cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་སོ་གཅིག་པ།

གླེགས་བམ། ཀི༽

བཻ་རོ་ཙ་ན། འཇམ་དཔལ་བཤེས་གཉེན། ཀློང་ཆེན་རབ་འབྱམས། མཁའ་སྤྱོད་པ། ནམ་མཁའ་རྡོ་རྗེ། སོག་ཟློག་པ་བློ་གྲོས་རྒྱལ་མཚན། བན་དྷེ་ཤེར་འབྱུང་། གཡུང་སྟོན་རྡོ་རྗེ་དཔལ་བཟང་པོ།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་རྒྱུད།

རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་རྒྱུད་བཞུགས་སོ། །རྒྱ་གར་སྐད་དུ། སརྦ་དྷརྨ་མ་ཧཱ་སནྟི་བོ་དྷི་ཙིཏྟ་ཀུ་ལ་ཡ་རཱ་ཛ། བོད་སྐད་དུ། ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བཤད་པའི་དུས་ན། འོག་མིན་གྱི་གནས་ཆོས་ཉིད་ཀྱི་མཁའ་དབྱིངས་ཉིད་ཀྱི་ཀློང་སེམས་ཉིད་ཀྱི་གནས་ཡེ་ཤེས་སྒྲིབ་པ་མི་མངའ་བའི་གཞལ་ཡས་ཁང་ན་ཉིད་ཀྱི་རང་བཞིན་དང་། ཉིད་ཀྱི་ངོ་བོ་དང་། ཉིད་ཀྱི་ཐུགས་རྗེ་ཡེ་ཤེས་མངོན་དུ་ཕྱུངས་པའི་འཁོར་འདི་ལྟ་སྟེ། ཉིད་ཀྱི་རང་བཞིན་གྱི་འཁོར་ཆོས་ཀྱི་སྐུ་ཞེས་བྱ་བའི་འཁོར་དང་། ཉིད་ཀྱི་ངོ་བོའི་འཁོར་ལོངས་སྤྱོད་རྫོགས་པའི་སྐུ་ས་ཞེས་བྱ་བའི་འཁོར་དང་། ཉིད་ཀྱི་ངོ་བོའི་འཁོར་ལོངས་སྤྱོད་རྫོགས་པའི་སྐུ་ཆུ་ཞེས་བྱ་བའི་འཁོར་དང་། ཉིད་ཀྱི་ངོ་བོའི་འཁོར་ལོངས་སྤྱོད་རྫོགས་པའི་སྐུ་མེ་ཞེས་བྱ་བའི་འཁོར་དང་། ཉིད་ཀྱི་ངོ་བོའི་འཁོར་ལོངས་སྤྱོད་རྫོགས་པའི་སྐུ་རླུང་ཞེས་བྱ་བའི་འཁོར་དང་། ཉིད་ཀྱི་ངོ་བོའི་འཁོར་ལོངས་སྤྱོད་རྫོགས་པའི་སྐུ་ནམ་མཁའ་ཞེས་བྱ་བའི་འཁོར་དང་། གཞན་ཡང་ཐུགས་རྗེ་ཡེ་ཤེས་མངོན་དུ་ཕྱུང་བའི་སྤྲུལ་པའི་འཁོར་འདི་ལྟ་སྟེ། འདོད་པའི་ཁམས་ཀྱི་སེམས་ཅན་ཞེས་བྱ་བའི་འཁོར་དང་། གཟུགས་ཀྱི་ཁམས་ཀྱི་སེམས་ཅན་ཞེས་བྱ་བའི་འཁོར་དང་། གཟུགས་མེད་པའི་ཁམས་ཀྱི་སེམས་ཅན་ཞེས་བྱ་བའི་འཁོར་དང་། གཞན་ཡང་ཉིད་ཀྱི་རང་བཞིན་ལ་ལྟ་བའི་འཁོར་རྣམ་པ་བཞི་འདི་ལྟ་སྟེ། ཤིན་ཏུ་རྣལ་འབྱོར་ཞེས་བྱ་བའི་འཁོར་དང་། ཡོངས་སུ་རྣལ་འབྱོར་ཞེས་བྱ་བའི་འཁོར་དང་། རྣལ་འབྱོར་ཆེན་པོ་ཞེས་བྱ་བའི་འཁོར་དང་། སེམས་དཔའི་རྣལ་འབྱོར་ཞེས་བྱ་བའི་འཁོར་དང་། ཉིད་ཀྱི་རང་བཞིན་དང་། ཉིད་ཀྱི་ངོ་བོ་དང་། ཉིད་ཀྱི་ཐུགས་རྗེ་རང་བཞིན་འབྱེད་པ་མི་མངའ་བས་ཐབས་གཅིག་གོ། །གཞན་ཡང་ཉིད་ཀྱི་རང་བཞིན་རྟོགས་པའི་འཁོར་འདི་ལྟ་སྟེ། སྔར་འདས་པའི་སངས་རྒྱས་ཉིད་ལ་གནས་པའི་འཁོར་དང་། ད་ལྟར་བཞུགས་པའི་སངས་རྒྱས་ཉིད་ཀྱིས་དོན་མཛད་པའི་འཁོར་དང་། སླད་ནས་འབྱོན་པའི་སངས་རྒྱས་ཉིད་ལས་འབྱུང་བའི་འཁོར་དང་། འབྱེད་པ་མི་མངའ་བའི་རང་བཞིན་གྱིས་ཐབས་གཅིག་པར་བཞུགས་སོ། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་འཁོར་ཐམས་ཅད་ཉིད་ཀྱི་རང་བཞིན་དུ་བྱིན་གྱིས་བརླབ་པའི་ཕྱིར་འཁོར་ཐམས་ཅད་ཉིད་ཀྱི་སེམས་ཉིད་ཀྱི་ཐུགས་ལ་ཐིམ་པར་མཛད་དོ། །རང་བྱུང་གི་ཡེ་ཤེས་གསལ་བར་མཛད་དོ། །དེ་ནས་ཐམས་ཅད་ཆོས་ཉིད་དུ་ལྡན་པར་བྱ་བའི་ཕྱིར་ཐམས་ཅད་བསྡུས་ནས་ཐིག་ལེ་ཆེན་པོ་གཅིག་ཏུ་བཞུགས་སོ། །དེ་ནས་སེམས་དཔའ་དེ་ཉིད་ཀྱི་རང་བཞིན་ཐིག་ལེ་ཆེན་པོ་གཅིག་ཏུ་བཞུགས་པ་དེ་ལས་བྱུང་ནས། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་སྤྱན་སྔར་དགའ་བའི་སེམས་ཀྱིས་དང་བའི་མདངས་ཕྱུང་སྟེ་འཁོད་པས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་སེམས་དཔའ་རྡོ་རྗེ་ལ་སྨྲས་པ། སེམས་དཔའ་རྡོ་རྗེ་ཨེ་མ་ཧོཿ དགའ་བའི་སེམས་སྐྱེས་ཨེ་མ་ཧོཿ དང་བའི་མདངས་ཕྱུང་ཨེ་མ་ཧོཿ ང་ལས་བྱུང་བ་ཨེ་མ་ཧོཿ ཞེས་གསུངས་པས། དེ་ནས་སེམས་དཔའ་རྡོ་རྗེས་ཞུས་པ། ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །སྟོན་པ་ཉིད་ཀྱང་ཐིག་ལེ་སྤྲོས་མེད་དམ། །འཁོར་རྣམས་ཀུན་ཀྱང་ཐིག་ལེ་སྤྲོས་མེད་དམ། །བསྟན་པ་ཀུན་ཀྱང་ཐིག་ལེ་སྤྲོས་མེད་དམ། །དུས་དང་གནས་ཀྱང་ཐིག་ལེ་སྤྲོས་མེད་དམ། །ཐམས་ཅད་ཀུན་ཀྱང་ཐིག་ལེའི་རང་བཞིན་ན། །སྟོན་པའི་སྟོན་པས་ཅི་ཞིག་སྟོན་པར་མཛད། །འཁོར་དུ་འཁོར་བའི་དོན་ནི་ཅི་ལ་འཁོར། །འཁོར་ལ་བསྟན་པ་ཅི་ཞིག་སྟོན་པར་བྱེད། །དུས་དང་གནས་ནི་གཅིག་པ་ཇི་ལྟ་བུ། །ཞེས་ཞུས་སོ། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་སེམས་དཔའ་རྡོ་རྗེ་ལ་འདི་སྐད་ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཡིད་སྒྲ་ལ་ཆུག་ཅིག །ངས་དོན་སྒྲར་བཤད་ཀྱིས། ཀྱེ་སེམས་དཔའ་ཆེན་པོ། སེམས་ཉིད་ཀུན་བྱེད་རྒྱལ་པོ་ང་ཉིད་ནི། །ཆོས་རྣམས་ཐམས་ཅད་ཀུན་གྱི་སྙིང་པོ་སྟེ། །སྙིང་པོ་མ་སྤྲོས་ཡེ་ནས་ཐིག་ལེ་ཡིན། །ཐིག་ལེ་ཡེ་ནས་སྤྲོས་པ་མེད་པའི་དོན། །སྟོན་པ་དང་ནི་བསྟན་པ་འཁོར་དུས་གནས། །ང་ལས་བྱུང་བས་ཡེ་ནས་ཐིག་ལེ་སྟེ། །ང་ཡི་རང་བཞིན་ཐིག་ལེ་བསྟན་པ་ཡིན། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཆོས་ཐམས་ཅད་ཉིད་ལས་བྱུང་བའི་ཏིང་ངེ་འཛིན་ཅེས་བྱ་བ་ལ་གནས་པར་མཛད་དོ། །དེ་ནས་འཁོར་གྱི་རང་བཞིན་ལས་སེམས་དཔའ་རྡོ་རྗེ་ལངས་ནས་སྟོན་པ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་ཞལ་དུ་མདངས་ཕྱུང་སྟེ་འཁོད་ནས་ཞུས་པ། ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །ཁྱོད་ཀྱི་འཁོར་དུ་བདག་འདུས་འཁོད་པ་སྟེ། །བདག་ནི་འཚལ་བའི་དོན་ནི་ཅི་ཞིག་མཆིས། །བདག་འཚལ་དོན་ནི་ཁྱོད་ཀྱིས་བསྟན་དུ་གསོལ། །ཞེས་ཞུས་སོ། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཉིད་ཀྱི་རང་བཞིན་དང་། ཉིད་ཀྱི་ངོ་བོ་དང་། ཉིད་ཀྱི་ཐུགས་རྗེ་ལས་ཆོས་ཐམས་ཅད་བཀོད་པ་ནི་ཉིད་ཀྱི་རང་བྱུང་གི་ཡེ་ཤེས་ཆེན་པོ་གཅིག་ལས་རང་བྱུང་གི་ཡེ་ཤེས་ཆེན་པོ་ལྔ་འབྱུང་བ་ནི་འདི་ལྟ་སྟེ། ཞེ་སྡང་རང་བྱུང་ཡེ་ཤེས་ཆེན་པོ་དང་། འདོད་ཆགས་རང་བྱུང་ཡེ་ཤེས་ཆེན་པོ་དང་། གཏི་མུག་རང་བྱུང་ཡེ་ཤེས་ཆེན་པོ་དང་། ཕྲག་དོག་རང་བྱུང་ཡེ་ཤེས་ཆེན་པོ་དང་། ང་རྒྱལ་རང་བྱུང་ཡེ་ཤེས་ཆེན་པོ་དང་། རང་བྱུང་གི་ཡེ་ཤེས་ལྔ་པོ་དེས་རྒྱན་གྱི་རྒྱུ་ཆེན་པོ་ལྔ་ནི་ཕྱུང་། འཇིག་ཅིང་བརྟེན་པའི་ཁམས་ཆེན་པོ་གསུམ་ནི་བཀོད་དེ། རྒྱན་གྱི་རྒྱུའི་ལུས་ལྔ་གཅིག་ཏུ་བླངས་པ་འདི་ལྟ་སྟེ། རྒྱན་གྱི་རྒྱུའི་ལུས་ས་ཞེས་བྱ་བའི་ལུས་དང་། རྒྱན་གྱི་རྒྱུའི་ལུས་ཆུ་ཞེས་བྱ་བའི་ལུས་དང་། རྒྱན་གྱི་རྒྱུའི་ལུས་མེ་ཞེས་བྱ་བའི་ལུས་དང་། རྒྱན་གྱི་རྒྱུའི་ལུས་རླུང་ཞེས་བྱ་བའི་ལུས་དང་། རྒྱན་གྱི་རྒྱུའི་ལུས་ནམ་མཁའ་ཞེས་བྱ་བའི་ལུས་ལ་གཅིག་ཏུ་ལུས་ཐམས་ཅད་བླངས། ཡེ་ཤེས་ལྔའི་རིགས་སོ་སོར་ཕྱེ་སྟེ། རང་བྱུང་ཡེ་ཤེས་ཞེ་སྡང་གི་རིགས་དང་། རང་བྱུང་ཡེ་ཤེས་འདོད་ཆགས་ཀྱི་རིགས་དང་། རང་བྱུང་ཡེ་ཤེས་གཏི་མུག་གི་རིགས་དང་། རང་བྱུང་ཡེ་ཤེས་ཕྲག་དོག་གི་རིགས་དང་། རང་བྱུང་ཡེ་ཤེས་ང་རྒྱལ་གྱི་རིགས་དང་། རང་བྱུང་ཡེ་ཤེས་ལྔའི་རིགས་ལུས་རྒྱན་གྱི་ལུས་ཅན་གྱི་ཆོས་ཉིད་བཀོད་དོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེ་ཉིད་ཀྱང་ཉིད་ཀྱི་རང་བཞིན་གྱི་ཆོས་ཉིད་བཀོད་པ་དེ་བཞིན་དུ་བཞུགས་སོ། །དེ་ནས་སེམས་དཔའ་རྡོ་རྗེ་དེ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་སྤྱན་སྔར་ཡང་འདུག་ནས། ཀྱེ། སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །ཉིད་ཀྱི་ཐུགས་གཅིག་རང་བྱུང་ཡེ་ཤེས་ལས། །རང་བྱུང་ཡེ་ཤེས་རྣམ་པ་ལྔ་བྱུང་ནས། །དེ་ལས་རྒྱན་གྱི་རྒྱུ་ལྔ་བྱུང་ནས་ནི། །ཡེ་ཤེས་ལྔ་ཡི་ལུས་ལྔ་བླངས་པ་འདིས། །ཀུན་བྱེད་རྒྱལ་པོའི་དགོས་པ་ཅི་ཞིག་ཆེ། །ཞེས་ཞུས་སོ། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་སླར་གསུངས་པ། ཀྱེ། སེམས་དཔའ་ཆེན་པོ་དགོས་པ་ནི། །ཀུན་བྱེད་རྒྱལ་པོ་བྱེད་མཁན་ང་ལས་ནི། །མ་གཏོགས་པ་ཡི་བྱེད་མཁན་གཞན་ན་མེད། །ཆོས་ཉིད་བྱེད་པ་ཡང་ནི་ང་ལས་མེད། །སྟོན་པ་གསུམ་ཡང་འགོད་པ་ང་ལས་མེད། །འཁོར་གྱི་ཚོགས་ཀྱང་འགོད་པ་ང་ལས་མེད། །དེ་བཞིན་ཆོས་ཉིད་འགོད་པ་ང་ལས་མེད། །སེམས་དཔའ་རྡོ་རྗེ་ཁྱོད་ལ་ང་ཡིས་ནི། །ང་ཡི་རང་བཞིན་ཁྱོད་ལ་བསྟན་པར་བྱ། །ང་ལ་རང་བཞིན་རྣམ་པ་གསུམ་ཡོད་དེ། །ང་ཡི་རང་བཞིན་བྱང་ཆུབ་སེམས་ཡིན་ནོ། །བྱང་བ་དག་གི་རང་བཞིན་བསྟན་པ་ནི། །ཕུན་སུམ་ཚོགས་པ་རྣམ་གསུམ་ཆོས་ཉིད་བྱང་། །ཆུབ་པ་དག་གི་རང་བཞིན་བསྟན་པ་ནི། །དགོས་པ་ཚོགས་པ་རྣམ་པ་གསུམ་གྱིས་ནི། །ནམ་མཁའ་བཞིན་དུ་ཀུན་ལ་ཁྱབ་པར་གནས། །སེམས་ཞེས་བྱ་བའི་རང་བཞིན་བསྟན་པ་ནི། །མི་འགག་མ་ལུས་ཀུན་བྱེད་རྒྱལ་པོ་སྟེ། །ཀུན་བྱས་བྱང་ཆུབ་སེམས་སུ་མ་ལུས་བྱས། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ཆོས་ཉིད་མངོན་དུ་ཕྱུང་ནས་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཆོས་ཐམས་ཅད་ཀྱི་སྔོན་རོལ་དུ་བྱེད་པ་པོ་ང་བྱུང་བ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཡིད་རྣ་དབང་ལ་ཞུགས་ཤིག །རྣ་དབང་སྒྲ་ལ་རྟོགས་ཤིག །ཀྱེ། ང་ནི་ཀུན་བྱེད་རྒྱལ་པོ་སྟེ། །ང་ནི་ཀུན་བྱེད་བྱང་ཆུབ་སེམས། །ང་མེད་པ་ཡི་སྔོན་རོལ་ན། །ཆོས་རྣམས་འབྱུང་བའི་སྙིང་པོ་མེད། །ང་མེད་པ་ཡི་སྔོན་རོལ་ན། །ཆོས་ཀུན་བྱེད་པའི་རྒྱལ་པོ་མེད། །ང་མེད་པ་ཡི་སྔོན་རོལ་ན། །སྟོན་པ་བྱ་བ་ཡེ་ནས་མེད། །ང་མེད་པ་ཡི་སྔོན་རོལ་ན། །བསྟན་པ་བྱ་བ་ཡེ་ནས་མེད། །ང་མེད་པ་ཡི་སྔོན་རོལ་ན། །འཁོར་ཞེས་བྱ་བ་ཡེ་ནས་མེད། །སེམས་དཔའ་རྡོ་རྗེ་རྟོག་མ་སྐྱེ། །སེམས་དཔའ་ཆེན་པོ་ཁྱོད་ཉིད་ཀྱང་། །ང་ཡི་ངོ་བོ་སྤྲུལ་པ་ཡིན། །ཞེས་གསུངས་སོ། །དེ་ནས་སེམས་དཔའ་རྡོ་རྗེས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལ་ཞུས་པ། ཀྱེ། ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས། །ཁྱོད་ནི་ཡེ་ནས་ཆེན་པོ་ཡིན། །སྟོན་པ་དང་ནི་བསྟན་པ་དང་། །འཁོར་ལ་སོགས་པའི་ཆོས་རྣམས་ཀུན། །བྱེད་མཁན་ཁྱོད་ཀྱིས་བྱས་པས་ན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །བྱེད་མཁན་ཁྱོད་ཀྱིས་བྱས་པར་སྣང་། །སྟོན་པ་གཅིག་གམ་རྣམ་པ་དུ་རུ་ཡོད། །བསྟན་པ་གཅིག་གམ་རྣམ་པ་དུ་རུ་ཡོད། །འཁོར་རྣམས་གཅིག་གམ་རྣམ་པ་དུ་རུ་ཡོད། །ཅེས་ཞུས་སོ། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་སླར་གསུངས་པ། ཀྱེ། རང་བྱུང་ཡེ་ཤེས་ཀུན་གྱི་སྟོན་པར་གཅིག །ང་ཡི་རང་བཞིན་རྣམ་གསུམ་སྣང་བ་ལ། །སྟོན་པའི་གྲངས་ནི་རྣམ་པ་གསུམ་དུ་བྱུང་། །ང་ནི་དེ་བཞིན་ཉིད་དུ་གཅིག་པ་ལས། །ཆོས་རྣམས་ཀུན་གྱི་ཆོས་ཉིད་དེ་བཞིན་ཉིད། །ང་ཉིད་བྱང་ཆུབ་སེམས་ལས་གཞན་མེད་དོ། །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །འཁོར་ལ་བསྟན་པ་རྣམ་པ་གསུམ་དུ་བསྟན། །ང་ཡི་ངོ་བོ་གཅིག་ཏུ་ཕྱུང་ནས་ནི། །ང་ཡི་རང་བཞིན་གཅིག་ཏུ་བསྟན་པའི་ཕྱིར། །ཀུན་བྱེད་ང་ཡི་འཁོར་དུ་ཀུན་ཀྱང་གཅིག །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །འཁོར་གྱི་བྱེ་བྲག་རྣམ་པ་གསུམ་དུ་ཡོད། །ཅེས་གསུངས་སོ། །སེམས་དཔའ་རྡོ་རྗེས་ཞུས་པ། ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །ཁྱོད་ལས་བྱུང་བའི་སྟོན་པ་སྐུ་གསུམ་ལ། །ཁྱོད་སར་འགྲོ་བའི་ལམ་ནི་ཡོད་དམ་མེད། །མེད་ན་ཁྱོད་ཀྱིས་ས་རུ་ཕྱིན་མི་ཕྱིན། །ཡོད་ན་བགྲོད་ནས་ཕྱིན་ནམ་མ་བགྲོད་ཕྱིན། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་ལ། །ང་ཡི་ས་རུ་བགྲོད་པའི་ལམ་མེད་དེ། །ང་ཡི་རང་བྱུང་ཡེ་ཤེས་བསྟན་པ་ཡིན། །སྐུ་གསུམ་སྟོན་པ་དེ་ཡི་འཁོར་རྣམས་ལ། །རྣམ་པར་ཐར་བའི་ལམ་ནི་རྣམ་ལྔ་སྟེ། །དུས་གསུམ་སངས་རྒྱས་ཀུན་གྱི་ལམ་དུ་བསྟན། །རང་བྱུང་ཡེ་ཤེས་ལྔ་ཡི་ལམ་ལྔ་ནི། །འདོད་ཆགས་དང་ནི་ཞེ་སྡང་གཏི་མུག་དང་། །ང་རྒྱལ་དང་ནི་ཕྲག་དོག་རྣམ་ལྔ་སྟེ། །རང་བྱུང་ཡེ་ཤེས་རྣམ་ལྔ་ཀུན་གྱི་ལམ། །ཞེས་གསུངས་སོ། །སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །རང་བྱུང་ཡེ་ཤེས་ལམ་ལྔ་བསྟན་པ་དེ། །རང་བྱུང་ཞེས་ནི་ཇི་ལྟར་བྱུང་བ་ལགས། །ཡེ་ཤེས་བྱ་བའི་གཏན་ཚིགས་ཅི་ལ་གདགས། །ལམ་ཞེས་བགྱི་བའི་དོན་ནི་གང་ལ་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང་། །ཕྲག་དོག་ལ་སོགས་རྣམ་པ་ལྔ་པོ་དེ། །ལམ་ལྔ་ཡིན་པའི་དོན་ནི་བཤད་དུ་གསོལ། །ཞེས་ཞུས་སོ། །ཀྱེ་སེམས་དཔའ་ཆེན་པོ། རང་བྱུང་ཡེ་ཤེས་རྣམ་པ་ལྔ་ལམ་ནི། །རང་བྱུང་རྒྱུ་རྐྱེན་མེད་པར་བྱུང་བ་ཡིན། །ཡེ་ཤེས་འགག་པ་མེད་པར་གསལ་བ་ཡིན། །ལམ་ནི་རྒྱུ་རྐྱེན་མེད་པས་བགྲོད་མི་དགོས། །མ་བགྲོད་རང་བྱུང་ལྔ་ལ་ལམ་ལྔར་བཤད། །འདོད་པ་ཆོས་རྣམས་བདག་ཏུ་འདོད་པ་ཡིན། །ཆགས་པ་བདག་ཏུ་འདོད་པ་དེ་ལ་ཆགས། །ཞེ་བ་སྐྱེ་བ་མེད་པའི་རང་བཞིན་ལ། །སྡང་བ་ཆོ་འཕྲུལ་སྣ་ཚོགས་དེ་ལ་སྡང་། །གཏི་མུག་མི་རྟོག་པ་ཡི་ཏིང་འཛིན་གྱིས། །ཆོས་ཉིད་མཉམ་པ་ཉིད་ལ་དབྱེ་བསལ་མེད། །ང་ནི་མ་ནོར་བ་ཡི་བྱང་ཆུབ་སེམས། །དེ་བཞིན་ཉིད་དུ་ཡེ་ནས་རྒྱལ་བར་བྱེད། །ཐམས་ཅད་དེ་བཞིན་ཉིད་དུ་གཅིག་པ་ལ། །ཡིན་མིན་སྒྲོ་སྐུར་འདེབས་ལ་ཕྲག་དོག་བྱེད། །བགྲོད་དུ་མེད་པའི་ལམ་ལྔ་བསྟན་པ་ཡིན། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །རང་བྱུང་ཡེ་ཤེས་ལམ་ལྔ་འདི་ལས་བྱུང་། །འདོད་པའི་ཁམས་ཀྱང་རང་