བ་བཞིན། བདག་ཉིད་ཆེན་པོ་བྱང་ཆུབ་སེམས་ཀྱི་དབང་དུ་གྱུར་ན། དབང་མ་བསྐུར་ཡང་། ཐམས་ཅད་ཡེ་ནས་བྱང་ཆུབ་སེམས་ཀྱི་སངས་རྒྱས་སུ་དབང་བསྐུར་ཞིང་། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་ལྷུན་གྱིས་གྲུབ་པས། རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་དབྱེར་མེད་པར་མ་ཟད། སངས་རྒྱས་དང་སེམས་ཅན་ཞེས་བྱ་བ་ཡང་གཉིས་སུ་མེད་པར་དབང་བསྐུར་ན། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་ཇི་ལྟར་དགོས་འདོད་འབྱུང་བ་དང་འདྲ་བར། ཡེ་ནས་ཡངས་པ་ཆེན་པོའི་ཀློང་ལ་གང་ཡང་མི་དོག་ཅིང་། ཀུན་ཏུ་བཟང་པོ་ལ་ཅིར་ཡང་མི་རྟོག་པས་ལྟ་བ་ཡེ་འབྱམས་ཀྱི་དབང་བསྐུར་བའི་ཕྱིར་འདིར་སྐད་ཅེས་གསུངས་སོ། །ཆོས་རྣམས་ཐམས་ཅད་ནམ་མཁའི་ཁམས། །དངོས་པོ་མཚན་མ་ཀུན་ལས་འདས། །ནམ་མཁའ་བཞིན་དུ་ཡེ་གནས་ལ། །དེ་ལ་མཁས་པས་བཅོས་སུ་མེད། །དེ་བཞིན་སེམས་ཀྱི་རྣམ་པ་ཀུན། །དེ་བཞིན་ཉིད་དེ་བཅོས་ལས་འདས། །འདི་ལྟར་ཡེ་ནས་ཡིན་རྟོགས་ན། །དབང་རྣམས་བསྐུར་ཡང་ག་ལ་དགོས། །སྟོང་གསུམ་མ་བཅོས་ཆོས་ཉིད་ཀློང་། །སྲིད་གསུམ་ཡེ་ནས་རྣམ་པར་དག །ཁམས་གསུམ་ཕྱག་རྒྱའི་དཀྱིལ་འཁོར་རྫོགས། །དུག་གསུམ་བདུད་རྩི་བྱང་ཆུབ་སེམས། །ལུས་ངག་ཡིད་གསུམ་ཡེ་ཤེས་ལྷ། །ཐམས་ཅད་སྐྱོན་མེད་ཡོན་ཏན་དག །བདེ་བ་ཆེ་ལས་གཞན་མེད་པས། །དབང་རྣམས་ཐམས་ཅད་མ་བསྐུར་རྫོགས། །སངས་རྒྱས་སེམས་ཅན་ཐམས་ཅད་དང་། །རྒྱུ་དང་འབྲས་བུ་ལ་སོགས་པ། །གཉིས་སུ་མེད་པར་ཡེ་ཤེས་པས། །བྱང་ཆུབ་སེམས་སུ་དབང་བསྐུར་ཡིན་། །མིང་དང་ཚིག་དང་ཡི་གེ་དང་། །ཐེག་པའི་བྱེ་བྲག་ཐམས་ཅད་ཀྱང་། །དོན་དམ་གཅིག་ཏུ་སུས་ཤེས་པ། །བྱང་ཆུབ་སེམས་ཀྱི་དབང་ཐོབ་ཡིན། །བསྐལ་པ་གྲངས་དང་གྲངས་མེད་པར། །དེ་སྙེད་བྱ་བ་ཅི་འདས་ཀྱང་། །དུས་གསུམ་འགྱུར་བ་མེད་ཤེས་ན། །བྱང་ཆུབ་སེམས་ཀྱི་དབང་ཐོབ་ཡིན། །ལས་དང་ལས་ཆེན་ལ་སོགས་པའི། །རྩོལ་ཕོད་བྱ་བ་ཅི་བྱས་ཀྱང་། །བྱང་ཆུབ་དོན་ལ་བཙལ་མེད་པས། །སངས་རྒྱས་རྣམས་ཀྱིས་མ་བཙལ་བཤད། །ཉོན་མོངས་ལས་དང་སྡུག་བསྔལ་དང་། །འཛིན་རྟོག་མཚན་མའི་ལས་རྣམས་ཀྱང་། །པདྨར་ཆུས་མི་ཆགས་པ་བཞིན། །བྱང་ཆུབ་སེམས་ལ་གོས་པ་མེད། །དབང་དང་དམ་ཚིག་ཐམས་ཅད་དང་། །དེ་བཞིན་ཕྲིན་ལས་བྱ་བ་ཀུན། །བྱས་ན་སྐྱོན་མེད་ལེགས་པའི་ལམ། །མ་བྱས་ན་ཡང་བྱང་ཆུབ་སེམས། །ཕྱི་ཉིད་ནང་ལ་ནང་ཉིད་ཕྱི། །སྣང་བ་ཐམས་ཅད་རང་རིག་འཆར། །བརྗོད་པའི་ཚིག་དང་ཡི་གེ་མེད། །སྐྱེ་ཤི་འཕོ་འགྱུར་རྟོག་པ་རྣམས། །དེ་བཞིན་མ་བཅོས་བྱང་ཆུབ་སེམས། །མ་བཙལ་བཞག་པས་གདོད་ནས་དག །འགྱུར་བ་མེད་པས་ལྷུན་གྱིས་གྲུབ། །འདི་ནི་ལྟ་བ་ཡེ་འབྱམས་དབང་། །ཞེས་བརྗོད། དེ་ལྟར་གཉིས་མེད་རང་ཤར་དུ་རྟོགས་པ་ན། ཆེད་དུ་མ་འབད་ཀྱང་དམ་ཚིག་ལ་ཉམས་པ་མེད་ཅིང་། སྤྱོད་པ་མ་སྤངས་ལྷུན་གྱིས་གྲུབ་པས། གྲུབ་པའི་འབྲས་བུ་མཐར་ཕྱིན་ཏེ། ཕྲིན་ལས་བྱ་རྩོལ་མེད་པར་ལྷུན་གྱིས་གྲུབ་པ་ཡིན་པས་ན། ལམ་གྱི་ཆོས་རེ་རེ་ནས་འབད་མི་དགོས་པར་ཡོངས་སུ་གྲུབ་པའི་དབང་བསྐུར་བ་ནི། ལེའུ་དགུ་པ་ཁོལ་དུ་ཕྱུངས་པའི་དབང་ལེ་ལས་འདི་སྐད་ཅེས་གསུངས་པས་ལེགས་པར་ཉོན་ཅིག །དེ་ནས་དམ་ཚིག་ཉམས་པ་མེད་པའི་དབང་ནི། ཐམས་ཅད་རང་གི་སེམས་ཡིན་པར་ཤེས་ཤིང་། ཡེ་ནས་ཀུན་ཏུ་བཟང་པོ་སངས་རྒྱས་པ་ལ། ཕྱོགས་རིས་དང་ཆེ་ཆུང་སྒྲོ་སྐུར་མེད་པར་ལུང་བསྟན་པར་རྟོགས་པ་ལས། དམ་ཚིག་ལའང་ཉམས་པ་མེད་ལ། དབང་ལའང་མ་ཐོབ་པ་མེད་དོ། །སྤྱོད་པ་མ་སྤངས་ལྷུན་གྱིས་གྲུབ་པའི་དབང་ནི། ཅི་བྱས་ཅི་སྤྱད་འདྲེ་ལྡོག་སྤྱི་ཚུགས་གར་འདྲེས་ཀྱང་། སྙིང་པོ་བྱང་ཆུབ་སེམས་ལས་མ་གཏོགས་པ་གང་དུ་ཡང་འགྱུར་བ་མེད་པས། ནམ་མཁའ་ཚོན་གྱིས་མི་ཞེན་པ་བཞིན་དུ། སྤྱོད་པ་ཅི་སྤྱད་པ་སངས་རྒྱས་ཀྱི་མཛད་སྤྱོད་ལྷུན་གྱིས་གྲུབ་ལ། དབང་ཡང་ཐོབ་བོ། །གྲུབ་པ་མཐར་ཕྱིན་པའི་དབང་ནི། སྐྱོན་དང་ཡོན་ཏན། བདེ་བ་དང་སྡུག་བསྔལ་གཉིས་སུ་མེད་པས། གཅིག་གི་རྒྱན་དུ་གཅིག་གྱུར་ཏེ། ཅི་བྱས་པ་ཆུད་མ་ཟོས་པར། འཁོར་བ་ཉིད་མྱ་ངན་ལས་འདས་པ་ཆེན་པོར་ལྷུན་གྱིས་གྲུབ་པ་ལ་ཐེ་ཚོམ་མེད་པར་ཡིད་ཆེས་པས་གྲུབ་པ་མཐར་མ་ཕྱིན་པའང་མེད་ལ། དབང་མ་ཐོབ་པའང་མེད་དོ། །ཕྲིན་ལས་བྱ་རྩོལ་མེད་པའི་དབང་ནི། ཡེ་ནས་སེམས་ཉིད་སངས་རྒྱས་མིན་ན་སོལ་བ་དང་འདྲ་ལ། ཡེ་ནས་སངས་རྒྱས་ཡིན་པས་གསེར་དང་འདྲ་བས་ཡིན་པའི་དོན་ལ་མ་ཡེངས་མ་ཆགས་ན་སེམས་ཉིད་སངས་རྒྱས་ཡིན་པས། ཡིན་པའི་དོན་ལས་མ་གཡོས་ན། སེམས་ལ་མཐའ་དབུས་དང་། སྐྱེ་འཆི་དང་། འཕོ་འགྱུར་མེད་པ་ཡིན་པས། དེ་ལ་མ་ཡེངས་ཤིག །འཛིན་རྟོག་གི་སྐྱོན་ཐམས་ཅད་མ་སྐྱེས་པའི་ཀློང་དུ་ཤེས་པར་འཁོར་བའང་མེད། སྡུག་བསྔལ་ཡང་སྟོངས། ཡོན་ཏན་ཡང་རྫོགས་པས་གཤིས་ཐོག་ལས་མ་ཡེངས་ཤིག །དེས་ན་ཕྲིན་ལས་བཙལ་དུ་མེད་ལ། དབང་ཡང་མ་ཐོབ་པ་མེད་དོ། །དེ་ཡང་དབང་ནི་སངས་རྒྱས་ཀྱི་དབང་། ཡོད་ནི་རང་གི་སེམས་ལ་ཡོད། ཐོབ་ནི་སློབ་དཔོན་ལ་དམ་ཚིག་མ་ཉམས་ན་སློབ་དཔོན་ལས་ཐོབ། མཐར་ནི་མ་ཡེངས་ན་ཕྱིན་པར་འགྱུར། །གྲུབ་ནི་ཅི་ལའང་མ་བཅོས་མ་བསླད་པས་འགྲུབ་བོ། །དོན་ཐམས་ཅད་དགོངས་པ་ཉག་གཅིག་ཏུ་ཐུག་གོ། །ཞེས་བརྗོད། དེ་དག་ནི་བདེན་པའི་ཚིག་གི་བྱིན་རླབས་ཀྱིས་བདག་ཉིད་ཆེན་པོར་དབང་བསྐུར་བ་ཞེས་བྱ་སྟེ། རིག་པ་རྩལ་གྱི་དབང་བསྐུར་བའོ། །ཇི་སྐད་དུ་སྤྱི་མདོ་ལས། ལངྐའི་བདག་པོ། རྩལ་གྱིས་ཐོབ་པ་ནི་འདི་ལྟ་སྟེ། རྒྱལ་བ་རྣམས་ཀྱི་གསང་བའི་ཐུགས། །རྟོགས་ནས་གང་ལ་གསལ་བྱེད་པ། །དབང་རྣམས་ཀུན་གྱི་མཆོག་ཡིན་ཏེ། །སྲིད་པ་གསུམ་གྱིས་དེ་དབང་བསྐུར། །ཞེས་གསུངས། དེ་ཡང་ཐོབ་བྱ་ཡེ་ནས་རང་ལ་ཡོད་པ་ཉིད་ངོ་འཕྲོད་པས་དབང་རྫོགས་པ་སྟེ། ཀུན་གྱི་རང་བཞིན་གཅིག་ཤེས་པས། །དེ་ཉིད་དབང་དུ་ཐམས་ཅད་འདུས། །ཀུན་ལ་དབང་བསྒྱུར་ཐོབ་པས་ན། །ཡེ་དབང་ཆེན་པོ་རྫོགས་པའོ། །ཞེས་གསུངས་པ་ལྟར་རོ། །དེ་ནས་དབང་དེ་ཆགས་པའི་རྟེན་དུ་ལུས་མི་གཡོ། ངག་མི་བརྗོད། སེམས་གང་སྐྱེས་ཀྱི་རང་ངོ་ལ་རྩོལ་བྲལ་བསལ་བཞག་མེད་པར་བསྐྱངས་ཏེ། དབྱིངས་ཡེ་ཟུང་འཇུག་གཉུག་མའི་ཡེ་ཤེས་སུ་ཐག་བཅད་ནས་མཉམ་བཞག་ཏུ་གསལ་རིག་རྗེན་ནེ་བ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དང་། རྗེས་ཤེས་གང་ཤར་རང་གྲོལ་གྱི་ཡེ་ཤེས་སུ་ལྷག་ལྷག་འཆར་བའི་ཉམས་དང་རྟག་ཏུ་མི་འབྲལ་བར་གྱིས་ཤིག །ཅེས་གདམས་སོ། །དེ་ཉིད་བརྟན་པར་བྱ་བའི་ཕྱིར་མཚོན་བྱེད་བུམ་པའི་དབང་ནི། དེ་ཡང་དབྱིངས་སྐྱེ་མེད་ཡེ་ཇི་བཞིན་པའི་ཆོས་ཉིད་ཀྱི་ངང་ནས། ཡེ་ཤེས་ཆོས་ཅན་གྱི་སྣང་བ་རང་བཞིན་ལྷུན་གྲུབ་ཏུ་མ་འགགས་པར་གནས་པ་ནི་བུམ་པ་དང་ཆུས་མཚོན་ཏེ། དབྱིངས་དང་ཡེ་ཤེས་གཉིས་མེད་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རང་ལ་རང་ཆས་སུ་གནས་པ་ལ་ངེས་ཤེས་བསྐྱེད་དུ་བཅུག་ནས། བུམ་པ་བཏེག་སྟེ། ཧཱུཾ། བཙལ་མེད་བྱང་ཆུབ་སེམས་ཆེན་པོ། །ཤེས་རབ་ཆེན་པོའི་རྩལ་གྱི་ནི། །ཆོས་ཀུན་སྒྱུ་མར་དབང་བསྒྱུར་ནས། །རྩལ་ཆེན་རྫོགས་པའི་དབང་ཡིན་པས། །རྫས་དང་ཚིག་དང་གང་ཟག་དང་། །ཀུན་རྫོབ་དབང་དེ་མ་ཐོབ་ཀྱང་། །ཆོས་ལ་སེམས་ཀྱི་དབང་ཐོབ་ན། །རྒྱལ་བ་རིག་འཛིན་ཐམས་ཅད་དང་། །སྲིད་གསུམ་དབང་ཅན་ཐམས་ཅད་ཀུན། །དེ་ལ་དབང་མཆོག་བསྐུར་བར་འགྱུར། །ན་མོ། ཕྱོགས་ཅུ་དུས་བཞིའི༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་གསང་དབང་རྫོགས་པའི་ཆུ་བོས་དབང་བསྐུར་བས་དོན་དམ་བཙལ་མེད་རྩལ་ཆེན་རྫོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཅེས་མགོ་བོ་དང་སྙིང་གར་བུམ་ཆུ་གཏིགས་ཤིང་འཐུང་དུ་གཞུག །དེ་ལྟར་མ་སྐྱེས་པའི་ཆོས་ཉིད་མ་འགགས་པའི་བདུད་རྩིའི་ཆུ་རྒྱུན་སྙིང་གར་ཐིམ་པས་ཚོགས་བརྒྱད་ཡུལ་དང་བཅས་པ་གདོད་ནས་དབྱིངས་དང་ཡེ་ཤེས་གཉིས་མེད་དཀྱིལ་འཁོར་རྣམ་གསུམ་མ་འདྲེས་ཡོངས་རྫོགས་སུ་གནས་པ་ཉིད་ངོ་འཕྲོད་པར་གྱུར་ཏོ་སྙམ་དུ་ངེས་ཤེས་བསྐྱེད། དེ་ནས་ཉམས་མྱོང་གི་བོགས་དབྱུང་བའི་ཕྱིར་རིག་འཛིན་བཅོ་བརྒྱད་ཀྱི་ཙཀླི་ཐོགས་ཏེ་སོ་སོའི་དགོངས་ཉམས་ཀྱི་གླུས་བསྐུལ་བ་སེམས་སྡེ་ལྟར་མཛད་པའང་མི་འགལ་མོད། འོན་ཀྱང་འདིར་ཨ་ནུའི་དོན་དམ་བྱང་སེམས་ཀྱི་རྩལ་དབང་ཨ་ཏི་དང་ཆ་འདྲ་བར་བཀྲལ་བ་ལས། སེམས་སྡེ་བཅོ་བརྒྱད་དང་རྗེས་སུ་འབྲེལ་བའི་དབང་མིན་པས་ངེས་པར་བསྐུར་དགོས་པ་མ་ཡིན་ནོ། །དེས་ན་འདིར་རིག་འཛིན་བཅོ་བརྒྱད་དམ་མན་ངག་འབྲས་བུའི་སློབ་དཔོན་ཡོངས་རྫོགས་ཀྱང་རུང་སྟེ། སྐུ་བརྙན་རྣམས་སྦམས་ནས་དབང་བསྐུར་བས། རིག་འཛིན་རྣམས་བྱིན་འཐིབ་བེ་བཞུགས་པ་གོང་མ་གོང་མ་འོད་དུ་ཞུ་སྟེ་འོག་མ་འོག་མ་ལ་ཐིམ། དེ་ཡང་འོད་ཀྱི་རང་བཞིན་དུ་རང་གི་སྤྱི་བོར་ཐིམ་པས། བྱིན་རླབས་འཕོ་བའི་སྟོབས་ཀྱིས་གཉིས་མེད་ཀྱི་ཡེ་ཤེས་འབར་བར་མོས་ལ། ༀ་མ་ཧཱ་གུ་རུ་ཤ་རི་རཾ་གཱི་ལི་ཧཱུཾ། ན་མོ། ཕྱོགས་བཅུ༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་བླ་མ་རིག་འཛིན་རྣམས་ཀྱི་དབང་བསྐུར་བས་རྟོགས་གོམས་མཐར་ཕྱིན་པའི་ཡོན་ཏན་ལ་དབང་བསྒྱུར་བའི་རིག་པ་རྩལ་གྱི་དབང་དམ་པ་ཐོབ་པར་གྱུར་ཅིག །ཆོས་ཉིད་དངོས་པོ་མེད་པའི་ཡེ་སྟོང་འདི། །ལྟ་བ་འདི་དང་མི་འབྲལ་འགྲོགས་པར་ཤོག །ཆོས་ཉིད་ཉམས་མྱོང་མེད་པའི་བདེ་སྟོང་འདི། །སྒོམ་པ་འདི་དང་མི་འབྲལ༴ སེམས་ཉིད་བཅོས་པ་མེད་པའི་རང་སྟོང་འདི། །སྤྱོད་པ་འདི་དང་མི་འབྲལ༴ ཆོས་ཉིད་འགྱུར་བ་མེད་པའི་བློ་འདས་འདི། །འབྲས་བུ་འདི་དང་མི་འབྲལ༴ ཇི་ལྟར་སྨོན་པའི་འབྲས་བུ་གྲུབ་གྱུར་ཅིག །སྨོན་ལམ་གྱི་མཐུ་བཙན་པར་གྱུར་ཅིག །དེ་ཁོ་ན་ཉིད་ཀྱི་དོན་ལ་གནས་པར་གྱུར་ཅིག །དེ་ནས་ཐལ་མོ་སྦྱར་ཏེ། བླ་མ་ལ་རེ་ལྟོས་ལིང་སྐྱུར་གྱི་མོས་གུས་གདུང་ཤུགས་དྲག་པོས་འདིའི་རྗེས༴ རྗེ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ༴ རྗེ་སྤྲུལ་པའི་སྐུ་ལ༴ རྗེ་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །ཞེས་གསོལ་བ་བཏབ་ནས། ཕཊ་ཅེས། སལ་ལེ་ཧྲིག་གེ་འཛིན་མེད་དུ་ཞོག་ཅིག །ཅེས་བརྗོད། དེ་ནས་གཟེངས་གཏོད་པ་ནི། དབང་འདི་ཐོབ་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་གཏན་ལ་ཕེབས་ཤིང་། དེས་སྒྲིབ་པ་རང་དག་ནས་འབྲས་བུ་སྐུ་དང་ཡེ་ཤེས་རང་ལས་འཆར་བ་ཡིན་ནོ་ཞེས་གདམས་པ་ནི། རྣལ་འབྱོར་སྒྲིབ་པའི་ཕུང་པོ་འདི། །སེང་གེའི་ཁོག་པ་རང་འཇིག་ལྟར། །སྟོང་ཉིད་རང་བཞིན་མ་ཞིག་ན། །གཞན་གྱིས་འཇིག་པར་ག་ལ་འགྱུར། །ཞེས་དང་། སེམས་ཀྱི་ཆུ་གསལ་ནམ་མཁའ་ལ། །ཉོན་མོངས་སྤྲིན་གྱི་རྙོག་མེད་ན། །དངོས་གྲུབ་ཉི་ཟླ་སྐར་ཚོགས་བཀྲམ། །སྒྲིབ་མེད་བྱིན་རླབས་ངང་གིས་འཆར། །རྒྱལ་རྣམས་ཡོངས་སུ་རྫོགས་པ་ན། །ལྷ་དང་བཅས་པའི་འཇིག་རྟེན་པས། །ཆོས་ཀྱི་རྒྱལ་པོར་མངའ་སྟོབས་པས། །ཁྱོད་ནི་བྱང་ཆུབ་མངོན་འཚང་རྒྱ། །ཞེས་གསུངས་པ་ལྟར་ཤེས་པར་གྱིས་ཤིག །དེ་ནས་གསང་གཉེར་གཏད་པ་ནི། ཇི་ལྟར་བཀའ་མཐུན་ཡིད་བཅུགས་ཀྱང་། །སྙིང་གི་སློབ་མར་མ་གྱུར་ཅིང་། །གསང་བའི་དོན་དང་མི་ལྡན་ན། །དབང་གི་དོན་འདི་སྨྲ་མ་བྱེད། །མ་སྨྲས་ན་ནི་གཟི་ཆེ་བ། །གསང་མི་ཐུབ་ལ་བསྟན་བྱས་ན། །དེས་ནི་གསང་སྔགས་ཟོང་དུ་འཚོང་། །སངས་རྒྱས་ཐམས་ཅད་སྐུ་བསླུས་སོ། །ཞེས་སྒྲག །དེས་དོན་དམ་བྱང་ཆུབ་ཀྱི་སེམས་རིག་པ་རྩལ་གྱི་དབང་ཐོབ། གཙོ་བོར་བག་ཆགས་ཀྱི་སྒྲིབ་པ་དང་། འཕོ་བའི་ཐིག་ལེ་དྲི་མ་དག །ལམ་དཀྱིལ་འཁོར་གསུམ་མ་འདྲེས་ཡོངས་སུ་རྫོགས་པ་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །རྗེས་ཀྱི་བྱ་བ་ལ་སྤྱི་དོན་གསུམ་སྟེ། ལམ་ཁྱེར་བཞི་བསྟན་པ། འགག་དྲུག་བཤད་པ། གདམས་ངག་ངང་སྒོམ་གྱི་ཁྲིད་གདབ་པའོ། །སྤྱི་དོན་དང་པོ་ལམ་ཁྱེར་ལ་བཞི་ལས། དང་པོ་ཐེག་པ་ལམ་ཁྱེར་ནི། ཨ་ནུ་ལ་གསུམ་དུ་ཕྱེ་བའི་ཨ་ཏི་ཡོ་ག་སྟེ། དེ་ལ་དྲུག་ལས། འཇུག་སྒོ་ནི། ཅི་ཡང་འཇུག་ཏུ་མེད་པའི་སྒོ་ནས་འཇུག །ལྟ་བ་ནི། རང་བྱུང་གི་ཡེ་ཤེས་ལ་འཁོར་འདས་སུ་གྲུབ་པ་མེད་པས་ཡེ་གྲོལ་སྤང་བླང་ལས་འདས་པར་འདོད་དེ། སེམས་ལུང་ཆེན་པོའི་མདོ་ལས། རང་བྱུང་ཡེ་ཤེས་བཙལ་མེད་པས། །རྩོལ་མེད་དམ་པ་ཞི་བ་ཡིན། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །ཞེས་གསུངས། ཚུལ་ཁྲིམས་ནི། མེད་པ་དང་ཕྱལ་བ་ལ་སོགས་པའི་དམ་ཚིག་ལས་མི་འདའ་བར་སྡོམ། སྒོམ་པ་ནི། རང་བྱུང་གི་ཡེ་ཤེས་ལ་གང་སྣང་ཆོས་ཉིད་ཀྱི་རོལ་པར་ཤར་བས་དམིགས་གཏད་དང་བྲལ་བའི་སྒོམ་པ་སྟེ། ཀུན་འདུས་ལས། མ་བཅོས་བྱང་ཆུབ་དེ་བཞིན་ཉིད། །སྒོམ་དུ་མེད་པའི་ཆོས་ཉིད་ལ། །སྒོམ་པ་དམིགས་སུ་མེད་པ་སྟེ། །ཏིང་འཛིན་ཞེས་ནི་གདགས་སུ་མེད། །ཅེས་གསུངས། སྤྱོད་པ་ནི། ཅིར་སྣང་ཆོས་ཉིད་ཀྱི་རོལ་པར་ཤར་བས་བླང་དོར་མེད་པའོ། །འབྲས་བུ་ནི། མ་སྒྲུབ་ལྷུན་གྱིས་གྲུབ་པའི་འབྲས་བུ་ཡེ་ཤེས་བླ་མའི་ས་ལ་གནས་པའོ། །གཉིས་པ་ལྷ་ལམ་ཁྱེར་ནི། དབྱིངས་དང་ཡེ་ཤེས་གཉིས་མེད་བདེ་བ་ཆེན་པོའི་རོལ་པ་ལྷ་སྐུ་ཡབ་ཡུམ་གྱི་རྣམ་པར་ཤར་བ་ན་མ་འདྲེས་ཡོངས་རྫོགས་སུ་ལམ་དུ་ཁྱེར་རོ། །གསུམ་པ་སྙིང་པོ་ལམ་ཁྱེར་ནི། རླུང་འཇུག་གནས་ལྡང་གསུམ་འབྲུ་གསུམ་གྱི་གདངས་སུ་འཆར་བས། ཨཱཿས་སྣང་སྲིད་ཐམས་ཅད་སྐྱེ་མེད་དུ་ངོ་སྤྲད། ཧཱུཾ་གིས་འགག་མེད་དུ་ངོ་སྤྲད། ༀ་གྱིས་གཉིས་མེད་དུ་ངོ་སྤྲོད་དེ། སྤྱི་མདོ་ལས། སེམས་ཉིད་ཡི་གེའི་རང་བཞིན་ཏེ། །སྣ་ཚོགས་ཡི་གེ་ཧཱུཾ་དུ་གསལ། །རྒྱལ་བ་ཡི་གེའི་རང་བཞིན་ཏེ། །ཕྱག་རྒྱ་ཡི་གེ་ༀ་ལ་རྫོགས། །ཐམས་ཅད་ཡི་གེའི་རང་བཞིན་ཏེ། །མ་སྐྱེས་གསང་བའི་ཡི་གེ་ཨཱཿ །ཞེས་པ་ལྟར་ལམ་དུ་ཁྱེར་རོ། །བཞི་པ་དབང་ལམ་དུ་ཁྱེར་བ་ནི། གསང་དབང་རྫོགས་པའི་ཆུ་བོ་རྣམ་པ་གཉིས་ཏེ། དེ་དང་རྗེས་སུ་འབྲེལ་བའི་རྫོགས་རིམ་ཟབ་མོའི་ལམ་རྣམས་ལ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ་བསླབ་པར་བྱའོ། །སྤྱི་དོན་གཉིས་པ་འགག་དྲུག་ལས། གང་དུ་བསྐུར་བའི་གནས་ནི། སྔོན་བྱུང་དུ་འོག་མིན་ཆོས་ཀྱི་དབྱིངས་དང་། རྗེས་འཇུག་ཏུ་མཚན་ཉིད་དང་ལྡན་པའི་གནས་རྣམས་སུའོ། །གང་གིས་བསྐུར་བའི་སློབ་དཔོན་ནི། སྔོན་བྱུང་དུ་ཀུན་ཏུ་བཟང་པོ་སོགས་དང་། རྗེས་འཇུག་ཏུ་དབང་བྱིན་རླབས་ཀྱི་བརྒྱུད་པ་དང་ལྡན་པའི་བླ་མ་དམ་པས་སོ། །གང་ལ་བསྐུར་བའི་སློབ་མ་ནི། སྔོན་བྱུང་དུ་འཁོར་ཡེ་ཤེས་རྒྱ་མཚོ་ལ་སོགས་པའི་ཚོགས་དང་། རྗེས་འཇུག་ཏུ་ཆེས་སྐལ་པ་དང་ལྡན་པའི་སྤྱོད་རིག་མཉམ་པས་བརྟུལ་ཞུགས་ཅན་ལའོ། །གང་བསྐུར་བའི་དབང་ནི། སྔོན་བྱུང་དུ་འབྲས་དུས་ཀྱི་དབང་དང་། རྗེས་འཇུག་ཏུ་གཞི་དང་ལམ་གྱིས་བསྡུས་པའི་གསང་དབང་རྫོགས་པའི་ཆུ་བོའོ། །ཅིའི་ཕྱིར་བསྐུར་ན། རང་ལ་ཡོད་པའི་ཆོས་ཉིད་ཀྱི་རང་ཞལ་མཐོང་བའི་ཆེད་དུའོ། །དེ་ལྟར་བསྐུར་བའི་དགོས་པ་ནི། འབྲས་བུ་ཕྱི་དུས་ལ་མ་ལུས་པར་ད་ལྟ་ཉིད་དུ་མངོན་དུ་ཐོབ་པའི་དགོས་པ་ཡོད་དོ། །སྤྱི་དོན་གསུམ་པ་གདམས་ངག་ངང་སྒོམ་གྱི་ཁྲིད་ལ་གཉིས་ལས། དང་པོ་ཀུན་རྫོབ་བྱང་སེམས་ཀྱི་དབང་དང་འབྲེལ་བའི་རྫོགས་རིམ་ལ། ཐོག་མར་སྒྲོལ་མ་བཟུང་བའི་མན་ངག་ལ་བསླབ་སྟེ། རང་ཉིད་རྡོ་རྗེ་སེམས་དཔར་གསལ་བའི་སྐུའི་ནང་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བའི་དབུས་སུ་རྩ་དབུ་མ། གཡས་གཡོན་དུ་རོ་རྐྱང་གཉིས་ཡས་སྣེ་སྣ་བུག་ལ་ཟུག་ཅིང་། མར་སྣེ་ལྟེ་འོག་སོར་བཞིའི་ཐད་དུ་དབུ་མར་ཆུད་པར་མོས་ལ། སྤྱི་བོར་བླ་མ་ཡབ་ཡུམ་བསྒོམས་ཏེ་གསོལ་བ་བཏབ། དེ་ནས་ནད་གདོན་སྡིག་སྒྲིབ་རྣམས་སང་གིས་དག་པར་མོས་ཏེ་རླུང་རོ་བསལ། བརྟན་གཡོ་འཁོར་འདས་ཀྱི་དྭངས་མ་ཐམས་ཅད་རླུང་གི་རྣམ་པར་རྔུབས་ཏེ། སྲོག་ཐུར་ལྟེ་འོག་ཏུ་ཁ་སྦྱར་ལ་མ་ཡེངས་པར་བཟུང་བས་རླུང་དབུ་མའི་ནང་དུ་ཞུགས་ནས་གསལ་བདེ་མི་རྟོག་པའི་ཉམས་སྐྱེས་པར་བསྒོམ། ཅུང་ཟད་མི་བདེ་ན་གཞིལ་བར་བྱ་ཞིང་། མི་ཐུབ་པ་ན་སང་གིས་གཏོང་བ་གནད་དོ། །དེ་ལྟར་སྦྱངས་པའི་ཡོན་ཏན་ནི། རྡོ་རྗེ་བཞད་པས་མཛད་པའི་འདིའི་མན་ངག་ལས། རྟེན་པའི་སྒྲོལ་མ་ཟིན་ན། རིག་པའི་ཕུར་བུ་ཐེབས་པས། དེ་ལས་མི་དམིགས་པར་ཡང་འགྱུར་ལ། དེས་ཉི་ཟླ་འཛིན་ཞིང་འགྲིམ་པར་འགྱུར་རོ། །ཞེས་སོ། །གཉིས་པ་བདེ་བ་ཐིག་ལེའི་མན་ངག་ལ་གཉིས་ལས། དང་པོ་སྟེང་སྒོ་འཇུ་འདུལ་གྱི་མན་ངག་ནི། གཞན་སྔར་ལྟར་ལས། སྤྱི་མགྲིན་སྙིང་ལྟེའི་འཁོར་ལོ་བཞི་དང་། ལྟེ་འོག་ཏུ་མེ་འཁོར་གྱི་དབུས་སུ་མེའི་དྭངས་མ་རཾ་ཡིག་འབར་བ། གཤང་ཁར་རླུང་གི་འཁོར་ལོ། སྤྱི་བོར་ཧཾ་ཡིག་དཀར་པོ་བདེ་བའི་རང་བཞིན་ཅན་རྣམས་སྒོམ། དེ་ནས་རླུང་སྔར་ལྟར་བཟུང་བས། སྟེང་རླུང་རོ་རྐྱང་བརྒྱུད་དེ་འོངས་བ་དང་གཤང་ཁའི་རླུང་དཀྱིལ་གཡོས་པ་གཉིས་མེ་དཀྱིལ་གྱི་རཾ་ལ་ཕོག་པས། མེ་ལྕེ་ཚ་བ། རྣོ་བ། ཕྲ་ཞིང་གསལ་བ་དབུ་མའི་ནང་ན་ཡར་འབར་བས་ཧཾ་ལ་རེག་སྤྱི་བོའི་བླ་མ་བདེ་དྲོད་ཀྱིས་མཆོད། དགྱེས་པ་ཆེན་པོས་བདུད་རྩིར་ཞུ་བ་ཧཾ་ལ་ཐིམ། ཧཾ་ལས་བྱང་སེམས་དྭངས་གསལ་བདེ་བའི་རང་བཞིན་ཕྲ་མོ་བ་ཐག་ལྟར་བབས་པ་རམ་ལ་ཐིམ་པས་མེའི་གསོས་བྱས་ཏེ་ཆེས་ཆེར་འབར། དེས་ཟླ་བ་བདུད་རྩིར་བཞུ་བའི་དྭངས་མས་ལུས་ཀུན་གང་བའི་འབར་འཛག་ལ་སེམས་རྩེ་གཅིག་ཏུ་བཟུང་བས་ལུས་བདེ་བ་ཆེན་པོར་ངང་གིས་འཆར་རོ། །གཉིས་པ་འོག་སྒོ་ཁམས་གསུམ་རོལ་པའི་མན་ངག་ནི། བདག་ཉིད་རིགས་འདུས་རྡོ་རྗེ་སེམས་དཔའི་གནས་ལྔར་རིགས་ལྔ་དང་། ཡན་ལག་བཞིར་སྒོ་བ་བཞི། ལས་སམ་ཡེ་ཤེས་ཀྱི་ཕྱག་རྒྱ་གང་ཡིན་ཀྱང་རུང་སྟེ། རྡོ་རྗེ་དབྱིངས་ཕྱུག་མར་གསལ་བའི་གནས་ལྔར་ཡུམ་ལྔ་དང་། ལག་པ་གཉིས། ཞལ་དང་བྷ་ག་རྣམས་སུ་གསང་ཡུམ་བཞི། མཁའ་གསང་ཧཱུཾ་ལས་རྡོ་རྗེ་འབྲུ་གསུམ་དང་། ཨཱཿལས་པདྨ་ཟེའུ་འབྲུར་ཧྲཱིཿས་མཚན་པར་བྱིན་གྱིས་བརླབ། ཡུམ་གྱི་པདྨའི་དབུས་སུ་ཧེ་རུ་ཀ་ལྷ་དགུའི་དཀྱིལ་འཁོར་གསལ་བཏབ། དེ་ནས་རྗེས་ཆགས་ཀྱི་སྤྱོད་པ་སྔོན་དུ་འགྲོ་བས་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་ཏེ། སྙོམས་འཇུག་གི་སྒྲས་བཀུག་པའི་མཁའ་ཁྱབ་ཀྱི་སངས་རྒྱས་ཐམས་ཅད་འདོད་ཆགས་ཆེན་པོར་ཞུ་བ་བདག་ཉིད་རིག་མར་བཅས་པ་ལ་ཐིམ། རྗེས་ཆགས་ཀྱི་མེས་དཀར་ཆ་ཞུ་བའི་བྱང་སེམས་རིམ་པར་བབས་པས་མགྲིན་པ་ལ་སོགས་པའི་གནས་བཞིར་དགའ་བཞི་ངང་གིས་སྐྱེ་བར་འགྱུར་ལ། རེ་རེ་ལའང་བཟུང་ལྡོག་དགྲམ་པའི་གནད་རེ་ཚང་བར་བྱ་ཞིང་། དེ་ཡང་བྱང་སེམས་རྡོ་རྗེ་ནོར་བུར་འོངས་པ་ན་དེས་པདྨའི་དཀྱིལ་འཁོར་མཆོད་ནས་འཛག་མེད་དུ་བཟུང་བས་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཤར་བ་ལ་མཉམ་པར་བཞག །སླར་ཡང་ཧཱུཾ་འདྲེན་དྲག་པོ་དང་། འགྱུར་བཞི་ལ་སོགས་པས་ཉི་ཟླ་གཉིས་འདྲེས་གྱེན་དུ་དྲངས་པས་ལྟེ་བ་ལ་སོགས་པར་མས་བརྟན་གྱི་དགའ་བཞིའི་ཐ་མ་སྤྱི་བོར་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་ཞིང་། རེ་རེའི་མཐར་ཡང་གཅུས་ཤིང་སྤྲུགས་པས་ཁྱབ་པར་དགྲམ་མོ། །བདེ་བ་ཐིག་ལེའི་མན་ངག་གི་སྐབས་འདིར་ལྷན་ཅིག་སྐྱེས་ཀྱི་ཡེ་ཤེས་སྐྱེ་བའི་རིམ་པ་ལ། ཐབས་ལམ་རང་གི་སེམས་བཅུ། སྐབས་བཅུ་དཔེ་རྟགས་བཅུ་དང་སྦྱར་ནས་འབྲས་བུ་ལ་བགྲོད་པ་སྟེ། སྤྱི་མདོའི་ལྗོན་ཤིང་གི་ལེའུ་ལྟར་ཤེས་པར་བྱའོ། །དེ་ཡང་གསང་དབང་རྫོགས་པའི་ཆུ་བོ་གཉིས་ཞག་སོ་སོར་བཅད་དེ་བསྐུར་བའི་ཚེ་རླུང་ཐིག་ལེ་མན་ངག་གཉིས་པོ་འདི་དབང་སྔ་མའི་རྗེས་སུ་སྦྱར་ན་འབྲེལ་ཆགས་ཤིང་། དམིགས་ཐུན་གཅོད་ལུགས་ཀྱང་ཡང་ལྕི་སྙོམས་པས་བདེ་བ་ཡིན་ནོ། །གཉིས་པ་དོན་དམ་བྱང་སེམས་ཀྱི་དབང་དང་འབྲེལ་བའི་རྫོགས་རིམ་ལ། རྟེན་ཅན་དང་རྟེན་མེད་གཉིས་ལས། དང་པོ་རྟེན་ཅན་ལ་མན་ངག་ལུགས་གསུམ་སྟེ། གླན་རྡོར་འོད་ཀྱི་ཕྱག་བཞེས་འགོས་ཀྱི་ཡི་གེར། དབང་གི་དམིགས་པར་བཤད་མ་ཐག་པ་ལྟར། སྙིང་གར་པད་འདབ་བཅུ་དྲུག་ལ་བཀོད་པའི་ཨ་ཡིག་བཅོ་བརྒྱད་རིམ་གྱིས་བསྡུས་ཏེ། བདེ་གསལ་རྩིས་གདབ་མེད་པའི་ངང་ལ་འཇོག་པ་དང་གཅིག །ཟུར་ཧམ་གྱི་ཕྱག་བཞེས་སྨྱལ་པའི་ཡི་གེར། སྙིང་གར་གཞིའི་ཐིག་ལེ་དཀར་པོ་ལྔ་ཚོམས་སུ་བསྒོམ་པའི་ཁྱད་པར་ཙམ་མ་གཏོགས། གཞན་དེ་ལས་འོད་ཀྱི་ཐིག་ཕྲན་སྤྲོ་བསྡུ་སོགས་སྔར་སྒྲུབ་དབང་དང་འབྲེལ་བ་ཨ་ནུའི་ངང་སྒོམ་དུ་བཤད་པ་ཇི་ལྟ་བ་བཞིན་མཛད་པ་དང་གཉིས། སློབ་དཔོན་རྡོ་རྗེ་བཞད་པའི་མན་ངག་ལས་སྙིང་གའི་མི་ཤིགས་པའི་ཐིག་ལེ་ལ་བརྟེན་ནས་འོད་གསལ་ལྷན་ཅིག་སྐྱེས་པ་མི་འགྱུར་བའི་བདེ་བ་ཆེན་པོ་སྒྲུབ་པ་དང་གསུམ་ལས། འདིར་ཕྱི་མ་ལྟར་འཆད་དེ། ལུས་གནད་དང་ལྟ་སྟངས་མི་གཡོ་བར་བཅིངས་ལ། རང་གི་སྙིང་མཆོང་གུར་ཕུབ་པ་ལྟ་བུ་ཁོང་སྟོང་གི་དབུས་ན་རྩ་བརྒྱད་པོ་པདྨ་དཀར་པོ་འདབ་མ་བརྒྱད་པའི་རྣམ་པར་གྱེས་པའི་ལྟེ་བ་ལ། རྩའི་དྭངས་མ་ཤེལ་གྱི་བ་ཐག་ལྟ་བུའི་ནང་ན་ཡེ་ཤེས་སྙིང་པོའི་ཐིག་ལེ་འོད་ལྔའི་གོང་བུ་ཡུངས་འབྲུ་ཙམ་པ་དྭངས་གསལ་འབར་བའི་རྣམ་པ་ཅན་ལ་སེམས་གཏད་དེ། མ་ཡེངས་པར་སལ་ལེ་མཉམ་པར་བཞག་པ་ན། རླུང་སེམས་ཀྱི་དྭངས་མ་ཐམས་ཅད་དེར་ཐིམ་པས། དབྱིངས་རིག་གཉིས་མེད་བདེ་བ་ཆེན་པོའི་ཡེ་ཤེས་སུ་འཆར་ཞིང་དེས་ཡུལ་དང་ཡུལ་ཅན་གྱི་འཛིན་པ་ཞིག་སྟེ་ཁམས་གསུམ་བདེ་བ་ཆེན་པོར་གྲོལ་བར་འགྱུར་རོ། །གཉིས་པ་རྟེན་མེད་ཀྱི་མན་ངག་ནི། ལུས་མི་གཡོ། ངག་མི་བརྗོད། སེམས་དུས་གསུམ་གྱི་སྤྲོས་པ་ཐམས་ཅད་བཅད་ནས་སྤྲིན་མེད་ཀྱི་ནམ་མཁའ་ལྟར་རྣམ་པར་མི་རྟོག་པའི་ངང་ལ་བཞག་པས། གང་ཡང་ཡིད་ལ་མི་བྱེད་པའི་སྟོང་ཉིད་སྤྲོས་པ་དང་བྲལ་བ་ནི། ཀུན་ཏུ་བཟང་མོ་ཆོས་ཉིད་དོན་གྱི་ཡེ་ཤེས་ཏེ། དབྱིངས་སྐྱེ་བ་མེད་པ་ཡེ་ཇི་བཞིན་པའི་དཀྱིལ་འཁོར་རོ། །གསལ་རིག་རྗེན་ནེ་བའི་སྣང་ཆ་ནི། ཀུན་ཏུ་བཟང་པོ་ཆོས་སྐུ་གཞིའི་ཡེ་ཤེས་ཏེ། ཡེ་ཤེས་འགག་པ་མེད་པ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རོ། །དེ་གཉིས་དབྱེར་མེད་པའི་རིག་པ་ནི། དབྱིངས་དང་ཡེ་ཤེས་ཟུང་འཇུག་གཉུག་མའི་ཡེ་ཤེས་ཏེ། སྲས་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རོ། །དེ་ལྟར་ཡང་སྤྱི་མདོ་ལས་། ཀྱེ་འདུས་པའི་ཚོགས་རྒྱལ་བའི་སྲས་རྣམས། རང་རང་གི་དེ་ཁོ་ན་ཉིད་མཐོང་བར་འདོད་ན། དཀྱིལ་འཁོར་ཆེན་པོ་གསུམ་གྱི་སྒོ་འབའ་ཞིག་ཏུ་འཇུག་པར་བྱའོ། །དེ་ཡང་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་འབའ་ཞིག་གི་སྒོར་འཇུག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དཀྱིལ་འཁོར་ཆེན་པོ་གསུམ་དང་རང་རང་གི་དེ་ཁོ་ན་ཉིད་སོ་སོ་མ་ཡིན་ཐ་མི་དད་དོ། །དེ་ཡང་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་འདུས་པའི་ཕྱིར་རོ། །ཞེས་གསུངས། དེས་ཡན་ལག་གི་དཀྱིལ་འཁོར་དུ་མན་ངག་གི་ལུགས་ཀྱི་གསང་དབང་རྫོགས་པའི་ཆུ་བོ་མན་ངག་དང་བཅས་པ་གྲུབ་པས་ཇི་ལྟར་གདམས་པ་ཚུལ་བཞིན་དུ་བསྒྲུབ་པར་བགྱིའོ་སྙམ་པས། གཙོ་བོས་ཇི་ལྟར་སོགས་ཀྱིས་ཁས་བླངས། གཏང་རག་གི་མཎྜལ་དང་། དེང་ནས་བརྩམས་ཏེ་སོགས་ཀྱིས་ཡོན་དབུལ་ཞིང་། དགེ་བ་བསྔོ་བ་རྣམས་སྔར་ལྟར་དང་། རྗེས་ཆོག་རྣམས་སྒྲུབ་ཐབས་ལྟར་བྱའོ། །ངག་བརྗོད་བསམ་འདས་རིག་པའི་གཤིས། །རྩལ་དབང་ཐབས་ཀྱིས་ངོ་སྤྲོད་པའི། །ཆོས་ཉིད་རྗེས་འགྲོའི་དབང་ཆོག་ཁྲིགས། །སྐལ་བཟང་གདུང་སེལ་དཔལ་དུ་བྱིན། །དོན་དམ་བྱང་སེམས་ཀྱི་གསང་དབང་བསྐུར་བའི་དབང་ཆོག་ལེ་ཚན་ནོ། །འདུས་པ་མདོའི་དབང་ཆོག་རྡོ་རྗེའི་ཐེམ་སྐས་ལས། ཡན་ལག་གི་དཀྱིལ་འཁོར་དུ་མན་ངག་གི་ལུགས་ཀྱི་གསང་དབང་རྫོགས་པའི་ཆུ་བོ་བསྐུར་བའི་དབང་ཆོག་བཤད་པའི་སྐབས་ཏེ་ལྔ་པའོ།། །།

རྗེས་གཏད་རྒྱ་བྱ་ཞིང་ཚེ་དབང་བསྐུར་བའི་ཆོ་ག་བཤད་པའི་སྐབས།

