Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་ཉེར་བརྒྱད་པ།


   
   
   
   
   
   
   
   
   
   
དང་པོ་ཕྱི་དབང་གི་ཆུ་བོ་ལས་ཉན་ཐོས་ཀྱི་དབང་གི་ཐེམ་སྐས།
   
   


 
previousདང་པོ་ཕྱི་དབང་གི་ཆུ་བོ་ལས་ཉན་ཐོས་ཀྱི་དབང་གི་ཐེམ་སྐས།next

དང་པོ་ཕྱི་དབང་གི་ཆུ་བོ་ལས་ཉན་ཐོས་ཀྱི་དབང་གི་ཐེམ་སྐས།

དང་པོ་ཕྱི་དབང་གི་ཆུ་བོ་ལས། ཉན་ཐོས་ཀྱི་དབང་གི་ཐེམ་སྐས་བཞུགས། གཉིས་པ་ཉན་ཐོས་ཀྱི་དབང་ལ་གཉིས་སྟེ། །དཀྱིལ་འཁོར་ལས་ཀྱི་རིམ་པ་དང་། །འཇུག་གི་དབང་གི་རིམ་པའོ། དང་པོ་ནི། རྡོ་རྗེ་ལས་རིམ་ལས། ཚད་ཐིག་དང་། ཚོན་དང་བྲི་བའི་རྣམ་པ་དང་། རབ་གནས་སྦྱིན་སྲེགས་དང་ཞེས་པས། ཚད་དང་ལྡན་པའི་ས་སྟེགས་ལ་ས་དྲི་བཟང་ཆུ་ཡིས་ཆག་ཆག་གདབ། བྱིན་བརླབས་ལྡན་པའི་ཐིག་སྐུད་ཀྱིས་ཐིག་བརྒྱད་གོང་བཞིན་ལེགས་པར་གདབ་པ། ཐིག་གི་རྒྱལ་པོ་འཁོར་ལོ་ལ། དེ་ལ་འཕྲད་འདབ་ཆ་ཉི་ཤུ། དེ་ནས་ཆ་ཕྲན་གདབ་པ་ནི། དང་པོ་ཕྱེད་གདབ་ཕྱི་མ་གདབ། གཉིས་པ་ཆ་བཞི་མཉམ་དུ་གདབ། པད་ལྟེ་པདྨ་འདབ་བཞི་དང་། སྒོ་སོགས་རྟ་བབས་འཁོར་གདུགས་ཡིན། གསུམ་པ་བཞི་པ་དོར་བར་བྱ། པདྨ་འདབ་མ་བཅུ་དྲུག་ཡིན། ལྔ་པ་དབུས་དོར་མཐའ་གཉིས་གདབ། དྲུག་པ་ཕྱེད་གདབ། ཕྱི་མ་གདབ། བདུན་པ་ཆ་བཞི་མཉམ་དུ་གདབ། བརྒྱད་པ་དབུས་དོར་མཐའ་གཉིས་གདབ། དགུ་པ་དབུས་དོར་མཐའ་གཉིས་གདབ། བཅུ་པ་མེ་རི་དོར་བར་བྱ། དེ་ནས་མུ་ཁྱུད་བསྐོར་བ་ནི། ཆ་བྲན་བཞི་ནས་ལྟེ་བ་སྐོར། ཆ་ཕྲན་ལྔ་ནས་མུ་ཁྱུད་ཕྱི། ཆ་བྲན་དགུ་ནས་འདབ་བཞི་བསྐོར། །བཅུ་ནས་དེ་ཡི་མུ་ཁྱུད་ཕྱི། །བཅུ་བཞིར་པད་འདབ་བཅུ་དྲུག་བསྐོར། བཅོ་ལྔ་དེ་ཡི་མུ་ཁྱུད་ཕྱི། །མདའ་གཡབ་ཚངས་ཐིག་ཕྲག་སོ་ནས། །གཡས་གཡོན་ཕྱོགས་སུ་ཆ་གཉིས་དོར། །དེ་ནས་སྤངས་སུ་ཆ་གཅིག་དོར། །དེ་ནས་ཆ་ཕྲན་གཅིག་ནས་བསྐོར། །མདའ་ཡབ་ཚངས་ཐིག་འཕྲད་སོ་ནས། །སྤངས་སུ་ཆ་ཕྲན་གཉིས་དོར་ལ། །གཉིས་ནས་བསྐོར་བ་གླང་གུར་ཡིན། །གླང་གུར་འོག་མ་བསྐོར་ས་ནས། །ཆ་ཕྲན་དྲུག་དྲུག་ལན་གསུམ་བསྐོར། །ཆུ་སྲིན་ཁ་ཡི་རྡོར་རྭ་ཡིན། །མདའ་ཡབ་ཟུར་ཐིག་ཕྲད་སོ་ནས། པད་འདབ་རྡོ་ར་མེ་རི་ལ། །ཅི་རིགས་མཚམས་པ་བསྐོར་བར་བྱ། དེ་ནས་ཚོན་གྱི་རིམ་པ་ནི། དབུས་ཀྱི་ལྟེ་བ་གསེར་པོ་བྱ། འདབ་བཞི་ཕྱོགས་ཚོན་མཚམས་བཞི་མཛེས། །བཅུ་དྲུག་མཛེས་ཚོན་མུ་ཁྱུད་རྣམས། །ཅི་ལྟར་རིགས་པ་བྲི་བར་བྱ། །སྒོ་སོགས་ཕན་ཆད་སྤྱི་དང་མཐུན། །དེ་ནས་རྣམ་པ་དགོད་པ་ནི། །ལྷ་གྲངས་མཉམ་པའི་ཚོམ་བུ་དང་། །སྐུ་བརྟེན་དབུས་སུ་ཤཱཀ་ཐུབ་དང་། །འདབ་མ་བཞི་ལ་འཁོར་རྣམ་བཞི། །བཅུ་དྲུག་འདབ་ལ་མཆོག་བཅུ་དྲུག །གསུང་རྟེན་རྟེན་ལ་གླེགས་བམ་བཞུགས། །ཐུགས་རྟེན་རྡོ་རྗེ་དྲིལ་བུ་དགོད། །ཆད་ལྷག་བསལ་ཞིང་ཞལ་གསོལ་མཆོད། མཆོད་ཡོན་ལ་སོགས་ཕྱི་མཆོད་དང་། གཏོར་མ་བཤམས་པ་ལ་སོགས་དང་། བུམ་སོགས་བཤམས་པ་གོང་དང་མཐུན། དེ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ནས་རབ་གནས་ཀྱི་དོད་ནི། དཔོན་སློབ་རྣམས་གདན་ལ་བཞུགས་ཤིང་། སྔོན་འགྲོ་གཏོར་མ་ཆ་བཞིའམ་ཆ་གཅིག་བཤམས་ལ། བྱིན་གྱིས་བརླབས་ལ་བསྔོ་ཤིང་མཚམས་བཅད་པ་དང་། མཆོད་པས་བྱིན་གྱིས་བརླབས་པ་དང་། སྐྱབས་འགྲོ་སེམས་བསྐྱེད་གོང་བཞིན་སྔོན་དུ་སོང་ནས། དངོས་བཞི་བདག་བསྐྱེད་ནི། ༀ་སྭ་ཝ་བྷ་སྟོང་པའི་ངང་ལས། བྷྲུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་གྱི་ཁང་པ། གྲུ་བཞི། སྒོ་བཞི། བརྒྱན་རྟ་བབས་དང་བཅས་པའི་དབུས་སུ། པདྨ་འདབ་བཞི་ལྟེ་བ་གསེར་པོ་ཤར་གྱི་པད་འདབ་དཀར་པོ། ལྷོ་སེར་ནུབ་དམར་བྱང་ལྗང་། མུ་ཁྱུད་འོད་ཟེར་གྱི་འཕྲེང་བ། དེའི་ཕྱི་རོལ་པད་འདབ་བཅུ་དྲུག་གི་ཕྱོགས་བཞི་ཕྱོགས་མདོག་མཚམས་བཞི་རྣམས་མཛེས་མཚོན་མུ་ཁྱུད་མུ་ཏིག་གི་འཕྲེང་བས་བསྐོར་བའི་དབུས་སུ་པདྨ་དང་ཟླ་བའི་གདན་ལ་བདག་གི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་མདོག་སེར་པོ། གཡས་ས་གནོན་གཡོན་མཉམ་མཞག །ཞབས་རྡོ་རྗེའི་དཀྱིལ་དཀྲུང་། ཆོས་གོས་ངུར་སྨྲིག་སྐུ་ལ་གསོལ་བ། མཚན་བཟང་པོ་སུམ་ཅུ་རྩ་གཉིས། དཔེ་བྱས་བཟང་པོ་བརྒྱད་ཅུ་དང་ལྡན་པར་བསྒོམས། བདེན་པ་བཞི་དང་ལྡན་པའི་ཤར་གྱི་པད་འདབ་ལ་དགེ་སློང་ཕོ། །ལྷོའི་པད་འདབ་ལ་དགེ་སློང་མོ། །ནུབ་ཀྱི་པད་འདབ་ལ་དགེ་ཚུལ་ཕོ། །བྱང་གི་པད་འདབ་ལ་དགེ་ཚུལ་མོ། །ཆོས་གོས་དང་ཤམ་ཐབས་ཅན། །ལྷུང་བཟེད་དང་མཁར་སིལ་འཛིན་པ། །ཞབས་དགེ་སྦྱོང་གི་བཞུགས་སྟངས་སོ། །དེའི་ཕྱི་རོལ་དུ་པད་འདབ་བཅུ་དྲུག་གི །ཤར་གྱི་པད་འདབ་བཞིར། ཤར་ནས་རིམ་པ་བཞིན་དུ། འཕགས་པ་དགའ་བོ། གདུགས་འཛིན་པ། །སྒྲ་གཅན་འཛིན། པདྨའི་སྡོང་བུ་འཛིན། ཤཱ་རིའི་བུ། རིན་པོ་ཆེ་འཛིན། མོའུ་འགའ་གྱི་བུ་བཞི། པདྨ་འཛིན་པ། ལྷོའི་པད་འདབ་བཞིར། རབ་འབྱོར། ཟླ་ཚེས་འཛིན་པ། འཆར་ཀ །འཁོར་ལོ་འཛིན་པ། མ་འགག་པ། མེ་ལོང་འཛིན་པ། ཀོ་འུ་དེ་ནྱ་བཞི།རིན་པོ་ཆེའི་སྒྲོམ་བུ་འཛིན། ནུབ་ཀྱི་པད་འདབ་བཞི་ལ། ཉེ་བ་འཁོར། བར་པུ་འཛིན། རྟ་ཐུལ། འཕྲེང་བ་འཛིན་པ། བ་གླང་བདག །དྲང་སྲོང་འཛིན་པ། ཀུན་དགའ་བོ་བསིལ་ཡབ་འཛིན་པ བཞི། བྱང་གི་པད་འདབ་བཞི་ལ། མིང་ཆེན་ཕན་འཛིན་པ་ནོར་འཛིན། རིན་པོ་ཆེའི་རྐྱལ་བུ་འཛིན་གང་པོ་རིན་པོ་ཆེའི་འབར་འཛིན་འོད་བསིལ་ཡབ་འཛིན། བསྲུངས་རྡོ་རྗེ་འཛིན། བཞིའོ། །ཐམས་ཅད་ཀྱང་སྐུ་མདོག་སྣ་ཚོགས་པ་ཡང་། ཕྱག་ན་པོ་ཏི་དང་ལྷུང་བཟེད་དང་མཁར་སིལ་འཛིན་པ་ཆོས་གོས་ངུར་སྨྲིག་གྱོན་པའོ། །ལྷ་ཚོགས་དེ་རྣམས་ལ་རང་བཞིན་གྱི་གནས་ནས། ཡེ་ཤེས་པ་སྙན་གསན་དབབ། སྤྱན་དྲང་བཞུགས་སུ་གསོལ། ཕྱག་འཚལ། མཆོད་པ་འབུལ་བ་རྣམས་ཅི་རིགས་པ་བྱ། བསྟོད་པ་ནི། ཐབས་མཁས་ཐུགས་རྗེ་ཤཱཀྱའི་རིགས་འཁྲུངས་ཤིང་། ཞེས་སོགས་དང་། སྡུག་བསྔལ་བདེན་པ་ཉེར་ལེན་ཕུང་པོ་དང་། །ཀུན་འབྱུང་བདེན་པ་ལས་དང་ཉོན་མོངས་དང་། །འགོག་པའི་བདེན་པ་སྡུག་བསྔལ་ཞི་བ་དང་། །ལམ་གྱི་བདེན་པ་གང་ཟག་བདག་མེད་ལ། །འཁོར་བའི་རྒྱུ་འབྲས་སྤངས་ཤིང་འདས་པ་བསྒྲུབ་པ་ཡི། །དགེ་སློང་ཕོ་མོའི་དགེ་ཚུལ་ཕོ་མོ་ལ། །ཕྱག་འཚལ་མཆོད་འབུལ་གུས་པས་བསྟོད་པར་བགྱི། །སྟོན་པའི་རྟགས་འཆང་ཉན་ཐོས་ཚུལ། །ལྷུང་བཟེད་མཁའ་སིལ་པོ་ཏི་བསྣམས། །བསླབས་སྦྱངས་ཡོན་ཏན་ཀུན་ལྡན་པའི། །ཉན་ཐོས་རྣམས་ལ་ཕྱག་འཚལ་བསྟོད། བསྙེན་པ་ནི་ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་སྭཱཧཱ། ཞེས་ཅི་རིགས་པར་བསྙེན་ནོ། །དེ་ནས་བུམ་བསྐྱེད་ནི། ༀ་སྭ་བྷཱ་ཝ་བི༴ སྟོང་པའི་ངང་ལས། བྷྲུཾ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་དང་ལྡན་པའི་ནང་དུ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་པ་ལ་སོགས་བདག་བསྐྱེད་ལྟར་བསྙེན་པ་ཡན་ཆད་ལ་བར་སྐབས་ཀྱི་འདོན་པ་བསྒྱུར་རོ། །མདུན་བསྐྱེད་ནི། ༀ་སྭ་བྷ་ཝ༴ སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་པ་སོགས་བདག་བསྐྱེད་ལྟར་བསྙེན་པ་ཡན་ཆད་ལ་བར་སྐབས་ཀྱི་འདོན་པ་ཁ་བསྒྱུར་རོ། །ཡེ་དྷ་རྨ་བརྗོད་ཅིང་། བུམ་པ་དང་དཀྱིལ་འཁོར་ལ་སོགས་ལ་རབ་གནས་བྱེད། གྲུབ་ན་སྦྱིན་བསྲེག་ཀྱང་ཅི་རིགས་པར་བྱའོ། གཉིས་པ་འཇུག་ཅིང་དབང་གི་རིམ་པ་ལ་གཉིས་སྟེ། སློབ་དཔོན་བདག་ཉིད་འཇུག་ཅིང་དབང་ལེན་པ་དང་། སློབ་མ་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་པའོ། །དང་པོ་ལ་གཉིས་ཏེ། དཀྱིལ་འཁོར་དུ་འཇུག་པ་དང་དབང་ལེན་པའོ། །དང་པོ་ནི། ལས་རིམ་ལས་འཇུག་པ་དང་། ཞེས་དང་། དབང་ཕྱུག་འཇུག་དང་བཟོད་གསོལ་དང་། ཞེས་པས་གཉིས་སྟེ། འཇུག་པ་དང་བཟོད་པར་གསོལ་པའོ། །དང་པོ་ནི། བསྡུས་པ་དང་། རྒྱས་པར་འཇུག་ཚུལ་གོང་དང་མཐུན་ནོ། གཉིས་པ་སློབ་མ་འཇུག་པར་གསོལ་བ་གདབ་པ་ནི་གོང་དང་མཐུན་ནོ། །གཉིས་པ་དབང་ལེན་པ་ནི་གོང་དང་མཐུན་ནོ། གཉིས་པ་སློབ་མ་འཇུག་ཅིང་དབང་བསྐུར་བ་ལ་གཉིས་ཏེ། དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བའོ། དང་པོ་ལ། ལས་རིམ་ལས། འཇུག་པ་དང་། ཞེས་པ་དང་། ཁྲུས་དགབ་དྲི་དང་ལུས་འབུལ་དང་། བགེགས་བསྐྲད་ལྷར་བརླབས་དམ་ཚིག་སྦྱིན། དེ་ཉིད་དབབ་དང་ཆུ་ནན་དང་། བསྒྲག་དང་རིན་ཆེན་དོར་བ་དང་། ལྷ་དབབ་པ་དང་ནན་ཏན་དང་། མིག་དབྱེ་དཀྱིལ་འཁོར་བསྟན་པ་དང་། ཚོགས་མཆོད་ཡོན་དང་ཞེས་པས། བཅུ་དྲུག་སྟེ། ཁྲུས་དང་། གདོང་གཡོག་དགབ་པ་དང་། ཅི་ལ་དགའ་དྲི་བ་དང་། དུས་གསུམ་གྱིས་སངས་རྒྱས་ལ་ལུས་འབུལ་བ་དང་། བགེགས་བསྐྲད་པ་དང་། ལྷར་བརླབས་པ་དང་། དྲུག་པ་གོང་དང་མཚུངས་ལ། །འདིར་དམ་ཚིག་སྦྱིན་པ་དང་། དམ་ཚིག་དབོག་པ་དང་། ཆུ་ནན་བྱ་བ་དང་། དམ་ཚིག་བསྒྲགས་པ་དང་། བཞིའི་དོད། དགེ་བསྙེན་གྱི་སྡོམ་པ་དབོག་པ་དང་། དགེ་ཚུལ་གྱི་སྡོམ་པ་དབོག་པ་དང་། དགེ་སློང་གི་སྡོམ་པ་དབོག་པ་ནི། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། འོད་བསྲུངས་བྱ་འདུལ་ལ་སོགས་པའི། །བླ་མ་རྣམས་ལ་གུས་བཏུད་དེ། །ལས་ཀྱི་ཆོ་ག་བསལ་བྱེད་པའི། ། གདམ་ངག་ཅུང་ཟད་དགོད་བར་བྱ། དེ་ལ་དང་པོ། ཁྱེད་རང་རྣམས་རྩོག་རྩོག་པོར་སྡོད་ཅིག །ཁྱེད་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་འདོད་པ་ལ་འགལ་རྐྱེན་བར་ཆད་མེད་པ་ཅིག་དགོས། བར་ཆད་ཡོད་དམ་མེད་དྲིས་པས་ཤེས། །དྲི་རྒྱུ་འགའ་ཞིག་ཡོད་ཡིན་པ་ལ་ཡིན། །མ་ཡིན་པ་ལ་མ་ཡིན་ཞེས་ལན་ཐོབ་ཅིག །ཁྱོད་མུ་སྟེགས་ཅན་མ་ཡིན་ནམ། །ལོ་བཅོ་ལྔ་མ་ལོན་པ་མ་ཡིན་ནམ། ལོ་བཅོ་ལྔ་ལོན་པ་བྱ་རོག་བསྐྲོད་མི་ནུས་པ་མ་ཡིན་ནམ། བྱ་རོག་བསྐྲོད་ནུས་པ་ལོ་བདུན་མ་ལོན་པ་མ་ཡིན་ནམ། །བྲན་ལ་སོགས་པ་མ་ཡིན་ནམ། །བུ་ལོན་ཆགས་པ་མ་ཡིན་ནམ། །ཕ་མས་མ་གནང་བ་མ་ཡིན་ནམ། ཕ་མས་མ་གནང་བ་ཡུལ་ཐག་མི་རིང་བ་མ་ཡིན་ནམ། ནད་པ་མ་ཡིན་ནམ། །དགེ་སློང་མ་སུན་ཕྱུང་བ་མ་ཡིན་ནམ། །རྐུ་ཐབས་སུ་གནས་པ་མ་ཡིན་ནམ། །ཐ་དད་དུ་གནས་པ་མ་ཡིན་ནམ། །གནས་པར་མི་བྱ་བ་མ་ཡིན་ནམ། ཟ་མ་མ་ཡིན་ནམ། མ་ནིང་མ་ཡིན་ནམ། སྤྲུལ་པ་མ་ཡིན་ནམ། དུད་འགྲོ་མ་ཡིན་ནམ། མུ་སྟེགས་ཅན་ཞུགས་པ་མ་ཡིན་ནམ། །མ་བསད་པ་མ་ཡིན་ནམ། །ཕ་གསད་པ་མ་ཡིན་ནམ། དགྲ་བཅོམ་པ་བསད་པ་མ་ཡིན་ནམ། དགེ་འདུན་གྱི་དབྱེན་བྱས་པ་མ་ཡིན་ནམ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་ཕྱུང་བ་མ་ཡིན་ནམ། ཕམ་པར་གྱུར་པའི་ལྟུང་བ་བཞི་པོ་དག་ལས་ལྟུང་བ་གང་ཡང་རུང་བ་བྱུང་བ་མ་ཡིན་ནམ། རྒྱུ་ལས་བཟློག་པའི་ཆད་པ་ཁས་མི་ལན་པ་གནས་ནས་ཕྱུང་བ་མ་ཡིན་ནམ། ལག་བརྡུམ་ལ་སོགས་མ་ཡིན་ནམ། སྐྲ་སེར་ལ་སོགས་པ་མ་ཡིན་ནམ། སེན་མོ་ཅིག་པ་ལ་སོགས་པ་མ་ཡིན་ནམ། རྒྱལ་པོས་བཀྲབས་པ་ལ་སོགས་པ་མ་ཡིན་ནམ། རྒྱལ་པོས་མ་གནང་བ་མ་ཡིན་ནམ། རྒྱལ་པོ་མ་གནང་བ་ཡུལ་ཐག་མི་རིང་བ་མ་ཡིན་ནམ། ཆོམ་རྐུན་བར་གྲགས་པ་མ་ཡིན་ནམ། ཕུང་ཁྲོལ་བ་མ་ཡིན་ནམ། ལྷམ་མཁན་མ་ཡིན་ནམ། གདོལ་པ་མ་ཡིན་ནམ། དབྱུང་པོ་མ་ཡིན་ནམ། མི་མ་ཡིན་བའི་འགྲོ་བ་མ་ཡིན་ནམ། བྱང་སྒྲ་མི་སྙན་པ་མ་ཡིན་ནམ། མཚན་ལན་གསུམ་དུ་གྱུར་པ་མ་ཡིན་ནམ། སྐྱེས་པ་འདྲ་བའི་བུད་མེད་མ་མ་ཡིན་ནམ། སྡིག་སྡིག་ལྟ་བུའི་མཚན་ཉིད་ཅན་མ་ཡིན་ནམ། གླིང་གཞན་ནས་སྐྱེས་པའི་ཚུལ་བྱད་མི་འདྲ་བ་མ་ཡིན་ནམ། ཞེས་དྲི་བར་བྱའོ། །མ་ཡིན་ཟེར་ན་ཁྱོད་སྡོམ་པ་སྐྱེ་བའི་སྣོད་དུ་རུང་བར་འདུག་པས། དཀོན་མཆོག་གསུམ་ལ་ཕྱག་འཚལ་། ངེད་ལ་ཡང་ཕྱག་གསུམ་འཚོལ་བྱའོ། །སངས་རྒྱས་ཀྱི་བསྟན་པ་ནི། རི་བོ་ལ་བབས་ཀྱི་འཛེགས་པ་དང་འདྲ་བས་རིམ་པ་ནས་སློབ་དགོས་སྔ་མ་བསྲུང་མི་ནུས་པ་ལ། ཕྱི་མ་བསྟན་ཀྱང་། གང་མ་ཡོག་པ་ལ་དོ་སྦྱིན་པ་དང་འདྲ་བས། ཐོག་མ་ཉིད་དུ་དགེ་བསྙེན་གྱི་སྡོམ་པ་སྟེར་བར་བྱེད། འདི་ཡང་འཁོར་བའི་ཉེས་དམིགས་བསམས་པས་འཁོར་བ་ལས་ཡིད་དབྱུང་། ཐར་པའི་ཕན་ཡོན་བསམས་པས་མྱ་ངན་ལས་འདས་པ་འདོད་དུངས་པ་གཅིག་ལ་བརྟེན་ནས་སྐྱེ་བས། འཁོར་བ་འདི་གང་དུ་སྐྱེས་ཀྱང་བདེ་བ་མེད། སྡུག་བསྔལ་ལས་ཐར་བ་སངས་རྒྱས་ཡིན་པས། སེམས་ཅན་ཐམས་ཅད་ཀྱི་དོན་དུ། སངས་རྒྱས་ཐོབ་པར་བྱ་བའི་ཕྱིར། དགེ་བསྙེན་ཀྱི་སྡོམ་པ་བླང་སྙམ་པ་ཅིག་དགོས། དགེ་བསྙེན་གྱི་སྡོམ་པ་དེ་ཡང་སྐྱབས་སུ་འགྲོ་བ་ལ་བརྟེན་ནས་སྐྱེ་བ་ཡིན་ཏེ། སློབ་དཔོན་ཟླ་བ་གྲགས་པའི་ཞལ་ནས། གང་ཞིག་གསུམ་ལ་སྐྱབས་འགྲོ་བ། དེ་ནི་སྡོམ་བརྒྱད་རྩ་བ་ཡིན་ཞེས་གསུངས་པ་ཡིན། སངས་རྒྱས་ལམ་ལ་བསྒྲུབ་པའི་དེད་དཔོན། ཆོས་ལམ་གྱི་རང་བཞིན། དགེ་འདུན་ལམ་བསྒྲུབ་པའི་ཟླ་གྲོགས་སུ་གཟུང་ནས། དཀོན་མཆོག་གསུམ་ལ་བློ་བཀལ། སྐྱབས་འགྲོས་ཐོག་གྲངས་པའི་ཁས་ལེན་ལན་གསུམ་བྱས་པས། སྡོམ་པ་སྐྱེ་བ་ཡིན་པས་རྗེས་ཟློས་གྱིས་ཤིག །བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་གཟུང་སྟེ། ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་ཇི་སྲིད་འཚོའི་བར་དུ་དགེ་བསྙེན་དུ་བཙུན་པས་གཟུང་དུ་གསོལ་ལོ། །ཞེས་ལན་གསུམ་བཟླས། ཚིག་གསུམ་པ་ལ་སློབ་དཔོན་གྱིས་ཤེས་བྱེ་བྲག་ཏུ་བརྗོད་བར་བྱའོ། །དེའི་རྗེས་ལ་ཁྱོད་ཀྱིས་དགེ་བསྙེན་སྡོམ་པ་ཐོབ་པ་ཡིན། སློབ་དཔོན་གྱིས་ཐོབ་པ་ཡིན་ནོ་དང་། དགེ་བསྙེན་ཀྱིས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེའི་རྗེས་ལ་ཁྱོད་ཀྱིས་དགེ་བསྙེན་གྱི་སྡོམ་པ་ཐོབ་པ་ཡིན། ཐོབ་པ་ཙམ་གྱིས་མི་ཆོག་བསྲུངས་དགོས། བསྲུང་བྱ་ཤེས་པའི་ཕྱིར་བསླབ་བྱ་བརྗོད་པ་ཡིན་པས། སྔོན་འཕགས་པ་དགྲ་བཅོམ་པ་རྣམས་ཀྱིས་ཇི་ལྟར་བསྲུངས་པ་བཞིན་དུ་བདག་གིས་ཀྱང་བསྲུངས་སྙམ་པ་བགྱིས་ལ་ངའི་རྗེས་ཟློས་གྱིས་ཤིག །སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་སྟེ། སྲོག་གཅོད་པ་ལས་སླར་ལོག་པར་བགྱིའོ། །ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་སློབ་པ་ལ་རྗེས་སུ་སློབ་བོ། རྗེས་སུ་བསྒྲུབ་པོ། རྗེས་སུ་བགྱིད་དོ། །གཞན་ཡང་ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས། ཇི་སྲིད་འཚོའི་བར་དུ། མ་བྱིན་པ་ལེན་པ་ང་ད། འདོད་པ་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། མྱོས་པའི་ཆང་། མྱོས་པར་གྱུར་པ། བག་མེད་པའི་གནས་སྤངས་སྟེ། འབྲུའི་ཆང་དང་བཅོས་པའི་ཆང་། མྱོས་པར་གྱུར་པ། བག་མེད་པའི་གནས་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་གཟུང་སྟེ། ཇི་སྲིད་འཚོའི་བར་དུ། མ་བྱིན་བར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་། མྱོས་པར་གྱུར་པ། བག་མེད་པའི་གནས་སྤངས་ཏེ། བག་མེད་པའི་གནས་ལས་སླར་ལོག་པར་བགྱིའོ། ཡན་ལག་ལྔ་པ་འདིས་བདག་འཕགས་པ་དགྲ་བཅོམ་པ། དེ་དག་གི་སླབ་པ་ལ་རྗེས་སུ་བསླབ་པོ། རྗེས་སུ་བསྒྲུབ་པོ། རྗེས་སུ་བགྱིད་དོ། །སློབ་དཔོན་གྱིས་ཐབས་ཡིན་ནོ། །དགེ་བསྙེན་གྱི་ལེགས་སོ་ཞེས་བརྗོད་པར་བྱའོ། །དེ་ནི་དགེ་བསྙེན་གྱི་ཆོ་ག འོ། །དེ་ནས་མཁན་པོས་དགེ་སློང་གྲོགས་དན་བྱེད་པ་ཅིག་ལ། དགེ་སློང་ཆེ་གེ་མོས། ཚེ་དང་ལྡན་པ་འདི་རབ་ཏུ་འབྱིན་བའི་དགེ་འདུན་ལ་ཞུ་བ་ཕུལ་ཅི་བྱ། དགེ་སློང་དེས་ཚེ་དང་ལྡན་པ་འདིའི་བར་ཆད་དག་པར་གདའ་འམ་འདྲི། བར་ཆད་དག་པར་གདའི་ཟེར་ན། དགེ་འདུན་ལ་ཕྱག་གསུམ་འཚལ་དུ་བཅུག་ལ། བསྒྲུབ་བྱའི་རྒྱབ་དུ་ཕྱིན་ལ་འགྲེང་སྟེ་འདུད་བ་དང་བཅས་པས། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱིས་བ་ལ་མཁན་པོ་འདི་ཞེས་བགྱི་བ། རབ་ཏུ་བྱུང་བར་འཚལ་ཏེ། ཁྱིམ་པ་གོས་དཀར་པོ་ཅན་སྐྲ་དང་ཁ་སྤུ་མ་བྲེགས་པ་ལས། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བར་འཚལ་ཏེ། མིང་འདི་ཞེས་བགྱི་བ་ནི་རབ་ཏུ། འབྱུང་བར་འཚལ་ཞིང་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་དག་བགོས་ཏེ། ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར། མཁན་པོ་མིང་འདི་ཞེས་བགྱི་བ་ལ་རབ་ཏུ་འབྱུང་སྟེ། དེ་ཡང་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ། ཞེས་ཁོར་ནར་ཉིད་འཆི་ན། ཅི་འདི་རབ་ཏུ་དབྱུང་ངམ། དགེ་འདུ་ཐམས་ཅད་ཀྱིས་གལ་ཏེ་ཡོངས་སུ་དག་ན་འོ་ཞེས་བརྗོད་དོ། །དེ་ནི་རབ་ཏུ་བྱུང་བ་ཞུ་བའོ། །དེའི་རྗེས་ལ་མཁན་པོ་ལ་ཕྱག་དུ་བཞུགས་ལ། མཁན་པོས་ཁྱོདརབ་ཏུ་འབྱུང་བར་བྱེད་པ་ལ་རང་ཞུགས་བྱས་པས་མི་ཆོག །རབ་ཏུ་འབྱུང་བར་བྱེད་པ་ལ་མཁན་པོ་གཅིག་དགོས། མཁན་པོའི་གོ་དོན། སམ་ཀྲྀ་ཏའི་སྐད་དུ། ཨུ་པ་བྱ་བ་ཡིན། དྷེ་ལ་དྷ་ཡ། ས་ཏི་ན་ན། ཞེས་པའི་རྐྱེན་གསུམ་བྱིན་པས། ཨུ་བ་དྷ་ཡ་བྱ་བ། བོད་སྐད་དུ། ཉེ་བར་འཛིན་པའི་དོན་གྱིས། མཁན་པོ་བྱ་བ་ཡིན་པས་གང་ཟག་འདི་བདག་ལ་བློ་གཏོད་པར་འདུག་པས། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ལ་དགོད་པར་བྱའོ། སྙམ་པའི་ཐུགས་རྗེས་འཛིན་པར་ཞུ་བ་ཡིན། ཨུ་པ་ས་ཏི་ནི། བོད་སྐད་དུ། ཉེ་བར་སྦྱོར་བའི་དོན་གྱིས་མཁན་པོ་བྱ་བ་ཡིན། སྔར་སྡོམ་པ་དང་མི་ལྡན་པ་ལས་སྡོམ་པ་རིམ་པ་བཞིན་འབོགས་པར་ཞུ་ཞེས་གསོལ་བ་འདེབས་པ་ཡིན། ཨུ་པ་ཧ་ར་ན་ཞེས་པ་འདི་ཉེ་བར་ལུང་འབོགས་པའི་དོན་གྱིས་མཁན་པོ་བྱ་བ་ཡིན་པས། སྡོམ་པ་ཐོབ་པའི་རྗེས་ལ་དགག་བསྒྲུབ་སྣང་གསུམ་གྱིས་ས་མཚམས་མི་ཤེས་པས་ཐམས་ཅད་བསླབ་པར་ཞུ་ཞེས་གསོལ་བ་འདེབས་པ་ཡིན་ཡང་རྣམ་པ་བཅུ་གཅིག་ཏུ་ན་སྲིད་པ་དོན་དུ་གཉེར་བའི་ཡིད། ཕྲག་དོག་ནས་ཐར་པ་འདོད་པ་ལ་བློ་ཁྲིད་པས་ན་མཁན་པོ་བྱ་བ་ཡིན་གསུང་། སྔར་དགེ་བསྙེན་གྱི་སྡོམ་པ་འབོགས་པའི་སློབ་དཔོན་ལ་ཡིན་མོད་ཀྱིས། ད་རབ་ཏུ་བྱུང་པའི་མཁན་པོ་ཞུ་བར་གསོལ་བ་གདབ་སྙམ་དུ་བསོམས་ལ། ངའི་ལད་མོ་གྱིས་ཤིག །སློབ་དཔོན་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ། སློབ་དཔོན་ལ་མཁན་པོར་གསོལ་གྱིས་སློབ་དཔོན་བགྱིས་བདག་གི་མཁན་པོ་མཛད་དུ་གསོལ། སློབ་དཔོན་མཁན་པོས་བདག་ཏུ་དབྱུང་བར་བགྱིའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། ཚིག་གསུམ་པ་ལ་མཁན་པོ་མཁན་པོས་བདག་རབ་ཏུ་དབྱུང་བ་བགྱིའོ། །ཞེས་བརྗོད་པར་བྱའོ། །མཁན་པོས་ཐབས་ཡིན་ནོ་ཞེས་པ་དང་། རྟེན་གྱིས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེ་ནི་མཁན་པོར་གསོལ་བ་གདབ་པའོ། །དེའི་རྗེས་ལ་གྲོགས་བྱེད་པ་དེས་གཙུག་ཕུད་འབྲེག་པ་ལ་སྤྲོ་བ། དྲིས་ལ་སྤྲོ་ན་བྲེག་པར་བྱའོ། །དེའི་རྗེས་ལ་ཁྲུས་བྱའོ། །དེ་ནས་མཁན་པོས་གོས་ངུར་སྨྲིག་སྦྱིན་པར་བྱ་སྟེ། དང་པོ་མཁན་པོའི་ཞབས་ལ་སྤྱི་བོས་གཏུགས་པའི་ཕྱག་གསུམ་འཚལ་དུ་བཅུག་ནས་མདུན་དུ་བཞག །བླ་གོས་ལག་ཏུ་གཏད་ལ། འདི་སྟོད་དུ་རྒྱུན་དུ་གྱོན་པའི་ཆོས་གོས་བླ་གོས་བྱ་བ་ཁྱིམ་པ་དང་མུ་སྟེགས་ཅན་ལས་བརྟགས་བསྲུངས། སྟོད་གཅེར་པ་མངོན་པ་རླུང་ཉི་མའི་ཚ་གྲང་མི་བཟོད་པ་ལས་སྐྱོབས། དགེ་སྦྱོང་གི་དྲན་པ་གསོ་བར་བྱེད་པའི་སྟོད་གཡོགས་སུ་སངས་རྒྱས་ཀྱིས་གནང་བས། ཁྱོད་ཀྱིས་ཀྱང་གོས་འདི་ལྟ་བུ་ཅིག་བརྟེན་ནས་སངས་རྒྱས་ཐོབ་པར་བྱེད་དགོས་པས་ཚགས་གྱིས་ཤིག །དེ་ནས་མཐོང་གོས་གཏད་ལ་འདི་སྨད་དུ་གྱོན་པའི་ཆོས་གོས་མཐོང་གོས་བྱ་བ་སྨད་གཅེར་བུར་མངོན་པ་དང་ངོ་ཚ་བའི་གནས་ལས་སྐྱོབས། ཁྱིམ་པ་དང་མུ་སྟེགས་ཅན་ལས་རྟགས་བསྲུངས། དགེ་སྦྱོང་གི་དྲན་པ་གསོ་བར་བྱེད་པའི་ཆོས་གོས་སྨད་གཡོགས་སུ་སངས་རྒྱས་ཀྱིས་གནང་། ཁྱེད་ཀྱིས་ཀྱང་གོས་འདི་ལྟ་བུ་གཅིག་ལ་བརྟེན་ནས་སངས་རྒྱས་ཐོབ་པར་བྱེད་དགོས་བས་གོས་འདི་ཚགས་གྱིས་ཤིག །དེ་ནས་ཡང་ལྷུང་བཟེད་གཏད་ལ། འདི་ལྷུང་བཟེད་བྱ་བ་བསོད་སྙོམས་ལ་འགྲོ་ཙ་ན། ཁྱིམ་པའི་ཁམ་ཕོར་མུ་སྟེགས་ཀྱི་སློང་ཕོར་དང་མི་ནོར་བར་བྱ་བའི་ཆེད་དུ་གནོད་བརྒྱད་ཀྱིས་རྟགས་བསྲུངས་བྱེད་དུ་སངས་རྒྱས་ཀྱི་སྣང་བས་འདི་ཟས་ཀྱི་འགེངས་པར་བྱེད་པ་བཞིན་དུ། རང་ཉིད་ཡོན་ཏན་གྱིས་ཕྱུག་བར་བྱེད་དགོས་པའི་རྟགས་བུདྷས་གནང་བས་ལྷུང་བཟེད་ཅིག་ཀྱང་ཚགས་གྱིས་ཤིག །དེ་ནས་འདིང་བ་གཏད་ལ། འདི་གདིང་བ་བྱ་བ་ཁྱིམ་པའི་དཀར་པོ་གང་ཟག་གི་ཁྲ་བོ། །དགེ་འདུན་གྱི་གནས་མལ་ལ་ལོངས་སྦྱོད་པ་ན། འདིངས་པའི་གདིང་བ་ཅིག་ཀྱང་ཚགས་གྱིས་ཤིག་བྱའོ། །འདི་ཆུ་ཚགས་བྱ་བ་ཆུ་སྲོག་ཆགས་དགོས་པ་བྱུང་ན་འདིས་ཚོགས་ལ་ལོངས་སྤྱོད་ཅིག །དེ་ནས་མཁན་པོས་གོས་བགོན་པར་ཐར་པའི་རྒྱལ་མཚན་བརྟན་པར་གྱུར་ཅིག །ཚངས་པར་སྤྱོད་པའི་ཚེ་ཡི་མཐར་ཐུག་པར་སྤྱོད་པར་གྱུར་ཅིག །ངོ་ཚ་དང་ཁྲེལ་ཡོད་ཀྱིས་གོས་གྱོན་པར་གྱུར་ཅིག །ཞེས་བརྗོད་ནས། དེའི་སྐབས་སུ་མཚན་མ་ཚོར་བར་བརྟགས་པར་བྱའོ། །དེའི་རྗེས་ལ་རབ་ཏུ་བྱུང་བ་ཉེ་བར་བསྒྲུབས་པ་ནི། འདི་ལྟར་བྱའོ། །དང་པོ་སྟོན་པ་སངས་རྒྱས་ལ་ཕྱག་འཚལ་དུ་བཅུག །དེ་ནས་རང་ལ་ཕྱག་འཚལ་དུ་བཅུག་ལ། མཁན་པོས་འདི་སྐད་བརྗོད་པར་བྱའོ། །ཁྱེད་རབ་ཏུ་བྱུང་བར་བྱ་སྙམ་པ་དེ་ལེགས་པར་ཅེས་ཤེས་ཞེས་ན། ཁྱིམ་ན་གནས་པ་སྡུག་བསྔལ་མང་། ཡོད་པ་འཚོ་སྐྱོང་གི་སྡུག་བསྔལ། མེད་པ་བཙལ་གྱིས་མི་རྙེད་པའི་སྡུག་བསྔལ་ཡོད། དགའ་བོ་རབ་ཏུ་བྱུང་བའི་མདོ་ལས་ཀྱང་། ཁྱིམ་པ་རྣམས་ནི་མེ་བོས་ན། བསྲེགས་པ་དང་། མི་གཙང་པའི་འདམ་རྫབ་ཏུ་ཕྱིན་པ་དང་། ཁྲི་མུན་དུ་ཆུད་པ་དང་། ལྕགས་སྒྲོག་གིས་བཅིངས་པ་དང་འདྲ་བར་གསུངས། རབ་ཏུ་བྱུང་བ་རྣམས་ནི་བསིལ་ཁང་དང་། གཙང་པ་དང་བདེ་པར་རང་དབང་ཐོབ་པ་དང་འདྲ་བར་གསུངས། གཞན་ཡང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་རབ་ཏུ་བྱུང་བ་ལ་བརྟེན་ནས་སངས་རྒྱས་པར་གསུངས་ཏེ། དེ་ལྟར་ཡང་ཟླ་བ་སྒྲོན་མེ་ལས། གང་དག་ཁྱིམ་ན་གནས་པར་བྱེད་བཞིན་དུ། བྱང་ཆུབ་དམ་པ་མཆོག་འདི་ཐོབ་པ་ཡི། སངས་རྒྱས་སྔོན་ཆད་གང་ཡང་མ་བྱུང་སྟེ། ཕྱིན་ཆད་ན་ཡང་མི་འབྱུང་གནས་པ་མེད། ཅེས་གསུངས་གཞན་ཡང་། འཕགས་པ་ཉན་རང་གི་ཡོན་ཏན་ཐམས་ཅད་ཀྱང་རབ་ཏུ་བྱུང་བ་ལ་བརྟེན་ནས་ཐོབ་པས་ན་བློ་ན་སྐྱེ་ལུགས་ལེགས་པ་ཅིག་སྐྱེས་པ་ཡིན་པས་ན། སྐབས་འདིར་མིང་ཆ་ལུགས་བསམ་པ་ལྷ་དང་གཞི་སྤོ་བ་ཡིན་པས། དེ་ཡང་ཁྱིམ་པའི་མིང་བཞག་ནས། མིང་རྗེ། ཁྱིམ་པའི་ཆ་ལུགས་བཞག་ནས། རབ་ཏུ་བྱུང་པའི་རྟགས། སྐྲ་དང་ཁ་སྤུ་བྲེགས། གོས་ངུར་སྨྲིག་གྱོན་པ་རྟགས་སོ། །ཚེ་འདི་དོན་དུ་གཉེར་བའི་བློ་དེ་བཏང་ནས་ཕྱི་མ་དོན་དུ་གཉེར་དགོས་པས་བསམ་པ་སྤོ། སྔར་གྱི་འཇིག་རྟེན་གྱི་ཕོ་ལྷ་ལ་སོགས་སྤངས་སྟེ། དཀོན་མཆོག་གསུམ་ལ་ལྷར་འཛིན་པས་སྤོ། འོ་ན་དེ་ལྟར་སྤོས་ནས་གང་གི་རྗེས་སུ་རབ་ཏུ་འབྱུང་ན། ཆོ་ག་ལས། ཤཱཀྱ་སེང་གེ། ཤཱཀྱའི་གཙོ་བོ་ཞེས་བཤད། དེ་རྣམས་མཚན་གྱི་རྣམ་གྲངས་ཡིན། ཤཱཀྱ་ཐུབ་པ་ཁོ་ནའི་རྗེས་སུ་རབ་ཏུ་འབྱུང་སྟེ། འབྱུང་ལུགས་ཁྱིམ་པའི་རྟགས་ཆ་ལུགས་ལ་སོགས་པ་སྤངས། རབ་ཏུ་བྱུང་བའི་ཆ་ལུགས་སུ་བསྒྱུར་ནས་སྐྱབས་འགྲོས་ཐོག་གྲངས་པའི་ཁས་ལེན་ལན་གསུམ་བྱས་པས། སྡོམ་པ་སྐྱེ་བ་ཡིན་པས་ངའི་རྗེས་སུ་ལད་མོ་གྱིས་ཤིག་མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་གཟུང་སྟེ། ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱིས་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། ཚོགས་རྣམས་ཀྱི་མཆོག །དགེ་འདུན་ལ་སྐྱབས་སུ་མཆིའོ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ། ཤཱཀྱ་སེང་གེ །ཤཱཀྱའི་རྒྱལ་པོ། གཙོ་བོ་དེ ས་རབ་ཏུ་བྱུང་བའི་རྗེས་སུ་བདག་རབ་ཏུ་འབྱུང་སྟེ། ཁྱིམ་པའི་རྟགས་སྤང་ངོ་། རབ་ཏུ་བྱུང་པའི་རྟགས་ཡང་དག་པར་རབ་ཏུ་ལེན་ཏོ། །ཞེས་དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། མཁན་པོས་ཐབས་ཡིན་ནོ་དང་། རབ་ཏུ་བྱུང་པས། ལེགས་སོ་ཞེས་བརྗོད་པས། དེ་ནི་མཁན་པོ་ལ་རབ་ཏུ་བྱུང་པའི་ཆོ་གའོ། །དེའི་རྗེས་ལ་མཁན་པོ་དེས། སློབ་དཔོན་དེ་ལ། དགེ་སློང་ཆེ་གེ་མོས། ཚེ་དང་ལྡན་པ་འདི་བར་ཆད་མེད་པར་གདའམ་དྲི། མཁན་པོས་བར་ཆད་དག་པར་གདའ་ཟེར་ན། སློབ་དཔོན་གྱི་ཁྱོད་དགེ་ཚུལ་གྱིས་སྡོམ་པ་ལ་འགལ་རྐྱེན་བར་ཆད་སྤངས་ཤིང་མཐུན་རྐྱེན་ཚང་བ་ཞིག་དགོས། བར་ཆད་མཁན་པོས་དྲིས། ཁྱེད་རང་གིས་མེད་པར་ལན་གདབ་པས་བར་ཆད་མེད་པ་ཡིན། དེས་ཀྱང་མི་ཆོག་མཐུན་པའི་རྐྱེན་ལྔ་ཚང་བ་གཅིག་དགོས་དེ་ལ་ཡུལ་མཐུན་པའི་རྐྱེན་བསྟན་པ་འདིའི་བདག་པོ་སངས་རྒྱས་ཤཱཀྱ་ཐུབ་པ་ཡིན་པས་དེའི་སྐུ་རབ་ཏུ་གནས་པ་དང་ལྡན་པ་གཅིག་སྤངས་པོའི་ཚུལ་དུ་དགོས་ན། སངས་རྒྱས་དངོས་དང་ཁྱད་པར་མེད་པར་བཞུགས་པ་ཡིན། ཆོས་ལ་ལུང་དང་རྟོགས་པའི་ཆོས་གཉིས་ལས་ལུང་གི་ཆོས་ལ་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་རྟེན་དུ་གྱུར་པ་སྤོ་ཏི་དང་གླེགས་བམ་བཞུགས། རྟོགས་པའི་ཆོས་མཁན་པོ་སློབ་དཔོན་སམ་གྷ་དང་བཅས་པའི་ཆོས་རྒྱུད་ལ་ཅི་རིགས་སུ་བཞུགས། དགེ་ཚུལ་གྱི་སྡོམ་པ་མཁན་སློབ་ལ་བརྟེན་ནས་སྐྱེ་ཡང་། ངོ་ཚ་ཁྲེལ་ཡོད་སྐྱེ་བའི་རྟེན་དུ་དད་པའི་དགེ་འདུན་ཡང་བཞུགས། མཁན་པོ་བཙུན་པ་བསྟན་པའི་ཡན་ལག་ཏུ་བསྙེན་པར་རྫོགས་ནས་ལོ་བཅུ་བར་མ་ཆད་བར་བསླབས་ཤིང་། མཁས་ཤིང་ཕན་ཐོགས་ཀྱི་ཡན་ལག་ཏུ་ལྔ་ཚན་ཉི་ཤུ་རྩ་གཅིག་ལས། གང་ཡང་རུང་བ་དང་ལྡན་པ་གཅིག་དགོས་ན་ཚངས། སློབ་དཔོན་དགེ་སློང་གི་སྡོམ་པ་རྣམ་དག་དང་ལྡན་པ་དགེ་ཚུལ་གྱི་ཆོ་ག་བརྡ་སྤྲོད་པ་ལ་མཁས་པ་གཅིག་དགོས་ན་ཚངས། གཉིས་པ་རྟགས་མཐུན་པའི་རྐྱེན་ལ། ལུས་ཀྱི་རྟགས། སྐྲ་དང་ཁ་སྦུ་བྲེག་ཤིང་ཁྲུས་བྱས་པ་གཅིག་དགོས་ན་ཚངས། གོས་ཀྱི་རྟགས་བླ་གོས་ཐང་གོས་འདིང་བ་ཆུ་ཚགས་དང་བཅས་པ་མཁན་པོས་གསུང་གིས་གནང་བ་དང་བཅས་པ་དགོས་ན་ཚང་། གསུམ་པ་རྒྱུད་སྣོད་དུ་རུང་བ་མཐུན་པའི་རྐྱེན་ལ་བྱང་སྒྲ་མི་སྙན་པ་ལ་སྡོམ་པ་མི་སྐྱེ་བས་གླིང་གསུམ་དུ་སྐྱེས་པ་གཅིག་དགོས་སྟེ། ལྷོ་འཛམ་བུ་གླིང་དུ་སྐྱེས། མ་ནིང་བཅུ་བཞི་ལ་སྡོམ་པ་མི་སྐྱེ། བུད་མེད་ཀྱི་ཆོ་གའི་སྐབས་མ་ཡིན་པས་སྐྱེས་པའི་དབང་པོ་དང་ལྡན་པ་དགོས་ན་ཚང་། དངོས་པོའམ་ནད་པའི་སྒོ་ནས་ལུས་ནར་སོན་པ་དགོས། དངོས་པོ་ནར་སོན་པ་སྐྱེས་ནས་ལོ་བདུན་ལོན་པ། བསམས་པ་ནར་སོན་པ་དགེ་ཚུལ་གྱི་སྤངས་བྱ་སྤོངས། གཉེན་པོ་བརྟེན་པའི་མཐུ་དང་ལྡན་པ་ཅི་དགོས་ན་ཚངས་། སྐྱབས་འགྲོ་ཐུན་མོང་པས་ཐོག་དྲངས་དགེ་བསྙེན་རབ་ཏུ་བྱུང་བ་བར་མ་གསུམ་དང་བཅས་པ་ཅི་དགོས་ན་ཚངས། བཞི་པ་བསམ་པ་མཐུན་པའི་རྐྱེན་ལ་བླང་བྱ། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཡིན་པས་དེ་ཐོབ་པར་བྱེད་པ་ལ། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་དང་ལྡན་པ་གཅིག །བསམ་པ་ཐག་པ་ནས་ལེན་པར་འདོད་པ་དང་གཉིས། དངོས་གཞིའི་དུས་ན་ཐོབ་པར་ཤེས་པའི་ནུས་པ་དང་ལྡན་པ་དང་གསུམ། ངེས་པ་ལྔ་དང་བྲལ་བ་བཞི་དང་ལྡན་དགོས། དེ་ལ་དང་པོ་མྱ་ངན་དང་། འདས་པ་གཉིས་སུ་ཡོད་པའི། མྱ་ངན་འཁོར་བའི་མིང་གི་རྣམ་གྲངས་ཡིན། འཁོར་བ་གང་དུ་སྐྱེས་ཀྱང་བདེ་བ་མེད། དམྱལ་བ་ལ་ཚ་གྲང་གི་སྡུག་བསྔལ། ཡི་དྭགས་ལ་བཀྲེས་སྐོམ་གྱི་སྡུག་བསྔལ། དུད་འགྲོ་རྣམས་ལ་བཀོལ་སྤྱོད་དང་གཅིག་ལ་གཅིག་ཟ་བའི་སྡུག་བསྔལ། ལྷ་མ་ཡིན་རྣམས་ལ་འཐབ་ཅིང་རྩོད་བའི་སྡུག་བསྔལ། ལྷ་རྣམས་ལ་ལྟུང་བ་དང་འཆི་བལྟས་ཀྱི་སྡུག་བསྔལ། མི་རྣམས་ལ་སྐྱེ་རྒ་ན་འཆི་སྡུག་བསྔལ་ལ་སོགས་དཔག་ཏུ་མེད་པ་ཡོད། སྡུག་བསྔལ་དེ་རྣམས་ལས་ཐར་ནས། གཏན་གྱི་བདེ་བ་རྫོགས་པའི་སངས་རྒྱས་ཐོབ་པར་བྱེད་དགོས། དེ་ཡང་རང་གཅིག་པུས་ཐོབ་པས་མི་ཆོག་འཁོར་བ་ན་གནས་པའི་སེམས་ཅན་འདི་རྣམས་ཐམས་ཅད་སངས་རྒྱས་ཀྱི་ས་ལ་དགོད་དགོས། བུདྡྷ་དེ་ཡང་རྒྱུ་མེད་པ་ལས་མི་འབྱུང་། རྒྱུ་ནོར་ས་དང་མ་ཚང་པ་ལས་མི་འབྱུང་རྒྱུ་ཚང་ལ་མ་ནོར་བ་ལམ་བསླབ་པ་གསུམ་ཡིན། དེ་ལྟར་ཡང་ཁྲིམས་ནི་རྒྱུ་དང་མི་རྒྱུ་ཀུན་གྱིས་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་བརྟེན་ལེགས་པར་ཐུབ་པས་གསུངས། ཞེས་གསུངས་པས་དེས་ན་སེམས་ཅན་གྱི་བུདྡྷ་ཐོབ་པར་བྱ། དེའི་ཆེད་དུ། དགེ་ཚུལ་གྱི་སྡོམ་པ་བླངས་ལ་མ་ཤིའི་བར་དུ་བསྲུངས་སྙམ་པ་གཅིག་ལ་མྱ་ངན་ལས་འདས་པ་ཐོབ་པར་འདོད་པའི་བསམ་པ་བརྟན་པོ་ཟེར་བ་ཡིན་པས་སྔར་ནས་དེ་བཞིན་ཡོད་ནས་ཡོད། མེད་ན་དེ་བཞིན་སྐྱེ་དགོས་པ་ཡིན། །ཀུ་རེ་དང་བཞད་གད་ལ་སྡོམ་པ་མི་སྐྱེ་བས། །བསམ་པ་ཐག་པས་ལེན་འདོད་པ་གཅིག་དགོས་ཏེ་ཚང་། དངོས་གཞིའི་དུས་ན་ཐོབ་པར་ཤེས་པའི་ནུས་ལྡན་ནི། ཆོ་ག་བརྗོད་པ་གསུམ་གྱི་ཐ་མ་ལ་སྐྱེས་པར་ཤེས་པ་ལ་ཟེར་ཏེ་ཚང་། ངེས་པ་ལྔ་དང་བྲལ་བ་ཅིག་དགོས། ངེས་པ་ལྔ་ནི། ཡུལ་ངེས་པ་ཚེ་ངེས་པ། དུས་ངེས་པ། གང་ཟག་ངེས་པ། ཡན་ལག་ངེས་པ་དང་ལྔ་ཡིན། དེ་རྣམས་བསྡུ་བར་སོང་ན་དུས་ད་ནས་མ་ཤི