Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་ཉེར་བརྒྱད་པ།


   
   
   
   
   
   
   
   
   
   
   
   
དང་པོ་ཕྱི་དབང་གི་ཆུ་བོ་ལས་བྱང་ཆུབ་སེམས་དཔའི་དབང་གི་ཐེམ་སྐས།


 
previousདང་པོ་ཕྱི་དབང་གི་ཆུ་བོ་ལས་བྱང་ཆུབ་སེམས་དཔའི་དབང་གི་ཐེམ་སྐས།no next

དང་པོ་ཕྱི་དབང་གི་ཆུ་བོ་ལས་བྱང་ཆུབ་སེམས་དཔའི་དབང་གི་ཐེམ་སྐས།

དང་པོ་ཕྱི་དབང་གི་ཆུ་བོ་ལས། བྱང་ཆུབ་སེམས་དཔའི་དབང་གི་ཐེམ་སྐས་བཞུགས་སོ། །བཞི་པ་བྱང་ཆུབ་སེམས་དཔའི་དབང་ལ་གཉིས་སྟེ། དཀྱིལ་འཁོར་ལས་ཀྱི་རིམ་པ་དང་། འཇུག་ཅིང་དབང་གི་རིམ་པའོ། །དང་པོ་ནི། ཚད་དང་ལྡན་པའི་ས་སྟེགས་ལ། །དྲི་བཟང་ཆུ་ཡི་ཆག་ཆག་གདབ། །བྱིན་བརླབས་ལྡན་པའི་ཐིག་སྐུད་ཀྱིས། །ཐིག་བརྒྱད་གོང་བཞིན་ལེགས་པར་གདབ། །དེ་ནས་ཆ་ཆེན་བཅུ་དྲུག་ལ། །དང་པོ་ཕྱེད་གདབ་ཕྱི་མ་གདབ། གཉིས་པ་ཆ་བཞི་མཉམ་དུ་གདབ། །གསུམ་པ་བཞི་པ་དོར་བར་བྱ། །ལྔ་པ་དབུས་དོར་མཐའ་གཉིས་གདབ། །དྲུག་པ་ཕྱེད་གདབ་ཕྱི་མ་གདབ། །བདུན་པ་ཆ་བཞི་མཉམ་དུ་གདབ། །བརྒྱད་པ་དབུས་དོར་མཐའ་གཉིས་གདབ། །དེ་ནས་མུ་ཁྱུད་བསྐོར་བ་ནི། །ཆ་ཕྲན་དྲུག་ནས་ལྟེ་བ་བསྐོར། །བདུན་ནས་དེའི་མུ་ཁྱུད་ཕྱི། །བཅུ་བཞི་པདྨ་འདབ་བཅུ་བསྐོར། །བཅོ་ལྔ་དེའི་མུ་ཁྱུད་ཕྱི། །གླང་གུར་རྡོ་ར་སྤྱི་དང་མཚུངས། །མདའ་ཡབ་ཟུར་ཐིག་འཕྲད་སོ་ནས། །པད་འདབ་རྡོ་རྭ་མེ་རི་ལ། །ཅི་རིགས་འཚམས་པ་བསྐོར་བར་བྱ། །བྱིན་བརླབས་ལྡན་པའི་མཚོན་རྩི་ཡིས། །མཁས་པས་རེ་ཁ་ལེགས་པར་བྲི། །དབུས་ཀྱི་ལྟེ་བ་སེར་པོར་བྱེད། །པད་འདབ་བཞི་པོ་ཕྱོགས་མཚོན་བྱེད། །པད་འདབ་བཅུ་པོ་མཛེས་ཚོན་བྱེད། །གྲུ་ཆད་རྩིགས་སོགས་གོང་དང་མཐུན། །དེ་ནས་རྣམ་པ་དགོད་པ་ནི། །དབུས་སུ་ཤཱཀྱ་ཐུབ་པ་བཀོད། །པད་འདབ་བཞི་ལ་ཡུམ་ཆེན་དང་། །ཕྱག་ན་རྡོ་རྗེ་ཤ་རིའི་བུ། །སྤྱན་རས་གཟིགས་ཀྱི་སྐུ་བཞི་དགོད། །འདབ་མ་བཅུ་ལ་སངས་རྒྱས་བཅུ། །གསུང་ཐུགས་རྟེན་ནི་གང་དང་མཚུངས། །ཆད་ལྷག་གསལ་ཞིང་ཞལ་གསོལ་མཆོད། །མཆོད་ཡོན་ལ་སོགས་ཕྱི་མཆོད་དང་། །གཏོར་མ་བཤམས་པ་ལ་སོགས་དང་། །བུམ་སོགས་བཤམ་པ་གོང་དང་མཐུན། །དེར་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ནས་རབ་གནས་ཀྱི་དོན་ནི། །དཔོན་སློབ་རྣམས་གདན་ལ་བཞུགས་ཤིང་། སྔོན་འགྲོ་གཏོར་མ་ཆ་བཞིའི་ཆ་ཅིག་བཤམ་ལ། །བྱིན་གྱིས་བརླབས་པ་བསྔོ་ཞིང་། མཚམས་བཅད་པ་དང་། །མཆོད་པ་བྱིན་གྱིས་བརླབས་པ་དང་། །སྐྱབས་འགྲོ་སེམས་བསྐྱེད་རྣམས་གོང་བཞིན། སྔོན་དུ་སོང་ནས། དངོས་གཞི་བདག་བསྐྱེད་ནི། ༀ་སྭ་བྷ་ཝ། སྟོང་བའི་ངང་ལས། བྷྲུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་པ། གྲུ་བཞི་སྒོ་བཞི། རྒྱན་རྟ་བབས་དང་བཅས་པའི་ནང་དུ། པདྨ་འདབ་བཞི་ལྟེ་བ་རུ། བཅོམ་ལྡན་གསེར་མདོག་ཆོས་འཆད་གཡས། །གཡོན་པ་མཉམ་བཞག་ཕྱག་རྒྱར་ལྡན། །རྡོ་རྗེ་དཀྱིལ་དཀྲུང་གཙུག་གཏོར་བཅས། །སྤྱན་ཡངས་མཐིང་ཁ་མཛོད་སྤུར་ལྡན། །སྐུའི་སྒོ་ནས་འོད་ཟེར་འགྱེད། །བསྟན་པའི་མངའ་བདག་འགྲོ་བ་འདྲེན། །ཤར་ཕྱོགས་པདྨའི་འདབ་མ་ལ། །པད་ཟླ་རྒྱས་སྟེང་ཡུམ་ཆེན་མོ། །ལོངས་སྤྱོད་བརྒྱན་ལྔན་རྡོ་རྗེ་དཀྱིལ། །གསེར་མདོག་སྐུ་ནི་ཤིན་ཏུ་རྒྱས། ཕྱག་བཞིའི་དང་པོ་མཉམ་བཞག་ཕྱག ། འོག་མའི་གཡས་པ་ཆོས་འཆད་པ། གཡོན་པ་པོ་ཏི་བསྣམས་ནས་ནི། །འགྲོ་བ་སེམས་ཅན་དོན་མཛད་པ། །ལྷོ་ཕྱོགས་པདྨའི་འདབ་མ་ན། །པད་ཟླ་རྒྱས་པའི་གདན་སྟེང་ན། །ཕྱག་ན་རྡོ་རྗེ་ཞི་བའི་ཞལ། །མཐིང་ཁ་གཡས་ན་རྡོ་རྗེ་འཛིན། གཡོན་པ་པདྨ་འཛིན་པར་བྱེད། །རིན་ཆེན་རྒྱན་ལྡན་སེམས་དཔའི་དཀྱིལ། །ནུབ་ཕྱོགས་པདྨའི་འདབ་མ་ན། །ཤ་རི་གསེར་མདོག་དཀའ་ཐུབ་གཟུགས། །ཆོས་གོས་གསུམ་ལྡན་བསིལ་བྱེད་བསྣམས། །པུས་གཙུགས་གཡོན་པ་ལྷུང་བཟེད་བསྣམས། །ལུས་ངག་ཡིད་གསུམ་མཉམ་པའི་ངང་། །བྱང་ཕྱོགས་པདྨའི་འདབ་མ་ནས། །པད་ཟླ་རྒྱས་པའི་གདན་སྟེངས་ནས། །སྤྱན་རས་དཀར་པོ་བྱང་ཆུབ་སེམས། །བརྒྱན་མཛེས་སེམས་དཔའི་དཀྱིལ་དཀྲུང་བཞུགས། །གཡས་ན་པདྨ་མཆོད་སྦྱིན་དང་། །གཡོན་པའང་པདྨ་པོ་ཏི་འཛིན། །པད་འདབ་བཅུ་ཡི་ཤར་ཕྱོགས་ཀྱི། །པད་ཟླ་རྒྱས་པའི་གདན་སྟེངས་སུ། །བདེ་གཤེགས་དཀོན་མཆོག་འབྱུང་གནས་ནི། །སྐུ་མདོག་ཤེལ་ལྟར་དཀར་བ་ལ། །ཕྱག་གཡས་རིན་ཆེན་མཆོད་སྦྱིན་མཛད། །ཕྱག་གཡོན་ལྟེ་བའི་ཐད་དཀར་ནི། །འཐིལ་ནི་འགྲོ་མ་སྟོན་པར་མཛད། །ལྷོ་ཕྱོགས་པདྨའི་འདབ་མ་ལ། །པད་ཟླ་རྒྱས་བའི་གདན་སྟེངས་སུ། །བདེ་གཤེགས་མྱ་ངན་མེད་པའི་དཔལ། །སྐུ་མདོག་ནམ་མཁའི་མདོག་ཅན་ལ། །གཡས་པ་འཁོར་ལོ་འབར་བ་བསྣམས། །གཡོན་པ་ལྟེ་བའི་ཐད་དཀར་ནི། །འགྲོ་ལ་བསྟན་པས་ཉོན་མོངས་སེལ། །ནུབ་ཕྱོགས་པདྨའི་འདབ་མ་ལ། །པད་ཟླ་རྒྱས་པའི་གདན་སྟེངས་སུ། །བདེ་གཤེགས་རིན་ཆེན་འོད་འཕྲོ་བ། །སྐུ་མདོག་གངས་རི་ལྟར་དཀར་ཞིང་། །གཡས་པ་མཆེ་བ་བརྩིགས་པ་བསྣམས། །གཡོན་པ་ལྟེ་བ་ཐད་དཀར་ནི། །འགྲོ་ལ་བསྟན་པས་བགེགས་རྣམས་འདུལ། །བྱང་ཕྱོགས་པདྨའི་འདབ་མ་ལ། །པད་ཟླ་རྒྱས་པའི་གདན་སྟེངས་ན། །བདེ་གཤེགས་རྒྱལ་པའི་དབང་པོ་ནི། །སྐུ་མདོག་ཨིན་འདྲ་ནི་ལའི་མདོག །གཡས་པ་པདྨ་དཀར་པོ་འཛིན། །གཡོན་པ་ལྟེ་བའི་ཐད་དཀར་ནི། །འགྲོ་ལ་བསྟན་པས་མུན་པ་སེལ། །ཤར་ལྷོ་པདྨའི་འདབ་མ་ལ། པད་ཟླ་རྒྱས་པའི་གདན་སྟེངས་ན། །བདེ་གཤེགས་པདྨ་དམ་པའི་དཔལ། །སྐུ་མདོག་དུག་ལྟར་དཀར་བའི་མདོག། །ཕྱག་གཡས་པདྨ་དམར་པོ་བསྣམས། །གཡོན་པ་ལྟེ་བའི་ཐད་དཀར་ནི། །འགྲོ་ལ་བསྟན་པས་འདོད་ཆགས་འཇོམས། །ལྷོ་ནུབ་པདྨའི་འདབ་མ་ལ། །པད་ཟླ་རྒྱས་པའི་གདན་སྟེང་ན། །ཉི་མ་སྣང་བ་དམ་པའི་དཔལ། །སྐུ་མདོག་མར་གད་དམར་སྨུག་ལ། ཕྱག་གཡས་མུན་སེལ་ཉི་མ་བསྣམས། །གཡོན་པ་སྐུ་ལ་རྟེན་མཛད་པ། །ནུབ་བྱང་པདྨའི་འདབ་མ་ལ། །པད་ཟླ་རྒྱས་པའི་གདན་སྟེངས་སུ། །སངས་རྒྱས་གདུག་ཆེན་པདྨའི་རྩལ། །སྐུ་མདོག་ཨིན་ཏྲ་ནི་ལའི་མདོག །གཡས་པ་སྣ་ཚོགས་རྡོ་རྗེ་འཛིན། །ཕྱག་གཡོན་ལྟེ་བའི་ཐད་དཀར་ནི། །འཐིལ་ནི་འགྲོ་ལ་སྟོན་པར་མཛད། །བྱང་ཤར་པདྨའི་འདབ་མ་ལ། །པད་ཟླ་རྒྱས་པའི་གདན་སྟེངས་སུ། །ཏིང་འཛིན་གླང་པོ་དམ་པའི་དཔལ། །སྐུ་མདོག་གསེར་ལྟར་འཚེར་བ་ལ། །ཕྱག་གཡས་ཆོས་འཆད་ཕྱག་རྒྱ་སྟོན། །གཡོན་པ་ཆོས་གོས་འཛིན་མཛད་པ། །ཤར་སྟོད་པདྨའི་འདབ་མ་ལ། །པད་ཟླ་རྒྱས་པའི་གདན་སྟེངས་སུ། །དགའ་བར་བྱེད་པའི་སངས་རྒྱས་ནི། །སྐུ་མདོག་ཨུད་དཔལ་སྔོན་པོའི་མདངས། །ཕྱག་གཡས་རིན་ཆེན་བུམ་པ་བསྣམས། །གཡོན་པ་སྐུ་ལ་རྟེན་མཛད་པ། །ནུབ་ཕྱོགས་པདྨའི་འདབ་མ་ལ། །པད་ཟླ་རྒྱས་པའི་གདན་སྟེངས་སུ། །བདེ་བཤེགས་པདྨ་དམ་པའི་དཔའ། །སྐུ་མདོག་གསེར་ལྟར་འཚེར་བའི་མདངས། །ཕྱག་གཡས་པདྨ་དམར་པོ་བསྣམས། །གཡོན་པ་ལྟེ་བའི་ཐད་དཀར་ནི། །མཐིལ་ནི་ཕྱིར་བསྟན་གདུང་པ་སེལ། །དེ་ལ་ཡེ་ཤེས་སྙན་གསན་དབབ། །ཕྱག་འཚལ་མཆོད་པ་འབུལ། བསྟོད་པ་བྱེད་པ་ནི། རྒྱ་གར་སྐད་དུ། བཛྲ་གྷིཏྟི། བོད་སྐད་དུ། རྡོ་རྗེའི་གླུ། སྒྲ་འཇུག་པ་ཡི་རྒྱུ་མཚན་གྱི། །བསྒྱུར་བ་བསྙེན་པར་བྱེད་པ་པོ། །ཐུབ་པ་ཆེན་པོའི་དུས་འདིར་ལགས། །སྐྱེས་བུ་གཙོ་བོ་གཤེགས་སུ་གསོལ། །སྐྱེས་བུ་ཅང་མཁྱེན་གཤེགས་སུ་གསོལ། ཐུབ་པ་ཆེན་པོ་གདུགས་ཚོད་བབ། །རྐང་གཉིས་གཙོ་བོ་གཤེགས་སུ་གསོལ། །རྐང་གཉིས་དམ་པ་གཤེགས་སུ་གསོལ། །རྐང་གཉིས་ཅང་མཁྱེན་གཤེགས་སུ་གསོལ། །ཚུལ་ཁྲིམས་པདྨའི་རྫིངས་ནས་འཁྲུངས། ། བརྩོན་འགྲུས་ཆབ་ཀྱི་རྣམ་པར་འཕེལ། །སློབ་མ་བུམ་པའི་སྒྲ་འཛིན་པ། །ཐུབ་པ་དམ་པ་གཤེགས་སུ་གསོལ། །འཕགས་པའི་བདེན་བའི་གནས་བཅས་ཏེ། །བྱམས་དང་སྙིང་རྗེའི་སྤྱན་མངའ་ཞིང་། །བདག་མེད་པའི་སྒྲ་སྒྲོགས་པ། །རྒྱལ་བ་སེང་གེ་གཤེགས་སུ་གསོལ། །ཁྲིམས་ནི་རྩ་བ་ཆུང་བས་དྲན། །བྱུང་ཆུབ་ཡན་ལག་མེ་ཏོག་བརྒྱན། །རྣམ་གྲོལ་འབྲས་བུ་ཕུན་སུམ་ཚོགས། །རྒྱལ་བ་སྡོང་པ་གཤེགས་སུ་གསོལ། །ཤེས་རབ་རྒྱ་ཆེན་ཟབ་པ་པོ། །ཏིང་འཛིན་ཆབ་ནི་བཏང་ལྡན་ཞིང་། །རྣལ་འབྱོར་པ་ཡི་ཚོགས་པས་བལྟམས། །སྟོན་པ་རྒྱ་མཚོ་གཤེགས་སུ་གསོལ། །ཐུགས་རྗེས་དཀྱིལ་འཁོར་དཔལ་དང་ལྡན། །ཤེས་རབ་འོད་ཟེར་ལེགས་པས་བརྒྱན། །སློབ་མ་པདྨ་ཁ་འབྱེད་པ། །ཐུབ་པ་ཉི་མ་གཤེགས་སུ་གསོལ། །ཕས་ཀྱི་རྒོལ་བས་མི་སྐྱོད་ཅིང་། །རྣལ་འབྱོར་ལ་སོགས་ཚོགས་པ་ཅན། །སློབ་དང་མི་སློབ་རི་དགས་བལྟམ། །ཐུབ་པ་རི་བོ་གཤེགས་སུ་གསོལ། །སངས་རྒྱས་ཉན་ཐོས་འཁོར་རྣམ་དག །བདག་གིས་དེང་འདིར་སྤྱན་འདྲེན་གྱིས། །བདག་གི་རེ་བ་བསྐོང་པའི་ཕྱིར། །ཐམས་ཅད་མྱུར་དུ་གཤེགས་སུ་གསོལ། །ད་ལྟ་ཕྱོགས་བཅུའི་འཇིག་རྟེན་ན། །རྟག་ཏུ་བཞུགས་པའི་རྐང་གཉིས་གཙོ། །ཐུགས་བརྩེ་ཐུགས་རྗེ་ལྡན་པའི་ཐུགས། །བརྩེ་བས་བདག་ལ་དགོངས་སུ་གསོལ། །མྱ་ངན་མི་འདའ་ཐུགས་རྗེ་ཡི། །ཉོན་མོངས་མི་སྤོངས་དགོས་པ་མེད། །མ་ཆགས་རང་བཞིན་དག་པ་ནས། །པདྨའི་གདན་ལ་བཞུགས་སུ་གསོལ། །སངས་རྒྱས་ཐམས་ཅད་འདུས་པའི་གཙོ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་དེར། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །བདག་སོགས་སློབ་མ་མ་ལུས་པའི། །དུག་གསུམ་ནད་ཀྱི་གདུངས་པ་ལ། །དམ་ཆོས་བདུད་རྩིས་གསོ་མཛད་པ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྟག་ཏུ་ལྷ་དྲུག་བརྟེན་ལ་ཕྱག་འཚལ་ལོ། །དཔལ་ལྡན་དགེ་སློང་ཁྱེད་ལ་ཕྱག་འཚལ་ལོ། །མཁས་པ་ཆེན་པོ་ཁྱེད་ལ་ཕྱག་འཚལ་ལོ། །ཐུགས་ནི་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དབང་ཕྱུག་ཅན་ལ་ཕྱག་འཚལ་ལོ། །རྟག་ཏུ་དབྱིངས་ན་བཞུགས་ལ་ཕྱག་འཚལ་ལོ། །གཞན་གྱི་སྡུག་བསྔལ་གྱིས་གདུངས་སེལ་ལ་ཕྱག་འཚལ་ལོ། །མར་མེ་མཛད་པ་ཡེ་ཤེས་ཞབས་ལ་ཕྱག་འཚལ་ལོ། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབས་པ་བླ་མེད་དམ་ཆོས་རིན་པོ་རིན་པོ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །བླ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གང་དག་གིས་ནི་ཆོས་སྟོན་པ། །སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །གང་ལ་སངས་རྒྱས་གུས་མཛད་པ། །ཆོས་ལ་བདག་ནི་ཕྱག་འཚལ་ལོ། །གང་ལ་ཕུལ་བའི་དོན་ཆེ་བ། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ཅིར་ཡང་སྤྲུལ་བའི་སྐུ་ལ་ཕྱག་འཚལ་ལོ། །རྣམ་དག་ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་ལོ། །སྒྲུབ་པའི་འཕགས་ལམ་བརྒྱད་ལ་ཕྱག་འཚལ་ལོ། །བསྟན་པའི་གདུང་རབས་གུས་པར་ཕྱག་འཚལ་ལོ། །ངན་འགྲོ་རྣམས་བཟློག་བྱང་ཆུབ་སེམས་། །རྣམ་དག་དགྲ་བཅོམ་དགེ་ལ་སོགས། །རང་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །ངན་འགྲོ་རྣམས་ནི་བཟློག་བགྱིས་ཅིང་། །མཐོ་རིས་ལམ་ནི་རབ་སྟོན་ལ། །རྒ་ཤི་མེད་པར་འདྲེན་མཛད་པ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཉེས་པ་ཀུན་ལ་རྣམ་གྲོལ་ཞིང་། །ཡོན་ཏན་ཀུན་གྱིས་རྒྱན་པ་པོ། །སེམས་ཅན་ཀུན་གྱི་གཉེན་གཅིག་པོ། །ཐམས་ཅད་མཁྱེན་ལ་ཕྱག་འཚལ་ལོ། །འདུལ་དཀའ་མི་ཟད་སེམས་ནི་ཁྱེད་ཀྱིས་འདུལ། །གཡུལ་མ་དཔའ་བོ་གཡུལ་གྱི་དཔའ་བོ་བཞིན། །ཤིན་ཏུ་ཚར་བཅད་རང་གི་དབང་དུ་མཛད། །ཐུགས་འདུལ་མི་སྙེམས་ཁྱོད་ལ་ཕྱག་འཚལ་ལོ། །ཡོན་ཏན་རིན་ཆེན་མང་པོའི་ཚོགས་མངའ་ཞིང་། །མཚན་རབ་ཡེ་ཤེས་ཡོངས་སུ་དག་པའི་སྐུ། །གསེར་གྱིས་མདོག་ཅན་ལྷ་དང་མི་མཆོད་པ། །བཅོམ་ལྡན་ལྷའི་ལྷ་ལ་ཕྱག་འཚལ་ལོ། །སེམས་ཅན་རྣམས་ལ་བརྩེ་བ་ཅན། །འཕྲད་དང་བྲལ་བའི་དགོངས་པ་ཅན། །མི་འབྲལ་བའི་དགོངས་པ་ཅན། །ཕན་བདེ་དགོངས་པ་ཅན་ལ་ཕྱག་འཚལ་ལོ། །ལུས་ཅན་ཀུན་གྱི་ཁྱོད་མཐོང་ན། །སྐྱེས་བུ་མཆོག་ཏུ་རྟོགས་པར་འཚལ། །མཐོང་བ་ཙམ་གྱིས་དད་གྱུར་པའི། །མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །བླ་མེད་མི་འཇིགས་སྦྱིན་པ་ཁྱོད་ལ་ཕྱག་འཚལ་ལོ། །གཞན་ཕན་སེམས་ཅན་གཉེན་རྩ་ཁྱོད་ལ་ཕྱག་འཚལ་ལོ། །སྟོབས་བཅུ་བདེན་པའི་རྩལ་མངའ་ཁྱོད་ལ་ཕྱག་འཚལ་ལོ། །གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་འདི་ལ་གོམ་པ་བདུན་ཞུ་ནས། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །གང་ཚེ་ཐུབ་ཆེན་ཞི་བའི་གྲོང་བཞུད་དེ། །བཞུགས་ཀྱང་འཛམ་བུའི་གྲིབ་མས་མ་བཏང་ཞིང་། །ལྷ་བུ་གཞོན་ནུ་དྲུག་གིས་བཏུད་གྱུར་པ། དེ་ཚེ་མཆོད་འོས་ཁྱོད་ལ་ཕྱག་འཚལ་ལོ། །ད་ཡང་འདི་དང་ཁྱོད་ལ་ལན་གསུམ་དུ། །ཐུབ་པ་ཁྱོད་ཀྱི་ཞབས་ལ་མགོས་ཕྱག་འཚལ་ལོ། །ཐུགས་རྗེ་ཆེ་མངའ་ལྷ་ཡི་མཆོད་པའི་གཙོ། །ཁྱོད་འདྲ་འཇིག་རྟེན་མ་མཆིས་ལྷག་ཅི་སྨོས། །མཚན་ནི་དོན་འགྲུབ་ལགས་ཞེས་སྔོན་བརྗོད་པ། ཕ་དང་མ་ཡི་བསམ་སྟེ་བཏགས་པ་ལགས། ། ཁྱོད་ཀྱི་བསམ་རྫོགས་བདུད་རྩི་མཉེས་པ་ནི། །དོན་གྲུབ་ལགས་པར་བདག་གིས་ད་སྡོད་འཚལ། །རྣམ་དག་སྐུ་ལྔ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་བཀྲམ་ནས་ལྷམ་མེ་བ། །མགོན་པོ་མཆོག་ཁྱོད་ལ་ནི་སྐྱབས་སུ་མཆི། །རབ་ཏུ་ལམ་སྟོར་རྣམ་པར་མིག་ཟུམ་ལ། །ཁྱོད་ནི་འཇིག་རྟེན་སྒྲོན་མེ་ཉི་མ་འདྲ། །གཞན་གྱིས་མི་ཐུབ་སྲོག་ཆགས་རྩ་ལག་ཅིག །དེད་དཔོན་ཁྱོད་ཉིད་ལ་ནི་སྐྱབས་སུ་མཆི། །ཤིན་ཏུ་ཚོགས་པ་ཡེ་ཤེས་འབྱོར་བའི་མཛོད། །ནམ་མཁའ་རང་བཞིན་བཟོད་ནས་རྣམ་གྲོལ་ཐུགས། །ཐུགས་རྗེའི་བསམ་པ་ཡིད་འོང་འཇམ་པའི་གསུང་། །དོན་ཀུན་འགྲུབ་པ་ཁྱོད་ལ་ཕྱག་འཚལ་ལོ། །འཁོར་བའི་དགོན་པ་ལས་ནི་ཁྱོད་ཐར་མཛད། །ཚོགས་པ་ལས་ནི་རྒྱུ་དང་འབྲས་བུར་སྟོན། །བྱམས་པ་ལས་ནི་མཆོག་གི་གོ་ཆ་མཁྱེན། །ཐུགས་རྗེ་གནས་པའི་སྐྱབས་སུ་རབ་ཏུ་མཆི། སྒྱུ་མ་མིག་སྒྱུ་ཆུ་ཟླ་འདྲ་བ་ཡིས། །སྲིད་པ་ལས་ནི་ཡུལ་གྱི་གནས་ཀྱི་ཆགས། །མི་ཤེས་ནད་སེལ་འཇིག་རྟེན་གསུམ་གྱི་མགོན། །སྨན་པའི་རྒྱལ་པོ་ཁྱོད་ལ་སྐྱབས་སུ་མཆི། །ཆུ་བོ་བཞི་དབུས་ཟམ་པར་གྱུར་པ་ལ། །ནོར་བདུན་འཕགས་པའི་ཚུལ་གྱིས་རབ་གྲོལ་བའི། །ཡང་དག་ལམ་སྟོན་ལོ་ཀ་རྩ་ལགས་སོ། །ཐུགས་རྗེ་ལྡན་པ་ཁྱོད་ལ་འདི་མཆོད་དོ། །མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་པ་ཁྱོད་ལ་ཕྱག་འཚལ་ལོ། །རྒྱལ་བའི་དབུ་སྐྲ་འཇམ་མཛེས་སྣུམ་ཞིང་བཟང་། །ཁྱོད་ཀྱི་གཙུག་གཏོར་འདི་ནི་རི་རྒྱལ་བཞིན། །གཙུག་གཏོར་མི་མཐོང་ཁྱོད་དང་མཚུངས་མ་མཆིས། །ཐུབ་པ་ཁྱོད་ཀྱི་སྨིན་མཚམས་མཛོད་སྤུ་མཛེས། །ཀུན་ལ་ཟླ་བ་དུང་དཀར་དཀར། །ཐུགས་རྗེ་གང་གི་འགྲོ་བ་འདི་གཟིགས་ལ། །སྤྱན་མཆོག་བཟང་པོ་ཨུཏྤལ་སྔོན་པོ་འདྲ། །རྒྱལ་བ་དྲི་མེད་སྤྱན་ལ་ཕྱག་འཚལ་ལོ། །ལྗགས་ཡངས་སྲབ་ལ་ཟངས་ཀྱི་མདོག་འདྲ་བ། །དེ་ཡིས་རང་གི་ཞལ་གྱིས་གདོང་ཡང་ཁེབ། །ཆོས་གསུངས་པས་ནི་འགྲོ་བ་འདུལ་བར་བགྱིད། །འཇམ་རྩུབ་གསུང་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །ཚེམས་བཟང་ཤིན་ཏུ་བརྟན་པ་རྡོ་རྗེ་འདྲ། །བཅུ་དང་སུམ་ཅུ་སྙོམས་ཤིང་ཐགས་བཟང་པ། །འཛུམ་པ་མཛད་ནས་འགྲོ་བ་འདུལ་བར་མཛད། །བདེན་གཏམས་མཉམ་པ་ཁྱོད་ལ་ཕྱག་འཚལ་ལོ། །རྒྱལ་བ་ཁྱོད་ཀྱི་གཟུགས་དང་མཚུངས་མ་མཆིས། །འོད་ཀྱི་ཞིང་བརྒྱད་དག་དང་སྣང་བར་བགྱིད། །འཇིག་རྟེན་ན་ནི་ཚངས་དབང་སྐྱོང་དེ་དག །བཅོམ་ལྡན་ཁྱོད་ཉིད་འོད་ཀྱིས་ཟིལ་དུ་བརླག །ཨེ་མ་ཧོ། །བྱོན་པ་མཉམ་མེད་བཅོམ་ལྡན་འདས། །གླང་པོའི་རྒྱལ་པོ་རྨ་བྱ་སེང་གེའི་སྟབས། །བཅོམ་ལྡན་གཉའ་ཤིང་གང་དུ་གཟིགས་ཤིང་གཤེགས། །ས་དང་རི་དང་ངམ་པ་གཡོ་བར་མཛད། །བཅོམ་ལྡན་ཁྱོད་སྐུ་མཚན་གྱི་བརྒྱན་པ་དེ། །ཁྱོད་ཀྱི་ལྤགས་པ་འཇམ་ཞིང་གསེར་མདོག་འདྲ། །འགྲོ་བས་གཟུགས་འདི་ལྟ་བས་ངོམས་མི་འགྱུར། །ཁྱོད་ནི་མཚུངས་པ་མ་མཆིས་གཟུགས་དང་ལྡན། །ཁྱོད་སྔོན་སྐལ་པ་བརྒྱ་ནས་བཀའ་ཐུབ་སྤྱོད། །ཁྱོད་སྟོང་དུལ་དང་སྤྱིན་པ་ཀུན་ལ་དགྱེས། །སེམས་ཅན་ཀུན་ལ་ཐུགས་བརྩེ་བྱམས་ཐུགས་ལྡན། །མཆོག་ཏུ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །ཁྱོད་ནི་སྤྱིན་དང་ཚུལ་ཁྲིམས་རྟག་ཏུ་དགྱེས། །ཁྱོད་ནི་བཟོད་དང་བརྩོན་འགྲུས་དགྱེས་རབ་བརྟན། །ཁྱོད་ནི་བསམ་གཏན་ཤེས་རབ་འདི་གཟིགས་མངའ། །མཚུངས་མེད་ཡེ་ཤེས་ལྔ་ལ་ཕྱག་འཚལ་ལོ། །ཁྱོད་ནི་སྨྲ་བ་ངན་པའི་ཚོགས་ཅན་འཇོམས། །ཁྱོད་ནི་སེང་གེ་ལྟ་བུར་འཁོར་དུ་སྒྲོག །ཁྱོད་ནི་སྨན་པའི་རྒྱལ་པོ་སྲིད་གསུམ་སེལ། །མཆོག་དབང་མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །ཐུབ་པ་སྐུ་གསུང་ཐུགས་ནི་རྣམ་པར་དག །པདྨ་ཆུ་ལྟར་སྲིད་པ་གསུམ་མ་བགོས། །ཁྱོད་ནི་ཚངས་དབྱངས་ཀ་ལ་པིང་ཀའི་སྐད། སྲིད་གསུམ་གསོལ་གཤེགས་ཁྱོད་ལ་ཕྱག་འཚལ་ལོ། །ལྷ་དང་མི་དང་ཀླུས་མཆོད་བདེ་བར་གཤེགས། །ཡོན་ཏན་ཀུན་གྱི་མཐར་ཕྱིན་དེ་བསྟོད་ལས། །བསོད་ནམས་རྒྱ་ཆེན་གང་བསྒྲུབས་གྱུར་པ་དེས། །འགྲོ་བ་སངས་རྒྱས་གོ་འཕང་ཐོབ་པར་ཤོག །ཉི་མ་ལྟ་བུ་མ་རིག་མུན་པ་སེལ། །ཟླ་བ་ལྟ་བུར་ཉོན་མོངས་གདུངས་པ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་ལྷ། །བཻ་ཌུརྱའི་འོད་ལ་ཕྱག་འཚལ་ལོ། །ལྷ་མི་སྟོན་པ་སྨན་པའི་རྒྱལ་པོ་སྟེ། །བཅོམ་ལྡན་འཇིག་རྟེན་གསུམ་ན་སྐྱོབ་མཛད་ཅིང་། །དུག་གསུམ་ནད་དང་འདུས་པའི་ནད་སེལ་བ། །བཻཌུརྱའི་འོད་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་མཉེས་པ། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །འཇིག་རྟེན་གསུམ་མགོན་ཡོན་ཏན་ཕ་རོལ་ཕྱིན། །མཚོ་ལྟར་དཀར་ཡངས་མཛེས་པའི་སྐུ་དང་ལྡན། མཉམ་མེད་དེ་བཞིན་ཉིད་ཀྱི་སེང་གེའི་ཁྲི་ལ་བཞུགས། །བཅོམ་ལྡན་རྣམ་པར་སྣང་མཛད་དེ་ལ་ཕྱག་འཚལ་བསྟོད། །མདངས་ལྡན་ནོར་བུ་མཐོན་ཀ་ཆེན་པོ་ལྟར་འཕྲོ་ཞིང་། །འོད་ཀྱི་ཕྱོགས་རྣམས་མ་ལུས་སྣང་བར་མཛད་པ་པོ། །འཇིག་རྟེན་གསུམ་ན་རྨད་བྱུང་གླང་པོའི་གདན་ལ་བཞུགས། །སྙེམས་འབྲས་སངས་རྒྱས་མི་བསྐྱོད་དེ་ལ་ཕྱག་འཚལ་བསྟོད། །རིན་ཆེན་དབང་བསྐུར་འབྱོར་བ་འགྲོ་དོན་མཛད་ལ་མཁས། །བསོད་ནམས་ཚོགས་མངའ་ཤིན་ཏུ་རྡུལ་རྣམས་བྲལ་གྱུར་ཞིང་། །གསེར་གྱི་རྒྱ་མཚོ་ལྟ་བུ་རྟ འི་གདན་ལ་བཞུགས། །ཐུབ་པ་རིན་ཆེན་འབྱུང་ལྡན་དེ་ལ་ཕྱག་འཚལ་ལོ། །རྨ་བྱའི་རིགས་རྣམས་རྒྱ་ཡི་མཛེས་པར་སྣང་མཛད་ཅིང་། །འོད་ཀྱི་ཕྱོགས་བཅུར་ཁྱབ་པ་སྔོན་དགའ་པདྨ་ནི། །རང་དགའི་ངོ་བོ་ལྟ་བུར་རྨ་བྱའི་གདན་ལ་བཞུགས། །ཐུབ་པ་འོད་དཔག་མེད་ལ་ཕྱག་འཚལ་བསྟོད། །དམ་ཆོས་འོད་ཟེར་ཕྱོགས་ཀྱི་མུན་པ་སེལ་མཛད་ཅིང་། །འོད་ཀྱི་ནམ་མཁའ་སྣང་བའི་ཆ་ཀུན་རྣམ་པར་འགེངས། །བཻཌུརྱའི་མཚོ་ལྟར་མཁའ་ལྡིང་གདན་ལ་བཞུགས། །སངས་རྒྱས་དོན་ཡོད་གྲུབ་པ་དེ་ལ་ཕྱག་འཚལ་ལོ། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག༴ ཞིང་ཁམས་ཐམས་ཅད་གསེར་གྱི་ས་གཞི་ལ། །མེ་ཏོག་ཀུ་མུ་ཏའི་ཆར་རྒྱུན་འབབ། །ཡོན་ཏན་རིན་ཆེན་མང་པོས་བཅལ་དུ་བཀྲམ། །ཡུམ་གྱུར་དགེ་མ་ཁྱོད་ལ་ཕྱག་འཚལ་ལོ། །སྟོང་པ་བཅོ་བརྒྱད་ཆོས་ཀྱི་སྡོང་པོ་ལ། །ཕ་རོལ་ཕྱིན་བཅུ་མཛེས་པའི་རྒྱན་གྱིས་བརྒྱན། །ཚད་མེད་བཞིའི་ལོ་འདབ་རྒྱས་པ་ལ། །སྐྱེ་འགགས་མེད་པའི་འབྲས་བུ་སོ་སོར་སྨིན། །ས་བཅུ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །དམ་ཆོས་མདོ་སྡེ་འདུས་མ་བྱས། །དུས་གསུམ་རྒྱལ་བ་བསྐྱེད་པའི་ཡུམ། །མདོ་སྡེ་འདུལ་བ་མངོན་པ་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང་། སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་། གང་ལ་ཅི་འདུལ་དེ་ལ་དེར་སྟོན་པ། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །དོན་དམ་དབྱིངས་ནས་སྐྱེ་བ་གཅིག་པ་པོ། ཁམས་གསུམ་དག་ན་བཙུན་པ་སྤྱན་རས་གཟིགས། ཟླ་བ་ཉ་འདྲ་དྲི་མ་མེད་པའི་སྐུ། ཐུགས་རྗེ་རང་བཞི ན་ཅན་ལ་ཕྱག་འཚལ་ལོ། །སྤྱན་རས་གཟིགས་དབང་འཇིག་རྟེན་གསུམ་གྱི་མགོན། །འདས་པའི་དུས་ན་མངོན་པར་སངས་རྒྱས་ཀྱང་། ཐུགས་རྗེའི་དབང་གི་ས་བཅུའི་ཚུལ་སྟོན་པ། ཐབས་ཚུལ་དཔག་མེད་རིགས་ལ་ཕྱག་འཚལ་ལོ། །སྤྱན་རས་གཟིགས་དབང་རྒྱལ་བའི་གཙུག་གཏོར་ཅན། ཕྱག་གི་འཐིལ་ནས་ཐུགས་རྗེའི་ཆུ་འབེབས་པ། །ཡི་དྭགས་བསྐྲེས་བསྐོམ་སྡུག་བསྔལ་སེལ་མཛད་པའི། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །འཇིག་རྟེན་གསུམ་གྱིས་དཔག་བསམ་ཤིང་། །པདྨ་བསྣམས་ལ་ཕྱག་འཚལ་ལོ། །དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །དཔལ་གྱིས་འབྱུང་གནས་འཇམ་དཔལ་ཀུན་ཀྱི་དཔལ། །མཐའ་དག་བྱམས་པས་ཁྱབ་པས་འཇམ་པའི་དབྱངས། །འཇམ་དང་དཔལ་དུ་གྲགས་པས་དོན་དང་ལྡན། །འཇམ་དཔལ་ཡང་དག་དཔའ་ལ་ཕྱག་འཚལ་ལོ། །ལྕང་ལོ་ཅན་གྱིས་གནས་མཆོག་དམ་པ་ན། །གསང་སྔགས་རིགས་སྔགས་ཀུན་གྱིས་བདག་པོ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། །བཅོམ་ལྡན་རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །རིགས་པ་ལས་ཀྱི་དབྱིངས་ན་སྐྱེས། །རྟོག་མེད་སྤྲོས་བྲལ་བདེ་བ་ཆེ། །རྣམ་དག་དོན་དམ་བྱང་ཆུབ་སེམས། །སྒྲོལ་མ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །གཞོན་ནུ་མཚན་ལྡན་མཛེས་པའི་སྐུ། ཁ་དོག་མཆོག་ལྡན་བརྗིད་པའི་ཞལ། །མ་མོ་དཀྱིལ་འཁོར་དབྱིངས་ན་བཞུགས། །སྒྲོལ་མ་ལོངས་སྤྱོད་སྐུ་ལ་ཕྱག་འཚལ་ལོ། །ཐུགས་ཀྱི་གསང་བའི་དཀྱིལ་འཁོར་ནས། །སྣ་ཚོགས་ཕྱག་རྒྱའི་གཟུགས་འཕྲོ་ཞིང་། འགྲོ་དྲུག་སེམས་ཅན་སྒྲོལ་མཛད་ཡུམ། །སྒྲོལ་མ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །མི་གཡོ་ཤེས་བྱའི་ཁྲོ་བོ་ནི། །རལ་གྲི་ཞགས་པ་ལེགས་པར་བསྣམས། །སྤྱི་བོའི་ཟུར་ཕུད་གཡོན་དུ་འཕྱངས། །རང་གི་དཀྱིལ་འཁོར་འོད་ལ་བཞུགས། ། ཀླུ་ཆེན་ལ་སོགས་ཐམས་ཅད་ཀྱི། །རྒྱན་རྣམས་ཀུན་གྱིས་རབ་ཏུ་བརྒྱན། །བྱིས་བའི་གཟུགས་ཅན་ཁྲོ་བ་ཅན། །རྡོ་རྗེ་སྐུ་ལ་ཕྱག་འཚལ་ལོ། །སྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །དཔའ་བོའི་སྟངས་སྟབས་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱིས་གདངས་མིག་གིས། །བགེགས་དཔུང་བསྐྲགས་པར་མཛད་ལ་ཕྱག་འཚལ་ལོ། །གདུང་བའི་ཡེ་ཤེས་རོལ་པ་སྟོན་མཛད་ཅིང་། །སྡིག་བའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་ཅན་གཏན་ནས་འཇོམས་མཛད་པ། །སྦྲུལ་དུག་རྒྱན་གྱི་བརྒྱན་ལ་ཕྱག་ལ་འཚལ་ལོ། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྐུའི་ཆ་ལུགས་ཟ་བྱེད་རྔམ་བསྟབས་ཅན། །གསུང་གིས་ང་རོ་འབྲུག་སྒྲ་ལྔིར་བའི་སྒྲ། །མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་ལོ། །འཇིགས་པའི་ཧཱུཾ་སྒྲ་ངེས་པར་སྒྲོགས་མཛད་ཅིང་། །བགེགས་དཔུང་མ་ལུས་པར་ནི་བསྲེགས་མཛད་པ། །དངོས་གྲུབ་ཐམས་ཅད་སྩོལ་བར་མཛད་པའི་ལྷ། །ཁྲོ་ཆེན་མི་གཡོ་མགོན་ལ་ཕྱག་འཚལ་ལོ། །རྒྱལ་བའི་སྐུ་ལ་ཉོན་མོངས་མི་མངའ་ཡང་། །སེམས་ཅན་ཉོན་མོངས་བག་ཆགས་སྦྱང་སླད་དུ། །སྐུ་གསུང་ཐུགས་ལ་ཡོན་ཆབ་འདི་ཕུལ་བས། ཁམས་གསུམ་གནས་པའི་བག་ཆགས་དག་གྱུར་ཅིག །ཚུལ་ཁྲིམས་ལྡན་པའི་སྤོས་མཆོག་དམ་པ་འདིས། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ཏེ། །སངས་རྒྱས་ཞིང་དུ་སྤོས་དྲི་ངད་ལྡང་པའི། །རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་ཚིམ་གྱུར་ཅིག །དཀྱིལ་འཁོར་ཀུན་དུ་རྒྱལ་བ་མཉེས་མཛད་པའི། ཁ་དོག་དབྱིབས་ལེགས་ལྷ་རྫས་མེ་ཏོག་འདི། །ནམ་མཁའ་གང་བར་སེམས་གྱིས་དངོས་སྤྲུལ་ཏེ། །གཞལ་ཡས་ཁང་དུ་སྤྲིན་བཞིན་བསྟིབ་གྱུར་ཅིག །ཉོན་མོངས་དུག་བསྲེག་མ་ལུས་སེལ་མཛད་པའི། །ཤེས་རབ་གཟི་ལྡན་དཔལ་གྱི་སྒྲོན་མེ་འདི། །སྤྲིན་མེད་མཁའ་ལ་ཉི་ཤར་ཇི་བཞིན་དུ། །འོད་དེར་སྣང་བས་ཕྱོགས་བཅུར་གསལ་གྱུར་ཅིག །སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་གྱུར་པའི། །སྤོས་དང་ཙན་དན་སྦྱར་བའི་ཆུ་གཙང་རྒྱལ་བའི་ཁྲུས། །ཡེ་ཤེས་སྤྲིན་ཕུག་མཁའ་ལ་ཆར་བབས་པས། །འགྲོ་བའི་དོན་དུ་ལྷ་རྫས་བདུད་རྩི་ཤོས། །དག་ཅིང་གཙང་མར་སྦྱར་ཏེ་འབུལ་ལགས་ན། །ཡེ་ཤེས་ཐུགས་རྗེ་ཅན་གྱི་བཞེས་སུ་གསོལ། །དྲིལ་ཆེན་བསིལ་སྙན་རྣམ་གྲོལ་ཚངས་བའི་དབྱངས། །བསམ་དག་ངག་གི་བསྟོད་དེ་གུས་མཆོད་ནས། །ས་བཅུ་རིམ་ཀྱི་བསྒྲོད་ནས་སངས་རྒྱས་པར། །ཚོགས་གཉིས་རྫོགས་ནས་ཆོས་ཀྱི་རྒྱལ་པོར་ཤོག །ཡན་ལག་བརྒྱད་ལྡན་དྲི་མ་དག་པའི་ཆུས། །བཀྲ་ཤིས་སྣ་ཚོགས་འོ་མའི་ཆུ་རྒྱུན་འདི། །རྒྱལ་བའི་དྲུང་དུ་མཆོད་ཡོན་འདི་འབུལ་བས། །འགྲོ་ཀུན་ཞི་ཞིང་བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག །སྤོས་དང་ཙན་དན་ལ་སོགས་སྤྱར་བ་ཡིས། །ལས་ཀུན་དག་པའི་ཆུ་གཙང་དག་པ་འདི། །རྒྱལ་བའི་ཞབས་ལ་ཞབས་བསིལ་འདི་ཕུལ་བས། །འགྲོ་ཀུན་གློ་བུར་དྲི་མ་དག་པར་ཤོག །ལྷན་ཅིག་སྐྱེས་དང་སྦྱར་དང་ཡོངས་གྱུར་པའི། །རབ་ཏུ་ཚིམས་ལྡན་དགེ་བའི་གདུག་སྤོས་འདི། །རྒྱལ་བའི་ཤངས་ལ་དྲི་བསུང་འདི་འཕུལ་བས། །འགྲོ་ཀུན་ཚུལ་ཁྲིམས་རྣམ་པར་དག་གྱུར་ཅིག །ཆུ་སྐྱེས་ཐང་སྐྱེས་ཡིད་ལས་བྱུང་པ་ཡིས། །བྱང་ཆུབ་ཡན་ལག་མཛེས་པའི་མེ་ཏོག་འདི། །བསམ་གཏན་རང་བཞིན་རྒྱལ་བའི་དབུ་ལ་འབུལ། །འགྲོ་ཀུན་མཚན་དང་དཔེ་བྱད་ཡོངས་རྫོགས་ཤོག །དམར་གསལ་མཛེས་ལ་དངས་ཞིང་གསལ་བ་ཡི། །མི་ཤེས་མུན་པ་གསལ་བྱེད་སྒྲོན་མེ་འདི། །སྨོན་ལམ་རང་་བཞིན་རྒྱལ་བའི་སྤྱན་ལ་འབུལ། །འགྲོ་ཀུན་སྤྱན་ལྔ་རྣམ་པར་དག་གྱུར་ཅིག །ཙན་དན་གུར་གུམ་ལ་སོགས་སྦྱར་བ་ཡིས། །དྲི་ངན་རྣམས་སྤངས་དྲི་ཞིམ་བྱུག་པ་འདི། །ཐབས་ཀྱི་རང་བཞིན་རྒྱལ་བ་ཐུགས་ལ་འབུལ། །འགྲོ་ཀུན་ཟག་མེད་ཕུང་པོ་ལྔ་ཐོབ་ཤོག །ཁ་དོག་དྲི་དང་རོ་བཅུད་ལྡན་པའི་ཟས། །རོ་བརྒྱ་ལྡན་པའི་ཟས་སུ་བྱིན་བརླབས་ཏེ། །སྟོབས་ཀྱིས་རང་བཞིན་རྒྱལ་བའི་ཞལ་དུ་འབུལ། །འགྲོ་ཀུན་སྲེད་མེད་བུའི་སྟོབས་ཐོབ་ཤོག །དྲིལ་ཆེན་བསིལ་སྙན་རྣམ་གྲོལ་ཚངས་པའི་དབྱངས། །བསམ་དག་ངག་གི་བསྟོད་དེ་གུས་མཆོད་ནས། །ས་བཅུ་རིམས་ཀྱི་བསྒྲོད་དེ་སངས་རྒྱས་པར། །ཚོགས་གཉིས་རྫོགས་ནས་ཆོས་ཀྱི་རྒྱལ་པོར་ཤོག །ལུས་ཀྱི་ལས་ནི་རྣམ་གསུམ་དང་། ངག་གི་རྣམ་པ་བཞི་དག་དང་། །ཡིད་ཀྱི་རྣམ་པ་གསུམ་པོ་རྣམས། །དེ་དག་ཐམས་ཅད་བདག་བཤགས་སོ། །བདག་གིས་སྡིག་པའི་ལས་གང་དག །མི་འདོད་འབྲས་བུ་ཐོབ་བགྱིས་པ། །སངས་རྒྱས་སྤྱན་སྔར་མཆིས་ནས་ནི། །དེ་དག་ཐམས་ཅད་བཤགས་པར་བགྱི། སེམས་ཀྱི་དབང་དུ་གྱུར་པ་ནི། བདག་གི་སྡིག་པ་ཅི་བགྱིས་པ། །སངས་རྒྱས་སྤྱན་སྔར་མཆིས་ནས་བཤགས། །སངས་རྒྱས་སྐུ་གསུམ་མཉེས་པའི་བྱིན་བརླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་བརླབས་དང་། །དགེ་འདུན་མི་ཕྱེད་འདུས་པའི་བྱིན་བརླབས་དང་། །རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པའི་ནུས་མཐུ་དང་། བདག་གིས་དང་བའི་སྨོན་ལམ་བཏབ་པའི་མཐུས། །ཇི་ལྟར་བསམས་པ་བཞིན་དུ་འགྲུབ་པར་ཤོག །བདག་གིས་དེང་འདིར་སངས་རྒྱས་དང་། །ཆོས་དང་དགེ་འདུན་ལ་མཆོད་པས། །སངས་རྒྱས་ཆོས་དང་དགེ་འདུན་གསུམ། །རྟག་ཏུ་འཇིག་རྟེན་གནས་པར་ཤོག །ཁྱེད་ལ་མཆོད་པའི་བསོད་ནམས་གྱིས། །བདག་དང་མཐའ་ཡས་སེམས་ཅན་རྣམས། །ཁྱོད་འདྲར་ཡུན་རིངས་ཚོགས་བསགས་ཏེ། །ཡོན་ཏན་ཁྱེད་དང་མཉམ་པར་ཤོག །བདག་གི་འདི་དང་གཞན་དག་ཏུ། །བསོད་ནམས་གང་དག་གང་བགྱིས་པ། །བསོད་ནམས་དེ་ཡིས་མགོན་པོ་ཁྱོད། །རྟག་ཏུ་བདག་གི་མཐོང་པར་ཤོག །བདག་ཅག་འདི་ན་འཆི་འཕོ་སྐྱེ་བ་ན། །མི་དགེ་གཞན་དུ་དབང་དུ་མི་འགྱུར་ཞིང་། །ཚེ་ལ་ནད་ཀྱི་བར་ཆད་མེད་པ་དང་། །སྐྱེས་མ་ཐག་ཏུ་ཆོས་དང་ཕྲད་པར་ཤོག །གང་རྟེན་གང་ལ་བརྟེན་བཅས་ནས། །ཟག་ཟད་མཆོག་ལ་མཆོད་གྱུར་པ། དེ་འདྲ་བ་ཡི་གྲོགས་པོ་དང་། །རྟག་པར་རྒྱུན་དུ་འཕྲད་པར་ཤོག །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་སྒྲ་རྣམས་ཕམ་བྱས་སྟེ། །སྐྱེ་རྒས་ན་འཆིའི་རྦ་ཀློང་འཁྲུགས་པ་ལ། །སྲིད་པའི་མཚོ་ལས་འགྲོ་བ་མ་ལུས་འདོན་པར་ཤོག །དགེ་བ་འདི་ཡི་སྐྱེ་བོ་ཀུན། བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །བསོད་ནམས་ཡེ་ཤེས་ལས་བྱུང་བ། །དམ་པ་གཉིས་ནི་ཐོབ་པར་ཤོག །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡིད་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །བྱང་ཆུབ་སྤྱོད་པ་བདག་ནི་བདག་སྤྱོད་ཅིང་། །འགྲོ་བ་ཀུན་དུ་སྐྱེ་བ་དྲན་པར་ཤོག ། ཚེ་རབ་ཀུན་ཏུ་འཆི་འཕོ་སྐྱེ་བ་ན། །རྟག་ཏུ་བདག་ནི་རབ་ཏུ་འབྱུང་པར་ཤོག །རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། །ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པར། །རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག །འཇམ་དཔའ་དཔའ་བོའི་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། དགེ་བ་འདི་དག་ཐམས་ཅད་རབ་ཏུ་བ སྔོ། །དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱི། །བསྔོ་བ་གང་ལགས་མཆོག་ཏུ་སྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཡང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱིས། །བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་གསལ་ཏེ། །མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས། །བདེ་བ་ཅན་གྱིས་ཞིང་དེར་རབ་ཏུ་འགྲོ། །དེར་སོང་ནས་ནི་སྨོན་ལམ་འདི་དག་ཀྱང་། །ཐམས་ཅད་མ་ལུས་སྔོན་དུ་འགྲུབ་པར་ཤོག ། དེ་དག་མ་ལུས་བདག་གིས་ཡོངས་སུ་བསྐངས། །འཇིག་རྟེན་ཇི་སྲིད་སེམས་ཅན་ཕན་པར་བགྱི། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་བཞིན་དུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །དེར་ནི་བདག་གི་ལུང་བསྟན་རབ་ཐོབ་ནས། །སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡི། །བློའི་སྟོབས་ཀྱི་ཕྱོགས་བཅུ་རྣམས་སུ་ཡང་། །སེམས་ཅན་རྣམས་ལ་ཕན་པ་མང་བགྱིད་ཤོག །བཟང་པོ་སྤྱོད་པའི་སྨོན་ལམ་བཏབ་པ་ཡིས། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། དེས་ནི་འགྲོ་བའི་སྨོན་ལམ་དགེ་བ་རྣམས། སྐད་ཅིག་གཅིག་གིས་ཐམས་ཅད་འབྱོར་པར་ཤོག །གང་ཡང་བཟང་པོ་སྤྱོད་པའི་བསྔོ་བ་ཡིས། །བསོད་ནམས་དམ་པ་མཐའ་ཡས་ཐོབ་པ་དེས། །འགྲོ་བ་སྡུག་བསྔལ་ཆུ་བོར་བྱིང་བ་རྣམས། །འོད་དཔག་མེད་བའི་གནས་རབ་ཐོབ་པར་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །སྦྱིན་པའི་ཕ་རོལ་ཕྱིན་པ་ཕུན་སུམ་ཚོགས། །ཇི་ལྟར་བཅོ མ་ལྡན་སྦྱིན་པའི་ཕ་རོལ་ཕྱིན། །བདག་ཀྱང་རིང་པོར་མི་ཐོག་དེ་བཞིན་ཤོག ། ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །ཚུལ་ཁྲིམས་ཕ་རོལ་ཕྱིན་པ་ཕུན་སུམ་ཚོགས། །ཇི་ལྟར་བཅོམ་ལྡན་ཚུལ་ཁྲིམས་ཕ་རོལ་ཕྱིན། །བདག་ཀྱང་རིང་པོར་མི་ཐོགས་དེ་བཞིན་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །བཟོད་པའི་ཕ་རོལ་ཕྱིན་པ༴ །ཇི་ལྟར་བཅོམ་ལྡན་བཟོད་པའི་ཕ་རོལ་ཕྱིན། །བདག་ཀྱང་རིང་པོར་མི་ཐོགས་དེ་བཞིན་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །བརྩོན་འགྲུས་ཕ་རོལ་ཕྱིན་པ་ཕུན་སུམ་ཚོགས། །ཇི་ལྟར་བཅོམ་ལྡན་བརྩོན་འགྲུས་ཕ་རོལ་ཕྱིན། །བདག་ཀྱང་རིང་པོར་མི་ཐོག་དེ་བཞིན་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །བསམ་གཏན་ཕ་རོལ་ཕྱིན་པ་ཕུན་སུམ་ཚོགས། །ཇི་ལྟར་བཅོམ་ལྡན་བསམ་བསྟན་ཕ་རོལ་ཕྱིན། །བདག་ཀྱང་རིང་པོར་མི་ཐོགས་དེ་བཞིན་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །ཤེས་རབ་ཕ་རོལ་ཕྱིན་པ་ཕུན་སུམ་ཚོགས། །ཇི་ལྟར་བཅོམ་ལྡན་ཡེ་ཤེས་ཕ་རོལ་ཕྱིན། །བདག་ཀྱང་རིང་པོར་མི་ཐོགས་དེ་བཞིན་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །ཡེ་ཤེས་ཕ་རོལ་ཕྱིན་པ་ཕུན་སུམ་ཚོགས། །ཇི་ལྟར་བཅོམ་ལྡན་ཡེ་ཤེས་ཕ་རོལ་ཕྱིན། །བདག་ཀྱང་རིང་པོར་མི་ཐོགས་དེ་བཞིན་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །ཆོས་སྐུ་ཕ་རོལ་ཕྱིན་པ་ཕུན་སུམ་ཚོགས། །ཇི་ལྟར་བཅོམ་ལྡན་ཆོས་སྐུ་ཕ་རོལ་ཕྱིན། །བདག་ཀྱང་རིང་པོར་མི་ཐོགས་དེ་བཞིན་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །ལོངས་སྐུ་ཕ་རོལ་ཕྱིན་པ་ཕུན་སུམ་ཚོགས། །ཇི་ལྟར་བཅོམ་ལྡན་ལོངས་སྐུ་ཕ་རོལ་ཕྱིན། །བདག་ཀྱང་རིང་པོར་མི་ཐོགས་དེ་བཞིན་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །སྤྲུལ་སྐུ་ཕ་རོལ་ཕྱིན་པ་ཕུན་སུམ་ཚོགས། །ཇི་ལྟར་བཅོམ་ལྡན་སྤྲུལ་སྐུ་ཕ་རོལ་ཕྱིན། །བདག་ཀྱང་རིང་པོར་མི་ཐོགས་དེ་བཞིན་ཤོག །ནོར་གྱི་ནོར་མཆོག་དད་པའི་ནོར། །ནོར་གཞན་བྲལ་སྟེ་འགྲོ་འགྱུར་ན། །དད་པའི་ནོར་འདི་མདུན་ན་སྡོད། །ཉི་མ་དང་ནི་འོད་ཟེར་བཞིན། །དེ་དག་ཉིད་དང་ལྷན་ཅིག་ཏུ། །དད་པའི་ནོར་དང་མི་འབྲལ་ཤོག །ཚུལ་ཁྲིམས་གཏོང་པ་ཐོས་པའི་ནོར། །ངོ་ཚ་ཁྲེལ་ཡོད་ཤེས་རབ་ནོར། །བདེ་བར་གཤེགས་པ་ཐམས་ཅད་ལ། །ནོར་བུ་རིན་ཆེན་འདི་ཕུལ་པས། །བཀྲེས་དང་སྐོམ་པ་རྒྱུན་བཅད་ནས། །འབྱོར་པ་ཕུན་སུམ་ཚོགས་པར་ཤོག །བདེ་བར་གཤེགས་པ་ཐམས་ཅད་ལ། །བཙུན་མོ་རིན་ཆེན་འདི་ཕུལ་བས། །ཆོས་ཉིད་ཟབ་མོའི་དོན་རྟོགས་ནས། །ཐབས་དང་ཤེས་རབ་མི་འབྲལ་ཤོག །བདེ་བར་གཤེགས་པ་ཐམས་ཅད་ལ། །བློན་པོ་རིན་ཆེན་འདི་ཕུལ་བས། །ཕྱི་ནང་གསང་བའི་དོན་རྟོགས་ནས། །ཡོན་ཏན་ཐམས་ཅད་རྟོགས་པར་ཤོག །བདེ་བར་གཤེགས་པ་ཐམས་ཅད་ལ། །གླང་པོ་རིན་ཆེན་འདི་ཕུལ་བས། །ལྟས་ངན་རྟགས་པ་རབ་གསལ་སྟེ། །ཐམས་ཅད་མཁྱེན་འགྲོ་འགྲོ་བར་ཤོག ། བདེ་བར་གཤེགས་པ་ཐམས་ཅད་ལ། རྟ་མཆོག་རིན་ཆེན་འདི་ཕུལ་བས། །རྫུ་འཕྲུལ་མཆོག་གི་ཤུགས་ཐོབ་ནས། །སངས་རྒྱས་ཞིང་དུ་ཕྱིན་པར་ཤོག །བདེ་བར་གཤེགས་པ་ཐམས་ཅད་ལ། །དམག་དཔོན་རིན་ཆེན་འདི་ཕུལ་བས། །ཕས་ཀྱི་རྒོལ་བ་ཚར་བཅད་ནས། སྙེམས་དང་བྲལ་བའི་མཆོག་ཐོབ་ཤོག །ཤར་ཕྱོགས་མངོན་པར་དགའ་བའི་འཇིག་རྟེན་ན། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་བཞུགས། །རྡོ་རྗེ་རིགས་ཀྱི་འཁོར་དང་སྐྱིད། །བདག་ཀྱང་དེའི་སྐྱིད་དང་འདྲ་བར་ཤོག །ལྷོ་ཕྱོགས་མངོན་པར་དགའ་བའི་འཇིག་རྟེན་ན། །བཅོམ་ལྡན་རིན་ཆེན་འབྱུང་ལྡན་བཞུགས། །རིན་ཆེན་རིགས་ཀྱི་འཁོར་དང་སྐྱིད། །བདག་ཀྱང་དེའི་སྐྱིད་དང་འདྲ་བར་ཤོག །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ན། །བཅོམ་ལྡན་སྣང་བ་མཐའ་ཡས་བཞུགས། །པདྨ་རིགས་ཀྱི་འཁོར་དང་སྐྱིད། །བདག་ཀྱང་དེའི་སྐྱིད་དང་འདྲ་པར་ཤོག །བྱང་ཕྱོགས་མངོན་པར་དགའ་བའི་འཇིག་རྟེན་ན། །བཅོམ་ལྡན་དོན་ཡོད་གྲུབ་པ་བཞུགས། །ལས་ཀྱི་རིགས་ཀྱི་འཁོར་དང་སྐྱིད། །བདག་ཀྱང་དེའི་སྐྱིད་དང་འདྲ་བར་ཤོག །དབུས་ཕྱོགས་མངོན་པར་དགའ་བའི་འཇིག་རྟེན་ན། །བཅོམ་ལྡན་རྣམ་པར་སྣང་མཛད་བཞུགས། །གསང་བ་གསུམ་གྱི་འཁོར་དང་སྐྱིད། །བདག་ཀྱང་དེའི་སྐྱིད་དང་འདྲ་བར་ཤོག །དད་པ་ཅན་གྱི་བཏང་བའི་ནོར་མི་མཛད། །རྒྱ་མཚོ་ཆེ་ལས་བཅུས་པའི་ཆུ་མི་མཛད། །བདག་ཅག་སློང་བའི་བུ་ནི་ངོམས་པར་མཛོད། ། ཚེ་རིང་སྐལ་ལྡན་ཁྱེད་ལ་བསོད་སྙོམས་འདེབས། སློང་ན་ཆུང་ཡང་སྦྱིན་པར་བྱ། །སྙན་པར་སྨྲ་ཞིང་ཁྲོ་མི་བྱ། །འདི་གསུམ་ལྡན་པའི་གང་ཟག་ནི། ལྷ་རུ་སྐྱེ་བའི་རྒྱུ་ཡིན་ནོ། །གང་གི་དོན་དུ་སྦྱིན་པ་བཏང་། །དེའི་དོན་དུ་འགྱུར་བ་དེ། །བདེ་བའི་དོན་དུ་སྦྱིན་བཏང་ན། །དེ་ནི་བདེ་བར་འགྱུར་བ་ཡིན། །སངས་རྒྱས་གཙོ་ལ་སྟོན་མཆོག་མངའ་བ། །ཆེ་དགུས་མཆོད་ཅིང་སྨོན་ལམ་སྤྲིན་ཚོགས་འདུས། །གོང་མས་མཆོག་ཉེས་སྟོན་པས་ཆར་ཕབ་པའི། །བཀྲ་ཤིས་དམ་པ་དེས་འདིར་བདེ་ལེགས་ཤོག །སྐྱོབས་པའི་ཆོས་ལ་ལེགས་པའི་ཚོགས་མངའ་བ། །ཤིན་ཏུ་ཕན་དང་བདེ་དང་ངེས་གསུང་པ། །འཁོར་བ་རྟག་བདེ་མྱ་ངན་མེད་པ་ཡིས། །བཀྲ་ཤིས་དམ་པ་དེང་འདིར་བདེ་ལེགས་ཤོག །དགེ་ལ་མཐུ་རྩལ་སྨད་མངའ་བ། །སླབ་བཞི་ལེགས་སྤྱད་བཙོན་པའི་རྣལ་འབྱོར་པ། །བདག་གཞན་དོན་ཆེད་བསྒྲུབ་པའི་ལམ་བཞུགས་པ། །བཀྲ་ཤིས་དམ་པ་དེང་འདིར་བདེ་ལེགས་ཤོག །བསོད་ནམས་རི་བོ་བཞིན་དུ་བརྟེན་པ་དང་། །རྒྱུད་འཛིན་ཉི་ཟླ་བཞིན་དུ་གསལ་བ་དང་། །སྙན་པས་ནམ་མཁའ་བཞིན་དུ་ཁྱབ་པས་ཏེ། །གསུམ་པོ་དེས་ཀྱང་རྟག་ཏུ་བསྲུངས་གྱུར་ཅིག །བགེགས་རིགས་སྟོང་ཕྲག་རྒྱ་བཅུ་ཞི་བ་དང་། །མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང་། །འདོད་པ་བསྒྲུབས་ཅིང་ཕུན་སུམ་ཚོགས་གྱུར་པའི། །བཞི་པོ་དེས་ཀྱང་རྟག་ཏུ་བསྲུངས་གྱུར་ཅིག །ལོ་བརྒྱ་མཚོ་ཞིང་སྟོན་བརྒྱ་མཐོང་བ་དང་། །ཚེ་རིང་བ་དང་ལོངས་སྤྱོད་འཕེལ་བ་དང་། །ཐེག་པ་མཆོག་གིས་ངེས་པར་འབྱུང་འགྱུར་བ། །ལྔ་པོ་འདིས་ཀྱང་རྟག་ཏུ་བསྲུངས་གྱུར་ཅིག །སྦྱིན་པ་གཏང་ཞིང་ཚུལ་ཁྲིམས་བསྲུངས་བ་དང་། །བཟོད་པ་སྒོམ་ཞིང་བརྩོན་འགྲུས་རྩོམ་པ་དང་། །མཉམ་པར་འཇོག་ཅིང་ཤེས་རབ་བསྐྱེད་པ་དང་། །དྲུག་པོ་འདིས་ཀྱང་རྟག་ཏུ་བསྲུངས་གྱུར་ཅིག །རྒྱ་མཚོ་ལྟ་བུར་རྒལ་དཀའ་འཁོར་བའི་འདམ་ལས་རྒལ། །བསོད་ནམས་ཡེ་ཤེས་བསགས་དཀའི་ཚོགས་གཉིས་མ་ལུས་རྫོགས། །འགྲོ་བ་ཀུན་གྱི་གཉེན་གཅིག་གྱུར་པ་དེ་བཞིན་གཤེགས། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྐྱེ་འགགས་མེད་པ་རྟོགས་པའི་འཆི་བྱེད་མཐའ་དག་སྤངས། །མ་རིག་མུན་པ་སེལ་མཛད་སྟོང་ཉིད་སྒྲོལ་མའི་མཆ ོག །དམིགས་པ་སྣ་ཚོགས་སྤངས་པ་ལས་ཀྱི་བདེ་འགྲུབ་ཆོས། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རང་དོན་སྤངས་ཤིང་རྟག་ཏུ་ལྷུར་ལེན་པ། །འདོད་པའི་ཡོན་ཏན་ལྔ་ལ་ལྟ་བས་རྒྱང་སྲིངས་ཤིང་། །དད་པ་བརྩོན་འགྲུས་ལྷུར་ལེན་གྲོགས་མཆོག་བྱང་ཆུབ་སེམས། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རྙིང་མའི་དུས་འདིར་སྨོན་ལམ་དབང་གི་སྐུ་སྤྲུལ་ནས། །བདག་ཅག་ལྟ་བུའི་གདུལ་དཀའི་ཉོན་མོངས་བྱས་པ་ལས། །སྐུ་དང་གསུང་གིས་འདྲེན་མཛད་བཅོམ་ལྡན་ཤཱཀྱ་ཐུབ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །འགྲོ་བའི་མིག་རྒྱུ་ལྟ་བུའི་བཅོམ་ལྡན་ཤཱཀ་ཐུབ་འདས། །སེམས་ཅན་སྡུག་བསྔལ་སྐུལ་མ་སྐྱབས་པ་ལྟ་བུ་ཡིས། །དོན་ཕྱིར་ཕ་རོལ་ཕྱིན་དྲུག་མྱུར་གཤེགས་མི་འཕམ་མགོན། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །འདས་པའི་དུས་ན་སངས་རྒྱས་གྱུར་ཀྱང་བྱང་ཆུབ་སེམས། །སྡུག་བསྔལ་ལྡན་པ་ཀུན་ལ་མ་ལྟར་བྱམས་འགྱུར་ཞིང་། །སྐྱོབས་ཕྱིར་དམ་བཅས་ས་བཅུའི་ཚུལ་སྟོན་སྤྱན་རས་གཟིགས། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །མི་ཤེས་དབང་གིས་ལོག་རྟོག་མཐའ་དག་རབ་རྒྱས་པའི། །ཁམས་གསུམ་འཁོར་བའི་ཟོ་ཆུའི་རྒྱུན་ལྟར་རབ་འཁོར་བའི། །ཤེས་རབ་དམིགས་མེད་བདེ་བའི་གནས་འདིར་འཇམ་དཔལ་ལགས། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །འདུལ་བའི་དབང་གི་དྲག་པོའི་ཁྲོ་བོའི་སྐུར་སྟོན་པ། །ཁམས་གསུམ་བདུད་རྣམས་བདེ་དང་བཅས་པ་ཞི་ལ་དགོད། །ཐུགས་རྗེ་མི་གཡོ་ཕྱག་ན་རྡོ་རྗེ་མཐུ་སྟོབས་མཆོག །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རྣམ་པར་སྣང་མཛད་ཡེ་ཤེས་དམ་པ་མཚོ་ཆེན་ལྡན། །ཟླ་བ་ཉ་འདྲའི་སྐུ་མངའ་སྲིད་བའི་མཐར་ཕྱིན་པ། །དགོངས་པ་མཐའ་དག་རྫོགས་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དེང་འདིར་སྐྱེས་དགུ་རྣམ་པར་ཞི་བྱེད་ཤོག །མི་འཁྲུགས་རྒྱལ་པོ་སྲིད་དང་རྣམ་སྦྱོང་པ། །མགོན་པོ་ཡོན་ཏན་ཀུན་གྱི་བཀྲ་ཤིས་པ། །དགེ་མཉམ་བསམ་སེམས་ལྡན་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེས་དགུ་རྣམས་ལ་ཞི་བྱེད་ཤོག །སངས་རྒྱས་ཡོན་ཏན་རྒྱན་གྱིས་བརྒྱན་མཛད་ཅིང་། །ཡང་དག་བདེན་པའི་འབྱོར་བ་སྦྱིན་མཛད་མི་བསླུ་བའི། །རིན་ཆེན་འབྱུང་ཞེས་བྱ་བའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེས་དགུ་རྣམས་ལ་ཞི་བྱེད་ཤོག །བསམ་གཏན་ཏིང་འཛིན་དམ་པ་ཕ་རོལ་ཕྱིན་པའི་གནས། །ཡེ་ཤེས་པདྨའི་སྟེང་བཞུགས་དཔག་མེད་ཚེ་ལྡན་ཞིང་། །ཚེ་གྲངས་མེད་པར་བྱིན་གྱིས་རློབས་བའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེས་དགུ་རྣམས་ལ་ཞི་བྱེད་ཤོག །སེམས་ཅན་དོན་གྱི་ལས་ལ་ཐུགས་ཀྱིས་སྦྱོར་མཛད་ཅིང་། འགྲོ་བ་ཀུན་གྱི་འཆིང་བའི་བཅིངས་ལས་གྲོལ་འགྱུར་བ། །ཐུབ་མཆོག་དོན་ཡོད་གྲུབ་པའི་གང་ལགས་པ། །བཀྲ་ཤིས་དམ་པ་དེས་ནི་སྐྱེ་རྒུ་རྣམས་ལ་ཞི་བྱེད་ཤོག །དེ་བཞིན་གཤེགས་པ་ལྔའི་བདེན་པའི་བྱིན་བརླབས་ཀྱིས། །བཀྲ་ཤིས་བདེ་ལེགས་ཐམས་ཅད་འབྱུང་བར་ཤོག །བཅོམ་ལྡན་རྣམ་པར་གཟིགས་ནི་རྒྱལ་རིགས་གཟི་བརྗིད་ཅན། །ཚེ་ལོ་བརྒྱད་ཁྲིའི་དུས་ན་གྲོང་ཁྱེར་གཉེར་ལྡན་དུ། །པ་ཏ་ལའི་ཤིང་དྲུང་མངོན་པར་སངས་རྒྱས་བའི། །བཀྲ་ཤིས་ཕུན་སུམ་ཚོགས་པས་དེང་འདིར་བཀྲ་ཤིས་ཤོག །བདེ་གཤེགས་གཙུག་ཏོར་མངའ་བ་རྒྱལ་རིགས་རྫུ་འཕྲུལ་ཅན། །ཚེ་ལོ་བདུན་ཁྲིའི་དུས་ན་ཀ་ནའི་གྲོང་ཁྱེར་ན། །པུན་ཏ་རི་ཀའི་ཤིང་དྲུང་མངོན་པར་སངས་རྒྱས་བའི། །བཀྲ་ཤིས་ཕུན་སུམ་ཚོགས་པ་དེང་འདིར་བཀྲ་ཤིས་ཤོག །རྒྱལ་བ་ཐམས་ཅད་སྐྱོབ་པ་རྒྱལ་རིགས་བློ་གྲོས་ཅན། །ཚེ་ལོ་དྲུག་ཁྲིའི་དུས་ན་གྲོང་ཁྱེར་གཉན་ཡོད་དུ། །ཤིང་མཆོག་པ་ལའི་ཤིང་དྲུང་མངོན་པར་སངས་རྒྱས་པའི། །བཀྲ་ཤིས་ཕུན་ཚོགས་པ་དེང་འདིར་བཀྲ་ཤིས་ཤོག །ཐུབ་པ་འཁོར་བ་འཇིག་ནི་སྟོབས་ལྡན་བྲམ་ཟེའི་རིགས། །ཚེ་ལོ་བཞི་ཁྲིའི་དུས་ན་གྲོང་ཁྱེར་བདེ་ལྡན་དུ། །རི་ཤི་མའི་ཤིང་དྲུང་མངོན་པར་སངས་རྒྱས་པའི། །བཀྲ་ཤིས་ཕུན་སུམ་ཚོགས་པ་དེང་འདིར་བཀྲ་ཤིས་ཤོག །འདྲེན་པ་གསེར་ལྡན་བསླབ་པ་མཆོག་ལྡན་བྲམ་ཟེའི་རིགས། །ཚེ་ལོ་གསུམ་ཁྲིའི་དུས་ན་གྲོང་ཁྱེར་མཛེས་ལྡན་དུ། །ཨུ་དུམ་ཝ་རའི་ཤིང་དྲུང་མངོན་པར་སངས་རྒྱས་པའི། །བཀྲ་ཤིས་ཕུན་སུམ་ཚོགས་པས་དེང་འདིར་བཀྲ་ཤིས་ཤོག །སྐྱོབ་པ་འོད་བསྲུངས་རྒྱལ་རིགས་བླ་མེད་ཡོན་ཏན་ཅན། །ཚེ་ལོ་ཉི་ཁྲིའི་དུས་ན་བ་ར་ན་སི་རུ། ནྱ་གྲོ་དྷའི་ཤིང་དྲུང་མངོན་པར་སངས་རྒྱས་བའི། །བཀྲ་ཤིས་ཕུན་སུམ་ཚོགས་པའི་དེང་འདིར་བཀྲ་ཤིས ཤོག །འགྲོ་མགོན་ཤཱཀྱ་ཐུབ་ནི་རྒྱལ་རིགས་བརྩོན་འགྲུས་ཅན། །ཚེ་ལོ་བརྒྱ་པའི་དུས་ན་གྲོང་ཁྱེར་སེར་སྐྱ་རུ། །ཨ་ཤྭ་ཏའི་ཤིང་དྲུང་མངོན་པར་སངས་རྒྱས་བའི། །བཀྲ་ཤིས་ཕུན་སུམ་ཚོགས་པས་དེང་འདིར་བཀྲ་ཤིས་ཤོག །དམ་པ་ཏོག་དཀར་དགའ་ལྡན་ཕོ་བྲང་དུ། །མི་ཕམ་མགོན་ལ་རྒྱལ་ཚབ་དབང་བསྐུར་ཞིང་། །འཛམ་གླིང་ཉིད་དུ་གླང་ཆེན་ཐལ་དཀར་གཤེགས། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཟས་གཙང་སྲས། །བུད་མེད་གཡོ་སྒྱུ་སྤངས་བ་ལྷ་མཛེས་ཡུམ། །ལྷུམས་ནས་ཟླ་བཅུར་འགྲོ་ལྡན་ཤཱཀྱ་རིགས། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལུམ་རའི་ཚལ་ནི་ཉམས་དགའ་གླགས་ཤའི་ཤིང་། །ཡལ་ག་ནས་བཟུང་ཚངས་དང་བརྒྱ་སྦྱིན་འདུ། མཁའ་གཤེགས་ཕྱོགས་བཅུར་པདྨོ་འབྱུང་གྱུར་པ། བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །གཞལ་ཡས་ཁང་མཛེས་དྲང་སྲོང་མདུན་བཞག་ནས། མཚན་བལྟས་ཤིས་པར་བརྗོད་ཅིང་སྟོན་པ་འབྱུང་གྱུར་གང་། ཤཱཀ་རིགས་བུད་མེད་འཁོར་གྱི་ཀུན་དུ་བརྒྱན། བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །གཞོན་ནུའི་སྟོབས་ཀྱི་སྒྱུ་རྩལ་ཡིག་འཕོངས་བསླབ། །ཀུན་ལས་མཐར་ཕྱིན་ལྷ་མི་ཀུན་ལས་རྒྱལ། །ཤཱཀ་རིགས་འཇིག་རྟེན་གསལ་ཕྱིར་བཙུན་མོ་འཁོར། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཕོ་བྲང་ནས་བྱུང་སྐྱེ་རྒས་ན་འཆི་གཟིགས། མི་རྣམས་སྨིན་མཛད་ལྷ་ཡི་མཁའ་ལ་ནི། །སྲིད་གསུམ་རྒྱལ་ཕྱིར་དབུ་སྐྲ་མཐོན་འཐིང་བྲེགས། བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས༴ །ལྷ་ཡིས་རྫུ་འཕྲུལ་སླངས་ནས་ངུར་སྨྲིག་ཕུལ། །ནེ་ར་ཛ་རར་ཐུབ་པས་དཀའ་ཐུབ་རྫོགས། །བསམ་གཏན་ནས་བཞེངས་འོ་ཐུག་བཞེས། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །པདྨ་ལ་སོགས་ཁྱུ་མཆོག་ཤིང་དྲུང་དུ། །སྐྱིལ་དཀྲུང་མི་མཆོག་བདུད་བརྟུལ་ནས། །ཐོ་རངས་བདུད་རྩི་འཆི་མེད་ཕུན་སུམ་ཚོགས། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བ་ར་ན་སིར་ཆོས་ཀྱི་འཁོར་ལོ་བསྐོར། །ཀུན་མཁྱེན་ལྔ་སྡེ་བཟང་ལ་བདེན་བཞི་བསྟན། །ལྷ་མི་མི་མིན་རྣམས་ཀྱང་འདུ་གྱུར་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ང་རྒྱལ་མུ་སྟེགས་སྟོན་པ་དྲུག་བཏུལ་པ། །གླང་ཆེན་རབ་མྱོས་རྦད་པས་ལྷས་སྦྱིན་བཏུལ། །དྲང་སྲོང་སྤྲེ་རྒྱལ་ལྕང་ཤེས་སྦྲང་རྩི་མཆོག །བཀྲ་ཤིས༴ པདྨོ་གཞོན་ནུ་ལྟ་བུ་ཤཱཀྱའི་རིགས། །ཟས་གཙང་སྲས་ཀྱི་རྒྱལ་རིགས་འཁོར་ལོ་བསྒྱུར། །སྐུ་བལྟམས་ནས་བཟུང་མཛད་པ་མ་ལུས་རྫོགས། བཀྲ་ཤིས༴ བྱམས་བའི་སྟོབས་ཀྱིས་འགྲོ་བ་མ་ལུས་སྒྲོལ། །སེམས་ཅན་ཐམས་ཅད་ཞི་བའི་ལམ་ལ་དགོད། །གྲོང་ཁྱེར་རྩྭ་མཆོག་དམ་པར་དགོངས་པ་རྫོགས། །བཀྲ་ཤིས༴ གསང་བདག་ཐུགས་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར་བྲི་དང་མཆོད་པ་བཤམ། ལྷ་བསྐྱེད་པ་དང་སྤྱན་དྲངས་དང་། མཆོད་པ་འབུལ་རིམ་པ་རྒྱས་པར་སྦྱར། །བསྟོད་པ་དོན་ནི་འདི་ལྟ་སྟེ། ཕོ་བྲང་དབུས་ཀྱི་གཞལ་ཡས་སུ། །རྣམ་དག་པདྨའི་ལྟེ་བ་ལ། །མི་འཇིགས་བརྒྱད་བསྒོམ་རིན་ཆེན་ཁྲི། །ཉི་ཟླ་པདྨའི་གདན་སྟེངས་སུ། །ཐུགས་མཆོག་རྡོ་རྗེ་སེམས་དཔའ་ནི། །སྐུ་མདོག་སྔོན་པོ་ནམ་མཁའི་འོད། །ས་གནོན་ཆེན་པོའི་ཕྱག་རྒྱ་ཅན། །མཚན་དང་དཔེ་བྱད་བརྒྱན་སྤྲས་ལ། །ཕྱག་འཚལ་བསྙེན་བསྐུར་མཆོད་པ་འབུལ། །ཤར་ཕྱོགས་སངས་རྒྱས་དགའ་བའི་སྦྱན། སྐུ་མདོག་དཀར་པོ་འོད་ཟེར་འཕྲོ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན །ཕྱག་འཚལ་བསྙེན་བསྐུར་མཆོད་པ་འབུལ། །ལྷོ་ཕྱོགས་ཡོངས་སུ་དགོངས་བའི་རྒྱལ། །སྐུ་མདོག་སྔོན་པོ་འོད་ཟེར་འཕྲོ། །མཆོད་སྦྱིན་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །ནུབ་ཕྱོགས་གསེར་གྱི་འོད་ཟེར་ནི། །སྐུ་མདོག་དམར་པོ་འོད་ཟེར་འཕྲོ། །ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །བྱང་ཕྱོགས་སངས་རྒྱས་འོད་ཀྱི་དཔལ། །སྐུ་མདོག་ལྗང་ལ་འོད་ཟེར་འཕྲོ། །སྐྱབས་སྦྱིན་ཆེན་པའི་ཕྱག་རྒྱ་ཅན། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །ཤར་ལྷོ་ཞི་བའི་དབང་པོ་ནི། །སྐུ་མདོག་སྔོ་སྐྱ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །ཕྱག་འཚལ་བསྙེན་བསྐུར་མཆོད་པ་འབུལ། །ལྷོ་ནུབ་སངས་རྒྱས་མེ་ལོང་འོད། །སྐུ་མདོག་དཀར་ལྗང་འོད་ཟེར་འཕྲོ། །སྐྱབས་སྦྱིན་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་བསྙེན་བསྐུར་མཆོད་པ་འབུལ། །ནུབ་བྱང་སངས་རྒྱས་ཡིད་འོང་དབྱངས། །སྐུ་མདོག་དམར་ལྗང་འོད་ཟེར་འཕྲོ། །ཏིང་ངེ་འཛིན་གྱ་ིཕྱག་རྒྱ་ཅན། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །བྱང་ཤར་སངས་རྒྱ་མེ་ལོང་འོད། །སྐུ་མདོག་དཀར་ལྗང་འོད་ཟེར་འཕྲོ། །སྐྱབས་སྦྱིན་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་བསྙེན་བསྐུར་མཆོད་པ་འབུལ། །དེ་དག་ནི་པད་མ་འདབ་བརྒྱད་ལྟེ་བ་བཅས་པའི་དབུས་ཀྱི་ལྷ་ཚོགས་རྣམས་ལ་བསྟོད་ཅིང་མཆོད་པ་འབུལ་བའི་ཆོ་གའི་ལས་རིམས་སོ། །དེ་ནས་འདིའི་ཕྱི་རིམ་ལ་འཁོར་ལོ་རྩིབས་དྲུག་ཏུ་བྱས་པའི། །བྱང་ཤར་གྱི་རྩིབས་དྲུག་ཏུ་བྱས་པའི། །ཐུབ་པ་ཆེན་པོ་ཉིད་ཀྱི་གཙོ་བྱས་པའི་གཙོ་འཁོར་དགུ་ལ་མཆོད་པ་འབུལ་བའི་ལས་རིམ་ནི། །ཧཱུཾ་འཁོར་ལོ་རྩིབས་དྲུག་བྱང་ཤར་གྱིས། །དབུས་ཀྱི་པདྨའི་ལྟེ་བ་ལ། །རིན་ཆེན་ཁྲི་རྐང་མི་འཇིགས་བརྒྱད། །ཉི་ཟླ་པདྨའི་གདན་སྟེངས་སུ། བཅོམ་ལྡན་ཐུབ་པ་ཆེན་པོ་ནི། །སྐུ་མདོག་གཙོ་མོ་གསེར་གྱི་མདོག །ཕྱག་གཡས་ས་གནོན་ཆེན་པོའི་རྒྱ། །གཡོན་པ་མཉམ་བཞག་ཏིང་འཛིན་ལྡན། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ཤར་ན་ཡུམ་ཆེན་གསེར་གྱི་མདོག །རྡོ་རྗེ་སྐྱིལ་དཀྲུང་ཕྱག་བཞི་ཡི། །དང་པོ་མཉམ་བཞག་ཕྱག་རྒྱ་ཅན། །གཡས་ཀྱི་འོག་མ་ཆོས་འཆད་བརྒྱད། །གཡོན་པ་གླེགས་བམ་པོ་ཏི་བསྣམས། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ཤར་ལྷོ་མཚམས་ན་ལྷའི་ཐུབ། །སྲིད་ཐུབ་འཛིན་ཞེས་མཚན་དུ་གྲགས། །འཐིང་ཁ་གོ་མཚོན་ཕྱག་ན་བསྣམས། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ལྷོ་ན་སངས་རྒྱས་དུ་འཛིན་འཛིན། །གསེར་གྱི་མདོག་ཅན་མཉམ་བཞག་རྒྱ། །སངས་རྒྱས་འགྲོ་ལ་དམ་ཚིག་སྟོན། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ལྷོ་ནུབ་མཚམས་ན་ཡིད་དྭགས་ཐུབ། །རྣམ་པར་སྣང་བྱེད་མཚན་དུ་གྲགས། །དམར་ནག་ཕྱག་ན་སྒྲོམ་བུ་བསྣམས། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །ནུབ་ན་ཤ་རའི་བུ་ཞེས་པ། སྐུ་མདོག་གསེར་ལྡན་དཀའ་ཐུབ་གཟུགས། །ཕྱག་ན་མཁར་བསིལ་ལྷུང་བཟེད་བསྣམས། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ནུབ་བྱང་མཚམས་ན་བྱོལ་སོང་ཐུབ། །རྣམ་པར་ནོན་ཞེས་མཚན་དུ་གྲགས། །སེར་ནག་ཕྱག་ན་པོ་ཏི་བསྣམས། དེ་ལ་ཕྱག་འཚལ་མཆོད་པར་འབུལ། །བྱང་གི་ཕྱོགས་ན་ལྷ་མིན་ཐུབ། །རྣམ་པར་རྒྱལ་ཞེས་མཚན་དུ་གྲགས། །འཐིང་ཁ་ཕྱག་ན་པདྨ་བསྣམས། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །བྱང་ཤར་མཚམས་ན་དམྱལ་བའི་ཐུབ། །རྣམ་པར་རྒྱལ་ཞེས་མཚན་དུ་གྲགས། །དུད་ཁ་ཕྱག་ན་མེ་ཆུ་བསྣམས། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །དེ་ནས་འོག་གཞི་འཁོར་ལོ་རྩིབས་དྲུག་དུ་ཡོད་པའི་དབང་གིས། །རྩིབས་ཤར་ལྷོར་བྱང་ཆུབ་ཡང་འཕྲིན་ལས་སུ་བརྗོད་པའི་ཚིག་འདི་སྐད་དོ། །ཧཱུཾ་ཤར་ལྷོའི་འཁོར་ལོ་རྩིབས་དྲུག་གི ། དབུས་ཀྱི་པདྨའི་ལྟེ་བ་ལ། །རིན་ཆེན་ཁྲི་རྐང་གླང་ཆེན་བརྒྱད། །ཉི་ཟླ་པདྨའི་གདན་སྟེངས་སུ། །སྐུ་མཆོག་རྣམ་པར་སྣང་མཛད་ནི། །སྐུ་མདོག་དཀར་པོའི་གངས་རིའི་མདོག །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ཤར་ཕྱོགས་སངས་རྒྱས་ཟླ་འོད་དཔལ། །སྐུ་མདོག་དཀར་པོ་འོད་ཟེར་འཕྲོ། །ས་གནོན་ཆེན་པོའི་ཕྱག་རྒྱ་ཅན། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ལྷོ་ཕྱོགས་སངས་རྒྱས་ཉི་སྙིང་དཔལ། །སྐུ་མདོག་སེར་པོ་གསེར་གྱི་མདོག །མཆོད་སྦྱིན་ཆེན་པོའི་ཕྱག་རྒྱ་ཅན། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །ནུབ་ཕྱོགས་སངས་རྒྱས་སྤོས་ཀྱི་རྒྱལ། །སྐུ་མདོག་དམར་པོ་འོད་ཟེར་འཕྲོ། །ཏིང་ངེ་འཛིན་གྱི་ཕྱག་རྒྱ་ལྡན། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །བྱང་ཕྱོགས་སངས་རྒྱས་མངོན་སྤྲོའི་རྒྱལ། །སྐུ་མདོག་ལྗང་ཁུ་འོད་ཟེར་འཕྲོ། །འགྲོ་ལ་སྐྱབས་སྦྱིན་ཕྱག་རྒྱ་ཅན། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ཤར་ལྷོ་མཚམས་ན་རིན་ཆེན་རྒྱལ། །སྐུ་མདོག་དཀར་གསེར་འོད་ཟེར་འཕྲོ། །ས་ནོན་ཆེན་པོའི་ཕྱག་རྒྱ་ཅན། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །ལྷོ་ནུབ་མཚམས་ན་འོད་ཟེར་དཔལ། །སྐུ་མདོག་སེར་སྐྱ་འོད་ཟེར་འཕྲོ། །འགྲོ་ལ་ཆོས་སྦྱིན་ཕྱག་རྒྱ་མཛད། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ནུབ་བྱང་མཚམས་ན་དཀའ་ཐུབ་རྒྱལ། །སྐུ་མདོག་དམར་སྐྱ་འོད་ཟེར་འཕྲོ། །ཏིང་འཛིན་མཉམ་བཞག་ཕྱག་རྒྱ་ཅན། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །བྱང་ཤར་མཚམས་སུ་གཙུག་ཏོར་སྙིང་། །སྐུ་མདོག་དཀར་ལྗང་འོད་ཟེར་འཕྲོ། །འགྲོ་ལ་སྐྱབས་སྦྱིན་ཕྱག་རྒྱ་ཅན། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ལྷོ་ཕྱོགས་རྩིབས་ཀྱི་དྲང་པོ་ལ། རིན་འབྱུང་གཙོ་འཁོར་བསྐྱེད་པའི་ཆོ་ག་ནི། ཧཱུཾ་འཁོར་ལོ་རྩིབས་དྲུག་ལྷོ་ཕྱོགས་ཀྱི། །དབུས་ཀྱི་པདྨའི་ལྟེ་བ་ལ། །རིན་ཆེན་ཁྲི་རྐང་རྟ་མཆོག་ཁྲི། །ཉི་ཟླ་པདྨའི་གདན་སྟེངས་སུ། །ཡོན་ཏན་རིན་ཆེན་འབྱུང་གནས་ནི། །གཙོ་མོ་གསེར་གྱིས་མདོག་དང་ལྡན། །མཆོད་སྦྱིན་ཆེན་པོའི་ཕྱག་རྒྱ་ཅན། དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ཤར་ཕྱོགས་སངས་རྒྱས་གསེར་འོད་འཕྲོ། །སྐུ་མདོག་ཤེལ་གྱི་མདོག་ལྟར་དཀར། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ལྷོ་ཕྱོགས་སངས་རྒྱས་བཀོད་པའི་རྒྱལ། །སྐུ་མདོག་སེར་པོ་གཟི་བརྗིད་ཅན། །ས་གནོན་ཕྱག་རྒྱས་བདུད་དཔུང་འཇོམས། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ནུབ་ཕྱོགས་སངས་རྒྱས་གསེར་གྱིས་གཟུགས། །སྐུ་མདོག་པདྨ་ར་ག་ལ། །ཏིང་ངེ་འཛིན་གྱི་ཕྱག་རྒྱ་ལྡན། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །བྱང་ཕྱོགས་སངས་རྒྱས་དཔལ་གྱི་རྒྱལ། །སྐུ་མདོག་ཨུན་ཏྲ་ནི་ལའི་འོད། །འགྲོ་བ་སྐྱབས་སྦྱིན་ཕྱག་རྒྱ་མཛད། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ཤར་ལྷོ་སངས་རྒྱས་སྣང་བ་བརྩེགས། །སྐུ་མདོག་དཀར་གསེར་མདངས་དང་ལྡན། །བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ལྷོ་ནུབ་སངས་རྒྱས་མྱ་ངན་མེད། །སྐུ་མདོག་དམར་གསེར་འོད་ཟེར་འཕྲོ། །ས་གནོན་ཆེན་པོའི་ཕྱག་རྒྱ་ཅན། །དེ་ལ་ཕྱག་འཚལ༴ ནུབ་བྱང་སངས་རྒྱས་དགའ་བའི་དཔལ། །སྐུ་མདོག་དམར་ལྗང་འོད་དང་ལྡན། །ཏིང་འཛིན་མཉམ་བཞག་ཕྱག་རྒྱ་ཅན། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །བྱང་ཤར་སངས་རྒྱས་གཟི་བརྗིད་དཔལ། །སྐུ་མདོག་དཀར་ལྗང་འོད་དང་ལྡན། །སྐྱབས་སྦྱིན་ཆེན་པོའི་ཕྱག་རྒྱ་མཛད། །དེ་ལ་ཕྱག་འཚལ་མཆོད་པ་འབུལ་། །དེ་ནས་ལྷོ་ནུབ་མཚམས་ཀྱི་རྩིབས་ལ། །ཡང་ཐུབ་པ་ཆེན་པོ་ཉིད་ཀྱིས་གཙོ་བྱས་བའི། །ལྷ་ཚོགས་དགུ་བསྐྱེད་བའི་ཆོ་ག་ལས་རིམས་ནི། ཧཱུཾ་འཁོར་ལོ་རྩིབ་དྲུག་ལྷོ་ནུབ་ཀྱི། །དབུས་ཀྱི་པདྨའི་ལྟེ་བ་ལ། །མི་འཇིགས་བརྒྱད་བསྣོལ་རིན་ཆེན་ཁྲི། །ཉི་ཟླ་པདྨའི་གདན་སྟེངས་ན། །བཅོམ་ལྡན་ཤཱཀྱ་ཐུབ་པ་ཆེ། །གསེར་གྱིས་མདོག་ཅན་སངས་རྒྱས་གཙོ། །ཕྱག་གཡས་ས་གནོན་གཡོན་མཉམ་བཞག །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ཤར་ཕྱོགས་སངས་རྒྱས་དྲི་མེད་སྒྲ། །སྐུ་མདོག་གངས་རི་ལྟ་བུ་ལ། །བྱང་ཆུབ་མཆོག་གི་ཕྱག་རྒྱར་ལྡན། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ལྷོ་ཕྱོགས་སངས་རྒྱས་དཀོན་མཆོག་སྦྲིན། །སྐུ་མདོག་སྔོན་པོ་ཨུཏྤལ་མདོག །མཆོད་སྦྱིན་ཆེན་པོའི་ཕྱག་རྒྱ་ཅན། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ནུབ་ཕྱོགས་ཡོན་ཏན་འབྱུང་གནས་ནི། །སྐུ་མདོག་དམར་པོ་བྱི་རུའི་མདོག །ཏིང་ངེ་འཛིན་གྱིས་ཕྱག་རྒྱ་བཅས། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །བྱང་ཕྱོགས་སངས་རྒྱས་སེང་གེའི་སྒྲ། །སྐུ་མདོག་ལྗང་སེར་འོད་ཟེར་འཕྲོ། འགྲོ་ལ་སྐྱབས་སྦྱིན་ཕྱག་རྒྱ་བཅས། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ཤར་ལྷོ་མཛེས་པའི་མེ་ཏོག་ནི། །སྐུ་མདོག་དཀར་སེར་འོད་ཟེར་འཕྲོ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅས། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ལྷོ་ནུབ་སངས་རྒྱས་གཟི་བརྗིད་དཔལ། །སྐུ་མདོག་དམར་སེར་འོད་དང་ལྡན། །མཆོད་སྦྱིན་ཆེན་པོ་ཕྱག་རྒྱ་བཅས། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ནུབ་བྱང་ཙན་དན་དྲི་མེད་དཔལ། །སྐུ་མདོག་དམར་ལྗང་མདངས་དང་ལྡན། །ཏིང་ངེ་འཛིན་གྱི་ཕྱག་རྒྱ་བཅས། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། བྱང་ཤར་སངས་རྒྱས་སྙིང་རྗེའི་རྒྱལ། །སྐུ་མདོག་དཀར་ལྗང་འོད་ཟེར་ལྡན། །འགྲོ་ལ་སྐྱབས་སྦྱིན་ཕྱག་རྒྱ་བཅས། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། དེ་ནས་རྩིབས་དྲུག་གི་ནུབ་བྱང་གི་རྩིབས་ལ། །འཁོར་ལོ་དྲུག་དུ་སོང་བའི་སྟོབས་ཀྱིས་སྣང་བ་མཐའ་ཡས་གཙོ་འཁོར་དགོད་པའི་ཆོ་གའི་ལས་རིམས་ནི་ཚིག་འདི་སྐད་དོ། །ཧཱུཾ་འཁོར་ལོ་རྩིབས་དྲུག་ནུབ་བྱང་གི། །དབུས་ཀྱི་པདྨའི་ལྟེ་བ་ལ། །རིན་ཆེན་ཁྲི་རྐང་རྨ་བྱའི་ཁྲི། །ཉི་ཟླ་པདྨའི་གདན་སྟེངས་སུ། །གསུང་མཆོག་སྣང་བ་མཐའ་ཡས་ནི། །སྐུ་མདོག་དམར་པོ་བྱི་རུའི་མདོག །མཉམ་བཞག་ཏིང་འཛིན་ཕྱག་རྒྱ་ཅན། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །ཤར་ཕྱོགས་སངས་རྒྱས་ངེས་པར་གཤེགས། །སྐུ་མདོག་དུང་ལྟར་དཀར་ཞིང་མཚེར། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །ལྷོ་ཕྱོགས་སངས་རྒྱས་ངེས་པར་གསུངས། །སྐུ་མདོག་སྔོན་པོ་ནམ་མཁའི་འོད། །འགྲོ་ལ་ཆོས་སྦྱིན་ཕྱག་རྒྱ་སྟོན། །དེ་ལ་ཕྱག་འཚལ་མཆོད༴ ནུབ་ཕྱོགས་སངས་རྒྱས་རྡལ་པ་ཆེ། །སྐུ་མདོག་དམར་པོ་མདངས་དང་ལྡན། །ས་གནོན་ཆེན་པོའི་ཕྱག་རྒྱ་མཛད། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །བྱང་ཕྱོགས་སངས་རྒྱས་མེ་ཏོག་དབྱངས། །སྐུ་མདོག་ལྗང་ལ་འོད་ཟེར་ལྡན། །སྐྱབས་སྦྱིན་ཆེན་པོའི་ཕྱག་རྒྱ་སྟོན། །དེ་ལ་ཕྱག་འཚལ༴ །ཤར་ལྷོ་སངས་རྒྱས་གྲགས་པའི་དཔལ། །སྐུ་མདོག་དམར་སྐྱ་འོད་ཟེར་འཕྲོ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་སྟོན། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །ལྷོ་ནུབ་སངས་རྒྱས་སྤྲུལ་བའི་རྒྱལ། །སྐུ་མདོག་པདྨ་ར་གའི་མདངས། །འགྲོ་ལ་ཆོས་ཀྱི་ཕྱག་རྒྱ་སྟོན། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །ནུབ་བྱང་སྒྲ་དབྱངས་མི་ཟད་པ། །སྐུ་མདོག་དམར་ལྗང་འོད་ཟེར་འཕྲོ། །ས་གནོན་ཆེན་པོའི་ཕྱག་རྒྱ་མཛད། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །བྱང་ཤར་སངས་རྒྱས་སྨན་པའི་རྒྱལ། །སྐུ་མདོག་དཀར་ལྗང་འོད་ཟེར་འཕྲོ། །འགྲོ་ལ་སྐྱབས་སྦྱིན་ཕྱག་རྒྱ་སྟོན། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །བྱང་ཕྱོགས་ཀྱི་རྩིབས་དྲང་པོ་ལ། འཕྲིན་ལས་དོན་ཡོད་གྲུབ་པ་གཙ། འཁོར་བཅས་བསྐྱེད་པའི་ཆོ་གའི་ལས་རིམས་ནི། ཧཱུཾ་འཁོར་ལོ་རྩིབས་དྲུག་བྱང་ཕྱོགས་ཀྱི། །དབུས་ཀྱི་པདྨའི་ལྟེ་བ་ལ། །རིན་ཆེན་ཁྲི་རྐང་ཤང་ཤང་ཁྲི། ཉི་ཟླ་པདྨའི་གདན་སྟེངས་སུ། །འཕྲིན་ལས་དོན་ཡོད་གྲུབ་པ་ནི། །སྐུ་མདོག་ཨིན་ཏྲ་ནི་ལའི་མདོག །སྐྱབས་སྦྱིན་ཕྱག་རྒྱས་ལས་རྣམས་འགྲུབ། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །ཤར་ཕྱོགས་དགེ་བའི་བཤེས་གཉེན་ནི། །སྐུ་མདོག་དཀར་པོ་དུང་གི་མདོག །བྱང་ཆུབ་མཆོག་གི་ཕྱག་རྒྱ་སྟོན། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ལྷོ་ཕྱོགས་སངས་རྒྱས་ངན་སོང་སྦྱོང་། །སྐུ་མདོག་སྔོན་པོ་གཡུའི་མདོག །ཆོས་སྦྱིན་ཕྱག་རྒྱས་འགྲོ་དོན་མཛད། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ནུབ་ཕྱོགས་ཀུན་གྱིས་སློབ་དཔོན་ནི། །སྐུ་མདོག་དམར་པོ་འོད་ཟེར་འཕྲོ། །ཏིང་ངེ་འཛིན་གྱིས་ཕྱག་རྒྱ་སྟོན། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །བྱང་ཕྱོགས་སངས་རྒྱས་རྣམ་པར་རྒྱལ། །སྐུ་མདོག་ལྗང་ལ་འོད་ཟེར་འཕྲོ། །ས་གནོན་ཕྱག་རྒྱས་གདོན་བགེགས་འཇོམས། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །ཤར་ལྷོ་མེ་ཏོག་བཀོད་པའི་རྒྱལ། །སྐུ་མདོག་མདངས་ལྡན་ལྗང་སྔོན་འོད། །བྱང་ཆུབ་མཆོག་གི་ཕྱག་རྒྱས་མཛད། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །ལྷོ་ནུབ་སངས་རྒྱས་ཐམས་ཅད་སྣང་། །སྐུ་མདོག་ལྗང་ཟེར་འོད་དང་ལྡན། །འགྲོ་ལ་ཆོས་སྦྱིན་ཕྱག་རྒྱས་མཛད། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །ནུབ་བྱང་སངས་རྒྱས་ཙན་དན་དྲི། །སྐུ་མདོག་དམར་ལྗང་འོད་ཟེར་འཕྲོ། །ཏིང་འཛིན་མཉམ་བཞག་ཕྱག་རྒྱ་ལྡན། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །བྱང་ཤར་སངས་རྒྱས་ལེང་འབུམ་གཟུགས། །སྐུ་མདོག་ལྗང་སྐྱ་འོད་ཟེར་འཕྲོ། །ས་གནོན་ཆེན་པའི་ཕྱག་རྒྱ་ཅན། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །ཅེས་གསུང་པ་དེ་དག་འཁོར་ལོ་རྩིབས་དྲུག་གི་ལྷ་ཚོགས་རྣམས་ལ་མཆོད་པ་འབུལ་བའི་ལས་རིམས་སོ། །དེ་ནས་ཕྱི་རོལ་དུ་གློ་བུར་བཞི་ལ། ། ནང་གི་སེམས་མ་བཞི། །གྲུ་ཆད་བཞི་ལ་ཕྱིའི་སེམས་མ་བཞི་བཀོད་བའི་ཆོ་ག་བརྗོད་པ་ནི། །སྤྲུལ་སྐུ་རྣམ་དག་དབྱེའི་དཀྱིལ་འཁོར་གྱིས། །ཤར་ལྷོ་ནུབ་བྱང་ཕྱོགས་བཞི་ལ། སྒེག་མོ་འཕྲེང་ཐོག་དབྱངས་དང་གར། གློ་འ བུར་བཞི་ལ་བཞུགས་ནས་ཀྱང་། དགྱེས་པ་ཆེན་པོའི་མཆོད་འབུལ་མ། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །གྲུ་ཆད་ཤར་ལྷོ་ལྷོ་ནུབ་དང་། ནུབ་བྱང་བྱང་ཤར་མཚམས་བཞི་ལ། །བདུག་སྤོས་མེ་ཏོག་མར་མེ་དྲི། །མཉེས་པའི་མཆོད་པ་ཆེན་པོ་འབུལ། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །ལྷ་རྣམས་ལ་བསྐལ་བཟང་གི་སེམས་དཔའ་བཅུ་དྲུག་གི་མཆོད་པ་ནི། །སྤྲུལ་བའི་དཀྱིལ་འཁོར་ལྷ་རྣམས་ཀྱིས། །བསྐལ་བཟང་སེམས་དཔའ་བཅུ་དྲུག་ནི། །རང་རང་སོ་སོའི་འདུལ་བསྐལ་ལས། །བྱང་ཆུབ་སེམས་དཔའི་མཛད་སྤྱོད་ཀྱིས། །འགྲོ་བ་འདུལ་ཞིང་དམ་ཆོས་སྟོན། དེ་ལ་ཕྱག་འཚལ་མཆོད་པ་འབུལ། །སྒོ་བཞི་ལ་སྒོ་མ་བཞིའི་ཕྱག་རྒྱ་བརྗོད་པ་ནི། སྤྲུལ་བའི་དཀྱིལ་འཁོར་སྒོ་བཞི་ལ། །ཚད་མེད་སྒོ་མ་བཞི་པོ་ནི། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། ཤར་ལྷོ་ནུབ་བྱང་སྒོ་བཞི་བསྲུངས། །ལོག་ལྟའི་གདུག་པ་མ་ལུས་འདུལ། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །ཕྱི་རིམ་འདོད་ཡོན་སྣམ་བུ་ལ། །མཛེས་པའི་བཀྲ་ཤིས་ལྷ་མོ་བརྒྱད། །རང་རང་སོ་སོའི་ཕྱག་མཚན་གྱིས། ། དགོས་འདོད་རེ་བ་ཐམས་ཅད་སྐོང་། དེ་ལ་ཕྱག་འཚལ་མཆོད་པ་འབུལ། སྤྲུལ་སྐུ་རྣམ་དབྱེའི་དཀྱིལ་འཁོར་ལྷ་དྲངས་གོ་དགུ་མ། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ལུགས་གཅིག་འདི་ཡིན་ནོ། །འདི་བྱང་ཆུབ་སེམས་དཔའི་དབང་བསྐུར་བའི་ལྷ་གྲངས་རྒྱས་པར་དབང་བསྐུར་བ་ལགས། བསྡུས་པ་ལྷ་བཅོ་ལྔ་མ་ལགས་སོ། །དེ་ནས་བུམ་བསྐྱེད་ནི། ༀ་སྭཱ་བྷ་ཝ། སྟོང་པའི་ངང་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་དང་ལྡན་པའི་ནང་དུ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡང་ཁང་པ་ལ་སོགས། བདག་བསྐྱེད་ལྟར་བསྙེན་པ་ཡན་ཆད་ལ་བར་སྐབས་ཀྱི་འདོན་པ་ཚིག་ཁ་བསྒྱུར་རོ། །ཞར་ལ་དབུ་རྒྱན་ལ་སོགས་པའི་དབང་རྫས་རྣམས་ཀྱང་བྱིན་གྱིས་བརླབས་སོ། །མདུན་བསྐྱེད་ནི། ༀ་སྭ་བྷ་ཝ་སྟོང་པའི་ངང་ལས་བྷྲུཾ་ལས་རིན་ཆེན་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་པ་སོགས་བདག་བསྐྱེད་ལྟར་བསྙེན་པ་ཡན་ཆོད་ལ་བར་སྐབས་ཀྱི་འདོན་པ་ཁ་སྒྱུར་རོ། །ཡེ་དྷརྨ་བརྗོད་ཅིང་། བུམ་པ་དང་དཀྱིལ་འཁོར་ལ་སོགས་ལ་རབ་གནས་བྱེད། གྲུབ་ན་སྦྱིན་བསྲེགས་ཀྱང་ཅི་རིགས་པར་བྱའོ། །གཉིས་པ་འཇུག་ཅིང་དབང་གི་རིམ་པ་ལ་གཉིས་སྟེ། །སློབ་དཔོན་བདག་ཉིད་འཇུག་ཅིང་དབང་ལེན་པ་དང་། སློབ་མ་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བའོ། །དང་པོ་སློབ་དཔོན་འཇུག་ཅིང་དབང་ལེན་པ་ནི། །གོང་དང་མཚུངས་སོ། །གཉིས་པ་སློབ་མ་འཇུག་ཅིང་དབང་བསྐུར་པ་ལ་གཉིས་ཏེ། །དཀྱིལ་འཁོར་དུ་འཇུག་པ་དབང་བསྐུར་བའོ། །དང་པོ་ལ་ཁྲུས་དང་། མིག་དགབ་པ་དང་། དྲི་བ་དང་། ལུས་འབུལ་བ་དང་། བགེགས་བསྐྲད་པ་དང་། ལྷར་སླབ་པ་དང་། དྲུག་པོ་གོང་དང་མཐུན་ལ། །དམ་ཚིག་སྦྱིན་པ་དང་། དམ་ཚིག་དབོག་པ། ཆུ་ནན་བྱ་བ། །དམ་ཚིག་སྒྲགས་པ་དང་། གཞིའི་དོད་ལ་སེམས་བསྐྱེད་ཀྱི་སྡོམ་པ་དབོག་པ་ལ་གཉིས་སྟེ། །སེམས་ཙམ་ལུགས་དང་། དབུ་མ་ལུགས་ཀྱི་ཆོ་གའོ། །དང་པོ་ལ་གསུམ་སྟེ། སྔོན་འགྲོ་དང་། དངོས་གཞི་དང་རྗེས་སོ། །དང་པོ་ནི། ༄༅། རྒྱ་གར་སྐད་དུ། །ཙིཏྟ་ཏོད་པ་ཏ། །སམ་བ་ར་བི་དྷི་ཀྲ་མ། བོད་སྐད་དུ། སེམས་བསྐྱེད་པ་དང་སྡོམ་པའི་ཆོ་གའི་རིམ་པ། །བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུ་གྱུར་པ་ལ་ཕྱག་འཚལ་ལོ། །ངན་སོང་ཐམས་ཅད་འཇིགས་པ་དང་། ། སྒྲིབ་པ་ཐམས་ཅད་ལས་གྲོལ་ཞིང་། །རྫོགས་སངས་རྒྱས་གོ་འཕང་རྩོལ་མཛད་པ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །རྫོགས་སངས་རྒྱས་དང་དམ་པའི་ཆོས། །བྱང་ཆུབ་སེམས་དཔའི་ཚོགས་ལའང་། ཇི་བཞིན་བྱང་ཆུབ་སེམས་དཔའ་ཡིས། །སྡོམ་པའི་རིམ་པ་བྲི་བར་བྱ། དེ་ལ་དང་པོ་ཆོ་ག་བཞིན་བྱང་ཆུབ་དུ་སེམས་བསྐྱེད་པ་བྱས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཚུལ་ཁྲིམས་གྱིས་བསླབ་པ་ལ་ལེགས་པར་བསླབ་པ་ལ་ལེགས་པར་བསླབ་པར་འདོད་པས། །བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོ་ག་ཤེས་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་དབོག་པའི་སྒོ་ནས། སློབ་མ་རྗེས་སུ་བཟུང་བར་ནུས་པའི་དགེ་བའི་བཤེས་གཉེན་ལ་ཕྱག་བྱས་ཏེ་དེའི་རྐང་པ་ལ་གཏུགས་ནས་གསོལ་བ་བཏབ་པ་ནི། སློབ་དཔོན་ཁྱེད་ལ་བདག་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་གྱི་སྡོམ་པ་ཡང་དག་པར་བླང་བ་ལེན་པར་འཚལ་གྱིས། གནོད་པ་མ་མཆིས་ན་བདག་ལ་ཐུགས་བརྩེ་བའི་སླད་དུ། མྱུར་དུ་གསན་འཚལ་བ་རིགས་སོ། །ཞེས་དེ་ལྟར་ལན་གསུམ་གྱི་བར་དུ་གསོལ་བ་གདབ་པར་བྱའོ། རིགས་ཀྱི་བུ་ཁྱོད་ཉོན་ཅིག །འདི་ལྟར་སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བ་དང་། མ་གྲོལ་བ་རྣམས་གྲོལ་བ་དང་། དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། སངས་རྒྱས་གྱི་གདུང་རྒྱུན་མི་འཆད་པར་འདོད་དམ། དེ་ལ་ཁྱེད་ཀྱི་སེམས་བསྐྱེད་པ་བརྟན་པ་དང་ཡི་དམ་བརྟན་པར་བྱའོ། །གཞན་དང་འགྲན་པའི་ཕྱེད་དུ་མ་ཡིན་ནམ། གཞན་གྱིས་ནན་གྱིས་ལེན་དུ་བཅུག་པ་མ་ཡིན་ནམ། ཞེས་དྲིའོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་ལུགས་སྐུ་མདུན་དུ་བཞག་ལ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་སོགས་པ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། །ཅི་ནུས་པའི་ཕྱིའི་མཆོད་པ་ལྔས་མཆོད་པ་དང་། ཕྱག་བྱས་ལ་དེ་མ་ཐག་ཏུ་དགེ་བའི་བཤེས་གཉེན་བསྟན་མཐོན་པོ་ལ་འདུག་ལ། སྟོན་པའི་འདུ་ཤེས་ཀྱི་ཕྱག་བྱས་སྟེ། སྤུས་མོ་གཡས་པའི་ལྷ་ང་ས་ལ་བཙུག་ཏེ་འམ། ཙོག་པུར་འདུག་སྟེ་ཐལ་མོ་སྦྱར་ནས། དགེ་བའི་བཤེས་གཉེན་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་འདི་ལྟར་བསྐུལ་བར་བྱས་སྟེ། སློབ་དཔོན་གྱི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་གྱི་སྡོམ་པ་ཡང་དག་པར་བླང་བ་ལ་སྩལ་དུ་གསོལ། ཞེས་དེ་ལྟར་ལན་གསུམ་དགེ་བའི་བཤེས་གཉེན་ལ་བསྐུལ་ནས། མི་ཟད་པ་དཔག་ཏུ་མེད་པ་བླ་ན་མེད་པ་བསོད་ནམས་ཀྱི་གཏེར་ཆེན་པོར་གྱུར་པ། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་བྱང་ཆུབ་སེམས་དཔའི་སྡོམ་པ་ཡུན་མི་རིང་བ་ཐོབ་པར་འགྱུར་རོ། །ཞེས་སེམས་རབ་ཏུ་དད་པར་གྱུར་པས་ཅང་མི་སྨྲ་པར་ཐལ་མོ་སྦྱར་ཏེ་འདུག་པར་བྱའོ། །དེ་ནས་དགེ་བའི་བཤེས་གཉེན་འདུག་པའི་འགྲེང་བས། དེ་ལྟར་འདུག་པའི་བྱང་ཆུབ་སེམས་དཔའ་དེ་ལ། །འདི་སྐད་ཅེས་མི་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །བྱང་ཆུབ་དུ་སྨོན་ལམ་བཏབ་པའི། བྱང་ཆུབ་སེམས་དཔའ་ཡིན་ནམ་ཞེས་བརྗོད་པ་ན། ལན་པའི་བྱང་ཆུབ་སེམས་དཔའ་དེས་ཀྱང་ལགས་སོ་ཞེས་ཁས་བླང་བར་བྱའོ། །དེ་ནས་དགེ་བཤེས་བཤེས་གཉེན་དེས། །དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསླབ་བའི་གཞི་རྣམས་དང་། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་དང་སེམས་ཅད་དོན་བྱེད་པའི་ཚུལ་ཁྲིམས་དང་མདོར་བསྡུ་བ་སློབ་མ་ལ་གོ་བར་བྱ་སྟེ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པ་རྣམས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཚུལ་ཁྲིམས་དེ་དག །ཅི་བདག་ལས་ལེན་པར་འདོད་དམ་ཞེས་སློབ་མ་ལ་དྲི་བར་བྱའོ། །དེས་དེ་ལྟར་ལེན་པར་འཚལ་ལོ། །ཞེས་ཁས་ལེན་པར་གྱུར་པ་ན། བྱུང་ཆུབ་སེམས་དཔའི་སྡོམ་པ་སྦྱིན་པར་བྱ་སྟེ། བཙུན་པའམ་ཚེ་དང་ལྡན་པའམ་རིགས་ཀྱི་བུ་འདི་ཞེས་བྱ་བ་ཁྱོད་བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ལས། འདས་པའི་བྱང་ཆུབ་སེམས་དཔའི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་དང་། ཚུལ་ཁྲིམས་གང་ཡིན་པ་དང་། མ་བྱོན་པའི་བྱང་ཆུབ་སེམས་དཔའི་གཞིར་གྱུར་པ་གང་ཡིན་པ་དང་། ཚུལ་ཁྲིམས་གང་ཡིན་པ་དང་། ད་ལྟར་ཕྱོགས་བཅུ་ན་བཞུགས་པའི་བྱང་ཆུབ་སེམས་དཔའི་བསླབ་པའམ། །གཞི་གྱུར་པ་གང་ཡིན་པ། །ཚུལ་ཁྲིམས་གང་ཡིན་པའི་བསླབ་པའི། གཞི་གང་དག །ཚུལ་ཁྲིམས་གང་དག་ལ། །འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པར་འགྱུར་པ་དང་། མ་བྱོན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་སློབ་པར་འགྱུར་པ་དང་། ད་ལྟར་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་སློབ་པར་མཛད་པའི་གཞི་རྣམས་དང་། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་བསྡུས་པའི་ཚུལ་ཁྲིམས་དང་། སེམས་ཅན་དོན་བྱེད་པའི་ཚུལ་ཁྲིམས་ལེན་པར་འདོད་དམ། ལེན་པར་བྱེད་པ་ངེས་པར་འཚལ་ལོ། །ཞེས་ཁས་བླང་བར་བྱའོ། །དེ་ལྟར་དགེ་བའི་བཤེས་གཉེན་གྱིས་ལན་གསུམ་གྱི་བར་དུ་བརྗོད་ཅིང་། སློབ་མས་ལན་གསུམ་གྱིས་བར་དུ་ལེན་པར་འཚལ་ལོ་ཞེས་ཁས་བླངས་པར་བྱའོ། །གཉིས་པ་དངོས་གཞི་ནི། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་བ་དང་། མཆོད་པའི་ཆོ་ག་ལ་སོགས་སྔོན་དུ་སོང་བས། དགེ་བའི་བཤེས་གཉེན་ལ་འདི་སྐད་གསོལ་བ་གདབ་པར་བྱ་སྟེ། ཇི་ལྟར་སྔོན་གྱི་དེ་གཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་ལྟར། བདག་མིང་འདི་ཞེས་བགྱི་བ་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པ་རིན་པོ་ཆེའི་སྦྱིན་པས་རྗེས་སུ་བཟུང་དུ་གསོལ། ཞེས་ལན་གསུམ་གྱིས་བར་དུ་བརྗོད་དོ། དེ་ལྟར་གསོལ་བ་བཏབ་ནས། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནི། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་བཅོམ་ལྡན་རྣམས་ལ་སྐྱབས་སུ་མཆིའོ། །སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། །སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཞི་བ་ཆོས་ཀྱི་མཆོག་ལ་སྐྱབས་སུ་མཆིའོ། །སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། ཚོགས་རྣམས་ཀྱི་མཆོག འཕགས་པ་ཕྱིར་མི་བཟློག་བའི་བྱང་ཆུབ་སེམས་དཔའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་བརྗོད་དོ། །དེ་ལྟར་སྐྱབས་སུ་འགྲོ་བ་ཁྱད་པར་ཅན་བྱས་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡིད་ཀྱི་དམིགས་ཏེ། ཕྱག་འཚལ་བ་དང་ཅི་འབྱོར་བའི་མཆོད་པ་ལ་སོགས་བྱས་ལ། སློབ་དཔོན་མདུན་དུ་བྱས་ཏེ། །སྤུས་མོ་གཡས་པའི་ལྷ་ང་ལ་བཙུགས་ཏེ། །ཐལ་མོ་སྦྱར་བས་སེམས་བསྐྱེད་པར་བྱ་སྟེ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་སྐྱེ་བ་འདི་དང་སྐྱེ་བ་གཞན་དག་ཏུ། སྦྱིན་པའི་རང་བཞིན་དང་། ཚུལ་ཁྲིམས་ཀྱི་རང་བཞིན་དང་། སྒོམ་བའི་རང་བཞིན་གྱི་དགེ་བའི་རྩ་བ་བགྱིད་པ་དང་། བགྱིད་དུ་རྩལ་བ་དང་། རྗེས་སུ་ཡིད་རང་བའི་དགེ་བའི་རྩ་བ་དེས། །ཇི་ལྟར་སྔོན་གྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། བླ་ན་མེད་པའི་བྱང་ཆུབ་དུ་ཐུགས་བསྐྱེད་པ་ལྟར། བདག་མིང་འདི་ཞེས་བགྱི་བས་ཀྱང་། སེམས་ཅན་ཐམས་ཅད་མ་བསྒྲལ་རྣམས་བསྒྲལ་བར་བྱ་བའི་ཕྱིར་དང་། མ་གྲོལ་བ་རྣམས་གྲོལ་བར་བྱ་བའི་ཕྱིར་དང་དབུགས་མ་ཕྱུང་རྣམས་དབུགས་དབྱུང་པའི་ཕྱིར་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར། དུས་འདི་ནས་བཟུང་ཏེ། སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་། བྱང་ཆུབ་ཆེན་པོའི་སེམས་བསྐྱེད་པར་བགྱིའོ། །ཞེས་ལན་གསུམ་བརྗོད་དོ། །དེ་ལྟར་སློབ་དཔོན་མེད་ཀྱང་། བདག་ཉིད་བྱང་ཆུབ་དུ་སེམས་བསྐྱེད་པའི་ཆོ་ག་ནི། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཡིད་ལ་བསམ་སྟེ། ཕྱག་འཚལ་བ་དང་མཆོད་པའི་ཆོ་ག་ལ་སོགས་པ་བྱས་ནས། གསོལ་བ་བཏབ་པ་དང་། སློབ་དཔོན་ཞེས་བྱའི་ཚིག་སྤངས་པའི། སྐྱབས་སུ་འགྲོ་བ་ལ་སོགས་བའི་གོ་རིམས་གོང་མ་བཞིན་དུ་བྱའོ། །དེ་ལྟར་སེམས་བསྐྱེད་པའི་གང་ཟག་གིས་བྱང་ཆུབ་ཀྱིས་སེམས་འཕེལ་བར་བྱ་བའི་ཕྱིར། ཐ་ན་ཉིན་ལན་གསུམ་མཚན་གསུམ་དུ། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། བདག་གིས་སྦྱིན་སོགས་བྱས་བའི་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། ། བྱང་ཆུབ་ཀྱི་སེམས་ཉམས་པར་བྱེད་པའི་ཆོས་བཞི་ལས་བཟློག་པར་བྱ་སྟེ། བཞི་གང་ཞེ་ན། བླ་མ་དང་མཆོད་པར་འོས་པ་བསླུ་བ་དང། གཞན་འགྱོད་པ་མེད་པ་ལ་འགྱོད་པ་བསྐྱེད་པ་དང་། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་གི་ཚིགས་སུ་བཅད་པ་མ་ཡིན་པ་བརྗོད་པ་དང་། སེམས་ཅན་ཐམས་ཅད་ལ་གཡོ་དང་སྒྱུས་སྤྱོད་པའོ། །བྱང་ཆུབ་ཀྱི་སེམས་ཉམས་པར་མི་བྱེད་པའི་ཆོས་བཞི་ལ་བསླབ་པར་བྱ་སྟེ། བཞི་གང་ཞེ་ན། སྲོག་གི་ཕྱིར་ཡང་བསམས་བཞིན་དུ་རྫུན་མི་སྨྲ་བ་དང་། སེམས་ཅན་ཐམས་ཅད་ལ་ལྷག་པའི་བསམ་པ་རྣམ་པར་དག་པས་གནས་པར་བྱའི་གཡོ་དང་སྒྱུ་མ་ཡིན་པ་དང་། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་སྟོན་པའི་འདུ་ཤེས་བསྐྱེད་ཅིང་། ཕྱོགས་བཅུར་ཡང་དག་པའི་ཡོན་ཏན་བརྗོད་པར་བྱ་བ་དང་། སེམས་ཅན་འགའ་ཞིག་དགེ་བ་ལ་དགོད་པ་དེ་དག །བླ་ན་མེད་པའི་བྱང་ཆུབ་ལ་དགོད་ཀྱི། །ཉན་ཐོས་དང་རང་སངས་རྒྱས་ལ་ནི་མ་ཡིན་ནོ། །ཁྱད་པར་དུ་མངོན་པར་ཤེས་པ་མྱུར་དུ་ཐོབ་པར་འདོད་པའི་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། ཞུས་པའི་ཆོས་བདུན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་བསླབ་པར་བྱའོ། །བྱང་ཆུབ་དུ་སེམས་བསྐྱེད་པའི་ཡོན་ཏན་ནི། འཕགས་པ་སྡོང་པོ་བཀོད་པའི་མདོ་ལ་སོགས་པ་ལས་ཤེས་པར་བྱའོ། །གསུམ་པ་རྗེས་ནི་དེ་ནས་དགེ་བའི་བཤེས་གཉེན་དེས། སློབ་མ་བྱང་ཆུབ་སེམས་ལ་སྡོམ་པ་སྦྱིན་ནས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། །ཡན་ལག་ལྔས་ཕྱག་འཚལ་བ་སྔོན་དུ་འགྲོ་བས་ཐལ་མོ་སྦྱར་ཏེ། །འདི་སྐད་ཅེས་ལན་གསུམ་བརྗོད་པར་བྱ་སྟེ། །བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བར་བྱ་བ་ལན་གསུམ་གྱི་བར་ཡང་དག་པར་མནོས་ལགས་ཏེ། བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བ་འདིས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་གྱི་སྡོམ་པ་ཡང་དག་པར་བླངས་པ། བདག་མིང་འདི་ཞེས་བྱ་སྤང་དུ་གྱུར་པར་འཕགས་པ་རྣམས་ལྐོག་ཏུ་གྱུར་ཀྱང་། ཕྱོགས་བཅུའི་འཇིགས་རྟེན་གྱིས་ཁམས་མཐས་གཏུགས་པ་ན། ཆོས་ཐམས་ཅད་ལྐོག་ཏུ་མ་གྱུར་བའི་ཐུགས་མངའ་བའི་ཐམས་ཅད་ལ་མཁྱེན་པར་གསོལ་ལོ། །ཞེས་ལན་གསུམ་གྱིས་བར་དུ་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བརྗོད་དེ་ཕྱག་འཚལ་ནས། སློབ་མ་ལྡང་བར་བྱའོ། །ལངས་ལ་དགེ་བའི་བཤེས་གཉེན་གྱིས། བྱང་ཆུབ་སེམས་དཔའི་སྡོམ་པ་མནོས་པའི་བྱང་ཆུབ་སེམས་དཔའ་ལ་འདི་ལྟར་བསླབ་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་བླངས་བ་འདི། །དད་པ་མེད་པ་རྣམས་ཀྱིས་མདུན་དུ་སྨྲ་བར་མི་བྱ་སྟེ། གང་གི་ཕྱིར་དད་པ་མེད་པ་རྣམས་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་རབ་ཏུ་བསྟན་ན། དད་པ་མེད་པའི་སེམས་ཅན་དེ་དག་གིས། བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པས་སྤོངས་པར་བྱེད་དོ། །ཇི་སྲིད་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་པ་དེ་སྲིད་དུ་བསོད་ནམས་མ་ཡིན་པ་དང་ལྡན་པར་འགྱུར་རོ། །གང་གིས་ཕྱིར་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་བསྲུངས་པར་བྱ་བ་དེའི་ཕྱིར། སྡིག་པ་ལས་ལྡོག་ཅིང་མཆོག་ཏུ་དགེ་བའི་བྱང་ཆུབ་སེམས་དཔའ་གསང་བར་བྱ་བ་ཡིན་ནོ། །དེ་ནས་དགེ་བའི་བཤེས་གཉེན་དེས། བྱང་ཆུབ་སེམས་དཔའ་དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག་འདི་ནི་ཆོས་ཉིད་ཡིན་ཏེ། གང་གི་ཚེ་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་བླངས་བའི་ལས་རྫོགས་མ་ཐག་ཏུ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་འདི་ལྟ་བུའི་ལྟས་འབྱུང་བར་འགྱུར་ཞིང་གང་གི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་འདི་ལྟར་སངས་རྒྱས་ཀྱི་ཞིང་ཆེ་གེ་མོ་ཞིག་ན་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ལས། བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་བར་བླང་བ་མནོས་སོ་ཞེས་ཡང་དག་པར་མཁྱེན་པར་འགྱུར་རོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱང་། ཆོས་ལ་དགྱེས་པས་ཕ་དང་བུ་དང་སྤུན་ཟླའི་དགོངས་པ་མཛད་ནས། དེ་ལྟར་དགོངས་པ་མཛད་པས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འཕེལ་བར་འགྱུར་རོ། །དེ་ནས་བསླབ་བའི་གཞི་ཕམ་པའི་གནས་སུ་གྱུར་པ་སྡོམ་པ་འཇིགས་པའི་རྒྱུ་བསྟན་ཅིང་། ཉེས་བྱས་ཀྱི་ལྟུང་བ་ཉོན་མོངས་པ་དང་། ཉོན་མོངས་པ་ཅན་མ་ཡིན་པ་ཡང་བསྟན་པར་བྱའོ། །དགེ་བའི་བཤེས་གཉེན་གྱི་མདོར་བསྡུས་པ་བྱང་ཆུབ་སེམས་དཔའ་སྡོམ་པ་ཉི་ཤུ་པ། བྱང་ཆུབ་སེམས་དཔའི་ས་ཡི་ཚུལ་ཁྲིམས་ཀྱི་ལེའུ་བཤད་པར་བྱའོ། །བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོ་ག་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་དྷི་ཕམ་ཀ་ར་ཤྲི་ཛྙཱ་ན་དང་། ལོ་ཙ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་རོ།། ༈ །།གཉིས་པ་སེམས་བསྐྱེད་དབུ་མ་ལུགས་ནི། རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་ཏོཏྤ་ཏ། བོད་སྐད་དུ། བྱང་ཆུབ་སེམས་བསྐྱེད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཕྱོགས་བཅུའི་འཇིག་རྟེན་གྱིས་ཁམས་མཐའ་ཡས་མུ་མེད་པ་དག་ན་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་དམ་ཆོས་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། ཐོག་མ་དང་ཐ་མ་མ་མཆིས་པའི་འཁོར་བ་ན་འཁོར་བའི་ཚེ། སངས་རྒྱས་དང་ཆོས་དང་དགེ་འདུན་དང་། ཕ་མ་དང་སེམས་ཅན་གཞན་དག་ལ། སྡིག་པ་མི་དགེ་བའི་ལས་བགྱིས་པ་དང་། བགྱིད་དུ་རྩལ་བ་དང་། བགྱིས་པ་ལ་རྗེས་སུ་ཡི་རང་བ་ཅི་མཆིས་པ་དེ་དག་ཐམས་ཅད་དང་གཅིག་ཏུ་སྡོམས་ཤིང་བསྡུས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར། བླ་ན་མེད་པའི་སོ་སོར་བཤགས་པས་འཆགས་སོ། མི་འཆབ་བོ། །སླད་ཆད་ཀྱང་སྡོམ་པར་བགྱིད་ལགས་སོ། །དེ་ལྟར་ལན་གསུམ་བཟླས། སྡིག་པ་བཤགས་པའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །ཇི་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འདས་པ་རྣམས་ཀྱིས་བསོད་ནམས་ཀྱིས་རྗེས་སུ་ཡི་རང་བ་ན་མེད་པ་ཐུགས་སུ་ཆུད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བ་ཡང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་ཐམས་ཅད་དང་འགྲོ་བ་མ་ལུས་པའི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡིད་རང་ངོ་། །དེ་སྐད་ལན་གསུམ་བཟླས་སོ། །བསོད་རྣམས་ཀྱི་རྗེས་སུ་ཡི་རང་བའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བས་སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པར་བགྱི་བའི་སླད་དུ། དུས་འདི་ནས་བཟུང་སྟེ། བྱང་ཆུབ་གྱི་སྙིང་པོ་གནས་ཀྱི་བར་དུ། ཡང་དག་པར་རྫོགས་པའི་སངས་རྒྱས་རྐང་གཉིས་རྣམས་ཀྱི་མཆོག་ལ་སྐྱབས་སུ་མཆི་སྟེ། ཐུགས་རྗེ་ཆེན་པོ་དང་ལྡན་པ། ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། འཇིགས་པ་ཐམས་ཅད་དང་བྲལ་བ། སྐྱེས་བུ་ཆེན་པོ། སྐྱེས་བུ་ཁྱུ་མཆོག །སྐུ་བསམ་གྱིས་མི་ཁྱབ་པ། བླ་ན་མེད་པའི་སྐུ། ཆོས་ཀྱི་སྐུ་མངའ་བ་ལ་སྐྱབས་སུ་མཆིའོ། ཆོས་འདོད་ཆགས་དང་བྲལ་བའི་མཆོག་ལ་སྐྱབས་སུ་མཆི་སྟེ། བླ་ན་མེད་པའི་དེ་བཞིན་གཤེགས་པ་ལ་མངའ་བ། ཞི་བ་ཆོས་ཀྱི་སྐུ། སོ་སོར་རང་གི་རིག་པའི་ཆོས་ལ་སྐྱབས་སུ་མཆི་འོ། །དགེ་འདུན་འདུལ་བ་ཚོགས་ཀྱི་མཆོག་ལ་སྐྱབས་སུ་མཆི་སྟེ། ཕྱོགས་བཞིའི་འཕགས་པ་ཕྱིར་མི་ལྡོག་པའི་བྱང་ཆུབ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །དེ་སྐད་ལན་གསུམ་བྱས་ལ་སྐྱབས་སུ་འགྲོའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་དུས་འདི་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དུས་ཅི་ལྟ་བ་དང་སྟོབས་ཅི་མཆིས་པ་བཞིན་དུ་བདག་འབུལ་ཞིང་མཆིས་ན། མགོན་པོ་ཐུགས་རྗེ་དང་ལྡན་པ་རྣམས་བདག་བཞེས་སུ་གསོལ། །དེ་སྐད་ལན་གསུམ་བཟླས་སོ། །བདག་ལ་གསུམ་པའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག །སྔོན་བྱང་ཆུབ་སེསམ་དཔའི་སྤྱད་པ་སྤྱོད་པའི་ཚེ། །སེམས་ཅན་ཐམས་ཅད་སྒྲལ་བ་དང་། །སེམས་ཅན་ཐམས་ཅད་སྒྲོལ་བ་དང་། །སེམས་ཅན་ཐམས་ཅད་དབུག་འབྱུང་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བ་དང་། སེམས་ཅན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དགོད་བའི་སླད་དུ་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བ་ཡང་། དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོ་ལ་གནས་ཀྱི་བར་དུ། །སེམས་ཅན་ཐམས་ཅད་དགྲོལ་བ་དང་། །སེམས་ཅད་ཐམས་ཅད་དབུགས་དབྱུང་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བ་དང་། སེམས་ཅན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དགོད་པའི་སླད་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་དངོས་པོ་ཐམས་ཅད་དང་བྲལ་བའི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་དང་། གཟུང་བ་དང་འཛིན་པའི་དངོས་པོ་སྤངས་པ། ཆོས་བདག་མེད་པར་མཉམ་པ་ཉིད་ཀྱིས། རང་གི་སེམས་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་ཀྱི་བྱང་ཆུབ་དུ་སེམས་བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བ་ཡང་། དུས་འདི་ནས་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། །བྱང་ཆུབ་དུ་སེམས་བསྐྱེད་པར་བགྱིའོ། །ཇི་ལྟར་སྔོན་གྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་པར་རྫོགས་པའི་སངས་རྒྱས་དེ་དག་གིས། བདུད་དཔུང་དང་བཅས་པ་མཐའ་དག་འཕམ་པར་མཛད་དེ། ཉིད་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས། །བདུད་དཔུང་དང་བཅས་པ་མཐའ་དག་ཕམ་པར་བགྱི་སྟེ། །བདག་ཉིད་མངོན་པར་རྫོགས་པར་སངས་རྒྱས་པར་བགྱིའོ། །ཇི་ལྟར་སྔོན་གྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཉིད་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། མངོན་པར་རྫོགས་པར་སངས་རྒྱས་སྟེ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་བགྱིའོ། །ཇི་ལྟར་སྔོན་གྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཉིད་མངོན་པར་རྫོགས་པར་སངས་རྒྱས་ནས་ཚོགས་ཡོངས་སུ་བ སྡུ་བ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། བདག་ཉིད་མངོན་པར་སངས་རྒྱས་ཏེ། ཚོགས་ཡོངས་སུ་བསྡུ་པར་བགྱིའོ། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི། །སེམས་ཅན་མ་ལུས་བདག་གིས་འགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །དེ་སྐད་ལན་གསུམ་བཟླས་སོ། །བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །བདག་གི་བྱང་ཆུབ་སེམས་བསྐྱེད་པའི་དགེ་བའི་རྩ་བ་འདི་དང་། གཞན་ཡང་བདག་གི་བསོད་ནམས་ཅུང་ཟད་བགྱིས་པ་དང་། བགྱིད་པར་འགྱུར་བ་དང་། དགེ་བ་ཐམས་ཅད་ཕ་མ་ལ་སོགས་པ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ འོ། བདག་གི་བསོད་ནམས་འདི་ཡི་ཕ་མ་ལ་སོགས་པ་སེམས་ཅན་མ་སྒྲལ་བ་རྣམས་བསྒྲལ་ལོ། །མ་གྲོལ་བ་རྣམས་གྲོལ་ལོ། །དབུགས་མ་ཕྱུངས་རྣམས་དབུགས་དབྱུང་ངོ་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ནི་ཡོངས་སུ་མྱ་ངན་ལས་བཟླའོ། །མངོན་པར་རྫོགས་པར་སངས་རྒྱས་མ་རྒྱས་པ་རྣམས་ནི་མངོན་པར་རྫོགས་པར་སངས་རྒྱས་པར་བགྱིའོ། །སྐྱབས་མ་མཆིས་པ་དང་གནས་མ་མཆིས་པ་རྣམས་དང་། དཔུང་གཉེན་མ་མཆིས་པའི་འཇིག་རྟེན་པ་ལ་སྐྱབས་གནས་དང་དཔུང་གཉེན་དུ་གྱུར་ཅིག །བསོད་ནམས་འདི་ཡིས་ཐམས་ཅད་མཁྱེན་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །རྒ་ནད་འཆི་བའི་བརླབས་ཆེན་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་འདོན་པར་ཤོག །གཞན་ཡང་བདག་གིས་སྦྱིན་པ་བསགས་པ་དང་། ཚུལ་ཁྲིམས་བསྲུངས་བ་དང་། བཟོད་པ་བསྒོམ་པ་དང་། བརྩོན་འགྲུས་རྩོམ་པ་དང་། བསམ་གཏན་ལ་ཡིད་མཉམ་པར་འཇོག་པ་དང་། ཤེས་རབ་རྣམ་པར་སྤྱོད་པ་དང་། ཐབས་ལ་མཁས་པ་ལ་བསླབ་པ་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་དོན་དང་། ཕན་པ་དང་བདེ་བའི་སླད་དུ། བླ་ན་མེད་བས་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བརྩམས་ཏེ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ། ལམ་ཆེན་པོ་ལ་ཡང་དག་པར་བཞུགས་པ། ས་ཆེན་པོ་ལ་གནས་པ་རྣམས་ཀྱི་རྗེས་སུ་འཇུག་གོ །འཕགས་པ་དག །བདག་བྱང་ཆུབ་སེམས་དཔའ་ལགས་ཀྱིས་བྱང་ཆུབ་སེམས་དཔའ་ལགས་པར་གཟུང་དུ་གསོལ། །ས་དང་ཆུ་དང་མེ་དང་རླུང་དང་། །རྩི་དང་ནག་ཀྱི་ཤིང་ལྟ་བུར། །བདག་ནི་སེམས་ཅན་ཐམས་ཅད་ཀྱིས། །འདོད་བསྒྱུར་འཕངས་མེད་སྤྱོད་པར་ཤོག །མཐོང་བ་དང་ནི་ཐོས་པ་དང་། །རེག་པ་དང་ནི་དྲན་པས་ཀྱང་། །བདག་ནི་སེམས་ཅན་ཐམས་ཅད་ཀྱི། །ནད་རྣམས་གསོ་བར་བགྱིད་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོང་པར་ཤོག །བྱང་ཆུབ་སེམས་དཔའ་གང་དག་སུ་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་གྱུར་ཅིག །དེ་དག་ལན་གསུམ་བཟླས་སོ། །བསོད་ནམས་ཡོངས་སུ་བསྔོ་བའོ། །བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་ག་རྫོགས་སོ། །ས་དང་པོའི་བདེན་པ་གཟིགས་པ། སློབ་དཔོན་འཕགས་པ་ཀླུ་གྲུབ་གྱིས་ཞལ་སྔ་ནས་མཛད་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོ་ག་རྫོགས་སོ། །རྒྱ་གར་གྱི་མཁན་པོ་སུ་རན་ཏྲ་བྷོ་དེ་དང་། ཞུས་ཆེན་གྱི་ལོཙྪ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།བཅུ་གཅིག་པ་མེ་ཏོག་དོར་བ་དང་། །བཅུ་གཉིས་པ་ལྷ་དབབ་པ་དང་། །བཅུ་གསུམ་པ་ལྷ་བསྒོམ་པར་ནན་ཏན་བྱ་བ་དང་། བཅུ་བཞི་བ་སྤྱན་དབྱེ་བ་དང་བཞི་གང་དང་མཐུན་ལ། བྱེ་བྲག་ཏུ་བཅོ་ལྔ་པ་དཀྱིལ་འཁོར་བསྟན་པ་ནི། འོ་མདུན་འདི་ན་ཡོད་པའི་བྱང་ཆུབ་སེམས་དཔའ་དཀྱིལ་འཁོར་རྟེན་དང་བརྟེན་པ་སྟེ། ཕྱི་རོལ་དུ་མེ་རི་རྡོ་རྗེ་ར་བ། པད་སྐོར་དེའི་ནང་དུ་གཞལ་ཡས་ཀྱི་ཁང་པ། གྲུ་བཞི་སྒོ་བཞི་། རྒྱན་རྟ་བབས་དང་བཅས་པ། དེའི་ནང་དུ་པདྨ་འདབ་མ་བཅུ། དེའི་ནང་དུ་པདྨ་འདབ་མ་བཞི་ལྟེ་བ་དང་བཅས་པ། མངོན་སུམ་དུ་མཐོང་བའི་མོས་པ་མཛོད། །པདྨའི་ལྟེ་བར་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ། ཤར་གྱི་པད་འདབ་ལ་ཡུམ་ཆེན་མོ། །ལྷོར་ཤཱ་རི་བུ། ནུབ་དུ་ཕྱག་ན་རྡོ་རྗེ། །བྱང་དུ་སྤྱན་རས་གཟིགས། དེའི་ཕྱི་རོལ་པད་མ་འདབ་བཅུ་ལ། ཕྱོགས་བཅུའི་སངས་རྒྱས་དང་བཅུ་དང་བཅས་པ། སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་བཞིན་མངོན་སུམ་དུ་མཐོང་བ་དེ། ཁྱེད་རྣམས་ཀྱི་ཡི་དམ་གྱི་ལྷ་སྐལ་ཡིན་ཨང་སྙམ་བའི་མོས་པ་མཛོད་ཅིག །བཅུ་དྲུག་པ་ཚོགས་དང་ཡོན་འབུལ་བ་ཡང་གོང་དང་མཚུངས་སོ། །སྦྱི་དོན་གཉིས་པ་དབང་བསྐུར་བ་ལ་གསུམ་སྟེ། སྦྱོར་བ་དང་། དངོས་གཞི་དང་། རྗེས་སོ། །དང་པོ་ནི་གོང་དང་མཐུན་ནོ། །གཉིས་པ་དངོས་གཞི་ལ་གསུམ་སྟེ་ཕྱི་ཕན་པའི་དབང་བཅུ་དང་། ནང་ནུས་པའི་དབང་ལ་ལྔ་དང་། གསང་བ་ཟབ་མོའི་དབང་ངོ་། དང་པོ་ལ་བཅུའི། བུམ་པ་ལ་སོགས་དགུ་པོ་གོང་ཉན་ཐོས་ཀྱིས་དབང་དང་མཚུངས་ལ། བྱེ་བྲག་དུ་ཕྱག་རྒྱའི་དབང་ལ། བཅོམ་ལྡན་གསེར་མདོག་ཆོས་འཆད་གཡས། །གཡོན་པ་མཉམ་བཞག་ཕྱག་རྒྱ་ལྡན། །རྡོ་རྗེ་དཀྱིལ་དཀྲུང་གཙུག་ཏོར་བཅས། །སྤྱན་ཡངས་འཐིང་ཁ་མཛོད་སྤུར་ལྡན། །སྐུའི་སྒོ་ནས་འོད་ཟེར་འགྱེད། །བསྟན་པའི་མངའ་བདག་འགྲོ་བ་འདྲེན། འདི་ཡིས་བྱིན་གྱིས་བརླབ་ཏུ་གསོལ། འདི་ཡིས་དབང་མཆོག་ཐོབ་པར་ཤོག །ༀ་མུ་ནེ་མུ་ནེ་མ་ཧཱ་ཱམུ་ནེ་ཡེ་སྭཱཧཱ། ཨ་བྷི་ཥིཉྩ་ཧཱུཾ། ཤར་ཕྱོགས་པད་མའི་འདབ་མ་ན། །པད་ཟླ་རྒྱས་སྟེངས་ཡུམ་ཆེན་མོ། །ལོངས་སྤྱོད་རྫོགས་ལྡན་རྡོ་རྗེ་དཀྱིལ། །གསེར་མདོག་སྐུ་ནི་ཤིན་ཏུ་རྒྱས། །ཕྱག་བཞིའི་དང་པོ་མཉམ་བཞག་མཛད། །འོག་མའི་གཡས་པ་ཆོས་འཆད་པ། །གཡོན་པ་པོ་ཏི་བསྣམས་ནས་ནི། །འགྲོ་བ་སེམས་ཅན་དོན་མཛད་པ། །འདི་ཡིས་བྱིན་གྱིས་བརླབ་ཏུ་གསོལ། །དེ་ཡིས་དབང་མཆོག་ཐོབ་པར་ཤོག །ༀ་དྷི་པྲ་ཝ་མེ་ཡ་ནི་དེ་པྲ་དུད་པྲ་མེ་བྷི་ཤུད་དྷེ་བྷྱ། དྷརྨ་དྷར་ཏུ་བ་ག་ཝན། ཛ་ཧཱུཾ་བཾ་ཧོཿ ཨ་ལ་ལ་ཧོ། ༀ་ཨ་པ་ར་པྲ་ཏི་ཛིཾ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ལྷོ་ཕྱོགས་པདྨའི་འདབ་མ་ན། །པད་ཟླ་རྒྱས་བའི་གདན་སྟེངས་ན། །ཕྱག་ན་རྡོ་རྗེ་ཞི་བའི་ཞལ། །འཐིང་ཁ་གཡས་ན་རྡོ་རྗེ་འཛིན། །གཡོན་པ་པདྨ་འཛིན་པར་བྱེད། །རིན་ཆེན་རྒྱན་ལྡན་སེམས་དཔའི་དཀྱིལ། །འདི་ཡིས་བྱིན་གྱིས་བརླབ་ཏུ་གསོལ། །དེ་ཡིས་དབང་མཆོག་ཐོབ་པར་ཤོག །ༀ་བཛྲ་ཙན་དྷ་མ་ཧཱ་ཱརོ་ཥ་ན་ཧཱུཾ་ཕཊ། ཨ་བྷི་ཥིཉྩ་ཧཱུཾ། ནུབ་ཕྱོགས་པད་མའི་འདབ་མ་ན། ཤ་རི་གསེར་མདོག་དཀའ་ཐུབ་གཟུགས། །ཆོས་གོས་གསུམ་ལྡན་བསིལ་བྱེད་བསྣམས། སྤུས་གཙུག་གཡོན་པ་ལྷུང་བཟེད་བསྣམས། །ལུས་ངག་ཡིད་གསུམ་མཉམ་པའི་ངང་། འདི་ཡིས་བྱིན་གྱིས་བརླབ་ཏུ་གསོལ། །དེ་ཡིས་དབང་མཆོག་ཐོབ་པར་ཤོག །ༀ་ན་མཿ ས་མནྟབུདྡྷ་ནན་བྷ་ག་ཝན། བྲ་བྷ་ཏ་ཐཱ་ག་ཏ་བྷི་ཥ་ཡ་ས་བྷ་ཝ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། བྱང་ཕྱོགས་པདྨའི་འདབ་མ་ན། །པད་ཟླ་རྒྱས་བའི་གདན་སྟེངས་ན། །སྤྱན་རས་དཀར་པོ་བྱང་ཆུབ་སེམས། །བརྒྱན་མཛེས་སེམས་དཔའ་དཀྱིལ་དཀྲུང་བཞུགས། །གཡས་ན་པད་མ་མཆོག་སྦྱིན་དང་། །གཡོན་པའང་པད་མ་པོ་ཏི་འཛིན། འདི་ཡིས་བྱིན་གྱིས་བརླབ་ཏུ་གསོལ། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཀ་རུ་ནན་མ་ར་ཡ་བཛྲ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། གཞལ་ཡས་ལྷ་སྣམས་ཤར་ཕྱོགས་ཀྱི། །པད་ཟླ་རྒྱས་པའི་གདན་སྟེངས་སུ། །བདེ་གཤེགས་དཀོན་མཆོག་འབྱུང་གནས་ནི། །སྐུ་མདོག་ཤེལ་ལྟར་དཀར་བ་ལ། ཕྱག་གཡས་རིན་ཆེན་མཆོག་སྦྱིན་མཛད། ཕྱག་གཡོན་ལྟེ་བའི་ཐད་དཀར་ནི། འཐིལ་ནི་འགྲོ་ལ་སྟོན་པར་མཛད། །འདི་ཡི་བྱིན་གྱིས་བརླབ་ཏུ་གསོལ། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཨ་ཡུ་པུ་ར་ག་ཏི་སྭཧཱ། ཨ་བྷི་ཥིཉྩ་ཧཱུཾ། གཞལ་ཡས་ལྷ་སྣམས་ལྷོ་ཕྱོགས་ན། །པད་ཟླ་རྒྱས་པའི་གདན་སྟེངས་སུ། །བདེ་གཤེགས་མྱ་ངན་མེད་པའི་དཔལ། །སྐུ་མདོག་ནམ་མཁའི་ མདོག་ཅན་ལ། །གཡས་པ་འཁོར་ལོ་འབར་བ་བསྣམས། །གཡོན་པ་ལྟེེ་བའི་ཐད་དཀར་ནི། འགྲོ་ལ་བསྟན་པས་ཉོན་མོངས་སེལ། །འདི་ཡིས་བྱིན་གྱིས་བརླབ་ཏུ་གསོལ། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་རཏྣ་ཨ་བྷི་ཡ་ནི་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། གཞལ་ཡས་ལྷ་སྣམས་ནུབ་ཕྱོགས་ན། །པད་ཟླ་རྒྱས་པའི་གདན་སྟེངས་སུ། །བདེ་གཤེགས་རིན་ཆེན་འོད་འཕྲོ་བ། །སྐུ་མདོག་གངས་རི་ལྟར་དཀར་ཞིང་། །གཡས་པ་མཆེ་བ་རྩིགས་པ་རྣམས། །གཡོན་པ་ལྟེ་བའི་ཐད་དཀར་ནི། །འགྲོ་ལ་བསྟན་པས་བགེགས་རྣམས་འདུལ། །འདི་ཡིས་བྱིན་གྱིས་བརླབ་ཏུ་གསོལ། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཏྲི་ཏི་ཤ་ག་པ་རི་བི་ས་རི་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། གཞལ་ཡས་ལྷ་སྣམས་བྱང་ཕྱོགས་ན། །པད་ཟླ་རྒྱས་པའི་གདན་སྟེངས་ན། །བདེ་གཤེགས་རྒྱལ་བའི་དབང་པོ་ནི། །སྐུ་མདོག་ཨིན་ཏྲ་ནི་ལའི་མདོག །གཡས་པ་པད་མ་དཀར་པོ་འཛིན། །གཡོན་པ་ལྟེ་བའི་ཐད་དཀར་ནི། །འགྲོ་ལ་བསྟན་བའི་མུན་པ་སེལ། འདི་ཡིས་བྱིན་གྱིས་བརླབ་ཏུ་གསོལ། དེ་ཡིས་དབང་མཆོག་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་བྷི་ཤ་རཏྣ་སན་ཏི་སྭཱཧཱ། ཨ་བྷི་ཥིཉྩ་ཧཱུཾ། གཞལ་ཡས་སྣམ་བུའི་ཤར་ལྷོ་ན། །པད་ཟླ་རྒྱས་བའི་གདན་སྟེངས་སུ། །བདེ་གཤེགས་པདྨོ་དམ་པའི་དཔལ། །སྐུ་མདོག་དུང་ལྟར་དཀར་བའི་མདངས། །ཕྱག་གཡས་པདྨ་དམར་པོ་རྣམས། གཡོན་པ་ལྟེ་བའི་ཐད་དཀར་ནི། །འགྲོ་ལ་བསྟན་པ་འདོད་ཆགས་འཇོམས། །འདི་ཡིས་བྱིན་གྱིས་བརླབ་ཏུ་གསོལ། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་དུ་དུ་མ་ལེ་ཀེ་ཏ་དོ་པ་ཡེ་སྭཱཧཱ། ཨ་བྷི་ཥིཉྩ་ཧཱུཾ། གཞལ་ཡས་སྣམ་བུའི་ལྷོ་ནུབ་ན། པད་ཟླ་རྒྱས་པའི་གདན་སྟེངས་ན། ཉི་མ་སྣང་བ་དམ་པའི་དཔལ། སྐུ་མདོག་མར་གད་དམར་སྨུག་ལ། །ཕྱག་གཡས་མུན་སེལ་ཉི་མ་བསྣམས། ཕྱག་གཡོན་སྐུ་ལ་རྟེན་མཛད་པ། །འདི་ཡིས་བྱིན་གྱིས་བརླབ་ཏུ་གསོལ། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་མུག་རི་བཾ་མུག་ཏི་མར་གད་དུ་ཤ་མ་རི་སྭཱཧཱ། ཨ་བྷི་ཥིཉྩ་ཧཱུཾ། གཞལ་ཡས་བསྣམས་བུའི་ནུབ་བྱང་ན། །པད་ཟླ་རྒྱས་པའི་གདན་སྟེངས་ན། །སངས་རྒྱས་གདུག་ཆེན་དམ་པའི་དཔལ། །སྐུ་མདོག་ཨིན་ཏྲ་ནི་ལའི་མདོག །གཡས་པ་སྣ་ཚོགས་རྡོ་རྗེ་འཛིན། །ཕྱག་གཡོན་ལྟེ་བའི་ཐད་དཀར་ནི། །འཐིལ་ནི་འགྲོ་ལ་སྟོན་པར་མཛད། །འདི་ཡིས་བྱིན་གྱིས་བརླབ་ཏུ་གསོལ། །དེ་ཡིས་བྱིན་གྱིས་བརླབས་དུ་གསོལ། །དེ་ཡི་དབང་མཆོག་ཐོབ་པར་ཤོག ། ༀ་སརྦ་ཏ་ཐཱ་ག་ཏ་སུརྻ་བི་ལ་ཏ་སྭཱཧཱ། ཨ་བྷི་ཥིཉྩ་ཧཱུཾ། གཞལ་ཡས་བསྣམས་བུའི་བྱང་ཤར་ན། །པད་ཟླ་རྒྱས་པའི་གདན་སྟེངས་ན། །སངས་རྒྱས་གླང་པོ་དམ་པའི་དཔལ། །སྐུ་མདོག་གསེར་ལྟར་འཚེར་བ་ལ། །ཕྱག་གཡས་ཆོས་འཆད་ཕྱག་རྒྱ་སྟོན། །གཡོན་པ་ཆོས་གོས་འཛིན་མཛད་པ། །འདི་ཡིས་བྱིན་གྱིས་བརླབས་དུ་གསོལ། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་བྷ་ག་བྷ་ཏེ་བྷ་ཤི་ལ་ས་བྷ་ཝ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། གཞལ་ཡས་བསྣམས་བུའི་ཤར་སྟོད་ན། །པད་ཟླ་རྒྱས་པའི་གདན་སྟེངས་སུ། །དགའ་བར་བྱེད་པའི་སངས་རྒྱས་ནི། །སྐུ་མདོག་ཨུདྤལ་སྔོན་པོའི་མདངས། །ཕྱག་གཡས་རིན་ཆེན་བུམ་པ་བསྣམས། །གཡོན་པ་སྐུ་ལ་རྟེན་མཛད་པ། །འདི་ཡིས་བྱིན་གྱིས༴ དེ་ཡི་དབང་མཆོག་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ར་མ་ཏི་ར་བཛྲ་སྭཱཧཱ། ཨ་བྷི་ཥིཉྩ་ཧཱུཾ། གཞལ་ཡས་བསྣམས་བུའི་ནུབ་སྨད་དུ། །པད་ཟླ་རྒྱས་པའི་གདན་སྟེངས་སུ། །བདེ་གཤེགས་པདྨ་དམ་པའི་དཔལ། །སྐུ་མདོག་གསེར་ལྟར་འཚེར་བའི་མདངས། །ཕྱག་གཡས་པདྨ་དམར་པོ་བསྣམས། །གཡོན་པ་ལྟེ་བའི་ཐད་དཀར་ནི། །འཐིལ་ནི་ཕྱིར་བསྟན་གདུང་པ་སེལ། །འདི་ཡིས་བྱིན་གྱིས་བརླབ་ཏུ་གསོལ། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་པདྨ་བྷ་ལ་སྭཱཧཱ། ཨ་བྷི་ཥིཉྩ་ཧཱུཾ། བྱང་ཆུབ་སེམས་དཔའི་དབང་དང་། ཀྲི་ཡའི་དབང་དང་། ཡོ་གའི་དབང་དང་གསུམ་ལ་བཀྲ་ཤིས་ཀྱི་དབང་རྒྱ་རྩ་བརྒྱད་ཡོད་པ་ལ་འདི་བྱང་ཆུབ་སེམས་དཔའི་དབང་ལ་ཉི་ཤུ་ཀྲྀ་ཡ་ལ། ཉི་ཤུ་རྩ་དྲུག་ཡོ་ག་ལ་དྲུག་བཅུ་རྩ་གཉིས་སྟེ། དང་པོ་བྱང་ཆུབ་སེམས་དཔའི་དབང་ལ་ཉི་ཤུ་ནི། སྔོན་བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོ་དེ་དགའ་ལྡན་གྱི་གནས་ནས་ཡུམ་སྒྱུ་མ་ལྷ་མཛེས་ཀྱི་ལྷུམས་སུ་གཤེགས་པའི་དུས་སུ། དབུ་ལས་རིན་པོ་ཆེའི་སྲོག་ཞུ་ཕུད་ནས། མི་ཕམ་མགོན་པོ་ལ་ཆོས་ཀྱི་རྒྱལ་ཚབ་དུ་ལྷ་རྣམས་ཀྱིས་སྟོན་པ་མཛད་པར་དབང་བསྐུར་རོ། དེ་དང་རྗེས་སུ་མཐུན་པར་རིན་པོ་ཆེ་ཅོད་པཎ་གྱི་དབང་བསྐུར་བས། ཆོས་ཀྱི་རྒྱལ་ཚབ་བྱེད་པའི་མཐུ་དང་ལྡན་པར་གྱུར་ཅིག །ཏོག་དཀར་དབུ་ལས་རིན་ཆེན་ཅོད་པཎ་བཤུས། །ཉིད་ཀྱི་ཕྱག་གིས་ཁོ་བོའི་དབུ་ལ་བཞག །མི་ཕམ་མགོན་པོ་ཆོས་ཀྱི་རྒྱལ་ཚབ་རྗེ། ཆོས་ཀྱི་རྒྱལ་སྲིད་ཆེད་པོ་བྱེད་པར་ཤོག །ཆོས་ཀྱི་དབྱིངས་ནས་འབྱུང་གནས་ག་ན་བར། །སྤྲུལ་སྐུ་ཀུན་ཁྱབ་ཡིད་བཞིན་འབྱུང་བའི་གཏེར། །དང་པོར་ཚོགས་རྫོགས་ཡོངས་ལ་མཐར་ཕྱིན་པའི། །འདི་ན་བཀྲ་ཤིས་རྫོགས་པའི་དབང་གི་ལེའུ་སྟེ་དང་པོའོ། །སྔོན་བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོ་དེ་ཡུམ་སྒྱུ་མ་ལྷུམ་མཛེས་ཀྱི་ལྷུམས་ཞུགས་པ་དང་། ཡུམ་གྱི་ཕྱག་གིས་སེམས་ཅན་ཐམས་ཅད་ལ་རེག་ཅིང་ད བང་བསྐུར་བས། ཉོན་མོངས་པ་དང་། ན་ཚའི་སྡུག་བསྔལ་ཐམས་ཅད་ཞི་བར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་དེ་ཡི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག །སྒྱུ་མ་ལྷུམ་མཛེས་ལྷ་ཡི་ལྕམ། །ལྷ་ཡི་ལུས་ལ་རིན་ཆེན་མཛེས། །ཉོན་མོངས་སྡུག་བསྔལ་ཀུན་ཞི་ཞིང་། །ན་ཚའི་སྡུག་བསྔལ་ཀུན་ཞི་ནས། །ན་ཚའི་སྡུག་བསྔལ་ཐར་བར་ཤོག །བྱིན་བརླབས་ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན། །ཀུན་ལའང་བྱམས་སྙོམས་ཐུགས་རྗེ་ཆེ་བའི་མ། །གཞན་ལ་ཕན་མཛད་ཉིད་དོན་ལྷུན་གྱིས་གྲུབ། འདི་ནི་ལྷུན་གྱིས་གྲུབ་བའི་བཀྲ་ཤིས་ལེའུ་གཉིས་པའོ། །སྔོན་བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོ་དེ། ལུམ་བིའི་ཚལ་དུ་ཡུམ་གྱི་ལྷུམ་ནས་བལྟམས་པ་དང་། སེང་གེའི་ཕྲུ་གུ་ཟུང་ཅིག་གིས་བསྐོར་བ་བྱས་ཞིང་དབང་བསྐུར་བས། །སྡོ་བའི་ཕྱོགས་ཐམས་ཅད་ཟིལ་གྱིས་ནོན་བའི་དབང་དམ་པ་ཐོབ་བོ། །དེ་དང་རྗེས་སུ་མཐུན་པར་སེང་གེའི་ཕྲུ་གུ་ཟུང་ཅིག་གི་དབང་བསྐུར་བས། སྡོ་བའི་ཕྱོགས་ཐམས་ཅད་ཟིལ་གྱིས་ནོན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །སེང་གེའི་ང་རོ་སྒྲ་ཅན་ཐོགས་མེད་པས། །འཇིགས་པ་མེད་པའི་སྒྲ་ཆེན་བསྒྲགས་ནས་ཀྱང་། །བར་དུ་གཅོད་པའི་བདུད་ཀྱི་སྡེ་བཏུལ་ཏེ། །སྡོ་བའི་ཕྱོགས་རྣམས་ཟིལ་གྱིས་ནོན་པར་ཤོག །ཐམས་ཅད་ཟིལ་ནོན་ཆོ་འཕྲུལ་ཆེ་བའི་ལྷ། །ཡོན་ཏན་ཀུན་ཚངས་གདུག་པ་ཟིལ་གྱིས་ནོན། །ཆེ་བའི་མཐུ་སྟོབས་ཁྱད་པར་ཀུན་ལས་འཕགས། འདི་ནི་ཆེ་བཙན་མཐུ་སྟོབས་བཀྲ་ཤིས་ལེའུ་གསུམ་པའོ། །སྔོན་སྒྱུ་མ་ལྷུམ་མཛེས་ཀྱིས་གྲོང་ཁྱེར་སེར་སྐྱ་ན་བཞུགས་པ་ལ། །གླང་པོ་ཆེ་ཕྲུ་གུ་གཉིས་ཀྱི་སྣས་བྱུག་ཅིང་དབང་བསྐུར་བས། །འཇིག་རྟེན་འདེགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །འཇིག་རྟེན་འདེགས་པའི་སྟོབས་ལྡན་ཞིང་། །ཐེག་པ་བཞི་ཡིས་དོན་རྟོགས་ནས། །བྱེ་བྲག་འབྱེད་པའི་སྟོབས་རྫོགས་ཏེ། །སྟོབས་ཀྱི་ཕ་རོལ་ཕྱིན་རྫོགས་ཤོག །མཐུ་སྟོབས་ཕུན་སུམ་ལྡན་པ་ཡིས། །རིན་ཆེན་གསེར་བརྒྱན་ཀུན་གྱིས་བརྒྱན། །དཔེ་བྱད་མཚན་རྫོགས་གླང་པོ་སྟོབས། །འདི་ནི་སྟོབས་བཅུ་ལྡན་པའི་བཀྲ་ཤིས་ལེའུ་བཞི་པའོ། །སྔོན་བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོ་དེ། བྱང་ཆུབ་ཀྱི་རྒྱན་ཚལ་དུ་ཡུམ་གྱིས་ལྷུམས་ནས་བལྟམས་པ་ལས། ཚངས་པ་དང་བརྒྱ་བྱིན་གྱིས་བླང་ནས། ན་བཟའ་ཀ་རི་ཀ་གསོལ་ཏེ་དབང་བསྐུར་བས། མཁྱེན་པའི་བྱེ་བྲག་ལ་མཁས་པ་མ་འདྲེས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་དང་རྗེས་སུ་མཐུན་པར་ན་བཟའ་ཀ་ཤི་རས་དབང་བསྐུར་བས། མཁྱེན་པའི་ཡེ་ཤེས་གསལ་ཞིང་མ་འདྲེས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཉོན་མོངས་སྐྱོན་སྤངས་ཀ་ཤི་རས། །ལེགས་པའི་ཡོན་ཏན་ཀུན་རྫོགས་ཏེ། །ཉེས་པའི་སྐྱོན་ལས་སྐྱོབས་པ་དང་། མཁྱེན་པའི་བྱེ་བྲག་གསལ་བར་ཤོག །ཚངས་པ་བརྒྱ་བྱིན་བསོད་ནམས་དག་པའི་ལྷ། །ལྷ་ཡི་རྒྱལ་པོ་བློན་པོ་ཚངས་པའི་སྐུ། །མངོན་ཤེས་ལྔ་ལྡན་ཆོས་ཉིད་ཞི་བའི་བདག །འདི་ནི་ཡོན་ཏན་བཀྲ་ཤིས་དབང་གི་བཀྲ་ཤིས་ལེའུ་ལྔ་པའོ། །སྔོན་རྒྱལ་བུ་དོན་གྲུབ་པ་དེ། །ཡུམ་གྱི་ལྷུམ་ནས་བལྟམས་ནས། །དགུང་བདུན་ལོན་པ་དང་། རྒྱལ་པོ་ཤཱ ཀྱ་རིགས་ཀུན་ཚོགས་ནས། གཞོན་ནུ་དོན་འགྲུབ་ཏུ་མིང་བཏགས་ནས་དབང་བསྐུར་བས། ཤེས་བྱ་ལ་མ་རྨོངས་པའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་སློབ་མ་འདི་ལ་མིང་གི་དབང་བསྐུར་བས། ཤེས་བྱ་ལ་ཡེ་ཤེས་མ་རྨོངས་པ་གཞོན་ནུ་དོན་འགྲུབ་དུ་དབང་ཐོབ་པར་གྱུར་ཅིག །རིགས་ཀྱི་བུ་ཁྱོད་དེང་ཕན་ཆད། །མིང་མཆོག་གྲགས་པས་དབང་བསྐུར་བས། །གཞོན་ནུ་དོན་འགྲུབ་ཡིན་པའི་ཕྱིར། །རྒྱལ་པོ་དོན་འགྲུབ་ཡིན་པར་ཤོག །རྒྱལ་རིགས་ཁྲིམས་གཙང་མང་པོ་ཀུན་འདུས་ནས། །ལྷ་མི་ཀུན་ལ་དབང་བསྐུར་རྒྱལ་པོར་བསྐོས། །ཀུན་ལས་དཔག་པའི་རྒྱལ་ དབང་དམ་པ་སྟེ། འདི་ནི་ཀུན་གྱི་རྒྱལ་པོའི་དབང་གི་བཀྲ་ཤིས་ལེའུ་དྲུག་པའོ། །སྔོན་རྒྱལ་བུ་དོན་ཐམས་ཅད་གྲུབ་པ་དེ་ཡིག་དཔོན་ཀུན་གྱིས་བཤེས་གཉེན་ལ། །ཡི་གེ་སློབ་པའི་དུས་སུ་ཙན་དན་སྦྲུལ་གྱི་ཤིང་ལ་གསེར་གྱི་ཡང་མིག་བཏགས་ནས། །རིན་ཆེན་སྣ་ཚོགས་ཀྱི་རྒྱན་གྱིས་བརྒྱན་ནས། ཡིག་གེ་སློབ་པའི་དབང་བསྐུར་བས། ཡིག་དཔོན་གྱིས་ཀྱང་མ་ཐུབ་ལ། ལྷ་དང་མིའི་ཡི་གེ་ཐམས་ཅད་ལ་མཁས་པའི་དབང་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཡིག་ཤིང་གིས་དབང་བསྐུར་བས། །ཆོས་ཀྱི་སྒྲ་སྒྲོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཙན་དན་སྦྲུལ་གྱི་ཡིག་ཤིང་ལ། །རིན་ཆེན་གསེར་གྱི་ཡང་མིག་བཏགས། །འགྲོ་བའི་དོན་བྱེད་ཡི་གེའི་མཐུ། །ཆོས་ཀྱི་སྒྲ་རྣམས་སྒྲོགས་པར་ཤོག །ཆོས་ཉིད་ཀུན་སྟོན་རྫུ་འཕྲུལ་ཡི་གེའི་མཐུ། །ཕ་རོལ་ཟིལ་གནོན་ཆོས་ཉིད་ཀུན་ལས་རྒྱལ། །འདི་འདྲ་ཡོན་ཏན་གཞན་ན་མེད་པའི། འདི་ནི་ཡི་གེ་ཚོགས་རྫོགས་དབང་གི་བཀྲ་ཤིས་ལེའུ་བདུན་པའོ། །སྔོན་རྒྱལ་བུ་དོན་ཐམས་ཅད་གྲུབ་པ་ལ་སྲུ་མོ་ཀོ་ཏ་མས་རྒྱན་གྱིས་བྱེ་བྲག་གིས་བརྒྱན་ཅིང་དབང་བ སྐུར་བས། ས་དང་རྡོ་ལ་བྱས་པའི་བསམ་མནོ་མེད་པ་རྣམས་ཕྱག་ཚུར་འཚལ་བའི་དབང་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་རྒྱན་གྱི་བྱེ་བྲག་གིས་དབང་བསྐུར་བས། འགྲོ་བ་ཐམས་ཅད་ཤེས་པ་དང་ལྡན་པ ར་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །མཛེས་པའི་རྒྱན་རྣམས་མྱུར་དུ་བཏགས་ནས་ཀྱང་། །ལེགས་པའི་ཡོན་ཏན་ཀུན་ཚང་ཡེ་ཤེས་སྐུ། །མ་རིག་ཐར་ལམ་མ་ལུས་འདྲེན་པའི་མཆོག །རྟོགས་པའི་ཡེ་ཤེས་མཆོག་དང་ལྡན་པར་ཤོག །ཡོན་ཏན་ཀུན་ལྡན་སྲུ་མོ་མཛེས་པའི་བརྒྱན། །ལེགས་པ་ཀུན་རྫོགས་ཡོན་ཏན་མཐར་ཕྱིན་པ། །ཆེ་བའི་ཡོན་ཏན་གཞན་ཕྱིར་མི་ལང་སྟེ། འདི་ནི་ལེགས་པ་ཀུན་རྫོགས་དབང་གི་བཀྲ་ཤིས་ལེའུ་བརྒྱད་པའོ། །སྔོན་རྒྱལ་བུ་དོན་ཐམས་ཅད་གྲུབ་པ་དེ་བདུད་ལྷས་སྦྱིན་དང་རྩལ་འགྲན་པའི་དུས་སུ། མེས་ཆེན་པོ་སེང་གེ་འགྲམ་གྱིས་རྣམ་རུས་གཞུལ་ཟེར་དབང་བསྐུར་བས། སྒྲའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་བྱུང་ཞིང་། བདུད་བསྒྱུར་བརྩལ་གྱིས་འདུལ་བའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར། སློབ་མ་རྣམས་ལ་རྣམ་རུས་དབང་བསྐུར་བས། སྙན་པའི་སྒྲ་སྒྲོགས་ཤིང་བདུད་དཔུང་འདུལ་བའི་དབང་འཕོངས་རྩལ་དང་ལྡན་པར་གྱུར་ཅིག །སྙན་པའི་སྒྲ་སྒྲོགས་རྣ་རུས་མཆོག །འགྲོ་བ་ཀུན་གྱིས་ཡིད་ཚིམ་ཞིང་། གནོད་པའི་བདུད་རྣམས་བཅོམ་ནས་ནི། །བདུད་རྣམས་འདུལ་བའི་དབང་ཐོབ་ཤོག །ཐམས་ཅད་ཀུན་འདུལ་མཐུ་སྟོབས་ཕུན་སུམ་ཚོགས། །རྫུ་འཕྲུལ་ཐབས་ཀྱི་ཕ་རོལ་ཟིལ་གྱིས་ནོན། །དོན་དང་མི་འགལ་གདུག་པ་ཞི་མཛད་པ། །འདི་ནི་སྣམ་རུས་དབང་གི་ལེའུ་དགུ་པའོ། །སྔོན་རྒྱལ་བུ་དོན་ཐམས་ཅད་གྲུབ་པ་དེ་ལ་དྲང་སྲོང་སྐར་མ་ལ་དགའ་བས་འདོད་འཇོ་བའི་ཞོ་ཕྱག་ཏུ་ཕུལ་དེ་བཀྲ་ཤིས་པ་དེ་བཞིན་དུ། སློབ་མ་རྣམས་ལ་འདོད་འཇོ་བའི་ཞོ་ལག་ཏུ་སྦྱིན་པས་བཀྲ་ཤིས་པར་གྱུར་ཅིག །ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་ན་། །སྙིང་པོ་རྣམ་དག་ཡེ་ཤེས་དག་རྟོགས་ནས། །ཡོན་ཏན་ཀུན་གྱི་དབྱིངས་སུ་འགྱུར་བ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་བར་ཤོག །ལེའུ་བཅུ་པའོ། །འདི་ནས་མཚོན་ཙམ་ཚང་འདུག །སྔོན་རྒྱལ་བུ་དོན་ཐམས་ཅད་གྲུབ་པ་དེས་འཁོར་ལོས་བསྒྱུར་བའི་རྒྱལ་པོར་བསྐོས་ནས། ཤིང་རྟས་དབང་བསྐུར་བས། འཛམ་བུ་གླིང་བཞི་ལ་འཁོར་ལོས་བསྒྱུར་བར་གྱུར་ནས། འཁོར་བའི་ཆོས་ཐམས་ཅད་མི་རྟག་པར་མི་རྟག་པར་མཁྱེན་པའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཤིང་རྟ་ལ་སོགས་པ་འཁོར་ལོས་བསྒྱུར་བའི་རྒྱལ་པོར་དབང་བསྐུར་བས། འཛམ་བུ་གླིང་བཞི་ལ་དབང་བསྒྱུར་ཞིང་སྐྱེ་ཤི་མི་རྟག་པར་མཁྱེན་པའི་སྡུག་བསྔལ་སུན་འབྱིན་པར་གྱུར་ཅིག །རྒྱལ་སྲིད་ལོངས་སྤྱོད་དཔལ་དང་ལྡན་པའི་མཆོག །འགྲོ་བའི་དོན་མཛད་འཁོར་ལོས་བསྒྱུར་བའི་ལྷ། ལྷ་མི་ཡོངས་ཀྱི་སྤྱོད་པ་བསམ་མི་ཁྱབ། སྐྱེ་ཤི་མི་རྟག་པ་ལས་བཟློག་པར་ཤོག །རྒྱལ་སྲིད་ལོངས་སྤྱོད་དཔལ་དང་ལྡན་པའི་ལྷ། །གླིང་བཞི་མཐའ་སྐོར་སྐྱེ་རྒས་ན་འཆི་སྤོངས། །འཁོར་བའི་སྐྱོན་ཤེས་སྡུག་བསྔལ་སེལ་མཛད་པ། །འདི་ནི་ཤིང་རྟ་དབང་གི་བཀྲ་ཤིས་ལེའུ་བཅུ་གཅིག་པའོ། །སྔོན་རྒྱལ་པོ་དོན་ཐམས་ཅད་གྲུབ་པ་དེ་ཁབ་ནས་ཁབ་མེད་པར་རབ་ཏུ་བྱུང་བའི་དུས་སུ། འབངས་མོས་ཅན་གྱིས་ཆིབས་རིན་པོ་ཆེ་ལྔ་ལྡན་ཕྱུངས་ནས་ཕུལ་བས། །སྲོད་ཅིག་ལ་དཔག་ཚད་བརྒྱད་ཁྲི་སྟོང་འདས་ནས། རབ་ཏུ་བྱུང་ཏེ་ཉོན་མོངས་ལས་ཐར་བའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཕྱིབས་འདིས་དབང་བསྐུར་བས། རབ་ཏུ་བྱུང་ཞིང་ཉོན་མོངས་པ་ལས་ཐར་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །གང་ཡང་ཐོགས་མེད་བརྩོན་འགྲུས་མྱུར་བའི་ཤུགས། ཚངས་པ་བརྒྱ་བྱིན་མཐུ་ཆེན་ཆེ་བའི་ལྷ། །རྒྱལ་ཆེན་རིགས་བཞི་འདེགས་པའི་སྟོབས་དང་ལྡན། ཐོག་མེད་ཚངས་པར་སྤྱོད་པའི་མཐུ་ལྡན་ཤོག །འཁོར་བའི་ཆོས་ནི་འཆིང་བ་ལྟར་གཟིགས་པ། །འཁོར་བའི་ཉེས་པ་དགྲ་རྣམས་གཞོམ་པའི་ཕྱིར། འདོད་པའི་རྒྱུ་སྤོངས་རྣམ་རྟོག་བོར་མཛད་པ། །འདི་ནི་ཕྱིབས་ཀྱི་དབང་གིས་བཀྲ་ཤིས་ལེའུ་བཅུ་གཉིས་པའོ། །སྔོན་རྒྱལ་བུ་དོན་ཐམས་ཅད་གྲུབ་པ་དེས །རྣམ་དག་མཆོད་རྟེན་གྱིས་འགྲམ་དུ་ཁབ་ནས་ཁབ་མེད་པར་རབ་ཏུ་བྱུང་བ་ལས། སུམ་ཅུ་རྩ་གསུམ་གྱི་ལྷའི་བུ་མཛེས་པ་ཏོག་གིས། བཤན་རལ་གྲི་ཕྱག་ཏུ་ཕུལ་བས་དབང་བསྐུར་བས། ཉོན་མོངས་པའི་སྒྲིབ་པའི་དྲ་བ་གཅོད་པའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་བཅོམ་ལྡན་འདས་ཀྱིས་བཤན་རལ་གྲིས་དབང་བསྐུར་བས་ཉོན་མོངས་པའི་སྒྲིབ་པའི་དྲ་བ་གཅོད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཉོན་མོངས་དྲ་བ་གཅོད་པའི་རལ་གྲི་དེ། །མི་ཤེས་ཉོན་མོངས་རྒྱུ་རྣམས་བཅད་ནས་ཀྱང་། །བླ་མེད་བྱང་ཆུབ་གནས་སུ་བགྲོད་པའི་ཕྱིར། །ཉོན་མོངས་སྒྲིབ་པའི་དྲ་བ་གཅོད་པར་ཤོག །ཉོན་མོངས་དགྲ་རྣམས་མ་ལུས་བཅོམ་ནས་ཀྱང་། །བདེ་བའི་དོན་རྟོགས་ནག་ཁྲོད་དབེན་པར་གནས། །བདག་དོན་ལྷུན་གྲུབ་གཞན་དོན་མཐར་ཕྱིན་པས། འདི་ནི་ཚུལ་ཁྲིམས་དབང་གི་བཀྲ་ཤིས་ལེའུ་བཅུ་གསུམ་པའོ། །སྔོན་རྒྱལ་བུ་དོན་ཐམས་ཅད་གྲུབ་པ་དེ། །ཆུ་བོ་ན་ར་ཛ་ནའི་འགྲམ་དུ་བཀའ་ཐུབ་རྫོགས་པ་སུམ་ཅུ་རྩ་གསུམ་གྱིས་ལྷའི་བུ་ཡིད་བཞིན་འབྱུང་བས། སྲེག་ཤང་དང་བར་བུ་ཕུལ་བས། འགྲོ་བའི་དོན་མཐར་ཕྱིན་པར་རྫོགས་པའི་དབང་དམ་པ་ཐོབ་པོ། །དེ་དང་རྗེས་སུ་མཐུན་པར་བཅོམ་ལྡན་འདས་ཀྱིས་སྲེག་པར་ཀྱིས་རྫས་ཀྱི་དབང་བསྐུར་བས། བདག་དང་འགྲོ་བའི་དོན་མཐར་ཕྱིན་པར་རྫོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །སེར་སྣ་མདུད་པ་གྲོལ་ཕྱིར་སྲེག་ཤང་བསྣམས། ཆོག་ཤེས་བགང་བ་སླ་ཕྱིར་པར་བུ་བསྣམས། །བསོད་ནམས་ཚོགས་རྫོགས་བྱང་ཆུབ་ཉིད་ཀྱི་སྐུ། །བདག་དང་གཞན་དོན་མཐར་ཕྱིན་རྫོགས་པར་ཤོག །འདི་ནི་དོན་གྲུབ་དབང་གི་བཀྲ་ཤིས་ལེའུ་བཅུ་བཞི་པའོ། །སྔོན་བཅོམ་ལྡན་འདས་བསྙེན་པར་རྫོགས་པ་ལ། །སུམ་ཅུ་རྩ་གསུམ་གྱི་ལྷ་ཞིག་གིས་ན་བཟའ་དུར་སྨྲིག་གསོལ་བས་ཉོན་མོངས་འགྲོ་བ་སྲིད་ལས་སྐྱོབས་བའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར། བཅོམ་ལྡན་འདས་ཀྱིས་ན་བཟའ་ངུར་སྨྲིག་གི་རྫས་འདིས་དབང་བསྐུར་བས་ཉོན་མོངས་པ་འཁོར་བ་ལས་སྐྱོབས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ངན་འགྲོ་སྐྱོབས་ཕྱིར་ན་བཟའ་ཆོས་གོས་གསོལ། །མི་ཤེས་རྨོངས་པ་མ་ལུས་བསལ་བ་དང་། །བག་ཆགས་སྐྱོན་གྱི་དྲི་མས་མ་གོས་པས། །འབྲས་བུ་བྱང་ཆུབ་གནས་སུ་འགྲུབ་པར་ཤོག །འདི་ནི་ཉོན་མོངས་བསལ་བའི་དབང་གི་བཀྲ་ཤིས་ལེའུ་བཅོ་ལྔ་པའོ། །སྔོན་བཅོམ་ལྡན་འདས་མ་ག་ཏ་རུ། །བསོད་སྙོམས་ལ་གཤེགས་པ་ལ། སྦྲེའུའི་རྒྱལ་པོ་སྦྲང་རྩི་ལྷུང་བཟེད་གང་འཕུལ་བས། བཀྲ་ཤིས་པའི་རྫས་མཆོག་དམ་པ་དང་ལྡན་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་སློབ་མ་རྣམས་ལ་བཀྲ་ཤིས་པའི་རྫས་འདི་དབང་བསྐུར་བས། འབྲས་བུ་ཕུན་སུམ་ཚོགས་པའི་མཆོག་དང་ལྡན་པའི་བཀྲ་ཤིས་པར་གྱུར་ཅིག །རྒྱལ་རིགས་སྦྲེའུ་རྒྱལ་པོ་ཡིས། །སྦྲང་རྩི་ཕུལ་བའི་བསོད་ནམས་མཆོག །ཐུགས་རྗེས་མཐུན་པའི་བྱིན་བརླབས་ཀྱིས། །བཀྲ་ཤིས་སྟོབས་མཆོག་ལྡན་པར་ཤོག །འདི་ནི་བསོད་ནམས་མ ཆོག་གི་དབང་གི་བཀྲ་ཤིས་ལེའུ་བཅུ་དྲུག་པའོ། །སྔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཆུ་བོ་ན་ར་ཛ་རའི་འགྲམ་དུ། དཀའ་ཐུབ་ལོ་གསུམ་མཛད་ལོ་གཉིས་འབྲས་ས་ལེ་ལྗང་པ་ཉག་རེ་གསོལ། ལོ་གཅིག་ཆུ་ཐིག་པ་རེ་གསོལ་ལོ་གཅིག་ཅི་ཡང་མ་གསོལ་ན་ཡང་། སྦྲིབས་ཅིང་སྐྱེམས་པ་མི་མངའ། མས་གྲོང་ཁྱེར་གྱིས་བུས་བས་ཀྱང་མཐོ་ཙམ་པ་ལས། ཉིད་ལ་ཚོར་བའི་རྒྱུ་དུམ་བུ་ཡང་མི་མངའ་སྟེ། རྒྱུ་སྐམ་ཞིང་རིད་པ་ལ་གྲོང་པ་ལེགས་འོང་མའི་བུ་མོ་ལེགས་སྐྱེས་མས། འབྲས་ཆེན་མཁར་གཞོང་གང་ཕུལ་བས། སྐུ་གསེར་གྱི་གཏན་པ་ཕྱིས་པ་བཞིན་གྱུར་ནས། །མཚན་དང་དཔེ་བྱད་དུ་ལྡན་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་སློབ་མ་རྣམས་ཀྱང་མཚན་དང་དཔེ་བྱད་དུ་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཉོན་མོངས་མེད་པ་འབྲས་ཀྱི་མཆོག །ཞི་བའི་ངང་ལ་རབ་ཏུ་གནས། །བསོད་ནམས་ཐོབ་ཕྱིར་དངོས་པོ་འདི། །མཚན་དང་དཔེ་བྱད་རྫོགས་པར་ཤོག །འདི་ཟས་མཆོག་དབང་གི་བཀྲ་ཤིས་ལེའུ་བཅུ་བདུན་པའོ། །སྔོན་བཅོམ་ལྡན་འདས་བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་པའི་དུས་སུ། རྩ་མཆོག་བཀྲ་ཤིས་མས་རྩ་རྨ་བྱའི་མགྲིན་པ་འདྲ་བ་ཕྱག་དུ་ཕུལ་བས། བཅོམ་ལྡན་འདས་ཀྱི་གདན་དུ་བཏིང་པས་བདུད་ཀྱི་མི་ཚུགས་ཤིང་བཀྲ་ཤིས་པའི་རྫས་སུ་ལྡན་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་དབང་རྫས་འདིས་དབང་བསྐུར་བས། བཀྲ་ཤིས་པ་དང་བར་ཆད་ཀྱིས་མི་ཚུགས་པའི་དབང་དང་ལྡན་པར་གྱུར་ཅིག །སྔོན་གྱི་དྲང་སྲོང་རྣམས་ཀྱིས་གྲུབ་པ་ཡིས། །བཀྲ་ཤིས་རྩ་མཆོག་རྨ་བྱའི་མགྲིན་པ་འདྲ། །ལེགས་པ་ཀུན་རྫོགས་ཉེས་པ་མེད་པ་དེ། །འགྲོ་བའི་དོན་དུ་བཀྲ་ཤིས་རྫོགས་པར་ཤོག །འདི་ནི་རྩྭ་མཆོག་དབང་གི་བཀྲ་ཤིས་ལེའུ་བཅོ་བརྒྱད་པའོ། །སྔོན་བཅོམ་ལྡན་འདས་སྐྱེས་བུ་གྱད་ཀྱི་ཉེ་འཁོར་ན་བཞུགས་པའི་ཚེ། བྱང་ཕྱོགས་ཚངས་པ་ཉེ་མགོན་དང་། ལེགས་སྐྱབས་ཀྱི་བུ་རམ་ཤིང་ཤུན་པ་དང་མ་བྲལ་བ་དང་། སྦྲང་རྩི་ཡོན་དུ་ཕུལ་བས། ཤིན་ཏུ་བཀྲ་ཤིས་པའི་རྫས་དམ་པ་དང་ལྡན་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་སློབ་མ་རྣམས་ལ་བཀྲ་ཤིས་པའི་རྫས་འདིས་དབང་བསྐུར་བས། བཀྲ་ཤིས་སྐྱེ་འཆི་མེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཐམས་ཅད་ཀུན་གྱི་སྙིང་པོ་ཡོན་མཆོག་ཏེ། །དད་པ་སྐྱེས་ནས་མཆོག་གནས་བྱས་པ་དང་། །འབྲས་བུ་སྨོན་ལམ་མྱུར་དུ་ཐོབ་པའི་ཕྱིར། །འདི་དག་བཀྲ་ཤིས་མྱུར་དུ་རྫོགས་པར་ཤོག །འདི་ནི་ཤེས་རབ་མཐར་ཕྱིན་དབང་གི་བཀྲ་ཤིས་ལེའུ་བཅུ་དགུ་པའོ། །སྔོན་བཅོམ་ལྡན་འདས་ཀྱིས་མཛད་པ་བཅུ་གཉིས་ཡོངས་སུ་རྫོགས་པར་མཛད་པའི་དུས་སུ། དཔལ་ཆེན་པོ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་མཆོད་རྟེན་གཉིས་ཀྱི་དབང་བསྐུར་བར་མཛད་པས་ཤིན་ཏུ་བཀྲ་ཤིས་པའི་རྫས་དམ་པ་དང་ལྡན་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་སློབ་མ་རྣམས་ལ་བཀྲ་ཤིས་པའི་རྫས་མཆོད་རྟེན་གཉིས་ཀྱི་དབང་བསྐུར་བས། བཀྲ་ཤིས་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཡོན་ཏན་མཐར་རྫོགས་སངས་རྒྱས་ས་ལ་གནས། །གོ་འཕང་བླ་མེད་རྒྱལ་ཐབས་སྤྱོད་པ་གཅིག །འགྲོ་དོན་མཐར་ཕྱིན་འཇིག་རྟེན་གསུམ་གྱི་མགོན། །མཛད་པ་མཐར་ཕྱིན་བཀྲ་ཤིས་རྫོགས་པར་ཤོག །འདི་ནི་མཆོད་རྟེན་དབང་གི་ལེའུ་སྟེ་ཉི་ཤུ་པའོ། །གཉིས་པ་ནུས་པའི་དབང་ལྔ་སྟེ། ཉན་དབང་དང་། བསྒྲུབ་དབང་དང་། འཆད་དབང་དང་། ཕྲིན་ལས་ཀྱི་དབང་དང་། རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་ངོ་། །དབང་དེ་ལྔའི་ཆོ་ག་ཡང་གོང་དང་མཐུན་ནོ། །གསུམ་པ་གསང་བ་ཟབ་མོའི་དབང་ལ་གསུམ་སྟེ། གསང་དབང་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་དང་། །དབྱེར་མེད་བདེ་བ་ཆེན་པོའི་དབང་ངོ་། །དབང་དེ་གསུམ་གྱི་ཆོ་གའི་དོད་ནི། ལམ་འཁྱེར་བཞི་ལ། ཐེག་པ་ལམ་འཁྱེར་བྱང་ཆུབ་སེམས་དཔའ། ལྷ་ཡུམ་ཆེན་མོ་ལ་ཕྱོགས་བཅུའི་སངས་རྒྱས་ཀྱི་སྐོར་བར་བསམ། ཙ་ཀ་ལིའི་ལྷ་བཅོ་ལྔ། སྙིང་པོ་ཏདྱ་ཐཱ་ༀ་ག་ཏེ། དབང་མཛད་པ་ཉི་ཤུའི་དབང་། གདམས་ངག་ནི་བུ་གཅིག་པ་ལ་མས་བརྩེ་བ་ལྟ་བུ། །བྱམས་པ་དང་སྙིང་རྗེ་སྒོམ་པའི་སྒོ་ནས། །སེམས་ཅན་ཐམས་ཅད་ཁྱབ་པར་བསྒོམས། །ལྟ་བ་ནི་བདག་མེད་ཀྱི་དོན་རྟོགས། བསྒོམ་པ་ནི་རྣམ་པར་མི་རྟོག་པ་བསྒོམ་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུགལྡན་བསྒྲུབ་པ་ཉམས་སུ་བླང་། འབྲས་སུ་བཅུ་གཅིག་ཀུན་ཏུ་འོད་ཐོབ། སྒོམ་ཆེན་གྱི་འདུག་ཚུལ་ནི། ཡུལ་དཔོན་ཡུལ་ཚིས་བྱེད་པ་ལྟ་བུ། སྤྱི་དོན་ལ་དམིགས་པ་ཁོ་ནའོ། །དེ་ལ་ཡེ་ཤེས་ཀྱི་ངང་སྒོམ་གྱི་དབང་དུ་བྱས་ན། དེ་ཡང་བདེན་པ་གཉིས་ཀྱི་དོན་བསྒོམ་པ་སྟེ། དེ་ནས་ཀུན་རྫོབ་ཀྱི་དབང་དུ་བྱས་ན། དབང་རྫས་ལག་ཏུ་གཏད་ནས། ཏིང་ངེ་འཛིན་དང་ཆོ་གས་དབང་བསྐུར་བྱ །བསྐུར་བྱེད་བཅས་པ་ཡེ་ཤེས་ཆེན་པོའི་མཛད་པ་ཉི་ཤུའི་དབང་དེ་རང་ཡིན་པས། དོན་དམ་པ་ན་སྙིང་གི་དཀྱིལ་དུ་ཐིག་ལེ་ལྕོག་སྒོ་ཙམ་ཅིག་སྒོམ །འོད་ཀྱི་རྣམ་པ་ཁ་དོག་དུའང་མ་ངེས་པ་ཅིག་བསྒོམ། དེའང་ཐིག་ལེ་སྟོང་པ་སྐྱེ་བ་མེད་པ། ཞེས་སོ། །ཐིག་ལེ་དེ་ལ་བརྟག་པས་ཁ་དོག་གི་རྣམ་པ་མ་འགགས་པ་ཅིར་ཡང་སྣང་བ། ཁ་དོག་རྣམས་ལ་བརྟགས་པས། ཕྱོགས་གཅིག་པས་གང་དུའང་མ་འགྲུབ་པོ། །དེ་བཞིན་དུ་ཀུན་རྫོབ་དུ་དབང་རྫས་དང་དབང་བསྐུར་བ་ལ་སོགས་ཅིར་ཡང་མ་འགགས་པར་ཤར་ཡང་། དོན་དམ་པར་ན་གང་དུ་ཡང་མ་དམིགས་པར་ཆོས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་ཞིང་ཅིའི་ངོ་བོར་མ་གྲུབ་པར་གནས་པ་ཡིན་ནོ། །དེ་ལྟར་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་ལ་མ་བཅོས་པར་གནས་པ་མེད་པའི་ཚུལ་གྱི་གནས་པར་བྱའོ་གསུངས་སོ། །དེའི་རྗེས་ལ་རྟགས་ཀུན་རྫོབ་མ་འགག་པའི་སྣང་ཆ། རང་ཉིད་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མར་བསྒོམས་ལ། སྤྱོད་པ་རྣམ་བཞི་ལྷ་དང་མི་འབྲལ་བར་བྱ་བ་ནི། བདེན་པ་གཉིས་ཟུང་དུ་འཇུགཔའི་ལམ་པ་ཞེས་བྱ་སྟེ། ཡེ་ཤེས་ཀྱིས་ངང་བསྒོམ་ཆེན་མོའི་ཐད་དཀར་གཟིགས་ཤིག །ད་ནི་བྱང་ཆུབ་སེམས་དཔའི་གནས་དྲུག་བཤད་ན། གང་དུ་བསྐུར་བའི་གནས་ནི། བྱ་རྒོད་ཕུང་པོའི་རིའི་རྒྱལ་པོའ་ིཁབ་དུ་བསྐུར། །གང་གིས་བསྐུར་བའི་སྟོན་པ་ནི། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུར། གང་ལ་བསྐུར་བའི་འཁོར་ནི། བྱང་ཆུབ་སེམས་དཔའ་རྒྱལ་བ་དོན་གྲུབ་ལ་སོགས་པ་ལ་བསྐུར། གང་བསྐུར་བའི་དབང་ནི། ཡེ་ཤེས་མཛད་པ་ཉི་ཤུའི་དབང་བསྐུར། ཅིའི་ཕྱིར་ན་དབང་བསྐུར་ན་མཛད་པ་ཉི་ཤུ་ཡོངས་སུ་རྫོགས་པ་འམ། མི་ལུས་ལྷ་རུ་བསྒྲུབ་པར་བྱ་བའི་ཕྱིར་བསྐུར། དགོས་པ་ནི་བདུད་ཀྱི་དཔུང་འཇོམས་ནས་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་འཇུག་པའི་དགོས་པ་ཡོད། དེ་ཡང་གཞུང་ལས། །གང་གིས་གང་ལ་གང་དུ་ཅི་ལྟ་བར། །ཚུལ་དང་དགོས་པར་བཅས་པ་རྣམ་དྲུག་གིས། །འདི་ནི་བྱང་ཆུབ་སེམས་དཔའི་འགག་དྲུག་ཡིན་ཞེས་སོ། །དེ་ནས་བཀྲ་ཤིས་གསོལ། ཡོན་འབུལ། དལ་བསྡུ། འདི་དག་ཕ་རོལ་ཏུ་ཕྱིན་པའི་དབང་གི་གདམས་པ་ཏེ། ཕལ་ལ་མ་མཆིས་ཐུགས་ཀྱི་དཀྱིལ་དུ་ཕྱུང་། ཨ་ཧོ་ས་མ་ཡ་སྟམ། ནོར་བུ་བྱི་དོར་བྱས་ན་དགོས་པ་འབྱུང་། །རྩ་ཆ་རྣམས་སུ་བྱས་ན་རྒལ་ཅན་འཕགས། །དྲང་པོའི་ཐིག་གདབ་སྒུར་པོ་རས་སུ་འགྲོ། །སྦལ་བུ་པདྨའི་དྲུང་ན་འདམ་ལ་སྤྱོད་ཅེས་གསུངས་སོ། །གསུམ་པ་རྗེས་ནི། ཡོན་དང་མཎྜལ་ཕུལ་ལ། བསྔོ་བ་སྨོན་ལམ་དང་བཀྲ་ཤིས་བརྗོད། ཚོགས་དང་དགའ་སྟོན་རྒྱ་ཆེན་བྱ། གླུ་གར་དང་། རྩེད་འཇོའི་ཉམས་སྐྱངས། རྗེས་ཆོག་ནི། མཆོད་པ་དང་། བསྟོད་པ་དང་། བསྔོ་བ་དང་། བཟོད་གསོལ་དང་། གཤེགས་གསོལ་དང་བཀྲ་ཤིས་བརྗོད་ལ། དཀྱིལ་འཁོར་བསྡུ། དེ་ནི་བྱང་ཆུབ་སེམས་དཔའི་དབང་གི་ཐེམ་སྐས་རྫོགས་སོ།། །།མངྒ་ལཾ། ཤུ་བྷཾ།


previousདང་པོ་ཕྱི་དབང་གི་ཆུ་བོ་ལས་བྱང་ཆུབ་སེམས་དཔའི་དབང་གི་ཐེམ་སྐས།no next