༈ ༀ་སྭ་སྟི། གང་འདུལ་རྣམ་འགྱུར་མཐའ་ཡས་པས། །བླ་མེད་ཐེག་པའི་སྒོར་འདྲེན་མཛད། །རྡོ་རྗེ་སློབ་དཔོན་ལ་བཏུད་ནས། །ཟབ་མོ་དབང་གི་གཏད་རྒྱ་བྲི། །ད་ནི་འཇིག་རྟེན་དུ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ལ། དེའི་བཀའ་རྟགས་སྟེར་བ་དང་འདྲ་བར། འདུས་པ་ཆེན་པོ་མདོའི་དབང་ཡོངས་སུ་རྫོགས་པར་ཐོབ་ཅིང་། བདག་གཞན་གྱི་དོན་ནུས་པ་ལ་གཏད་རྒྱའི་ཆོ་ག་བྱ་སྟེ། དེ་ལ་དཀྱིལ་འཁོར་ནི། རྩ་བའི་དཀྱིལ་འཁོར་གྱི་སྟེང་ཁང་ཞི་བའི་དཀྱིལ་འཁོར་ཉིད་ཡིན་ལ། དེ་དབང་རྫས་སུ་འགྲིམ་མི་བདེ་ན་གསར་པ་ཞིག་བྲིས་པ་རྩ་བའི་དཀྱིལ་འཁོར་གྱི་མདུན་དུ་སྟེགས་ལ་བཀོད་ཀྱང་རུང་། གང་ལྟར་ནའང་། ཞི་དཀྱིལ་དང་། སྤྱི་མདོ་མན་ངག་དང་བཅས་པའི་གླེགས་བམ། དབང་རྟགས་སོ་སོའི་གོ་འཕང་དང་འཚམས་པའི་ཕྱག་མཚན་དང་སྟན་རྣམས་འདུ་བྱ་ཞིང་། མཆོད་གཏོར་ཀྱང་རྒྱས་པར་བཤམ། བུ་རྣམས་གནས་པའི་ཕྱོགས་ནས་རུའི་ཁྲི་ལ་རེག་པར་དར་དཀར་རམ་རས་དཀར་ཡུག་རིང་བཏིང་བའི་སྟེང་དུ་ཚོམ་བུ་བཅུ་གསུམ་ཕྲེང་ཚར་དུ་བཀོད། དེ་ནས་སློབ་མ་རྣམས་ཁྲུས་བྱས། བགེགས་གཏོར་བཏང་ལ་མཚམས་བཅད་ནས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་སྙམ་དུ་སེམས་བསྐྱེད་གསལ་བཏབ་ནས་ལེགས་པར་གསན་འཚལ། དེ་ཡང་སྔོན་འཁོར་ལོ་བསྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱུང་བ་ན། གླང་ཆེན་ས་སྲུངས་ཀྱི་བུས་སུམ་ཅུ་རྩ་གསུམ་གྱི་གནས་ནས་བདུད་རྩིའི་ཆུས་ཡོངས་སུ་གཏམས་པའི་རིན་པོ་ཆེའི་བུམ་པ་བླངས་ཏེ་རྒྱལ་པོའི་སྤྱི་བོ་ནས་བླུགས་ཤིང་ཁྲུས་བྱས་པས་འཁོར་ལོ་བསྒྱུར་བའི་རྒྱལ་པོར་དབང་ཐོབ་པར་གྱུར་ལ། དེའི་ཚེ་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ལ་སོགས་ཏེ་རིན་པོ་ཆེའི་བདུན་དབང་གི་བཀའ་རྟགས་སུ་བྱུང་བ་བཞིན་དུ་འདིར་སྐལ་ལྡན་རིག་པ་འཛིན་པ་ཁྱེད་རྣམས་འདུས་པ་ཆེན་པོ་མདོའི་དཀྱིལ་འཁོར་དུ་དབང་གི་ཆུ་བོ་བཞི་ཡོངས་སུ་རྫོགས་པར་ཐོབ་པས་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོ་ཆེན་པོར་གྱུར་པ་ལ། བཀའ་སྲོལ་མི་ནུབ་པའི་ཕྱིར་མཐའ་རྟེན་གཏད་རྒྱའི་ཆོ་ག་སྒྲུབ་པའི་སྐབས་ལགས། དེ་ལ་དོན་ཚན་ལྔ་ལས། དང་པོ་ཞི་བའི་གཞུང་བསྲང་བ་ནི། སློབ་བུས་ཆོ་ག་གཏོང་ཞིང་སློབ་དཔོན་གྱིས་དགོངས་པ་ལ་བཞུགས་པར་བཤད་ནའང་། ད་ལྟ་ལག་ལེན་ལ་ཐེབས་དཀའ་ཞིང་། སྒྲུབ་མཆོད་དངོས་གཞི་གོང་དུ་ཞི་ཁྲོའི་ཆོ་ག་གཞུང་བསྲང་བའི་དུས་སུ་སོང་གྲུབ་པའང་ཡིན་མོད། དེ་ལྟར་ནའང་འདིར་སློབ་བུའི་རྒྱུད་ལ་གསལ་འདེབས་པའི་ཕྱིར་ཁོ་བོས་ཞི་བའི་ཆོག་གཞུང་གྱེར་བར་བྱ་བ་ཡིན་པས། ཁྱེད་རང་རྣམས་ཀྱང་ཡིད་མ་ཡེངས་པར་ཉོན་ལ་དེ་དང་དེའི་དོན་སྒོམ་པར་གྱིས་ཤིག །ཅེས་བརྡ་སྦྱར་ནས། སློབ་དཔོན་གྱིས། སྟོང་པའི་ངང་ལས་ཧཱུཾ་ཞེས་བརྗོད་པས་བདག་ཉིད་ཞེ་སྡང་རྡོ་རྗེ་ཡབ་ཡུམ་དུ་གསལ་བའི་ཤངས་ཀྱི་ཧཱུཾ་རིང་དང་བྱང་ཆུབ་ཀྱི་སེམས་སྤྲིན་ལས་ཁྲོ་བོའི་ཚོགས་མེ་མཚོན་དང་བཅས་སྤྲོས་པས་བགེགས་ཐམས་ཅད་བསྐྲད། ཚུར་འདུས་ཏེ་བསྲུང་བའི་འཁོར་ལོས་བཅིངས་པར་གྱུར། མཆོད་རྫས་རྣམས་རཾ་ཡཾ་ཁཾ་གིས་བསྲེག་གཏོར་སྦྱངས། སྟོང་པའི་ངང་ལས་དབྱིངས་ཀྱི་མཆོད་སྣོད་དུ་མཆོད་རྫས་ཡེ་ཤེས་ལྔའི་རྣམ་རོལ་ནམ་མཁའ་གང་བར་བྱིན་གྱིས་བརླབས་ལ། འདི་ལྟར་སྣང་བའི་ཆོས་ཐམས་ཅད་དབྱིངས་སྐྱེ་བ་མེད་པའི་ངང་ལས། སྙིང་རྗེ་རིག་པའི་རྩལ་སྣང་ཡེ་ཤེས་ཀྱི་རོལ་པར་མ་འགགས་པ། དེ་གཉིས་ཟུང་དུ་འཇུག་པའི་བྱང་ཆུབ་ཀྱི་སེམས་ལས། ཨེ་ཡཾ་ཝཾ་ལཾ་སུཾ་རཾ་བྷྲཱུཾ། ཞེས་ཆོ་འཕྲུལ་གྱི་རང་སྒྲར་གྲགས་པས་འབྱུང་བཞི་རི་རབ་དང་བཅས་པ་གྲུབ་པའི་སྟེང་། མེའི་ཁོར་ཡུག་གི་དབུས་སུ་ཡེ་ཤེས་རིན་པོ་ཆེའི་གཞལ་ཡས་ཁང་གདན་དང་བཅས་པ་གསལ་བར་གྱུར། སླར་ཡང་ༀ་ཨ། ཧཱུཾ་མཱུཾ། ༀ་ལཱཾ། སྭཱ་མཱཾ། ཨཱཾ་པཱཾ། ཧཱ་ཏཱཾ། ཀྵིཾ་ཧཱུཾ། ཏྲཾ་ཏྲཾ། ཧྲཱིཾ་ཧྲཱིཾ། ཛྲིཾ་ཨཾ། མཻ་ཛཿ ཐླྷིཾ་ཧཱུཾ། ཧཱུཾ་བཾ། མཱུཾ་ཧོཿ ༀ་ཨ། ཀྲིཾ་ཏྲུཾ། སྲུཾ་བྲཾ། ཀྵཾ་ཡེ། ཧཱུཾ་ཛཿ ཧཱུཾ་ཧཱུཾ། ཧཱུཾ་བཾ། ཧཱུཾ་ཧོཿ ཞེས་ཆོས་ཉིད་ཀྱི་རང་སྒྲར་གྲགས་པས། དཀྱིལ་འཁོར་གྱི་དབུས་སུ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ། གཙོ་བོའི་མདུན་དང་རྩིབས་བཞིར་རིགས་ལྔ། རྩིབས་མཆན་ལ་ནང་སེམས། གྲུ་ཆད་ལ་ཕྱི་སེམས། ཁྱམས་ཀྱི་ནུབ་དང་ཤར་དུ་བྱ་བྱེད། སྒོར་མཐར་བྱེད་བཞི་རྣམས་སོ་སོའི་ཡུམ་དང་བཅས་པ། ཁྱམས་ཀྱི་ལྷོ་བྱང་དང་མཚམས་བཞིར་ཐུབ་པ་དྲུག་རྣམས་བཀྲ་ལམ་གྱིས་གསལ་བར་གྱུར། ༀ་མ་ཧཱ་ཤཱུ་ནྱ་ཏཱ་སོགས་ཀྱིས་དབང་བསྐུར། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་སོགས་ཀྱིས་བྱིན་གྱིས་རློབ། བཛྲ་ས་མཱ་ཛཿས་སྙན་གསན་དབབ། ཨེ་ཧྱེ་ཧསི་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་བསྟིམ། ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་གྱིས་བརྟན། ཀུན་བཟང་ཞབས་བསིལ་བཞི་བསྣོལ་གྱིས་མཆོད། ༀ། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །སྐུ་གསུང་ཐུགས་ཀྱིས་ཀུན་ཏུ་ཁྱབ། །སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ། །ཧོཿ ཞེས་པས་བསྟོད། ཕཊ་ཛཿས་འཛབ་ཁང་ཕྱེ་ནས། དམ་ཡེ་འཕྲོ་འདུ་སྟེ་གསལ་བ་གསུམ་དང་ལྡན་པས། ༀ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཞེས་པ་ཅི་རིགས་བཟླས་ལ་ཧཱུཾ་ཞེས་འཛབ་ཁང་བསྡུ་བར་བྱའོ། །དེས་ཆོ་ག་གཞུང་བསྲང་བ་སོང་ནས། ད་གཉིས་པ་འཁོར་གསུམ་ཡོངས་སུ་དག་པའི་ཡོན་འབུལ་བ་ནི། དེ་ཡང་འཁོར་བ་འདི་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་ལས་མ་འདས་པས། མངོན་པར་མཐོ་བ་ལྷ་མིིའི་བདེ་འབྱོར་དང་། ཞི་བ་ཉན་རང་གི་བྱང་ཆུབ་ཀྱང་བླ་ན་མེད་པའི་བྱང་ཆུབ་ལ་སྒྲིབ་པའི་ཕྱིར། དོན་དུ་གཉེར་བྱ་མ་ཡིན། །དེས་ན་དོན་གཉིས་མཐར་ཕྱིན་མཆོག་གི་དངོས་གྲུབ་མི་སློབ་པའི་ཟུང་འཇུག་གི་གོ་འཕང་སྒྲུབ་པ་ལ་སྤྲོ་བ་འདོད་པའི་དད་པ་དང་། དེ་སྒྲུབ་པའི་ཐབས་རྣམ་པར་གྲོལ་བའི་ལམ་གྱི་རྩེ་མོ་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི་ལམ་ཁོ་ན་ཡིན་པར་ཡིད་ཆེས་པའི་དད་པ་དང་། ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་བླ་མ་དམ་པའི་རྗེས་སུ་འབྲང་བ་ཡིན་པས་རྡོ་རྗེ་སློབ་དཔོན་ཉིད་སངས་རྒྱས་ཀུན་འདུས་སུ་མཐོང་བ་དང་བའི་དད་པ་སྟེ། དེ་ལྟར་གསལ་བཏབ་ནས་གཏད་རྒྱ་ཞུ་བའི་ཡོན་དུ་གསེར་གྱི་མཎྜལ་ཕུལ་མཛོད། ཅེས་བརྡ་སྦྱར་ཏེ། བུས་ཀྱང་གསེར་ཞོ་རེ་ལས་མི་ཆུང་བའི་ཡོན་འབུལ་དགོས་པར་བཤད་ནའང་། རང་གི་འབྱོར་པ་དང་སྦྱར་ནས་ཅི་ནུས་འབུལ་དུ་གཞུག་གོ། །གསུམ་པ་ཞིང་ཁམས་བསྟན་ཅིང་སྙན་བརྒྱུད་སྒྲོག་པའི་ཐོག་མར་རྒྱུད་དག་པར་བྱ་བའི་ཕྱིར་བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོ་ལ་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བ་འདིའི༴ རྡོ་རྗེ་རྣལ་འབྱོར་མཆོག་གི་ལྷ། །འགྲོ་དྲུག་འདྲེན་པའི་དཔལ་མཛད་པ། །རྡོ་རྗེ་ཅན་ལ་ཕྱག་འཚལ་ཏེ། །བྱམས་མགོན་ཁྱོད་ལ་སྐྱབས་སུ་མཆི། །ཞེས་ལན་གསུམ། དེ་ནས་བདག་གཞན་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པའི་འདུན་པས་སེམས་བསྐྱེད་པ་འདིའི༴ བདག་དང་མཐའ་ཡས་སེམས་ཅན་རྣམས། །དོན་གྱིས་སངས་རྒྱས་ཡིན་མོད་ཀྱང་། །རྟོག་པའི་དབང་གིས་འཁོར་བ་ལས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་ལན་གསུམ། དེ་ནས་མོས་གུས་གདུང་ཤུགས་དྲག་བོས་གསོལ་བ་གདབ་པ་འདིའི༴ བླ་མ་སངས་རྒྱས་རིན་པོ་ཆེ། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དང་། །མཁའ་འགྲོ་དམ་ཅན་ཚོགས་བཅས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ༀ་མ་ཧཱ་གུ་རུ་ཤ་རི་རཾ་གཱི་ལི་ཧཱུཾ། ༀ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུཾ་ཧཱུཾ། ཞེས་པའི་འཛབ་དང་བཅས་ཏེ་གསོལ་བ་གདབ། དེ་ནས་ཞིང་ཁམས་བསྟན་པ་ནི། ཀྱེ། རིགས་ཀྱི་བུ་རྣམས་ལག་ཐལ་མོ་སྦྱོར་ལ་མ་ཡེངས་པར་ཉོན་ཅིག །སངས་རྒྱས་མི་བསྐྱོད་པའི་ཞིང་ཁམས་མངོན་པར་དགའ་བ་ན་སྐྱེས་བུ་ཆེན་པོ་རྡོ་རྗེ་སེམས་དཔའ་ཞེས་བྱ་བར་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་ས་ཡའི་འཁོར་དང་བཅས་ཏེ། སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་གསང་སྔགས་ཀྱི་ངོ་བོ་དེ་ཁོ་ན་ཉིད་རང་གི་སྟོན་པ་ལ་བརྡའ་དགོངས་ཀྱིས་ཉན་ཞིང་རང་གི་འཁོར་ལ་དེ་བཞིན་དུ་སྟོན་ཏོ། །བུ་ཁྱོད་དེ་ཡིད་ལ་དྲན་པར་གྱིས་ཤིག །ཡང་སངས་རྒྱས་རིན་ཆེན་འབྱུང་བའི་ཞིང་ཁམས་དཔལ་དང་ལྡན་པ་ན་སྐྱེས་བུ་ཆེན་པོ་རྡོ་རྗེ་རིན་ཆེན་ཞེས་བྱ་བར་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་ས་ཡའི་འཁོར་དང་བཅས་ཏེ། གསང་སྔགས་ཀྱི་ངོ་བོ་དེ་ཁོ་ན་ཉིད་རང་གི་སྟོན་པ་ལ་ཉན་ཅིང་རང་གི་འཁོར་ལ་སྟོན་ཏོ། །བུ་ཁྱོད་དེ་ཡིད་ལ་དྲན་པར་གྱིས་ཤིག །ཡང་སངས་རྒྱས་འོད་དཔག་མེད་ཀྱི་ཞིང་ཁམས་བདེ་བ་ཅན་ན་སྐྱེས་བུ་ཆེན་པོ་ཆོས་ཀྱི་སྤྲིན་ཞེས་བྱ་བར་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་ས་ཡའི་འཁོར་དང་བཅས་ཏེ་གསང་སྔགས་ཀྱི་ངོ་བོ་དེ་ཁོ་ན་ཉིད་རང་གི་སྟོན་པ་ལ་ཉན་ཅིང་རང་གི་འཁོར་ལོ་སྟོན་ཏོ། །བུ་ཁྱོད་དེ་ཡིད་ལ་དྲན་པར་གྱིས་ཤིག །ཡང་སངས་རྒྱས་གདོན་མི་ཟ་བར་གྲུབ་པའི་ཞིང་ཁམས་རྣམ་པར་དག་པ་ན་སྐྱེས་བུ་ཆེན་པོ་རྡོ་རྗེ་ལས་ཞེས་བྱ་བར་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་ས་ཡའི་འཁོར་དང་བཅས་ཏེ་གསང་སྔགས་ཀྱི་ངོ་བོ་དེ་ཁོ་ན་ཉིད་རང་གི་སྟོན་པ་ལ་ཉན་ཅིང་རང་གི་འཁོར་ལ་སྟོན་ཏོ། །བུ་ཁྱོད་དེ་ཡིད་ལ་དྲན་པར་གྱིས་ཤིག །ཡང་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་བྱང་ཆུབ་སྙིང་པོ་ཅན་ན་སྐྱེས་བུ་ཆེན་པོ་རྡོ་རྗེ་འཛིན་པ་ཞེས་བྱ་བར་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་ས་ཡའི་འཁོར་དང་བཅས་ཏེ་གསང་སྔགས་ཀྱི་ངོ་བོ་དེ་ཁོ་ན་ཉིད་རང་གི་སྟོན་པ་ལ་ཉན་ཅིང་རང་གི་འཁོར་ལ་སྟོན་ཏོ། །བུ་ཁྱོད་དེ་ཡིད་ལ་དྲན་པར་གྱིས་ཤིག །དེ་དག་ནི་རྫོགས་ལོངས་སྤྱོད་པའི་ཞིང་ཁམས་སོ། །ཡང་སྤྲུལ་པ་སྐུའི་ཞིང་ཁམས་ནི། སངས་རྒྱས་ཐུབ་པའི་དབང་པོའི་ཞིང་ཁམས་མོས་པ་ཅན་མི་མཇེད་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཞེས་བྱ་བ་རྡོ་རྗེ་གདན་གྱིས་རྣམ་པར་བརྒྱན་པ་དང་། བྱེ་བྲག་ཏུ་རྒྱལ་ཚབ་སྐྱེས་བུའི་གནས་ལྕང་ལོ་ཅན་གྱི་ཕོ་བྲང་ན། སྐྱེས་བུ་ཆེན་པོ་གསང་བའི་བདག་པོ་ཞེས་བྱ་བར་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་ས་ཡ་དང་གནོད་སྦྱིན་རིགས་ཅན་གྱི་འཁོར་མང་པོ་དང་བཅས་ཏེ་གསང་སྔགས་ཀྱི་ངོ་བོ་དེ་ཁོ་ནི་ཉིད། རང་གི་སྟོན་པ་ལ་ཚིག་ཏུ་ཉན་ཞིང་རང་གི་འཁོར་ལ་དེ་བཞིན་དུ་སྟོན་ཏོ། །བུ་ཁྱོད་དེ་ཡིད་ལ་དྲན་པར་གྱིས་ཤིག །དེ་བཞིན་དུ་སངས་རྒྱས་སྤྲུལ་པའི་སྐུ་དྲི་མེད་སྒྲ་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་ཞིང་ཁམས་དྲི་མ་མེད་པ་ལ་སོགས་པ་དཔག་ཏུ་མེད་པ་ན། གྲངས་མེད་པའི་སྐྱེས་བུ་ཆེན་པོ་རྣམས་ལ་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་ས་ཡ་བརྗོད་ཀྱིས་མི་ལང་བའི་འཁོར་དང་བཅས་ཏེ་གསང་སྔགས་ཀྱི་ངོ་བོ་དེ་ཁོ་ན་ཉིད་རང་རང་གི་སྟོན་པ་དག་ལ་ཚིག་ཏུ་ཉན་ཅིང་རང་རང་གི་འཁོར་ལ་དེ་བཞིན་དུ་སྟོན་ཏོ། །བུ་ཁྱོད་དེ་དག་ཡིད་ལ་དྲན་པར་གྱིས་ཤིག །ཡང་ཆོས་ཀྱི་སྐུའི་ཞིང་ཁམས་ནི། གཟུགས་ཀྱི་སྐུ་གཉིས་ཀྱི་ཞིང་ཁམས་བསྟན་པ་དེ་བཞིན་དུ། སྟོན་པ་ཆོས་ཀྱི་སྐུའི་ཞིང་ཁམས་སྙིང་པོ་བྱང་ཆུབ་ཅེས་བྱ་བ་ན་རྒྱལ་ཚབ་སྐྱེས་བུ་ཞེས་བྱ་བར་རྒྱལ་ཚབ་སྐྱེས་བུ་བསམ་གྱིས་མི་ཁྱབ་པའི་འཁོར་དང་བཅས་ཏེ། གསང་སྔགས་ཀྱི་ངོ་བོ་དེ་ཁོ་ན་ཉིད་ལ་དགོངས་པ་ངེས་པར་འགྲེལ་ཏོ། །བུ་ཁྱོད་དེ་ཡིད་ལ་དྲན་པར་གྱིས་ཤིག །དེ་ལྟར་སྐུ་གསུམ་གྱི་ཞིང་ཁམས་དྲན་པར་བྱས་པས་ནི། འདུས་པ་ཆེན་པོའི་མདོའི་དབང་གི་ཆུ་བོ་ཆེན་པོ་བཞི་རྫོགས་པའི་སྐལ་ལྡན་རིག་པ་འཛིན་པ་ཁྱོད་རྣམས་ཞིང་ཁམས་དེ་དང་དེར་ཡོངས་སུ་གྲགས་ཤིང་གྲོལ་པའི་རྟེན་འབྲེལ་སྒྲིགས་པ་ཡིན་ནོ། །དེ་ཡང་བླ་མ་བརྒྱུད་པའི་བྱིན་རླབས་ལ་རག་ལུས་པས་བཀའ་བབས་སྙན་བརྒྱུད་ཀྱི་གཏད་རྒྱ་སྒྲོག་པ་ནི། སྤྲོ་ན་གཏད་རྒྱ་སྙན་བརྒྱུད་མ་དང་གསང་མཚན་མ་གཉིས་ཡིག་རྙིང་ཇི་ལྟ་བ་བཞིན་བསྒྲག་པར་བྱ་བ་ཡིན་མོད། ཧ་ཅང་མང་བས་མི་ནུས་ན། སྙན་བརྒྱུད་ཀྱི་ངག་དོན་བསྡུས་པ་འདི་ཙམ་ཞིག་སྒྲོག་པར་བྱ་སྟེ། འོ་སྐལ་ལྡན་རིག་པ་འཛིན་པ་ཁྱེད་རྣམས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག །བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་མངའ་བ་དེས། སྤྱིར་གདུལ་བྱ་དག་མ་དག་གི་ཁྱད་པར་གྱིས་འོག་མིན་ཆེན་པོའི་གནས་དང་། ལྷའི་གནས་ཀྱི་གཙང་མའི་འོག་མིན་དང་། དབང་སྒྱུར་གྱི་ཁང་བཟང་དང་། རི་རབ་ཀྱི་ལྕོག་དང་། ལྕང་ལོ་ཅན་ལ་སོགས་པ་རྣམས་དང་། མིའི་གནས་ཀྱི་ཝཱ་རཱ་ཎ་སཱི་ལ་སོགས་པར་ཆོས་དཔག་ཏུ་མེད་པ་གསུངས་པ་ལས། འདིར་མདོ་ཡོངས་རྫོགས་ཀྱི་རང་སྐད་ལྟར་ན། ལྷ་དང་མིའི་ཐེག་པ་ཆུ་བོ་ནཻ་རཱཉྫ་ནར་གསུངས། ཉན་ཐོས་ཀྱི་ཐེག་པ་ཝཱ་རཱ་ཎ་སཱིར་གསུངས། རང་སངས་རྒྱས་ཀྱི་ཐེག་པ་རི་བོ་བྱ་རྐང་ཅན་དུ་གསུངས། བྱང་ཆུབ་སེམས་དཔའི་ཐེག་པ་རྒྱལ་པོའི་ཁབ་ཀྱི་བྱ་རྒོད་ཕུང་པོའི་རི་བོར་གསུངས། ཀྲི་ཡའི་ཐེག་པ་ཝཱ་རཱ་ཎ་སཱིར་གསུངས། ཡོ་གའི་ཐེག་པ་རྣམས་མེ་རི་འབར་བའི་རྩེ་ལ་སོགས་པར་གསུངས་སོ། །གསང་སྔགས་བླ་ན་མེད་པའི་ཐེག་པ་ནི་ཕྱིས་འབྱུང་བར་ལུང་བསྟན་པ་ལྟར། ཐུབ་པའི་དབང་པོ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་པ། ལངྐའི་ཡུལ་གྱི་རི་བོ་མ་ལ་ཡའི་རྩེར་གསང་བདག་དངོས་སུ་བྱོན་ནས་རིགས་ཅན་ལྔ་ལ་ཆོས་འཁོར་བསྐོར། དེའི་བྱིན་རླབས་ཀྱིས་སྐལ་ལྡན་རྒྱལ་པོ་ཛཿལ་ངོ་མཚར་བའི་རྨི་ལྟས་བདུན་ཤར་ཞིང་། དེ་དང་མཐུན་པར་རྒྱུད་ལུང་གི་གླེགས་བམ་དངོས་སུ་བབས་ཏེ། མི་ཡུལ་དུ་བསྐྱེད་རྫོགས་གཉིས་ཀྱི་བསྟན་པ་ཡོངས་སུ་དར་བར་གྱུར། དེ་ནས་རིང་ཞིག་འདས་པ་ན་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེའམ་རོ་ལངས་བདེ་བ་ཞེས་བྱ་བ་འཇིག་རྟེན་དུ་བྱོན་ཏེ། ཆུང་ངུ་ནས་སངས་རྒྱས་ཀྱི་ཆོས་མང་པོ་ཐུགས་ལ་རང་ཤར་དུ་མཁྱེན། གསང་བའི་བདག་པོ་ལ་རང་བཞིན་རྫོགས་པ་ཆེན་པོའི་ཆོས་ཐམས་ཅད་གསན་ནས་དར་བར་མཛད། ཁྱད་པར་རྒྱལ་པོ་དྷ་ཧེ་ནའི་བུ་མོ་རིན་ཆེན་གསལ་སྒྲོན་གྲོགས་སུ་ཁྲིད་ནས། ཟླ་གམ་འོད་འཕྲོ་སེང་གེ་ནགས་བརྟེན་གྱི་ཚལ་དུ་ཨཱ་ཙརྻ་ཀིངྐ་ར་ལ་རྩལ་ཆེན་གྱི་དབང་ཞེས་བྱ་བ་ཕ་རོལ་ཏུ་ཕྱིན་པ་མཛད་པ་ཉི་ཤུའི་དབང་ནོས། དེ་ནས་པདྨ་མེ་ཏོག་ལྗོན་ཤིང་གི་ཚལ་དུ་ཨཱ་ཙརྻ་ནཱ་གརྫུ་ན་ཙཎྜཱི་ཀ་ལ་གཏན་ཚིགས་བགྲོ་གླེང་གི་དབང་ཞེས་བྱ་བ་ཀྲི་ཡའི་དབང་མཆོག་ཉི་ཤུ་རྩ་དྲུག་ནོས། དེ་ནས་ལྷ་བྱ་སྐད་སྙན་ལྗོན་ཤིང་གི་ཚལ་དུ་སློབ་དཔོན་ཆེན་པོ་པདྨ་ཀུ་མ་ཏི་ལ་ཡོ་ག་བཀྲ་ཤིས་དྲུག་ཅུ་རྩ་གཉིས་ཀྱི་དབང་ནོས། དེ་ལྟར་ཕྱི་དབང་རྫོགས་ནས་རྡོ་རྗེ་གདན་དུ་སློབ་དཔོན་ཆེན་པོ་རབ་ཏུ་གསལ་བ་ལ། མཉམ་སྦྱོར། ཟླ་གསང་། གསང་བ་འདུས་པ་སྙིང་ཞགས་སོགས་ཏནྟྲ་མཐའ་ཡས་པ་ནོས་ཏེ་རྒྱུད་ལུང་ཐམས་ཅད་ཀྱི་བཀའ་བབས། དེ་ནས་བྱུ་རུ་དམར་པོ་ཆུ་མིག་དགུ་སྒྲིལ་གྱི་ཚལ་དུ། ཕྱི་ཡོ་བྱད་རྫས་ཀྱི་དབང་། ནང་རིག་པ་ཏིང་ངེ་འཛིན་གྱི་དབང་། གསང་བ་ཡེ་ཤེས་ལྔའི་དབང་། དེ་ཁོ་ན་ཉིད་ཆོས་ཉིད་བྱང་ཆུབ་སེམས་ཀྱི་དབང་སྟེ། དབང་གི་ཆུ་བོ་བཞི་ཡོངས་སུ་རྫོགས་པར་ཐོབ་པས། རྟོག་ཚོགས་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་རྟོགས་ཤིང་། དབང་རྟགས་སུ་སློབ་དཔོན་ལ་ཤེལ་གྱི་ཕྱག་ཤིང་དང་། གྲོགས་མོ་ལ་སྣང་སྲིད་གསལ་བའི་མེ་ལོང་ཞིག་བྱིན། དེ་ནས་རྒྱ་གར་དང་ཨ་ཌཱི་ཡ་ནའི་ཡུལ་གྱི་མཚམས་མ་ག་ཏའི་བྲག་ཕུག་ཏུ་ཨོ་རྒྱན་གྱི་རྒྱལ་པོ་དྷརྨ་ཀཱ་ཡ་དང་། ཀླུ་ཡི་བུ་མོ་རྒྱ་མཚོ་གཉིས་ཀྱིས་རོ་ལངས་བདེ་བ་ཡབ་ཡུམ་སྤྱན་དྲངས། ཨོ་རྒྱན་གྱི་ཡུལ་ནས་སློབ་མ་བསྡུས་ཏེ་ཚོགས་སྒྲུབ་མཛད་པས་ཐམས་ཅད་ཀྱིས་མཆོག་གི་དངོས་གྲུབ་བརྙེས། དེ་ནས་ཨོ་རྒྱན་གྱི་རྒྱལ་པོ་དྷརྨ་ཀཱ་ཡས་ཟ་ཧོར་གྱི་རྒྱལ་པོ་ལ་དབང་བསྐུར། དེས་སིངྒཱ་ལའི་རྒྱལ་པོ་ལ། དེས་དགེ་སློང་སོ་ཀྱ་དེ་བ་ལ། དེས་སྒེག་པ་རྡོ་རྗེ་ལ། དེས་ཆོས་བློན་བདེ་བ་ལ། དེས་མཁན་པོ་ཆོས་རྒྱལ་སྐྱོང་ལ་དབང་བསྐུར་རོ། །ཡང་ན་རོ་ལངས་བདེ་བས་སློབ་དཔོན་རྡོ་རྗེ་བཞད་པ་ལ་བསྐུར། དེ་ནས་པྲ་བྷཱ་ཧསྟི། ཤཱཀྱ་སེང་གེ། དྷ་ན་རཀྵི་ཏ། ཧཱུཾ་ཀཱ་ར། སློབ་དཔོན་ཆེན་པོ་བདེ་བ་གསལ་མཛད། དེས་མདོ་མཁན་དྷརྨ་བོ་དྷི། མཁན་པོ་ཆོས་རྒྱལ་སྐྱོང་། བལ་པོ་བ་སུ་དྷ་ར་རྣམས་ལ་བསྟན། དེ་གསུམ་གྱི་སློབ་མ་ཆེ་བཙན་སྐྱེས་ཏེ། བཞི་ཀས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ལ་བཤད་དེ། སྔ་མ་ནི་མདོ་ཡོངས་རྫོགས་ཀྱི་བརྒྱུད་པ་བྱེ་བྲག་ལ་ལུགས་གཅིག་དང་། ཕྱི་མ་ནི་ལུང་སྤྱི་དང་ཡང་འབྲེལ་བའི་བརྒྱུད་པ་ཡིན་པར་གདའ། གཞན་ཡང་མདོ་རྩ་བའི་དབང་དང་བཤད་སྒྲུབ་ཀྱི་བརྒྱུད་པ་ལྟར་ན། སྐལ་ལྡན་རྒྱལ་པོ་ཛཿས་སྲས་ཨིནྡྲ་བོ་དྷི་ལ། དེས་ཀུ་ཀུ་རཱ་ཛ་ཕྱི་མ་ལ། དེས་སློབ་དཔོན་ཆེན་པོ་རོ་ལངས་བདེ་བ་ལ་གནང་བ་སྟེ། དེ་ཐམས་ཅད་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་དང་མི་གཉིས་ཤིང་། ཡེ་ཤེས་ཀྱི་ལྷས་དངོས་སུ་དབང་བསྐུར་བ་ཤ་སྟག་ཏུ་གྱུར་པ་ཡིན། དེ་ལ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་དགུང་ལོ་བརྒྱ་དང་བཅུ་བཞི་བཞུགས། རྒྱ་བལ་དུ་ལན་ལྔ་བྱོན། རྒྱ་བོད་ཀྱི་པཎ་གྲུབ་མང་པོའི་ཐུགས་ཀྱི་བཅུད་ལོན། བསྐྱེད་རྫོགས་གསུམ་གྱི་དགོངས་པ་མཐར་ཕྱིན། ཁྲོ་བོ་སྟོབས་པོ་ཆེས་དངོས་སུ་དབང་བསྐུར། ལས་བཞི་གང་ལའང་ཐོགས་པ་མེད། དོན་ལ་སྒོམ་ལམ་འོད་འཕྲོའི་ས་བརྙེས་པ་ཡིན་པར་གདའ། གནུབས་ཆེན་ལ་སློབ་མ་མང་ནའང་། མདོ་དབང་ལ་བཀའ་དྲིན་ཆེ་བ་ནི། དབང་རྒྱུད་གདམས་ངག་གི་བཀའ་བབས་ཤིང་འོད་བྱེད་ཀྱི་ས་བརྙེས་པ་སྲས་ཀྱི་དམ་པ་ཁུ་ལུང་པ་ཡོན་ཏན་རྒྱ་མཚོ་དང་། དབང་བཞི་ཆུ་བོའི་བཀའ་བབས་པ་སྲུ་ལེགས་པའི་སྒྲོན་མེ་གཉིས་ཡིན། ཁུ་ལུང་པའི་སྲས་ཡེ་ཤེས་རྒྱ་མཚོ། དེས་རྒྱ་བློ་གྲོས་བྱང་ཆུབ། དེས་ཐོ་དཀར་ནམ་མཁའ་ལྡེ་ལ་དང་། སྲུས་ཞུ་སྟོན་བསོད་ནམས་ཤཱཀྱ་ལ་བཤད། ཐོ་དཀར་དང་ཞུ་སྟོན་གཉིས་ལ་ལྷ་རྗེ་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ཀྱིས་ཞུས། དེ་ནི་བཀའ་ཕྱི་ནང་གི་ཆོས་ཐམས་ཅད་ལ་མཁས། ཡི་དམ་གྱི་ལྷ་མང་པོའི་ཞལ་གཟིགས། སྐུ་ལུས་ལྷ་ཡི་དཀྱིལ་འཁོར་དུ་གཞན་ལ་སྟོན་པར་ནུས། རྫོགས་པའི་སངས་རྒྱས་ཀྱིས་གསང་སྔགས་ཀྱི་བསྟན་པའི་བདག་པོར་ལུང་བསྟན་པར་གྲགས། དེས་ལྟ་དགོངས་ཀྱི་རྩེ་མོར་གྱུར་པ། གསད་པ་གསོ་ནུས་ཤིང་། འབྱུང་བ་གང་ལའང་ཐོགས་པ་མེད་པའི་རྫུ་འཔྲུལ་གྱིས་སྐུའི་བཀོད་པ་སྟོན་པར་ནུས་པ་བདེ་གཤེགས་རྒྱ་བོ་པ་ཟུར་ཆུང་ཤེས་རབ་གྲགས་པ་ལ་གནང་། དེས་བསྐྱེད་རྫོགས་གསུམ་ཀ་ལ་མཁས་ཤིང་ཁྱད་པར་མདོའི་ཀ་ཆེན་ཡང་ཁྱེད་བླ་མ། བསྐྱེད་རྫོགས་གསུམ་དང་ཁྱད་པར་སྒྱུ་འཕྲུལ་གྱི་ཀ་ཆེན་གླན་ཆུ་བར་པ་ཤཱཀྱ་བཟང་པོ། ལྟ་དགོངས་ཕུལ་ཏུ་བྱུང་བ་གླན་ཉ་ཚལ་བ་ཤཱཀྱ་བྱང་ཆུབ། ཕྲིན་སྒྲུབ་ཀྱི་ཀ་བ་མདའ་ཏིག་ཆོས་ཤཱཀ རྫོགས་ཆེན་གྱི་ཀ་བ་སྐྱོ་སྟོན་ཤཱཀ་ཡེ་སོགས་ལ་གནང་། དེ་ལྔ་ཀ་ལས་གསང་བདག་སྒྲོ་ཕུག་པ་ཆེན་པོ་ཤཱཀྱ་སེང་གེས་བསྐྱེད་རྫོགས་གསུམ་གསན་ཞིང་། ཁྱད་པར་འདུས་པ་མདོའི་སྐོར་ཡང་ཁྱེད་ལ་གཙོ་བོར་བཏུགས་ཏེ་མཁས་པར་མཛད། གསང་བདག་ཆེན་པོ་འདི་ནི་ཕྱག་ན་རྡོ་རྗེའི་སྤྲུལ་པར་གྲགས། ཉ་རི་སྟོན་བཞི་དཔང་དུ་བཞག་ནས་མི་མངོན་པའི་མཁའ་ལ་གཤེགས་པ་སོགས་ཐོགས་པ་མེད་པའི་རྫུ་འཕྲུལ་མངའ། ཐུགས་སྲས་བཞི་གསུམ་བཅུ་གཉིས་སོགས་སློབ་མ་གྲྭ་ས་འཛིན་པའི་གདུགས་ཐོགས་སྟོང་ཐོན། བསྟན་པ་རྒྱ་མཚོའི་མཐའ་ལ་ཐུག་གི་བར་དུ་དར་ཞིང་རྒྱས་པར་མཛད་དེ་ཉི་ཟླ་ལྟར་ཡོངས་སུ་གྲགས་སོ། །རྗེ་སྒྲོ་ཕུག་པ། གླན་ཆུ་བར་བ། གླན་ཉ་ཚལ་བ་སྟེ་གསུམ་གྱིས་རྗེས་སུ་བཟུང་བ་ནི་འོག་གདོང་གི་ལྷ་རྗེ་འགར་ཡིན་ལ། དེས་སྲེགས་རྡོ་རྗེ་རྒྱལ་མཚན་ལ། དེས་རིག་པའི་གནས་ལྔ་ལ་མཁས་ཤིང་གསང་བའི་བདག་པོའི་ཞལ་གཟིགས་པ་གླན་ཉ་ཚལ་པ་ཆེན་པོ་རྡོ་རྗེ་འོད་ལ། དེས་རང་གི་སྲས་མཆེད་གཉིས་ལ་འདུས་པ་མདོའི་དབང་གནང་ནའང་། གཏད་རྒྱ་ནི་གླན་བསོད་རྒྱལ་གྱིས་ཡབ་ཀྱི་སློབ་མ་ཆོས་ཀྱི་སྡོང་པོ་དཀོན་རིན་ལ་གསན་པར་གདའ། དེ་ནས་རིམ་པར་གླན་བསོད་ནམས་མགོན་པོའི་བར་གླན་གྱི་རིག་འཛིན་མཁས་གྲུབ་ཟམ་མ་ཆད་པ་བཞི་བརྒྱུད་དེ། གླན་བསོད་ནམས་མགོན་པོ་ལས་སྒྲོལ་ཆེན་འཇམ་དབྱངས་བསམ་གྲུབ་རྡོ་རྗེས་འདུས་པ་མདོའི་དབང་གསན། དེ་དུས་གཏད་རྒྱ་གསན་པ་མ་བྱུང་བས་ཕྱིས་གླན་གྱི་ཕྱི་ཚར་གྱི་སློབ་མ་གཟི་སྟོན་ཤཱཀྱ་བཟང་པོ་ལ་གསན་པར་མཛད། དེ་ཡན་ཆད་གཏད་རྒྱ་ལ་བཀའ་དོག་ནའང་། དེ་ནས་བཀའ་རྒྱ་བཀྲོལ་ཏེ། བཀའ་སྲོལ་མི་ནུབ་པའི་ཕྱིར་མདོ་དབང་རྫོགས་པ་ཕལ་ཆེར་ལ་མཛད་པའི་ཕྱག་ལེན་འདི་དར། སྒྲིལ་ཆེན་གྱིས་རང་གི་སྲས་དང་ཟུར་ཧམ་ལྕམ་སྲིང་ལ་དབང་གཏད་རྒྱ་དང་བཅས་པ་གནང་བ་ལས། ཟུར་མོ་དགེ་འདུན་འབུམ་ནས་བརྒྱུད་པ་འདི་ལ་ད་ལྟ་གཏད་རྒྱའི་རྒྱུན་མི་བཞུགས་པས་དེས་ན་བརྒྱུད་ལུགས་གཉིས་ཏེ། བསྟན་པའི་བདག་པོ་སྒྲོལ་ཆེན་སངས་རྒྱས་རིན་ཆེན་ནས། རླུང་སེམས་དབང་ཐོབ་གནམ་ལྡིངས་པ་ནམ་མཁའ་རྡོ་རྗེ། མཁས་གྲུབ་ཤ་མི་རྡོ་རྗེ་རྒྱལ་མཚན། ལ་རྒུ་རྡོས་དགོན་པ་མཐུ་ཆེན་རྡོ་རྗེའི་མཚན་ཅན། དེ་ལ་མཁས་གྲུབ་ཆེན་པོ་བློ་གྲོས་ཞབས་ཀྱིས་འོད་ལུས་གྲུབ་པ་བཛྲ་སིདྷ་དང་ལྷན་ཅིག་ཏུ་མདོ་དབང་ཁམས་ལུགས་དང་ཟུར་ལུགས་གཉིས་ཀ་གསན། དེས་གནས་ལྔ་རིག་པ་གཞན་ཕན་རྡོ་རྗེ་ལ། དེས་གནུབས་ཆེན་རྣམ་སྤྲུལ་མཁྱེན་བརྩེ་ནུས་པའི་དབང་ཕྱུག་གསང་བདག་དཔའ་བོ་ཕྲིན་ལས་ལྷུན་གྲུབ་ལ། དེས་ལམ་འདིའི་སྲོག་འཛིན་མཁས་བཙུན་དྭགས་སྟོན་ཆོས་རྒྱལ་བསྟན་འཛིན་ལ། དེས་བཀའ་གཏེར་བསྟན་པའི་སྣང་བྱེད་འགྲན་ཟླ་ཀུན་བྲལ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྱུར་མེད་རྡོ་རྗེ་ལའོ། །ཡང་ན་ཟུར་ཧམ་ཤཱཀྱ་འབྱུང་གནས་ནས། རི་སྦུག་པ་ལང་གྲོ་ཚེ་དབང་རྒྱལ་པོ། བརྒྱུད་འཛིན་ལེགས་པ་དཔལ་བཟང་། འཇམ་དབྱངས་རིན་ཆེན་རྒྱལ་མཚན། སྲས་རིག་འཛིན་ཆེན་པོ་བདུད་འཇོམས་རྡོ་རྗེ། སྐྱི་སྟོན་ཚེ་རིང་དབང་པོ། དེ་དང་གཞན་ཕན་རྡོ་རྗེ་ལ་བླ་ཆེན་ཆོས་རྒྱལ་རྡོ་རྗེས་ཞུས། དེས་ཉང་སྟོན་རིག་པའི་རྡོ་རྗེ། དེས་བཀའ་གཏེར་ཆོས་ཀྱི་མཛོད་འཛིན་རིག་འཛིན་སྤྲུལ་པའི་སྐུ་མཆོག་པདྨ་ཕྲིན་ལས། དེ་ལ་ལོ་ཆེན་བཻ་རོ་ཙ་ནའི་ཡང་སྲིད་བསྟན་པ་ཡོངས་སུ་རྫོགས་པའི་མངའ་བདག །བསྟན་འཛིན་ཐམས་ཅད་ཀྱི་གཙུག་རྒྱན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་གཏེར་བདག་གླིང་པས་གསན། དེས་སྐུ་གསུང་ཐུགས་ཀྱི་སྲས་མཆོག་དབང་ཆེན་སྤྲུལ་པ་ཤེས་རབ་རྣམ་རྒྱལ་རྡོ་རྗེའམ་པདྨ་འགྱུར་མེད་རྒྱ་མཚོ་དང་། གཅུང་གཡུ་སྒྲའི་རྣམ་རོལ་ལོ་ཆེན་དྷརྨ་ཤྲཱི། དེ་གཉིས་ཀས་རྒྱལ་སྲས་རིན་ཆེན་རྣམ་རྒྱལ། དེ་ནས་རིམ་པར་མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། ཁྲི་ཕྲིན་ལས་རྣམ་རྒྱལ། ཁྲི་པདྨ་དབང་རྒྱལ། ཁྲི་སངས་རྒྱས་ཀུན་དགའ། མདོ་སྔགས་བསྟན་འཛིན་ནོར་བུ། འདྲེན་མཆོག་འཁོར་ལོའི་མགོན་པོ་འགྱུར་མེད་ཕན་བདེའི་འོད་ཟེར་གང་གི་ཞལ་སྔ་ནས། བསྟན་པ་གསལ་བར་བྱེད་པའི་བཤེས་གཉེན་དུ་མ་དང་བཅས་ཏེ་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་སོགས་སྐལ་ལྡན་གྱི་ཚོགས་པ་རྣམས་ལ་འདུས་པ་ཆེན་པོ་མདོའི་དབང་གཏད་རྒྱ་དང་བཅས་པ་རྫོགས་པར་བཀའ་དྲིན་དུ་སྩལ་བ་ལགས། འདིར་ལོ་ཆེན་ནས་བདག་གི་རིགས་བདག་བར་གི་བརྒྱུད་རིམ་ཁ་སྐོང་ཛྙཱ་ནས་སོ། །མཆན། དེས་ན་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་རྩ་བའི་བླ་མའི་བར་དུ་བྱོན་པའི་བརྒྱུད་པ་ཐམས་ཅད་འཕགས་པའི་བླ་མ་ཤ་སྟག་ཡིན་པས། དབང་བཞིའི་ཆུ་བོ་མ་ནུབ། བྱིན་རླབས་ཀྱི་ཆར་རྒྱུན་མ་ཆད། བཤད་སྒྲུབ་ཕྱག་བཞེས་ཀྱི་ན་བུན་མ་ཡལ། ཉམས་རྟོགས་ཡོན་ཏན་གྱི་རྩི་ཐོག་སྐྱེ་འཕྲོ་མ་ཆད་པའི་བཀའ་བབས་འགྲན་ཟླ་དང་བྲལ་བར་སྣང་བས། སྐལ་ལྡན་རིག་པ་འཛིན་པ་ཁྱོད་རྣམས་ཀྱིས་ཀྱང་བླ་མ་བརྒྱུད་པའི་ཆེ་བ་སོགས་ལ། བླ་མ་དང་ཆོས་ལ་ཡིད་ཆེས་པའི་སྒོ་ནས། འདི་ཕྱིར་ལས་ཀྱི་དབང་གིས་ཞིང་སོ་སོར་འཕངས་ཀྱང་། བླ་ན་མེད་པའི་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ལ། ལྟ་སྤྱོད་དང་། དཀྱིལ་འཁོར། མར་མེ་གཅིག་ལ་བལྟ་ཞིང་། མཆེད་ལྕམ་གཅིག་སེམས་གཅིག་ལ་ཆགས་ཤིང་དུངས་པས་ལྷན་ཅིག་ཏུ་འཛོམ་པའི་རྟེན་འབྲེལ་སྒྲིགས་ཏེ། སྔོན་དམ་པའི་རིགས་ཅན་ལྔས་མ་ལ་ཡའི་རྩེར་སྟོན་པ་ལ་མི་ཕྱེད་པའི་དད་པ་བསྐྱེད་ནས། རྨད་དུ་བྱུང་བའི་བསྟན་པ་འབྱུང་བའི་སླད་དུ་གདུང་ཚིགས་སྨྲས་པ་ལ་སོགས་པས་དོན་ཇི་ལྟ་བ་བཞིན་ལྷུན་གྱིས་གྲུབ་པ་ལྟར། བླ་མ་བརྒྱུད་པའི་རྣམ་ཐར་བཟང་པོ་བསྐྱངས་ཏེ་རང་བཞིན་གྱི་དོན་གཉིས་མཐར་ཕྱིན་པར་མཛོད་ཅིག །ཅེས་གདམས་སོ། །བཞི་པ་བླ་མའི་བྱིན་རླབས་ཀྱི་རྒྱུན་རྟོགས་གོམས་ཀྱིས་བསྐྱང་དགོས་པས། ཞི་དཀྱིལ་དང་པུསྟི་བཏེགས་ནས་དབང་རྟགས་ཕྱག་མཚན་དང་བཅས་ཏེ་དབང་བསྐུར་བ་ནི། ཐོག་མར་བུ་རྣམས་མེ་ཏོག་ཕོག་པའི་རང་རང་གི་ལྷའམ། ཡང་ན་གཙོ་བོར་བསྐྱེད་ཀྱང་རུང་སྟེ། རུས། ༀ་ཨ་ཀྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ། ཞེས་བརྗོད་པའི་རྐྱེན་གྱིས། ཁྱེད་རང་རྣམས་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀའི་སྐུར་བཀྲ་ལམ་གྱིས་གསལ་ཐོབ་ལ་སྔགས་འདིའི་རྗེས་ཟློས་མཛོད། ཅེས་གུ་ཧྱ་ཛྙཱ་ན་ཅི་རིགས་བཟླར་གཞུག །དེ་ནས་སློབ་དཔོན་བདག་ཉིད་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་དབུ་ཉི་ཤུ་རྩ་གཅིག །ཕྱག་བཞི་བཅུ་རྩ་གཉིས་སུ་གསལ་བའི་ཞབས་ཀྱི་གདན་ཁྲི་ནས་དབུའི་གཙུག་ཏོར་མན་ཆད་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་རྫོགས་པར་སྣང་བའི་བདག་ཉིད་ཆེན་པོར་བཀྲ་ལམ་གྱིས་གསལ་བར་མོས་པ་བྱ་སྟེ་ཐེག་དགུ་ལུས་ལ་འགོད་པའོ། །དེ་ནས་དབང་བསྐུར་ཏེ། རོལ་མོ་དང་བཅས་པས་ཡིག་བརྒྱ་བཟླ་བཞིན་དུ་སློབ་དཔོན་གྱི་ཞི་དཀྱིལ་བཏེག་ལ། ༀ། རྒྱལ་བ་རིག་འཛིན་ཐམས་ཅད་དང་། །སྲིད་གསུམ་དབང་བཙན་ཐམས་ཅད་ཆོས། །སེམས་ཉིད་རྫོགས་པར་དབང་བསྐུར་རོ། །ཞེས་དཀྱིལ་འཁོར་བུའི་ལག་ཏུ་གཏད་ཅིང་སྤྱི་བོར་བཞག །དེ་ཡང་རྩ་བར། རྫོགས་པ་ཆེན་པོོའི་གདམས་ངག་བཤད། །ཅེས་པས་ཆོས་ཐམས་ཅད་སེམས་ཉིད་དབྱིངས་ཡེ་གཉིས་མེད་ཀྱི་དཀྱིལ་འཁོར་དུ་ཡེ་ནས་རྫོགས་པས། དེ་ཉིད་ལྷ་ཡབ་ཡུམ་གྱི་རྣམ་པར་ཤར་ཞིང་། ཞི་བའི་རྩལ་ལས་ཁྲོ་བོའི་དཀྱིལ་འཁོར་ཀྱང་མ་འགགས་པར་སྣང་བ་ལ་རྟོགས་གོམས་ཀྱིས་རང་གཞན་གྱི་དོན་རླབས་པོ་ཆེ་སྒྲུབས་ཤིག །གླེགས་བམ་ལག་ཏུ་གཏད་ཅིང་མགྲིན་པར་བཞག་སྟེ། ཨཱཿ གླེགས་བམ་དབང་ཆེན་ཞེས་བྱ་བ། །ཐེག་དགུ་སྤྱི་ཡི་པོད་ལུང་ཐོབ། །རྒྱལ་པོ་ཛཿལྟར་བྱིན་རླབས་གནང་། །རིག་པ་འཛིན་པ་ཁྱེད་རྣམས་ཀྱིས་རྒྱུད་ལུང་གི་དགོངས་པ་མན་ངག་དྲུག་གསུམ་བཅོ་བརྒྱད་ཀྱི་ནང་ལྟར་ཉམས་སུ་ལོང་ལ་རང་གཞན་གྱི་དོན་རླབས་པོ་ཆེ་སྒྲུབས་ཤིག །རྡོར་དྲིལ་སོགས་སོ་སོའི་དབང་རྟགས་ལག་ཏུ་གཏད་ཅིང་སྙིང་གར་བཞག་སྟེ། ཧཱུྃ། དབྱིངས་དང་ཡེ་ཤེས་གཉིས་མེད་པ། །ཐུགས་མཆོག་རྟོགས་པའི་རིག་པ་རྒྱན། །གང་གིས་བཅངས་པས་དོན་གཉིས་འགྲུབ། །རིག་པ་འཛིན་པ་ཁྱེད་རྣམས་ཀྱིས་དབང་རྟགས་ཕྱག་མཚན་འདི་རྣམས་བཟུང་ལ་རང་གཞན་གྱི་དོན་རླབས་པོ་ཆེ་སྒྲུབས་ཤིག །དེ་ལྟར་གཏད་ནས་དཔོན་སློབ་གཉིས་ཀས་དཀྱིལ་འཁོར་གླེགས་བམ་དབང་རྟགས་དང་བཅས་པ་ལ་གུས་པ་ཆེན་པོ་བྱའོ། །ལྔ་པ་རྟོགས་གོམས་ཀྱི་མཐུས་ས་བཅུ་གསུམ་བགྲོད་པའི་ལམ་སྲོལ་གཏོད་ཅིང་མངའ་གསོལ་བ་ནི། ཐོག་མར་སྤྲོ་བ་བསྐྱེད་པའི་ཆེད་དུ་རྒྱུ་དགེ་བ་བཅུའི་ཐུན་མོང་གི་ལམ་འབྲས་ས་བཅུའམ་དབང་བཅུ། མཆོག་གི་ལམ་འབྲས་ཁྲོ་བོ་བཅུའམ་ཕྱོགས་བཅུའི་སངས་རྒྱས་སོ་ཞེས་སྟོན་པར་བྱེད་པས་ལེགས་པར་གསན་འཚལ། རུས། འདོད་པའི་སྐྱོན་སྤངས་སྐྱེ་ལ་དབང་བྱེད་པ། །སྟེང་ཕྱོགས་ཁྲོ་བོ་ཆེན་པོ་ཧཱུཾ་ཀཱ་ར། །མ་སྦྱིན་ལེན་སྤང་ཡོ་བྱད་དབང་མཛད་པ། །ཤར་ཕྱོགས་ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ། །སྲོག་གཅོད་སྐྱོན་སྤངས་ཚེ་ལ་དབང་མཛད་པ། །ལྷོ་ཕྱོགས་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད། །ཕྲ་མའི་སྐྱོན་སྤངས་ཆོས་ལ་མངའ་མཛད་པ། །ནུབ་ཕྱོགས་ཁྲོ་བོ་ཆེན་པོ་རྟ་མགྲིན་དཔལ། །ངག་རྩུབ་སྐྱོན་སྤངས་ལས་ལ་དབང་མཛད་པ། །བྱང་ཕྱོགས་ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ། །ལོག་པར་ལྟ་སྤངས་ཡེ་ཤེས་དབང་མཛད་པ། །ཤར་ལྷོ་ཁྲོ་བོ་ཆེན་པོ་དབྱུག་སྔོན་ཅན། །རྫུན་གྱི་སྐྱོན་སྤངས་མོས་ལ་དབང་མཛད་པ། །ལྷོ་ནུབ་ཁྲོ་བོ་ཆེན་པོ་མི་གཡོ་མགོན། །ངག་འཁྱལ་སྐྱོན་སྤངས་སེམས་ལ་དབང་མཛད་པ། །ནུབ་བྱང་ཁྲོ་བོ་ཆེན་པོ་འདོད་པའི་རྒྱལ། །གནོད་སེམས་སྐྱོན་སྤངས་རྫུ་འཕྲུལ་དབང་མཛད་པ། །བྱང་ཤར་ཁྲོ་བོ་ཆེན་པོ་ཁམས་གསུམ་རྒྱལ། །བརྣབ་སེམས་སྐྱོན་སྤངས་སྨོན་ལམ་དབང་མཛད་པ། །འོག་ཕྱོགས་ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ། །ཞེས་བརྗོད་པས་ངེས་ཤེས་བསྐྱེད་ནས། འདི་ལྟར་ཡུག་དཀར་པོ་ལ་ཚོམ་བུ་བཅུ་གསུམ་བཀོད་པ་འདི་ནི་ཐར་པའི་ལམ་ས་བཅུ་གསུམ་མཚོན་པ་སྟེ། དེ་དག་གི་མིང་དོན་ནི། ལྷ་མོ་ནག་མོའི་མདོ་གཟུངས་ལས། །ནམ་ཡང་འཁོར་བར་མི་ལྟུང་ཞིང་། །མྱ་ངན་འདས་པ་ཐོབ་པའི་ཕྱིར། །ཉན་ཐོས་ས་རྣམས་ནོན་པ་དང་། །རྟེན་འབྲེལ་བཅུ་གཉིས་ཤེས་པར་བྱ། །བྱང་ཆུབ་སེམས་དཔའི་ས་རྣམས་ནི། །རབ་དགའ་དྲི་མེད་འོད་བྱེད་འཕྲོ། །སྦྱང་དཀའ་མངོན་གྱུར་རིང་དུ་སོང་། །མི་གཡོ་ལེགས་པ་ཆོས་ཀྱི་སྤྲིན། །སངས་རྒྱས་ས་ཆེན་བླ་ན་མེད། །བཅུ་གཉིས་པོ་ཡང་ཐོབ་འགྱུར་ཏེ། །ཀུན་ཏུ་འོད་དང་བདུད་རྩི་འོད། །ནམ་མཁའི་འོད་དང་རྡོ་རྗེ་འོད། །རིན་ཆེན་འོད་དང་པདྨའི་འོད། །ལས་ཀྱི་འོད་དང་དཔེ་མེད་པ། །དཔེ་ལྡན་པ་དང་ཤེས་རབ་འོད། །ཐམས་ཅད་མཁྱེན་དང་རང་རིག་སྟེ། །བཅུ་གཉིས་སངས་རྒྱས་ས་རྣམས་ཀྱང་། །འདི་ཚོ་བྱུང་ན་མྱུར་དུ་ཐོབ། །ཅེས་དང་། སྦྱིན་པ་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །སེར་སྣ་འཆལ་བ་ལེ་ལོ་བྲལ། །བསམ་གཏན་ཤེས་རབ་ཐབས་སྟོབས་ཀྱིས། །གཡེང་རྨུགས་མི་མཁས་རྒོལ་བ་སེལ། །སྨོན་ལམ་ཡེ་ཤེས་ཕ་རོལ་ཕྱིན། །ངན་འགྲོ་ལོག་རྟོག་བག་ཉལ་འཇོམས། །ཡེ་ཤེས་ལྔ་དང་ཆོས་ཀྱི་དབྱིངས། །རང་བྱུང་ཡེ་ཤེས་བཅུ་གཉིས་པའོ། །པདྨ་ཅན་དང་ཡི་གེ་འཁོར། །དཀོར་བདུན་བཅུ་གསུམ་རྡོ་རྗེ་འཛིན། །བླ་མའི་ས་དཀོར་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་དབྱིངས་ཡེ་བདུན། །ཞེས་གསུངས་པ་ལྟར་རྒྱུའི་ཐེག་པ་ལ་ཆེ་ཆུང་མ་ཕྱེ་བའི་དབང་དུ་བྱས་ན། ཉན་ཐོས། རང་རྒྱལ། བྱང་སེམས་ཀྱི་ས་བཅུ། སངས་རྒྱས་ཀྱི་ས་དང་བཅུ་གསུམ་མོ། །སོ་སོར་ཕྱེ་ན། ཐེག་དམན་ལ་ཐར་པའི་ལམ་སྟེགས་སུ་གྱུར་པ་མངོན་མཐོའི་ས་དང་། ཉན་ཐོས་ཀྱི་ཚོགས་ལམ་དཀར་པོ་རྣམ་པར་མཐོང་བའི་ས་དང་། སྦྱོར་ལམ་རིགས་ཀྱི་ས་དང་། འབྲས་བུ་དང་པོ་ལ་ཞུགས་པ་བརྒྱུད་པའི་ས་དང་། དེ་ལ་གནས་པ་མཐོང་བའི་ས་དང་། ཕྱིར་འོང་འབྲས་གནས་སྲབས་པའི་ས་དང་། ཕྱིར་མི་འོང་འབྲས་གནས་འདོད་ཆགས་དང་བྲལ་བའི་ས་དང་། དགྲ་བཅོམ་པ་འབྲས་གནས་བྱས་པ་རྟོགས་པའི་ས་དང་། ཕྱིར་འོང་མི་འོང་དགྲ་བཅོམ་གྱི་ཞུགས་པ་གསུམ་ཉན་ཐོས་ཀྱི་ས་དང་། བསེ་རུ་ལྟ་བུ་དང་ཚོགས་སྤྱོད་ཀྱི་འཕགས་པ་རིགས་གཉིས་ནི་རང་སངས་རྒྱས་ཀྱི་ས་དང་། རྫོགས་པའི་སངས་རྒྱས་ཀྱི་ས་དང་བཅུ་གཅིག་ལས། འབྲས་བུ་ཕྱི་མ་གསུམ་གྱི་ཞུགས་པ་སོ་སོར་ཕྱེ་བས་བཅུ་གསུམ་མོ། །ཐེག་ཆེན་གྱི་མོས་པས་སྤྱོད་པའི་ས་ལ་ཚོགས་ལམ་དང་། སྦྱོར་ལམ་གཉིས། འཕགས་པའི་ལམ་ལ་རབ་ཏུ་དགའ་བ་སོགས་སློབ་པའི་ས་བཅུ་དང་། མི་སློབ་པ་སངས་རྒྱས་ཀྱིས་ཀུན་ཏུ་འོད་དང་བཅུ་གསུམ་མོ། །ཡང་འབྲས་བུ་གསང་སྔགས་བླ་མེད་ཀྱི་དབང་དུ་བྱས་ན། ལས་རླུང་ཉི་ཁྲི་ཆིག་སྟོག་དྲུག་བརྒྱ་ལས་སྟོང་བརྒྱད་བརྒྱ་པ་རེ་འགགས་པས་འཁོར་ལོ་དྲུག་གི་མས་རིམ་ནས་ཕྱེད་ཕྱེད་མི་འགྱུར་བའི་བྱང་སེམས་ཀྱིས་གང་བས་ས་བཅུ་གཉིས་རིམ་པར་བགྲོད་ནས་རྫོགས་པའི་སངས་རྒྱས་ཀྱི་ས་བརྙེས་པ་དང་། དབུ་མ་ལ་མདུད་པ་ཉེར་གཅིག་གི་གཉིས་གཉིས་གྲོལ་བས་ས་རེ་རེ་ཐོབ་སྟེ་ས་བཅུ་དང་། སངས་རྒྱས་ཀྱི་ས་ལ་སྐུ་གསུམ་གྱི་དབྱེེ་བས་ཕྱེ་སྟེ་བཅུ་གསུམ་བཤད་ཅིང་། དེ་ཉིད་རྫོགས་པའི་སངས་རྒྱས་སུ་རྒྱུད་དང་མན་ངག་རྣམས་སུ་གསུངས་མོད། འདི་ནི་ཏིང་ངེ་འཛིན་གྱི་ས་ཞེས་དོན་ལ་མཐོང་ལམ་ལ་རྫོགས་པའི་སངས་རྒྱས་སུ་བཏགས་པ་སྟེ། གསང་སྔགས་ལམ་མྱུར་བས་རྫོགས་པའི་སངས་རྒྱས་ལ་ཤིན་ཏུ་ཉེ་ཞིང་། དེ་དག་རྣམ་པ་མཚུངས་པའི་ཕྱིར། དེ་སྐད་ཅེས་གསུངས་ལ། དེ་ནས་མཐོང་སྒོམ་གྱིས་བསྡུས་པའི་ས་བཅུ་ལམ་རིགས་འདྲ་ཁོ་ནས་བགྲོད་ནས་སངས་རྒྱས་ཐོབ་པར་བཤད་ཅིང་། འདི་དག་ཏུ་ས་བཅུ་གཉིས་ཀྱི་རྣམ་བཞག་གཞན་ཀུན་ཏུ་འོད་དང་བདུད་རྩི་འོད་སོགས་བཅུ་གཉིས་པོ་འདི་རྣམས་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་སྐབས་སུ་གསུངས་ནའང་། ཏིང་ངེ་འཛིན་གྱི་ས་བཅུ་གཉིས་པའི་མཐར་ཐོབ་སྟེ། གོང་མའི་ཡོན་ཏན་གྱི་གཞིར་གྱུར་པའི་ཡེ་ཤེས་ཀྱི་ཁྱད་པར་བཅུ་གཉིས་ཐོབ་པ་ཡིན་པས། རབ་དགའ་སོགས་ས་བཅུ་དང་རྫོགས་པའི་སངས་རྒྱས་ཀྱི་ས་རེ་རེ་བཞིན་ཡང་འདི་དག་བཅུ་གཉིས་པོ་ཚང་བར་བཤད་དོ། །དེ་དག་ནི་སྔོན་གྱི་སློབ་དཔོན་རྣམས་ཀྱིས་ལུང་དྲངས་པའི་དགོངས་པ་ཅུང་ཟད་བཀྲལ་བ་སྟེ། གསང་སྔགས་སྤྱིའི་ལུགས་ཡིན་ལ། ད་རེས་འདིར་སྐབས་སུ་བབས་པ་འདུས་པ་མདོའི་རང་སྐད་ལ། འགྱུར་བ་མ་ངེས་པའི་ས་སོགས་སློབ་ལམ་བཞིས་བསྡུས་པའི་ས་བཅུ་དང་། མི་སློབ་ལམ་གྱིས་བསྡུས་པའི་ས་གསུམ་སྟེ་བཅུ་གསུམ་མོ། །དེ་ལྟར་ངེས་པར་བྱས་ནས། ཚོམ་བུས་མཚོན་པའི་ས་རེ་རེ་བཞིན་ཡིད་ཀྱི་འཇུག་པའི་སྒོ་ནས་ཐབས་ཤེས་ཀྱི་རྐང་པས་བགྲོད་པར་བྱ་སྟེ། དེ་ཡང་ཁྱེད་རང་དཔོན་སློབ་མཆེད་གྲོགས་གཉེན་འདུན་སོགས་འབྲེལ་ཐོགས་རྣམས་ཀྱིས་ཐོག་དྲང་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཐར་པའི་ལམ་ལ་རིམ་པར་འདྲེན་པ་ཡིན་པས། ཐོག་མར་བླ་མ་སྤྲུལ་པའི་སྐུའི་བདག་ཉིད་ཅན་གྱིས་ཁྲིད་དེ། ས་དང་པོ་འགྱུར་བ་མ་ངེས་པ། གཉིས་པ་བརྟེན་པ་གཞི། གསུམ་པ་གལ་ཆེན་སྦྱོང་བ། བཞི་པ་བསླབ་པ་རྒྱུན་གྱི་ས་རྣམས་ལ་རིམ་པར་དྲངས་པས། མངོན་མཐོའི་ལམ་དང་། ཐར་ལམ་ལས་ཉན་ཐོས། རང་རྒྱལ། བྱང་སེམས་ཀྱི་ས་རྣམས་དང་། མདོ་རང་ལུགས་ཀྱི་ཚོགས་ལམ་བདུན་པ་སེམས་པའི་རྣལ་འབྱོར་གཉིས་དང་། སྦྱོར་ལམ་རིགས་ཆེན་འབྱེད་པའི་རྣལ་འབྱོར་ལ་གསུམ་གྱི་གཉིས་པ་མན་ཆད་ནོན། དེ་ནས་བླ་མ་ལོངས་སྤྱོད་རྫོགས་པ་སྐུའི་བདག་ཉིད་ཅན་གྱིས་ཁྲིད་དེ། ལྔ་པ་བསོད་ནམས་རྟེན་གྱི་ས། དྲུག་པ་བརྟེན་པས་ཁྱད་པར་དུ་འགྲོ་བའི་ས། བདུན་པ་དམིགས་པས་འབྲས་བུ་སྐྱེ་བའི་ས་རྣམས་ལ་རིམ་པར་དྲངས་པས། ཀྲི་ཡ། ཨུ་པ་ཡ། ཡོ་ག་རྣམས་དང་། མདོ་རང་ལུགས་ཀྱི་སྦྱོར་ལམ་གསུམ་པ་དང་། མཐོང་ལམ་དབུགས་ཆེན་འབྱིན་པའི་རྣལ་འབྱོར། སྒོམ་ལམ་ལུང་ཆེན་ཐོབ་པའི་རྣལ་འབྱོར་གསུམ་ནོན། དེ་ནས་བླ་མ་ཆོས་ཀྱི་སྐུའི་བདག་ཉིད་ཅན་གྱིས་ཁྲིད་དེ། བརྒྱད་པ་གནས་པ་མི་འགྱུར་བའི་ས། དགུ་པ་བརྡལ་པ་ཆོས་ཉིད་ཀྱི་ས། །བཅུ་པ་རྫོགས་པ་ཅིར་ཆིབས་ཀྱི་ས་རྣམས་ལ་དྲངས་པས། མ་ཧཱ་ཡོ་ག །ཨ་ནུ་ཡོ་ག །ཨ་ཏི་ཡོ་ག་རྣམས་དང་། མདོ་རང་ལུགས་ཀྱི་མཐར་ལམ་རྩལ་ཆེན་རྫོགས་པའི་རྣལ་འབྱོར་གསུམ་ནོན། དེ་ནས་བླ་མ་དབྱེར་མེད་རྡོ་རྗེ་དང་མངོན་པར་བྱང་ཆུབ་པའི་སྐུ་གཉིས་དབྱེར་མི་ཕྱེད་པ་ངོ་བོ་ཉིད་སྐུའི་བདག་ཉིད་ཅན་གྱིས་ཁྲིད་དེ། པདྨ་ཅན་གྱི་ས་དང་། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་དང་། ཡེ་ཤེས་བླ་མའི་ས་རྣམས་ལ་དྲངས་པས། ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཅན་གྱི་གོ་འཕང་ནོན་པར་མོས་ལ། དགའ་ཞིང་སྤྲོ་བ་དང་བཅས་པས་མ་ཡེངས་པར་ཉན་འཚལ། ཞེས་བརྡ་སྦྱར་ལ། སློབ་དཔོན་གྱིས་ཚིག་དལ་ཞིང་འཇེབས་པས་འདི་སྐད་དོ། །ང་ནི་ཐབས་ཀྱི་མཉན་པ་མཁན། །འཁོར་བའི་ཆུ་བོ་མཐའ་མེད་ལས། །སྲིད་གསུམ་བསྒྲལ་བར་དམ་བཅས་ཀྱིས། །ཐར་པ་འདོད་པ་ལམ་འདིར་ཤོག །ང་ནི་ཐབས་ཀྱི་མིག་མཁན་དེ། །འཇིག་རྟེན་ལོང་པ་དཔག་མེད་རྣམས། །ལིང་ཏོག་བསལ་བར་དམ་བཅས་ཀྱིས། །གང་ཞིག་མཐོང་འདོད་ལམ་འདིར་ཤོག །ང་ནི་ཐབས་ཀྱི་སྨན་པ་སྟེ། །གྲོང་ཁྱེར་གསུམ་གྱི་ནད་པ་རྣམས། །གཅོང་རྙིང་འབྱིན་པར་དམ་བཅས་ཀྱིས། །གང་ཞིག་བདེ་འདོད་ལམ་འདིར་ཤོག །ང་ནི་ཐབས་ཀྱི་ས་མཁན་ཏེ། །འགྲོ་བ་ལམ་ལོག་ལམ་སྟོར་རྣམས། །མ་ནོར་འཁྲིད་པར་དམ་བཅས་ཀྱིས། །ཡང་དག་ལམ་འདོད་ལམ་འདིར་ཤོག །ང་ནི་ཐུགས་རྗེའི་སྤྱན་རས་མཁན། །འཁོར་བའི་དགྲ་དཔུང་འཇིགས་པ་ལས། །ཐམས་ཅད་སྐྱོབ་པར་དམ་བཅས་ཀྱིས། །འཇིགས་དང་བྲལ་འདོད་ལམ་འདིར་ཤོག །ང་ནི་རྡོ་རྗེའི་རྫོང་ཆེན་ཏེ། །འཁོར་བའི་གཡུལ་ཆེན་དམག་དཔུང་ལས། །འགྲོ་བའི་འཁྲ་སར་དམ་བཅས་ཀྱིས། །གང་ཞིག་མཁར་འདོད་ལམ་འདིར་ཤོག །ང་ནི་ཐབས་ཀྱི་ཚོང་དཔོན་ཏེ། །འདོད་པ་རྒྱ་མཚོས་མི་ངོམས་རྣམས། །གཏེར་ཆེན་སྦྱིན་པར་དམ་བཅས་ཀྱིས། །གང་ཞིག་གཏེར་འདོད་ལམ་འདིར་ཤོག །ང་ནི་ཐབས་ཀྱི་སྒྲོན་མེ་སྟེ། །མུན་ནག་སྨག་ཏུ་འཁྱམས་པ་རྣམས། །མུན་ནག་བསལ་བར་དམ་བཅས་ཀྱིས། ། གང་ཞིག་སྣང་འདོད་ལམ་འདིར་ཤོག །ང་ནི་ཡིད་བཞིན་ནོར་བུ་སྟེ། །ཡང་དག་ཡིད་བཞིན་འདོད་པ་དེ། །ཡིད་བཞིན་སྐོང་བར་དམ་བཅས་ཀྱིས། །ལྷུན་གྱིས་གྲུབ་འདོད་ལམ་འདིར་ཤོག །ང་ནི་བཀའ་ཡི་ལྡེ་མིག་སྟེ། །བཀའ་སྒྲོམ་ཐ་རམ་གསང་བ་རྣམས། །རྣམ་པར་འབྱེད་པར་དམ་བཅས་ཀྱིས། །གང་ཞིག་གྲོལ་འདོད་ལམ་འདིར་ཤོག །ང་ནི་བཀའ་ཡི་འགྲེལ་པ་སྟེ། །གསུང་གི་གླེགས་ལམ་ཟབ་མོ་རྣམས། །ངེས་པར་གྲོལ་བར་དམ་བཅས་ཀྱིས། །གང་དག་ཤེས་འདོད་ལམ་འདིར་ཤོག །རྣམ་དག་ལམ་ཆེན་ཀུན་སྒྲོལ་འདིར། །སྐལ་ལྡན་གང་ཞིག་སུ་ཞུགས་པ། །ནོར་བུ་རིན་ཆེན་འོད་འབར་བ། །ངེས་པར་འཆར་གྱིས་བརྩོན་པར་གྱིས། །དེ་ཉིད་སེམས་ཀྱི་མེ་ལོང་སྟེ། །མངོན་སུམ་གསལ་བར་རྟོགས་མ་ཐག །འགྲོ་བའི་ལུས་ལ་སངས་རྒྱས་ཡིན། །རྡོ་རྗེ་གསང་ཆེན་གསང་བ་ཡི། །ངེས་དོན་དམ་པའི་མཛོད་མཆོག་རྣམས། །འདིར་བགྲོས་གསལ་བར་བཤད་སྦྱར་བས། །ལྷ་དང་མི་ཡི་རིག་འཛིན་ལས། །རིམ་པར་བརྒྱུད་དེ་གྲགས་པར་འགྱུར། །ལྷ་མིའི་འཇིག་རྟེན་ཐམས་ཅད་ཀྱི། །མུན་པའི་གདུང་བ་ཀུན་བསལ་ནས། །སེམས་ཀྱི་དཀྱིལ་འཁོར་གསལ་བར་འགྱུར། །ད་ནི་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་འབྲལ་མི་ཕོད་པའི་དད་པ་བསྐྱེད། ཡིད་བཞིན་གྱི་ནོར་བུ་སྟོར་བ་རྙེད་པ་ལྟ་བུའི་དགའ་བ་སྒོམས། རྒྱུད་དང་དཀྱིལ་འཁོར་གྱི་བདག་པོར་གྱུར་ཏོ་སྙམ་དུ་ཡིད་སྤྲོ་བར་མཛོད་ཅིག །དེ་ནས་སློབ་དཔོན་ལ་མཎྜལ་འབུལ་དུ་བཅུག་ནས། འདིའི་རྗེས་ཟློས༴ ཀྱེ། དཔལ་ལྡན་བླ་མ་ཁྱེད་ཀྱི་བཀའ་དྲིན་གྱིས། ད་ནི་བདག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་གསང་ཆེན་བླ་ན་མེད་པའི་རྒྱུད་དང་དཀྱིལ་འཁོར་གྱི་བདག་པོར་གྱུར་པས་རྙེད་པའི་མཆོག་རབ་ཏུ་རྙེད་པས་སྤྲོ་ལགས་སོ། །རྗེ་བཙུན་དམ་པ་ཁྱེད་ཡེ་ཤེས་རང་སྣང་གི་སྐུ་ལ་འཕོ་འགྱུར་མི་མངའ་བ་བཞིན་དུ། གདུལ་བྱ་གཞན་སྣང་གི་སྐུ་འདི་ཉིད་ཀྱང་ནམ་མཁའ་ཇི་སྲིད་པ་དེ་སྲིད་དུ་བརྟན་པར་བཞུགས་ནས་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་བར་གསོལ་བ་འདེབས་སོ། །བདག་ཅག་རྣམས་ཀྱང་ཁྱོད་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་སྤངས་ནས་སྐྱབས་གཞན་བསྟེན་པར་མི་བགྱིའོ། །དེ་ཁོ་ན་བཞིན་དུ་འགྲུབ་པར་བྱིན་གྱིས་རློབ་ཏུ་གསོལ། ཕཊ་ཅེས་བླ་མའི་ཁྲི་ལ་སྤྱི་བོས་བཏུད་དུ་བཅུག །དེ་ནས་བླ་མས་འདི་སྐད་ཅེས་གདམས་ཏེ། ཅིའི་ཕྱིར་གདུང་བའི་མུན་པར་ཞུགས། །ཐུབ་པ་མྱ་ངན་འདས་གདུང་བ། །དེ་ནི་ནམ་མཁའི་སྐུ་མངའ་བས། །འདའ་དང་མི་འདའ་མི་མངའ་སྟེ། །འཕོ་འགྱུར་མེད་པ་ནམ་མཁའ་བཞིན། །དེ་སྐད་སྤྲུལ་པའི་སྒྲ་བྱུང་བས། །སྔོན་དུ་བྱུང་བའི་རིགས་ཅན་རྣམས། །མཆོག་ཏུ་དགའ་བ་ཆེར་སྐྱེས་ཏེ། །དགའ་མགུ་རངས་པའི་བསམ་པ་ཡིས། །ལུས་བཏུད་ཤིན་ཏུ་གུས་སྦྱར་ནས། །སྤྱན་སྔར་འདུག་སྟེ་འདི་སྐད་གསོལ། །ཞེས་གསུངས་པ་ལྟར་ཁྱེད་རང་རྣམས་པུས་བཙུགས་ཐལ་མོ་སྦྱར་ནས་བླ་མ་ལ་གུས་པས་བསྟོད་པ་འདིའི་རྗེས༴ མཚན་མོ་མུན་ནག་སྤྲིན་རུམ་ནས། །གློག་འགྱུས་བར་སྣང་སྟོན་ལྟ་བུར། །ཐོག་མ་མཐའ་མ་མེད་པ་ཡིས། །དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ལས། །རྣམ་དག་ལམ་ཆེན་དེ་ཉིད་དུ། །བྱུང་བའི་སྐྱེས་བུ་དོན་གྲུབ་ཁྱོད། །དམ་པ་རྣམས་ཀྱི་གསང་འཛིན་ཅིང་། །གསང་བ་པ་ཡི་བདག་པོར་གྲགས། །ཞེས་བསྟོད། དེ་ནས་མངའ་གསོལ་བ་ནི། སོ་སོའི་གོ་འཕང་དང་འཚམས་པའི་སྟན་དང་དབང་རྟགས་འདུ་བྱས་ལ། ཐོག་མར་བུ་རྣམས་ཕྱག་འཚལ་དུ་བཅུག །བགེགས་གཏོར་རཾ་ཡཾ་ཁཾ་གིས་བསང་སྦྱངས། སྟོང་པའི་ངང་ལས་ༀ་ཡིག་ཞུ་བ་ལས་བྱུང་བའི་གཏོར་མ་འདོད་ཡོན་གྱི་སྤྲིན་འཕྲོ་བར་མོས་ལ། ༀ་ཨཱཿཧཱུཾ་སྭཱ་ཧཱས་བསྔོ། བདེན་སྟོབས་བརྗོད་པའི་མཐར། དེང་འདིར་རྡོ་རྗེའི་སློབ་མ་འདི་རྣམས་ལ་བཀའ་བབས་ཀྱི་བརྒྱུད་པ་གཏད་དེ་བཀྲ་ཤིས་ཀྱིས་མངའ་གསོལ་བ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་ཅེས་བསྒྱུར་བའི་མཐར། བི་ཤྭ་བཛྲ་གྱི་སྔགས་ཀྱིས་བགེགས་བསྐྲད། ཧཱུྃ་ཞེས་བརྗོད་པས་ཁྲོ་བཅུ་རོལ་པའི་སྤྲིན་གྱིས་ཕྱོགས་ཀུན་གཏམས་ཏེ་ཅིས་ཀྱང་མི་ཤིགས་པར་བསམ་ལ། རྡོ་རྗེ་སློབ་དཔོན་དང་རྒྱལ་ཐེབ་འོས་པ་ཁྲི་ལྔ་བརྩེགས་ལ་འདུག་ཏུ་བཅུག་ནས། རྡོར་དྲིལ་གཏད་དེ། ན་མོ། ཕྱོགས་བཅུ༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་དབང་རྟགས་རྡོ་རྗེ་དང་དྲིལ་བུ་གཏད་པས་རང་གཞན་གྱི་དོན་རླབས་པོ་ཆེ་བྱེད་ནུས་པར་གྱུར་ཅིག །འཆད་མཁན་ལ་སྟན་སུམ་བརྩེགས་འཁོར་ལོ་དང་དུང་གཏད་དེ། ན་མོ། ཕྱོགས་བཅུ༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་དབང་རྟགས་འཁོར་ལོ་དང་དུང་གཏད་པས་ཐེག་པ་མཐའ་དག་འཆད་ནུས་པར་གྱུར་ཅིག །ལས་མཁན་ལ་གདན་པད་ཉི། རྒྱ་གྲམ། རྔ། རལ་གྲི། མདའ་དར། གཏོར་མ་རྣམས་གཏད་དེ། ན་མོ། ཕྱོགས་བཅུ༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་དབང་རྟགས་རྒྱ་གྲམ་ལ་སོགས་པ་གཏད་པས་ལས་བཞི་གང་ལ་གང་འཚམས་པར་སྤྱོད་ནུས་པར་གྱུར་ཅིག །ཕལ་པ་རྣམས་ལ་སྟན་པདྨ། ཕྲེང་བ་དང་པུསྟི་གཏད་དེ། ན་མོ། ཕྱོགས་བཅུ༴ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་དབང་རྟགས་སུ་པུསྟི་དང་ཕྲེང་བ་གཏད་པས་བཀའ་ཕྱི་ནང་གི་ཆོས་ཉན་པ་དང་ཏིང་ངེ་འཛིན་སྒོམ་པའི་ནུས་པ་ཐོགས་པ་མེད་པར་གྱུར་ཅིག །དེ་ནས་རྩ་བརྒྱུད་ཀྱི་བླ་མ་རྣམས་བྱིན་འཐིབས་སེ་བྱོན་ནས་ཁྱོད་རང་རྣམས་ལ་ཐིམ་པའི་མོས་པ་མཛོད། །སྤོས་འཐུལ་ཞིང་རོལ་མོ་འཁྲོལ་བས། ༀ་མ་ཧཱ་གུ་རུ་ཤ་རི་རཾ་གཱི་ལི་ཧཱུྃ། འོག་མིན་ཆོས་དབྱིངས་ཞིང་ཁམས་ནས། །དགོངས་རིག་རྣ་བར་བརྒྱུད་པ་ཡི། །བྱིན་རླབས་རྩ་བ་བླ་མའི་ཚོགས། །སངས་རྒྱས་བྱང་སེམས་འཁོར་གྱིས་བསྐོར། །དཔའ་བོ་མཁའ་འགྲོའི་སྤྲིན་ཕུང་འཁྲིགས། །ཁྱེད་ཀྱི་རྗེས་སུ་བདག་སྒྲུབས་ཤིག །བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ། །ཕྱི་ནང་གསང་བའི་མཆོད་པ་བཞེས། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ༀ་ཨཱཿཧཱུྃ་གུ་རུ་སརྦ་སིདྡྷ་ཧཱུྃ། ཞེས་དང་ཡིག་བརྒྱ་བརྗོད། བུ་རྣམས་ཉམས་བྱུང་རྒྱལ་དུ་བསྐྱང་དུ་གཞུག་གོ། །དེ་ནས་མེ་ཏོག་འཐོར་ཞིང་དྲིལ་བུ་འཁྲོལ་བས། ༀ། ཆོས་སྐུ་ཀུན་བཟང་ལོངས་སྐུ་རིགས་ལྔ་དང་། །སྤྲུལ་སྐུ་རིགས་གསུམ་ཡང་སྤྲུལ་དགའ་རབ་སོགས། །ཡེ་ཤེས་སྐུ་མཆོག་རྒྱལ་བ་དགོངས་པས་བརྒྱུད། །དགོངས་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །གྲགས་ལྡན་མཆོག་སྐྱོང་ཀླུ་རྒྱལ་འཇོག་པོ་དང་། །གནོད་སྦྱིན་སྲིན་པོ་ལི་ཙ་དྲི་མེད་སོགས། །ཐུགས་རྗེ་གདུང་འཚོབ་རིག་འཛིན་རིག་པས་བརྒྱུད། །བརྡ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །རྒྱ་བལ་བྲུ་ཤའི་པཎ་གྲུབ་བརྒྱུད་པ་དང་། །གངས་ཅན་གདུང་སེལ་བོད་ཀྱི་བརྒྱུད་པ་སོགས། །དཔང་གྱུར་རྡོ་རྗེ་གང་ཟག་སྙན་ཁུང་བརྒྱུད། །རྣ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཅེས་དང་། གཞན་ཡང་། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་འཁོར་འདུས་པ་རྣམས་ཀྱི་གཙོ་བོ་རིག་འཛིན་ཀུཉྫ་རས། འདྲེན་པའི་ཐེག་པ་རྣམ་གསུམ་ལ། །གང་དག་རིམ་པར་བཀོད་ལགས་ན། །མཉམ་པས་བླང་དོར་མེད་སྤྱོད་ཅིང་། །བྱང་ཆུབ་གཞན་ནས་མི་འཚོལ་བའི། །ཐབས་མཆོག་དཔག་གིས་མི་ལང་བ། །ངེས་པའི་ཐེག་པ་ཡོངས་མ་གསུངས། །ཞེས་ཞུས་པའི་ལན་དུ། སྟོན་པས་ངེས་པའི་ཐེག་པ་རྣམ་གྲོལ་གྱི་ལུང་མདོ་ཆེན་པོ་འདི་འཇིག་རྟེན་དུ་འབྱུང་བའི་དུས་བཅུ་གཉིས་གསུངས་པའི་བདེན་པ་དེས་བསྟན་པ་འཇིག་རྟེན་གྱི་སྒྲོན་མེར་ཡོངས་སུ་འབར་བར་གྱུར་ཅིག་ཅེས་ཤིས་པ་བརྗོད་པ་ནི། འདི་ལྟ་སྟེ། དེ་ཁོ་ན་ཉིད་ངེས་པའི་ཐེག་པ་ཆེན་པོ་དེ། གནས་སྐབས་གཉིས་དང་བཅུར་འབྱུང་སྟེ། །གང་རྨོངས་པ་གདུང་བ་སེལ་བ་ན་ཡང་འབྱུང་། གང་འཇིག་རྟེན་གྱི་སྒྲོན་མ་ཡོངས་སུ་བཀོད་པ་ན་ཡང་འབྱུང་། གང་གིས་ངེས་པ་རྙེད་པ་ན་ཡང་འབྱུང་། སྙིང་པོ་བྱང་ཆུབ་ཉིད་དུ་ངེས་པ་ན་ཡང་འབྱུང་། དགོངས་པ་ངེས་པར་འགྲེལ་བ་ན་ཡང་འབྱུང་། གདུལ་བྱའི་ཐབས་ལ་བབ་པའི་ཆེད་ན་ཡང་འབྱུང་། བྱིན་གྱིས་བརླབས་ལས་སྣང་བ་ན་ཡང་འབྱུང་། བརྒྱུད་པ་ཐབས་ཀྱིས་གྲགས་པ་ན་ཡང་འབྱུང་། གང་གི་ཆེད་དུ་མཛད་པ་ན་ཡང་འབྱུང་། ལུང་ཆེན་ངེས་པར་བསྟན་པ་ན་ཡང་འབྱུང་། ལས་རྒྱུད་ཡོངས་སུ་གཅོད་པ་ན་ཡང་འབྱུང་། དགོངས་པ་རྣམ་པར་བགྲོ་བ་ན་ཡང་འབྱུང་སྟེ། དེ་དག་ན་ཐམས་ཅད་ཀྱི་ཐམས་ཅད་ནས་ཐམས་ཅད་དུ་ཀུན་ཏུ་ཡོངས་སུ་རྣམ་པར་སྣང་ངོ་། །སྣང་བར་གྱུར་ཏོ། །སྣང་བར་འགྱུར་རོ། །ཞེས་བཀའ་སྩལ་བས་དྲི་བ་དང་པོའི་རྟོག་པ་ཡོངས་སུ་ཆད་པ་དེ་བཞིན་དུ་བཀྲ་ཤིས་པར་གྱུར་ཅིག །ཅེས་མེ་ཏོག་གི་སིལ་མ་འཐོར་ཞིང་རོལ་མོའི་སྒྲ་བྱའོ། །སློབ་མས་ཕྱག་བྱས་ཏེ། བཀའ་དྲིན་ཆེ་ལགས། ཞེས་བརྗོད། དེ་ནས་ཕྱོགས་དུས་ཐམས་ཅད་དུ་སངས་རྒྱས་ཀྱི་བསྟན་པ་དང་སངས་རྒྱས་ཀྱི་ཞིང་ཁམས་འཛིན་སྐྱོང་བསྲུང་བ་ལ་འབད་པར་བྱ་བའི་ཕྱིར་རྒྱ་ལྔས་གདབ་པ་ནི། བླ་མའི་བཀའ་རྫོགས་སློབ་མ་གདུང་འཚོབ་ཀྱི་རྒྱ་དང་གཅིག །གདུལ་བྱ་རྗེས་སུ་འཛིན་པ་བསྟན་པ་དགོངས་འདུས་ཀྱི་རྒྱ་དང་གཉིས། སྒྲུབ་རྫས་དང་མེ་ཏོག་ཡུལ་གྱི་བཅའ་ཐང་ལྟར་འབུལ་བའི་རྒྱ་དང་གསུམ། བཀའི་གཉེར་གཏད་ཆོས་ཀྱི་བདག་པོར་མངའ་གསོལ་བའི་རྒྱ་དང་བཞི། ཞུ་བ་པོས་ཞི་བའི་གཞུང་མཆོད་ཚོགས་འབུལ་བའི་རྒྱ་དང་ལྔ་པོ་ཅི་ནུས་སྒྲུབ་པར་དམ་བཅའ་བ་ལ་འདི་ཉིད་བྱིན་པར་བྱ་བ་ཡིན་གྱིས། དེ་ལས་གཞན་པ་རྣམས་རེ་ཞིག་བཟུང་བར་བྱ་བའི་ཡུལ་མ་ཡིན་པར་བཏང་སྙོམས་སུ་བཞག་ལ། ཕྱིས་ནས་རྗེས་སུ་བཟུང་བའི་ཡུལ་དུ་སྨོན་ལམ་གདབ་པར་གྱིས་ཤིག །ཅེས་གདམས་པའི་ལན་དུ་འདིའི༴ གཙོ་བོས་ཇི་ལྟར་སོགས་ཀྱིས་ཁས་བླངས། གཏང་རག་གི་མཎྜལ་དང་། དེང་ནས་བརྩམས་ཏེ་སོགས་ཀྱིས་ཡོན་དབུལ། དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་ཞིང་། དར་ཡུག་ཚོམ་བུ་དང་བཅས་པ་མཇུག་ནས་དྲི ལ་ཏེ་སློབ་དཔོན་གྱི་ཕྱོགས་སུ་བསྡུ། རྗེས་ཚོགས་ཀྱི་དགའ་སྟོན་ལ་རོལ་ཞིང་། གནང་བ་ཐོབ་ན་རྡོ་རྗེ་གླུ་གར་སོགས་ཀྱང་བྱའོ། །མན་ངག་ཡིག་རྙིང་ལུས་ཕྲ་མ། །རྣ་དབང་སྙན་འཇེབས་རྒྱན་གྱིས་ཀླུབས། །ཆོས་སྨྲ་གཞོན་ནུའི་ཡིད་ཀྱི་དཔལ། །རང་དབང་མེད་པར་འཕྲོག་མིན་ནམ། །དབང་གི་གཏད་རྒྱའི་ལེ་ཚན་ནོ།། །།
