འོག་མིན་ཚོགས་ཆེན་འདུས་པའི་དབང་ཆེན་གྱི་བསྙེལ་ཐོ།

འོག་མིན་ཚོགས་ཆེན་འདུས་པའི་དབང་ཆེན་གྱི་བསྙེལ་ཐོ། འདུས་པ་མདོ་དབང་གི་བརྗེད་ཐོ། དང་པོར་རྒྱལ་ཐོ། དེ་ནས་སྒོ་དྲུང་དུ་དམ་སྲི་མནན། གཤིན་རྗེ་དང་རྟ་མགྲིན་གྱི་སྒོ་བྱང་གདགས། ས་ཆོག་རྣམས་དཀྱིལ་ཆོག་ནང་ལྟར། མ་ཏྲཾ་ཡན་ལག་ལྔ་དང་། ཁོག་པ་ཕྱེ་ཆོག་པའི་ནང་ནས། དོན་སྙིང་ནང་ཁྲོལ་སོགས་ཀྱང་བཏོན་ཆོག་པ་གོས་ཆེན་ནམ། རས་སེ་ལ་བཟོ་ནས་ལྷུན་ཕྲལ་ཆོག་པ་བྱེད། བསྒྲལ་ལུགས་སྒྲུབ་ཁོག་ནས་འབྱུང་། མགོ་སོགས་ཡན་ལག་ལྔ་དང་། སྙིང་ནང་ཁྲོལ་རྣམས་ཕྱོགས་མཚམས་བརྒྱད་དུ་བཀོད་པ་དུར་ཁྲོད་བརྒྱད་མཚོན་པ་ཡིན། དེ་ནས་ཕུར་གདན་སྟེང་ཁྲོ་བཅུའི་ཕུར་པ་གདབ་ལུགས་དང་། ས་ཐིག་ཚར་ནས་ལྷ་གནས་སུ་ལྷ་སྟ་གོན་དང་། བུམ་པ་སྟ་གོན། སློབ་མ་སྟ་གོན་སོགས་དང་། དཀྱིལ་འཁོར་ཐིག་ཚོན་གྱི་བྱ་བ་རྣམས་དཀྱིལ་ཆོག་དང་སྒྲུབ་ཁོག་གཉིས་བསྟུན། རས་བྲིས་དང་རྡུལ་ཚོན་གང་བྱེད་ཀྱང་སྒོ་དགུ་མ་བྱས་པའི་སྟེང་། སྟེགས་བུ་རྐང་རིང་སྟེང་། སྟེང་ཁང་ཞི་བའི་དཀྱིལ་འཁོར་སྒྲིག །བུམ་པ་དང་དཀྱིལ་འཁོར་ལ་རབ་གནས་བྱ་ཚུལ་སོགས་ཟུར་འདེབས་ལས་བཤད་ཀྱང་ཧ་ཅང་རྫོགས་ཆེ་བས་གང་འཚམས་མཛད། དེ་བཞིན་དུ་སྨན་སྒྲུབ་དང་འབྲེལ་བའང་བྱ་བ་མང་བས་འགྲིག་ཚོད་བྱེད། དཀྱིལ་འཁོར་རྒྱན་བཀོད་རྣམས་ཀྱང་སྒྲིག །དཀྱིལ་འཁོར་གྱི་ཉེ་ལོགས་སུ་ཡན་ལག་གི་དཀྱིལ་འཁོར་སྒྲིག་པའི་སྟེགས་བུ་དང་། དེ་མཚུངས་ཆ་གསུམ་དམིགས་བསལ་གྱི་སྟེགས་བུའང་སྒྲིག་ལ། དབང་ལ་སྒྲུབ་མཆོད་དང་འབྲེལ་དགོས་པས་སྔ་ཞོག་ཚོགས་ཆེན་འདུས་པའི་གཞུང་བསྲང་། བཟླས་པ་གྲུབ་ནས། ཉིན་དང་པོར་ཡན་ལག་གི་དབང་གི་དང་པོར་སྒོ་འབྱེད་ཕྱག་རྡོར་གྱི་རས་བྲིས་བཀྲམ། གཏོར་མ་ཉེར་སྤྱོད། བུམ་པ་སོགས་རྫས་དབང་ཙཀླི་རྣམས་ཀྱང་འདུས་བྱས་ནས་ཕྱག་རྡོར་གྱི་གཞུང་བསྲང་། བཟླས་པ་བྱ། ལས་བུམ་བསྒྲུབ། དེ་ནས་སྒོ་འབྱེད་ཀྱི་དབང་བྱ། ཕྱི་དྲོ་བསྐང་གསོ། ཚོགས་སོགས་ཆོ་གའི་རྗེས་ཆོག་བྱེད། ཆ་གསུམ་ནི། གནས་ཁང་ལོགས་ཞིག་ཏུ་ཆོག་རོགས་པ་གཞན་གྱིས་བཏང་ཀྱང་ཡོང་། གང་ལྟར་ཉིན་ལྟར་གཏོར་མ་བརྗེས་ན་ལེགས། སྒོ་འབྱེད་ཕྱག་རྡོར་གྱི་དབང་ཟིན་ནས་དེའི་རས་བྲིས་བསྡུས། དེའི་ཤུལ་དུ་ལྷ་མིའི་དཀྱིལ་འཁོར་དང་མཆོད་གཏོར་དབང་རྫས་སོགས་སྒྲིག །ཕྱིར་ཉིན་ཡང་སྔ་ཞོག་རྩ་བའི་དཀྱིལ་འཁོར་ཚོགས་ཆེན་འདུས་པའི་གཞུང་བསྲང་། བཟླས་པ་གྲུབ་ནས། ལྷ་མིའི་སྒྲུབ་ཐབས་ནང་བཞིན་དཀྱིལ་འཁོར་བསྒྲུབས། དེ་ནས་ལྷ་མིའི་དབང་བསྐུར་བ་དང་། བསྐང་གསོ་རྗེས་ཆོག་སོགས་ཉིན་སྔ་མ་དང་འདྲ། དེ་བཞིན་དུ་ཉིན་ལྟར་ཡན་ལག་གི་དཀྱིལ་འཁོར། ཉན་ཐོས། རང་རྒྱལ། བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད། རྩ་བའི་དཀྱིལ་འཁོར་ལ་འཇུག་ལུགས་དབང་ཆོག་དང་། སྒྲུབ་ཐབས་སོ་སོའི་དཀྱུས་གཅིག་ལ་ཡོད་པ་ལྟར་དང་། དབང་ཞུ་མི་མང་པོ་ཡོད་པ་སོགས་ཀྱི་མ་ཚར་བ་དང་། དབང་དལ་འགྲོས་ཀྱི་བྱེད་ན་ཉིན་གཅིག་ཡན་ལག་སོ་སོའི་དབང་བསྒྲུབ་བྱ། སང་ཉིན་ཡན་ལག་གི་དབང་ཉིན་སྔ་མ་བསྒྲུབས་པ་དེ་བསྐྱར་བསྒྲུབ་བསྡུས་ཙམ་བྱས་ནས་བསྐུར། རྩ་དཀྱིལ་ཉིན་ལྟར་དགོས། གྲྭ་ཚོགས་མང་པོ་དང་བཅས་སྒྲུབ་མཆོད་དལ་འགྲོས་ཀྱི་བྱེད་ན། སྔ་ཞོག་སློབ་དཔོན་གྱིས་གནས་ཁང་གཞན་ཞིག་ཏུ་ཡན་ལག་གི་དཀྱིལ་འཁོར་བསྒྲུབ་ནས་དབང་བསྐུར་ཀྱང་ལེགས། སློབ་དཔོན་གྱི་ངག་མ་དག་ན་སློབ་མས་དབང་མི་ཐོབ་ཅེས་གསུངས་པས་དེང་སང་རྗེས་གནང་གི་སྟེགས་བུ་མང་པོ་གྲལ་སྒྲིགས་ནས་དབང་བསྒྲུབ་རྟེན་འབྲེལ་གྱི་བཅོས་ཀ་ལྟ་བུ་ཞིག་བྱེད་པ་དེ་མི་ལེགས་སོ། །གཞན་མ་མདོ་དབང་འདི་ཐེག་པ་རིམ་དགུ་ཡོངས་རྫོགས་སྔགས་ལམ་དུ་བཀྲལ་བའི་གཞུང་སྒྲོམ་ཤིན་ཏུ་ཆེ་བས་གཞན་ལས་ཁྱད་དུ་འཕགས་ཤིང་། དབང་འདི་ཐོབ་ན་བསྟན་པ་ཡོངས་སུ་རྫོགས་པའི་སྤངས་རྟོགས་ཀྱི་ས་བོན་ཐེབས་ཤིང་ས་ཆོད་ཆེ་བ་ཡིན་པས་དབང་རྒྱུན་ཡང་དཀོན། ཞུ་བསྐུར་ཡང་ཉུང་། ལག་ལེན་ཀྱང་དཀའ་ལ་སྤྱི་དོན། ཟུར་འདེབས་སོ་སོའི་དབང་ཆོག་དང་སྒྲུབ་ཐབས་སོགས་ལ་ཐུགས་རྟོག་ཞིབ་འཇུག་གནང་། བསྟན་པ་ཡོངས་རྫོགས་ཀྱི་ཆུ་འགོ་རྫོགས་པའི་སངས་རྒྱས་ལ་ཐུག་ཀྱང་། རྒྱལ་བའི་ཕྲིན་ལས་རྟེན་འབྲེལ་ལས་ལུགས་སྲོལ་སྣ་ཚོགས་སུ་དར་བས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འགྲུབ་ལ། ཁྱད་པར་བར་སྐབས་སུ་དཀར་འབྲུག་སོགས་བཀའ་བརྒྱུད་པའི་ཕྱོགས་ལ་གེགས་ཆགས་ཆེན་པོའི་བསྟན་པ་ཤིན་ཏུ་ཉག་ཕྲ་སྐབས་ཀྱང་། འབྲི་གུང་བཀའ་བརྒྱུད་ཞོ་འཇགས་སུ་གནས་པ་ཆོས་རྒྱལ་རིན་ཆེན་ཕུན་སུམ་ཚོགས་ཀྱི་ཟབ་གཏེར་བཞེས་ནས་བཀའ་རྙིང་གཅིག་འདྲེས་སུ་མཛད་པའི་ཐུགས་རྗེ་ཁོ་ན་ཡིན་པས་དེའི་དོན་ལ་དགོངས་ནས་བསྟན་པར་གཅེས་སྤྲས་རྒྱ་ཆེན་པོ་མཛད་པ་ཞུ་ཞེས་གསོལ་བ་འདེབས་པ་ལགས།། །།