འི་བར་དུ། དགེ་ཚུལ་ལ་མི་རུང་པ་ཐམས་ཅད་སྤངས། རུང་བ་ཐམས་ཅད་བསྒྲུབ་སྙམ་པ་གཅིག་ལ། ངེས་པ་ལྔ་བྲལ་ཚང་བ་ཡིན་པས། བསམ་པ་དེ་བཞིན་མཛོད་ཅིག །ལྔ་པ་ཆོ་ག་མཐུན་པའི་རྐྱེན་ལ་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་ཐལ། དངོས་གཞི་སྐྱབས་སུ་འགྲོ་བ་ལ་རྟེན་ནས་སྐྱེ་བ་ཡིན་ཏེ། སངས་རྒྱས་ཆོས་དང་དགེ་འདུན་གསུམ། ཐར་པ་འདོད་པ་རྣམས་ཀྱི་སྐྱབས། སྐྱབས་དེ་དག་ལ་བརྟེན་ནས་ནི། སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། ཞེས་གསུངས་པས། དཀོན་མཆོག་ལ་བློ་བཀལ་ནས་སྐྱབས་འགྲོས་ཐོག་གྲངས་བའི་ཁས་ལེན་ལན་གསུམ་བྱས་པས་སྡོམ་པ་སྐྱེ་བ་ཡིན་པས། ངའི་རྗེས་སུ་ལད་མོ་གྱིས་ཤིག །བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་གཟུང་སྟེ། ཇི་སྲིད་འཚོའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་ཇི་སྲིད་འཚོའི་བར་དུ་དགེ་ཚུལ་དུ་བཙུན་པས་གཟུང་དུ་གསོལ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། ཚིག་གསུམ་པ་སློབ་དཔོན་གྱིས་རྗེས་བརྗོད་པར་བྱའོ། སློབ་དཔོན་གྱིས་ཐབས་ཡིན་ནོ། །དགེ་ཚུལ་གྱིས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེས་ཁྱོད་ཀྱི་རྒྱུད་ལ་དགེ་ཚུལ་གྱི་སྡོམ་པ་སྐྱེས་པ་ཡིན་པས། ད་འཇུག་གི་ཆོ་ག་ལ་ཐོབ་པའི། དུས་སྒོ་དང་། སློབ་པ་བརྗོད་པ་གཉིས་སུ་ཡོད། །དུས་སྒོའི་དབང་དུ་བྱས་ན། །མདོ་ནས་ཕྲ་བའི་རིམ་པ་ནས་གསུངས་ཀྱང་། །ཁྱོད་ཀྱི་རྒྱུད་ལ་བདེ་བར་བྱ་བའི་ཕྱིར། །རགས་བའི་རིམ་པ་ནས་བརྗོད་ན། །དུས་རྩིས་ཀྱི་ཕྱི་མོ་ལོ་ཡིན། །ལོ་འདི་བྱི་བའི་ལོ། དུས་ཚིགས་བཞིའི་དབང་དུ་བྱས་པའི་དགུན་གྱི་དུས་ཟླ་བ་ངོས་འཛིན་དགུན་ཟླ་ར་བའི་ཡར་ངོའི་ཚེས་གཅིག་གི་ཉིན་མོ་ཐུན་སྔ་དྲོའི་དུས་སྐྱེས་བུ་གཉིས་དང་། རྐང་པ་གཅིག་ལ་ཁྱོད་ཀྱི་རྒྱུད་ལ་སྡོམ་པ་ཐོབ་པ་ཡིན། དེ་ཡན་ཆད་དུ་སྡོམ་པ་བླངས་པ་རྣམས་ཁྱོད་པས་རྒན་པས་ཕྱག་དང་བསྙེན་བསྐུར་ཡར་ལ་སྟོབས། གྲལ་གོང་དུ་བཞུགས་སུ་ཆུག །ད་ཕྱིས་སྡོམ་པ་ལེན་པ་རྣམས་ཁྱོད་པས་སློབ་པ། གཞོན་པས་གྲལ་འོག་དུ་བཞག་པས་ཆོག །ཕྱག་དང་བསྙེན་བསྐུར་སྟོབས་པ་བྱུང་ན་དང་དུ་ལོང་། རང་དང་མཉམ་པ་སུ་སྔ་བ་གོང་དུ་བཞག་པས་ཆོག །དེ་ལྟར་བྱས་པས་དགོས་པ་རང་བཞིན་ཀྱི་བསླབ་པ་ལ་གུས་པ་དང་། དགེ་འདུན་ཚོགས་པ་བྱེད་བའི་དུས་སུ་གྲལ་ལ་ད་ལོང་དུ་མི་འགྱུར་བ་དང་། འཇིག་རྟེན་པའི་ཆོས་དགེ་བ་དང་། མཐུན་པ་ལ་སོགས་བའི་དགོས་པ་ཡོད་པས་དེ་ཡང་ལག་ལེན་ལ་ཐོབ་ཅིག །དེའི་རྗེས་ལ་སློབ་དཔོན་དེས་འཇུག་གིས་ཆོ་ག་ལ་གཉིས་ཡོད་པའི་དེ་གཅིག་ཡིན་གཉིས་པ་སྡོམ་པ་ཐོབ་པས་མི་ཆོག་བསྲུངས་དགོས། བསྲུངས་བར་བྱེད་པ་ལ། བསྲུངས་བྱ་ཤེས་པར་བྱ་བའི་ཕྱིར་བསླབས་པ་བརྗོད་པ་ཡིན་པས། སྔོན་འཕགས་པ་དགྲ་བཅོམ་པ་རྣམས་ཀྱིས་ཇི་ལྟར་ཁས་བླངས་ཤིང་བསྲུང་བ་བཞིན་དུ། བདག་གིས་ཀྱང་ཁས་བླངས་ལ་བསྲུང་སྙམས་པ་གྱིས་ལ་ལད་མོ་གྱིས་ཤིག་བྱས་ལ། སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་གཟུང་སྟེ། ཇི་སྲིད་འཚོའི་བར་དུ། སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པར་བགྱིའོ། །ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་པའོ། །རྗེས་སུ་བགྱིད་དོ། །གཞན་ཡང་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་པོ། རྗེས་སུ་བསྒྲུབ་པོ། རྗེས་སུ་བགྱིད་དོ། །གཞན་ཡང་ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། རྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་། མྱོས་པར་གྱུར་པ། བག་མེད་པའི་གནས་དང་། གླུ་གར་དང་། རོལ་མོའི་སྒྲ་དང་། འཕྲེང་བ་དང་། སྤོས་ཉུག་པ་དང་། རྒྱན་དང་ཁ་དོག་འཆང་བ་དང་། ཁྲི་གདན་ཆེན་པོ་དང་། ཁྲི་སྟན་འཐོན་པོ་དང་། དུས་མ་ཡིན་པའི་ཁ་ཟས་དང་གསེར་དངུལ་ལེན་པ་སྤངས་ཏེ། གསེར་དངུལ་ལེན་པ་ལས་སླར་ལོག་པ་དེ་བཞིན་དུ། །བདག་མིང་འདི་ཞེས་བགྱི་བས་ཀྱང་། །དུས་འདི་ནས་གཟུང་སྟེ། །ཇི་སྲིད་འཚོའི་བར་དུ། །མ་བྱིན་པར་ལེན་པ་དང་། །མི་ཚངས་བར་སྤྱོད་པ་དང་། །བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་། མྱོས་པར་འགྱུར་བ། བག་མེད་པའི་གནས་དང་། གླུ་གར་དང་། རོལ་མོའི་སྒྲ་དང་། འཕྲེང་བ་དང་། སྤོས་ཉུག་པ་དང་། རྒྱན་དང་ཁ་དོག་འཆང་བ་དང་། ཁྲི་སྟན་མཐོན་པོ་དང་། ཁྲི་རྟེན་ཆེན་པོ་དང་། དུས་མ་ཡིན་པའི་ཁ་ཟས་དང་། གསེར་དངུལ་ལེན་པ་སྤངས་ཏེ་གསེར་དངུལ་ལེན་པ་ལས། སླར་ལོག་པར་བགྱིའོ། །ཡན་ལག་བཅུ་པ་འདིས་འཕགས་པ་དགྲ་བཅོམ་པ་དེ་དག་གི་སླབ་པ་ལ་རྗེས་སུ་སློབ་པོ། རྗེས་སུ་བསྒྲུབ་པོ། རྗེས་སུ་བགྱིད་དོ། སློབ་དཔོན་གྱིས་ཐབས་ཡིན་ནོ། །དགེ་ཚུལ་གྱིས་ལེགས་སོ་ཞེས་བརྗོད་དོ། །དེ་དག་ནི་རེ་ཞིག་དགེ་ཚུལ་གྱི་ཆོ་གའོ། །ད་ནི་བསྙེན་པར་རྫོགས་པའི་ཆོ་ག་འདི་ལྟར་བྱ་སྟེ། ཡུལ་དབུས་དགེ་སློང་བཅུ་ལ་སོགས་པའི་ཚོགས་བསམ། མཐའ་འ ཁོབ་དག་ཏུ་གཞན་མེད་ན། འདུལ་བ་འཛིན་པ་དང་ལྔ་ལ་སོགས་པའི་ཚོགས་ལའང་རུང་སྟེ། ལྟུང་བ་བསྡམ་བཤགས་ཀྱིས་འདག་པར་མི་ནུས་པ་རྣམས་བྱིན་གྱིས་བརླབས་ཏེ། དང་པོར་སྟོན་པ་ལ་ཕྱག་གསུམ་འཚལ་དུ་བཞུགས། དེ་ནས་བསྒྲུབ་བྱ་ཕ་གུའི་སྟེང་དུ་རྩྭ་བཏིང་བ་ལ་ཙོག་ཙོག་པོར་འདུག་དུ་བཅུག་སྟེ་ཐལ་མོ་སྦྱོར་དུ་བཅུག་ལ། མཁན་པོ་བྱེད་པ་དེས་རྣམ་སྦྱར་གྱོན་ལ་བསྒྲུབ་བྱའི་རྒྱབ་ཏུ་འགྲེང་ཏེ་འདུད་པ་དང་བཅས་པས། དགེ་བཤེས་ཆེ་གེ་མོས་ཚེ་དང་ལྡན་པ། མིང་འདི་ཞེས་བགྱི་བའི་ལས་ཀྱི་སློབ་དཔོན་མཛད་པར་ཞུ། དགེ་བཤེས་ཆེ་གེ་མོས་ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བའི་གསང་སྟེ་སྟོན་པའི་སློབ་དཔོན་མཛད་པར་ཞུ། དགེ་བཤེས་དགེ་འདུན་བཞུགས་རྣམས་ཀྱིས་ལས་ཀྱི་ཁ་བསྐོངས་མཛད་ནས་ཁོང་གི་རྒྱུད་ལ་བསྙེན་པ་རྫོགས་པའི་སྡོམ་པ་རྣམ་པར་དག་པ་གནང་བ་ཞུ་ཞེས་གསོལ་བ་གདབ་བོ། །དེ་ནས་དགེ་སློང་རེ་རེ་ལ་ཕྱག་གསུམ་གསུམ་འཚལ་དུ་བཅུག་ལ། ཕ་གུའི་སྟེང་དུ་ཙོག་ཙོག་བུར་འདུག་ཏུ་བཅུག་ལ། ཐལ་མོ་སྦྱར་བ་བཅུག་སྟེ་མཁན་པོས་འདི་སྐད་བརྗོད་པར་བྱའོ། །སངས་རྒྱས་ཀྱིས་བསྟན་པ་ལ་ཞུགས་པ་ཡོངས་སུ་རྫོགས་པར་བྱེད་པ་ལ། སྔོན་གྱིས་གང་ཟག་རྒྱུད་དག་པ། ཚོགས་རྫོགས་པ་སྔོན་གྱི་སྨོན་ལམ་དེ་ལྟར་བཏབ་པ་དག་ལ། དགེ་སློང་ཚུར་ཤོག་ཚངས་པར་སྤྱོད་པ་ལ་ལེགས་པར་སྤྱོད་ཅིག་བྱས་པ་དེ་ཙམ་གྱིས་དགེ་སློང་གི་སྡོམ་པ་ཐོབ་པ་བྱུང་ནས་གདའ་སྟེ། ད་ལྟར་དེ་ཙམ་གྱིས་སྡོམ་པ་མི་སྐྱེ་བས་སྡོམ་པ་ལེན་པ་ལ། མཁན་སློབ་དང་བཅས་པ་དགོས་ཏེ། སངས་རྒྱས་ཀྱི་ཞལ་ནས་ད་ཕྱིན་ཆད་མཁན་པོ་དང་བཅས་ཤིང་སློབ་དཔོན་དང་བཅས་པ་ལ་བསྙེན་པར་རྫོགས་པར་གནང་ངོ་། །ཞེས་གསུངས་པས། ཁྱེད་བསྙེན་པར་རྫོགས་པར་བྱེད་པ་ལ་མཁན་པོ་གཅིག་དགོས། དེ་ཡང་ཨུ་པའི་སྒྲ་ལས་དྲངས་ནས་ཉེ་བ་ཡིན། དེ་ལ་དྷ་ཡ། ས་ཏྲི། ཧ་ར་ན། ཞེས་བྱ་བའི་རྐྱེན་གསུམ་བྱིན་བས། བོད་སྐད་དུ། ཉེ་བར་འཛིན་ཉེ་བར་སྦྱོར་ཉེ་བར་ལུང་འབོག་པའི་དོན་གྱིས་མཁན་པོ་བྱ་བ་ཡིན་བས། བསྙེན་པར་རྫོགས་པའི་མཁན་པོར་གསོལ་བ་གདབ་སྙམ་དུ་བསམས་ལ། རྗེས་བཟློས་གྱིས་ཤིག་བྱས་ལ་སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། སློབ་དཔོན་ལ་མཁན་པོར་གསོལ་གྱིས་སློབ་དཔོན་གྱིས་བདག་གི་མཁན་པོ་མཛད་དུ་གསོལ། སློབ་དཔོན་མཁན་པོས་བདག་བསྙེན་པར་རྫོགས་པར་བགྱིའོ། །དེ་བཞིན་དུ་ལན་གསུམ་དུ་བཟླས། ཚིག་གསུམ་པ་ལ་མཁན་པོ་མཁན་པོས་བདག་བསྙེན་པར་རྫོགས་པར་བགྱིའོ། །ཞེས་བརྗོད། མཁན་པོས་ཐབས་ཡིན་ནོ། །སློབ་མས་ལེགས་སོ་ཞེས་བརྗོད་དོ། །དེ་ནི་མཁན་པོས་གསོལ་བའོ། །དེའི་རྗེས་ལ་མཁན་པོ་ལ་ཕྱག་གསུམ་འཚལ་དུ་བཅུག་ལ། ཆོས་གོས་གསུམ་སོ་སོར་བཏབ་ལ་སློབ་མའི་ཕྲག་པར་བཀལ་ལ་གཉིས་ཀ་བགྲེང་སྟེ་འདུད་པ་དང་བཅས་པས་སྣམ་སྦྱར་གཟུང་ལ། འདི་སྟོད་དུ་གྱོན་པའི་ཆོས་གོས་སྣམ་སྦྱར་བྱ་བ་སྟོད་གཅེར་བུར་མངོན་པ་དང་། རླུང་ཉི་མའི་ཚ་གྲང་ལས་སྐྱོབ་པར་བྱེད། བསྙེན་པར་མ་རྫོགས་པ་དང་། མུ་སྟེགས་ཅན་ལས་རྟགས་བསྲུངས། དགེ་སྦྱོང་གི་དྲན་པ་གོས་པའི་སྣམ་སྦྱར་དུ་སངས་རྒྱས་ཀྱིས་གནང་བས་དེར་བྱིན་གྱིས་བརླབས་སྙམ་པ་བགྱིས་ལ་ངའི་རྗེས་བཟློས་བགྱིས་ཤིག །མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་གྱིས་ལགས་པ་རུང་པར་སྦྱད་པར་འོས་པ་འདི་ཆོས་གོས་རྣམ་སྦྱར་དུ་བྱིན་གྱིས་བརླབས་པོ། ལན་གསུམ་བཟླས་མཁན་པོས་ཐབས་ཡིན་ནོ། །སློབ་མས་ལེགས་སོ་ཞེས་བརྗོད། དེའི་འོག་ཏུ་བླ་གོས་ནས་བཟུང་ནས། འདི་སྟོད་དུ་རྒྱུན་དུ་གྱོན་པའི་ཆོས་གོས་བླ་གོས་བྱ་བ་སྟོད་གཅེར་བར་མངོན་པ་དང་། རླུང་ཉི་མའི་ཚ་གྲང་མི་བཟོད་པ་ལས་སྐྱོབས། ཁྱིམ་པ་དང་མུ་སྟེགས་ཅན་ལས་བརྟགས་བསྲུངས་པའི་ཐང་གོས་སུ་སངས་རྒྱས་ཀྱིས་གནང་། དེར་བྱིན་གྱིས་བརླབ་སྙམ་བགྱིས་ལ་རྗེས་བཟློས་གྱིས་ཤིག །མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ་རུང་བར་སྤྱད་པ་འོས་པ་འདི་ཆོས་གོས་ཐང་གོས་སུ་བྱིན་གྱིས་བརླབས་པོ་ལན་གསུམ་བཟླས། མཁན་པོས་ཐབས་ཡིན་ནོ། །སློབ་མས་ལེགས་སོ་ཞེས་བརྗོད། དྲས་ཤིང་དྲུབ་པ་མེད་ན་རྒྱུ་ལ་བྱིན་གྱིས་བརླབས་པར་བྱའོ། །མཁན་པོས་ཆོས་གོས་དཀོན་ཏེ། ཐར་པའི་རྒྱལ་མཚན་བརྟན་པར་གྱུར་ཅིག །ངོ་ཚ་དང་ཁྲེལ་ཡོད་ཀྱི་གོས་གྱོན་པར་གྱུར་ཅིག །ཚངས་པར་སྤྱོད་པའི་ཚེ་མཐར་ཕྱིན་པར་གྱུར་ཅིག །ཅེས་སྨོན་ལམ་གདབ། དེའི་སྐབས་སུ་གྲོགས་དན་བྱེད་པ་ཅིག་གིས་ལྷུང་བཟེད་དགེ་འདུན་ལ་བསྟན་ཏེ། ལྷུང་བཟེད་བྱིན་གྱིས་བརླབས་པ་ལ་ཡང་ཕྱག་གསུམ་བྱས་ལ། མཁན་པོས་བསྒྲུབ་བྱའི་ལག་པ་གཡོན་དུ་ལྷུང་བཟེད་གཏད་ལ། གཡས་པས་ལྷུང་བཟེད་བཀབ་ལ། འདི་ནི་ལྷུང་བཟེད་བྱ་བ། ཁྱིམ་པའི་ཁམ་ཕོར་མུ་སྟེགས་ཅན་གྱི་སློང་ཕོར་ལས་རྟགས་བསྲུངས་བྱེད་དུ་སངས་རྒྱས་ཀྱིས་གནང་། འདི་ཟས་ཀྱི་ཇི་ལྟར་འགེངས་པ་བཞིན་དུ། རང་ཉིད་ཡོན་ཏན་གྱི་ཆོས་ཀྱིས་ཕྱུག་པར་བྱེད་དགོས་བྱ་བའི་བརྡར་གནང་བས། ལྷུང་བཟེད་དུ་བྱིན་གྱིས་བརླབས་སྙམ་པ་གྱིས་ལ་རྗེས་བཟློས་གྱིས་ཤིག །མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ལྷུང་བཟེད་ཟས་ལ་སྤྱད་པར་འོས་པ་དྲང་སྲོང་གི་གནོད་འདི་བླང་བའི་སྣོད་དུ་བྱིན་གྱིས་བརླབ་བོ། ལན་གསུམ་བཟླས། མཁན་པོས་ཐབས་ཡིན་ནོ། །སློབ་མས་ལེགས་སོ་ཞེས་བརྗོད། དེའི་འོག་ཏུ་གདིང་བ་དང་ཆུ་ཚགས་རིམ་པ་བཞིན་གཏད་ལ། འདི་ནི་གདིང་བ་བྱ་བ་ཁྱིམ་པའི་དཀར་པོ། གང་ཟག་གི་ཁྲ་བོ། དགེ་འདུན་གྱི་གནས་མལ་ལ་ལོངས་སྤྱོད་ཙ་ན། འདི་ལྟ་བུ་ཅིག་གིས་སྐྱབས་ནས་ལོངས་སྤྱོད་དགོས་པས། གདིང་བ་ཅིག་ཀྱང་ཚགས་བགྱིས་ཤིག །འདི་ནི་ཆུ་ཚགས་བྱ་བ། ཆུ་སྲོག་ཆགས་དང་བཅས་པ་བྱུང་ན་འདིས་བཙགས་ནས་ལོངས་སྤྱོད་དགོས་པས་ཆུ་ཆགས་ཅིག་ཀྱང་ཚགས་བགྱིས་ཤིག །སྐབས་འདིར་དགེ་འདུན་ལ་ཕྱག་གསུམ་འཚལ་ལ། དེ་ནས་དེ་ཐོས་བའི་ཉེ་བསྐོར་ལ་བཀའ་ལྟར་སྣང་གི་ཉེར་བསྐོར་དུ་འགྲེང་སྟེ་འདུད་པ་དང་བཅས་པས་བཞག་ལ། སྐབས་འདིར་ལྟུང་བ་སྤྱིའི་བྱིན་བརླབས་དང་གནས་ཀྱི་བློ་མཐུན་བྱ་བ་ནི། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། དེང་དགེ་འདུན་གྱི་བསྙེན་པར་རྫོགས་པའི་འཕྲིན་ལས་ལགས་ལ། བདག་ཅག་དགེ་སློང་ཐམས་ཅད་ནི་ལྟུང་བ་དང་བཅས་པར་གྱུར་ན། གང་གི་འདུན་བཤགས་པར་བགྱིད་པ་བདག་ཅག་ལས་དགེ་སློང་འགའ་ཞིག་ནས་གཞན་དུ་མཆིས་སྟེ། དགེ་སློང་གི་མདུན་དུ་ལྟུང་བ་དག་ཆོས་བཞིན་དུ་སླར་བགྱིད་པར་སྤྲོ་བ་སུ་ཡང་མ་མཆིས་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དེང་དགེ་འདུན་གྱིས་ལྟུང་བ་དེ་དག་བྱིན་གྱིས་བརླབས་སྟེ་བསྙེན་པར་རྫོགས་པའི་འཕྲིན་ལས་མཛད་ལ། སླར་ཡང་ལྟུང་བ་དེ་དག་ཆོས་བཞིན་དུ་སླར་མཛད་དོ། །འདི་ནི་གསོལ་བའོ། །༡ བརྗོད། གནས་ལ་བློ་མཐུན་ནི་གནས་ཀྱི་བློ་མཐུན་གྱི་ལས་ལ། ཐུགས་གཏད་པར་ཞུ་བྱས་ལ། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། གནས་ཐམས་ཅད་གྲུབ་པའམ་ལག་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱིས་བསྙེན་པར་རྫོགས་པའི་གནས་སུ་བློ་མཐུན་པར་བགྱི་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་གནས་ཐམས་ཅད་གྲུབ་པ་འམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་བསྙེན་པར་རྫོགས་པའི་གནས་སུ་བློ་མཐུན་པར་མཛོད། འདི་ནི་གསོལ་བའོ། །ཅིག་བརྗོད། བརྗོད་པ་ལ་ཐུགས་གཏད་བར་ཞུ། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། གནས་ཐམས་ཅད་གྲུབ་པའམ། ལག་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱིས་བསྙེན་པར་རྫོགས་པའི་གནས་སུ་བློ་མཐུན་པར་བཞེད་ན། དེའི་སླད་དུ་དགེ་འདུན་གྱི་གནས་སུ་གྲུབ་པའམ། ལག་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་བསྙེན་པར་རྫོགས་པའི་གནས་སུ་བློ་མཐུན་བཞེད་ན། དེའི་སླད་དུ་དགེ་འདུན་གྱི་གནས་སུ་གྲུབ་པའམ། ལག་པར་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱིས་བསྙེན་པར་རྫོགས་པའི་གནས་སུ་བློ་མཐུན་པར་མཛད་ན། ཚེ་དང་ལྡན་པ་གང་དག་གནས་ཐམས་ཅད་གྲུབ་པ་འམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱིས་བསྙེན་པར་རྫོགས་པའི་གནས་སུ། བློ་མཐུན་མཛད་པ་བཟོད་པ་དེ་དག་ནི་ཅང་མ་གསུངས་ཤིག ། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ན། དགེ་འདུན་གྱི་གནས་ཐམས་ཅད་གྲུབ་པའི། ལག་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱིས་བསྙེན་པར་རྫོགས་པའི་གནས་སུ་བློ་མཐུན་པར་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་པ་དེ་དེ་བཞིན་དུ་འཛིན་ཏོ། །ཅིག་བརྗོད། དེའི་འོག་ཏུ་སློབ་དཔོན་གྱི་དགེ་སློང་ལས་བྱེད་པས་གསང་ཏེ་སྟོན་པའི་དགེ་སློང་ལ། མཁན་པོ་མིང་འདི་ཞེས་བགྱི་བས་གསང་སྟེ་སྟོན་པར་གསོལ་བ་བཏབ་པ་གང་ཡིན་ཞེས་དྲི་བར་བྱའོ། །གསང་སྟེ་སྟོན་པ་གང་ཡིན་པ་དེས་བདག་མིང་འདི་ཞེས་བྱའོ། །ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་དགེ་སློང་ལས་བྱེད་པས་གསང་སྟེ་སྟོན་པའི་དགེ་སློང་ལ། དགེ་སློང་མིང་ཞེས་བྱ་བ་ཁྱོད་མཁན་པོ་མིང་འདི་ཞེས་བྱ་བས། ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བ་ལ་གསང་སྟེ་སྟོན་པར་སྤྲོ་འམ་ཞེས་འདྲི་བར་བྱའོ། །དེས་སྤྲོའོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་དགེ་སློང་ལས་བྱེད་པ་གསང་སྟེ། སྟོན་པར་བར་ཆད་དྲི་བའི་ཕྱིར་གསོལ་བ་འབའ་ཞིག་གིས་ལས་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་ལ། གསང་སྟེ་སྟོན་པར་སྤྲོ་ན་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་སྣང་བར་མཛོད་ཅིག་དང་། དགེ་སློང་མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱིས་བས། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་ལ་གསང་སྟེ་སྟོན་ཏོ། །འདི་ནི་གསོལ་བའོ། །དེ་ནས་གསང་སྟེ་སྟོན་བས་དཀྱིལ་འཁོར་བའི་ཕྱི་རོལ་དུ་སོང་ཏེ། བསྙེན་པར་རྫོགས་པར་བྱ་བ་དེ་དག་ལ་ཕྱག་འཚལ་དུ་བཅུག་ནས། །འདུན་དུ་ཙོག་ཙོག་པོར་འདུག་ཐལ་མོ་སྦྱར་དུ་བཅུག་སྟེ། །ཁྱོད་བསྙེན་པ་རྫོགས་པར་བྱེད་པ་ལ། །བར་ཆད་མེད་པ་རྒྱུ་དག་པ་ཅིག་དགོས། བར་ཆད་ཡོད་མེད་དྲིས་བས་ཤེས་པ་ཡིན་པ་ལ་ཡིན། །མ་ཡིན་པ་ལ་མ་ཡིན་ཞེས་ལེན་ཐོབ་ཅིག །ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །འདི་ནི་ཁྱོད་ཀྱི་བདེན་པའི་དུས། །འདི་ནི་ཁྱོད་ཀྱི་འབྱུང་བའི་དུས་སྟེ། ཁོ་བོས་ཁྱོད་ལ་ཅུང་ཟད་ཅི་དྲི་ཡིས། ཁྱོད་མ་འཛེམ་པར་བྱོས་ལ། ཡིན་པ་ལ་ཡང་ཡིན་ཞེས་སྨོས་ཤིས། མ་ཡིན་པ་ལ་མ་ཡིན་ཞེས་ལན་ཐོབ་ཅིག །ཁྱོད་སྐྱེས་པ་ཡིན་ནམ། །དེས་སྐྱེས་པ་ལགས་ཞེས་བརྗོད་པར་བྱའོ། །སྐྱེས་པའི་དབང་པོ་དང་ལྡན་ནམ། །དེས་ལྡན་ཞེས་བརྗོད་པར་བྱའོ། །ལོ་ཉི་ཤུ་ལོན་ནམ། དེས་ལོན་ཞེས་བརྗོད་པར་བྱའོ། །ཁྱོད་ཀྱི་ཆོས་གོས་གསུམ་པ་ལྷུང་བཟེད་ཚང་ངམ། །དེས་ཚང་ཞེས་བརྗོད་པར་བྱའོ། །ཁྱོད་ཀྱི་ཕ་མ་གསོན་ནམ། །གལ་ཏེ་གསོན་ཞེས་ཟེར་ན། །ཁྱོད་ཕ་མས་གནང་ངམ་ཞེས་དྲི་བར་བྱའོ། །གལ་ཏེ་ཤི་ཞེས་ཟེར་ན། ཁྱོད་བྲན་མ་ཡིན་ནམ། རྐུས་པ་མ་ཡིན་ནམ། རྙོད་བརྩོན་མ་ཡིན་ནམ། རྩོད་པ་ཅན་མ་ཡིན་ནམ། བཙོངས་པ་མ་ཡིན་ནམ། རྒྱལ་པོས་ཀྲབས་པ་མ་ཡིན་ནམ། །རྒྱལ་པོ་ལ་སྡིག་པ་མ་ཡིན་ནམ། །རྒྱལ་པོ་ལ་གནོད་པའི་ལས་བྱེད་པ་མ་ཡིན་ནམ། །ཁྱོད་རྒྱལ་པོ་ལ་གནོད་པའི་ལས་བྱས་སམ། །བྱེད་དུ་བཅུག་པ་མ་ཡིན་ནམ། ཆོམས་རྐུན་པར་གྲགས་པ་མ་ཡིན་ནམ། ཟ་མ་མ་ཡིན་ནམ། མ་ནིང་མ་ཡིན་ནམ། དགེ་སློང་མ་སུན་ཕྱུང་པ་མ་ཡིན་ནམ། རྐུ་ཐབས་སུ་གནས་པ་མ་ཡིན་ནམ། ཐ་དད་དུ་གནས་པ་མ་ཡིན་ནམ། གནས་པར་མི་བྱ་བ་མ་ཡིན་ནམ། མུ་སྟེགས་ཅན་མ་ཡིན་ནམ། མུ་སྟེགས་ཅན་ཞུགས་པ་མ་ཡིན་ནམ། ཕ་བསད་པ་མ་ཡིན་ནམ། མ་བསད་པ་མ་ཡིན་ནམ། དགྲ་བཅོམ་པ་བསད་པ་མ་ཡིན་ནམ། དགེ་འདུན་གྱིས་དབྱེན་བྱས་པ་མ་ཡིན་ནམ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་བྱུང་བ་མ་ཡིན་ནམ། སྤྲུལ་པ་མ་ཡིན་ནམ། དུད་འགྲོ་མ་ཡིན་ནམ། ཞེས་དྲི་བར་བྱའོ། །དེས་མ་ལགས་ཤེས་བརྗོད་པར་བྱའོ། །ཁྱོད་ལ་ལའི་བུ་ལོན་མང་ཡང་རུང་ཉུང་ཡང་རུང་། ཅུང་ཟད་ཆགས་པ་མེད་དམ། གལ་ཏེ་བུ་ལོན་ཆགས་སོ་ཞེས་ཟེར་ན། ཁྱོད་བསྙེན་པར་རྫོགས་ནས་འཇལ་ནུས་སམ་ཞེས་དྲི་བར་བྱའོ། །དེས་ནུས་ཞེས་བརྗོད་པར་བྱའོ། །ཁྱོད་སྔོན་རབ་བྱུང་བ་མ་ཡིན་ནམ་ཞེས་དྲི་བར་བྱ། དེས་མ་ཡིན་ཞེས་བརྗོད། ཇི་ལྟར་ཁྱོད་ད་ལྟར་རབ་ཏུ་བྱུང་པ་ཡིན་ཞེས་དྲི་བར་བྱ། དེས་ཡིན་ཞེས་བརྗོད། ཁྱོད་ཀྱི་ཚངས་པར་སྤྱོད་པ་ལེགས་པར་སྤྱད་དམ་ཞེས་དྲི་བར་བྱ། དེས་ལེགས་པར་སྤྱད་ཅེས་བརྗོད་དོ། །ཚིགས་སྔ་མའི་ཁྱོད་ཀྱི་མིང་ཅི་ཁྱོད་ཀྱི་མཁན་པོའི་མིང་ཅི། དེས་བདག་གི་མིང་འདི་ཞེས་བགྱི་བ་ལགས། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། བདག་གི་མཁན་པོའི་མིང་འདི་ཞེས་བགྱི་བ་ལགས་ཞེས་བརྗོད། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །མི་རྣམས་ཀྱི་ལུས་ཀྱི་ནད་རྣམ་པ་འདི་ལྟ་བུ་འདི་དག་འབྱུང་བ་འ དི་ལྟ་སྟེ། མཛེ་དང་། འབྲས་དང་། ཕོལ་མིག་དང་། འབྲུམ་ཕྲན་དང་། ཤ་ཕྲ་དང་། ཁྱི་རྔོ་དང་། གཡན་པ་དང་། ཀློག་པ་དང་། རྐང་ཤུ་དང་། སྐེམ་ནད་དང་། སྐེམ་པ་དང་། བརྗེད་བྱེད་དང་། བཀྲེས་ངམ་དང་། སྐྱ་སྦ་དང་། རྐང་བམ་དང་། མཚན་པར་རྡོལ་བ་དང་། རིམས་དང་། རིམས་དྲག་པོ་དང་། ཉིན་གཅིག་པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པ་དང་། འདུས་པ་དང་། རིམས་ཉིན་རེ་པ་དང་། རྟགས་པའི་རིམས་དང་། རིམས་ལྡང་དུབ་པ་དང་། ཤུ་བ་དང་། གསུད་པ་དང་། སྐྱིགས་བུ་དང་། ལུད་པ་དང་། དབུགས་མི་བདེ་བ་དང་། ལྷོ་པ་དང་། ཡན་ལག་དུ་ཟུག་པ་དང་། སྐྲན་དང་། ཁྲག་ནད་དང་། མཁྲིས་ནད་དང་། གཞང་སྦྲུམ་དང་། སྐྱུག་བྲོ་བ་དང་། ཆུ་འགགས་པ་དང་། ངལ་བ་དང་ལུས་ཚ་བ་དང་། རྩིབས་ལོགས་ཚ་བ་དང་། རུས་པ་ལ་ཟུག་པ་སྟེ། ལུས་ཀྱི་ནད་འདི་ལྟ་བུ་འདི་དག་ལས་གང་ཡང་རུང་བ་དང་། འདི་ལྟ་བུ་དག་ཁྱོད་ཀྱི་ལུས་ལ་མེད་དམ། དེས་མ་མཆིས་ཞེས་བརྗོད་པར་བྱའོ། །ངས་འདིར་དྲིས་པ་བཞིན་དུ་ལས་ཀྱི་སློབ་དཔོན་གྱིས་ཀྱང་འདྲི་བས། དེར་ལན་བཏབ་པ་བཞིན་དུ་དེར་ཐོབ་ཅིག །ང་འབོད་དུ་མ་བྱུང་བར་བསྡོད་ཅིག་བྱས་ལ། དགེ་འདུན་གྱི་གྲལ་བཞུགས་ནས་འགྲེང་སྟེ་འདུད་པ་དང་བཅས་པས་འོང་བ་ཞུ་བ་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་གི་མཁན་པོ་མིང་འདི་ཞེས་བགྱི་བས་ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་ལ་བར་ཆད་ཀྱི་ཆོས་རྣམས་གསང་སྟོན་གྱིས་རྗེས་སུ་བསྟན་ན་། དེ་ཡང་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་ན། ཅི་མཆི་ཞིག་གམ། ཐམས་ཅད་ཀྱི་ཡོངས་སུ་དག་ནའོ་ཞེས་བརྗོད་པར་བྱའོ། །མི་བརྗོད་ན་འགལ་ཚབས་ཅན་དུ་འགྱུར་རོ། །གནང་བ་དང་ནང་དུ་བོས་སྒོ་ཡོད་ན་བཅད་ལ་རྩའི་སྟེང་ནས་ཕྱག་མཚན་གསུམ་པོ་བྱེད་དུ་བཞུག་གོ། དེ་ནས་ཕ་གུའི་སྟེང་དུ་ཅིག་རྩོག་པུར་འདུག་ལ་ཐལ་མོ་སྦྱར་ཏེ། དགེ་འདུན་ལ་བསྙེན་པར་རྫོགས་པར་གསོལ་བ་གདབ་པ་ནི། ལས་ཀྱི་སློབ་དཔོན་གྱིས་གདམ་ངག་ཅུང་ཟད་གནང་བ་ནི། ཁྱེད་བསྙེན་པར་རྫོགས་པའི་སྡོམ་པ་ལེན་པ་དེ། ཡུལ་གཙོ་བོ་དགེ་འདུན་ལས་སྐྱེ་བ་ཡིན་ཏེ། དམ་ཆོས་འདུལ་བ་ལས། དགེ་བདུན་ལས་བསྙེན་པར་རྫོགས་པར་བྱའོ། །ཞེས་གསུངས་པས། དགེ་འདུན་གྲངས་ཚང་། མཚན་ཉིད་ཚངས་མི་མཐུན་པ་མེད་པ་སྟེ། ཆོས་གསུམ་ཚང་བ་ཅིག་དགོས། གྲངས་ཚངས་པ་ལ་དབུས་དང་མཐའ་འཁོབ་ཀྱི་བྱེ་བྲག་གིས་བཅུ་དང་ལྔ་ཡན་ཆད་ཚང་བ་གཅིག་དགོས་ཡང་ཚང་། མཚན་ཉིད་ཚངས་བ་ལ་ཁ་བསྐོང་གིས་ཆོས་རྣམས་དང་ལྡན་པ་དགོས་ཡང་བསླབ་པ་ལ་གཅེས་སྤྲས་སུ་མཛད་པ་ཤ་སྟག་བཞུགས་པ་ཡིན་པས་ཚང་། མི་མཐུན་པ་མེད་པ་ལ་མ་ལུས་པ་དང་འདུས་པའི་ཕྱིར་བཟློག་པ་མེད་པ་དགོས་ན་ཡང་ཚང་། དེ་ལྟར་ཆོས་གསུམ་ཚང་བའི་དགེ་འདུན་ལ་བསྙེན་པར་རྫོགས་པར་གསོལ་བ་གདབ་དགོས། གསོལ་བ་འདེབས་པའི་ཆོ་ག་ལས། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་བསྙེན་པར་རྫོགས་པར་མཛད་དུ་གསོལ། བདག་དྲང་དུ་གསོལ། བདག་རྗེས་སུ་གཟུང་དུ་གསོལ། བདག་རྗེས་སུ་བསྟན་དུ་གསོལ། །བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། །ཞེས་བྱ་བ་དང་ཆོ་ག་ཟུར་རྣམ་པ་ལྔ་ཡོད་པའི། །བདག་བསྙེན་པར་རྫོགས་པར་མཛད་དུ་གསོལ། །ཞེས་བྱ་བ་དེ་བྱུང་ཙ་ན་རྫོགས་པར་ནི། གནོད་པ་ཐམས་ཅད་དང་བྲལ་བའི་དངོས་པོ་མྱ་ངན་ལས་འདས་པ་ལ་ཟེར་བ་ཡིན། དེ་ལ་བསམ་པ་དང་སྦྱོར་བ་གཉིས་ཀྱིས་ཁད་ཉེ་བའི་དགེ་སློང་གིས་སྡོམ་པ་ཐོབ་པར་མཛད་དུ་གསོལ་ཞེས་གསོལ་བ་འདེབས་པ་ཡིན། བདག་དྲང་དུ་གསོལ་ཞེས་བྱ་བ་ནི། ཕྱག་རྐྱང་བའི་ཚུལ་གྱིས་བསམ། མ་དག་པའི་གནས་ནས་དག་པའི་གནས་སུ་དྲང་དུ་གསོལ། ཞེས་གསོལ་བ་འདེབས་པ་ཡིན། བདག་རྗེས་སུ་གཟུང་ཏུ་གསོལ་ཞེས་བྱ་བ་ནི་བསྙེན་པར་རྫོགས་པའི་སྡོམ་པ་དང་མི་ལྡན་པ་ལས་སྡོམ་པ་དང་ལྡན་པར་གཟུང་དུ་གསོལ། ཞེས་གསོལ་བ་འདེབས་པ་ཡིན། བདག་ལ་རྗེས་སུ་བསྟན་དུ་གསོལ་ཞེས་བྱ་བ་ནི། ཐར་བའི་ལམ་བསྟན་དུ་གསོལ་ཞེས་གསོལ་བ་འདེབས་པ་ཡིན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ལ། ཐུགས་བརྩེ་བར་མཛད་དུ་གསོལ་ཞེས་པ་ནི། དགེ་འདུན་ཀུན་གྱིས་ཀྱང་རྙེད་པ་དང་བཀུར་སྟི་ལ་མ་གཟིགས་པར་བྱམས་པས་ཐུགས་རྗེས་གཟིགས་ལ། བདག་བསྙེན་པར་རྫོགས་པའི་སྡོམ་པ་རྣམ་པར་དག་པ་ཞིག་གནང་པར་ཞུ་ཞེས་གསོལ་བ་འདེབས་པ་ཡིན། འདི་ཡང་དག་པར་བླངས་པ་བརྡའ་ལས་བྱུང་པ་ཡིན་པས་ཆོ་ག་དག་པ་དགོས། བདག་མིང་འདི་ཞེས་བགྱི་བ་ཞེས་པ་དེ་བས་སུ་ལ་ཕོབ། མཁན་པོ་མིང་འདི་ཞེས་པ་བགྱི་བས། ཞེས་པ་དང་། དགེ་འདུན་ལས་ཞེས་བྱ་བའི་སྐབས་སུ་སྒྲ་ཐོན་པ་ཞིག་དགོས་གསོལ་བ་འདེབས་པ་འདི་མེད་ཁ་མེད་ཡིན་པས། དགེ་འདུན་ཀུན་གྱིས་གསན་དགོས་པས། དགེ་འདུན་རྣམས་བསྙེན་པར་རྫོགས་པའི་གསོལ་བ་འདེབས་པའི་ལས་ལ་ཐུགས་གཏད་པར་ཞུ། ཁྱེད་རང་རྣམས་དལ་བུས་ངའི་རྗེས་བཟློས་གྱིས་ཤིག་བྱས་ལ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་མིང་འདི་ཞེས་བགྱི་བ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་སྟེ། བདག་མིང་འདི་ཞེས་བགྱི་བ་དོན་གྱི་སླད་དུ། མཚན་ནས་སྨོས་ཏེ། མཁན་པོ་མིང་འདི་ཞེས་བགྱི་བས། དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་བསྙེན་པར་རྫོགས་པར་མཛད་དུ་གསོལ། དགེ་འདུན་བཙུན་པ་རྣམས་ཀྱི་བདག་དྲང་དུ་གསོལ། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་རྗེས་སུ་གཟུང་དུ་གསོལ། དགེ་འདུན་བཙུན་པ་རྣམས་གྱིས་བདག་རྗེས་སུ་བསྟན་དུ་གསོལ། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱི་ཐུགས་བ་རྩེ་བའི་སླད་དུ་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། དེ་བཞིན་དུ་ལན་གསུམ་བཟླས། དེས་དགེ་འདུན་ལ་བསྙེན་པར་རྫོགས་པར་གསོལ་བ་ཐེབས་པ་ཡིན། ཁྱེད་རང་ལད་མོ་བྱེད་མི་དགོས་། དགེ་འདུན་ནང་དུ་བར་ཆད་དྲི་བའི་ལས་ལ་ཐུགས་གཏད་པར་ཞུ་བྱས་ལ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་འདི་མཁན་པོ། མིང་འདི་ཞེས་བགྱི་བ་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ནས། གལ་ཏེ་དགེ་འདུན་གྱིས་བཟོད་ན། དགེ་འདུན་གྱིས་གནང་བ ར་མཛོད་ཅིག་དང་། བདག་གིས་དགེ་འདུན་གྱི་ནང་དུ་མཁན་པོ་མིང་འདི་ཞེས་བགྱི་བས། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་ལ། བར་ཆད་གྱི་ཆོས་རྣམས་དྲི་བར་བྱའོ། །འདི་ནི་གསོལ་བའོ། །དེའི་རྗེས་ལ་ལས་ཀྱི་སློབ་དཔོན་ལ་ཕྱག་འཚལ་དུ་བཅུག་ལ། དེས་འདི་སྐད་ཅེས་པར་བྱ། ཁྱེད་བསྙེན་པར་རྫོགས་པར་བྱེད་པ་ལ། འགལ་རྐྱེན་བར་ཆད་མེད་པ་ཅིག་དགོས། བར་ཆད་ཡོད་མེད་དྲིས་པས་ཤེས་པ་ལ། གསང་སྟེ་སྟོན་པའི་སློབ་དཔོན་གྱིས་ལྐོག་དུ་ཡང་། དྲིས་པ་ཡིན་མོད་ཀྱིས་བར་ཆད་གློ་བུར་བ་ཡིན་པས་འཕྲལ་དུ་འབྱུང་ཡང་སྲིད། སྔར་མ་དྲན་པ་དྲན་པ་ཡང་སྲིད། དགེ་འདུན་ཐུགས་ཆེས་པ་ལ་སོགས་པའི་དགོས་པ་དུ་མ་ཡོད་པས། འདིར་ཡང་འདྲི་བར་བྱེད་པ་དངོས་པོ་ཚུལ་དང་། མཐུན་པར་ལན་ཐོབ་ཅིག །ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །འདི་ནི་ཁྱོད་ཀྱི་བདེན་པའི་དུས་ཏེ། ཁོ་བོས་ཁྱོད་ལ་ཅུང་ཟད་ཅིག་དྲི་ཡིས། ཁྱོད་མ་འཛེམ་པར་བྱོས་ལ། ཡིན་པ་ལ་ཡིན་ཞེས་སྨྲོས་ཤིག །མ་ཡིན་པ་ལ་མ་ཡིན་ཞེས་ལན་ཐོབ་ཅིག་ཁྱོད་སྐྱེས་པ་ཡིན་ནམ། དེས་ཡིན་ལགས་ཤེས་བརྗོད། སྐྱེས་པའི་དབང་པོ་དང་ལྡན་ནམ། དེས་ལྡན་ཞེས་བརྗོད་པར་བྱའོ། །ལོ་ཉི་ཤུ་ལོན་ནམ། ལོན་ཞེས་བརྗོད། ཁྱོད་ཀྱི་ཆོས་གོས་གསུམ་དང་ལྷུང་བཟེད་ཚང་ངམ། དེས་ཚང་ཞེས་བརྗོད། ཁྱོད་ཀྱི་ཕ་མ་གསོན་ནམ། གལ་ཏེ་གསོན་ཞེས་བརྗོད་ན། ཁྱོད་ཕ་མས་གནང་ངམ་ཞེས་དྲི་བར་བྱ། དེས་གནང་ཞེས་བརྗོད་པར་བྱའོ། །གལ་ཏེ་ཤི་ཞེས་ཟེར་ན། ཁྱོད་བྲན་མ་ཡིན་ནམ། རྐུས་པ་མ་ཡིན་ནམ། རྙེད་བརྩོན་མ་ཡིན་ནམ། རྩོད་པ་ཅན་མ་ཡིན་ནམ། བཙོངས་པ་མ་ཡིན་ནམ། རྒྱལ་པོས་བཀྲབས་པ་མ་ཡིན་ནམ། རྒྱལ་པོ་ལ་སྡིགས་པ་མ་ཡིན་ནམ། རྒྱལ་པོ་ལ་གནོད་པར་བྱེད་པའི་ལས་བྱས་སམ། བྱེད་དུ་བཅུག་པ་མ་ཡིན་ནམ། ཆོམ་རྐུན་པར་གྲགས་པ་མ་ཡིན་ནམ། ཟ་མ་མ་ཡིན་ནམ། མ་ནིང་མ་ཡིན་ནམ། དགེ་སློང་མ་སུན་ཕྱུང་པ་མ་ཡིན་ནམ། རྐུ་ཐབས་སུ་གནས་པ་མ་ཡིན་ནམ། ཐ་དད་དུ་གནས་པ་མ་ཡིན་ནམ། གནས་པར་མི་བྱ་བ་མ་ཡིན་ནམ། མུ་སྟེགས་ཅན་མ་ཡིན་ནམ། མུ་སྟེགས་ཅན་ཞུགས་པ་མ་ཡིན་ནམ། ཕ་བསད་པ་མ་ཡིན་ནམ། མ་བསད་པ་མ་ཡིན་ནམ། དགྲ་བཅོམ་པ་བསད་པ་མ་ཡིན་ནམ། དགེ་འདུན་གྱི་དབྱེན་བྱས་པ་མ་ཡིན་ནམ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་ཕྱུང་པ་མ་ཡིན་ནམ། སྦྲུལ་པ་མ་ཡིན་ནམ། དུད་འགྲོ་མ་ཡིན་ནམ། ཞེས་འདྲི་བར་བྱའོ། །དེས་མ་ལགས་ཞེས་བརྗོད་པར་བྱའོ། །ཁྱོད་ལ་ལ་ལའི་བུ་ལོན་མང་ཡང་རུང་ཉུང་ཡང་རུང་། ཅུང་ཟད་ཆགས་པ་མེད་དམ་ཞེས་དྲི། བུ་ལོན་ཆགས་སོ་ཞེས་ཟེར་ན། བསྙེན་པར་རྫོགས་ནས་འཇལ་ནུས་སམ་ཞེས་དྲི་བར་བྱའོ། །དེས་ནུས་ཞེས་བརྗོད། ཁྱོད་སྔོན་རབ་ཏུ་བྱུང་བ་མ་ཡིན་ནམ། དེས་མ་ཡིན་ཞེས་བརྗོད། ཇི་ལྟར་ད་ལྟར་ཁྱོད་རབ་ཏུ་བྱུང་བ་ཡིན་ནམ་ཞེས་དྲི། དེས་ཡིན་ཞེས་བརྗོད། ཁྱོད་ཀྱིས་ཚངས་པ་སྤྱོད་པ་ལེགས་པར་སྤྱོད་པ་ལེགས་པར་སྤྱད་དམ་ཞེས་དྲི། དེས་ལེགས་པར་སྤྱོད་ལགས་ཤེས་བརྗོད། ཁྱོད་ཀྱི་མིང་ཅི། དེས་བདག་གི་མིང་འདི་ཞེས་བགྱིས་བ་ལགས། ཁྱོད་ཀྱི་མཁན་པོའི་མིང་ཅི། དོན་གྱིས་སླད་དུ་མཚན་ནས་སྨོས་ཏེ། བདག་གི་མཁན་པོའི་མིང་འདི་ཞེས་བགྱི་བ་ལགས་ཤེས་བརྗོད། འདི་མན་ཆད་ཁྱེད་རང་གི་ལུས་ལ་ཡོད་མེད་བརྟགས་ནས་ལན་ཕྱོགས་གཅིག་བཏབ་པས་ཆོག །ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །མི་རྣམས་ཀྱི་ལུས་ལ་ནད་ཀྱི་རྣམ་པ་འདི་ལྟ་བུ་དག་འབྱུང་བས། འདི་ལྟ་སྟེ་མཛེ་དང་། འབྲས་དང་། ཕོལ་མིག་དང་། འབྲུམ་ཕྲན་དང་། ཤ་བཀྲ་དང་། ཁྱི་རྔོ་དང་། གཡའ་བ་དང་། ཀློག་པ་དང་། རྐང་ཤུ་དང་། རྐེམ་ནད་དང་། སྐེམ་པ་དང་། བརྗེད་བྱེད་དང་། བཀྲེས་པ་དང་། སྐྱ་སྦབ་དང་། རྐང་བམ་དང་། མཚན་པར་བརྡོལ་བ་དང་། རིམས་དང་། རིམས་དྲག་པོ་དང་། ཉིན་གཅིག་པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པ་དང་། འདུས་པ་དང་། རིམས་ཉིན་རེ་བ་དང་། རྟག་པའི་རིམས་དང་། རིམས་ལྡང་དུབ་པ་དང་། ཤུ་བ་དང་། གསུད་པ་དང་། སྐྱིབ་བུ་དང་། ལུད་པ་དང་། དབུགས་མི་བདེ་བ་དང་། ལྷོག་པ་དང་ཡན་ལག་ཟུག་པ་དང་། སྐྲན་དང་། ཁྲག་ནད་དང་། མཁྲིས་ནད་དང་གཞང་འབྲུམ་དང་སྐྱུག་བྲོ་བ་དང་། ཆུ་འགག་པ་དང་། ངག་པ་དང་། ལུས་ཚ་བ་དང་། རྩིབས་ལོགས་ཚ་བ་དང་། རུས་པ་ལ་ཟུག་པ་སྟེ། ལུས་གྱི་ནད་འདི་ལྟ་བུ་འདི་དག་ལས་གང་ཡང་རུང་བ་དང་། འདི་ལྟ་བུ་གཞན་དག་ཀྱང་ཁྱོད་ཀྱི་ལུས་ལ་མེད་དམ་དེ་མ་མཆིས་ཤེས་བརྗོད་པར་བྱའོ། །སྦྱོར་བའོ། །གཅིག་བརྗོད། དངོས་གཞིའི་ཆོས་ག་ལ་ལས་ཀྱི་སློབ་དཔོན་གདམ་ངག་བྱས་སྟེ་བསྙེན་པར་རྫོགས་པའི་སྡོམ་པ་དེ་ལུང་ཅིག་ནས་འཕྲོས་པ་ལས་མངོན་སུམ་དུ་གྱུར་པ་བཅུ་ལ་བརྟེན་ནས་སྐྱེ་པར་གསུངས། དེ་ཡང་ཚིག་བཅད་དུ་སྡེབས་པ། །སངས་རྒྱས་ཆོས་དང་དགེ་འདུན་དང་། །མཁན་པོ་སློབ་དཔོན་བསྙེན་རྫོགས་འདོད། །ཡོ་བྱད་ཡོངས་སུ་དག་པ་དང་། །གསོལ་དང་ལས་ནི་མངོན་སུམ་ཞེས་གསུངས་པས། དང་པོ་སངས་རྒྱས་མངོན་སུམ་དུ་གྱུར་པ། བསྟན་པའི་བདག་པོ་སངས་རྒྱས་ཤཱཀྱ་ཐུབ་པ་ཡིན་པས། དེའི་སྐུ་རབ་ཏུ་གནས་པ་དང་ལྡན་པ་ཅིག་བཞུགས། དགོས་ན་ཚང་། གཉིས་པ་ཆོས་མངོན་སུམ་དུ་གྱུར་པ་ལུང་དང་རྟོགས་པའི་ཆོས་ཡིན་ཏེ། མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ནི། ལུང་དང་རྟོགས་པའི་བདག་ཉིད་དོ། །ཅེས་གསུངས་པས་ལུང་གི་ཆོས་ཀྱི་རྟེན་པོ་ཏི་གླེགས་བམ་ཡང་བཞུགས། རྟོགས་པའི་ཆོས་ཀྱང་མཁན་སློབ་དགེ་འདུན་དང་བཅས་པའི་ཐུགས་རྒྱུད་ལ་བཞུགས་པས་ཚང་། གསུམ་པ་དགེ་འདུན་མངོན་སུམ་དུ་གྱུར་པ་ནི་གྲངས་ཚང་། མཚན་ཉིད་ཚང་། མི་མཐུན་པ་མེད་པའི་ཆོས་གསུམ་བསྟན་ལ། གསོལ་བ་བཏབ་དགོས་ན་ཚང་། བཞི་པ་མཁན་པོ་མངོན་སུམ་དུ་གྱུར་པ་བཙུན་པ་བསྟན་པ་འདི་ཡི་ཡན་ལག་ཏུ་བསྙེན་པར་རྫོགས་པའི་སྡོམ་པ་རྣམ་པར་དག་པས་བར་མ་ཆད་པར་ལོ་བཅུ་ལོན་པ་དང་། མཁས་ཤིང་ཕན་འདོགས་པའི་ཡན་ལག་ཏུ་ལྔ་མཚན་དུ་ཉེ་བར་སྦྱོར་བ། ཉི་ཤུ་རྩ་གཅིག་ལས་གང་ཡང་རུང་བ་བསྟན་པས་དགོས་ནའང་ཚང་། །ལྔ་པ་སློབ་དཔོན་མངོན་སུམ་དུ་གྱུར་པ་ལ་གཉིས་ལས། །གསང་སྟེ་སྟོན་པའི་སློབ་དཔོན་དེ་ཁ་བསྐོང་པར་འོས་པས། འགྲོ་བ་མ་ཡིན་པ་བཞི་དང་བྲལ་བ། ལྐོག་དུ་བར་ཆད་དྲིས་ནས་ནང་དུ་འོང་བ་ཞུ་བ་ལ་མཁས་པར་སྤྲོ་བར་གྱུར་པ་ཅིག་དགོས་ནའང་ཚང་། ལས་ཀྱིས་སློབ་དཔོན་ཁ་བསྐོང་པར་འོས་ཤིང་དགེ་འདུན་གྱིས་དབུས་སུ་ལས་ལེགས་པར་བྱེད་ཤེས་པ་ཞིག་དགོས་ནའང་ཚང་། དྲུག་པ་བསྙེན་པར་རྫོགས་པར་འདོད་པ་མངོན་སུམ་དུ་གྱུར་པ་ཁྱེད་རང་རྣམས་ལ་ཟེར་བ་ཡིན། དེ་ལ་རྟེན་ཀྱི་ཆ་དང་བསམ་པའི་ཆ་གཉིས་ལས་རྟེན་གྱི་ཆ་ལ་སྒྲ་མི་སྙན་པ་དང་། མཚན་ཉམས་པ་བཅུ་བཞི་དང་། མི་མ་ཡིན་པའི་འགྲོ་བ་ལ་སོ་སོར་ཐར་པའི་སྡོམ་པ་མི་སྐྱེ་བས། གླིང་གསུམ་གང་རུང་གི་མིར་སྐྱེས་པ། བུད་མེད་ཀྱི་ཆོ་གའི་སྐབས་མ་ཡིན་པས། སྐྱེས་པའི་དབང་པོ་དང་ལྡན་པ་དང་། དངོས་པོའི་བསམ་པའི་སྒོ་ནས་ལོ་ཉི་ཤུ་ལོན་པའམ། དེར་ཤེས་པ་ཡན་ཆད་དང་ལྡན་པའམ། དགེ་ཚུལ་གྱིས་སྡོམ་པ་ཡན་ཆད་རྒྱུད་ལ་ཐོབ་ཅིང་དགོས་ན་ཚང་། གཉིས་པ་བསམ་པའི་ཆ་ལ་བླང་བྱ་ངེས་འབྱུང་གི་ཚུལ་ཁྲིམས་ཡིན་པས། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་དང་ལྡན་པས། བསམ་པ་ཐག་པ་ནས་ལེན་འདོད་དང་། དངོས་གཞིའི་དུས་ན་ཐབས་ཤེས་ཀྱི་ནུས་ལྡན་དང་། ངེས་པ་ལྔ་དང་བྲལ་བ་བཞི་ཚང་དགོས་མྱ་ངན་ཁམས་གསུམ་མམ་རིགས་དྲུག་ཡིན། དེ་ལས་འདས་པ་བྱང་ཆུབ་རྣམ་པ་གསུམ་ཡིན་ལ། མྱ་ངན་ལ་རིགས་དྲུག་ལས་སོ་སོའི་སྡུག་བསྔལ་དར་དྲག་པས་ཡུན་རིང་པ་ཡོད་དེ། མདོ་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་བསྐོམས་པས་ཉམས། །དུད་འགྲོ་གཅིག་ལ་ཅིག་ཟས་ཉམས། །ལྷ་དག་བག་མེད་པ་ཡི་ཉམས། །མི་དག་ཡོངས་སུ་འཚོ་བས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། ཞེས་གསུངས་སོ། །བཅོམ་ལྡན་འདས་བྱམས་མགོན་གྱི་ཞལ་ནས་ཀྱང་། འཁོར་བ་ཐོག་མཐའ་མེད་པ་འདིར་སྐྱེེ་འཆི་འགྲོ་བའི་ལམ་ནི་རྣམ་པ་ལྔ། མི་གཙང་པ་ལ་དྲི་ཞིམ་མེད་བཞིན་དུ། །འགྲོ་ལྔ་དག་ནའང་བདེ་བ་མེད། །དེའི་སྡུག་བསྔལ་མེ་མཚོན་དང་། །ཁ་བ་རྒྱ་མཚོ་ལས་སོགས་རེག་བསྐྱེད་བཞིན། ཞེས་གསུངས་པས་ཁམས་གསུམ་མམ་རིགས་དྲུག་པ་འདི་མྱ་ངན་ནམ་སྡུག་བསྔལ་གྱི་རང་བཞིན་ཡིན། དེ་ལས་འདས་པ་བྱང་ཆུབ་རྣམ་པ་གསུམ་ཡིན། དེའི་ནང་ནས་ཀྱང་། མཆོག་གམ་གཙོ་བོ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཡིན་པས། དེ་ཐོབ་པར་བྱེད་དགོས། སངས་རྒྱས་དེ་ཡང་རང་གཅིག་པུ་ཐོབ་པས་མི་ཆོག་སྟེ། སེམས་ཅན་ཐམས་ཅད་རང་གི་ཕ་མ་བྱས་པ་ལན་གྲངས་ཀྱང་དཔག་ཏུ་མེད་པ་བྱས་ལ་བྱས་པའི་རེས་ལ་ཕན་བདེ་སྣ་ཚོགས་ཀྱིས་ཕན་བཏགས་པའི་དྲིན་ཅན་ཤ་སྟག་ཡིན་ཏེ་མདོ་ལས། མ་ཡི་ཐུག་མཐའ་རྒྱ་ཤུག་ཚིལ་གུ་ཙམ། །རི་བུར་བགྲངས་ཀྱང་ས་ཡི་ལང་མི་འགྱུར། ཞེས་པ་དང་། སེམས་ཅན་གཅིག་གིས་ཕ་བྱས་པ། །རྟ་དང་གླང་པོ་སྐྱོན་པ་རྣམས། །སྟོང་གསུམ་འདི་ཡང་སྣོད་དུ་ཆུང་། །རྐང་འགྲོ་གཞན་ཡང་དེ་བཞིན་ནོ། །ཞེས་གསུངས་པས། དྲིན་ཅན་ལ་དྲིན་ཅན་དུ་ཤེས་པ་ལ་བྱས་པ་ཤེས་པ་ཟེར་དེའི་ལན་འདོན་པ་ལ་བྱས་པ་གཟོ་བ་ཟེར་བ་ཡིན། དེ་གཉིས་ཡོད་ན་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་མཐའ་དག་འབྱུང་བ་ཡིན་ཏེ། མདོ་ལས། བྱས་པ་ཤེས་ཤིང་བྱས་པ་གཟོ། །བྱས་པ་ཆུད་ཟོས་མི་བྱེད་པའི། །མི་ལ་དཔལ་མགོན་ཉེར་བར་གནས། ཤེས་གསུངས་པས། དེ་ལ་ཐབས་གཞན་གྱིས་ལན་མི་ལོན་པས། མྱ་ངན་ལས་འདས་པའི་བདེ་པ་ལ་དགོད་དགོས་སྟེ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས། སྐྱེ་བ་གྲངས་མེད་དེ་དང་དེར། །ཕན་པ་དཔག་མེད་བསྒྲུབས་རྣམས་ལ། །དེ་ལ་ལན་དུ་ཕན་འདོགས་པ། །མྱ་ངན་འདས་ལ་གཞན་ཅི་ཡོད། ཅེས་གསུངས་པས། ད་ལྟའི་ནུས་པ་འདི་ཙམ་གྱིས་སངས་རྒྱས་ལ་འགོད་མི་ནུས་པས། དེའི་ཆེད་དུ་བདག་གི་དང་པོར་སངས་རྒྱས་ཐོབ་པར་བྱེད་དགོས། སངས་རྒྱས་དེ་རྒྱུ་མེད་པ་དང་། ནོར་བ་དང་། མ་ཚང་ན་མི་ཐོབ། རྒྱུ་ཚང་ལ་མ་ནོར་བ་བསླབ་པ་གསུམ་ཡིན། དེ་ལ་དངོས་ཀྱི་རྒྱུ་ཟག་མེད་ཀྱི་ཤེས་རབ་ཡིན་ཀྱང་། དེ་ཏིང་ངེ་འཛིན་ལ་རག་ལས། དེ་ཚུལ་ཁྲིམས་རྣམ་པར་དག་པ་ལས་སྐྱེ་བ་ཡིན་ཏེ། མདོ་ལས། ཚུལ་ཁྲིམས་ལ་གནས། ཚུལ་ཁྲིམས་ལ་བརྟེན་ནས། །འཕགས་པའི་བདེན་པ་རྣམས་རྟོགས་པར་འགྱུར། ཞེས་གསུངས། ཁྲིམས་ནི་རྒྱུ་དང་མི་རྒྱུ་ཀུན་གྱི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །དེ་ལ་ཡང་སོ་སོ་ཐར་པའི་སྡོམ་པ་རིགས་བདུན་ནམ་བརྒྱད་ལས། དགེ་སློང་གི་སྡོམ་པ་མཆོག་ཡིན་ཏེ། བྱང་ཆུབ་ལམ་སྒྲོན་ལས། སོ་སོའི་ཐར་པ་རིགས་བདུན་དུ། །དེ་བཞིན་གཤེགས་པས་གསུངས་པ་ལས། །ཚངས་སྤྱོད་དཔལ་ནི་མཆོག་ཡིན་ཏེ། །དགེ་སློང་སྡོམ་པ་དག་ཏུ་བཞེད། ཅེས་གསུངས་པས། མདོར་ན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་དགེ་སློང་གི་སྡོམ་པ་རྣམ་པར་དག་པ་བླངས་ལ་བསྲུངས་སྙམ་པ་རྒྱུན་དུ་འབྱུང་བ་ལ། མྱ་ངན་ལས་འདས་པ་ཐོབ་འདོད་པའི་བསམ་པ་བརྟན་པོ་ཟེར་བ་ཡིན་པས། དེ་སྐྱེད་དགོས་པ་ཡིན་ཏེ། བསམ་པ་ཐག་པ་ནས་ལེན་འདོད་དང་དངོས་གཞིའི་དུས་ན་ཐབས་ཤེས་ཀྱི་ནུས་ལྡན་དགོས་ན་ཡང་ཚང་། བཞི་པོ་ངེས་པ་ལྔ་དང་བྲལ་བ་ནི། མཛོད་འགྲེལ་ལས། སེམས་ཅན་ངེས་པ་དང། ཡན་ལག་ངེས་པ་དང་། ཡུལ་ངེས་པ་དང་། རུས་ངེས་པ་དང་། ཚེ་ངེས་པར་མི་བྱེད་ན་ཐོབ་བོ། ཞེས་གསུངས་པས། དེའི་དོན་ཡང་། དགེ་སློང་ལ་མི་རུང་ཟེར་བ་རྣམས་སྤངས། རུང་ཟེར་བ་རྣམས་བསྒྲུབས་པ་ལ་ཟེར་བ་ཡིན་པས་ཚང་། མདོར་ན་དེ་རྣམས་ཀྱིས་བསྙེན་པར་རྫོགས་པར་འདོད་མངོན་དུ་གྱུར་པ་ལ་ཅི་དགོས་པ་ཐམས་ཅད་ཚང་། བདུན་པ་ཡོ་བྱད་མངོན་གསུམ་དུ་གྱུར་པ་ལ་ནི། ཆོས་གོས་དང་ལྷུང་བཟེད་མཁན་པོས་བྱིན་གྱིས་བརླབས་ཤིང་གནང་བ་དང་། འདིང་བ་ཆུ་ཚགས་མཁན་པོས་གསུང་གིས་གནང་བ་དང་ལྡན་པ་དགོས་ན་ཡང་ཚང་། བརྒྱད་པ་ཡོངས་སུ་དག་པ་མངོན་སུམ་དུ་གྱུར་པ་ནི་བར་ཆད་དང་མི་ལྡན་པ་དགོས་ན་ཕྱི་ནང་གཉིས་སུ་དྲིས། ཁྱེད་རང་གི་མེད་པར་ལན་བཏབ་པས་ཚང་། དགུ་པ་གསོལ་བ་དང་། བཅུ་པ་ལས་མངོན་སུམ་དུ་གྱུར་པ། ད་ལྟ་ཉིད་དུ་བསྒྲུབ་པ་ཡིན། དེ་ལ་གསོལ་བ་དང་བཞི་ཡོད་པ་ལས། གསོལ་བ་ཡར་ཐལ། བརྗོད་པ་གསུམ་པའི་ངོ་བོ་བརྗོད་པ་དང་། བྱ་བ་བརྗོད་པ་འདས། བྱེད་པ་བརྗོད་པ་དེ་སླད་དུ། དགེ་འདུན་གྱི་ཞེས་བྱ་བ་འབྱུང་བའི་ཚེ་སྡོམ་པ་སྐྱེ་བ་ཡིན་པས་དེར་སྐྱེས་སྙམ་པ་བྱུང་ནའང་ལེགས། མ་བྱུང་པ་དང་དེར་སྐྱེ་པ་ཡིན། ཁྱོད་རང་རྗེས་བཟློས་བྱ་མི་དགོས། དགེ་སློང་དངོས་གཞི་ལས་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ནས། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་སྟེ། སྐྱེས་པ་ཡང་ལགས། སྐྱེ་པའི་དབང་པོ་དང་ཡང་ལྡན། ལོ་ཉི་ཤུ་ཡང་ལོན། འདིའི་ཆོས་གོས་གསུམ་དང་ལྷུང་བཟེད་ཡང་ཚང་། བར་ཆད་ཀྱི་ཆོས་རྣམས་ཀྱང་ཡོངས་སུ་དག་གོ །ཞེས་ཁོ་ནར་ཉིད་མཆི་སྟེ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱི་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལ་བསྙེན་པར་རྫོགས་པར་མཛད་དོ། །འདི་ནི་གསོལ་བའོ། །ལས་བརྗོད་པ་དང་པོ་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ། འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ན། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ཏེ། སྐྱེས་པ་ཡང་ལགས། སྐྱེས་པའི་དབང་པོ་དང་ཡང་ལྡན། ལོ་ཉི་ཤུ་ཡང་ལོན། འདིའི་ཆོས་གོས་གསུམ་དང་། ལྷུང་བཟེད་ཀྱང་ཚང་། བར་ཆད་ཀྱི་ཆོས་རྣམས་ཀྱང་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་སྟེ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས། དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། དེའི་སླད་དུ་དགེ་འདུན་གྱིས་ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས། དགེ་འདུན་ལས་བསྙེན་པར་རྫོགས་པར་མཛད་ན། ཚེ་དང་ལྡན་པ་གང་དག་ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་ནི། མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་བཟོད་པ་དེ་དག་ནི་ཅང་མ་གསུངས་ཤིག །དེ་བཞིན་དུ་བརྗོད་པ་གཉིས་པ་ལ་ཐུགས་གཏད་པར་ཞུ། བྱས་ལ་བརྗོད་པ་དང་པོའི་མགོ་ནས་ལན་གསུམ་ཚར་ཏེ་གདབས་ནས་བཟླས། ལས་ཀྱི་འཇུག་བསྡུ་ལ་ཐུགས་བསྟད་པར་ཞུ། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བ་དེ་དེ་བཞིན་དུ་འཛིན་ཏོ། །ཞེས་བརྗོད། དངོས་གཞིའི་ཆོ་གའོ། །འཇུག་གི་ཆོ་ག་ལ་གཉིས་ལས་རྫོགས་པའི་དུས་སྒོ་བྱ་བ་ནི། ལས་ཀྱི་སློབ་དཔོན་ལས་གཞན་པའི་དགེ་སློང་གཅིག་གིས། ལོ་གང་ལ་སྡོམ་པ་ཐོབ་པའི་ལོ་དུས། རྩིས་ཟླ་བ་ཚེས་གྲངས་ཉིན་མཚན་གྱི་ཆ་གྲིབ་ཚོད་རྣམས་དགེ་སློང་དེ་དག་ལ་སྒོ་བར་བྱ། དགོས་པ་བསྙེན་བསྐུར་གྱི་གནས་དང་གནས་མ་ཡིན་པ་ཤེས་པ་ལ་སོགས་པའི་དགོས་པ་ཡོད། གཉིས་པ་ཐོབ་པ་དེ་མི་ཉམས་པར་བྱ་བའི་ཕྱིར་གདམ་ངག་བརྗོད་པ་ལ་སླབ་བྱ་ཡུལ་བརྗོད་པ་དང་། སློབ་བྱེད་གཉེན་པོ་བརྗོད་པ་གཉིས་ལས། །བསླབ་བྱ་ཡུལ་བརྗོད་པ་ལ། རང་སྨིན་པར་བྱ་བའི་ཆོས་བརྗོད་པ་དང་། ཆོ་ག་རྣམ་པར་དག་པའི་སྒོ་ནས་གཞན་ལས་ཤེས་འགྱུར་གྱི་བརྗོད་པ་གཉིས་ཡིན། དང་པོ་རང་སྨིན་པའི་ཆོས་ལ་བརྟེན་ནས། འཚོ་བ་རྣམ་པར་དག་པ་དང་། ཚུལ་ཁྲིམས་རྣམ་པར་དག་པ་བསྲུངས་པ་དང་རྟོགས་དོན་ལྔ་པ་རྣམ་པར་དག་པ་དང་གསུམ་ལས། དང་པོ་བརྟེན་པ་འཚོ་བ་རྣམ་པར་དག་པ་ལ་དམ་བ ཅའ་དགོས་པ་ནི། ཁྱོད་ཀྱིས་དེང་ཕྱིན་ཆད་ཇི་སྲིད་འཚོའི་བར་དུ་གོས་ཕྱག་དར་ཁྲོད། ཟས་བསོད་སྙོམས་སྨན་བརྐུས་ཏེ་བོར་བ། གནས་ཤིང་དྲུང་ལ་རྟེན་ནས་དགེ་སློང་བཟང་པོ་ཅིག་བྱེད་དགོས་སོ། །ཞེས་སྟོན་པ་ནི་འདིར་གདའ་ཚེ་དང་ལྡན་པ་མིང་འདིའི་ཞེས་བྱ་པ་ཁྱོད་ཉོན་ཅིག །བཞི་པོ་འདི་དག་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། དེ་ལྟར་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་གནས་སུ་གསུངས་ཏེ། དེ་ལ་གནས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་རོ། །དེས་སྤྱིར་བརྗོད་པ་བསྟན་ནས། བྱེ་བྲག་ཏུ་བརྗོད་པ་ནི། བཞི་གང་ཞེ་ན། འདི་ལྟ་སྟེ་གོས་ཀྱི་ནང་ནས་ཕྱག་དར་ཁྲོད་པ་ནི་རུང་བ་རྙེད་ཀྱང་སླ་བ་སྟེ། དེ་ལ་གནས་ན་དགེ་སློང་ལེགས་པར་གསུང་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པའི་དགེ་སློང་གི་དངོས་པོར་འགྱུར་རོ། །ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བ་ཁྱོད་ཇི་སྲིད་འཚོའི་བར་དུ་ཕྱག་དར་ཁྲོད་ཀྱི་གོས་གྱི་འཚོ་བར་སྤྲོ་འམ། དེས་སྤྲོ་ཞེས་བརྗོད། དེས་འདོད་པ་བསོད་ནམས་ཀྱི་མཐའ་སྤངས་པ་བསྟན་ནས། ད་ངལ་ཞིང་དུབ་པའི་མཐའ་སྤངས་པ་བསྟན་པ་ནི། ལྷག་པར་རྙེད་ན་དར་རམ། རས་ཡུག་ཆེན་ནམ། བེའུ་རས་སམ། དར་ལའམ། མོན་དར་རམ། བེའུ་རས་ཡུག་ཆེན་ནམ། བེའུ་རས་དམར་པོ་འམ། བེའུ་ཕྲུག་གམ། ལྭ་དམར་རམ། ཡུལ་ཀ་ཤི་ཀའི་རས་ཕྲན་ནམ། ཁ་དོག་རན་པའམ། ཁ་དོག་ངན་པའི། བལ་གོས་སམ། ཤ་ནའི་རས་སམ། ཟ་མའི་རས་སམ། རས་གོས་སམ། དུ་གུ་ལའི་རས་སམ། གོ་ཏམ་པའི་རས་སམ། ཉི་འོག་གི་རས་སམ། གཞན་ཡང་གོས་རུང་བ་གང་། དགེ་འདུན་ནམ་གང་ཟག་ལས་རྙེད་ན་དེ་ཡང་ཁྱོད་ཀྱི་ལོང་ལ་ཚོད་ཟིན་པར་གྱིས་ཤིག །ཇི་ལྟར་ཁྱོད་གནས་འདི་ལྟ་བུ་ལ་དམ་འཆའམ། དེས་དམ་བཅའོ། །ཞེས་བརྗོད་པར་བྱའོ། །དེས་གོས་ཕྱག་དར་ཁྲོད་པ་ལ་དམ་འཆའ་བ་བསྟན་ནས། ད་ཟས་བསོད་སྙོམས་ལ་དམ་འཆའ་དགོས་སོ་ཞེས། སྟོན་པ་དེ་འདིར་གདའ། ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །ཟས་ཀྱིས་ནང་ནས་བསོད་སྙོམས་ནི་རུང་བ་རྙེད་ཀྱང་བསླབ་སྟེ། དེ་ལ་གནས་ན། དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་པ་ལས། རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་རོ། །ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བ་ཁྱོད་ཇི་སྲིད་འཚོའི་བར་བསོད་སྙོམས་ཀྱིས་ཟས་ཀྱིས་འཚོ་བར་སྤྲོའམ། དེས་སྤྲོ་ཞེས་བརྗོད་དོ། །དེས་འདོད་པ་བསོད་སྙོམས་ཀྱི་མཐའ་སྤངས་པ་བསྟན་ནས། ད་ངལ་ཞིང་དུབ་པའི་མཐའ་སྤོངས་སྟོན་པ་དེ། ལྷག་པར་རྙེད་ན་འབྲས་ཆན་ནམ། སྐྱོ་མའམ། ཐུག་པའི་ལྔ་སྟོན་ནམ། བརྒྱད་སྟོན་ནམ། བཅུ་བཞི་སྟོན་ནམ། ཉ་སྟོན་ནམ། རྟགས་རེ་འཁོར་རམ། འགྲོན་དུ་བོས་པའམ། གྲལ་ལ་བོས་པའམ་སྤགས་པའམ། གཞན་ཡང་ཟས་རུང་བ་གང་དགེ་འདུན་ནམ། གང་ཟག་ལས་རྙེད་ན། དེ་ཡང་ཁྱོད་ཀྱིས་ལོང་ལ་ཚོད་ཟིན་པར་གྱིས་ཤིག །ཇི་ལྟར་ཁྱོད་གནས་འདི་ལྟ་བུ་ལ་དམ་འཆའ་འམ། དེས་འཆའོ། །ཞེས་བརྗོད། དེས་ཟས་བསོད་སྙོམས་ལ་དམ་འཆའ་བ་བསྟན་ནས། ད་གནས་ཤིང་དྲུང་ལ་དམ་འཆའ་དགོས་སོ་ཞེས་སྟོན་པ་དེང་འདིར་གདའ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་ཁྱོད་ཉོན་ཅིག །གནས་མལ་གྱི་ནང་ན་ཤིང་དྲུང་གི་རུང་པ་རྙེད་ཀྱང་བསླབ་ཏེ། དེ་ལ་གནས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་རོ། །ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བ་ཁྱོད་ཇི་སྲིད་འཚོའི་བར་དུ་ཤིང་དྲུང་གི་གནས་མལ་གྱིས་འཚོ་བར་སྤྲོའམ། དེས་སྤྲོ་ཞེས་བརྗོད་པར་བྱའོ། །དེས་འདོད་པ་བསོད་སྙོམས་ཀྱི་མཐའ་སྤངས་པ་བསྟན་ནས། ད་ངལ་ཞིང་དུབ་བའི་མཐའ་སྤོང་བ་དེ་འདིར་གདའ། ལྷག་པར་རྙེད་ན་ཁང་པ་འམ། རྔ་ཁང་ངམ། ཁང་པ་རྩེགས་པའམ། བསིལ་ཁང་ངམ། སབ་མོས་བསྐོར་བ་འམ། བ་གམ་མམ། ཁང་བཟངས་སམ། སྒོ་ཁང་གི་སྟེང་གི་བསིལ་ཁང་ངམ། ཁང་སྟེང་གི་ཡོལ་ཁང་ངམ། སྤང་ལེབ་ཁང་ངམ། ས་ཕུག་གམ་བྲག་ཕུག་གམ་རི་ཕུག་གམ། རྩ་ཡི་ལྕིལ་བུའམ། ལོ་མའི་ལྕིལ་བུའམ། འཆག་པར་བྱས་པའམ། འཆག་པར་མ་བྱས་པའམ། བྱ་སྐྱིབས་སུ་བྱས་པའམ། བྱ་སྐྱིབས་སུ་མ་བྱས་པའམ། གཞན་ཡང་གནས་མལ་རུང་བ་གང་། དགེ་འདུན་ནམ་གང་ཟག་ལ་རྙེད་ན། དེ་ཡང་ཁྱོད་ལོང་ལ་ཚོད་ཟིན་པར་གྱིས་ཤིག །ཅི་ལྟར་ཁྱོད་གནས་འདི་ལྟ་བུ་དམ་འཆའ་འམ། དེས་དམ་འཆའ་འོ་ཞེས་བརྗོད་པར་བྱའོ། །དེས་གནས་ཤིང་དྲུང་ལ་དམ་འཆའ་བ་བསྟན་ནས། ད་སྨན་བསྐུས་ཏེ་བོར་བ་ལ་དམ་འཆའ་འོ། །དགོས་པ་སྟོན་པ་ནི། ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །སྨན་གྱི་ནང་ནས་བསྐུས་ཏེ་བོར་བ་ནི་རུང་པ་རྙེད་ཀྱང་སླ་བ་སྟེ། དེ་ལ་གནས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་རོ། །ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བ་ཁྱོད། ཅི་སྲིད་འཚོའི་བར་དུ་བསྐུས་ཏེ་བོར་བའི་སྨན་གྱིས་འཚོ་བར་སྤྲོའམ། དེས་སྤྲོ་ཞེས་བརྗོད་པར་བྱའོ། དེས་འདོད་པ་བསོད་སྙོམས་ཀྱི་མཐའ་སྤངས་པ་བསྟན་ནས། ད་ངལ་ཞིང་དུབ་པའི་མཐའ་སྤོང་བར་སྟོན་པ་དེ་འདིར་གདའ། ལྷག་པར་རྙེད་ན་ཞུན་མར་རམ། འབྲུ་མར་རམ་སྦྲང་རྩིའམ། བུ་རམ་གྱི་སྦུ་བའམ་དུས་སུ་རུང་བའམ། ཐུན་ཚོད་དུ་རུང་བའམ། ཞག་བདུན་པའམ། འཚོ་བའི་བར་དུ་བཅང་བའམ། རྩ་བའི་སྨན་ནམ། སྡོང་བུའི་སྨན་ནམ། ལོ་མའི་སྨན་ནམ། མེ་ཏོག་གི་སྨན་ནམ། འབྲས་བུའི་སྨན་ནམ། གཞན་ཡང་སྨན་རུང་བ་གང་དགེ་འདུན་ནམ། གང་ཟག་ལས་རྙེད་ན་དེ་ཡང་ཁྱོད་ཀྱི་ལོང་ལ་ཚོད་ཟིན་པར་གྱིས་ཤིག །ཅི་ལྟར་ཁྱོད་གནས་འདི་ལྟ་བུ་ལ་དམ་འཆའ་བའམ། དེས་དམ་འཆའ་ཞེས་བརྗོད། དེ་རྣམས་ཀྱི་བརྟེན་བསམ། འཚོ་བ་རྣམ་དག་འཆའ་དགོས་པར་བསྟན་ནས། ད་བསྲུངས་བྱ་ཚུལ་ཁྲིམས་རྣམ་དག་ལ་དམ་འཆའ་བ་ལ། མཚན་ཉིད་གཉེན་པོ་དཔེ་གསུམ་ཡོད་པ་ལས། དང་པོ་མཚན་ཉིད་ལ་དམ་འཆའ་བ་ལ། སྤང་བྱའི་བྱེ་བྲག་ལྟུང་བ་འགྱུར་བའི་ཆོས་བཞི་སྤངས་བར་བྱ་བ་དང་། སྤྱིའི་གཉེན་པོ་དགེ་སྦྱོང་གི་ཆོས་བཞི་ལ་བསླབ་པར་བྱ་བ་གཉིས་ལས། དང་པོ་སྤང་བྱའི་བྱེ་བྲག་ལྟུང་བར་འགྱུར་བའི་ཆོས་བཞི་སྤངས་པར་བྱ་བ་ནི། ད་ཕྱིན་ཆད་ཁྱེད་ཀྱིས་ལྟུང་བར་འགྱུར་བའི་ཆོས་བཞི་པོ་འདི་རྣམས་ངོ་ཤེས་པར་བྱས་ནས་དེ་རྣམས་ཀྱི་རྒྱུད་ལ་མ་གོམས་པའི་དགེ་སློང་ཇོ་བོ་བཟང་པོ་ཅིག་བྱེད་དགོས་སོ་ཞེས་སྟོན་པ་ནི་འདིར་གདའ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་ཁྱོད་ཉོན་ཅིག །བཞི་པོ་འདི་དག་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། དེ་ལྟར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་ལྟུང་བར་འགྱུར་བའི་ཆོས་སུ་གསུངས་ཏེ། དགེ་སློང་གིས་དེ་དག་བྱས་ནས་བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང་བར་འགྱུར། ཤཱཀྱ་སྲས་སུ་མི་རུང་། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། །འདི་ལྟ་སྟེ་དཔེར་ན་ཤིང་ཏ་ལའི་མགོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ། འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་དུ་མི་རུང་པ་བཞིན་ནོ། །དེས་སྤྱིར་རྫོགས་པ་བསྟན་ནས་། ད་བྱེ་བྲག་དུ་བརྗོད་པ་བསྟན་པ་ནི་འདིར་གདའ། བཞི་གང་ཞེ་ན། འདི་ལྟ་སྟེ། འདོད་པ་དང་། འདོད་པ་ལ་ཞེན་པ་དང་། འདོད་པ་ལ་འཆུམས་པ་དང་། འདོད་པ་ལ་ལྷག་པར་ཞེན་པར་ནི། བཅོམ་ལྡན་འདས་ཀྱི་རྣམ་གྲངས་དུ་མས་སྨད་དོ། །འདོད་པ་སྤངས་པ་ནི་། སྔགས་དེ་བོར་བ་དང་། བཙལ་བ་དང་། ཟད་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་། ཉེ་བར་ཞི་བ་དང་། ནུབ་པ་ནི་བསྟོད་དོ། །བཀུར་རོ། །བསྔགས་སོ། །སྙན་པ་བརྗོད་དོ། །ཚེ་དང་ལྡན་པ་ཁྱོད་དེང་ཕྱིན་ཆད་ཆགས་པའི་སེམས་ཀྱིས་བུད་མེད་གྱི་ཡུལ་ལ་མི་གཏད་དེ། མིག་གིས་བལྟ་བར་ཡང་མི་བྱ་ན། གཉིས་ཀྱི་གཉིས་སྤྲད་དེ་མི་ཚངས་པར་སྤྱོད་པ་འཁྲིགས་པའི་ཆོས་བསྟེན་པ་ལྟ་སྨོས་ཀྱང་ཅི་དགོས། ཚེ་དང་ལྡན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། ཡང་དགེ་སློང་གང་དགེ་སློང་རྣམས་དང་ལྷན་ཅིག་བསླབས་པ་མཚུངས་པར་འགྱུར་བས་བསླབ་པ་མ་ཕུལ་བསླབས་པ་ཉམས་པར་མ་བྱས་པར་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ན། །ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དང་ལྷན་ཅིག་ཀྱང་རུང་སྟེ། དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། །ཞེས་བྱ་བ་འདི་བཀའ་སྩལ་ཏེ། དགེ་སློང་གི་གནས་དེ་ལྟ་བུ་བྱས་ན་བྱས་མ་ཐག་ཏུ། དགེ་སློང་དུ་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང་། ཤཱཀྱའི་སྲས་ཀྱིར་མི་རུང་དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སློང་གི་ཚུལ་ཞིག་པར་འགྱུར་ཞིང་། ཉམས་པ་བཅོམ་པ་ལྟུང་པ་ཕམ་པར་འགྱུར་བ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། །འདི་ལྟ་སྟེ་དཔེར་ན་ཤིང་ཏ་ལའི་མགོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་བ་འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་དུ་མི་རུང་པ་བཞིན་ནོ། །དེང་ཕྱིན་ཆད་ཁྱོད་སྤྱད་པ་མ་ཡིན་པ་དང་། བྱ་བ་མ་ཡིན་པ་དང་། སྤྱད་པ་མ་ཡིན་པ་སྤངས་པ་དེ་ལ་དྲན་པ་དང་བག་ཡོད་པས། སེམས་ཤིན་དུ་བསྲུངས་བར་བརྩོན་པར་གྱིས་ཤིག །ཇི་ལྟར་གནས་འདི་ལྟ་བུ་ལ་མི་སྤྱོད་དམ། དེས་མི་སྤྱོད་ཅེས་བརྗོད་པར་བྱའོ། །དེས་མི་ཚངས་པར་སྤྱོད་པ་མཐའ་དང་བཅས་པ་སྤོངས་དགོས་པ་བསྟན་ནས་ད་མ་བྱིན་པར་ལེན་པ་མཐའ་དང་བཅས་པ་སྤོངས་དགོས་པ་བསྟན་ནས། ད་མ་བྱིན་པར་ལེན་པ་མཐའ་དང་བཅས་པ་སྤོངས་དགོས་པ་སྟོན་པ་ནི། འདིར་གདའ་ཚེ་དང་ལྡན་པ་ཁྱོད་ཉོན་ཅིག་མ་བྱིན་པར་ལེན་པ་ནི། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་སྨད་དོ་མ་བྱིན་པར་ལེན་པ་སྤངས་པ་ནི། བསྟོད་དོ། །བསྐུར་རོ། །སྔགས་སོ། །སྙན་པར་བརྗོད་དོ། །ཚེ་དང་ལྡན་པ་ཁྱོད་དེང་ཕྱིན་ཆད་རྐུ་སེམས་ཀྱི་གཞན་གྱི་ཏིལ་གྱི་ཕུབ་མ་ཙམ་ཡང་མ་བྱིན་པར་མི་བླངས་ན། མ་ཤ་ཀ་ལྔ་འམ། མ་ཤ་ཀ་ལྔ་ལས་ལྷག་པར་ལྟ་སྨོས་ཀྱང་ཅི་དགོས། ཚེ་དང་ལྡན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས་ཡང་དགེ་སློང་གང་གཞན་དག་གི་གྲོང་ན་འདུག་པ་འམ། དགོན་པ་ན་འདུག་པ་མ་བྱིན་པ་རྐུ་བའི་གྲངས་སུ་གཏོགས་པ་བླངས་ན། ཅི་ཙམ་མ་བྱིན་པར་བླངས་པ་དེ། རྒྱལ་པོའི་བློན་པོ་ཆེན་པོས་གཟུང་ནས། དེ་ལ་འདི་སྐད་ཅེས། ཀྱེ་མི་ཁྱོད་ནི་རྐུན་མའོ། བྱིས་པའོ། །བླུན་པོའོ། །རྐུའོ་ཞེས་ཟེར་ཞིང་གསོད་དམ་འཆིང་ངམ། སྤྱུགས་ཀྱང་རུང་སྟེ། དགེ་སློང་དེ་ལྟར་མ་བྱིན་པར་ལེན་ན། དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། །ཞེས་བྱ་བའི་འདི་བཀའ་སྩལ་ཏེ། དགེ་སློང་གི་གནས་དེ་ལྟ་བུ་བྱས་ན་བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང་བར་འགྱུར། ཤཱཀྱའི་སྲས་ཀྱིར་མི་རུང་། །དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། །དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང་། ཉམས་པ་བཅོམ་པ་ལྟུང་བ་ཕམ་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། །འདི་ལྟ་སྟེ་དཔེར་ན་ཤིང་ཏ་ལའི་མགོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ། འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་དུ་མི་རུང་པ་བཞིན་ནོ། །དེང་ཕྱིན་ཆད་ཁྱོད་སྤྱད་པ་མ་ཡིན་པ་དང་བྱ་བ་མ་ཡིན་པ་དང་། སྤྱད་པ་མ་ཡིན་པ་སྤང་བ་དེ་ལ་དྲན་པ་དང་བག་ཡོད་པས། སེམས་ཤིན་ཏུ་བསྲུངས་པ་ལ་བཙོན་པར་བགྱིས་ཤིག །ཇི་ལྟར་ཁྱོད་གནས་འདི་ལྟ་བུ་ལ་མི་སྤྱོད་དམ་དེས་མི་སྤྱོད་ཅེས་བརྗོད་པར་བྱ། དེས་མ་བྱིན་པར་ལེན་པ་མཐའ་དང་བཅས་པ་སྤོང་དགོས་པར་བསྟན་ནས། ད་སྲོག་གཅོད་པ་མཐའ་དང་བཅས་པ་སྤོངས་དགོས། དགོས་པར་སྟོན་པ་དེ་འདིར་གདའ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །སྲོག་གཅོད་པ་བཅོམ་ལྡན་འདས་ཀྱི་རྣམ་གྲངས་དུ་མ་སྨད་དོ། །སྲོག་གཅོད་པ་སྤངས་པ་ནི་བསྟོད་དོ། །བཀུར་རོ། །སྔགས་སོ། །སྙན་པར་བརྗོད་དོ། དེང་ཕྱིན་ཆད་ཚེ་དང་ལྡན་པ་ཁྱོད་ཀྱི་བསམས་པ་བཞིན་དུ། སྲོག་ཆགས་གྲོག་སྦུར་ཡན་ཆད་བསད་པར་མི་བྱ་ན་མི་འམ་མིར་ཆགས་པ་ལྟ་སྨོས་ཀྱང་ཅི་དགོས་ཚེ་དང་ལྡན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། ཡང་དགེ་སློང་གིས་མིའམ་མིར་ཆགས་པ་ལ་བསམས་བཞིན་དུ་རང་གི་ལག་བདར་དེ་སྲོག་བཅད་དམ། དེ་ལ་མཚོན་བྱིན་ནམ། དེ་ལ་མཚོན་ཐོགས་པར་གཉེར་གཏད་དམ། དེ་འཆིར་བཅུག་གམ། དེ་ལ་འཆི་བའི་སྔགས་པ་བརྗོད་ཀྱང་རུང་ཏེ། དེ་ལ་འདི་སྐད་ཅེས། ཀྱཻ་མི་ཁྱོད་གསོན་པས་ཤི་སླའོ། །ཞེས་ཟེར་ཞིང་སེམས་ཀྱི་འདོད་པ་དང་། སེམས་ཀྱི་ཀུན་ཏུ་རྟོག་པ་དག་གིས་རྣམ་གྲངས་དུ་མས་དེ་ཕྱིར་འཇུག་གམ། དེ་ལ་འཆི་བའི་བསྔགས་པ་བརྗོད་དེ། དེ་ཡང་རྩོལ་བ་དེས་དུས་བྱས་ན། དགེ་སློང་དེ་ཡང་ཕམ་པར་གྱུར་པར་ཡིན་གྱིས། གནས་པར་མི་བྱའོ། །ཞེས་བྱ་བ་བཀའ་སྩལ་སྟེ། དགེ་སློང་གི་གནས་དེ་ལྟ་བུ་བྱས་ན། བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་པར་འགྱུར་རོ། །དགེ་སྦྱོང་དུ་མི་རུང་། ཤཱཀྱའི་སྲས་ཀྱིར་མི་རུང་། དེའི་དགེ་སྦྱོང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང་། ཉམས་པ་བཅོམ་པ་ལྟུང་པ་ཕམ་པར་འགྱུར་བ་ཏེ། ། དེའི་དགེ་སློང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། །འདི་ལྟ་སྟེ། དཔེར་ན། ཤིང་ཏ་ལའི་མགོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ་འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་དུ་མི་རུང་བ་བཞིན་ནོ། །དེའི་ཕྱིན་ཆད་ཁྱེད་སྤྱད་པ་མ་ཡིན་པ་དང་། བྱ་བ་མ་ཡིན་པ་དང་། སྦྱད་པ་མ་ཡིན་པ་སྤངས་བ་དེ་ལ་དྲན་པ་དང་བག་ཡོད་པས་སེམས་ཤིན་ཏུ་བསྲུངས་བ་ལ་བཙོན་པར་གྱིས་ཤིག །ཇི་ལྟར་ཁྱོད་གནས་འདི་ལྟ་བུ་ལ་མི་སྤྱོད་དམ། དེས་མི་སྤྱོད་ཅེས་བརྗོད་པར་བྱའོ། །དེས་སྲོག་གཅོད་པ་མཐའ་དག་དང་བཅས་པ་སྤོངས་དགོས་པར་བསྟན་ནས། ད་བརྫུན་དུ་སྨྲ་བ་མཐའ་དང་བཅས་པ་སྤོངས་དགོས་པར་སྟོན་པ་འདིར་གདའ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག་བརྫུན་དུ་སྨྲ་བ་ནི། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མ་སྨད་དོ། །བརྫུན་དུ་སྨྲ་བ་སྤངས་པ་ནི་བསྟོད་དོ། བཀུར་རོ། །བསྔགས་སོ། །སྙན་པར་བརྗོད་དོ། །ཚེ་དང་ལྡན་པ་ཁྱོད་དེང་ཕྱིན་ཆད་ཐ་ན་བཞད་གད་བྱ་པར་བསམ་ཏེ། ཤེས་བཞིན་དུ། བརྫུན་དུ་སྨྲ་བར་ཡང་མི་བྱ་ན། བསམས་བཞིན་དུ་མིའི་ཆོས་བླ་མ་སྨྲ་བ་ལྟ་སྨོས་ཀྱང་ཅི་དགོས་ཚེ་དང་ལྡན་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། ཡང་དགེ་སློང་གང་མངོན་པར་མི་ཤེས་ཤིང་ཡོངས་སུ་མི་ཤེས་ལ་མིའི་ཆོས་བླ་མ་མཐའ་དག་དང་འཕགས་པ་དང་། བྱེ་བྲག་ཐོབ་པ་དང་། ཤེས་པ་དང་། མཐོང་བ་དང་། རེག་པ་སྤྱོད་པ་མེད་ལ། མེད་བཞིན་དུ་འདི་ཤེས་སོ། །འདི་མཐོང་ངོ་ཞེས་ཁས་ཆེ་བ་ལས། དེ་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་ནས། དུས་གཞན་ཞིག་ནི་དྲིས་ཀྱང་རུང་མ་དྲིས་ཀྱང་རུང་། འདི་སྐད་ཅེས་ཚེ་དང་ལྡན་པ་དག་བདག་གིས་ནི་མི་ཤེས་པར་ཤེས་སོ། །ཞེས་སྨྲས་སོ། །མ་མཐོང་པར་མཐོང་ངོ་ཞེས་སྨྲས་ཏེ། །བསོག་བསོག་བརྫུན་དུ་སྨྲས་སོ། །ཞེས་ཟེར་ནས་མངོན་པའི་ང་རྒྱལ་མ་གཏོགས་ཏེ། དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས། གནས་པར་མི་བྱའོ། །ཞེས་བྱ་བ་འདི་བཀའ་སྩལ་ཏེ། ཅི་ཞིག་ཤེས་ན། སྡུག་བསྔལ་ཤེས་སོ། །ཀུན་འབྱུང་ཤེས་སོ། འགོག་པ་དང་ལམ་ཤེས་སོ། ཅི་ཞིག་མཐོང་ཞེས་ན། ལྷ་རྣམས་མཐོང་ངོ་། ཀླུ་རྣམས་མཐོང་ངོ་། གནོད་སྦྱིན་རྣམས་དང་ནམ་འཁའ་ལྡིང་རྣམས་དང་། དྲི་ཟ་རྣམས་དང་། མིའམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་དྲི་ཟ་རྣམས་དང་། ཡི་དྭགས་རྣམས་དང་། ཤ་ཟ་རྣམས་དང་གྲུལ་བུམ་རྣམས་དང་། སྲུལ་པོ་རྣམས་དང་། ལུས་སྲུལ་པོ་རྣམས་དང་། དུར་ཁྲོད་གྱི་ཤ་ཟ་རྣམས་ཀྱི་སྒྲ་ཐོས་སོ། །ལྷ་རྣམས་ཀྱི་སྒྲ་ཐོས་སོ། །ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། དྲི་ཟ་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། ཡི་དྭགས་རྣམས་དང་། ཤ་ཟ་རྣམས་དང་། གྲུལ་བུམ་རྣམས་དང་། སྲུལ་པོ་རྣམས་དང་། ལུས་སྲུལ་པོ་རྣམས་དང་། དུར་ཁྲོད་ཀྱི་ཤ་ཟ་རྣམས་ཀྱིས་ཀྱང་དག་གི་སྒྲ་ཐོས་སོ། །ལྷ་རྣམས་བལྟ་བའི་ཕྱིར་འགྲོའོ། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། དྲི་ཟ་རྣམས་དང་། མིའམ་ཅི་རྣམས་དང་ལྟོ་འཕྱེ་ཆེན་པོ་རྣམས་དང་། ཡི་དྭགས་རྣམས་དང་། ཤ་ཟ་རྣམས་དང་། གྲུལ་བུམ་རྣམས་དང་། སྲུལ་པོ་རྣམས་དང་། ལུས་སྲུལ་པོ་རྣམས་དང་། དུར་ཁྲོད་ཀྱི་ཤ་ཟ་རྣམས་ལྟ་བའི་ཕྱིར་འགྲོའོ། །ལྷ་རྣམས་བལྟ་བའི་ཕྱིར་འགྲོའོ། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། དྲི་ཟ་རྣམས་དང་། མིའམ་ཅི་རྣམས་དང་ལྟོ་འཕྱེ་ཆེན་པོ་རྣམས་དང་། ཡི་དྭགས་རྣམས་དང་། ཤ་ཟ་རྣམས་དང་། གྲུལ་བུམ་རྣམས་དང་། སྲུལ་པོ་རྣམས་དང་། ལུས་སྲུལ་པོ་རྣམས་དང་། དུར་ཁྲོད་ཀྱི་ཤ་ཟ་རྣམས་ལྟ་བའི་ཕྱིར་འོང་ངོ་། ལྷ་རྣམས་དང་ལྷན་གཅིག་གཏམ་འདྲེ་བར་བྱའོ། །ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ། །ཀླུ་རྣམས་དང་གནོད་སྦྱིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། དྲི་ཟ་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། ཡི་དྭགས་རྣམས་དང་། ཤ་ཟ་རྣམས་དང་། གྲུལ་བུམ་རྣམས་དང་། སྲུལ་པོ་རྣམས་དང་། ལུས་སྲུལ་པོ་རྣམས་དང་། དུར་ཁྲོད་ཀྱི་ཤ་ཟ་རྣམས་བལྟ་བའི་ཕྱིར་འོང་ངོ་། ལྷ་རྣམས་དང་ལྷན་གཅིག་གཏམ་འདྲེ་བར་བྱའོ། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ། །ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། དྲི་ཟ་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། ཡི་དྭགས་རྣམས་དང་། ཤ་ཟ་རྣམས་དང་། གྲུལ་བུམ་རྣམས་དང་། སྲུལ་པོ་རྣམས་དང་། ལུས་སྲུལ་པོ་རྣམས་དང་། དུར་ཁྲོད་ཀྱི་ཤ་ཟ་རྣམས་བདག་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པ་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ། །མ་ཐོབ་བཞིན་དུ་བདག་གིས་མི་རྟག་པའི་འདུ་ཤེས་དང་། མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང་། སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས་དང་། ཟས་ལ་མི་མཐུན་པའི་འདུ་ཤེས་དང་། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དང་། ཉེས་དམིགས་ཀྱི་འདུ་ཤེས་དང་། སྤོངས་པའི་འདུ་ཤེས་དང་། འདོད་ཆགས་དང་བྲལ་བའི་འདུ་ཤེས་དང་། འགོག་པའི་འདུ་ཤེས་དང་། འཆི་བའི་འདུ་ཤེས་དང་། མི་སྡུག་པའི་འདུ་ཤེས་དང་། རྣམ་པར་བསྡོས་པའི་འདུ་ཤེས་དང་། རྣམ་པར་གནག་པའི་འདུ་ཤེས་དང་། རྣམ་པར་བམ་པའི་འདུ་ཤེས་དང་། རྣམ་པར་འབུས་གཞིག་པའི་འདུ་ཤེས་དང་། རྣམ་པར་ཟོས་པའི་འདུ་ཤེས་དང་། རྣམ་པར་དམར་བའི་འདུ་ཤེས་དང་། རྣམ་པར་མཐོར་བའི་འདུ་ཤེས་དང་། རུས་གོང་གི་འདུ་ཤེས་དང་། སྟོང་པ་ཉིད་དུ་སོ་སོར་རྟོགས་པའི་འདུ་ཤེས་ཐོབ་བོ། །མ་ཐོབ་བཞིན་དུ་བདག་གི་བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་ཀྱི་སྐྱེ་མཆེད་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པའི་འབྲས་བུ་དང་། རྫུ་འཕྲུལ་གྱི་ཡུལ་དང་། ལྷའི་སྣང་བ་དང་། སེམས་ཀྱི་རྣམ་གྲངས་དང་སྔོན་གྱི་གནས་དང་། འཆི་འཕོ་བ་དང་། སྐྱེ་བ་དང་། ཟག་པ་ཟད་པ་ཐོབ་པོ། །བདག་ནི་དགྲ་བཅོམ་པ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་དང་། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་ཡིན་ནོ། །ཞེས་བྱ་བ་ཏེ་དགེ་སློང་གི་གནས་འདི་ལྟ་བུ་བྱས་ན་བྱས་མ་ཐག་དུ་དགེ་སློང་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང་། ཤཱཀྱའི་སྲས་ཀྱིར་མི་རུང་བར་འགྱུར། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང་། ཉམས་པ་བཅོམ་པ་ལྟ་བུ་ཕམ་པར་འགྱུར་བ་སྟེ། དེ་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། །འདི་ལྟ་སྟེ་དཔེར་ན། ཤིང་ཏ་ལའི་མགོ་བཅད་ན། སྔོན་པོར་འགྱུར་དུ་མི་རུང་ལ། འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་དུ་མི་རུང་བ་བཞིན་ནོ། དེ་ཕྱིན་ཆད་ཁྱོད་སྤྱོད་པ་མ་ཡིན་པ་དང་། བྱ་བ་མ་ཡིན་པ་དང་། སྤྱོད་པ་མ་ཡིན་པ་སྤངས་པ་དེ་ལ་དྲན་པ་དང་། བག་ཡོད་པས་སེམས་ཤིན་དུ་བསྲུངས་བ་ལ་བརྩོན་པར་གྱིས་ཤིག །ཇི་ལྟར་ཁྱོད་གནས་འདི་ལྟ་བུ་ལ་མི་སྤྱོད་དམ། དེས་མི་སྤྱོད་ཅེས་བརྗོད་པར་བྱའོ། །དེས་སྤང་བྱའི་བྱེ་བྲག་ལྟུང་བར་འགྱུར་བ་ཆོས་བཞི་སྤང་བར་བྱ་བ་བསྟན་ནས། ད་སྤྱིའི་གཉེན་པོ་དགེ་སྤྱོང་དུ་བྱེད་པའི་ཆོས་བཞི་ལ་བསླབ་པར་བྱ་བ་སྟོན་པ་ནི། དེང་ཕྱིན་ཆད་ཁྱོད་ཀྱིས་དགེ་སྦྱོང་དུ་བྱེད་པའི་ཆོས་བཞི་ལ་གནས་ནས་གཞན་གནོད་པ་བྱེད་པའི་ལན་ཙམ་ཡང་བྱར་མེད་དོ་ཞེས་སྟོན་པ་འདིར་གདའ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །བཞི་པ་འདི་དག་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། དེ་ལྟར་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་དགེ་སྦྱོང་དུ་བྱེད་པའི་ཆོས་སུ་གསུངས་ཏེ། བཞི་གང་ཞེ་ན། ཚེ་དང་ལྡན་པ་ཁྱོད་ཀྱིས་ད་ཕྱིན་ཆད་གཤེ་ཡང་སླར་མི་གཤེ་བར་བྱ་བ་དང་། ཁྲོས་ཀྱང་སླར་མི་ཁྲོ་བར་བྱེད་པ་དང་། བརྡེག་ཀྱང་སླར་མི་རྡེག་པར་བྱ་བ་དང་། མཚང་བྲུས་ཀྱང་སླར་མཚང་མི་འབྲུ་བར་བྱའོ། །ཇི་ལྟར་གནས་འདི་ལྟ་བུ་ལ་སྤྱོད་དམ། དེས་སྤྱོད་ཅེས་བརྗོད་པར་བྱའོ། །དེས་དགེ་སྦྱོང་གི་ཆོས་བཞི་ལ་བསླབ་པར་བྱ་བ་དེའི་གོང་མས་ལྟུང་བར་འགྱུར་བའི་ཆོས་བཞི་སྤང་པར་བྱ་བ་དོན་གཉིས་པོ་དེ་མཚན་ཉིད་ལ་དམ་འཆའ་བ་བསྟན། ད་བསྙེན་པ་ལ་དམ་འཆའ་བ་ནི། ཁྱོད་སྔོན་ལེགས་པར་གསུངས་པའི་ཆོས་འདུལ་བ་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་ཐོབ་ན་དགའ་སྙམ་པའི་སྨོན་པ་གང་ཡིན་བའི་སྡོམ་པ་དེ་མཁན་པོ་འོས་པ་ལ་སོགས་པ་རྒྱུ་ཕུན་སུམ་ཚོགས་པ་ལས་གྲུབ་ཅིང་། རྒྱུ་དེ་ལས་བྱུང་བའི་འབྲས་བུ་སྡོམ་པ་ཡང་ཕུན་སུམ་ཚོགས་པ་མཆོག་ཏུ་གྱུར་ཅིག །ཅེས་སྟོན་པ་འདིར་གདའ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །ཁྱོད་སྔོན་ལེགས་པར་གསུང་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་པ་དང་། བསྙེན་པར་རྫོགས་པའི་དགེ་སློང་གིས་དངོས་པོ་ཐོབ་ཀྱང་ཅི་མ་རུང་སྙམ་དུ་སྨོན་པ་གང་ཡིན་པ་དེ། དེ་ཁྱོད་མཁན་པོ་འོས་བ་དང་། སློབ་དཔོན་འོས་པ་དང་། དགེ་འདུན་མཐུན་པ་དང་། གསོལ་བ་དང་། བཞི་ལས་མི་གཡོ་ཞིང་བཞག་པར་མི་འོས་པས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་སོ། །དེས་བསྙེན་པ་ལ་དམ་འཆའ་བ་བསྟན་ནས། གསུམ་པ་དེ་ལ་དམ་བཅའ་བ་ནི། དེ་ལྟར་ཡིན་ཀྱང་། ང་གསར་བུ་ཡིན་པས་སྡོམ་པ་བསྲུངས་མི་ཤེས་ལ་བསྲུངས་ཀྱང་མི་དགོས་མཉམ་ན། འཇིག་རྟེན་ན་མའི་མེ་ལོང་མི་བྱ་བ་ཡིན་པས་དགེ་སློང་རྒན་པོ་བཟང་པོ་རྣམས། ཅི་ལྟར་བདུད་དུང་བ་བཞིན་དུ་བསྲུངས་དགོས། ང་གསར་བུ་ཡིན་པས་དེ་དང་མི་འདྲ་སྙམ་ན། བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་དང་། དེ་རིང་བསྙེན་པ་རྫོགས་པ་གཉིས་མཉམ་པ་ཉིད་གསུམ་ཀྱིས་མཉམ་སྟེ། རང་བཞིན་གྱི་ཁ་ན་མ་ཐ་ོབ་སྤོངས་པའི་ཚུལ་ཁྲིམས་སུ་མཉམ་བྱས་བའི་ཁ་ན་མ་ཐོབ་སྤོང་བའི་བསླབ་པར་མཉམ་ཆོས་ཀྱི་ལོངས་སྤྱོད་སོ་སོར་ཐར་པ འི་མདོ་འདོན་པ་ཉིད་ཀྱིས་མཉམ་པས་དེ་བཞིན་དུ་བསྒྲུབ་དགོས་ཤེས་སྟོན་པ་དེ་འདིར་གདའ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་དགེ་སློང་གི་སླབ་བྱ་དེ་ལ་དེ་རིང་བསྙེན་པར་རྫོགས་པས་ཀྱང་བསླབ་པོ། དེ་རིང་བསྙེན་པ་རྫོགས་པའི་དགེ་སློང་གིས་བསླབ་པ་གང་ལ་བསླབ་པར་བྱ་བ་དེ་ལ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པས་ཀྱང་བསླབ་པོ། དེ་ལྟར་ཚུལ་ཁྲིམས་ཉིད་ཀྱིས་མཉམ་པ་དང་བསླབ་པ་ཉིད་ཀྱིས་མཉམ་པ་དང་སོ་སོ་ཐར་བའི་མདོ་འདོན་པ་ཉིད་ཀྱིས་མཉམ་པ་དེ། ཁྱོད་ཀྱི་དེང་ཕྱིན་ཆད་བསྒྲུབ་པར་བྱ་ཡིས། མི་བསྒྲུབ་པར་མི་བྱའོ། །དེས་དཔེ་དེའི་གོང་མས་གཉེན་པོ་དེའི་གོང་མས་མཚན་ཉིད་དོན་གསུམ་པོ་དེས། བསྲུང་བྱ་ཚུལ་ཁྲིམས་རྣམ་དག་ལ་དམ་འཆའ་བ་བསྟན་ནས། ད་རྟོགས་དོན་ལྟ་བ་རྣམ་དག་ལ་དམ་འཆའ་བ་སྟོན་པ་ལ། ལྟ་བའི་གནས་ལ་གུས་པ་སྐྱེད་པ་དང་། ལྟ་བ་དངོས་སྦྱངས་པ་གཉིས་ལས། །དང་པོ་ལྟ་བའི་གནས་ལ་གུས་པ་བསྐྱེད་པ་ལ། །རྐྱེན་གཙོ་བོ་མཁན་པོ་ལ་གུས་པ་སྐྱེད་པ་དང་། །ཕལ་པ་གྲོགས་ལ་གུས་པ་བསྐྱེད་པ་གཉིས་ལས། །དང་པོ་གཙོ་བོ་མཁན་པོ་ལ་གུས་པ་བསྐྱེད་པ་ནི། ཁྱོད་ཀྱིས་མཁན་པོ་ལ་ཕའི་འདུ་ཤེས་བསྐྱེད་ནས་བསྙེན་བཀུར་བྱེད་དགོས་ལ། མཁན་པོས་ཀྱང་ཁྱོད་ལ་བུའི་འདུ་ཤེས་བཞག་ནས་ནད་གཡོག་བྱེད་དགོས་ཤེས་སྟོན་པ་དེང་འདིར་གདའ། དེང་ཕྱིན་ཆད་ཁྱོད་ཀྱིས་མཁན་པོ་ལ་ཕའི་འདུ་ཤེས་ཉེ་བར་བཞག་པར་བྱའོ། །མཁན་པོས་ཀྱང་ཁྱོད་ལ་བུའི་འདུ་ཤེས་ཉེ་བར་བཞག་པར་བྱའོ། །ཁྱོད་ཀྱི་མཁན་པོ་ལ་ཇི་སྲིད་འཚོའི་བར་དུ་བསྙེན་བསྐུར་བྱའོ། །མཁན་པོ་ཀྱང་ཁྱོད་ཤི་འམ་སོས་ཀྱི་བར་ནད་གཡོག་བྱའོ། །དེས་རྐྱེན་གཙོ་བོ་མཁན་པོ་ལ་གུས་པ་སྐྱེད་པ་བསྟན་ནས། ད་ཕལ་པ་གྲོགས་ལ་གུས་པ་བྱ་བ་ནི། ཚངས་པར་སྤྱོད་པ་གྲོགས་ལ་རག་ལས་པར་གསུངས་པས། གྲོགས་རྒན་གཞོན་འབྲིང་གསུམ་ལ་ལུས་ངག་ཡིད་གསུམ་གྱིས་གུས་པར་བྱེད་དགོས་ཤེས་སྟོན་པ་དེ་འདིར་གདའ། དེང་ཕྱིན་ཆད་ཁྱོད་ཀྱིས་ཚངས་པར་མཚུངས་པ་སྤྱོད་པ་རྣམས་དང་། གནས་བརྟན་རྣམས་དང་། བར་མ་རྣམས་དང་། གསར་བུ་རྣམས་ལ་གུས་པ་དང་བཅས་པ་དང་ཞེས་དང་། བཅས་པ་དང་། འཇིགས་པ་དང་བཅས་པའི་དབང་དུ་གྱུར་པའི་གནས་པར་བྱའོ། །དེས་ཕལ་པ་གྲོགས་ལ་གུས་པ་བསྐྱེད་པ། དེའི་གོང་མས། རྐྱེན་གཙོ་བོ་མཁན་པོ་ལ་གུས་པ་བ སྐྱེད་པ། དོན་གཉིས་པ་དེས་གནས་ལ་གུས་པ་བསྐྱེད་པ་བསྟན་ནས། ད་ལྟ་བ་དངོས་སྦྱངས་པ་སྟོན་པ་ནི། བསྙེན་པར་རྫོགས་ནས་དལ་བར་བསྡད་མི་ཆོག །ཐོས་བསམ་སྒོམ་གསུམ་ལ་འབད་རྩོལ་ཆེན་པོ་བྱེད་དགོས་སྟེ། མཛོད་ལས། །ཚུལ་གནས་ཐོས་དང་བསམ་ལྡན་པས། སྒོམ་པ་ལ་ནི་རབ་ཏུ་སྦྱར། །ཞེས་གསུངས་པས། །སྡེ་སྣོད་གསུམ་ལ་མཁས་པར་བྱས་ནས། ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་གསུམ་ཐོབ་པ་དང་རྟོགས་པ་དང་མངོན་དུ་བྱེད་དགོས། །ཞེས་སྟོན་པ་དེ་འདིར་གདའ། །དེང་ཕྱིན་ཆད་ཁྱོད་ཀྱི་ལུང་ནོད་པར་བྱ། །བཀླག་པར་བྱ་ཁ་དོན་དུ་བྱའོ། །ཕུང་པོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པར་བྱའོ། །མ་ཐོབ་པ་ཐོབ་པར་བྱ་བ་དང་། །མ་རྟོགས་པ་རྟོགས་པར་བྱ་བ་དང་། མངོན་སུམ་དུ་མ་བྱས་པ་མངོན་དུ་བྱ་བའི་ཕྱིར་ཁྱོད་ཀྱིས། བརྩོན་པ་མི་འདོར་བ་བྱའོ། །དེས་ལྟ་བ་སྦྱངས་པ་དངོས་དེའི་གོང་མས་ལྟ་བའི་གནས་ལ་གུས་པ་བསྐྱེད་པ། དོན་གཉིས་པོ་དེས་རྟོགས་དོན་ལྟ་བ་རྣམ་དག །དེའི་གོང་མས་བསྲུངས་བྱ་ཚུལ་ཁྲིམས་རྣམ་དག་དེའི་གོང་མས་རྟེན་བསམ་འཚོ་བ་རྣམ་དག །དོན་གསུམ་པོ་དེས་རང་སྨིན་པར་བྱ་བའི་ཆོས་བརྗོད་པ་བརྟེན་ནས། ད་ཆོ་ག་རྣམ་པར་དག་པའི་སྒོ་ནས་གཞན་ལ་ཤེས་འགྱུར་གྱི་བརྗོད་པ་ནི། འདི་ཆོ་གའི་སྐབས་ཡིན་པས་བསླབ་པའི་གཞི་ཆེ་ལོང་ཙམ་ལས་མ་བརྗོད་པ་ཡིན་པས། རྒྱས་པར་སོ་སོར་ཐར་པའི་མདོ་འདོན་པའི་ཚེ་དང་། མཁན་པོ་དང་། སློབ་དཔོན་དང་། གྲོགས་རྣམས་ལ་ཉོན་ལ་ཤེས་པར་གྱིས་ཤིག་ཅེས་སྟོན་པ་དེ་འདིར་གདའ། འདི་དག་ནི་ཁོ་བོས་ཁྱོད་ལ་སློབ་པའི་ཆེ་ལོང་ཙམ་ཞིག་བརྗོད་པར་ཟད་དོ། །གཞན་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོ་ཐར་པའི་མདོ་འདོན་པའི་ཚེ་ཐོས་པར་འགྱུར་རོ། །གཞན་དག་ཀྱང་། སློབ་དཔོན་དང་། མཁན་པོ་དང་མཁན་པོ་གཅིག་པ་དང་། །སློབ་དཔོན་གཅིག་པ་དང་། །གཏམ་འདྲེས་པ་དང་། །ཕེབས་པར་སྨྲ་བ་དང་། སྨོས་མགྲིན་དང་། འགྲོགས་ཤེས་རྣམས་ཀྱང་རྒྱ་ཆེར་སྟོན་པར་འགྱུར་རོ། །དེས་ཆོ་ག་རྣམ་པར་དག་པའི་སྒོ་ནས་གཞན་ལས་ཤེས་འགྱུར་གྱིས་བརྗོད་པ། དེའི་གོང་མས་རང་སྨིན་པར་བྱ་བའི་ཆོས་བརྗོད་པ། དོན་གཉིས་པོ་དེས་བསླབ་བྱ་ཡུལ་བརྗོད་པ་བསྟན་ནས། ད་སློབ་བྱེད་གཉེན་པོ་བརྗོད་པ་སྟོན་པ་ལ། གུས་པ་ལ་སྦྱོར་བ་དང་། སྤོང་བྱེད་ཀྱིས་གཉེན་པོ་དང་པོ་གཉིས་ལས། དང་པོ་ལ་གུས་པ་ལ་སྦྱར་བ་སྟོན་བ་ནི། བསྙེན་པར་རྫོགས་པའི་སྡོམ་པ་ནི། ཤིན་དུ་རྙེད་པར་དཀའ་བ་ལས། རྙེད་པ་ཡིན་ཏེ། མི་ཁོམ་པའི་གནས་བརྒྱད་སྤངས་ཤིང་།འབྱོར་བའི་ཆོས་བཅུ་ཐོབ་པ་ཤིན་ཏུ་རྙེད་པར་དཀའ་བ་ལས། །རྙེད་ཅིང་ཐོབ་པ་ཡིན་པས། ཅི་སྐད་བཤད་པ་བཞིན་དུ་སྒྲུབས་ཤིག །ཅེས་སྟོན་པ་དེར་འདིར་གདའ། །ཤེས་རབ་མཆོག་གི་བསྟན་པ་ལ། །ཁྱོད་ནི་བསྙེན་པར་རྫོགས་པར་འགྱུར། །དལ་དང་འབྱོར་པ་རྙེད་དཀའ་བས། །འདི་དག་ཇི་ལྟར་བཞིན་དུ་བསྒྲུབས། །མཛེས་པ་རབ་ཏུ་དབྱུང་བ་དང་། །ཡོངས་སུ་དག་པ་བསྙེན་རྫོགས་པར། །རྫོགས་སངས་རྒྱས་ཀྱི་རབ་མཁྱེན་དེ། །བདེན་པའི་མཚན་གྱིས་བཀའ་བརྩལ་ཏོ། །དེ་གུས་པ་ལ་སྦྱར་བ་བསྟན་ནས། །ད་སྤོང་བྱེད་ཀྱི་གཉེན་པོ་དངོས་ནི། །དགེ་སློང་དག་གིས་བག་ཡོད་པར་སྒྲུབས་ཤིག །ཅེས་སྟོན་པ་ཡིན་ཏེ། དེའི་དོན་དྲན་ཤེས་བཞིན་བག་ཡོད་ཀྱིས་ཟིན་པར་བགྱིད་ལ་བསླབ་པ་ལེགས་པར་བསྲུངས་ཤིག །ཅེས་སྟོན་པ་དེ་འདིར་གདའ། ཚེ་དང་ལྡན་པ་ཁྱོད་བསྙེན་པར་རྫོགས་ཟིན་གྱིས་བག་ཡོད་པར་སྒྲུབས་ཤིག །དེ་ལྟར་སྦྱོར་དངོས་མཇུག་གསུམ་གྱིས། ཁྱོད་ཀྱི་རྒྱུད་ལ་བསྙེན་རྫོགས་ཀྱི་སྡོམ་པ་བསྲུངས་ཐབས་དང་བཅས་པ་ཐོབ་པ་ཡིན་ཏེ། མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ཅེས་པ་དེ་ལྟ་བུ་ཅིག་ཐོབ་པ་ཡིན་པས། དེ་མཁན་སློབ་དགེ་འདུན་དང་བཅས་པའི་བཀའ་དྲིན་ལས་ཐོབ་པ་ཡིན་པས། ཕྱག་གསུམ་ཚོལ་ལ་བཀའ་དྲིན་ཆེའོ། །ཞེས་བགྱིས་ཤིག་བྱ། འདི་དག་ནི་བླ་མའི་གསུང་ལས་བྱོན་པ་ལག་ཏུ་བླང་པའི་རིམ་པ་མདོ་ཙམ་ཞིག་བརྗོད་པ་ཡིན་རྒྱས་པར་ནི་ལུང་དང་བསྟན་ཆོས་ལས་ཤེས་པར་བྱའོ། །ལག་ལེན་ཡིད་བཞིན་ནོར་བུ་ཞེས་བྱ་བ་སྐལ་ལྡན་རྣམས་རེ་བ་སྐོང་པར་བྱེད་པ་འདིས་ནི། འགྲོ་དོན་ལྷུན་གྲུབ་ཤོག །འདི་སྦྱར་བསོད་ནམས་ཀྱིས་འགྲོ་ཀུན། སྲིད་ལས་གྲོལ་བ་ཤོག །བཅུ་གཅིག་པ་རིན་ཆེན་དོར་བ་དང་བཅུ་གཉིས་པ་ལྷ་དབབ་པ་དང་། བཅུ་གསུམ་པ་ལྷ་བསྒོམ་པར་ནན་ཏན་དུ་བྱ་བ་དང་། བཅུ་བཞི་པ་མིག་དབྱེ་བ་དང་། །བཞི་པོ་གོང་དང་མཚུངས་ལ། །བཅོ་ལྔ་པ་ལྷ་ངོ་བསྟན་པ་ནི། འོ་མདུན་ན་ཡོད་པའི་ཉན་ཐོས་ཀྱི་དཀྱིལ་འཁོར་བརྟེན་དང་རྟེན་པ་སྟེ། ཕྱི་རོལ་དུ་མེ་རི་རྡོ་རྗེའི་རྭ་བ། པད་སྐོར་དེ་ཡི་ནང་དུ་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི། རྒྱན་རྟ་བབས་དང་བཅས་པ། དེའི་ནང་དུ་པད་འདབ་བཅུ་དྲུག །དེའི་ནང་དུ་པད་འདབ་བཞིའི་ལྟེ་བ་དང་བཅས་པ་མངོན་སུམ་དུ་མཐོང་བའི་མོས་པ་མཛོད། པདྨའི་ལྟེ་བར་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ། འདབ་མ་བཞི་འཁོར་རྣམ་བཞི། འདབ་མ་བཅུ་དྲུག་ལ་ཉན་ཐོས་ཆེན་པོ་བཅུ་དྲུག་བཞུགས་ཏེ། དེ་ཡང་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་བཞིན་མངོན་སུམ་དུ་མཐོང་བ་དེ། ཁྱེད་རང་རྣམས་ཀྱི་ཡི་དམ་གྱི་ལྷ་སྐལ་ཡིན་སྙམ་པའི་མོས་པ་མཛོད་ཅིག །བཅུ་དྲུག་པ་ཚོགས་མཆོད་དང་ཡོན་གོང་དང་མཚུངས་སོ། །སྤྱི་དོན་གཉིས་པ་དབང་བསྐུར་བ་ལ་གསུམ་སྟེ། སྦྱོར་བ་དང་། དངོས་བཞི་དང་རྗེས་སོ། །དང་པོ་ནི་གོང་དང་མཐུན་ནོ། །གཉིས་པ་དངོས་གཞི་ལ་གསུམ་སྟེ། །ཕྱི་ཕན་པའི་དབང་དང་། །ནང་ནུས་པའི་དབང་དང་། །གསང་དབང་ཟབ་མོའི་དབང་ངོ་། །དང་པོ་བུམ་པའི་དབང་དང་། །སྙིང་པོ་ལྔའི་དབང་དང་། དབུ་བརྒྱན་དང་། ཅོད་པན་དང་། འཕྲེང་བ་དང་། གོ་ཆ་དང་། རྒྱལ་མཚན་དང་། གདུགས་དང་། །བཟའ་བཏུང་གི་དབང་དང་། །དགུ་པོ་གོང་དང་མཐུན་ལ། །བྱེ་བྲག་ཏུ་བཅུ་པ་ཕྱག་རྒྱའི་དབང་ལ། བསམ་རྒྱུད། བསྒྲགས་ཚིག། བསྐུར་གནས། བསྟིམ་གནས་སྒྲིབ་པ་གང་དག །ནུས་པ་གང་སྐྱེ་ལྔའི། དང་པོ་བསམ་རྒྱུད་ནི། འོག་མིན་དང་། བླ་མའི་ཐུགས་ཀ་དང་། དཀྱིལ་འཁོར་གྱི་དབུས་ནས་སངས་རྒྱས་ཤཱཀྱ་ཐུབ་པའི་ཚོགས་རྣམས་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པས་ཁྱེད་རང་རྣམས་ཀྱི་ཕུང་པོ་ཁམས་སྐྱེ་མཆེད་དང་གཉིས་སུ་མེད་པར་བསྒོམ་མཛོད། བསྒྲགས་ཚིག་ནི། དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། བར་དུ་གྲངས་མེད་གསུམ་ལ་ཚོགས་གཉིས་བསགས། ཐ་མར་མཛད་པ་བཅུ་གཉིས་རྫོགས་སངས་རྒྱས། ཐམས་ཅད་མཁྱེན་པའི་དབང་བསྐུར་ལྷུན་གྲུབ་ཤོག །ཨ་བྷི་ཤིཉྩ་ཧཱུཾ། བསྐུར་གནས་མགོ། བསྟིམ་གནས་ཕུང་པོ་སྐྱེ་མཆེད་ལ་བསྟིམ། །སྒྲིབ་པ་གང་དག་ནུས་པ་གང་སྐྱེ། ཕུང་པོ་ཁམས་སྐྱེ་མཆེད་རང་ཀ་མར་འཛིན་པའི་དྲི་མ་དག་ནས། རྒྱལ་བའི་དཀྱིལ་འཁོར་ལྷུན་གྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །སངས་རྒྱས་ཐུབ་པའི་དངོས་པོ་འཁོར་དགེ་སློང་ཕོ། །སྡུག་བསྔལ་བདེན་པ་ཉེར་ལེན་ཕུང་པོ་དང་། །ཀུན་འབྱུང་བདེན་པ་ལས་དང་ཉོན་མོངས་དང་། །འགོག་བའི་བདེན་པ་སྡུག་བསྔལ་ཞི་བ་དང་། །ལམ་གྱི་བདེན་པ་གང་ཟག་བདག་མེད་དང་། །འཁོར་བའི་རྒྱུ་འབྲས་སྤངས་ཤིང་འདས་པ་བསྒྲུབ་པ་ཡིས། །ཕུང་པོ་ལྷག་བཅས་ལྷག་མེད་མྱ་ངན་ལས། །འདས་ནས་དགྲ་བཅོམ་ས་ལ་ཕྱིན་པར་ཤོག །སརྦ་ས་ནི་ས་ཏཾ་ཨ་བྷི་ཥིཉྩ་ཧཱུཾ། བདེན་པ་འདྲེ། རིགས་ཀྱི་བུ་ཁྱོད་ལ་བདེན་པ་བཞིའི་དབང་བསྐུར་བས། །འཕགས་པ་དགྲ་བཅོམ་པའི་ས་ཐོབ་པར་གྱུར་ཅིག །སངས་རྒྱས་ཐུབ་པའི་དངོས་པོ་འཁོར་དགེ་སློང་མོ། །སྡུག་བསྔལ་བདེན་པ་ཉེར་ལེན་ཕུང་པོ་དང་། །ཀུན་འབྱུང་བདེན་པ་ལས་དང་ཉོན་མོངས་དང་། །འགོག་པའི་བདེན་པ་སྡུག་བསྔལ་ཞི་བ་དང་། །ལམ་གྱི་བདེན་པ་གང་ཟག་བདག་མེད་ལ། །འཁོར་བའི་རྒྱུ་འབྲས་སྤངས་ཤིང་འདས་པ་བསྒྲུབ་པ་ཡིས། ཕུང་པོ་ལྷག་མེད་མྱ་ངན་ལས། །འདས་ནས་དགྲ་བཅོམ་ས་ལ་ཕྱིན་པར་ཤོག །སརྦ་ས་ནི་ས་ཏཾ་ཨ་བྷི་ཥིཉྩ་ཧཱུཾ། བདེན་པ་འདྲེ། རིགས་ཀྱི་བུ་ཁྱོད་ལ་བདེན་པ་བཞིའི་དབང་བསྐུར་བས། །འཕགས་པ་དགྲ་བཅོམ་པའི་ས་ཐོབ་པར་གྱུར་ཅིག །སངས་རྒྱས་ཐུབ་པའི་དངོས་སློབ་དགེ་ཚུལ་ཕོ། སྡུག་བསྔལ་བདེན་པ་ཉེར་ལེན་ཕུང་པོ་དང་། ཀུན་འབྱུང་བདེན་པ་ལས་དང་ཉོན་མོངས་དང་། འགོག་པའི་བདེན་པ་སྡུག་བསྔལ་ཞི་བ་དང་། ལམ་གྱི་བདེན་པ་གང་ཟག་བདག་མེད་ལ། འཁོར་བའི་རྒྱུ་འབྲས་སྤངས་ཤིང་འདས་པ་བསྒྲུབ་པ་ཡིས། ཕུང་པོ་ལྷག་བཅས་ལྷག་མེད་མྱ་ངན་ལས། འདས་ནས་དགྲ་བཅོམ་ས་ལ་ཕྱིན་པར་ཤོག །སརྦ་ས་ནི་ས་ཏཾ་ཨ་བྷི་ཥིཉྩ་ཧཱུཾ། བདེན་པ་འདྲེ་རིགས་ཀྱི་བུ་ཁྱོད་ལ་བདེན་པ་བཞིའི་དབང་བསྐུར་བས། །འཕགས་པ་དགྲ་བཅོམ་པའི་ས་ཐོབ་པར་གྱུར་ཅིག །སངས་རྒྱས་ཐུབ་པའི་དངོས་སློབ་དགེ་ཚུལ་མོ། །སྡུག་བསྔལ་བདེན་པ་ཉེར་ལེན་ཕུང་པོ་དང་། །ཀུན་འབྱུང་བདེན་པ་ལས་དང་ཉོན་མོངས་དང་། །འགོག་པའི་བདེན་པ་སྡུག་བསྔལ་ཞི་བ་དང་། །ལམ་གྱི་བདེན་པ་གང་ཟག་བདག་མེད་ལ། །འཁོར་བའི་རྒྱུ་འབྲས་སྤངས་ཤིང་འདས་པ་བསྒྲུབ་པ་ཡིས། །ཕུང་པོ་ལྷག་བཅས་ལྷག་མེད་མྱ་ངན་ལས། །འདས་ནས་དགྲ་བཅོམ་ས་ལ་ཕྱིན་པར་ཤོག །སརྦ་ས་ནི་ས་ཏཾ་ཨ་བྷི་ཥིཉྩ་ཧཱུཾ། །བདེན་པ་འདྲེ། རིགས་ཀྱི་བུ་ཁྱོད་ལ་བདེན་པ་བཞིའི་དབང་བསྐུར་བས། འཕགས་པ་དགྲ་བཅོམ་པའི་ས་ཐོབ་པར་གྱུར་ཅིག །གཅུང་དགའ་བོའི་དབང་བསྐུར་བས། ཤཱཀྱའི་གཅུང་གི་དབང་ཐོབ་ཤོག །ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱཧཱ། ཨ་བྷི་ཥིཉྩ་ཧཱུཾ། སྒྲ་གཅན་འཛིན་གྱིས་དབང་བསྐུར་བས། བཅོམ་ལྡན་སྲས་ཀྱི་དབང་ཐོབ་ཤོག །ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱཧཱ། ཨ་བྷི་ཥིཉྩ་ཧཱུཾ། ཤ་རི་བུ་ཡི་དབང་བསྐུར་བས། ཤེས་རབ་ཆེན་པོའི་དབང་ཐོབ་ཤོག །ༀ་མུ་ནེ་མུ་ནེ་མ་ཧཱ་ཱམུ་ནེ་ཡེ་སྭཱཧཱ། ཨ་བྷི་ཥིཉྩ་ཧཱུཾ། མོའུ་གལ་བུ་ཡི་དབང་བསྐུར་བས། རྫུ་འཕྲུལ་མཆོག་གི་དབང་ཐོབ་ཤོག །ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱཧཱ། ཨ་བྷི་ཥིཉྩ་ཧཱུཾ། འཕགས་པ་རབ་འབྱོར་དབང་བསྐུར་བས། འདྲི་ཞིང་ལན་ལོན་དབང་ཐོབ་ཤོག །ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱཧཱ། ཨ་བྷི་ཥིཉྩ་ཧཱུཾ། ཉེ་འཁོར་བུ་ཡི་དབང་བསྐུར་བས། འདུལ་བ་འཛིན་པའི་དབང་ཐོབ་ཤོག །ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱཧཱ། ཨ་བྷི་ཥིཉྩ་ཧཱུཾ། མ་འགག་པའི་དབང་བསྐུར་བས། རྫུ་འཕྲུལ་སྤྱན་ལྔ་དབང་ཐོབ་ཤོག །ༀ་མུ་ནེ་མུ་ནེ་མ་ཧཱ་ཱམུ་ནེ་ཡེ་སྭཧཱ། ཨ་བྷི་ཥིཉྩ་ཧཱུཾ། ཅང་ཤེས་ཀོའུ་དེ་ནས་དབང་བསྐུར་བས། སྟོན་པར་ཆོས་ཐོབ་ལྔ་བའི་དབང་ཐོབ་ཤོག །ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཧཱ། ཨ་བྷི་ཥིཉྩ་ཧཱུཾ། ཉེ་འཁོར་གཟུགས་ཀྱིས་དབང་བསྐུར་བས། །འདུལ་བ་འཛིན་བའི་དབང་ཐོབ་ཤོག །ༀ་མུ་ནེ་མུ་ནེ་མ་ཧཱ་ཱམུ་ནེ་ཡེ་སྭཧཱ། ཨ་བྷི་ཥིཉྩ་ཧཱུཾ། རྟ་ཐུལ་གཟུགས་ཀྱི་དབང་བསྐུར་བས། །བདུད་ཚོགས་དད་པ་སྐྱེ་བའི་དབང་ཐོབ་ཤོག །ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཧཱ། ཨ་བྷི་ཥིཉྩ་ཧཱུཾ། བ་གླང་བདག་གི་དབང་བསྐུར་བས། །འགོག་པའི་ཏིང་འཛིན་དབང་ཐོབ་ཤོག །ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཧཱ། ཨབྷི་ཥིཉྩ་ཧཱུཾ། ཀུན་དགའ་བོའི་གཟུགས་ཀྱི་དབང་བསྐུར་བས། །ཞབས་འབྲིང་རྟགས་མཛད་དབང་ཐོབ་ཤོག །ༀ་མུ་ནེ༴ ཨ་བྷི༴ མིང་ཆེན་གཟུགས་ཀྱི་དབང་བསྐུར་བས། །ཤང་གཉིས་སྐྲ་བྲེག་དབང་ཐོབ་ཤོག །ༀ་མུ་ནེ་མུ་ནེ་མ་ཧཱ༴ ཨ་བྷི་ཥིཉྩ་ཧཱུཾ། ནོར་སྦྱིན་འཛིན་གྱི་དབང་བསྐུར་བས། །བསླབ་པ་ལ་གུས་དབང་ཐོབ་ཤོག །ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་སྭཧཱ། ཨ་བྷི་ཥིཉྩ་ཧཱུཾ། ཚེ་ལྡན་གང་པོས་དབང་བསྐུར་བས། །སྦྱངས་བའི་ཡོན་ཏན་དབང་ཐོབ་ཤོག །ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཧཱ། ཨ་བྷི་ཥིཉྩ་ཧཱུཾ། འོད་བསྲུངས་གཟུགས་ཀྱི་དབང་བསྐུར་བས། །ཞལ་ཟླ་སྐུ་འདྲེས་དབང་ཐོབ་ཤོག །ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཧཱ། ཨ་བྷི་ཥིཉྩ་ཧཱུཾ། བསྐུར་གནས་མགོ། བསྟིམ་གནས་ཕུང་པོ། ཁམས་སྐྱེ་མཆེད། སྒྲིབ་པ་གང་དག་ནུས་པ་གང་སྐྱེད་ཕུང་པོ་ཁམས་སྐྱེ་མཆེད་རང་དགར་འཛིན་པའི་དྲི་མ་དག །བདེན༴ རྒྱལ་བའི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །གཉིས་པ་ནུས་པའི་དབང་ལ་ལྔ་སྟེ། ཉན་དབང་དང་། བསྒྲུབ་དབང་། འཆད་དབང་དང་། འཕྲིན་ལས་ཀྱི་དབང་དང་། རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམ་གྱིས་དབང་ངོ་། །དབང་དེ་ལྔའི་ཆོ་ག་ཡང་གོང་དང་མཐུན། གསུམ་པ་གསང་དབང་ཟབ་མོའིི་དབང་ལ་གསུམ་ཏེ། གསང་དབང་ཤེས་རབ་ཡེ་ཤེས་ཀྱི་དབང་དང་། དབྱེར་མེད་བདེ་བ་ཆེན་པོའི་དབང་དེ་གསུམ་གྱིས་དོན་ནི། ལམ་ཁྱེར་གསུམ་པོ་བཤད་ལ་སྒོམ་དུ་བཞུགས། དེ་ནས་དབང་མི་ཉམས་པར་བྱ་བའི་ཕྱིར་འདེབས་ཆུང་གཅིག་བྱ་ན། རང་གི་དཔྲལ་བར་རུས་པའི་ཐིག་ལེ་ཉུང་དཀར་ཙམ་ཅིག་བསྒོམ། དེ་ལ་ཤེས་པ་གཏད་པས་ཐིག་ལེ་དེ་ཇེ་ཆེར་ལ་སྣང་སྲིད་ཐམས་ཅད་ཀེང་རུས་ཀྱི་དལ་དུ་བསམ། དེ་ཡང་ཡུལ་རང་རྒྱུད་པ་ལ་བསྟན་པ་ལ་བསྟན་ན་ཆགས་སྡང་རྨོངས་གསུམ་སྐྱེ་སྟེ་ཉོན་མོངས་པ་འཁོར་བའི་རྒྱུ་ཡིན། དེར་འབྲས་བུ་སྡུག་བསྔལ་གྱི་བདེན་པ་ཉམས་སུ་མྱོང་པ་ཡིན་ཏེ། དེའི་གཉེན་པོར་རུས་པའི་འཁོར་ལོ་ཡུལ་མི་སྡུག་པ་བསྒོམས་པས། ཉོན་མོངས་པ་ཆགས་སྡང་མི་སྐྱེ། ཀུན་འབྱུང་གིས་ཉོན་མོངས་པ་བརྩད་བཅད་ནས། འབྲས་བུ་སྡུག་བསྔལ་རང་བཞིན་གྱིས་འགོགས་པས་དེ་ཀ་ལམ་གྱི་བདེན་པ་ཡིན་གསུང་ངོ། །ཐེག་པ་ལམ་ཁྱེར་གྱི་དབང་དུ་བྱས་ན་ཉན་ཐོས་གཟུང་འཛིན། དོན་དམ་འདོད་པ་ལྟ་བ་ལ་སོགས་པ་གོང་གིས་འགྲེས། བསྒོམ་ཆེན་གྱི་འདུག་ཚུལ་ནི་མི་བློ་ཕལ་པོ་སྡུག་གཏམ་གཏོང་པ་ལྟ་བུའོ། །མི་དགེ་བ་བཅུ་དགྲ་དང་ཚེར་མ་བཞིན་དུ་བལྟས་ན་སྤོངས། དགེ་བཅུ་སྨན་དང་ཕན་པའི་ཟས་ལྟར་ལེན་དེ་ཡང་ཉན་ཐོས་ལ་འདུ་ཤེས་བཅུ་སྟེ། །སྲོག་གཅོད་པ་ལ་བཙན་དུག་ལྟ་བུའི་འདུ་ཤེས་དང་། །ཉོན་མོངས་པ་ལ་དུག་སྦྲུལ་ལྟ་བའི་འདུ་ཤེས་དང་། ཁ་ཟས་ལ་མཐའ་འཁོབ་ཀྱི་རྒན་རྒོན་ལྟ་བུའི་འདུ་ཤེས་དང་། གོས་ལ་སྨད་དཀྲིས་ལྟ་བུའི་འདུ་ཤེས་དང་། རྙེད་པ་དང་བཀུར་སྟི་ལ་རྒྱ་དང་སྙི་ལྟ་བུའི་འདུ་ཤེས་དང་། བླ་མ་དང་དཀོན་མཆོག་ལ་ནོར་བུ་རིན་པོ་ཆེ་ལྟ་བུའི་འདུ་ཤེས་དང་། ཆོས་ལ་ལམ་ལྟ་བུའི་འདུ་ཤེས་དང་། སངས་རྒྱས་ཀྱི་བསྟན་པ་ལ་གསེར་ལྟ་བུའི་འདུ་ཤེས་དང་། །ཚུལ་ཁྲིམས་ལ་རྒྱན་ལྟ་བུའི་འདུ་ཤེས་དང་། ཆོས་ཉིད་མངོན་དུ་གྱུར་པ་ལ་མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟ་བུའི་འདུ་ཤེས་དང་བཅུའོ། །དེ་དོན་ནི་དབང་རྡོ་རྗེ་ཟབ་པ་ལས་ཀྱང་བཤད་དོ། །ཉན་ཐོས་ཀྱི་གག་དྲུག་ནི་གནས་བ་ར་ན་སིའི་བསིལ་ཁང་དུ། །སྟོན་པ་ཤཱཀྱ་ཐུབ་པ་ཆེན་པོ་ཡིན། །འཁོར་མཆོག་ཆེན་པོ་བརྒྱད་ལ་སོགས་པ་ལ་བདེན་པ་བཞིས་དབང་བསྐུར་ནས། འབྲས་བུ་དགྲ་བཅོམ་པ་ཐོབ་པ་དེ་དགོས་པ་མུ་སྟེགས་རྟག་ཆད་རང་རྒྱུད་དུ་འདོད་པ་ལས་གྲོལ་བའི་དགོས་པ་ཡོད། དེ་ཡང་གཞུང་ལས། །གང་གི་གང་ལ་གང་དུ་གང་བསྟན་པ། །ཅི་ཡིས་ཕྱིར་གྱིས་དགོས་པར་བཅས་པ་སྟེ། འདི་ནི་ཉན་ཐོས་ཐེག་པའི་གག་དྲུག་ཡིན། ཅེས་སོ། །གསུམ་པ་རྗེས་ནི། ཡོན་དང་མནྜལ་ཕུལ། བསྔོ་བ་སྨོན་ལམ་དང་། བཀྲ་ཤིས་བརྗོད། ཚོགས་དང་དགའ་སྟོན་རྒྱ་ཆེན་པོ་བྱ། །གླུ་གར་དང་རྩེ་འཇོའི་ཉམས་སྐྱངས། མཆོད་བསྟོད། བསྔོ་བ། བཟོད་གསོལ། གཤེགས་གསོལ་བྱས་ལ་དཀྱིལ་འཁོར་བསྡུ། །དེས་ནི་ཉན་ཐོས་ཀྱི་དབང་གི་ཐེམས་སྐས་རྫོགས་སོ།། །།


previousདང་པོ་ཕྱི་དབང་གི་ཆུ་བོ་ལས་ཉན་ཐོས་ཀྱི་དབང་གི་ཐེམ་སྐས།next