༈ ༀ་སྭ་སྟི། རྣམ་འགྱུར་གང་འདུལ་དེར་སྣང་བས། །འཆི་མེད་མཆོག་སྩོལ་ལྷག་པའི་ལྷར། །སྟོན་མཛད་རྡོ་རྗེ་སློབ་དཔོན་ལ། །ཕྱག་བྱས་ཚེ་ཡི་དབང་ཆོག་བྲི། །ད་ནི་མཐའ་བརྟེན་ཚེའི་དབང་བསྐུར་བ་ནི། དཀྱིལ་འཁོར་བཤམ་སྒྲུབ་གཏོར་ཆོག་དང་བཅས་པ་སྒྲུབ་ཐབས་ལྟར་སྔོན་དུ་བཏང་ནས། སློབ་མ་རྣམས་ཁྲུས་བྱ། བགེགས་གཏོར་བཏང་ལ་མཚམས་བཅད་ནས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེ་སྒྲུབ་པའི་རྟེན་ཕུན་སུམ་ཚོགས་པ་ནི། ཤིན་ཏུ་རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེན་པོ་དང་ལྡན་པའི་མི་ལུས་རིན་པོ་ཆེ་འདི་ཉིད་ཡིན་ལ། དེ་ཐོབ་པ་ཙམ་གྱིས་མི་ཆོག་སྟེ། སྤྱིར་ཛམྦུ་གླིང་པའི་ཚེ་ལ་ངེས་པ་མེད་ཅིང་ཁྱད་པར་ཚེའི་སྙིགས་མའི་མཐར་ཐུག་པའི་ཕྱིར། དུས་མིན་དུ་འཆི་བའི་རྐྱེན་དང་བར་ཆད་མང་བས། དེ་ལས་སྐྱོབ་པའི་ཐབས་ལ་ཟབ་རྒྱས་ཀྱི་གདམས་པ་རྣམ་གྲངས་ཇི་སྙེད་ཅིག་མཆིས་པ་ལས། འདིར་རྩ་བའི་རྒྱུད་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་གསུངས་པའི་ཚེའི་དབང་བསྐུར་གྱི་ཆོ་ག་དེ་ཉིད་སྒྲུབ་པར་བྱེད་པ་ལ། སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་ཚེ་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་གདབ་པ་འདིའི༴ དཔལ་ལྡན་སངས་རྒྱས་ཀུན་བདག་ཉིད། །བརྩེ་བས་དགོངས་ཏེ་བདག་ལ་ཡང་། །དབང་བསྐུར་བདུད་རྩི་ཆེན་པོ་ཉིད། །དེ་རིང་རབ་ཏུ་སྩལ་དུ་གསོལ། །ཞེས་ལན་གསུམ། དེ་ནས་རྒྱུན་བཤགས་བྱ་བ་ནི། སློབ་དཔོན་ཚེ་དཔག་མེད་དུ་གསལ་བའི་སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་བྱང་སེམས་ཐམས་ཅད་སྤྲིན་གཏིབས་པ་བཞིན་བཞུགས་པར་མོས་ལ་འདིའི༴ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། དེ་ནས་སློབ་མ་ལྷར་བསྒོམ་ཞིང་ཚེ་རྟེན་བསྐྱེད་པ་ནི། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་སློབ་བུའི་སེམས་ཀྱི་རྟོག་པ་དང་དེ་ལས་བྱུང་བའི་ལུས་ངག་ཀྱང་སྦྱངས་ཏེ་མི་དམིགས་པ་ལས། རྨ་བྱས་བཏེགས་པའི་རིན་པོ་ཆེའི་ཁྲི་པད་ཉི་ཟླ་བའི་གདན་ལ་ཁྱེད་རང་ཨ་ལས་བཅོམ་ལྡན་འདས་སྣང་མཐའ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དཀར་པོ་གསལ་འཚེར་འབར་བ། ཕྱག་གཡས་པདྨ་དམར་པོ་དང་། གཡོན་འཆི་མེད་བདུད་རྩིས་གང་བའི་བུམ་པ་འཛིན་པ་རྫོགས་པའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ལ་རང་འདྲའི་ཡུམ་གོས་དཀར་མོ་པདྨའི་སྐྱིལ་ཀྲུང་གིས་འཁྲིལ་བ། གཉིས་ཀ་ཞི་བའི་རྒྱན་ཆས་བཅུ་གསུམ་གྱིས་མཛེས་ཤིང་ཉམས་དགུས་སྒེག་པའི་ཡབ་ཀྱི་ཐུགས་ཀར་ཉི་ཟླའི་གའུ་ཁ་སྦྱོར་གྱི་དབུས་སུ་ཚེ་རྟེན་བྱང་ཆུབ་སེམས་ཀྱི་རང་བཞིན་ཐིག་ལེ་དམར་པོ་གསལ་འཚེར་འབར་བའི་རྣམ་པར་སྒོམ། དེ་ནས་ཚེ་དགུག་པ་ནི། སྙིང་གའི་ཐིག་ལེ་ལས་འོད་ཟེར་འཕྲོས་པས་འཁོར་འདས་སྣོད་བཅུད་ཀྱི་མདངས་དང་ཚེ་བཅུད་བཀྲག་དང་གཟི་བྱིན་བསོད་ནམས་དང་ཡེ་ཤེས་ཐམས་ཅད་བསྡུས་ནས་ཚེ་རྟེན་ལ་ཐིམ་པའི་མོས་པ་མཛོད། ཚེ་མདའ་གཡབ་ཅིང་། ཧྲཱིཿ ནུབ་ཕྱོགས་པདྨ་དབང་གི་ཞིང་ཁམས་ནས། །བཅོམ་ལྡན་རིགས་ལྔ་ཡབ་ཡུམ་ཚེ་དཔག་མེད། །སེམས་དཔའ་སེམས་མ་སྒོ་མར་བཅས་རྣམས་ཀྱིས། །ཚེ་དང་ཡེ་ཤེས་དགུག་པའི་ལས་མཛོད་ཅིག །ༀ་ནྲྀ་བྷྲཱུཾ་ཧཱུཾ་ཨཱཿཡུ་ཥེ་ཛཿཛཿཧཱུཾ་ཨ། འགྲོ་བ་ཡོངས་ཀྱི་ཚེ་ལ་མངའ་མཛད་མ། །དཀར་མོ་མགྱོགས་མ་ཞི་བྱེད་འོད་འཕྲོའི་ཚོགས། །ཚེ་དང་གཟི་བརྗིད་འགུགས་པའི་ལས་མཛད་མ། །རྡོ་རྗེ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག །ༀ་ནྲྀ་བྷྲཱུཾ༴ འགྲོ་བ་ཡོངས་ཀྱི་ཚེ་ལ༴ སྔོན་མོ་མགྱོགས་མ་རྒྱས་མཛད་འོད་འཕྲོའི་ཚོགས། །ཚེ་དང་གཟི་བརྗིད༴ རྡོ་རྗེ་ཚེ་མཆོག༴ ༀ་ནྲྀ་བྷྲཱུཾ༴ འགྲོ་བ་ཡོངས་ཀྱི་ཚེ་ལ༴ དམར་མོ་མགྱོགས་མ་དབང་བྱེད་འོད་འཕྲོའི་ཚོགས། །ཚེ་དང་གཟི་བརྗིད་འགུགས་པའི༴ རྡོ་རྗེ་ཚེ་མཆོག་འགུགས་པའི༴ ༀ་ནྲྀ་བྷྲཱུཾ༴ འགྲོ་བ་ཡོངས་ཀྱི་ཚེ་ལ༴ ལྗང་མདོག་མགྱོགས་མ་དྲག་བྱེད་འོད་འཕྲོའི་ཚོགས། །ཚེ་དང་གཟི་བརྗིད༴ རྡོ་རྗེ་ཚེ་མཆོག༴ ༀ་ནྲྀ་བྷྲཱུཾ་ཧཱུཾ་ཨཱཿཡུ་ཥེ་ཛཿཛཿཧཱུཾ་ཨ། ཞེས་དགུག །དེ་ནས་དབང་བསྐུར་བ་ནི། ནམ་མཁའ་གང་བའི་སངས་རྒྱས་ཚད་མེད་པ་རྣམས་ཀྱིས་ཚེའི་བུམ་པས་དབང་བསྐུར་བས། བུམ་ནང་གི་ལྷའི་ཐུགས་དཔལ་གྱི་བེའུ་ཉི་ཟླའི་གའུ་ནས་འཆི་བ་མེད་པའི་བདུད་རྩིའི་དྭངས་མ་དམར་གསལ་འབར་བའི་རྣམ་པར་བྱུང་བ་ཁྱོད་རང་གི་སྤྱི་བོ་ནས་སྙིང་གའི་ཚེ་རྟེན་ལ་སིབ་ཀྱིས་ཐིམ་པས་བཀྲག་མདངས་གཟི་བྱིན་འབར་བའི་འོད་ཀྱིས་ལུས་ནང་ཐམས་ཅད་མེར་ཁྲིག་གིས་གང་བས། རྒུད་པ་མེད་པའི་ལང་ཚོ། འགྱུར་བ་མེད་པའི་ཚེ། འཆི་བ་མེད་པའི་སྲོག །རྟག་བརྟན་གཞོམ་གཞིག་དང་བྲལ་བ་ཐོབ་པའི་མོས་པ་མཛོད། བུམ་པ་བཏེག་སྟེ། ཧྲཱིཿ ནུབ་ཕྱོགས་ཚེ་ཡི་དབྱིངས་མཆོག་གི། །པདྨ་དབང་གི་ཞིང་ཁམས་སུ། །བྱམས་ལྡན་ཡེ་ཤེས་ཚེ་དཔག་མེད། །ཐུགས་ཀྱི་དཔལ་བེའུ་རིན་པོ་ཆེ། །ཉི་ཟླ་འོད་ཀྱི་གའུ་ན། །བྱང་ཆུབ་སེམས་ཀྱི་ཨཱཿཡུ་འབར། །དམར་གསལ་འབར་བའི་ཚེ་མཆོག་དེ། །སྐལ་ལྡན་རིགས་ཀྱི་བུ་ལ་འཕྲོ། །སྤྲོས་པས་དགུ་ལུང་དམ་པ་ཡིས། །ཙིཏྟའི་སྦུབས་ལ་བཀྲག་ཏུ་བསླན། །བུམ་ཆུ་སྤྱི་བོའི་གནས་ལྔར་གཏིག་ཅིང་། ཨཱྂ་བཛྲ་ཨཱཿཡུ་ཥེ་ཨ་བྷི་ཥིཉྩ་ཧཱུཾ། ༀ་བཛྲ་ཨཱཿཡུ་ཥེ་ཨ་བྷི༴ སྭཱ་བཛྲ་ཨཱཿཡུ་ཥེ་ཨ་བྷི༴ ཧཱུཾ་བཛྲ་ཨཱཿཡུ་ཥེ་ཨ་བྷི༴ ཧཱཾ་བཛྲ་ཨཱཿཡུ་ཥེ་ཨ་བྷི༴ སླར་ཡང་བུམ་པ་སྤྱི་བོར་བཞག་པས། བུམ་ནང་གི་ལྷའི་སྐུ་ལས་ༀ་ཡིག་ཆར་ལྟར་བབས་པ་ཁྱེད་རང་གི་སྤྱི་བོའི་ལམ་ནས་ཚེ་རྟེན་ལ་ཐིམ་པས་སྐུ་རྡོ་རྗེ་མི་ཤིགས་པའི་ཚེ་དབང་ཐོབ་པར་བསམ་ལ། ༀ། བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སྒྲིབ་པའི་དྲི་མ་མ་ལུས་སེལ། །མཁའ་དང་མཉམ་པའི་སྐུ་མངའ་བ། །རྡོ་རྗེའི་སྐུ་ཡི་དབང་ཐོབ་ཤོག །ༀ་ཀཱ་ཡ་སིདྡྷི་ཨཱཿཡུ་ཧཱུཾ་ཛཿ ཞེས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་བླུད། ཚེ་འབྲང་ལྷར་གསལ་བའི་སྐུ་ལས་ཨཱཿཡིག་ཆར་ལྟར་བབས་པ་ཁྱེད་རང་གི་མགྲིན་པའི་ལམ་ནས་ཚེ་རྟེན་ལ་ཐིམ་པས་གསུང་རྡོ་རྗེ་མི་ཤིགས་པའི་ཚེ་དབང་ཐོབ་པར་བསམ་ལ། ཨཱཿ མཆོག་ཏུ་རྣམ་པར་དག་པའི་གསུང་། །གསུང་རབ་དམ་པ་ཡི་གེ་མེད། །བརྗོད་དུ་མེད་ཅིང་སྤྲོས་བྲལ་བ། །རྡོ་རྗེའི་གསུང་གི་དབང་ཐོབ་ཤོག །ཨཱཿཝཱ་ཀ་སིདྡྷི་ཨཱཿཡུ་ཧཱུཾ་ཛཿ ཞེས་ཚེ་འབྲང་མགྲིན་པར་བཞག་ཅིང་། ཚེ་རིལ་དང་ཚེ་ཆང་ཡང་མྱང་དུ་གཞུག་གོ། །མར་མེ་ལྷར་གསལ་བ་ལས་ཧཱུཾ་ཡིག་ཆར་ལྟར་བབས་པ་ཁྱེད་རང་གི་སྙིང་གའི་ལམ་ནས་ཚེ་རྟེན་ལ་ཐིམ་པས་ཐུགས་རྡོ་རྗེ་མི་ཤིགས་པའི་ཚེ་དབང་ཐོབ་པར་བསམ་ལ། ཧཱུཾ། ཤིན་ཏུ་རྣམ་པར་དག་པའི་ཐུགས། །ཆགས་མེད་ཡེ་ཤེས་གཉིས་མཁྱེན་པ། །སྟོང་པ་ཉིད་ཀྱི་ཡེ་ཤེས་ཆེ། །རྡོ་རྗེ་ཐུགས་ཀྱི་དབང་ཐོབ་ཤོག །ཧཱུཾ་ཙིཏྟ་སིདྡྷི་ཨཱཿཡུ་ཧཱུཾ་ཛཿ ཞེས་མར་མེ་སྙིང་གར་གཏུག་ཅིང་ཞུན་མར་བྱུག །དེ་ནས་ཚེ་སྦ་བ་ནི། དེ་ལྟར་དབང་བསྐུར་བའི་སྒོ་ནས། ཚེ་གང་ལ་བསྟིམ་པའི་གཞི་སྐལ་ལྡན་རིགས་ཀྱི་བུ་ཉིད་དང་། དེ་ལ་བསྟིམ་བྱ་ཚེ་དང་བསོད་ནམས་དང་ཡེ་ཤེས་ཀྱི་རྒྱུད་གསུམ་སྟེ། དེ་ཐམས་ཅད་ཀྱང་བྱང་ཆུབ་སེམས་ཀྱི་རང་བཞིན་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་སྤྲོས་བྲལ་འཆི་མེད་གཉུག་པའི་དབྱིངས་སུ་རྣམ་པར་དག་པར་སུས་ཀྱང་གཞིག་ཅིང་གཞོམ་དུ་མེད་པར་གྱུར་སྙམ་པའི་མོས་པ་མཛོད། ཧྲཱིཿ ཚེ་ཡི་ངོ་བོ་རྒྱུད་གསུམ་པོ། །སྲོག་གི་ངོ་བོར་གཞལ་ཡས་ཁང་། །ལེ་བརྒན་འབར་བའི་དཀྱིལ་འཁོར་དུ། །ཨཱཿཡུ་དམར་པོའི་འོད་འཕྲོས་པས། །འཆི་བ་མེད་པའི་སྲོག་བཙུགས་ཏེ། །འགྱུར་བ་མེད་པའི་གཡུང་དྲུང་ཡིན། །ཆོས་ཉིད་དབྱིངས་སུ་ཚེ་སྦས་པས། །དུས་གསུམ་རྒྱལ་བ་དགྲར་ལངས་ཀྱང་། །དེ་ལ་བཟུང་ཞིང་བརྟག་ཏུ་མེད། །ཅེས་བརྗོད། དེ་ནས་ཚེ་རྒྱས་གདབ་པ་ནི། འཆི་མེད་གཉུག་མའི་རང་བཞིན་ལས་སྐད་ཅིག་གིས་དེའི་ཕྱག་རྒྱ་ཁྱེད་རང་སྣང་མཐའ་ཚེ་དཔག་མེད་དུ་གསལ་བའི་སྙིང་གར་ཟླ་གམ་དབང་གི་དཀྱིལ་འཁོར། དེའི་སྒོར་རྟ་མགྲིན་ཡབ་ཡུམ་རྒྱ་གྲམ་དང་བུམ་པ་འཛིན་པས་བསྲུང་བ། ཟླ་གམ་གྱི་ནང་དུ་རིན་པོ་ཆེ་དཔལ་བེའུ་ཟུར་བརྒྱད་པ་འབར་བ། དེའི་སྟེང་དུ་ཉི་ཟླ་གའུ་ཁ་སྦྱོར་གྱི་ཡས་མས་ནས་རྡོ་རྗེ་རྒྱ་གྲམ་གྱིས་གཏམས་པའི་སྟེང་འོག་གི་རྭ་རྩེ་འོད་ཟེར་གྱི་ཐག་པས་བཅིངས་པ། གའུའི་ནང་དུ་གུ་ཧྱ་གསེར་གྱི་རྡོ་རྗེ་མཚོན་གང་བའི་ལྟེ་བར་ༀ་ཨཱཿཧཱུཾ་གསུམ་དམར་པོ་འོད་འབར་བ་རྣམས་ཀྱི་རྒྱས་བཏབ་པའི་མོས་པ་མཛོད། བྱང་ཆུབ་སེམས་ཀྱི་ཨཱཿཡུ་དེ། །སྐྱེ་མེད་དབྱིངས་སུ་སྦས་ནས་ཀྱང་། །ཐ་མར་ཕྱག་རྒྱ་བདུན་གྱིས་གདབ། །དང་པོ་སྐུ་གསུང་ཐུགས་ཀྱི་རྒྱ། །གཉིས་པ་གནོན་པའི་རྒྱ་གྲམ་རྒྱ། །གསུམ་པ་རྟ་མཆོག་དཔལ་གྱི་རྒྱ། །བཞི་པ་རིན་ཆེན་དཔལ་བེའུ་སྟེ། །ལྔ་པ་གསེར་གྱི་གུ་ཡའོ། །དྲུག་པ་ཟླ་གམ་དམར་པོ་ལ། །བདུན་པ་ཉི་ཟླའི་གའུ་འབར། །རྒྱ་བདུན་རིམ་པས་བཏབ་པ་ལས། །སུས་ཀྱང་འདའ་བར་མི་ནུས་སོ། །ཞེས་བརྗིད་ཅིང་རེ་རེ་ནས་སྙིང་གར་རྡོ་རྗེ་རྒྱ་གྲམ་དུ་བཞག །འཇིག་རྟེན་འདྲེན་པ་སོགས་དང་། ལོ་བརྒྱ་ཐུབ་ཅིང་སོགས་ཀྱིས་བཀྲ་ཤིས་བརྗོད་དོ། །དེ་ལྟར་སྐལ་ལྡན་རིག་པ་འཛིན་པ་ཁྱེད་རྣམས་ལ་འཆི་མེད་ཚེ་ཡི་དབང་བསྐུར་བས། ཚེ་མི་ཤིགས་པའི་རྡོ་རྗེ། མི་འགྱུར་བའི་གཡུང་དྲུང་། མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཏེ། འཆི་བ་མེད་པ་ཚེའི་དངོས་གྲུབ་ལ་དབང་འབྱོར་བར་གྱུར་ཅིག །ཅེས་བརྗོད་དོ། །རྗེས་ཀྱི་བྱ་བ་གདམས་ངག་ངང་སྒོམ་ཚེ་ཁྲིད་གདབ་པ་ནི། ཞོག་པ་སྐྱ་རེངས་དང་པོ་འཆར་བའི་ཚེ། རང་ཉིད་སྟན་བདེ་བ་ལ་བསམ་གཏན་གྱི་འདུག་སྟངས་ཀྱིས་ཁ་ཤར་ཕྱོགས་སུ་བལྟས་ཏེ་འདུག་ལ། སྐྱབས་སེམས་སྔོན་དུ་འགྲོ་བས། རང་ཉིད་སྣང་མཐའ་ཚེ་དཔག་མེད་དུ་ལམ་གྱིས་བསྒོམས་ལ། རླུང་རོ་བསལ་བས་ནད་གདོན་སོགས་ཚེའི་འགལ་རྐྱེན་ཐམས་ཅད་སང་གིས་སོང་བར་བསམ། དེ་ནས་ཤར་ཕྱོགས་ཀྱི་ནམ་མཁའི་མཐའ་གཏུགས་པའི་ལྷ་ཀླུ་གནོད་སྦྱིན་ལ་སོགས་པའི་ཚེ་དང་བསོད་ནམས་ཐམས་ཅད་རླུང་དང་ལྷན་ཅིག་རྔུབས་ནས་ཐུབ་ཐང་དུ་བཟུང་བས། དབུ་མའི་ནང་དུ་སིབ་ཀྱིས་སོང་ནས་ཙིཏྟ་མི་ཤིགས་པའི་ཐིག་ལེ་ལ་ཐིམ་པར་བསམ། མི་ཐུབ་པ་ན་སྣ་ནས་དལ་བུས་སང་གིས་བཏང་ངོ་། །དེ་བཞིན་དུ་ཕྱོགས་མཚམས་གཞན་ལའང་སྦྱར་ཏེ། རབ་ལོ། འབྲིང་ཟླ་བ། ཐ་མ་ཞག་བཅོ་ལྔའམ། ཞག་བདུན་འབད་པས་ཚེ་བསྲིང་བར་འགྱུར་ཏེ། རྩ་རྒྱུད་ལས། རྣལ་འབྱོར་རིག་འཛིན་གང་ཞིག་རྣམས། །མི་འཕོ་བར་ནི་གནས་འདོད་པས། །ལོ་གཅིག་གམ་ནི་ཟླ་གཅིག་གམ། །དེ་བཞིན་ཞག་གི་རྣམ་གྲངས་ཀྱང་། །བཅོ་ལྔའམ་ཡང་ན་བདུན་བར་དུ། །ཐོ་རེངས་ཐུན་ཐ་དང་པོའི་ཚེ། །ཞེས་པ་ནས། དེ་ལྟར་མང་པོ་སྒྲུབས་པ་དང་། །དཔལ་ཚེ་གཟི་བྱིན་ཐམས་ཅད་ཐོབ། །ཅེས་དང་། བཤད་རྒྱུད་རྔམ་གློག་ལས་ཀྱང་། ཕྱོགས་བཅུར་དེ་ལྟར་གོམས་བྱས་ན། །དཔལ་ཆེན་གཟི་བྱིན་ཐམས་ཅད་ཐོབ། །ཅེས་གསུངས་པ་ཡིན་ནོ། །དེས་མཐའ་བརྟེན་དུ་ཚེའི་དབང་བསྐུར་བ་མན་ངག་དང་བཅས་པ་གྲུབ་པས། གནས་སྐབས་དེ་དག་ཏུ་ཐོབ་པའི་དམ་ཚིག་རྣམས་ཚུལ་བཞིན་དུ་བསྒྲུབ་པར་བྱའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་ཀྱིས་ཁས་བླངས། གཏང་རག་གི་མཎྜལ་དང་། དེང་ནས་བརྩམས་ཏེ་སོགས་ཀྱིས་ཡོན་དབུལ། དགེ་བ་བསྔོ་ཞིང་། རྗེས་ཆོག་རྣམས་སྒྲུབ་ཐབས་ལྟར་བྱའོ། །རྩ་བཤད་རྒྱུད་ལུང་མན་ངག་ལྟར། །ཚེ་ཡི་དབང་ཆོག་ཟབ་དོན་གནད། །ཆོས་འདིའི་རང་སྐད་འོད་བརྒྱ་པ། །རྙིང་བསྟན་སྣང་བྱེད་དཔལ་དུ་འབར། །མཐའ་རྟེན་ཚེའི་དབང་ཆོག་གི་ལེ་ཚན་ནོ། །འདུས་པ་མདོའི་དབང་ཆོག་རྡོ་རྗེའི་ཐེམ་སྐས་ལས། རྗེས་གཏད་རྒྱ་བྱ་ཞིང་ཚེ་དབང་བསྐུར་བའི་ཆོ་ག་བཤད་པའི་སྐབས་ཏེ་དྲུག་པའོ།། །།
