Nitartha Digital Library
Tibetan
 
previousམདོ་དབང་ཁམས་ལུགས་སུ་གྲགས་པ་སྦྲང་རྩིའི་ཆུ་རྒྱུན་པོད་གཉིས་པ་དང་པོ་ཕྱི་དབང་གི་ཆུ་བོ་ལས་ཀྲི་ཡའི་དབང་གི་ཐེམ་སྐས། རྨོག་སྟོན་རྡོ་རྗེ་དཔལ།next

མདོ་དབང་ཁམས་ལུགས་སུ་གྲགས་པ་སྦྲང་རྩིའི་ཆུ་རྒྱུན་པོད་གཉིས་པ་དང་པོ་ཕྱི་དབང་གི་ཆུ་བོ་ལས་ཀྲི་ཡའི་དབང་གི་ཐེམ་སྐས། རྨོག་སྟོན་རྡོ་རྗེ་དཔལ།

དང་པོ་ཕྱི་དབང་གི་ཆུ་བོ་ལས། ཨཱཿ ཀྲྀ་ཡའི་དབང་གི་ཐེམ་སྐས་བཞུགས་སོ། །ལྔ་པ་བྱ་བའི་རྒྱུད་ཀྱི་དབང་ལ་གཉིས་ཏེ། དཀྱིལ་འཁོར་ལས་ཀྱི་རིམ་པ་དང་། འཇུག་ཅིང་དབང་གི་རིམ་པའོ། །དང་པོ་ནི། ཚད་དང་ལྡན་པའི་ས་སྟེགས་ལ། །དྲི་བཟང་ཆུ་ཡིས་ཆག་ཆག་གདབ། །བྱིན་བརླབས་ལྡན་པའི་ཐིག་སྐུད་ཀྱིས། །ཆ་ཆེན་བཅུ་དྲུག་ལེགས་པར་གདབ། །དེ་ནས་ཆ་བྲན་གདབ་པ་ནི། །དང་པོ་ཕྱེད་གདབ་ཕྱི་མ་གདབ། །གཉིས་པ་ཆ་བཞི་མཉམ་དུ་གདབ། །གསུམ་པ་བཞི་པ་དོར་བར་བྱ། །ལྔ་པ་དབུས་དོར་མཐའ་གཉིས་གདབ། །དྲུག་པ་ཕྱེད་གདབ་ཕྱི་མ་གདབ། །བདུན་པ་ཆ་བཞི་མཉམ་དུ་གདབ། །བརྒྱད་པ་དབུས་དོར་མཐའ་གཉིས་གདབ། དེ་ནས་མུ་ཁྱུད་བསྐོར་བ་ནི། །ཆ་ཆེན་གཅིག་ནས་ལྟེ་བ་བསྐོར། །ཆ་ཆེན་གཉིས་ནས་རྩིབས་བཞི་བསྐོར། །ཆ་ཆེན་གསུམ་ནས་རྩིབས་བཅུ་བསྐོར། །གླང་གུར་རྡོ་ར་སྤྱི་དང་མཚུངས། །ཟླ་ཡབ་ཟུར་ཐིག་ཕྲད་སོ་ནས། །པད་ར་རྡོ་ར་མེ་རི་ལ། །ཅི་རིགས་འཚམས་པ་བསྐོར་བར་བྱ། །བྱིན་བརླབས་ལྡན་པའི་ཚོན་རྩི་ཡི། །མཁས་པས་རེ་ཁ་ལེགས་པར་བྲི། །དབུས་ཀྱི་ལྟེ་བ་སེར་པོ་བྱེད། །མཚམས་བཞིའི་རྩིབས་བཞི་སེར་པོ་ལ། །ཕྱོགས་བཞིར་གྲི་གུག་བཞི་ཡང་བྲི། །དེའི་ཕྱི་ལ་རྩིབས་བཅུ་སྔོ། །རྩིབས་འཆན་དམར་པོ་གྲུ་ཆད་ནི། །ཤར་དམར་ལྷོ་ལྗང་ནུབ་དཀར་པོ། །བྱང་སེར་ལྷ་རྣམས་ཕྱོགས་མདོག་གོ །རྩིགས་པ་ལ་སོགས་གོང་དང་མཐུན། །དེ་ནས་རྣམ་པ་བགོད་པ་ནི། །དབུས་སུ་རིགས་གསུམ་མགོན་པོའི་སྐུ། །རྩིབས་བཞི་ལ་ནི་གཏུམ་པོ་བཞི། །རྩིབས་མཆན་བཞི་ལ་གྲི་གུག་བཞི། །རྩིབས་བཅུ་ལ་ནི་ཁྲོ་བོ་བཅུ། །གསུང་ཐུགས་རྟེན་ནི་གོང་དང་མཚུངས། །ལྷག་ཆད་གསལ་ཞིང་ཞལ་གསོས་མཆོད། །མཆོད་ཡོན་ལ་སོགས་ཕྱི་མཆོད་དང་། །གཏོར་མ་བཤམས་པ་ལ་སོགས་དང་། །བུམ་སོགས་བཤམ་པ་གོང་དང་མཐུན། །དེ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་རབ་གནས་ཀྱི་དོན་ནི། དཔོན་སློབ་རྣམས་གདན་ལ་བཞུགས་ཤིང་། །སྔོན་འགྲོ་གཏོར་མ་ཆ་བཞི་འམ། །ཆ་ཅིག་བཤམས་ལ། བྱིན་གྱིས་བརླབས་ལ་བསྔོ་ཞིང་འཚམས་བཅད་པ་དང་། མཆོད་པ་བྱིན་གྱིས་རླབས་པ་དང་། སྐྱབས་འགྲོ་སེམས་བསྐྱེད་རྣམས་གོང་བཞིན་སྔོན་དུ་སོང་ནས། དངོས་གཞི་བདག་བསྐྱེད་ནི། ༀ་སྭ་བྷ་ཝ། སྟོང་པའི་ངང་ལས། བྷྲུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་པ། གྲུ་བཞི། སྒོ་བཞི། རྒྱན་རྟ་བབས་དང་བཅས་པའི་ནང་དུ། དངོས་གཞི་ལ་གསུམ་སྟེ། བདག་བསྐྱེད་དང་། མདུན་བསྐྱེད་དང་། བུམ་བསྐྱེད་དོ། །དང་པོ་ལ་བརྒྱད་དེ། དམ་ཚིགས་སེམས་དཔའ་བསྐྱེད་པ་དང་། ཡེ་ཤེས་སེམས་དཔའ་སྤྱན་དྲངས་པ་དང་། ཁྲུས་གསོལ་བ་དང་། གདན་འབུལ་བ་དང་། ཕྱག་འཚལ་བ་དང་། མཆོད་པ་དང་། བསྟོད་པ་དང་། བསྙེན་པའོ། །དང་པོ་ལ་གཉིས་ཏེ། གཙོ་བོ་བསྐྱེད་པ་དང་འཁོར་བསྐྱེད་པའོ། །དང་པོ་ལ་གཉིས་ཏེ་བསྐྱེད་པ་དང་བྱིན་གྱིས་བརླབས་པའོ། །དང་པོ་ནི་ཡེ་ཤེས་ཀྱི་ཚོགས་ཅི་ཡང་མི་དམིགས་པ་སྟོང་པ་ཉིད་ཀྱི་ངང་ལས། འབྱུང་བ་རིམས་བརྩེགས་རི་རབ་དང་བཅས་པའི་སྟེང་དུ། རྡོ་རྗེའི་གུར་ཁང་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་འཁོར་ལོ་རྩིབས་བཞི། དེའི་ཕྱི་རིམས་དུ་འཁོར་ལོ་རྩིབས་བཅུ། འཁོར་ལོའི་ལྟེ་བར་རིན་པོ་ཆེའི་ཁྲི་སེང་གེ་བརྒྱད་ཀྱིས་བཏེགས་པའི་སྟེང་དུ། པཾ་ལས་པདྨ། ཨ་ལས་ཟླ་བ། རཾ་ལས་ཉི་མའི་སྟེང་དུ། ཧཱུཾ་སྔོ་ནག་གཅིག་གསལ་བ་ལས། ན་མ་ཙན་དྷ་བཛྲ་ཀྲོ་དྷ་ཡཱ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བྷན་དྷ་བྷན་དྷ་ཧ་ན་ཧ་ན་ཨ་སྨྲྀ་ཏ་ཧཱུཾ་ཕཊ། ཅེས་བརྗོད་པས་བདག་ཉིད་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་སྔོ་ནག །ཞལ་གཅིག་ཕྱག་གཉིས་ཞབས་གཉིས་དོར་ཐབས་ཀྱི་ཉི་མའི་གདན་རྫིས་པ། ཤིན་ཏུ་ཁྲོས་ནས་སྤྱན་གསུམ་དམར་ལ་ཟླུམ་པ། བསྐལ་པའི་མེ་དཔུང་གི་ཀློང་ན་བཞུགས་པ། མཆེ་བ་རྣོ་དཀར་ཟངས་ཡག་ཏུ་བརྩིགས་པ། ཨག་ཚོམ་རྨ་ར་ཁམ་པ་གྱེན་དུ་བརྫེས་པ། དབུ་སྐྲ་ཁམ་སེར་གྱེན་དུ་འཁྱིལ་བའི་རྩ་བར་སྦྲུལ་དང་རྡོ་རྗེའི་འཕྲེང་བ་བཅིངས་པ། གཡས་རྡོ་རྗེ་རྒྱ་གྲམ་བསྐོར་ཚུལ་གྱིས་འཛིན་པ། གཡོན་པ་སྡིགས་འཛུག་ཐུགས་ཁར་བསྒྲེང་བ། སྐུ་སྨད་ལ་སྟག་གིས་ཤམ་ཐབས་བྱས་པ། སྐུ་སྟོད་ལ་དར་ལྗང་ཁུའི་ཆོས་གོས་མནབས་པའི་འཕེལ་ཀ་རླུང་གིས་གཡེང་བ་ལྟ་བུ། དབུའི་རལ་ཆིངས་རྒྱལ་རིགས་དཀར་པོ་ལ་བྱས་པ། རྣ་བརྒྱན་རྗེ་རིགས་ཁྲ་བོ་ལ་བྱས་པ། ཕྱག་གདུབ་བྲམ་ཟེ་སེར་པོ་ལ་བྱས་པ། ཞབས་གཉིས་གདོལ་པ་ནག་པོ་ལས་བྱས་པ། ཀླུའི་ཕོ་ཉའི་རིགས་ནག་པོ་སེ་རལ་ཁར་ཐོགས་པ། དབུ་ལ་རིན་པོ་ཆེའི་སྲོག་ཞུ་དང་། སྙན་ཆ། མགུལ་རྒྱན་ཕྱག་ག དུབ། ཞབས་གདུབ། སྐུ་རགས་བཅིངས་པ། འོད་སྐལ་པའི་མེ་དཔུང་འབར་བའི་ནང་ན། ཧཱུཾ་ཧཱུཾ་ཕཊ་ཀྱི་སྒྲ་འབྲུག་སྟོང་ལྡིར་བ་ལྟར་སྒྲོགས་པ། གདུག་པ་ཅན་ཐམས་ཅད་འདུལ་བའི་ཚ་རྔམ་གྱི་སྐུར་སྒོམ། གཉིས་པ་བྱིན་བརླབས་ལ་གཉིས་ཏེ། གནས་ལྔ་བརླབས་པ་དང་། ཁ་ལག་བྱིན་གྱིས་བརླབས་པའོ། །དང་པོ་ནི། ༀ་སརྦ་བྷྱིད་ཀྵ་བཛྲ་བཛྲ། སྤྱི་བོར་ཟླ་བའི་སྟེང་དུ། རྡོ་རྗེ་དཀར་པོ་ༀ་གྱིས་མཚན་པ། པོ་ཏ་བཛྲ་བཛྲ། མགྲིན་པར་པདྨའི་སྟེང་དུ་རྡོ་རྗེ་དམར་པོ་ཨཱས། མཚན་པ། ཀ་ཏ་བཛྲ་བཛྲ། ཐུགས་ཁར་ཉི་མའི་སྟེང་དུ་རྡོ་རྗེ་མཐིང་ནག་ཧཱུཾ་གིས་མཚན་པ། མ་ཏ་བཛྲ་བཛྲ། ལྟེ་བར་རིན་ཆེན་ཟུར་བརྒྱད་ཀྱི་སྟེང་དུ་རྡོ་རྗེ་སེར་པོ་ཏྲཾ་གིས་མཚན་པ། མ་ཐ་བཛྲ་བཛྲ། གསང་གནས་སུ་ཨེ་གྲུ་གསུམ་གྱི་སྟེང་དུ་རྡོ་རྗེ་ལྗང་ཁུ་ཧས་མཚན་པ། ཨ་ཏ་ཧ་ས་ནི་ལ་བཛྲ། དཔུང་པ་གཡས་སུ་ཟླ་བའི་སྟེང་དུ་རྡོ་རྗེ་མཐིང་ནག་ཧཱུཾ་གིས་མཚན་པ། སུ་བཛྲ་ཡེ་སྭཱ་ཧཱ། དཔུང་པ་གཡོན་དུ་ཟླ་བའི་སྟེང་དུ་རྡོ་རྗེ་འཐིང་ནག་ཧཱུཾ་གིས་མཚན་པ་བསྒོམ། དེ་ནི་འབྲས་བུ་བྱང་ཆུབ་སེམས་དཔའ་བདུན་གྱི་ངོ་བོ་ཡིན། གཉིས་པ་ཁ་ལག་བྱིན་གྱིས་བརླབས་པ་ནི། རང་གི་ལྕེ་རྡོ་རྗེ་རྩེ་གསུམ་པ་འཕྲེད་ཉལ་དུ་འདུག་པའི་བུམ་པ་ཧཱུྃ་གིས་མཚན་པ། ལག་པ་རྡོ་རྗེ་རྩེ་ལྔ་པ། བུམ་པ་གདུ་གུ་ལྟར་འདུག་པར་བསྒོམ་མོ། །དེའི་གཡས་སུ་འཇམ་དབྱངས་སྐུ་མདོག་དམར་གསེར་ཞལ་ཕྱག་གཉིས་པ། ཕྱག་གཡས་ཤེས་རབ་ཀྱི་རལ་གྲི་གླད་ལ་འཕྱར་བ། གཡོན་པ་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་ཐུགས་ཁར་བསྣམས་པ། དར་དང་རིན་པོ་ཆེའི་བརྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་རྡོ་རྗེ་དཀྱིལ་དཀྲུངས་གིས་བཞུགས་པར་བསྒོམས། གཡོན་དུ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་གོང་མ་གཉིས་ཐུགས་ཁར་ཐལ་མོ་སྦྱར་བ། གཡས་ཀྱི་འོག་མ་ཤེལ་དཀར་གྱི་འཕྲེང་བ་བརྒྱ་རྩ་བརྒྱད་འདྲེན་པ། གཡོན་འོག་མ་ན་པདྨ་འདབ་མ་དྲུག་པའི་ཡུ་བ་འཛིན་ཅིང་། སྙན་གྱི་ཐད་ཀར་ཁ་གྱེས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་རྡོ་རྗེ་དཀྱིལ་མོ་དཀྲུང་གིས་བཞུགས་པར་བསྒོམ། གཉིས་པ་འཁོར་བསྐྱེད་པ་ནི། ཚིན་དྷ་ཚིན་དྷ་མ་ཧཱ་ཀི་ལི་ཀི་ལ་སྭཱ་ཧཱ། བྱང་ཤར་འཁོར་ལོའི་རྩིབས་སྟེངས་སུ། རྡོ་རྗེ་གཏུམ་པོ་སྐུ་མདོག་སྨུག་ནག་ཞལ་གཅིག་ཕྱག་གཉིིས་ཤིན་ཏུ་ཁྲོས་པ། གཡས་རྡོ་རྗེ་རྩེ་ལྔ། གཡོན་སྡིག་མཛུབ་ཅན། ཙུ་རུ་ཙུ་རུ་ཙན་དྷ་ལི་བཛྲ་ཀི་ལི་ཀི་ལ་ཡ་སྭཱ་ཧཱ། ཤར་ལྷོར་རྡོ་རྗེ་ཕུར་བུ་སྐུ་སེར་ནག་གཡས་རྡོ་རྗེ་རྩེ་གཅིག །གཡོན་སྡིག་མཛུབ། བྷན་དྷ་བྷན་དྷ་ཀྲོ་ཏ་ཀི་ལི་ཀི་ལ་ཡ་སྭཱ་ཧཱ། ལྷོ་ནུབ་དུ་རྡོ་རྗེ་བེ་ཅོན་སྐུ་མདོག་ད མར་ནག་གཡས་དབྱུག་པ་གཡོན་སྡིག་མཛུབ། ཏྲ་ས་ཡ་ཏྲ་ས་ཡ་བཛྲ་ཀི་ལི་ཀི་ལ་ཡ་སྭཱ་ཧཱ། ནུབ་བྱང་རྡོ་རྗེ་ཁྲོ་བོ་སྐུ་མདོག་ནག་པོ་གཡས་ཐོ་བ་གཡོན་སྡིག་མཛུབ། འཚམས་བཞིར་གྲི་གུག་བཞི་བསམ་པ་ཡུམ་དུ་མོས། ཁྲོ་བོ་དེ་རྣམས་ནི་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། མཆེ་བ་གཙེགས་པ། རལ་པ་ཁམ་ནག་གྱེན་དུ་འཁྱིལ་བ། སྟགས་གི་ཤམ་ཐབས་ཅན། ཀླུ་ཆེན་བརྒྱད་ཀྱིས་བརྒྱན་པ། སྐལ་པའི་མེ་དཔུང་གི་ནང་དུ་བཞུགས་པའོ། སྐད་ཅིག་གིས་རྫུས་སྐྱེས་སུ་བསྐྱེད་དོ། །དེའི་ཕྱི་རོལ་འཁོར་ལོ་རྩིབས་བཅུར་ཉི་མའི་དཀྱིལ་འཁོར་བཅུའི་སྟེང་དུ། ༀ་ཧ་ར་ཧ་ར་བཛྲ། ཤར་བསྟོད་དུ་ཧཱུཾ་མཛད། མ་ཐ་མ་ཐ་བཛྲ། ནུབ་སྨད་དུ་སྟོབས་པོ་ཆེ། དྷུ་ན་དྷུ་ན་བཛྲ། ཤར་དུ་རྣམ་པར་རྒྱལ་བ། དྷ་ཧ་དྷ་ཧ་བཛྲ། ཤར་ལྷོར་དབྱུག་པ་སྔོན་པོ། པ་ཙ་པ་ཙ་བཛྲ། ལྷོར་གཤིན་རྗེ་གཤེད། དྷ་ར་དྷ་ར་བཛྲ། ལྷོ་ནུབ་དུ་མི་གཡོ་མགོན་པོ། ཧ་ར་དྷ་ར་ཡ་བཛྲ། ནུབ་ཏུ་རྟ་མགྲིན། དྷ་རུ་ན་དྷ་རུ་ན་བཛྲ། ནུབ་བྱང་དུ་གཞན་གྱིས་མི་ཐུབ་པ། ཚིན་དྷ་ཚིན་དྷ་བཛྲ། བྱང་དུ་བདུད་རྩི་འཁྱིལ་པ། བྷིནྡྷ་བྷིནྡྷ་བཛྲ་ཧཱུཾ་ཕཊ། བྱང་ཤར་དུ་ཁམས་གསུམ་རྣམ་པར་རྒྱལ་བ། ཁྲོ་བོ་དེ་དག་ཐམས་ཅད་སྐུ་མདོག་མཐིང་ནག །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཁྲོས་པའི་ཆ་བྱད་ཅན། གཡས་རྡོ་རྗེ་རྩེ་ལྔ། གཡོན་ཐམས་ཅད་སྡིག་མཛུབ། ཉི་མའི་གདན་ལ་བརྐྱང་སྐུམ་གྱིས་བཞུགས་པ། སྟགས་ལྤགས་ཀྱི་ཤམ་ཐབས་ཅན། ཀླུ་ཆེན་པོ་བརྒྱད་དང་རིན་པོ་ཆེས་བརྒྱན་པ། བསྐལ་པའི་མེ་རི་འབར་བའི་དབུས་ན། ཧཱུཾ་ཧཱུ་ཱུཾཕཊ་ཕཊ། ཆེམས་རྔམས་གྱིས་སྒྲ་དང་བཅས་ཏེ་བཞུགས་པའོ། །དེའི་ཕྱི་རོལ་འཁོར་ཡུག་གི་སྟེང་དུ་མཆོད་པའི་ལྷ་མོ་བརྒྱད། བཀྲ་ཤིས་ཀྱི་ལྷ་མོ་བརྒྱད། སྒོ་བ་བཞི་མོས་པའམ་ཅུང་ཟད་གསལ་བར་བསྐྱེད་དོ། །དེ་ཡན་ནི་དམ་ཚིག་སེམས་དཔའ་བསྐྱེད་པའོ། །གཉིས་པ་སྤྱན་དྲངས་པ་ནི། ལྷ་ཚོགས་ཐམས་ཅད་ཀྱི་སྤྱི་བོར་ༀ། མགྲིན་པར་ཨཿཐུགས་ཁར་ཧཱུཾ། ཧཱུཾ་ལས་འོད་འཕྲོས་པས་བྱང་ཕྱོགས་ལྕང་ལོ་ཅན་ནས་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་རྣམས་སྤྱན་དྲང་བ་ནི། རྡོ་རྗེ་དྲིལ་བུ་དང་བཅས་པས་འདི་སྐད་དུ། ཧཱུཾ་མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། ༀ་ཨེ་ཧྱ་ཧི་བྷ་ག་བན། མ་ཧཱ་ཀ་རུ་ཎི་ཀ་ཏྲི་ཤ་ཧོཿཛཿཧཱུཾ་བཾ་ཧོ། ཞེས་མདུན་གྱི་ནམ་མཁའ་ནས་བྱོན་པར་བསམ། གསུམ་པ་ཞལ་བསིལ་དབུལ་བ་ནི། ཡང་དག་ཉིད་དུ་བདག་མེད་ཀྱང་། འཇིག་རྟེན་སྲིད་ཞུའི་ཚུལ་གྱིས་ནི། ཕྱག་དང་ཞབས་གཉིས་བསིལ་མཛོད་ལ། འདི་ཉིད་དུ་ནི་བཞུགས་སུ་གསོལ། ༀ་སྭ་བྷཱ་ཝ་ཤུདྡྷོ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ་ཧཾ༔ བཞི་པ་གདན་དབུལ་བ་ནི། མྱ་ངན་མི་འདའ་ཐུགས་རྗེའི་ངང་། །ཉོན་མོངས་མ་སྤངས་གོས་པ་མེད། །མ་ཆགས་རང་བཞིན་དག་པས་ན། །པདྨའི་གདན་ལ་བཞུགས་སུ་གསོལ། །ༀ་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ལྔ་པ་ཕྱག་འཚལ་བ་ནི། རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པས་འཇིག་རྟེན་གསུམ་ན་ལྷམ་མེ་བ། །མགོན་པོ་མཆོག་ཉིད་ལ་ནི་སྐྱབས་སུ་མཆི། །ཧཱུཾ་བཅོམ་ལྡན་རྣམ་པར་འཇོམས་པའི་གཙོ། །གདུག་པ་འདུལ་ཕྱིར་ཁྲོ་རྒྱལ་ཀུན་གྱི་གཙོ། །སྐུ་ཡི་འོད་ཟེར་བསྐལ་པའི་མེ་ལྟར་འབར། །གཟིགས་མདངས་སྡང་གཟིགས་ཉི་ལྟར་འབར་བའི་བརྗིད། །སྤྱན་གསུམ་བསྒྲད་པས་སྡང་མིག་ཟླུམ་ཞིང་འབར། །ལོག་འདྲེན་བགེགས་འདུལ་མཛད་ལ་ཕྱག་འཚལ་ལོ། །ཉོན་མོངས་དུག་འཇོམས་མཛད་པའི་སྐུ་ཉིད་དུ། །ནོར་བུ་རྣ་ཆས་བརྒྱན་ཅིང་ཀླུ་ཆེན་བརྒྱན། །སྦྲུལ་གདུགས་གཟུགས་ཀྱི་ཚོགས་འཛིན་རྣམས་ཀྱིས་སྤྲས། །ཞེ་སྡང་དུག་འཇོམས་མཛད་ལ་ཕྱག་འཚལ་ལོ། །ན་མོཿཧཱུཾ། ན་མིཿཧཱུཾ། ན་མོ་ན་མི་ཧཱུཾ། ཨ་ཏི་པུ་ཧོ། པྲ་ཏི་ཛ་ཧོ། དྲུག་པ་མཆོད་པ་འབུལ་བ་ནི། །ༀ་བཛྲ་ཡཀྵ་ཧཱུཾ། ༀ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྩ་ར་ཎ་ཧཱུཾ་ཕཊ། ༀ་སྭ་བྷ་ཝ། ཏྲཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ༀ་ཨཱཿཧཱུཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ་དྲི་ཆབ། ཞལ་ཟས། རོལ་མོའི་སྒྲ་དང་བཅས་པས། ནམ་མཁའ་བར་སྣང་ཐམས་ཅད་ཡོངས་སུ་གང་བའི་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པ་རང་བཞིན་ཐོགས་པ་མེད་པར་གྱུར། ༀ་ན་མ་སརྦྦ་ཏ་ཐ་ག་ཏ་ཨརྒཾ་པྲ་ཏི་ཛ་ཡེ་སྭཧཱ། པ་ཏཾ། དྷུ་པེ། པུཥྤེ། ཨ་ལོ་ཀེ །གྷནྡྷེ། ནཻ་ཝཻ་ཏེ། ཤབྟ་ཨཱཿཧཱུཾ། རྒྱལ་བའི་སྐུ་ལ་དྲི་མ་མི་མངའ་ཡང་། །སེམས་ཅན་དྲི་མའི་བག་ཆགས་བསལ་སླད་དུ། །སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་གསོལ་བས། །ཁམས་གསུམ་གནས་པའི་བག་ཆགས་དག་གྱུར་ཅིག །ༀ་མ་ཧཱ་ར་ཨ་ཧ་ར་སརྦ་བྷི་དྷ་ར་ཨརྒཾ་པུ་ཙ་མེ་ག་ས་མུནྟ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཚུལ་ཁྲིམས་དྲི་ལྡན་སྤོས་མཆོག་དམ་པ་འདི། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །སངས་རྒྱས་ཞིང་དུ་སྤོས་དྲི་ངད་ལྡན་པས། །རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་མཉེས་གྱུར་ཅིག །ༀ་ན་མཿསརྦ་ཏ་ཐཱ་དྷུ་པེ་པུ་ཙ་མེ་ག་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་མཉེས་མཛད་པའི། །རིན་ཆེན་དབྱིབས་ལེགས་ལྷ་རྫས་མེ་ཏོག་འདི། །ནམ་མཁའ་གང་བར་ཡིད་ཀྱིས་མངོན་སྤྲུལ་ཏེ། །གཞལ་ཡས་ཁང་དུ་སྤྲིན་བཞིན་གཏིབས་གྱུར་ཅིག །ༀ་ན་མ། པུཥྤེ། ཉོན་མོངས་དུག་སྲེགས་མ་རིག་མུན་སེལ་བའི། །ཤེས་རབ་གཟི་མདངས་དཔལ་གྱི་སྒྲོན་མེ་འདི། །སྤྲིན་མེད་མཁའ་ལ་ཉི་ཤར་ཇི་བཞིན་དུ། །ཡེ་ཤེས་སྣང་བས་ཕྱོགས་བཅུར་གསལ་གྱུར་ཅིག །ༀ་ན་མ་ཨ་ལོ་ཀེ །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡན་པ་ཡིས། །སྤོས་མཆོག་རྣམས་ཀྱི་ཐུབ་དབང་རྒྱལ་བའི་སྐུ། །གསེར་མདོག་བཙོ་མ་བྱི་དོར་བྱས་འདྲ་བའི། །འོད་ཆགས་འདྲ་བ་དེ་ལ་བྱུག་པར་བགྱི། །ༀ་ན་མ། གྷནྡྷེ། རྒྱལ་བའི་སྐུ་ལ་བཀྲེས་པ་མི་མངའ་ཡང་། འགྲོ་བའི་དོན་དུ་ལྷ་རྫས་བདུད་རྩིའི་བཤོས། །དག་ཅིང་གཙང་མར་སྦྱར་ཏེ་འབུལ་ལགས་ན། །ཡེ་ཤེས་ཐུགས་རྗེས་དགོངས་ཏེ་གཤེགས་སུ་གསོལ། །ༀ་ན་མ། ནེ་ཝེ་ཏེ། དྲིལ་ཆེན་བསིལ་སྙན་རྣམ་གྲོལ་ཚངས་པའི་དབྱངས། །བསམ་དག་ངག་གིས་བསྟོད་དེ་འབུལ་ལགས་ན། །ས་བཅུ་རིམ་གྱིས་བགྲོད་ནས་སངས་རྒྱས་པར། །ཚོགས་གཉིས་རྫོགས་ནས་ཆོས་ཀྱི་རྒྱལ་པོར་ཤོག །ༀ་ན་མ། ཤཔྟ་ཨཱ་ཧཱུཾ། བཅོམ་ལྡན་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་ལ། །མཆོད་པ་བླ་ན་མེད་པས་མཆོད། །སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར། །འགྲོ་ལ་ཕན་ཕྱིར་གཙོ་ཆེན་གྱིས། །སྨན་པར་དགོངས་ཏེ་བཞེས་སུ་གསོལ། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །ཡིད་དུ་འོང་བའི་མཆོད་སྤྲིན་དང་། །རོལ་མོ་བསིལ་སྙན་འཕན་གདུགས་དང་། །བླ་རེ་རྒྱལ་མཚན་ལྷབ་ལྷུབ་དང་། །མེ་ཏོག་འཕྲེང་བ་བདུག་པ་དང་། །མཆོད་སྤྲིན་སྣ་ཚོགས་ཕྱོགས་བཅུར་འབུལ། །ཕྱོགས་བཅུའི་སངས་རྒྱས་བདེན་པ་དང་། །ནམ་མཁའ་མཛོད་ཀྱི་ཏིང་འཛིན་གྱིས། །སངས་རྒྱས་ཞིང་ཁམས་རབ་འབྱམས་སུ། །བླ་མེད་མཆོད་པ་སྤྲིན་འབྱུང་ཞིང་། །ཡོན་ཏན་བརྒྱད་ལྡན་ཐམས་ཅད་ཀྱི། །ཞབས་ལ་སྤྱི་བོས་གཏུག་གྱུར་ཅིག །བདུན་པ་བསྟོད་པ་བྱ་བ་ནི། །ༀ་ཆོས་དབྱིངས་ཡེ་ཤེས་རྣམ་རྟོག་འཇོམས། །ཉོན་མོངས་དགྲ་དེ་ཡེ་ཤེས་སྐུ། །རྟོགས་པ་དྲི་མ་སེལ་མཛད་པ། །ཕྱག་འཚལ་རྡོ་རྗེ་རྣམ་འཇོམས་ལ། །མེ་ལོང་ཡེ་ཤེས་གཟུང་འཛིན་སྤོངས། །ཞེ་སྡང་དྲི་མ་འཇོམས་མཛད་ཅིང་། །རྡོ་རྗེ་གཏུམ་པོ་ཡེ་ཤེས་སྐུ། །ང་རྒྱལ་རྣམ་གསུམ་འཇོམས་མཛད་ཅིང་། །ཚེ་རིང་དབང་བསྐུར་མཆོག་ཐོབ་མཛད། །ཕྱག་འཚལ་རྡོ་རྗེ་ཕུར་བུ་ལའོ། །སོ་སོར་ཀུན་རྟོག་ཡེ་ཤེས་ཀྱིས། །ལྟ་བ་ངན་པ་འཇོམས་མཛད་ཅིང་། །འདོད་ཆགས་རྣམ་དག་ཤེས་རབ་རྒྱས། །མུན་པ་འཇོམས་ཕྱིར་བེ་ཅོན་ལའོ། །བྱ་བ་རྗེས་བསྒྲུབ་ཡེ་ཤེས་ཀྱིས། །སེམས་ཅན་ཀུན་ལ་མཆོག་རྩོལ་ཅིག །གདོན་བགེགས་འཇོམས་ཕྱིར་ཤིན་ཏུ་ཁྲོས། །ཡེ་ཤེས་སྐུ་འཇོམས་ཁྱོད་ལ་ཕྱག་འཚལ་བསྟོད། །ཧཱུཾ་དབུས་སུ་རྡོ་རྗེ་རྣམ་འཇོམས་ནི། །སྐུ་མདོག་མཐིང་ཁ་ནག་པོའི་ཞལ། །ཕྱག་འཚལ་སྣ་ཚོགས་རྡོ་རྗེ་ལ། །དངོས་གཅིག་ཡུ་བ་བརྟེན་མཛད་ཅིང་། །ཡེ་ཤེས་ལུས་ཅན་སྐུ་ཡི་མཆོག །ཚེ་འཕེལ་ཡོན་ཏན་མཐར་ཕྱིན་མཛད། །འགྲོ་བའི་སྡུག་བསྔལ་སེལ་མཛད་པའི། །གཉིས་མེད་སྐུ་ལ་ཕྱག་འཚལ་ལོ། །བྱང་ཤར་རྡོ་རྗེ་ཁྲོ་བོ་ནི། །སྐུ་མདོག་སྨུག་ནག་དྲག་པོའི་ཞལ། །ཕྱག་མཚན་རྡོ་རྗེ་རྩེ་ལྔ་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཤར་ལྷོར་རྡོ་རྗེ་ཕུར་བུ་ནི། །སྐུ་མདོག་སེར་ནག་དྲག་པོའི་ཞལ། ཕྱག་ན་རྡོ་རྗེ་རྩེ་གཅིག་བསྣམས། །དེ་ལ་བསྟོད༴ ལྷོ་ནུབ་རྡོ་རྗེ་བེ་ཅོན་ནི། །སྐུ་མདོག་དམར་ནག་དྲག་པོའི་ཞལ། །ཕྱག་ན་རྡོ་རྗེ་བེ་ཅོན་བསྣམས། །དེ་ལ་བསྟོད་དེ༴ ནུབ་བྱང་རྡོ་རྗེ་ཁྲོ་བོ་ནི། །སྐུ་མདོག་ནག་པོ་ཤིན་ཏུ་ཁྲོས། །ཕྱག་མཚན་རྡོ་རྗེ་ཐོ་བ་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཧཱུཾ་སྟེངས་ཕྱོགས་ཁྲོ་རྒྱལ་ཧཱུཾ་ཀ་ར། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །ཞབས་གཉིས་ཉི་ཟླའི་གདན་ལ་བཞུགས། །ཚངས་པ་འདུལ་ལ་ཕྱག་འཚལ་བསྟོད། །ཧཱུཾ་ཤར་ཕྱོགས་ཁྲོ་བོ་རྣམ་པར་རྒྱལ། །ཞལ་གཅིག་ཕྱག༴ ཞབས་གཉིས༴ དྲི་ཟ་འདུལ་ལ༴ །ཤར་ལྷོར་ཁྲོ་རྒྱལ་དབྱུག་སྔོན་ཅན། །ཞལ་གཅིག༴ ཞབས་གཉིས༴ མེ་ལྷ་འདུལ་ལ༴ ལྷོ་ཕྱོགས་ཁྲོ་རྒྱལ་གཤིན་རྗེ་བཤེད། ཞལ་གཅིག༴ ཞབས་གཉིས༴ གཤིན་རྗེ་འདུལ་ལ༴ ལྷོ་ནུབ་ཁྲོ་རྒྱལ་མི་གཡོ་མགོན། །ཞལ༴ ཞབས༴ སྲིན་པོ་འདུལ་ལ༴ ནུབ་ཕྱོགས་ཁྲོ་རྒྱལ་རྟ་མགྲིན་ནི། །ཞལ༴ ཞབས༴ ཀླུ་གདོན་འདུལ་ལ༴ ནུབ་བྱང་ཁྲོ་བོ་འདོད་པའི་རྒྱལ། །ཞལ༴ ཞབས༴ རླུང་ལྷ་འདུལ་ལ༴ བྱང་ཕྱོགས་ཁྲོ་བོ་བདུད་རྩི་འཁྱིལ། །ཞལ༴ ཞབས༴ གནོད་སྦྱིན་འདུལ་ལ༴ བྱང་ཤར་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ། །ཞལ༴ ཞབས༴ འབྱུང་པོ་འདུལ་ལ༴ །འོག་ཕྱོགས་ཁྲོ་བོ་སྟོབས་པོ་ཆེ། །ཞལ༴ ཞབས༴ ས་བདག་འདུལ་ལ༴ ཧཱུཾ་ལྷ་ཆེན་འདོད་ཆགས་གཞོམ་པའི་ཕྱིར། །ནང་གི་ལྷ་མོར་སྐུ་སྤྲུལ་པ། །སྒེག་མོ་འཕྲེང་བ་དེ་བཞིན་གླུ། །གར་མཛད་ལྷ་མོ་ཕྱག་འཚལ་བསྟོད། །བདེ་གཤེགས་དགྱེས་པ་བསྐྱེད་པའི་ཕྱིར། །འཕགས་པ་མཆོད་ཅིང་སྐུ་སྤྲུལ་པ། །བདུག་སྤོས་མེ་ཏོག་མར་མེ་དང་། །དྲི་ཡི་ལྷ་མོར་ཕྱག་འཚལ་བསྟོད། །བདེ་གཤེགས་མངོན་པར་སངས་རྒྱས་ཚེ། །བཀྲ་ཤིས་རྟག་ཏུ་སྐུ་སྤྲུལ་པ། །དཔལ་བེའུ་འཁོར་ལོ་པདྨ་དང་། །རྒྱལ་མཚན་གདུགས་དང་བུམ་པ་དང་། །དུང་དང་གསེར་ཉ་ལ་སོགས་ཏེ། །བཀྲ་ཤིས་ལྷ་མོ་བརྒྱད་ལ་ཕྱག་འཚལ་བསྟོད། །བདེ་གཤེགས་དགྱེས་པ་བསྐྱེད་པའི་ཕྱིར། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོགས་དྲིལ། །སྒོ་སྐྱོངས་བསྲུངས་མའི་ཚོགས་རྣམས་ལ། །དད་པས་བརྒྱུད་ཏེ་ཕྱག་འཚལ་ལོ། །དེ་ནས་ཡེ་ཤེས་པ་སྟིམ་མོ། །བརྒྱད་པ་བསྙེན་པ་ནི། རང་གི་ཐུགས་ཁར་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར། ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་མཐིང་ནག་རབ་ཏུ་འབར་བའི་མཐའ་སྐོར་དུ། ཡང་སྙིང་། དེ་རྒྱབ་ཁྲོ་བཅུའི་གཟུངས། དེ་རྒྱབ་གཟུངས་རིང་གིས་བསྐོར་བར་བསམས་ལ། སྔགས་ལས་འོད་ཟེར་སྤྲོ་བསྡུ་ཁ་དོག་རྣམ་པ་བཞི་དང་སྦྱར། སྔོན་དུ་བསྙེན་པ་ཚད་དུ་བསྐྱོལ་བའི་བརྒྱ་རྩ་བརྒྱད་ལ་སོགས་གང་འགྲུབ་བཟླའོ། །ཐུན་འཇོགས་པའི་ཚེ། མཆོད་བསྟོད་བྱ་བ་ནི། ༀ་བཛྲ་ཨརྒཾ་ལ་སོགས་དང་། ཧཱུཾ་དུས་གསུམ་སངས་རྒྱས་གསང་བའི་མཛོད་འཛིན་ཅིང་། ཁྲོ་བོའི་རྒྱལ་བོ་ཡེ་ཤེས་རྡོ་རྗེ་ཅན། །སྐུ་ཡི་སྤྲུལ་པ་རྡོ་རྗེ་རྣམ་པར་འཇོམས། །རྡོ་རྗེ་རིགས་ཀྱི་ཁྲོ་རྒྱལ་ཕྱག་འཚལ་བསྟོད། །གདུག་པ་འདུལ་ཕྱིར་ཁྲོ་རྒྱལ་སྐུར་སྟོན་པ། །འགྱིང་བག་ཚུལ་བཞུགས་འཇིགས་པའི་རྒྱན་གྱིས་བརྒྱན། །རིགས་བཞི་ཁྲོ་བོ་བཞི་ལ་ཕྱག་འཚལ་བསྟོད། །ཧཱུཾ་བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །རིགས་སྔགས་རྒྱལ་པོ་བསྲུངས་པའི་ཁྲོ་བོ་བཅུ། །ཕྱོགས་བཅུའི་འཇིག་རྟེན་བགེགས་ཀྱི་ཚོགས་བཅོམ་པ། །ཁྲོ་བོ་ཆེན་པོ་བཅུ་ལ་ཕྱག་འཚལ་བསྟོད། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རབ་རྫོགསཤིང་། །ལེགས་པའི་དོན་ལྡན་བཀྲ་ཤིས་ལྷ་མོ་བརྒྱད། །ཡིད་འོང་ལྷ་ཡི་རྒྱན་གྱིས་རབ་ཏུ་མཛེས། །བཀྲ་ཤིས་ལྷ་མོ་བརྒྱད་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་རྡོ་རྗེ་འཛིན་པའི་བཀའ་ཉན་ཅིང་། །བསྟན་པ་བསྲུངས་ཕྱིར་འཇིག་རྟེན་སྐྱོངས་པའི་ཚོགས། །ཚངས་པ་ཆེན་པོ་ལ་སོགས་བཀའི་འཁོར། །རྡོ་རྗེ་རིགས་ཀྱི་བསྲུངས་མ་རྣམས་ལ་ཕྱག་འཚལ་བསྟོད། །ཅེས་ཚར་གཅིག་བྱེད། དེ་ནི་བདག་བསྐྱེད་དོ། །སྤྱི་དོན་གཉིས་པ་བུམ་བསྐྱེད་ལ་བརྒྱད་ཀྱི་དང་པོ་དམ་ཚིག་སེམས་དཔའ་བསྐྱེད་པ་ལ་གཉིས་ཏེ། རྟེན་གཞལ་ཡས་ཁང་དང་། རྟེན་པ་ལྷའི་དཀྱིལ་འཁོར། དང་པོ་ནི། ལག་པ་འཁོར་ལོའི་ཕྱག་རྒྱ་བཅས་ཏེ། བུམ་པ་མི་དམིགས་པའི་ངང་ལས། ༀ་བཛྲ་ཙཀྲ་ཧཱུཾ་བྷྲུཾ། རང་གི་ཐུགས་ཁ་ནས་བྷྲུཾ་གཅིག་སྤྲོས་པ་ལས། རིན་པོ་ཆེའི་བུམ་པ་མཚན་ཉིད་དང་ལྡན་པ། ཕྱི་བུམ་པའི་དབྱིབས་སུ་འདུག་པ། ནང་གཞལ་ཡས་ཁང་། འོག་བཞི་འཁོར་ལོ་སེར་པོ་རྩིབས་བཞི། མཚམས་བཞི་གྲི་གུག་བཞི་ལངས་ཏེ་འདུག་པ། ལྟེ་བ་སྔོན་པོ། དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས་བཅུ། ཕྱིའི་ལྷ་རྣམས་དང་བཅས་པ། ཡེ་ཤེས་ལྔའི་འོད་ཟེར་འཁྲིགས་པ། དབུས་སུ་སེང་གེའི་ཁྲི། ཉི་ཟླ་པདྨའི་གདན། རྩིབས་བཞི་ལ་ཉི་ཟླ་པདྨའི་གདན་གསུམ་བརྩེགས། རྩིབས་བཅུ་ལ་ཉི་མའི་གདན། ལྷ་རྣམས་ཟླ་བ་རེ། གཉིས་པ་བརྟེན་པ་ལྷའི་དཀྱིལ་འཁོར་ནི། དེའི་དབུས་སུ་ཧཱུཾ་ལས། ན་མོ་རཏྣ་ཏྲ་ཡ་ཡཱ། ན་མོ་ཙན་དྷ་བཛྲ་ཀྲོདྷ་ཡཱ། ཀི་ལི་ཀི་ལ་ཡ་སྭཱ་ཧཱ། ཅེས་རྣམ་པར་འཇོམས་པ་འཁོར་བཅས་བདག་བསྐྱེད་ལྟར་བསྒོམས། ལྷ་རྣམས་ལ་མཆོད་པའི་ལྷ་མོ་བརྒྱད། བཀྲ་ཤིས་ཀྱི་ལྷ་མོ་བརྒྱད། སྒོ་བ་བཞི་དང་བཅས་པ་བསྐྱེད་ལ། སྤྱན་འདྲེན་ཞབས་བསིལ། གདན་དབུལ། ཕྱག་འཚལ། མཆོད་འབུལ། བསྟོད་པའི་རྗེས་སུ་བསྙེན་པ་བྱེད་པ་ནི། ཐུགས་ཁར་སྔགས་འཁོར་བསྒོམ་པ་གོང་དང་འདྲ་བ་ལ། ཧཱུཾ་དེའི་ཞབས་ཀྱུའི་ཁུག་པར་བསྒྲུབས་བྱ་བསྐྱེད། དེའི་མཐར་ཡང་སྙིང་། ཁྲོ་བོ་བཅུ་གཟུངས་རིང་། མདོའི་ཕན་ཡོན་དང་བཅས་བསྐོར་བ་བསྒོམས། །དམིགས་པ་གསལ་པོ་ཡུན་རིང་དུ་གཏད་པ་ལྷའི་རྣམ་འབྱོར་རོ། །གཉིས་པ་གཟུངས་འདོན་པའི་དམིགས་པ་ནི། གཟུངས་ཐགས་ཐུགས་ཁར་གཟུང་ལ། རང་གི་ཐུགས་ཁའི་ཧཱུཾ་དང་། བུམ་བསྐྱེད་ཀྱི་ཐུགས་ཁའི་ཧཱུཾ་ལས་འོད་ཟེར་འཕྲོས། འཕགས་པའི་ཚོགས་ལ་མཆོད་པ་འབུལ་ཞིང་། གཉིས་སུ་མེད་པའི་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་འབྱུང་བས་བདག་ལ་ཐིམ། བདག་གིས་ཐུགས་ཁ་ནས་མུ་ཏིག་སྟར་ལ་རྒྱུས་པ་ལྟར་གཟུང་ཐག་ལ་བརྟེན་ནས། བུམ་བསྐྱེད་ཀྱི་ཐུགས་ཁར་བསྒྲུབ་བྱ་ལ་ཕོག་པས་ལུས་ངག་ཡིད་གསུམ་གྱིས་སྡིག་སྒྲིབ་དག །རྣམ་འཇོམས་ཀྱི་སྐུར་གྱུར་ནས་བདུད་རྩི་ལྷག་མས་བུམ་པ་གང་བར་བསམ། གཟུངས་ཀྱི་ཡིག་འབྲུ་ཡང་དེ་ལྟར་བསམས་ནས་ཀླག་པའི་ཚུལ་དུ་འདོན་ནོ། །གཟུངས་ཀྱི་ཆོ་ག་ལས་བཞི་དང་སྦྱར་བ་ཞལ་ཤེས་མཛོད། ལག་པ་གཡས་པས་ཡུངས་དཀར་གཟུང་། གཡོན་པས་གཟུངས་ཐག་གཟུང་ལ། ཐོན་ནས་ཡུངས་ཀར་དེ་ལ་སྔགས་ཏེ་བུམ་པར་བླུགས། ངོ་བོ་བདུད་རྩི་ལས་རྣམ་པ་ཁྲོ་ཆུང་རྡུལ་ཕྲ་རབས་ཀྱིས་བསྒྲུབ་བྱའི་ལུས་བལྟམས་ནས་བུམ་པ་གང་བར་བསམ། སྤྱི་དོན་གསུམ་པ་མདུན་བསྐྱེད་ལ་བརྒྱད་ཀྱི་དང་པོ། དམ་ཚིག་སེམས་དཔའི་བསྐྱེད་པ་ལ་གཉིས་ཏེ། རྟེན་གཞལ་ཡས་ཁང་དང་། བརྟེན་པ་ལྷའི་དཀྱིལ་འཁོར། དང་པོ་ནི། ༀ་སྭ་བྷ་ཝ། རྡུལ་ཚོན་མི་དམིགས་པ་སྟོང་པའི་ངང་ལས། འབྱུང་བ་རིམ་བརྩེགས། རི་རབ་དང་བཅས་པའི་སྟེང་དུ། རྡོ་རྗེའི་གུར་ཁང་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་བྷྲུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི། རྒྱན་རྟ་བབས་དང་བཅས་པ། འོག་གཞི་འཁོར་ལོ་སེར་པོ་རྩིབས་བཞི། མཚམས་བཞིར་གྲི་གུར་ལངས་ཏེ་འདུག་པ། ལྟེ་བ་སྔོན་པོ། དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས་བཅུ། ཕྱིའི་ལྷ་རྣམས་དང་བཅས་པ། ཡེ་ཤེས་ལྔའི་འོད་ཟེར་འཁྲིགས་པ། དབུས་སུ་སེང་གེའི་ཁྲི་ཉི་ཟླ་པདྨའི་གདན་རྩིབས་བཞི་ལ་ཉི་ཟླ་པདྨའི་གདན་གསུམ་བརྩེགས། རྩིབས་བཅུ་ལ་ཉི་མའི་གདན། ལྷ་རྣམས་ལ་ཟླ་བ་རེ་གཉིས་པ་བརྟེན་པ་ལྷའི་དཀྱིལ་འཁོར་ནི། དེའི་དབུས་སུ་ཧཱུཾ་ལས། ན་མོ་རཏྣ་ཏྲ་ཡ་ཡཱ། ན་མོ་ཙན་དྷ་བཛྲ་ཀྲོདྷ་ཡ་ཀི་ལི་ཀི་ལ་ཡ་སྭཱ་ཧཱ། ཅེས་རྣམ་པར་འཇོམས་པ་འཁོར་བཅས་བདག་བསྐྱེད་ལྟར་བསྒོམས། ལྷ་རྣམས་ལ་མཆོད་པའི་ལྷ་མོ་བརྒྱད། བཀྲ་ཤིས་ཀྱི་ལྷ་མོ་བརྒྱད། སྒོ་བ་བཞི་དང་བཅས་པ་བསྐྱེད་ལ། ལྷ་སྤྱན་འདྲེན། ཞབས་བསིལ། གདན་འབུམ། ཕྱག་འཚལ། མཆོད་པ་འབུལ། བསྟོད་པའི་རྗེས་སུ། བསྙེན་པ་བྱེད། དཀྱིལ་འཁོར་དང་། བུམ་པ་དང་། དབང་རྫས་ལ་སོགས་ལ་ནས་འབྲུ་གཏོར་ཞིང་། རྟེན་འབྲེལ་སྙིང་པོ་བརྗོད། འགྲུབ་ན་སྦྱིན་སྲེག་ཀྱང་ཅི་རིགས་པར་བྱའོ། གཉིས་པ་འཇུག་ཅིང་དབང་གི་རིམ་པ་ལ་གཉིས་ཏེ། སློབ་དཔོན་བདག་ཉིད་འཇུག་ཅིང་དབང་ལེན་པ་དང་། སློབ་མ་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བའོ། །དང་པོ་སློབ་དཔོན་འཇུག་ཅིང་དབང་ལེན་པ་ནི་གོང་དང་མཚུངས་སོ། །གཉིས་པ་སློབ་མ་འཇུག་ཅིང་དབང་བསྐུར་བ་ལ་གཉིས་ཏེ། དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བའོ། །དང་པོ་ནི། ཁྲུས་ནས་ཚོགས་ཡོན་འབུལ་བ་ཡན་ཆད་བཅོ་ལྔ་པོ་གོང་དང་མཐུན་ལ། བྱེ་བྲག་དུ་བཅོ་ལྔ་པ་དཀྱིལ་འཁོར་བསྟན་པ་ནི། འོ་མདུན་འདི་ན་ཡོད་པའི་ཀྲྀ་ཡའི་དཀྱིལ་འཁོར་རྟེན་དང་བརྟེན་པ་སྟེ། ཕྱི་རོལ་ན་མེ་རི། རྡོ་རྗེ་རྭ་བས་སྐོར། དེའི་ནང་དུ་གཞལ་ཡས་ཀྱི་ཁང་པ། གྲུ་བཞི། སྒོ་བཞི། རྒྱན་རྟ་བབས་དང་བཅས་བ། དེའི་ནང་དུ་ལྷ་རྣམས། འཁོར་ལོ་རྩིབས་བཅུ་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པ་མངོན་སུམ་དུ་མཐོང་བའི་མོས་པ་མཛོད། འཁོར་ལོའི་ལྟེ་བར་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་ཕྱག་ན་རྡོ་རྗེ། དེའི་གཡས་སུ་འཇམ་དཔལ་དབྱངས། གཡོན་དུ་སྤྱན་རས་གཟིགས། དེའི་ཕྱི་རོལ་རྩིབས་བཞི་ལ་གཏུམ་པོ་ལྷ་བཞི་རྩིབས་མཆན་བཞི་ལ་ཡུམ་བཞིའི་ངོ་བོ་གྲི་ཁུག་བཞི། དེའི་ཕྱི་རོལ་ལྷ་རྣམས་ལ་མཆོད་པའི་ལྷ་མོ་བརྒྱད། བཀྲ་ཤིས་ཀྱི་ལྷ་མོ་བརྒྱད། སྒོ་མ་བཞི་དང་བཅས་པ་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་བཞིན་མངོན་སུམ་དུ་མཐོང་བ་དེ་ཁྱེད་རང་རྣམས་ཀྱི་ཡི་དམ་གྱི་ལྷ་སྐལ་ཡིན་ཨང་སྙམ་པའི་མོས་པ་མཛོད་ཅིག །ཚོགས་དང་ཡོན་ནི་གོང་ལྟ་བུའོ། །སྤྱི་དོན་གཉིས་པ་དབང་བསྐུར་བ་ལ་གསུམ་སྟེ། སྦྱོར་བ་དང་། དངོས་གཞི་དང་། རྗེས་སོ། །དང་པོ་ནི་གོང་དང་མཐུན་ནོ། །གཉིས་པ་དངོས་གཞི་ལ་གསུམ་སྟེ། ཕྱི་ཕན་པའི་དབང་ལ་བརྒྱད་དང་། ནང་ནུས་པའི་དབང་ལ་ལྔ་དང་། གསང་བ་ཟབ་མོའི་དབང་ངོ་། །དང་པོ་ནི། བུམ་པའི་དབང་ལ་སོགས་དགུ་པོ་གོང་དང་མཚུངས་ལ། བྱེ་བྲག་དུ་ཕྱག་རྒྱའི་དབང་བསྐུར་བ་ལ། བསམ་རྒྱུད། བསྒྲགས་ཚིགས། བསྐུར་གནས། བསྟིམ་གནས། སྒྲིབ་པ་གང་དག །ནུས་པ་གང་སྐྱེ་ལྔའི། དང་པོ་བསམ་རྒྱུད་ནི། འོག་མིན་དང་། བླ་མའི་ཐུགས་ཁ་དང་། དཀྱིལ་འཁོར་གྱི་དབུས་ན། རྡོ་རྗེ་རྣམ་འཇོམས། འཇམ་པའི་དབྱངས། སྤྱན་རས་གཟིགས། གཏུམ་པོ་ལྷ་བཞི། ཡུམ་བཞི། ཁྲོ་བོ་བཅུ། མཆོད་པའི་ལྷ་མོ་བརྒྱད་བཀྲ་ཤིས་ལྷ་མོ་བརྒྱད། སྒོ་མ་བཞི་འཁོར་དང་བཅས་པ་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་ནས་ཁྱེད་རང་རྣམས་ཀྱི་ཕུང་པོ་ཁམས་སྐྱེ་མཆེད་རྣམས་དང་གཉིས་སུ་མེད་པར་བསྒོམས་མཛོད་ཅིག །བསྒྲགས་ཚིགས་ནི། ཆོས་དབྱིངས་ཡེ་ཤེས་རྣམ་རྟོག་འཇོམས། །ཉོན་མོངས་དགྲ་སྟེ་ཡེ་ཤེས་སྐུ། །རྟོག་པའི་དྲི་མ་སེལ་མཛད་པ། །རྡོ་རྗེ་རྣམ་འཇོམས་དབང་བསྐུར་རོ། །ༀ་ན་མཿ ཙཎྜ་བཛྲ་ཀྲོ་དྷ་ཡ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བནྡྷ་བན་དྷ། ཧ་ན་ཧ་ན་ཨ་མྲྀ་ཏ་ཧཱུཾ་ཕཊ། ཨ་བྷི་ཥིཉྩ་ཧཱུཾ། གཞོན་ནུའི་ཆ་ལུགས་འཆང་བ་པོ། །ཡེ་ཤེས་སྒྲོན་མེས་རབ་བརྒྱན་ཅིང་། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་དཔལ་དབྱངས་ཀྱི་དབང་བསྐུར་རོ། །ༀ་ཝ་གི་ཤྭ་རི་མུཾ། ཨ་བྷི་ཥིཉྩ་ཧཱུཾ། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱི་དབུ་རྒྱན་ཅན། །ཐུགས་རྗེ་ཅན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ཀྱི་དབང་བསྐུར་རོ། །ༀ་མ་ཎི་པདྨེ་ཧཱུཾ། ༀ་བྷི་ཥིཉྩ་ཧཱུཾ། ཡུམ་ཆེན་སངས་རྒྱས་སྦྱན་མ་དང་། །བཅོམ་ལྡན་ཡུམ་ཆེན་མ་མ་ཀི །བཅོམ་ལྡན་ཡུམ་ཆེན་གོས་དཀར་མོ། །བཅོམ་ལྡན་ཡུམ་ཆེན་དམ་ཚིག་སྒྲོལ། །སྐལ་ལྡན་བུ་ལ་དབང་བསྐུར་རོ། །ཨ་བྷི་ཥིཉྩ་ཧཱུཾ། མེ་ལོང་ཡེ་ཤེས་གཟུངས་འཛིན་སྤོངས། །ཞེ་སྡང་དྲི་མ་འཇོམས་མཛད་ཅིང་། །རྡོ་རྗེ་གཏུམ་པོ་ཡེ་ཤེས་སྐུ། །རྡོ་རྗེ་གཏུམ་པོའི་དབང་བསྐུར་རོ། །ཚིནྡྷ་ཚིནྡྷ་མ་ཧཱ་ཀི་ལི་ཀི་ལ་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། མཉམ་པ་ཉིད་ཀྱི་ཡེ་ཤེས་སྐུ། །ང་རྒྱལ་རྣམ་གསུམ་འཇོམས་མཛད་ཅིང་། །ཚེ་རིང་དབང་བསྐུར་མཆོག་ཐོབ་མཛད། །རྡོ་རྗེ་ཕུར་བའི་དབང་བསྐུར་རོ། །བིནྡྷ་བིནྡྷ་ཀྲོ་དྷ་མ་ཧཱ་ཀི་ལི་ཀི་ལ་ཡཱ་སྭཱཧཱ། ཨ༴ སོ་སོར་ཀུན་རྟོག་ཡེ་ཤེས་ཀྱི། །ལྟ་བ་ངན་པ་འཇོམས་མཛད་ཅིང་། །འདོད་ཆགས་རྣམ་དག་ཤེས་རབ་རྒྱས། །རྡོ་རྗེ་བེ་ཅོན་དབང་བསྐུར་རོ། །ཙུ་རུ་ཙུ་རུ། ཙན་ཏི་ཀ་ལི་ཀི་ལ་ཡ་ཱསྭཱ་ཧཱ། །ཨ་བྷི་ཥིཉྩ་ཧཱུཾ། བྱ་བ་རྗེས་གྲུབ་ཡེ་ཤེས་ཀྱིས། །སེམས་ཅན་ཀུན་ལ་མཆོག་སྩོལ་ཅིག །གདོན་བགེགས་འཇོམས་ཕྱིར་ཤིན་ཏུ་ཁྲོས། །ཡེ་ཤེས་སྐུ་འཇོམས་དབང་བསྐུར་རོ། །ཏྲ་ས་ཡ་ཏྲ་ས་ཡ་མ་ཧཱ་ཀི་ལི་ཀི་ལ་ཡཱ་སྭཱ་ཧཱ། །ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ་སྟེངས་ཕྱོགས་ཁྲོ་རྒྱལ་ཧཱུཾ་ཀ་ར། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །ཞབས་གཉིས་ཉི་ཟླའི་གདན་ལ་བཞུགས། །སྐལ་ལྡན་བུ་ལ་དབང་བསྐུར་རོ། །ཧ་ར་ཧ་ར་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ་ཤར་ཕྱོགས་ཁྲོ་བོ་རྣམ་པར་རྒྱལ། །ཞལ་ཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །ཞབས་གཉིས་ཉི་ཟླའི་གདན་ལ་བཞུགས། །སྐལ་ལྡན་བུ་ལ་དབང་བསྐུར་རོ། །དྷུ་ན་དྷུ་ན་བཛྲ། ཨ་བྷི་ཥི ཉྩ་ཧཱུཾ། ཧཱུཾ་ཤར་ལྷོ་ཁྲོ་རྒྱལ་དབྱུག་སྔོན་ཅན། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །ཞབས་གཉིས་ཉི་ཟླའི་གདན་ལ་བཞུགས། །སྐལ་ལྡན་བུ་ལ་དབང་བསྐུར་རོ། །དྷ་ཧ་དྷ་ཧ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ་ལྷོ་ཕྱོགས་ཁྲོ་རྒྱལ་གཤིན་རྗེ་གཤེད། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །ཞབས་གཉིས་ཉི་ཟླའི་གདན་ལ་བཞུགས། །སྐལ་ལྡན་བུ་ལ་དབང་བསྐུར་རོ། །པ་ཙ་པ་ཙ་བཛྲ། ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ་ལྷོ་ནུབ་ཁྲོ་རྒྱལ་མི་གཡོ་མགོན། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །ཞབས་གཉིས་ཉི་ཟླའི་གདན་ལ་བཞུགས། །སྐལ་ལྡན་བུ་ལ་དབང་བསྐུར་རོ། །དྷ་ར་དྷ་ར་བཛྲ། ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ་ནུབ་ཕྱོགས་ཁྲོ་རྒྱལ་རྟ་མགྲིན་ནི། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །ཞབས་གཉིས་ཉི་ཟླའི་གདན་ལ་བཞུགས། །སྐལ་ལྡན་བུ་ལ་དབང་བསྐུར་རོ། །དྷ་ར་ཡ་དྷ་ར་ཡ་བཛྲ། ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ། ནུབ་བྱང་ཁྲོ་བོ་འདོད་པའི་རྒྱལ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །ཞབས་གཉིས་ཉི་ཟླའི་གདན་ལ་བཞུགས། །སྐལ་ལྡན་བུ་ལ་དབང་བསྐུར་རོ། །དྷ་རུ་ན་དྷ་རུ་ན་བཛྲ། ཨ་བྷི་ཥིཉྩ་ཧཱུཾ། བྱང་ཕྱོགས་ཁྲོ་བོ་བདུད་རྩི་འཁྱིལ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །ཞབས་གཉིས་ཉི་ཟླའི་གདན་ལ་བཞུགས། །སྐལ་ལྡན་བུ་ལ་དབང་བསྐུར་རོ། །ཚིན་དྷ་ཚིན་དྷ་བཛྲ། ཨ་བྷི་ཥིཉྩ་ཧཱུཾ། །ཧཱུཾ་བྱང་ཤར་ཁྲོ་བོ་ཁམས་གསུམ་རྒྱལ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །ཞབས་གཉིས་ཉི་ཟླའི་གདན་ལ་བཞུགས། །སྐལ་ལྡན་བུ་ལ་དབང་བསྐུར་རོ། །བྷིནྡྷ་བྷིན་དྷ་བཛྲ་ཧཱུཾ་ཕཊ། ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ་འོག་ཕྱོགས་ཁྲོ་རྒྱལ་སྟོབས་པོ་ཆེ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །ཞབས་གཉིས་ཉི་ཟླའི་གདན་ལ་བཞུགས། །སྐལ་ལྡན་བུ་ལ་དབང་བསྐུར་རོ། །མ་ཐ་མ་ཐ་བཛྲ། ཨ་བྷི་ཥིཉྩ་ཧཱུཾ། བསྐུར་གནས་ནི་མགོ་ལ། སྟིམས་གནས་ནི། ཕུང་པོ་ཁམས་སྐྱེ་མཆེད་ལ་སྟིམས། །སྒྲིབ་པ་གང་དག །ནུས་པ་གང་བསྐྱེད་ནི། རྟོགས་ཚོགས་རང་ཁ་མར་འཛིན་པའི་དྲི་མ་དག་ནས། །ཕུང་པོ་ཁམས་སྐྱེ་མཆེད་ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །གཉིས་པ་ཀྲི་ཡའི་དབང་ལ་བཀྲ་ཤིས་ཉི་ཤུ་རྩ་དྲུག་ནི། སྔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་རི་རབ་ཀྱི་ཟོམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་སུ། དཔལ་ཕྱག་ན་རྡོ་རྗེ་ལ་རིན་པོ་ཆེ་སྣ་ལྔའི་རི་རབ་ཀྱི་དབང་བསྐུར་བས་མཐུ་སྟོབས་ཕུན་སུམ་ཚོགས་པ་དང་ལྡན་ཏེ། མི་འགྱུར་བའི་སྐུ་ཐོབ་པར་གྱུར་ཅིག །དེ་དང་རྗེས་སུ་མ ཐུན་པར་རིན་པོ་ཆེ་སྣ་ལྔའི་རི་རབ་ཀྱི་དབང་བསྐུར་བས་མཐུ་སྟོབས་ཕུན་སུམ་ཚོགས་པ་དང་ལྡན་ཏེ། མི་འགྱུར་བའི་སྐུ་ཐོབ་པར་གྱུར་ཅིག །གཟི་བརྗིད་ལྷུན་སྡུག་རི་རབ་མཆོག་གི་སྐུ། །ཆེ་བའི་ཡོན་ཏན་རྒྱས་པའི་དབང་རིམ་མཆོག །ཐམས་ཅད་གནས་པའི་རི་བོ་ཆེན་པོ་ལ། མཐུ་སྟོབས་མི་འགྱུར་སྐུ་རྣམས་རྫོགས་པར་ཤོག །སྐྱེ་བཞི་འགྲོ་དྲུག་ཁམས་གསུམ་ཡོངས་ཀྱི་སྲོགས། །ཁ་དོག་མཛེས་ལྡན་རིན་ཆེན་སྣ་ཚོགས་གཞི། །ཕྱོགས་བཞི་དབུས་དང་རི་རབ་སྐུར་བསྟན་པ། །འདི་ནི་རི་རབ་དབང་གི་བཀྲ་ཤིས་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ། །སྔོན་བཅོམ་ལྡན་འདས་མཛད་པ་བཅུ་གཉིས་རྫོགས་པའི་དུས་སུ། ཨུ་དུམ་འབར་བའི་མེ་ཏོག་དང་སྦྱར་ནས། དཔལ་ཕྱག་ན་རྡོ་རྗེ་ལ་རང་བཞིན་གྱི་མཆོད་རྟེན་དང་། སྤྲུལ་པའི་མཆོད་རྟེན་ལ་སོགས་པས་དབང་བསྐུར་བས། རྣམ་པར་མི་རྟོག་པའི་ཆོས་སྐུ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་མཆོད་རྟེན་ཆེན་པོས་དབང་བསྐུར་བས་ཆོས་ཀྱི་སྐུ་ཐོབ་པའི་དབང་དང་ལྡན་པར་གྱུར་ཅིག །དྲན་པ་ཉེ་བར་བཞག་པའི་བང་རིམ་དང་། སྐྱེ་འགག་མེད་པའི་བུམ་པ་ཟླུམ་པོ་དང་། ཆོས་ཀྱི་འཁོར་ལོ་མ་འདྲེས་ཏོག་ལ་སོགས། །རྣམ་པར་མི་རྟོགས་ཆོས་ཀྱི་སྐུ་ཐོབ་ཤོག །ལྟ་བའི་ས་དང་མངོན་པར་བྱང་ཆུབ་མཚུངས་མི་མངའ། །ཆོས་ཀྱི་འཁོར་ལོ་བསྐོར་དང་ཆོ་འཕྲུལ་སྟོན་ལ་སོགས། །ལྷ་ཡུལ་གནས་གཤེགས་སྟོན་པ་མྱ་ངན་གར་འདས་པའི། །འདི་ནི་སྟོབས་བཅུ་བྱིན་བརླབས་མངའ་བའི་ས། །མཆོད་རྟེན་དབང་གི་བཀྲ་ཤིས་ལེའུ་ཉི་ཤུ་རྩ་གཉིས་པའོ། །སྔོན་བཅོམ་ལྡན་འདས་ཡུལ་གྱད་ཀྱི་ཉེ་འཁོར་ན་བཞུགས་པའི་དུས་སུ། དཔལ་ཕྱག་ན་རྡོ་རྗེ་ལ་དཔག་བསམ་ཀྱི་ཤིང་གིས་དབང་བསྐུར་བས། དགོངས་པའི་དོན་ཡིད་བཞིན་དུ་འགྲུབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་དཔག་བསམ་གྱི་ཤིང་གིས་དབང་བསྐུར་བས། སློབ་མ་རྣམས་དགོངས་པའི་དོན་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག །གང་ལ་གང་འདོད་དཔག་བསམ་ཤིང་ལྟ་བུ། །ཡོན་ཏན་ཡིད་བཞིན་དུ་ཟག་མེད་གཏེར་དང་ལྡན། །བརྟེན་པའི་རྒྱུ་དང་འབྲས་བུ་ཚུལ་ཡིན་ཏེ། །དགོངས་པའི་དོན་རྣམས་ཡིད་བཞིན་འགྲུབ་པར་ཤོག །ལྷ་ཡི་རེ་སྐོང་དཔག་བསམ་ལྗོན་ཤིང་ལྟར། འཕགས་པའི་ཡོན་ཏན་བརྗོད་ཀྱིས་མི་ལངས་པའི་རེ་བ་ཡིད་བཞིན་ཕུན་སུམ་ཚོགས་པའི་རྫས། འདི་ནི་དཔག་བསམ་ཤིང་གི་དབང་གི་བཀྲ་ཤིས་ལེའུ་རྩ་གསུམ་པའོ། །སྔོན་བཅོམ་ལྡན་འདས་རྒྱ་མཚོ་ཆེན་པོའི་གླིང་ལ་གཤེགས་པའི་དུས་སུ། དཔལ་ཕྱག་ན་རྡོ་རྗེ་ལ་རྒྱ་མཚོ་ཆེན་པོས་དབང་བསྐུར་བས། ཆོས་སྐྱེ་བ་མེད་པ་ཟབ་ཅིང་རྒྱ་ཆེ་བའི་དོན་རྟོགས་པའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཆོས་སྐྱེ་མེད་ཟབ་ཅིང་རྒྱ་ཆེ་བའི་དོན་རྟོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །གཏིང་དཔག་ཟབ་ཅིང་རྒྱ་མཚོ་ཡངས་པ་ཡིས། །ཀུན་ཏུ་སྙོམས་པའི་ཡོན་ཏན་ཆེན་པོ་ཏེ། །སྐྱེ་འགགས་མེད་པའི་རྒྱ་མཚོ་ཆེན་པོ་ལ། །ཟབ་ཅིང་རྒྱ་མཚོ་ཆོས་དོན་རྟོགས་པར་ཤོག །ཆོས་ཉིད་རྒྱ་མཚོ་ལྟ་བུར་ཐུགས་ཆུད་ཅིང་། །ཟབ་ཅིང་གཏིང་དཔག་དཀའ་བའི་རྒྱ་མཚོ་ལ། །ཡིད་བཞིན་ནོར་རྣམས་ཁ་དོག་མཛེས་པའི་ཚུལ། །འདི་ནི་རྒྱ་མཚོ་དབང་གི་བཀྲ་ཤིས་ལེའུ་རྩ་བཞི་པའོ། །སྔོན་བཅོམ་ལྡན་འདས་རྡོ་རྗེ་གདན་དྲུང་ན་བཞུགས་པ་ལ། དཔལ་ཕྱག་ན་རྡོ་རྗེས་ཞིང་ཆེན་པོ་གནས་ཀྱི་དབང་བསྐུར་བས། བཀྲ་ཤིས་ལ་བྱིན་ཆགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་དང་རྗེས་སུ་མཐུན་པར་སློབ་བུ་རྣམས་ལ་ས་གཞི་སྐྱེ་གནས་ཀྱི་དབང་བསྐུར་བས། །བཀྲ་ཤིས་ལ་བྱིན་ཆགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །རབ་ཏུ་དབེན་པའི་གནས་མཆོག་དམ་པ་སྟེ། །མེ་ཏོག་དྲི་གསུང་མང་པོ་སྐྱེ་བ་དང་། །ཡོན་ཏན་མ་ལུས་ཚངས་པར་ཀུན་རྫོགས་ཏེ། །དབེན་པའི་བཀྲ་ཤིས་ཆེན་པོའི་གནས་སུ་ཤོག །མེ་ཏོག་མཛེས་ལྡན་ཡིད་འོང་བརྒྱན་པའི་གནས། །བཀྲ་ཤིས་སྐད་སྙན་བྱ་སྐད་སྣ་ཚོགས་སྒྲོགས། །ཡོན་ཏན་ལྟ་བ་སྟོན་པས་བསླབ་པའི་གནས། །འདི་ནི་ས་གཞི་གནས་ཀྱི་དབང་གི་བཀྲ་ཤིས་ལེའུ་རྩ་ལྔ་པའོ། །སྔོན་བཅོམ་ལྡན་འདས་བ་ར་ན་སི་ན་བཞུགས་པ་ལ། དཔལ་ཕྱག་ན་རྡོ་རྗེ་ལ་བདུད་རྩིའི་ཆུའི་དབང་བསྐུར་བས་སྐྱེ་ཤི་མི་མངའ་བའི་སྐུ་ཐོབ་བོ། །དེ་དང་རྗེས་སུ་མཐུན་པར། །བདུད་རྩིའི་བུམ་ཆུའི་དབང་བསྐུར་བས། སྐྱེ་ཤི་མེད་པ་སྐུ་ཡི་དབང་དམ་པ་ཐོབ་པར་གྱུར་ཅིག །བདུད་རྩིའི་ཆུ་རྒྱུན་འགྲོ་བའི་གསོས་ཀྱི་མཆོག །ཉོན་མོངས་སྡུག་བསྔལ་ནད་དུ་ཆེ་བ་སེལ། །མ་རིག་དག་པའི་བདུད་རྩིའི་ཆུ་མཆོག་ཏེ། །སྐྱེ་ཤི་མེད་པ་དག་པའི་སྐུ་ཐོབ་ཤོག །བུམ་པའི་ཁ་བརྒྱན་དཔག་བསམ་ཤིང་། །དབང་བསྐུར་བུམ་པར་སྤྱི་བླུག་པས། །བདུད་རྩི་དམ་པ་འདིར་སྩོལ་ཅིག །འདི་ནི་བདུད་རྩི་དམ་པ་དབང་གི་ཆུ་རྒྱུན་གྱི་དབང་གི་བཀྲ་ཤིས་ལེའུ་རྩ་དྲུག་པའོ། །སྔོན་བཅོམ་ལྡན་འདས་རི་རབ་ཀྱི་ཟོམས་ལ་བཞུགས་པ་ལ། ལྷའི་དབང་པོ་རྒྱ་བྱིན་གྱིས་ཆོས་ཞུ་བའི་ཕྱིར་དར་བུ་ཁད་ཀྱི་ཟ་ར་ཙགས་ཕུལ་བས། ཆོས་སྒྲ་ཆེན་པོ་བྱིན་གྱིས་བརླབས་པ་དང་ལྡན་པར་གྱུར་ཏེ། དེ་དང་རྗེས་སུ་མཐུན་པར་རྫས་འདིས་དབང་བསྐུར་བས། ཆོས་ཀྱི་སྒྲ་ཆེན་པོ་སྒྲོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཆོས་ཀྱི་རྒྱལ་སྲིད་ཆེན་པོར་མངའ་རྙེས་ཤོག །མ་རིག་མུན་པ་མ་ལུས་བསལ་བ་དང་། །བརྒྱ་བྱིན་ཤེས་པ་མ་ལུས་གྲོལ་བའི་ཕྱིར། །ཆོས་རྣམས་ཐམས་ཅད་གོང་བཞིན་སྒྲོགས་པར་ཤོག །གཉེན་འཇམ་རེག་བདེ་དར་གྱི་ཟ་ར་ཙག །རིགས་ཀྱི་ཁ་དོག་སྣ་བདུན་ཤིན་ཏུ་མཛེས། ཡིད་འོང་ལེགས་པར་བརྒྱན་པའི་བཀྲ་ཤིས་རྫས། །འདི་ནི་དར་གྱི་ཟ་ར་ཙགས་ཀྱི་དབང་གི་བཀྲ་ཤིས་ལེའུ་རྩ་བདུན་པའོ། །སྔོན་བཅོམ་ལྡན་འདས་ལ་སུམ་ཅུ་རྩ་གསུམ་གྱི་གནས་སུ་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་སུ། རིན་པོ་ཆེའི་ཁྲི་རྐང་ཕུལ་ནས་ཞུས་པས་ཆོས་ཤེས་པའི་རྒྱུད་ལ་གོ་བར་སྒྲོགས་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་རིན་པོ་ཆེ་ཁྲི་རྐང་གིས་དབང་བསྐུར་བས། ཆོས་གོ་བར་སྒྲོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །རིན་ཆེན་གསེར་གྱི་ཁྲི་སྟེངས་སུ། །ཆོས་སྒྲ་ཆེན་པོ་སྒྲོགས་པ་ཡིས། །འགྲོ་བ་རྣམས་ཀྱི་མི་ཤེས་གྲོལ། །ཆོས་རྣམས་གོ་བ་སྒྲོགས་པར་ཤོག །ཚད་མེད་བཞི་ལྡན་འདེགས་པར་གསེར་གྱི་ཁྲི། །ཡོན་ཏན་ཚོགས་རྫོགས་རིན་ཆེན་སྣ་ཚོགས་སྤྲས། །ཡོན་ཏན་ཡིད་བཞིན་ཟད་མེད་དགོས་འདོད་སྐོངས། །འདི་ནི་རིན་ཆེན་གསེར་ཁྲིའི་དབང་གི་བཀྲ་ཤིས་ལེའུ་རྩ་བརྒྱད་པའོ། །སྔོན་བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ། ལྷའི་དབང་པོ་བརྒྱ་བྱིན་གྱིས་མེ་ཏོག་ཆུན་པོས་སྦྲེེས་པས་སེམས་ཅན་འཁོར་བ་ལས་སླུ་ཞིང་འབྲིད་པའི་མཆོག་དམ་པར་གྱུར་ཏེ། དེ་དང་རྗེས་སུ་མཐུན་པར་མེ་ཏོག་གི་ཆུན་པོས་དབང་བསྐུར་བས། འཁོར་བ་ལས་སླུ་བར་བྱེད་པའི་བརྒྱན་མཛེས་པའི་བརྒྱན་མཆོག་དམ་པ་དང་ལྡན་པའི་དབང་མཆོག་དམ་པ་དང་ལྡན་པར་གྱུར་ཅིག །སྡུག་ཅིང་མཛེས་པའི་མེ་ཏོག་དམ་པ་དང་། ཁ་དོག་མ་འདྲེས་སོ་སོར་གསལ་བའི་མཆོག །སེམས་ཅན་ཀུན་གྱི་བལྟ་བར་འོས་པ་ཡིས། །མཛེས་པའི་བརྒྱན་མཆོག་དམ་པ་ལྡན་པར་ཤོག །མེ་ཏོག་ཆུ་སྐྱེས་ཐང་སྐྱེས་དམ་པ་དང་། །ཤིང་དང་ནགས་སྐྱེས་འབྲུ་མཆོག་དམ་པ་འདིས། །རིན་ཆེན་འཕྲེང་ལྟར་མཁའ་ལ་ཆར་འབེབས་པའི། །འདི་ནི་མེ་ཏོག་ཆུན་པོའི་དབང་གི་བཀྲ་ཤིས་ལེའུ་རྩ་དགུ་པའོ། །སྔོན་བཅོམ་ལྡན་འདས་རི་རབ་ཀྱི་རྩེ་ཁང་བུ་བརྩེགས་པའི་ཁང་བཟང་ན་བཞུགས་པའི་དུས་སུ། སུམ་ཅུ་རྩ་གསུམ་གྱི་ལྷའི་བུ་འོད་དམ་པ་ཞེས་བྱ་བས། རྔ་ཡབ་ཀྱི་གཡབས་པས། དགྱེས་པ་ཆེན་པོའི་གཟི་མདངས་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་རྔ་ཡབ་ཀྱི་དབང་བསྐུར་བས། གཟི་མདངས་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག ། སྙན་པའི་སྒྲ་རྣམས་མྱུར་དུ་སྒྲོགས་པ་དང་། །ཉོན་མོངས་སྡུག་སྔལ་དྲི་མ་མྱུར་དུ་སེལ། །ཐམས་ཅད་མྱུར་བར་གོ་བའི་དབང་ཐོབ་ནས། །བཀྲ་ཤིས་གཟི་མདངས་མཆོག་དང་ལྡན་པར་ཤོག །རྒྱལ་བའི་སྐུ་ལ་ཉེས་པས་མི་གོས་ཀྱང་། །དག་ཅིང་གསལ་བར་བྱ་ཕྱིར་རྔ་ཡབ་འདིས། །སྐུ་ཡིས་ལྗན་ལྗིན་དྲི་མ་ཕྱགས་དར་ཕྱིར་འདི་ནི་རྔ་ཡབ་དབང་གི་བཀྲ་ཤིས་ལེའུ་སྟེ་སུམ་ཅུ་པའོ། །སྔོན་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་པ་ལ། །སུམ་ཅུ་རྩ་གསུམ་ལྷའི་བུ་འོད་ཟེར་ཀུན་ནས་འབྱུང་བས། རྡུལ་གཡབ་ཀྱི་རྡུལ་གཡབས་པས། །ཆོས་ཉིད་ལ་སྐྱོན་གྱིས་མ་གོས་སོ། །དེ་དང་རྗེས་སུ་མཐུན་པར་ལྷའི་རྡུལ་གཡབ་ཀྱི་རྫས་ཀྱི་དབང་བསྐུར་བས། ཆོས་ཉིད་ཟབ་མོའི་དོན་ལ་འཇུག་པའི་དབང་དམ་པ་ཐོབ་པར་གྱུར་ཅིག ཉོན་མོངས་རྡུལ་རྣམས་མ་ལུས་ཕྱི་བ་དང་། དུས་གསུམ་བདེ་བར་གཤེགས་པ་བཞུགས་པའི་གནས། བག་ཆགས་སྐྱོན་གྱིས་དྲི་མ་བསལ་བའི་ཕྱིར། ཆོས་ཉིད་ཟབ་མོའི་དོན་ལ་འཇུག་པར་ཤོག །རྒྱལ་བའི་སྐུ་ལ་དྲི་མ་མི་མངའ་ཡང་། ལོག་རྟོགས་རྡུལ་གྱི་བག་ཆགས་བསལ་བའི་ཕྱིར། བཀྲ་ཤིས་གཙང་མའི་རས་ཀྱི་སྐུ་ཕྱིས་པས། འདི་ནི་རྡུལ་གཡབ་དབང་གི་བཀྲ་ཤིས་ལེའུ་སོ་གཅིག་པའོ། །སྔོན་བཅོམ་ལྡན་འདས་ནགས་ཚལ་དགོན་པ་ན་བཞུགས་པ་ལ། སུམ་ཅུ་རྩ་གསུམ་ལྷའི་བུ་ཞིག་གིས། སྦྲང་གཡབ་ཀྱི་གཡབས་པས། སེམས་ཅན་འཛིན་ཆགས་ཀྱིས་སྐྱོན་གྲོལ། དེ་དང་རྗེས་སུ་མཐུན་པར་སྦྲང་གཡབ་ཀྱི་རྫས་འདིའི་དབང་བསྐུར་བས། འཛིན་ཆགས་ཀྱི་སྐྱོན་ལས་གྲོལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཉོན་མོངས་སེམས་ཅན་མ་རིག་བསལ་བ་དང་། །འབྲས་བུ་ཐར་པའི་གོ་འཕང་ཐོབ་པ་དང་། །བདེ་བར་གཤེགས་པའི་ཞབས་དྲུང་འཁོར་བའི་ཕྱིར། །འཛིན་ཆགས་སྐྱོན་གྱི་དྲི་མ་དག་པར་ཤོག །དྲང་སྲང་ཆེན་པོ་བསམ་གཏན་གནས་པ་ལ། སྲོག་ཆགས་བདུག་པའི་གཟུགས་ཅན་གསལ་བའི་ཕྱིར། །འདི་ནི་སྦྲང་གཡབ་དབང་གི་བཀྲ་ཤིས་ལེའུ་སོ་གཉིས་པའོ། །སྔོན་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་པ་ལ། འཁོར་རྣམ་བཞིས་བླ་རེས་སྒྲེངས་པས། ཉོན་མོངས་པའི་གདུང་བ་སེལ་བར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་བླ་རེས་ཀྱིས་དབང་བསྐུར་བས། ཉོན་མོངས་པའི་སྡུག་བསྔལ་གྱིས་མི་གོས་པར་གྱུར་ཅིག །ཆོས་ཀྱི་འཁོར་ལོ་བསྐོར་ཕྱིར་བླ་རེས་སྒྲེངས། །མིའི་རྒྱལ་པོ་སེང་གེ་བཞུགས་པའི་ས། །དབང་ཕྱུག་དམ་པའི་མངའ་བདག་ཆེན་པོ་སྟེ། །ཉོན་མོངས་རྡུལ་གྱི་དྲི་མ་མེད་པར་ཤོག །དཔག་བསམ་ལྗོན་ཤིང་ལོ་འདབ་རྒྱས། །ཉི་ཟླ་མང་པོའི་སྤྲིན་གསེབ་ནས། །བཀྲ་ཤིས་བྱ་མང་འཕུར་ཞིང་ལྡིང་། །འདི་ནི་དར་ཟབ་བླ་རེས་དབང་གི་བཀྲ་ཤིས་ལེའུ་སོ་གསུམ་པའོ། །སྔོན་བཅོམ་ལྡན་འདས་བྱ་རྒོད་ཕུང་པོའི་རི་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ། འཁོར་རྣམ་བཞིས་རྒྱལ་མཚན་ཆེན་པོ་གཙུགས་པས་ཆེ་བའི་ཡོན་ཏན་ནུབ་པ་མེད་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་བཀྲ་ཤིས་པའི་རྫས་འདིའི་དབང་བསྐུར་བས། ཆེ་བའི་ཡོན་ཏན་རྒྱལ་མཚན་གྱི་རྩེ་མོ་ལྟར་ནུབ་པའི་དུས་མེད་པར་གྱུར་ཅིག །དཔའ་བརྗིད་མཛེས་པས་འཇིག་རྟེན་ཡོངས་ཀྱི་རྒྱན། །ལྷུན་གྲུབ་སྐུ་མཉེས་རྫོགས་པའི་རྒྱལ་མཚན་དེས། །ནུབ་པའི་དུས་མེད་ཟད་པ་མེད་པ་ཡིས། །ཡོན་ཏན་ཆེ་བས་ཁྱད་པར་ཀུན་ལས་འཕགས། །ཆེ་བའི་ཡོན་ཏན་ནུབ་པ་མེད་པར་ཤོག །དཔའ་བརྗིད་མཛེས་པས་འཇིག་རྟེན་ཡོངས་ཀྱིས་རྒྱན། །ལྷུན་གྲུབ་སྐུ་མཉེས་རྫོགས་པའི་རྒྱལ་མཚན་དེས། །བདུད་དང་མུ་སྟེགས་མཐུ་དཔུང་འཇོམས་པར་བྱེད། །རྒྱལ་བའི་སྐུ་དང་དབྱེར་མེད་མཚུངས་ཤིག་པའི། །འདི་ནི་རྒྱལ་མཚན་དབང་གི་བཀྲ་ཤིས་ལེའུ་སོ་བཞི་པའོ། །སྔོན་བཅོམ་ལྡན་འདས་སྐྱེད་མོས་ཚལ་དུ་བཞུགས་པའི་ཚེ། འཁོར་རྣམས་ཀྱིས་ཚ་བའི་གདུང་བ་ལས། གདུག་ཀབ་པས་ཚ་བའི་གདུང་བའི་སྡུག་བསྔལ་ཞི་བར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་གདུགས་ཀྱི་དབང་བསྐུར་བས། ཚ་བའི་སྡུག་བསྔལ་ཐམས་ཅད་ཞི་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །གདུགས་ཀྱི་ཚ་བའི་གདུང་བ་ཀུན་སེལ་ཞིང་། །དྲང་ཞིང་བསིལ་བའི་གདུག་མཆོག་དམ་པ་སྟེ། །འགྲོ་བ་ཀུན་གྱི་ཉོན་མོངས་ཚ་བའི་གསོས། རིམས་དང་ཚ་བའི་སྡུག་བསྔལ་ལས་ཐར་བར་ཤོག །ཇི་ལྟར་ཉོན་མོངས་ཚ་བས་གདུང་བ་ལས། །གདུགས་ཀྱི་ཚ་བའི་སྡུག་བསྔལ་སྐྱོབས་པ་ལྟར། །འཁོར་བ་ཉེས་པའི་སྡུག་བསྔལ་སྐྱོབ་པའི་ཕྱིར། །འདི་ནི་གདུགས་ཀྱི་དབང་གིས་བརྗོད་ནས་བཀྲ་ཤིས་ལེའུ་སོ་ལྔ་པའོ། །སྔོན་བཅོམ་ལྡན་འདས་ཀྱི་ཡངས་པ་ཅན་གྱི་གྲོང་ཁྱེར། སྤྲེའུ་རྫིང་གི་འགྲམ་ཁང་བུ་བརྩེགས་པའི་ཁང་བཟང་ན་བཞུགས་པ་དེའི་ཚེ། བྲམ་ཟེ་ཁམ་པས་བསོ་སྔོན་གྱི་ཉེས་པ་འདས་ནས། ཉ་པ་རྣམས་ཀྱིས་ཟིན་པའི་ཚེ། །ཉ་པ་རྣམས་ཀྱིས་འགྱོད་པ་རྗེས་སུ་དྲན་ནས། །ཉ་རྒྱ་འཇུག་པ་ཆེ་ཆུང་ཕུལ་བས། ཉ་པ་ལྔ་བརྒྱ་སངས་རྒྱས་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཉ་རྒྱའི་རྟགས་དར་གྱི་ལྡ་ལྡིས་དབང་བསྐུར་བས། ངན་སོང་དུ་སྐྱེས་ངེས་པ་ཅིག་ཡོད་ན་ཡང་། དེ་ལས་ཐར་ཏེ་སངས་རྒྱས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དར་གྱི་ལྔ་ལྡིས་ཉོན་མོངས་ཀུན་སྤངས་ཏེ། །ལེགས་པའི་ཡོན་ཏན་མ་ལུས་ཚོགས་རྫོགས་ནས། མ་རིགས་འཁྲུལ་པའི་ཤེས་པ་བློ་དག་ཅིང་། །ཉོན་མོངས་འཁོར་བའི་གནས་ལས་ཐར་པར་ཤོག །འཁོར་བའི་ཉེས་པ་དག་བྱའི་ཕྱིར། སྡུག་བསྔལ་བརྒྱ་མོ་བཀྲ་ཤིས་རྫས། །སྡུག་བསྔལ་བག་ཆགས་སྦྱང་སླད་དུ། །འདི་ནི་ལྡ་ལྡི་དབང་གི་བཀྲ་ཤིས་ལེའུ་སོ་དྲུག་པའོ། །སྔོན་བཅོམ་ལྡན་འདས་སྐྱེད་མོས་ཚལ་དུ་གཤེགས་པའི། ཁྱིམ་བདག་ལྷའི་བུ་མོ་བཟང་ལྡན་མས་རས་ཨ་བ་སེའི་སྐུ་རེག་གསོལ་བས། སྐུ་བསྟན་པའི་མཆོག་དང་ལྡན་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་བཀྲ་ཤིས་སྐུ་རེགས་རྫས་ཀྱིས་དབང་བསྐུར་བས། ལུང་བསྟན་པའི་མཆོག་དམ་པ་དང་ལྡན་པར་གྱུར་ཅིག །དྲི་མ་དག་པས་སྐུ་རེགས་གཙང་མའི་མཆོག །ཁྱིམ་བདག་དད་པས་ཕུལ་བའི་སྐུ་རེག་འདི། །སྐུ་ལ་བཅིངས་ཤིང་རབ་ཏུ་གདམས་པས་ཀྱང་། །མི་འགྱུར་བརྟན་པའི་སྐུ་མཆོག་ཐོབ་པར་ཤོག །ཐར་པ་མཆོག་གི་ལེགས་པ་གང་གསུངས་པ། །མི་དམིགས་དག་པའི་ཡེ་ཤེས་ཆེན་པོ་ཡིས། །ཉོན་མོངས་དྲི་མེད་བདེ་བའི་སྐུ་རྟེན་པ། །འདི་ནི་སྐུ་རེག་དབང་གི་བཀྲ་ཤིས་ལེའུ་སོ་བདུན་པའོ། །སྔོན་བཅོམ་ལྡན་འདས་རི་རབ་ཁ་བ་ཅན་ན་བཞུགས་པ་ལ། གནོད་སྦྱིན་རྣམས་ཀྱིས་སྤོས་རྣམ་པ་ལྔ་ཕུལ་ཏེ། ཙན་དན་དང་ག་བུར་དང་། གུར་གུམ་དང་། ཨ་ཀ་རུ་དང་། དུ་རུ་ཀ་ཕུལ་བས། དབང་པོ་ལྔ་ཚིམ་ཞིང་བཀྲ་ཤིས་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་སྤོས་རྣམ་པ་ལྔའི་དབང་བསྐུར་བས། །དབང་པོ་ཚིམས་པའི་དོན་གྱི་བཀྲ་ཤིས་པར་གྱུར་ཅིག །དབང་པོ་ཚིམ་བྱེད་བདུག་པའི་སྤོས་མཆོག་སྟེ། །དུས་གསུམ་བདེ་བར་གཤེགས་པ་མཆོད་པ་དང་། །འགྲོ་བ་མ་ལུས་དབང་པོ་ཀུན་ཚིམས་ཞིང་། །དྲི་ཞིམ་འཕགས་པའི་སྐུ་དང་ལྡན་པར་ཤོག །དྲི་ཞིམ་ངད་ལྡན་ཡོན་ཏན་ཕུན་སུམ་ཚོགས། །མཁའ་ལ་སྤྲིན་ཕུང་མཆོད་པ་སྟིམ་པ་སྟེ། །ཡོངས་སུ་ཁྱབ་པའི་བདུག་པ་དམ་པ སྟེ། འདི་ནི་དབང་པོ་དམ་པ་ཚིམས་བྱེད་དབང་གི་བཀྲ་ཤིས་ལེའུ་སོ་བརྒྱད་པའོ། །སྔོན་བཅོམ་ལྡན་འདས་ནགས་ཚལ་ཆེན་པོ་བཞུགས་པ་ལ། ཀླུའི་རྒྱལ་པོ་རྣམས་ཀྱིས་སྙིང་པོ་རྣམ་པ་ལྔ་ཕུལ་ཏེ། ཚ་དང་། མར་དང་། སྦྲང་རྩི་དང་། ཀ་ར་དང་། ཏིལ་དང་ལྔ་ཕུལ་བས། སྙིང་པོ་མི་ཟད་པའི་མཛོད་དུ་ཞུགས་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་སྙིང་པོ་རྣམ་པ་ལྔས་དབང་བསྐུར་བས། ཚེ་མི་ཟད་པའི་མཛོད་དུ་བཀྲ་ཤིས་པར་གྱུར་ཅིག །སྙིང་པོ་ལྔ་ནི་གསོས་གྱིས་མཆོག །མི་ཟད་པའི་དབྱིག་ཐོབ་ཏེ། ལེགས་པའི་ཡོན་ཏན་མཐར་ཕྱིན་ཞིང་། ཚེ་དང་ལོངས་སྤྱོད་འཕེལ་བར་ཤོག །སྙིང་པོ་ལྔ་ནི་ཀུན་གྱིས་དབྱིག་ཡིན་ཏེ། །འགྲོ་ཀུན་མི་ཟད་གཏེར་ལ་སྤྱོད་པ་དང་། །དོན་གྱི་སྙིང་པོ་ཡང་དག་རྟོགས་པའི་ཕྱིར། །སྙིང་པོ་ལྔའི་དབང་གི་བཀྲ་ཤིས་ལེའུ་སོ་དགུ་པའོ། །སྔོན་བཅོམ་ལྡན་འདས་ཡུལ་གྲུ་འཛིན་གྱི་རིལ་བཞུགས་པའི་དུས་སུ། གནོད་སྦྱིན་གཏེར་འཆང་ལ་སོགས་པས་རིན་ཆེན་ལྔ་ཕུལ་སྟེ། གསེར་དངུལ་ཟངས་ལྕགས། གཡུ་དང་ལྔ། ཕུལ་བས། དཀོན་ནོར་མི་ཟད་པའི་མཛོད་དང་ལྡན་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་རིན་ཆེན་སྣ་ལྔས་དབང་བསྐུར་བས། སྐོར་ནོར་མི་ཟད་ཤེས་པའི་མཛོད་དམ་པ་དང་ལྡན་པར་གྱུར་ཅིག །རིན་ཆེན་གསེར་དང་དངུལ་མཆོག་སྟེ། །ལྕགས་དང་ཟངས་དང་གཡུ་ལ་སོགས། །མི་ཟད་མེད་པའི་ནོར་མཆོག་སྟེ། །ཟད་པ་མེད་པའི་ནོར་མཆོག་དམ་པར་ཤོག །དགོས་པའི་དོན་འབྱིན་རིན་ཆེན་སྣ་ཚོགས་མཆོག །ཟད་པ་མེད་པའི་གཏེར་དང་ལྡན་པ་ཏེ། སྡུག་བསྔལ་དབུལ་འཕོངས་ཀུན་ལས་ཐར། འདི་ནི་དགོས་འདོད་རེ་བ་སྐོངས་པའི་དབང་གི་བཀྲ་ཤིས་ལེའུ་བཞི་བཅུ་པའོ། །སྔོན་བཅོམ་ལྡན་འདས་ཡུལ་ཨཾ་ག་མ་ག་དྷ་ན་བཞུགས་པ་ལ། རྒྱལ་པོ་གསལ་རྒྱལ་གྱིས་འབྲུ་སྣ་རྣམ་པ་ལྔ་ཕུལ་ཏེ། འབྲས་ཀྱི་སོ་བ་དང་། མོན་སྲན་དྲེའུ་དང་། གྲོ་དང་། ནས་དང ། ཏིལ་དང་ལྔ་ཕུལ་བས། མུ་གེའི་སྡུག་བསྔལ་ཞི་སྟེ་བཀྲ་ཤིས་པར་གྱུར་ཏེ། དེ་དང་རྗེས་སུ་མཐུན་པར་འབྲུ་རྣམ་པ་ལྔའི་དབང་བསྐུར་བས་བཀྲ་ཤིས་པར་གྱུར་ཅིག །རིན་ཆེན་འབྲུ་མཆོག་འགྲོ་བའི་གསོས་ལགས་ཏེ། མུ་གེའི་སྡུག་བསྔལ་ཀུན་ལས་ཐར་པ་དང་། སྦྱིན་པ་ལོངས་སྤྱོད་རྟག་ཏུ་འཕེལ་བ་དང་། ཟས་སོགས་མི་ཟད་གཏེར་དང་ལྡན་པར་ཤོག །ལོངས་སྤྱོད་ཚོགས་ལྡན་འབྱོར་པ་ཀུན་ཚངས་པ། །གང་ལ་ཅི་འདོད་འདོད་པའི་གཏེར་འབྱུང་བ། །ཕུན་སུམ་ཚོགས་ལྡན་དགེ་བའི་འབྲུ་སྐྱེད་པ། །འདི་ནི་ལོངས་སྤྱོད་ལྡན་པའི་དབང་གི་བཀྲ་ཤིས་ལེའུ་ཞེ་གཅིག་པའོ། །སྔོན་བཅོམ་ལྡན་འདས་ཙན་དན་ནགས་ཚལ་དུ་གཤེགས་པའི་ཚེ། གཅན་གཟན་སྟག་གིས་སྨན་བྱ་ཁྲི་ཕུལ་བས་བཀྲ་ཤིས་པ་དེ་བཞིན་དུ། སློབ་མ་རྣམས་ལ་སྟག་ཚལ་པས་དབང་བསྐུར་བཀྲ་ཤིས་པར་གྱུར་ཅིག །བྱ་ཁྲི་སྨན་མཆོག་སྟག་གིས་ཕུལ་བ་སྟེ། བཅོམ་ལྡན་ཐུགས་རྗེ་ཆེན་པོས་བྱིན་རླབས་ཀྱིས། བྱོལ་སོང་གཏི་མུག་ཀུན་ཀྱང་གོ་མཛད་པ། །སྨན་མཆོག་ནད་རྣམས་ཀུན་ཀྱང་སེལ་བར་ཤོག །སེམས་ཅན་གདུག་པ་མ་ལུས་འདུལ་མཛད་པ། །ཐབས་ཀྱི་ཆོ་འཕྲུལ་ཀུན་ལས་ཅིར་ཡང་སྟོན། །ཐུགས་རྗེས་ཆེན་པོས་གནས་ནས་འདྲེན་མཛད་པ། །འདི་ནི་ཆོ་འཕྲུལ་སྟོན་པའི་དབང་གི་བཀྲ་ཤིས་ལེའུ་ཞེ་གཉིས་པའོ། །སྔོན་བཅོམ་ལྡན་འདས་སེང་ལྡིང་གི་ཤིང་གསེབ་དུ་གཤེགས་པ་ལ། གཅན་གཟན་གྱིས་རྒྱལ་པོ་སེང་གེས་སེང་ཁྲི་ཕྱག་ཏུ་ཕུལ་བས་སྨན་གྱིས་མཆོག་ཏུ་བཀྲ་ཤིས་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་སེང་ལྡེང་གི་ཚེར་མས་དབང་བསྐུར་བས། སྨན་མཆོག་དམ་པའི་ཡོན་ཏན་ཀུན་ཏུ་བཀྲ་ཤིས་པར་གྱུར་ཅིག །སེང་ཁྲི་སྨན་མཆོག་སེང་གེས་ཕུལ་བ་སྟེ། བཅོམ་ལྡན་ཐུགས་རྗེ་ཆེན་པོས་བྱིན་བརླབས་ཀྱིས། །བྱོལ་སོང་གཏི་མུག་ཀུན་ཀྱང་གོ་མཛད་པ། སྨན་མཆོག་ནད་རྣམས་ཀུན་ཏུ་སེལ་བར་ཤོག །གཟི་བརྗིད་འགྲོ་མཁས་འགྱིང་བའི་རྫུ་འཕྲུལ་ཅན། །གླིང་བཞིར་འགྱིང་པས་བྱོལ་སོང་རྒྱལ་པོ་སྟེ། །སྒྲ་སྐད་མཚེར་བས་སྡེར་ཆགས་ཟིལ་གྱིས་ནོན། འདི་ནི་མུ་སྟེགས་འདུལ་བའི་དབང་གི་བཀྲ་ཤིས་ལེའུ་ཞེ་གསུམ་པའོ། །སྔོན་བཅོམ་ལྡན་འདས་རི་བཏང་བཟུང་ཆེན་པོར་ཀླུའི་རྒྱལ་པོ་འཇོགས་པོས་འབྲི་ཧས་ཏི་ཕྱག་ཏུ་ཕུལ་བས། སྨན་མཆོག་རྣམ་པ་ལྔ་རུ་བཀྲ་ཤིས་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཤུ་དག་དཀར་པོས་དབང་བསྐུར་བས། སྨན་མཆོག་དམ་པའི་བཀྲ་ཤིས་ཐོབ་པར་གྱུར་ཅིག །ཤུ་དག་སྨན་མཆོག་ཀླུ་ཡིས་ཕུལ་བ་སྟེ། བཅོམ་ལྡན་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཀླུ་ཡི་གཏི་མུག་ཀུན་ཀྱང་གོ་མཛད་པ། །སྨན་མཆོག་ནད་རྣམས་ཀུན་ལས་སེལ་བར་ཤོག །རིག་པའི་ཆ་ལྡན་བྱང་ཆུབ་སེམས་དཔའི་ངང་། །འགྲོ་བའི་དོན་བསྐོངས་གཙུག་ན་རིན་ཆེན་མཆོག །ཐབས་ཀྱིས་དོན་མཛད་མཐུ་དཔུང་ཆེ་བའི་ཀླུས། །འདི་ནི་ནད་རྣམས་སེལ་བའི་དབང་གི་ལེའུ་སྟེ་བཞི་བཅུ་ཞེ་བཞི་པའོ། །སྔོན་བཅོམ་ལྡན་འདས་ལ་རྒྱལ་བུ་རྒྱལ་བྱེད་གྱི་ཚལ་དུ་ལྷའི་དབང་པོ་བརྒྱ་བྱིན་ཧ་ས་དེ་བ་ཕུལ་བས། སྨན་དང་མཆོག་སྙིང་པོ་བཀྲ་ཤིས་པ་དེ་བཞིན་དུ། མིང་འདི་ཞེས་བྱ་བ་ལ་དབང་པོ་ལག་པས་དབང་བསྐུར་བས། སྨན་མཆོག་དམ་པའི་དོན་གྱི་བཀྲ་ཤིས་པར་གྱུར་ཅིག །དབང་པོ་ལག་པ་བརྒྱ་བྱིན་ཕུལ་བ་སྟེ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །བརྒྱ་བྱིན་ལྷ་ཡི་སེམས་ཀྱང་གོ་བར་མཛད། སྨན་མཆོག་ནད་རྣམས་ཀུན་ལས་སེལ་བར་ཤོག །སུམ་ཅུ་རྩ་གསུམ་ལྷ་ཡི་གནས་མཆོག་ནས། །ལོངས་སྤྱོད་ལྡན་པས་ལྷ་དབང་བརྒྱ་སྦྱིན་མཆོག །སུམ་ཅུ་རྩ་གསུམ་ལྷ་ལས་རྣམ་རྒྱལ་བའི། །འདི་ནི་ལོངས་སྤྱོད་དབང་གིས་ལེའུ་ཞི་བཅུ་ཞེ་ལྔ་པའོ། །སྔོན་བཅོམ་ལྡན་འདས་ནགས་ཚལ་ཆེན་པོའི་ཤིང་གསེབ་དུ་གཤེགས་པའི་ཚེ། ཤིང་གི་ལྷ་མོ་འོད་འཆང་མས་ཀན་དྷ་ཀ་རི་ཕུལ་བས། སྨན་མཆོག་སྙིང་པོ་བཀྲ་ཤིས་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཀན་དྷ་ཀ་རིས་དབང་བསྐུར་བས། སྙིང་པོ་ལྔའི་དོན་དུ་བཀྲ་ཤིས་པར་གྱུར་ཅིག །བཅོམ་ལྡན་ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས། ཤིང་གི་ལྷ་མོའི་སེམས་ཀྱང་གོ་བར་མཛད། །ཀན་དྷ་ཀ་རི་ལྷ་མོས་ཕུལ་བ་སྟེ། །སྨན་མཆོག་ནད་རྣམས་ཀུན་ལས་སེལ་བར་ཤོག །ནགས་ཚལ་ཆེན་པོའི་ཤིང་གསེབ་ནས། །བདེ་བ་དགོས་པའི་རེ་བ་སྐོངས། །དད་པ་ཆེན་པོས་རབ་ཕུལ་བས། །འདི་ནི་ལེགས་པར་རྫོགས་པའི་དབང་གི་བཀྲ་ཤིས་ཀྱི་ལེའུ་སྟེ་བཞི་བཅུ་ཞེ་དྲུག་པའོ། །གཉིས་པ་ནུས་པའི་དབང་ལ་ལྔ་སྟེ། ཉན་དབང་དང་། བསྒྲུབས་དབང་དང་། འཆད་དབང་དང་། འཕྲིན་ལས་ཀྱི་དབང་དང་། རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་ངོ་། །དབང་དེ་ལྔ་ནི་ཆོ་ག་ཡང་གོང་དང་མཐུན་ནོ། །གསུམ་པ་གསང་བ་ཟབ་མོའི་དབང་ལ་གསུམ་སྟེ། གསང་དབང་དང་ཤེས་རབ་ཡེ་ཤེས་དབང་དང་། དབྱེར་མེད་བདེ་བ་ཆེན་པོའི་དབང་ངོ་། །དབང་དེ་གསུམ་གྱི་ཆོ་གའི་དོན་ནི། ལམ་ཁྱེར་བཞི་ལྡན་དུ་བྱ་སྟེ། ཐེག་པ་ལམ་ཁྱེར་ལ་གསང་སྔགས་ཀྲྀ་ཡ། ལྷ་ལམ་ཁྱེར་ལ་རིགས་གསུམ་མགོན་པོ་སྙིང་པོ་ལམ་ཁྱེར་ནི་ཝ་གི་ཤྭ་རི་མུཾ། མ་ཎི་པདྨེ་ཧཱུཾ། བཛྲ་པ་ཎིའོ། །དབང་ལམ་ཁྱེར་ཀྲྀ་ཡའི་དབང་མཆོག་ཉི་ཤུ་རྩ་དྲུག་གོ །མཆེད་རྡོ་རྗེའི་སྤུན་རྣམས་ལུས་ལྷའི་ཁྱེར་སོ། །ངག་སྔགས་ཀྱི་ཁྱེར་སོ། །སེམས་ཆོས་ཉིད་ཀྱི་ཁྱེར་སོ། །ཁྱེར་སོ་གསུམ་ལ་གནས་པར་བྱའོ། །ལྟ་བ་ནི་དོན་དམ་དག་པའི་མཐའ་བཞི་དང་བྲལ་བ། ཀུན་རྫོབ་རིགས་གསུམ་ལྷའི་དཀྱིལ་འཁོར་དུ་འདོད། བསྒོམ་པ་ནི་ཆོ་ག་ཡན་ལག་བཅུ་གཅིག་བསྒོམས། སྤྱོད་པ་ནི་ཁྲུས་དང་གཙང་སྦྲ་ལ་སྤྱོད། འབྲས་བུ་རིགས་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ། སྐབས་འདིར་སྒོམ་འདེབས་ཅིག་བྱ་ན། རང་གི་སྤྱི་བོར་ཐིག་ལེ་དཀར་དམར་མཐིང་གསུམ་བརྩེགས་སྒོམ། ཐེག་ལེ་དཀར་པོ་ལས་འོད་འཕྲོས་པས་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས་ཏེ། དེ་བཞིན་གཤེགས་པ་ལ་ཕོག་པས་སྐུ་མཉེས་པའི་མཆོད་པ་འབུལ། འོད་དེ་ཚུལ་འདུས་ནས་སྤྱི་བོར་ཐིམ་པས་སྐུའི་ལྷ་འཇམ་དཔལ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ། རལ་གྲི་དང་ཨུཏྤ་ལ་འཛིན་པ་གཅིག་བསྒོམས། དེ་ནས་ཐིག་ལེ་དམར་པོ་གསུང་། མཐིང་ཁ་ཐུགས་ཁར་ཐིམ་པས་འདྲེས། དེ་ལྟར་ལུས་ངག་ཡིད་གསུམ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་ངོ་བོར་བསྒོམས་ནས། སྤྱོད་ལམ་རྣམ་བཞི། ཀ །བག །རྩིས། འདའ་བ་མེད་པ་ནི། སྤྱོད་པ་དབང་ཆགས་པའི་རྟེན་ཡིན་ནོ། །ཀྲྀྀ་ཡའི་གག་དྲུག་སྦྱར་ན། གང་དུ་གསུངས་པའི་གནས་ནི་སྔོན་འབྱུང་བ་རན་སེར་གསུངས་ལ། རྗེས་འཇུག་དུ་པད་མ་མེ་ཏོག་འཇའ་ཚོན་གྱི་གླིང་དུ་དབང་བསྐུར། གང་གིས་བསྐུར་བའི་སྟོན་པ་ནི་སྔོན་འབྱུང་བཅོམ་ལྡན་འདས་ཀྱིས་དབང་བསྐུར་ལ། རྗེས་འཇུག་དུ་སློབ་དཔོན་ཆེན་པོ་ཤན་ཏིས་བསྐུར་རོ། །གང་ལ་བསྐུར་བའི་ཡུལ་ནི། སྔོན་བྱུང་དུ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་སྐུར། རྗེས་འཇུག་དུ་སློབ་དཔོན་ཟླ་བྷར་རྩལ་ལ་བསྐུར། །གང་བསྐུར་བའི་དབང་ནི་རི་རབ་དང་། མཆོད་རྟེན་དང་། དཔག་བསམ་ཤིང་ལ་སོགས་པ་དབང་ཉི་ཤུ་རྩ་དྲུག་བསྐུར། ཅིའི་ཕྱིར་ན་སྔོན་འབྱུང་དུ་ཕྱག་ན་རྡོ་རྗེ་ལ། བཅོམ་ལྡན་འདས་ཀྱིས་ཐུགས་རྗེས་གཟུང་པ་དང་། རྗེས་འཇུག་དུ་སྣོད་བཅུད་འཛོམ་པའི་དུས་སུ་བསྟན། ཅེས་གསུངས་པས། བླ་མ་སྦྱངས་པའི་ཡོན་ཏན་དང་ལྡན་པས། སློབ་བུ་སྣོད་དང་ལྡན་ཞིང་ལས་འཕྲོ་ཡོད་བས། ཟབ་མའི་དོན་ལ་མོས་པ་ཞུམ་པ་མེད་པའི་བརྩོན་འགྲུས་ཀྱི་གདམས་པ་ཞུ་ནུས་པ། ཤོ མས་ལེན་ལ་འགྲིམ་པ་ཡིད་ཆེས་པའི་དམ་ཚིག་དང་ལྡན་པའི་སྟེ། དེའི་རྗེས་སུ་འཇུག་པའི་ཕྱིར་དབང་བསྐུར་རོ། །དགོས་པ་ནི། རིན་པོ་ཆེ་རི་རབ་ཀྱི་དབང་བསྐུར་བས། མཐུ་སྟོབས་ཁྱད་པར་དང་ལྡན་པའི་དགོས་པ་ཡོད་ཅིང་། མཆོད་རྟེན་གྱིས་དབང་བསྐུར་བས། ཆོས་སྐུ་ཐོབ་པའི་དགོས་པ་ཡོད་ལ། དཔག་བསམ་གྱི་ཤིང་ལ་སོགས་དབང་བསྐུར་བས་དགོས་འདོད་ཡིད་བཞིན་དུ་འགྲུབ་པའི་དགོས་པ་ཡོད་པ་ལ་སོགས་པ་ཉི་ཤུ་རྩ་དྲུག་པོ་དེ་རང་ཡིན་ནོ། །གསུམ་པ་རྗེས་ནི་ཡོན་དང་མཎྜལ་ཕུལ་ལ། བསྔོ་བ་སྨོན་ལམ་དང་། བཀྲ་ཤིས་བརྗོད་ཚོགས་དང་དགའ་སྟོན་རྒྱ་ཆེན་བྱ། གླུ་གར་དང་། རྩེད་འཇོའི་ཉམས་བསྐྱང། རྗེས་ཆོག་ནི་མཆོད་པ་དང་། བསྟོད་པ་དང་། བསྔོ་བ་དང་། བཟོད་གསོལ་དང་། གཤེགས་གསོལ་དང་། བཀྲ་ཤིས་བརྗོད་ལ་དཀྱིལ་འཁོར་བསྡུ། དེ་ནི་ཀྲི་ཡའི་དབང་གི་ཐེམ་སྐས་རྫོགས་སོ།། །།


previousམདོ་དབང་ཁམས་ལུགས་སུ་གྲགས་པ་སྦྲང་རྩིའི་ཆུ་རྒྱུན་པོད་གཉིས་པ་དང་པོ་ཕྱི་དབང་གི་ཆུ་བོ་ལས་ཀྲི་ཡའི་དབང་གི་ཐེམ་སྐས། རྨོག་སྟོན་རྡོ་རྗེ་དཔལ།next