༈ འདིར་སྨྲས་པ། རྨད་བྱུང་རྡོ་རྗེ་ཐེག་པའི་ཐེམ་སྐས་ལ། །སྐལ་བཟང་ཐབས་ཤེས་གོམ་སྟབས་ལྷོད་པོ་ཡིས། །འཛེགས་ནས་བདེ་བ་ཆེན་པོའི་ཁང་བཟང་དུ། །འཇུག་པའི་ཐབས་མཆོག་འདུས་པ་མདོ་ཡི་དབང་། ༡ །རྒྱུད་ལུང་མན་ངག་དགོངས་པ་ཟབ་དོན་གནད། །གྲུབ་པའི་དབང་སྒྱུར་བདེ་བ་གསལ་མཛད་ཀྱིས། །བཀྲལ་བའི་ཆོས་ཚུལ་རྗེས་འགྲོ་ལེགས་བཤད་དཔལ། །དག་ཅིང་གསལ་ལ་མ་འཁྲུགས་གོ་བདེར་སྤེལ། ༢ །གསང་ཆེན་རྒྱུད་ལུང་མཁའ་ལྟར་དཔག་ཡས་པས། །བློ་རྨོངས་འདབ་ཆགས་བགྲོད་པས་ཇི་ལྟར་མཚོན། །འོན་ཀྱང་མཁའ་ལྡིང་འཕུར་པའི་ཤུལ་ལམ་ལ། །ཉམ་ཆུང་བུང་བ་རྣམས་ཀྱང་འགྲོ་མིན་ནམ། ༣ །དེ་ཕྱིར་བདག་བློའི་རྩལ་སྟོབས་མཆོག་མིན་ཀྱང་། །རྗེ་བཙུན་བླ་མའི་བཞེད་དགོངས་གངྒཱའི་རྒྱུན། །དད་བརྩོན་སྙིང་གི་འབབ་སྟེགས་ལ་གཞོལ་བས། །གདུང་སེལ་བདུད་རྩིའི་ཟེགས་མ་ཅི་ཡང་འཐོར། ༤ །རྒྱུད་དང་མན་ངག་སོ་སོའི་ལུགས་ཕྱེད་པའི། །རྟོག་དཔྱོད་དཀྱུས་སར་ཕྱིན་པའི་རྟ་མཆོག་བཞིན། །སྔ་བཙན་ཞེན་པའི་སྲབ་སྐྱོགས་ལ་བཅུག་ཀྱང་། །ལུང་རིག་བདེ་བའི་ཐང་ལ་ཐལ་བར་གྱུར། ༥ །ལེགས་བཤད་གང་མཆིས་གཏེར་ཆེན་བླ་མའི་དྲིན། །བཀའ་དྲིན་རྗེས་སུ་དྲན་པས་གུས་ཕྱག་འབུལ། །ཉེས་གྱུར་བདག་བློ་རྨོངས་པའི་སྐྱོན་ལགས་པའི། །བླ་མ་ལྷར་བཅས་ཚོགས་ལ་བཟོད་པར་གསོལ། ༦ །འདིས་ཐོབ་དགེ་བས་མཐའ་ཡས་འགྲོ་བ་རྣམས། །སྐྱེ་ཞིང་སྐྱེ་བ་ཀུན་ཏུ་འདུས་པ་མདོའི། །སྨིན་གྲོལ་ལམ་བཟང་འདི་དང་མི་འབྲལ་ཞིང་། །དཔལ་ལྡན་སྐུ་བཞིའི་གོ་འཕང་མྱུར་ཐོབ་ཤོག ༧ །འདུས་པ་ཆེན་པོ་མདོའི་དབང་གི་ཆུ་བོ་བཞི་རྒྱུད་དང་མན་ངག་གི་ལུགས་གཅིག་ཏུ་དྲིལ་ནས་བསྐུར་བའི་དབང་ཆོག་རྡོ་རྗེའི་ཐེམ་སྐས་ཞེས་བྱ་བ་འདི་ནི། སྐུ་ན་གཞོན་ནུར་གྱུར་ཀྱང་བློ་གྲོས་ཀྱི་ལུས་སྟོབས་རྒྱས་པས་ཤེས་བྱ་རིག་པའི་གནས་ཀུན་ལ་ཐོགས་པ་མེད་པའི་མཁྱེན་རབ་ཕུལ་དུ་བྱུང་ཞིང་ཟབ་མོའི་ལམ་ལ་བསྙེན་སྒྲུབ་མཐར་ཕྱིན་པའི་རྡོ་རྗེ་འཛིན་པ་ཆེན་པོ་རྒྱལ་བའི་སྲས་མཆོག་ཤེས་རབ་རྣམ་རྒྱལ་རྡོ་རྗེའམ་མཚན་གཞན་པདྨ་འགྱུར་མེད་རྒྱ་མཚོའི་སྡེའི་བཀའ་སྩལ་སྤྱི་བོས་ནོད་དེ་རྩོམ་འདུན་ཡིད་ལ་བཅགས་པ་ཉིད། འཕྲལ་དུ་སྒྲུབ་པའི་རྐྱེན་སད་བྱེད་སྔོན་གོམས་ཀྱི་ཡོན་ཏན་དུ་མས་རྣམ་པར་བརྒྱན་པའི་སྐྱེས་མཆོག་པད་གླིང་ལྔ་པ་གསུང་སྤྲུལ་ངག་དབང་ཀུན་བཟང་རྡོ་རྗེ་དང་། འོད་མཆོག་སྤྲུལ་པའི་སྐུ་ལྕེ་སྟོན་ངག་དབང་ཀུན་བཟང་རང་གྲོལ། ཐང་འབྲོག་སྤྲུལ་པའི་སྐུ་ཀུན་བཟང་ལེགས་པར་གྲུབ་པ་ལ་སོགས་ཏེ་བསྟན་པ་གསལ་བར་མཛད་པའི་སྐྱེས་ཆེན་དུ་མའི་གསུང་ནན་དང་། གཞན་ཡང་མདོ་ཁམས་གོ་འཇོ་བླ་མ་རྣམ་གྲོལ་བཟང་པོ་དང་། བསལ་བླ་མ་ཡེ་ཤེས་དང་རྡོ་རྗེ་མགོན་སོགས་དགེ་བའི་བཤེས་གཉེན་དང་བསྟན་པ་ལ་མཆོག་ཏུ་གུས་པ་མང་པོས་ཀྱང་ཉེ་བར་བསྐུལ་ཞིང་། ཁྱད་པར་རྒྱལ་ཀུན་འདུས་པའི་སྤྱི་གཟུགས་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཁམས་གསུམ་འགྲོ་བའི་བླ་མ་རྗེ་བཙུན་ཐམས་ཅད་མཁྱེན་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འཇིགས་བྲལ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེའི་བཀའ་ལུང་གིས་དབུགས་འབྱིན་པའི་གནང་བ་ལེགས་པར་ཐོབ་པ་ལ་བརྟེན་ནས། གང་གི་བཀའ་དྲིན་ཁོ་ནས་འཚོ་བའི་གཉོས་ཀྱི་དགེ་སློང་རྨོངས་པ་དྷརྨཱ་ཤྲཱིས་རང་ལོ་ལྔ་བཅུ་ང་གཅིག་པ་ཉི་སྒྲོལ་བྱེད་ཅེས་ཤིང་ཕོ་སྤྲེའུའི་ལོ་སྟོན་ཟླ་འབྲིང་པོའི་ཚེས་བཅུ་དྲུག་གི་སྔ་དྲོ་རབ་ཏུ་བརྟན་པ་སྡིག་པའི་དུས་སྦྱོར་གྱི་དབྱུ་གུ་བཞི་པ་ཆུ་ཁམས་པ་ཝ་སངས་ཀྱིས་སྤྱོད་པའི་དུས་རེས་གཟའ་བཀྲ་ཤིས་ཐ་སྐར་དང་རྩེ་བའི་འགྲུབ་སྦྱོར་བཟང་པོ་ལ། །བཤད་སྒྲུབ་ཀྱི་ཆུ་བོ་མ་ལུས་པ་འདུ་བའི་རྒྱ་མཚོ། ལུང་རིགས་མན་ངག་རིན་པོ་ཆེའི་འབྱུང་གནས་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭར་སུག་རིས་སུ་སྦྱར་བའོ། །འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་རྒྱུར་གྱུར་ཅིག། ༈ །།སྭསྟི། ཚོགས་གཉིས་མཐར་ཕྱིན་སྐུ་བཞིའི་རྒྱལ་ཐབས་མཆོག །རྡོ་རྗེ་ཅན་གྱི་ས་ཆེན་ཡོངས་བཟུང་ནས། །ཐུགས་རྗེའི་རྣམ་རོལ་རིགས་ཅན་བློར་འཚམས་པའི། །བསྟན་པ་རྒྱ་མཚོས་ས་གསུམ་ཤིས་པར་མཛད། ༡ །ཁྱད་པར་གསང་ཆེན་ཐེག་པ་མཆོག་གི་ལམ། །བརྒྱུད་གསུམ་བླ་མའི་ཞལ་ལུང་བདུད་རྩིའི་ཆབ། །སྨིན་གྲོལ་རོ་བརྒྱ་ལྡན་པ་མདོ་ཡི་དབང་། །སྐལ་བཟང་སྐུ་བཞིར་སྨིན་བྱེད་འདི་རྨད་བྱུང་། ༢ །གང་ཡང་ཐེག་པའི་གོ་རིམ་རྣམ་དབྱེ་དང་། །ཆོ་གའི་བྱ་བ་ཇི་བཞིན་མ་འདྲེས་པར། །རང་གཞུང་ངེས་པའི་ཁུངས་ཀྱིས་ཡིད་ཆེས་ཅན། །ཀླགས་པ་ཙམ་གྱིས་དགོས་དོན་འགྲུབ་བྱེད་གང་། ༣ །སྐལ་བཟང་མཆོག་འདོད་རྣམས་ལ་ཡིད་བཞིན་གྱི། །ནོར་བུ་ཉིད་ཕྱིར་བློ་ངན་རྙོག་པའི་དྲི། །སྦྱངས་ནས་བཤད་སྒྲུབ་རྒྱལ་མཚན་རྩེར་མཆོད་པས། །དངོས་གྲུབ་འདོད་དགུར་འཇོ་བའི་མཆོག་སྦྱིན་མཁན། ༤ །མཁས་བཙུན་བཟང་པོའི་དཔལ་གྱིས་མངོན་མཐོ་བ། །ངག་གི་དབང་ཕྱུག་ཆོས་དཔལ་རྒྱ་མཚོ་ཞེས། །སྐད་གཉིས་སྨྲ་བའི་ཟླ་བ་བསྟན་འཛིན་གྱི། །རྒྱུ་སྐར་ཕྲེང་བའི་དབུས་ན་གསལ་དེའོ། ༥ །ལེགས་བཤད་རིན་ཆེན་དོན་གཉེར་སྐྱེ་བོ་ལ། །འབད་མེད་ཆོས་གཏེར་རྒྱུ་རྐྱེན་ཕུན་ཚོགས་སྒོ། །འབྱེད་པོ་ཀུན་དགའ་ཚུལ་ཁྲིམས་རྒྱ་མཚོ་ཡི། །མ་སྨད་འབྱོར་བའི་བང་མཛོད་ཉིད་ལས་སྤེལ། ༦ །ཡི་གེའི་བྱེད་པོ་ཨོ་རྒྱན་དཔལ་འབྱོར་གྱིས། །བྲིས་པ་ཇི་བཞིན་ཨོ་རྒྱན་ཚོགས་གཉིས་དང་། །ཕུན་ཚོགས་བསྟན་འཛིན་རྡོ་རྗེ་ཚེ་བརྟན་གྱི། །རྣམ་དཔྱོད་སོར་མོའི་འཕྲུལ་ཆེན་པར་དུ་གྲུབ། ༧ །ཞུས་དག་བྱེད་པོ་སྡོམ་བརྩོན་འབུམ་ཕྲག་གཞུང་། །སྨྲ་མཁས་ཨོ་རྒྱན་སྐལ་བཟང་ཞེས་བྱ་སྟེ། །དོ་དམ་ལས་འཛིན་དགེ་སློང་རབ་འཕེལ་གྱིས། །ཉེ་བར་སྒྲུབས་སོགས་ལེགས་བྱས་དཔྱིད་དུ་གྲུབ། ༨ །ཚུལ་འདི་ཨོ་རྒྱན་མཁན་པོའི་སྨིན་གྲོལ་གྱི། །རིང་ལུགས་བཤད་སྒྲུབ་མངོན་པར་མཐོ་བའི་གླིང་། །ངེས་དོན་དགའ་བའི་ཚལ་གྱི་ཆོས་གྲྭ་ཆེར། །ས་སྐྱོང་ཞེས་བྱའི་ལོ་ལ་བསྒྲུབས་པའོ། ༩ །འདིས་ཐོབ་དགེ་བས་རྒྱལ་བསྟན་འཕེལ་ཞིང་རྒྱས། །འགྲོ་ཀུན་སྲིད་ཞིའི་དཔལ་གྱིས་ཉེར་འཚོ་ཞིང་། །རླབས་ཆེན་རྒྱལ་བའི་མཛད་པ་རྨད་བྱུང་གིས། །ཕན་བདེའི་སྣང་བ་ཕྱོགས་བཅུར་རྒྱས་བྱེད་ཤོག ༡༠ །ཅེས་འདུས་པ་མདོའི་སྒྲུབ་དཀྱིལ་དབང་ཆོག་ཆ་ལག་དང་བཅས་པའི་པར་བྱང་དུ་འགྱུར་མེད་རྡོ་རྗེས་སྤེལ་བའོ།། ༈ །།མདོ་སྔགས་ཆོས་ཚུལ་ཚང་ལ་མ་ནོར་བ། །མཁས་ཤིང་གྲུབ་བརྙེས་རིག་འཛིན་བརྒྱུད་པའི་སྲོལ། །ཐུབ་བསྟན་སྙིང་པོ་གསང་སྔགས་སྔ་འགྱུར་བའི། །བསྟན་པ་འཕེལ་རྒྱས་འཛམ་གླིང་ཁྱབ་གྱུར་ཅིག ༈ །མཁན་སློབ་ཆོས་གསུམ་རིང་ལུགས་ཆེ། །འཛམ་གླིང་ས་གསུམ་ཁྱབ་པར་འཕེལ། །འགྲོ་རྒྱུད་མཆོག་གསུམ་སྣང་བ་དང་། །མི་འབྲལ་དུས་གསུམ་དགེ་ལེགས་ཤོག །དགེའོ། །དགེའོ། །དགེའོ།། །།

འོག་མིན་ཚོགས་ཆེན་འདུས་པའི་དབང་ཆེན་གྱི་བསྙེལ་ཐོ།

འོག་མིན་ཚོགས་ཆེན་འདུས་པའི་དབང་ཆེན་གྱི་བསྙེལ་ཐོ། འདུས་པ་མདོ་དབང་གི་བརྗེད་ཐོ། དང་པོར་རྒྱལ་ཐོ། དེ་ནས་སྒོ་དྲུང་དུ་དམ་སྲི་མནན། གཤིན་རྗེ་དང་རྟ་མགྲིན་གྱི་སྒོ་བྱང་གདགས། ས་ཆོག་རྣམས་དཀྱིལ་ཆོག་ནང་ལྟར། མ་ཏྲཾ་ཡན་ལག་ལྔ་དང་། ཁོག་པ་ཕྱེ་ཆོག་པའི་ནང་ནས། དོན་སྙིང་ནང་ཁྲོལ་སོགས་ཀྱང་བཏོན་ཆོག་པ་གོས་ཆེན་ནམ། རས་སེ་ལ་བཟོ་ནས་ལྷུན་ཕྲལ་ཆོག་པ་བྱེད། བསྒྲལ་ལུགས་སྒྲུབ་ཁོག་ནས་འབྱུང་། མགོ་སོགས་ཡན་ལག་ལྔ་དང་། སྙིང་ནང་ཁྲོལ་རྣམས་ཕྱོགས་མཚམས་བརྒྱད་དུ་བཀོད་པ་དུར་ཁྲོད་བརྒྱད་མཚོན་པ་ཡིན། དེ་ནས་ཕུར་གདན་སྟེང་ཁྲོ་བཅུའི་ཕུར་པ་གདབ་ལུགས་དང་། ས་ཐིག་ཚར་ནས་ལྷ་གནས་སུ་ལྷ་སྟ་གོན་དང་། བུམ་པ་སྟ་གོན། སློབ་མ་སྟ་གོན་སོགས་དང་། དཀྱིལ་འཁོར་ཐིག་ཚོན་གྱི་བྱ་བ་རྣམས་དཀྱིལ་ཆོག་དང་སྒྲུབ་ཁོག་གཉིས་བསྟུན། རས་བྲིས་དང་རྡུལ་ཚོན་གང་བྱེད་ཀྱང་སྒོ་དགུ་མ་བྱས་པའི་སྟེང་། སྟེགས་བུ་རྐང་རིང་སྟེང་། སྟེང་ཁང་ཞི་བའི་དཀྱིལ་འཁོར་སྒྲིག །བུམ་པ་དང་དཀྱིལ་འཁོར་ལ་རབ་གནས་བྱ་ཚུལ་སོགས་ཟུར་འདེབས་ལས་བཤད་ཀྱང་ཧ་ཅང་རྫོགས་ཆེ་བས་གང་འཚམས་མཛད། དེ་བཞིན་དུ་སྨན་སྒྲུབ་དང་འབྲེལ་བའང་བྱ་བ་མང་བས་འགྲིག་ཚོད་བྱེད། དཀྱིལ་འཁོར་རྒྱན་བཀོད་རྣམས་ཀྱང་སྒྲིག །དཀྱིལ་འཁོར་གྱི་ཉེ་ལོགས་སུ་ཡན་ལག་གི་དཀྱིལ་འཁོར་སྒྲིག་པའི་སྟེགས་བུ་དང་། དེ་མཚུངས་ཆ་གསུམ་དམིགས་བསལ་གྱི་སྟེགས་བུའང་སྒྲིག་ལ། དབང་ལ་སྒྲུབ་མཆོད་དང་འབྲེལ་དགོས་པས་སྔ་ཞོག་ཚོགས་ཆེན་འདུས་པའི་གཞུང་བསྲང་། བཟླས་པ་གྲུབ་ནས། ཉིན་དང་པོར་ཡན་ལག་གི་དབང་གི་དང་པོར་སྒོ་འབྱེད་ཕྱག་རྡོར་གྱི་རས་བྲིས་བཀྲམ། གཏོར་མ་ཉེར་སྤྱོད། བུམ་པ་སོགས་རྫས་དབང་ཙཀླི་རྣམས་ཀྱང་འདུས་བྱས་ནས་ཕྱག་རྡོར་གྱི་གཞུང་བསྲང་། བཟླས་པ་བྱ། ལས་བུམ་བསྒྲུབ། དེ་ནས་སྒོ་འབྱེད་ཀྱི་དབང་བྱ། ཕྱི་དྲོ་བསྐང་གསོ། ཚོགས་སོགས་ཆོ་གའི་རྗེས་ཆོག་བྱེད། ཆ་གསུམ་ནི། གནས་ཁང་ལོགས་ཞིག་ཏུ་ཆོག་རོགས་པ་གཞན་གྱིས་བཏང་ཀྱང་ཡོང་། གང་ལྟར་ཉིན་ལྟར་གཏོར་མ་བརྗེས་ན་ལེགས། སྒོ་འབྱེད་ཕྱག་རྡོར་གྱི་དབང་ཟིན་ནས་དེའི་རས་བྲིས་བསྡུས། དེའི་ཤུལ་དུ་ལྷ་མིའི་དཀྱིལ་འཁོར་དང་མཆོད་གཏོར་དབང་རྫས་སོགས་སྒྲིག །ཕྱིར་ཉིན་ཡང་སྔ་ཞོག་རྩ་བའི་དཀྱིལ་འཁོར་ཚོགས་ཆེན་འདུས་པའི་གཞུང་བསྲང་། བཟླས་པ་གྲུབ་ནས། ལྷ་མིའི་སྒྲུབ་ཐབས་ནང་བཞིན་དཀྱིལ་འཁོར་བསྒྲུབས། དེ་ནས་ལྷ་མིའི་དབང་བསྐུར་བ་དང་། བསྐང་གསོ་རྗེས་ཆོག་སོགས་ཉིན་སྔ་མ་དང་འདྲ། དེ་བཞིན་དུ་ཉིན་ལྟར་ཡན་ལག་གི་དཀྱིལ་འཁོར། ཉན་ཐོས། རང་རྒྱལ། བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད། རྩ་བའི་དཀྱིལ་འཁོར་ལ་འཇུག་ལུགས་དབང་ཆོག་དང་། སྒྲུབ་ཐབས་སོ་སོའི་དཀྱུས་གཅིག་ལ་ཡོད་པ་ལྟར་དང་། དབང་ཞུ་མི་མང་པོ་ཡོད་པ་སོགས་ཀྱི་མ་ཚར་བ་དང་། དབང་དལ་འགྲོས་ཀྱི་བྱེད་ན་ཉིན་གཅིག་ཡན་ལག་སོ་སོའི་དབང་བསྒྲུབ་བྱ། སང་ཉིན་ཡན་ལག་གི་དབང་ཉིན་སྔ་མ་བསྒྲུབས་པ་དེ་བསྐྱར་བསྒྲུབ་བསྡུས་ཙམ་བྱས་ནས་བསྐུར། རྩ་དཀྱིལ་ཉིན་ལྟར་དགོས། གྲྭ་ཚོགས་མང་པོ་དང་བཅས་སྒྲུབ་མཆོད་དལ་འགྲོས་ཀྱི་བྱེད་ན། སྔ་ཞོག་སློབ་དཔོན་གྱིས་གནས་ཁང་གཞན་ཞིག་ཏུ་ཡན་ལག་གི་དཀྱིལ་འཁོར་བསྒྲུབ་ནས་དབང་བསྐུར་ཀྱང་ལེགས། སློབ་དཔོན་གྱི་ངག་མ་དག་ན་སློབ་མས་དབང་མི་ཐོབ་ཅེས་གསུངས་པས་དེང་སང་རྗེས་གནང་གི་སྟེགས་བུ་མང་པོ་གྲལ་སྒྲིགས་ནས་དབང་བསྒྲུབ་རྟེན་འབྲེལ་གྱི་བཅོས་ཀ་ལྟ་བུ་ཞིག་བྱེད་པ་དེ་མི་ལེགས་སོ། །གཞན་མ་མདོ་དབང་འདི་ཐེག་པ་རིམ་དགུ་ཡོངས་རྫོགས་སྔགས་ལམ་དུ་བཀྲལ་བའི་གཞུང་སྒྲོམ་ཤིན་ཏུ་ཆེ་བས་གཞན་ལས་ཁྱད་དུ་འཕགས་ཤིང་། དབང་འདི་ཐོབ་ན་བསྟན་པ་ཡོངས་སུ་རྫོགས་པའི་སྤངས་རྟོགས་ཀྱི་ས་བོན་ཐེབས་ཤིང་ས་ཆོད་ཆེ་བ་ཡིན་པས་དབང་རྒྱུན་ཡང་དཀོན། ཞུ་བསྐུར་ཡང་ཉུང་། ལག་ལེན་ཀྱང་དཀའ་ལ་སྤྱི་དོན། ཟུར་འདེབས་སོ་སོའི་དབང་ཆོག་དང་སྒྲུབ་ཐབས་སོགས་ལ་ཐུགས་རྟོག་ཞིབ་འཇུག་གནང་། བསྟན་པ་ཡོངས་རྫོགས་ཀྱི་ཆུ་འགོ་རྫོགས་པའི་སངས་རྒྱས་ལ་ཐུག་ཀྱང་། རྒྱལ་བའི་ཕྲིན་ལས་རྟེན་འབྲེལ་ལས་ལུགས་སྲོལ་སྣ་ཚོགས་སུ་དར་བས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འགྲུབ་ལ། ཁྱད་པར་བར་སྐབས་སུ་དཀར་འབྲུག་སོགས་བཀའ་བརྒྱུད་པའི་ཕྱོགས་ལ་གེགས་ཆགས་ཆེན་པོའི་བསྟན་པ་ཤིན་ཏུ་ཉག་ཕྲ་སྐབས་ཀྱང་། འབྲི་གུང་བཀའ་བརྒྱུད་ཞོ་འཇགས་སུ་གནས་པ་ཆོས་རྒྱལ་རིན་ཆེན་ཕུན་སུམ་ཚོགས་ཀྱི་ཟབ་གཏེར་བཞེས་ནས་བཀའ་རྙིང་གཅིག་འདྲེས་སུ་མཛད་པའི་ཐུགས་རྗེ་ཁོ་ན་ཡིན་པས་དེའི་དོན་ལ་དགོངས་ནས་བསྟན་པར་གཅེས་སྤྲས་རྒྱ་ཆེན་པོ་མཛད་པ་ཞུ་ཞེས་གསོལ་བ་འདེབས་པ་ལགས།། །།