བྱུང་ཡེ་ཤེས་ཡིན། །གཟུགས་ཀྱི་ཁམས་ཀྱང་རང་བྱུང་ཡེ་ཤེས་ཡིན། །གཟུགས་མེད་ཁམས་ཀྱང་རང་བྱུང་ཡེ་ཤེས་ཡིན། །ཀུན་བྱེད་རྒྱལ་པོ་ང་ཡིས་བྱས་པའི་ཕྱིར། །ངས་བྱས་ཐམས་ཅད་ཡེ་ཤེས་ངོ་བོར་བཤད། །ཁམས་གསུམ་སེམས་ཅན་རྒྱུད་དྲུག་ཐམས་ཅད་ཀུན། །རང་བྱུང་ཡེ་ཤེས་མིན་པར་ངས་མ་བཤད། །དེ་ལས་མ་གཏོགས་པ་ཡི་བྱང་ཆུབ་སེམས། །སངས་རྒྱས་ཀུན་གྱི་མེས་པོ་ངས་མ་བཤད། །ཀུན་བྱེད་རྒྱལ་པོ་ང་ཡི་རང་བཞིན་ལ། །ཆོས་ཉིད་རྣམ་པ་གསུམ་དུ་བསྟན་པ་སྟེ། །མ་སྐྱེས་པ་ཡི་ཆོས་ཉིད་དངོས་མི་སྣང་། །དེ་ནི་གཟུགས་མེད་ཁམས་སུ་བསྟན་པ་ཡིན། །སྐྱེ་བའི་ཆོ་འཕྲུལ་གཟུགས་སུ་སྣང་བ་ནི། །དེ་ནི་གཟུགས་ཀྱི་ཁམས་སུ་བསྟན་པ་ཡིན། །ཐུགས་རྗེ་ཡེ་ཤེས་ངོ་བོ་མངོན་ཕྱུང་ནས། །བདེ་སྡུག་ལས་དེ་ཐུགས་རྗེས་ཟད་བྱའི་ཕྱིར། །འདོད་པའི་ཁམས་ནི་ཐུགས་རྗེས་ཕྱུང་བ་ཡིན། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ཆོས་ཐམས་ཅད་ཀུན་བྱེད་རྒྱལ་པོས་བྱས་པ་ལས་ཇི་ལྟར་བྱུང་བའི་ཁུངས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཉིད་ཀྱི་རང་བཞིན་མཚན་གྱི་ཆོས་བཤད་པ་འདི་གསུངས་སོ། །ཀྱེ། སེམས་དཔའ་ཆེན་པོ་རྡོ་རྗེ་ཁྱོད་ཉོན་ཅིག །ང་ནི་ཡེ་ནས་རང་བྱུང་ཡེ་ཤེས་ཏེ། །ང་ནི་ཡེ་ནས་ཆོས་ཀུན་སྙིང་པོ་ཡིན། །ང་ནི་ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས། །ང་ཡི་མཚན་འདི་སེམས་དཔས་རྟོགས་པར་གྱིས། །ང་ཡི་མཚན་འདི་སེམས་དཔས་རྟོགས་འགྱུར་ན། །ཆོས་རྣམས་ཐམས་ཅད་མ་ལུས་རྟོགས་འགྱུར་གྱིས། །ང་ཞེས་བྱ་བའི་སྙིང་པོ་དེ། །ཆོས་རྣམས་ཀུན་གྱི་སྙིང་པོ་ཡིན། །རང་བྱུང་ཞེས་ནི་བྱ་བ་ནི། །རྒྱུ་རྐྱེན་མེད་པའི་སྙིང་པོ་བས། །རྩོལ་སྒྲུབ་ཀུན་ལས་འདས་པ་ཡིན། །ཡེ་ཤེས་ཞེས་ནི་བྱ་བ་ནི། །འགག་པ་མེད་ཅིང་མ་བསྒྲིབས་པས། །ཆོས་ཀུན་མ་ལུས་སྟོན་པར་བྱེད། །ང་ནི་བྱང་ཆུབ་སེམས་ལ་བྱ། །ཡེ་ནས་བྱ་བའི་དོན་འདི་ནི། །ཐོག་མ་ཉིད་ནས་གནས་པའི་དོན། །ཆོས་ཀུན་ཞེས་ནི་བྱ་བ་ནི། །སྟོན་པ་ཀུན་ཀྱང་ཆོས་ཉིད་ལ། །བསྟན་པ་ཀུན་ཀྱང་ཆོས་ཉིད་ཡིན། །འཁོར་གནས་དུས་ཀྱང་ཆོས་ཉིད་དེ། །ཆོས་ཉིད་མ་ཡིན་གཅིག་ཀྱང་མེད། །སྙིང་པོ་བྱ་བའི་དོན་འདི་ནི། །ཐམས་ཅད་འབྱུང་བའི་སྙིང་པོ་སྟེ། །བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །སྟོན་པ་གསུམ་ཡང་དེ་ལས་བྱུང་། །བསྟན་པ་གསུམ་ཡང་དེ་ལས་བྱུང་། །འཁོར་གནས་དུས་ཀྱང་དེ་ལས་བྱུང་། །ཐམས་ཅད་འབྱུང་བའི་སྙིང་པོར་བཤད། །ང་ནི་སྙིང་པོ་སེམས་ཉིད་ཀྱིས། །ཆོས་རྣམས་མ་ལུས་ཀུན་བྱེད་དེ། །ཀུན་ཞེས་བྱ་བའི་ཆོས་རྣམས་ཀུན། །ཆོས་ཀུན་གང་དང་གང་ཞེ་ན། །སྟོན་པ་དང་ནི་བསྟན་པ་དང་། །འཁོར་གནས་དུས་ནི་ཐམས་ཅད་ཀུན། །བྱེད་ཅེས་བྱ་བ་མཁན་པོ་སྟེ། །སྟོན་པ་དང་ནི་བསྟན་པ་དང་། །འཁོར་གནས་དུས་ནི་ཀུན་བྱེད་པས། །རང་བྱུང་ཡེ་ཤེས་མཁན་པོ་ཡིན། །རྒྱལ་པོ་ཞེས་ནི་བྱ་བ་ནི། །སྙིང་པོ་རང་བྱུང་ཡེ་ཤེས་དེ། །བྱེད་པའི་མཁན་པོ་ཀུན་ལས་རྒྱལ། །ཆོས་རྣམས་བྱེད་མཁན་ཀུན་ལས་རྒྱལ། །བྱང་བའི་དོན་ནི་འདི་ལྟ་སྟེ། །སྙིང་པོ་བྱང་ཆུབ་སེམས་དེ་ནི། །རང་བྱུང་ཡེ་ནས་རྣམ་དག་པས། །ཀུན་བྱེད་རྒྱལ་པོས་བྱས་པ་ཀུན། །ཀུན་བཟང་ཉིད་དུ་རྣམ་དག་པས། །བྱང་ཞེས་བྱ་བར་བཤད་པ་ཡིན། །ཆུབ་ཅེས་བྱ་བ་འདི་ལྟ་སྟེ། །སྙིང་པོ་རང་བྱུང་ཡེ་ཤེས་དེས། །སྣང་བ་དང་ནི་སྲིད་པ་དང་། །སྣོད་དང་བཅུད་ཀྱིས་བསྡུས་པ་དང་། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །ཁམས་གསུམ་རྒྱུད་དྲུག་སེམས་ཅན་དང་། །དེ་བཞིན་ཉིད་ནི་ཐམས་ཅད་ལ། །ཀུན་ལ་ཆུབ་སྟེ་ཁྱབ་པར་གནས། །དེས་ན་ཆུབ་ཅེས་བྱ་བར་བཤད། །སེམས་ཀྱི་དོན་ནི་འདི་ལྟ་སྟེ། །སྙིང་པོ་རང་བྱུང་ཡེ་ཤེས་དེས། །སྣང་སྲིད་སྣོད་བཅུད་ཐམས་ཅད་ལ། །འཇུག་ཅིང་དབང་སྒྱུར་གསལ་བར་གཅོད། །དེས་ན་སེམས་ཞེས་བྱ་བར་བཤད། །རྒྱུ་རྐྱེན་མེད་པའི་སྙིང་པོ་དེས། །ཀུན་ལ་དབང་སྒྱུར་ཐམས་ཅད་བྱེད། །ཀྱེ་སེམས་དཔའ་ཆེན་པོ། ང་ཡི་རང་བཞིན་རྟོགས་གྱུར་ན། །སྟོན་པ་ཀུན་ཀྱང་རྟོགས་འགྱུར་ལ། །བསྟན་པ་ཀུན་ཀྱང་རྟོགས་པར་འགྱུར། །འཁོར་གྱི་བསམ་པ་རིག་འགྱུར་ལ། །དུས་གནས་ཀུན་ཀྱང་གཅིག་འགྱུར་རིག །ཆོས་རྣམས་ཐམས་ཅད་ང་ཡིན་པས། །ང་ཡི་རང་བཞིན་འདི་རིག་ན། །ཆོས་རྣམས་ཐམས་ཅད་རིག་འགྱུར་པས། །བྱ་བྱེད་རྩོལ་སྒྲུབ་ཀུན་ལས་འདས། །མི་རྩོལ་ལྷུན་གྱིས་གྲུབ་པར་འགྱུར། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ང་ཉིད་ཀྱི་མཚན་བཤད་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་སེམས་དཔའ་རྡོ་རྗེ་ལ་ཉིད་ཀྱི་རང་བཞིན་བསྟན་པའི་མདོ་འདུས་པའི་དོན་འདི་བསྟན་ཏོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ང་ཡི་རང་བཞིན་འདི་ལྟ་སྟེ། །ཡོད་ནི་གཅིག་ལས་མེད་པ་སྟེ། །བསྟན་ནི་རྣམ་པ་གཉིས་སུ་བསྟན། །བྱུང་ནི་ཐེག་པ་དགུ་རུ་བྱུང་། །འདུས་ནི་རྫོགས་པ་ཆེན་པོར་འདུས། །ཡིན་ནི་བྱང་ཆུབ་སེམས་ཡིན་ཏེ། །གནས་ནི་ཆོས་ཉིད་དབྱིངས་ལ་གནས། །གསལ་ནི་རིག་པ་མཁའ་ལ་གསལ། །ཁྱབ་ནི་སྣོད་བཅུད་ཀུན་ལ་ཁྱབ། །བྱུང་ནི་སྣང་སྲིད་ཀུན་ཏུ་བྱུང་། །བསྟན་དུ་མཚན་མའི་དངོས་པོ་མེད། །མཐོང་དུ་དམིགས་པའི་ཡུལ་དང་བྲལ། །ཤེས་སུ་ཚིག་ཏུ་བརྗོད་དུ་མེད། །རྒྱུ་ལས་མ་བྱུང་སྙིང་པོ་འདི། །སྒྲོས་ཀྱིས་བཏགས་པ་ཀུན་དང་བྲལ། །དོན་འདི་ངེས་པར་རྟོགས་འདོད་ན། །དཔེ་ནི་ནམ་མཁའ་ལྟ་བུར་བརྟག །དོན་ནི་ཆོས་ཉིད་སྐྱེ་བ་མེད། །རྟགས་ནི་སེམས་ཉིད་འགག་པ་མེད། །ནམ་མཁའ་ལྟ་བུའི་ཆོས་ཉིད་ལ། །ནམ་མཁའ་ལྟ་བུའི་དཔེ་ཡིས་མཚོན། །དམིགས་སུ་མེད་པའི་ཆོས་ཉིད་ལ། །དམིགས་སུ་མེད་པར་མཚོན་ཏེ་བསྟན། །ཚིག་ཏུ་བརྗོད་དུ་མེད་པ་ལ། །བརྗོད་དུ་མེད་པའི་ཚིག་བརྗོད་དེ། །དམིགས་མེད་དོན་གྱི་ངོ་བོར་བསྟན། །བསྡུས་ཏེ་བསྟན་པའི་དོན་འདི་ནི། །དོན་གྱི་ངོ་བོ་འགྲེལ་པ་སྟེ། །འདི་ཡིས་ང་དོན་རྟོགས་པར་གྱིས། །འདི་ཡིས་ང་དོན་རྟོགས་པར་བྱེད། །འདི་ཡིས་ང་དོན་མ་རྟོགས་ན། །དོན་གྱི་སྒྲ་ཚིག་ཅི་བསྟན་ཀྱང་། །ང་དང་འཕྲད་པར་མི་འགྱུར་ཏེ། །ང་ལས་གོལ་ལ་ང་བསྒྲིབས་པས། །ཆོས་ཀྱི་སྙིང་པོ་མཐོང་མི་འགྱུར། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་དོན་གྱི་འགྲེལ་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཆོས་ཐམས་ཅད་ཉིད་ཀྱི་རང་བཞིན་ལ་རྫོགས་པ་ཆེན་པོ་དེ་བསྟན་པའི་ཚིག་གསུངས་སོ། །ཀྱེ། སེམས་དཔའ་རྡོ་རྗེ་ཚིག་འདི་ཉོན། །ཀུན་བྱེད་རྒྱལ་པོ་ང་ཡིས་ནི། །ང་ཡི་ཆོས་རྣམས་དང་པོར་བཀོད། །ང་ཡི་ཆོས་རྣམས་མངོན་དུ་ཕྱུང་། །ང་ཡི་ངོ་བོ་ཁྱོད་ལ་བསྟན། །ང་ཡི་རང་བཞིན་བསྟན་ནས་ནི། །ཚིག་དང་སྒྲས་ཀྱང་དོན་མཚོན་ནས། །ངོ་བོ་བསྟན་པས་ཁྱོད་ཀྱིས་མཐོང་། །རང་བཞིན་བསྟན་པས་ཨ་དེ་རིག །ཚིག་ཏུ་བརྗོད་པས་དོན་སྒྲར་ཐོས། །ཞེས་གསུངས་ནས་ཅང་མི་གསུང་བར་ཆོས་ཐམས་ཅད་ཀྱི་ངོ་བོར་བཞུགས་སོ། །སེམས་དཔའ་རྡོ་རྗེ་འཁོར་གྱི་ནང་ནས་ལངས་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་ཞལ་དུ་མདངས་ཕྱུང་སྟེ་འཁོད་པས་ཀུན་བྱེད་རྒྱལ་པོས། ཀྱེ་སེམས་དཔའ་ཆེན་པོ་ཁྱོད་ང་ལ་མདངས་ཀྱིས་འཁོད་པ་དེ་ཁྱོད་ཀྱིས་དོན་ཅི་འདོད་པ་གསོལ་ཅིག །ཅེས་གསུངས་སོ། །དེ་ནས་སེམས་དཔའ་རྡོ་རྗེས་ཞུས་པ། ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །ཆོས་རྣམས་ཐམས་ཅད་ཁྱོད་ཀྱི་རང་བཞིན་ན། །ཁྱོད་ཀྱི་སྟོན་པ་བསྟན་པ་འཁོར་བཀོད་ཅི་ཞིག་ལགས། །ཕུན་སུམ་ཚོགས་པའི་དགོས་པ་ཅི་ཞིག་ལགས། །ཞེས་ཞུས་སོ། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་འདི་སྐད་ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཆོས་རྣམས་ཕུན་སུམ་ཚོགས་པར་བཀོད་པ་ནི། །ང་ཉིད་ཕུན་སུམ་ཚོགས་པའི་རང་བཞིན་ཏེ། །ང་ཡི་རང་བཞིན་ཁྱོད་ལ་བསྟན་པར་བྱ། །ང་ཡི་རང་བཞིན་སྤྲོས་བྲལ་མི་ཕྱེད་པས། །ཆོས་དབྱིངས་གནས་འདི་ང་ཡིས་བྱས་པ་ཡིན། །བྱང་ཆུབ་ཉིད་ལས་དེ་ན་གཞན་མི་བཞུགས། །ང་ཡི་རང་བཞིན་མ་བསྒྲིབས་ཀུན་ཁྱབ་པས། །གསལ་བའི་ནམ་མཁའ་ཡེ་ཤེས་གཞལ་ཡས་ཁང་། །རང་བྱུང་ཡེ་ཤེས་ཉིད་ལས་གཞན་མི་བཞུགས། །ང་ནི་ཐམས་ཅད་འབྱུང་བའི་སྙིང་པོ་བས། །ཆེན་པོ་ལྔ་དང་ཁམས་གསུམ་རྒྱུད་དྲུག་རྣམས། །ང་ཡི་སྐུ་གསུང་ཐུགས་ལས་གཞན་མེད་པས། །ང་ཡི་རང་བཞིན་ང་ཡིས་བཀོད་པ་ཡིན། །དུས་གསུམ་སངས་རྒྱས་ཁམས་གསུམ་སེམས་ཅན་ཡང་། །ང་ཡི་རང་བཞིན་ཁྱེད་ལ་བསྟན་པ་ཡིན། །ང་ཡི་རང་བཞིན་མ་སྐྱེས་སྤྲོས་བྲལ་ཕྱིར། །མི་གནས་སྤྱོད་ཡུལ་ཀུན་ལས་འདས་པ་ཡིན། །མི་སྣང་ཏིང་འཛིན་བསྒོམ་པའི་ཡུལ་ལས་འདས། །ང་ཡི་རང་བཞིན་ཁྱེད་ལ་མི་སྣང་ཡང་། །ང་ཡི་ངོ་བོ་ཁྱེད་ལ་སྣང་བྱས་པས། །ཁམས་གསུམ་ཆེན་པོ་ལྔ་དང་རྒྱུད་དྲུག་རྣམས། །སྣང་བའི་རང་བཞིན་བྱང་ཆུབ་སེམས་ལྔ་ལས། །རང་བྱུང་སྙིང་པོ་ཡེ་ཤེས་ལྔ་བྱུང་བས། །ཡེ་ཤེས་ལྔ་ཡི་ཡུལ་ལྔ་གསལ་བྱུང་བས། །འདོད་པ་ལྔ་བྱུང་ཆགས་པ་ལྔ་བྱུང་ནས། །ཆགས་ལྔ་སོ་སོར་སྨིན་པའི་འབྲས་བུ་ནི། །འགྲོ་བ་དྲུག་གི་ཁྱད་པར་སོ་སོར་སྣང་། །འདི་ལྟར་སྣང་བ་ང་ཡིས་ཁྱེད་ལ་བསྟན་པ་ཡིན། །སྐུ་གསུམ་ཐེག་པ་རྣམ་པ་དྲུག་བསྟན་པ། །ང་ཡིས་བསྟན་ན་ཁྱེད་ཀྱིས་མ་མཐོང་སྟེ། །དེ་རེ་ང་ཡི་རང་བཞིན་རེ་རེ་ལ། །དེ་རེ་ང་ཡི་ངོ་བོ་རེ་རེ་སྟེ། །སྐུ་རེ་དང་ནི་གསུང་རེ་ཐུགས་རེ་དང་། །ཀུན་གྱིས་མཐོང་བའི་ངོ་བོ་རེ་རེའོ། །དེ་ཡང་ང་ཡི་རང་བཞིན་བསྟན་པ་ཡིན། །ཡང་དག་ཀུན་གྱི་ངོ་བོ་བྱང་ཆུབ་ངས། །སྤྲོས་མེད་དབྱིངས་ཀྱི་ངོ་བོ་ང་ཡིན་ལ། །སངས་རྒྱས་ཀུན་གྱི་གནས་ཆེན་ང་ཡིན་པས། ། རོལ་པ་ཁམས་གསུམ་རྒྱུད་དྲུག་ང་ལས་ཤར། །བདེ་དང་སྡུག་བསྔལ་ལས་ཀྱི་ཁྱད་པར་ཏེ། །ཡང་དག་མ་ནོར་ང་ཡི་ཐུགས་རྗེ་བསྟན། །རྒྱུ་དང་འབྲས་བུའི་ཐེག་པ་ཅན་རྣམས་ལ། །ཀུན་བྱེད་ང་ཡི་ལུང་འདི་བསྟན་མི་བྱ། །ང་ཡི་ལུང་འདི་ངེས་པར་བསྟན་བྱས་ན། །དགེ་སྡིག་ལས་ལ་རྒྱུ་འབྲས་ཡོད་ཟེར་ནས། །ཡང་དག་ང་ལ་སྒྲོ་དང་སྐུར་བཏབ་པས། །ཡང་དག་ང་དང་ཡུན་དུ་འཕྲད་མི་འགྱུར། །ང་ནི་སྟོན་པ་ཀུན་བྱེད་བྱང་ཆུབ་སེམས། །བྱང་ཆུབ་སེམས་ནི་ཀུན་བྱེད་རྒྱལ་པོ་སྟེ། །དུས་གསུམ་སངས་རྒྱས་བྱང་ཆུབ་སེམས་ཀྱིས་བྱས། །ཁམས་གསུམ་སེམས་ཅན་བྱང་ཆུབ་སེམས་ཀྱིས་བྱས། །སྣང་སྲིད་སྣོད་བཅུད་བྱང་ཆུབ་སེམས་ཀྱིས་བྱས། །རྒྱུ་འབྲས་དཔེ་དོན་གཏན་ཚིགས་མཐུན་པར་བྱས། །རྒྱུ་ཡི་དུས་ན་འབྱུང་ཆེན་ལྔ་བྱས་ལ། །འབྲས་བུའི་དུས་ན་ཁམས་གསུམ་སེམས་ཅན་བྱས། །དཔེ་ཡི་དུས་ན་ཀུན་དཔེ་ནམ་མཁའ་བྱེད། །དོན་གྱི་དུས་ན་ཀུན་དོན་སྐྱེ་མེད་བྱེད། །རྟགས་ཀྱི་དུས་ན་ཀུན་བྱེད་བྱང་ཆུབ་སེམས། །གཏན་ཚིགས་དུས་ན་རང་བྱུང་ཡེ་ཤེས་སྟོན། །རྒྱུ་འབྲས་དཔེ་དོན་གཏན་ཚིགས་མཐུན་པར་བྱས། །བྱང་ཆུབ་སེམས་ཀྱིས་ཀུན་བྱས་གཅིག་མ་བྱས། །ཀུན་བྱས་བྱང་ཆུབ་ཉིད་ཀྱི་རང་བཞིན་བྱས། །གཅིག་མ་བྱས་པ་ཉིད་ལ་བྱ་མི་དགོས། །ཀུན་བྱེད་ང་ཡི་རང་བཞིན་མ་བརྟགས་པར། །ང་ཡིས་བྱས་པའི་ཆོས་ལ་ངེས་བརྟགས་པས། །བརྐམ་ཞིང་ཆགས་པའི་དབང་གིས་སྣང་བ་འགྲུབ། །མི་རྟག་སྒྱུ་མའི་རང་བཞིན་འཇིག་པར་འགྱུར། །ཆ་མེད་དམུས་ལོང་ལྟ་བུའི་རང་བཞིན་ནོ། །ཀུན་བྱེད་རྒྱལ་པོས་བྱས་པར་མི་ཆ་བར། །དབང་པོ་དྲུག་ལ་ཡུལ་དྲུག་སྣང་བ་ལ། །སྡུག་བསྔལ་མཐོང་ནས་དབང་པོ་འགེགས་པར་བྱེད། །དེས་ནི་ཀུན་བྱེད་བྱས་པ་མི་ཆ་བས། །སྐྱེ་འགག་མེད་པའི་འབྲས་བུ་དེ་ལ་མེད། །ངེས་པ་གཅིག་ལ་བདེན་པ་གཉིས་བྱུང་ནས། །ཀུན་བྱེད་ང་ཡིས་བྱས་པའི་ཆོས་ཉིད་ལ། །དོན་དམ་ཀུན་རྫོབ་བདེན་པ་གཉིས་བྱུང་བས། །བདེན་པ་གཉིས་ཀྱི་རྒྱུ་འབྲས་ཡོང་མི་མངའ། །རྒྱུ་འབྲས་འདས་པའི་འབྲས་བུ་དེ་ལ་མེད། །མེད་པར་ཚོལ་བ་དག་པའི་ཏིང་འཛིན་དང་། །མི་འབྱུང་ཆོ་འཕྲུལ་ཡན་ལག་བསྒོམ་མངའ་བས། །བླང་དོར་མེད་པའི་འབྲས་བུ་ཐོབ་པ་མེད། །དོན་གཅིག་ཏིང་འཛིན་རྣམ་གསུམ་སྒོམ་བྱེད་པས། །བསྙེན་སྒྲུབ་རྣམ་བཞི་རིམ་པར་སྒོམ་བྱེད་པས། །རྩོལ་སྒྲུབ་འདས་པའི་འབྲས་བུ་དེ་ལ་མེད། །ལྷུན་གྱིས་གྲུབ་པས་བྱ་བྱེད་ཀུན་དང་བྲལ། །སྐྱེ་མེད་མཚོན་མེད་གདགས་མེད་དེ་བརྗོད་པས། །སྒྲོ་སྐུར་བྲལ་བའི་བརྗོད་མེད་དེ་རིག་བྱེད། །ཆོས་ཀུན་བྱང་ཆུབ་སེམས་ཡིན་དེ་དཔེ་ནི། །ཀུན་དཔེ་ནམ་མཁའ་ལྟ་བུའི་རང་བཞིན་དུ། །བྱང་ཆུབ་སེམས་ཀྱི་དོན་ཡང་དེ་བཞིན་ནོ། །ནམ་མཁའ་རླུང་ཆུ་ས་མེ་སྣང་བ་ལྔ། །བྱང་ཆུབ་སེམས་ལས་རྨད་བྱུང་མངོན་སངས་རྒྱས། །སྲིད་གསུམ་ལམ་ལྔ་འགྲོ་དྲུག་སྣང་བ་ཡང་། །རྣམ་སྨིན་ལས་ཀྱིས་མི་བསྐྱོད་མངོན་སངས་རྒྱས། །ཁམས་གསུམ་ཡེ་ནས་བྱང་ཆུབ་སྐུ་གསུང་ཐུགས། །དེ་བས་སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན། །ནམ་མཁའི་ངང་ན་མི་གནས་མེད་པ་བཞིན། །བྱང་ཆུབ་སེམས་ཀྱི་ཀློང་ཆེན་ཡུལ་ཆེ་བས། །སངས་རྒྱས་སེམས་ཅན་སྣོད་བཅུད་ཀུན་ཀྱང་གནས། །ཐམས་ཅད་རྣམ་པར་དག་པའི་ཆོས་ཉིད་ལ། །གཉིས་སུ་མེད་དེ་སྒྲོ་སྐུར་ཀུན་དང་བྲལ། །གང་གིས་མེད་པའི་སྙིང་པོ་སེམས་མ་མཐོང་། །བསྐལ་པ་དུ་མར་དོན་དང་འཕྲད་མི་འགྱུར། །ཆོས་ཀུན་རྩ་བ་བྱང་ཆུབ་སེམས་སུ་གཅིག །སངས་རྒྱས་སེམས་ཅན་སྣང་སྲིད་སྣོད་བཅུད་ཀུན། །ཐམས་ཅད་འབྱུང་བའི་བྱང་ཆུབ་སྙིང་པོ་ལ། །གཅིག་ཏུ་མེད་ལས་བགྲངས་ན་བརྗོད་མི་ལང་། །སངས་རྒྱས་སྐུ་གསུང་སེམས་ཅན་ལུས་ངག་ཀྱང་། །བྱང་ཆུབ་སེམས་ཡིན་ཡེ་ནས་གཟུང་འཛིན་བྲལ། །གཟུང་འཛིན་བྲལ་བ་གང་གིས་གྲུབ་པ་དེ། །དེས་ནི་ཀུན་གྲུབ་ཆོས་ཀྱི་རྩ་བ་གྲུབ། །བྱང་ཆུབ་སེམས་ཀྱི་མདོ་རྩ་གཅིག་པུ་ལ། །སེམས་ཤིང་རྟོག་ལ་དགའ་བས་རྣམ་པར་བགྲངས། །གཉིས་དང་གྲངས་ལ་དགའ་ལ་ང་ཡིས་བསྟན། །ཇི་བཞིན་རང་བཞིན་ཆོས་ཉིད་སེམས་གཅིག་ལ། །སེམས་ལ་རང་བཞིན་རྣམ་པ་གསུམ་སྣང་བས། །རང་བཞིན་གསུམ་ནི་བཀོད་པའི་མཆོག་གསུམ་སྟེ། །དེ་ནི་ཕུན་སུམ་ཚོགས་པའི་ཆོས་ཉིད་དོ། །གཉིས་མེད་གཅིག་གི་རང་བཞིན་ཀུན་འབྲེལ་བས། །རྣལ་མ་གཅིག་ལ་འབྱོར་པ་རྣམ་པ་བཞི། །རྣལ་འབྱོར་རྣམ་པ་བཞི་ཡི་ཡུལ་དུ་བསྟན། །སེམས་ཉིད་གཅིག་ལ་ཆེ་བ་ལྔར་བསྟན་པ། །སེམས་ཀྱི་རང་བཞིན་ཡོན་ཏན་ལྔ་ལྡན་པས། །རང་བཞིན་ལྔ་ལ་ཆེ་ལྔར་མིང་དུ་བཏགས། །ངེས་པ་གཅིག་ལ་ཡིན་མིན་སྒྲོས་བྱུང་བས། །གོལ་སྒྲིབ་ཐེ་ཚོམ་རྟོག་པ་བསམ་ཡས་ནི། །ཀུན་བྱེད་རྩོལ་སྒྲུབ་རྟོགས་འདས་སེལ་བར་བྱེད། །ཡོད་མེད་སྒྲོ་སྐུར་ཐེ་ཚོམ་བསལ་བའི་ཕྱིར། །དེ་བཞིན་ཉིད་ཀྱི་བྱང་ཆུབ་མི་རྟོག་པས། །མ་ནོར་ངེས་པའི་ལུང་དེ་གཏན་ལ་འབེབས། །དེ་ཉིད་ཡིད་ཆེས་མངོན་དུ་བསྟན་པའི་ཕྱིར། །ལ་དོར་ཡིད་ཆེས་པ་ཡི་ལུང་བཅུ་ཡིས། །རྩོལ་སྒྲུབ་བྱ་མེད་དོན་བསྟན་དེ་ཡིད་ཆེས། །མེད་པར་བདེན་པའི་ཚིག་དགུ་སྨྲས་པ་ནི། །སྙིང་པོ་གཅིག་ལ་མཐོང་བའིི་ཡུལ་དགུ་བྱུང་། །རང་རེས་མཐོང་བའི་བདེན་པའི་ཚིག་དགུ་སྨྲས། །ཀུན་བྱེད་ང་ལ་ཐམས་ཅད་རྫོགས་པའི་ཕྱིར། །བྱང་ཆུབ་སེམས་ཀྱི་དོན་འདི་ཆེ་བར་གྱིས། །ཆོས་ཀུན་རྩ་བ་ཀུན་བྱེད་བྱང་ཆུབ་སེམས། །ཇི་ལྟར་སྣང་བ་ང་ཡི་ངོ་བོ་ཡིན། །ཇི་ལྟར་བྱུང་བ་ང་ཡི་ཆོ་འཕྲུལ་ཡིན། །སྒྲ་ཚིག་ཇི་ལྟར་བྱུང་བ་ཐམས་ཅད་ཀུན། །ང་ཡི་དོན་ཉིད་ཚིག་སྒྲར་ཕྱུང་བ་ཡིན། །སངས་རྒྱས་སྐུ་དང་ཡེ་ཤེས་ཡོན་ཏན་དང་། །སེམས་ཅན་ལུས་དང་བག་ཆགས་ལ་སོགས་པ། །སྣང་སྲིད་སྣོད་བཅུད་བསྡུས་པ་ཐམས་ཅད་ཀུན། །བྱང་ཆུབ་སེམས་ཀྱི་ངོ་བོ་ཡེ་ནས་ཡིན། །སེམས་ལས་མ་གཏོགས་པ་ཡི་ཆོས་རྣམས་ནི། །ང་ལས་བྱུང་བའི་སངས་རྒྱས་སྔར་འདས་ལ། །ཀུན་བྱེད་རྒྱལ་པོ་ང་ཡིས་ལུང་མ་བསྟན། །ད་ལྟར་བཞུགས་དང་སླད་ཀྱིས་འབྱོན་པ་ལ། །ཀུན་བྱེད་རྒྱལ་པོ་བྱང་ཆུབ་ལུང་མི་སྟོན། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རྩ་བ་གཅིག་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ཉིད་ཀྱིས་བྱས་པ་ལས་བྱུང་བའི་ཆོས་རྣམ་པར་དབྱེ་བ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། སེམས་ནི་ཇི་བཞིན་པ་ཡི་ངོ་བོ་སྟེ། །ཇི་བཞིན་གཉིས་མེད་བདེ་བ་ཆེན་པོ་ལ། །རྣམ་པ་ཀུན་ལྡན་རྣམ་པ་ཡོངས་ཀྱིས་མེད། །སྤྲོས་བྲལ་ནམ་མཁའ་བཞིན་དུ་ཡེ་གནས་ལ། །དམིགས་པའི་ཡུལ་འདས་གཅིག་ཅེས་བགྲང་དུ་མེད། །བྱང་ཆུབ་སེམས་ལ་བགྲང་ཞིང་མཚོན་མེད་ན། །སེམས་ཀྱིས་བྱས་པའི་ཆོས་ལ་རྣམ་གྲངས་བྱུང་། །སེམས་ཀྱིས་བྱས་པ་གང་དང་གང་ཞེ་ན། །སྣང་སྲིད་སྣོད་བཅུད་སངས་རྒྱས་སེམས་ཅན་རྣམས། །སེམས་ཀྱི་རང་བཞིན་ངོ་བོ་དེ་ལས་བྱས། །བྱས་ནས་མངོན་དུ་ཕྱུང་སྟེ་བསྟན་པ་ནི། །ཆེན་པོ་ལྔ་དང་རིགས་དྲུག་སྣང་བ་དང་། །དེ་ཡི་དོན་མཛད་གཟུགས་སྐུ་རྣམ་གཉིས་ནི། །སེམས་ཀྱི་རང་བཞིན་དག་ཏུ་ཕྱུང་ནས་བགྲངས། །ཞེས་བཀའ་སྩལ་ཏོ། །དེ་ནས་སེམས་དཔའ་རྡོ་རྗེས་ཞུས་པ། །ཀྱེ། ཀུན་བྱེད་རྒྱལ་པོ་ཨེ་མ་ཧོཿ ཀུན་ཏུ་བཟང་པོ་ཨེ་མ་ཧོཿ བྱང་ཆུབ་སེམས་ཁྱོད་ཨེ་མ་ཧོཿ དང་པོར་བྱང་ཆུབ་སེམས་ལངས་ནས། །རང་དང་ཆོས་རྣམས་མ་ཤེས་ནས། །ཀུན་མཁྱེན་ཁྱེད་ཀྱི་འཁོར་དུ་འདུས། །ཞུ་བའི་དམིགས་ནི་མི་ཆ་བས། །ཀུན་མཁྱེན་ཁྱོད་ཀྱིས་བཀའ་སྩལ་པ། །ཆོས་རྣམས་གཅིག་ཏུ་འདུས་པར་ནི། །བྱང་ཆུབ་སེམས་མདོ་བཀའ་སྩལ་ན། །གཅིག་ལ་གཉིས་སུ་བསྟན་པ་ཡི། །རྣམ་གྲངས་དོན་འདི་ཇི་ལྟར་ལགས། །ཞེས་ཞུས་སོ། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་བཀའ་སྩལ་པ། །ཀྱེ། ང་ནི་ཡེ་ནས་ལྷུན་གྱིས་གྲུབ། །ང་ནི་སངས་རྒྱས་ཐམས་ཅད་ཀྱི། །ལྷུན་གྱིས་གྲུབ་པའི་སྙིང་པོ་ཡིན། །ང་ནི་ཐུགས་རྗེའི་ངོ་བོ་སྟེ། །གང་ལ་དགའ་བའི་དུས་སུ་ནི། །གང་དགའ་བ་ཡི་དོན་བྱའི་ཕྱིར། །ང་ཡིས་བྱས་པའི་དོན་བསྟན་གྱིས། །སེམས་དཔའ་རྡོ་རྗེ་ཁྱོད་ཉོན་ཅིག །གཅིག་ལ་དགའ་བ་དེ་ལ་ནི། །ཆོས་རྣམས་གཅིག་ཏུ་འདུས་པའི་ཕྱིར། །བྱང་ཆུབ་སེམས་ཀྱི་ངོ་བོ་སྟེ། །སེམས་ཀྱི་ངོ་བོ་ཀུན་བྱེད་བསྟན། །མཚན་མ་གྲངས་ལ་དགའ་བ་ལ། །ཀུན་བྱེད་རྒྱལ་པོས་བྱས་པ་ཡི། །སྣ་ཚོགས་བརྗོད་ཀྱིས་མི་ལང་བསྟན། །དེ་ཡང་ང་ཡི་རང་བཞིན་བསྟན། །གཅིག་ནི་ང་ཉིད་སྙིང་པོ་སྟེ། །གཉིས་བྱུང་ང་ཡིས་བྱས་པ་སྟེ། །བྱས་པའི་ཆོས་ལ་བགྲངས་པ་ཡིན། །གྲངས་ཀྱི་དོན་ནི་གཅིག་དང་གཉིས། །གྲངས་ཀྱི་མཐའ་ནི་བརྗོད་དུ་མེད། །བརྗོད་མེད་ཆོས་ཀྱི་སྙིང་པོ་ཡིན། །བརྗོད་མེད་སྙིང་པོ་གཅིག་ཏུ་བསྟན། །གཅིག་ནི་ཀུན་བྱེད་བྱང་ཆུབ་སེམས། །བྱས་པའི་ཆོས་ནི་རྣམ་པ་གཉིས། །རྒྱུ་དང་འབྲས་བུ་རྣམ་གཉིས་ལས། །དོན་དམ་ཀུན་རྫོབ་རྣམ་གཉིས་ཀྱིས། །དཔེ་དོན་རྟགས་དང་གཏན་ཚིགས་སུ། །ངེས་ལུང་དྲང་ལུང་གཉིས་སུ་བཤད། །རྒྱུ་ནི་འབྱུང་ཆེན་རྣམ་ལྔ་ལ། །འབྲས་བུ་ཁམས་གསུམ་སེམས་ཅན་ཡིན། །ཁམས་གསུམ་སེམས་ཅན་རྒྱུ་བྱས་ནས། །འབྲས་བུ་སངས་རྒྱས་མིང་བཏགས་ཏེ། །རྒྱུ་འབྲས་དཔེ་དོན་དེ་རུ་བསྟན། །རྒྱུ་ནི་ཁམས་གསུམ་སེམས་ཅན་ལ། །འབྲས་བུ་སངས་རྒྱས་ལུང་བསྟན་པ། །དེ་ནི་དྲང་བའི་ལུང་དུ་བཤད། །རྣམ་པ་གཉིས་སུ་དབྱེ་བར་བྱ། །རྒྱུ་ནི་འབྱུང་ཆེན་རྣམ་ལྔ་ཡིན། །བྱས་པའི་ཆོས་ནི་ཐམས་ཅད་ཀུན། །སེམས་ཉིད་མངོན་དུ་ཕྱུང་བ་ཡིན། །དེ་བཞིན་ཉིད་དུ་མ་གཏོགས་པར། །མ་རིག་ལོག་རྟོག་གཟུང་འཛིན་གྱིས། །ཡུལ་དྲུག་ཆོས་ལ་ངེས་བརྟགས་པས། །འཇིག་པ་དྲུག་དང་བརྟེན་པ་དྲུག །འཇིག་རྟེན་ཞེས་སུ་བཤད་པ་ཡིན། །ཡུལ་དྲུག་ཆགས་པ་དྲུག་བརྟེན་ནས། །ཆགས་དྲུག་སྡུག་བསྔལ་ཡ་ང་ལ། །མྱ་ངན་མྱ་ངན་ཞེས་སུ་བཤད། །མྱ་ངན་མྱ་ངན་འདས་ཞེས་པ། །ཡུལ་དྲུག་ཆོས་ལ་མི་རྟོག་པས། །སྐྱེ་དྲུག་གནས་སུ་མི་སྐྱེ་སྟེ། །སྡུག་བསྔལ་དྲུག་ལས་འདས་པའི་ཕྱིར། །མྱ་ངན་འདས་ཞེས་དེ་ལ་བྱ། །ཇི་བཞིན་སྙིང་པོ་བྱང་ཆུབ་ལས། །མ་བཙལ་རང་བཞིན་ཤར་བ་ཡི། །འབྱུང་བ་ཆེན་པོ་ལྔ་པོ་ཡང་། །རང་གི་མཚན་ཉིད་རང་འཛིན་ལ། །ཐམས་ཅད་སྙིང་པོ་བྱང་ཆུབ་ཀྱང་། །དམིགས་སུ་མེད་པའི་ངོ་བོ་འཛིན། །མཚན་ཉིད་མཚན་ཉིད་ཞེས་སུ་བཤད། །རང་བཞིན་ཤར་བའི་ཆེན་པོ་ལྔས། །ཆོས་ཀུན་བསྐྱེད་པའི་སྙིང་པོ་ཡིན། །དེ་ཡིས་བསྐྱེད་པའི་སེམས་ཅན་རྣམས། །རང་བྱུང་ཡིན་པར་མི་རྟོགས་པར། །སྤྱོད་པའི་ལམ་དེ་རྒྱུར་བལྟས་ནས། །རྒྱུ་ལས་འབྲས་བུ་འབྱུང་འདོད་པས། །རྒྱུ་ཞེས་མིང་དུ་བཏགས་པ་ཡིན། །འབྲས་བུ་གང་ཐོབ་ཐེག་པར་བཤད། །སྤོང་འགེགས་སྦྱོང་བ་རྣམས་སུ་བསྟན། །འབྲས་བུ་ཞེས་སུ་བཏགས་པ་ནི། །སྙིང་པོ་རྒྱུ་ལས་འབྲས་བུར་བཤད། །སྙིང་པོའི་རང་བཞིན་དེ་ལ་ནི། །སྐྱེ་འཇིག་མེད་པའི་རང་བཞིན་ལ། །རྡོ་རྗེ་ཞེས་སུ་བཤད་པ་ཡིན། །རྡོ་རྗེ་དེ་སྒྲུབ་ཕྱི་པ་གཉིས། །སྐུ་དང་གསུང་ཐུགས་ཡེ་ཤེས་ནི། །བླང་དོར་བྱས་པའི་སྒོ་ནས་ནི། །ཆུ་ཟླ་བཞིན་དུ་གྲུབ་པར་འདོད། །བླང་དོར་མེད་པའི་ནང་པ་ནི། །རིམ་པ་གསུམ་དང་སྙིང་པོ་ཡིས། །བདག་ཉིད་དབྱིངས་དང་ཡེ་ཤེས་ལྟ། །གང་ལའང་མི་བརྟེན་བྱ་མེད་འདི། །ཀུན་གྱི་སྙིང་པོར་གྱུར་པས་ན། །བྱ་བ་མེད་པའི་ཕྲིན་ལས་འདས། །བྱ་མེད་བདེ་བ་སྤོང་བྱེད་པ། །མི་རྩོལ་བདེ་བའི་ལུང་བསྟན་བཀོད། །བསྐལ་པ་གསུམ་དང་མི་ཚེ་བདུན། །ཟླ་དྲུག་ལོ་གཅིག་ཟླ་བཅུ་དྲུག །རྩོལ་བར་བྱེད་པའི་ཐེག་པ་ཅན། །བྱ་མེད་ངོ་བོ་འདི་བསྟན་པས། །མི་རྩོལ་ལྷུན་གྲུབ་ངང་ལ་གནས། །འདི་ལ་མ་རྫོགས་གང་ཡང་མེད། །གཅིག་རྫོགས་གཉིས་རྫོགས་ཀུན་རྫོགས་པས། །བྱ་བ་ཕུན་སུམ་ཚོགས་པར་བདེ། །གཅིག་རྫོགས་བྱང་ཆུབ་སེམས་སུ་རྫོགས། །གཉིས་རྫོགས་སེམས་ཀྱིས་བྱས་པར་རྫོགས། །ཀུན་རྫོགས་ཕུན་སུམ་ཚོགས་པར་རྫོགས། །གཅིག་ལ་རྫོགས་པའི་ལུང་འདི་ཡིས། །སངས་རྒྱས་དགོངས་པ་འདི་ལ་གནས། །ཀུན་རྫོགས་པ་ཡི་དོན་འདི་ཡིས། །ཐམས་ཅད་ཕུན་སུམ་ཚོགས་པར་བྱེད། །བྱ་མེད་འདི་ལ་གང་གནས་པ། །ལུས་འདི་གང་ཟག་ལྷ་མི་ཡང་། །དགོངས་པ་ཆོས་ཉིད་སངས་རྒྱས་ཡིན། །འདི་ཡིས་སེམས་ཅན་དོན་བྱས་ན། །རྩོལ་སྒྲུབ་མི་བྱེད་བདེ་བར་འགྱུར། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རྣམ་གྲངས་བསྡུས་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་བྱས་པའི་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་གཅིག་པ་ལས་དེ་བཞིན་ཉིད་ལ་རང་བཞིན་གསུམ་སྣང་བར་འགྱུར་བ་དེ་སོ་སོར་སྣང་བ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། ང་ཡི་དེ་བཞིན་ཉིད་གཅིག་ནི། །ཕུན་སུམ་ཚོགས་པ་གསུམ་དུ་སྣང་། །དེ་བཞིན་མ་སྐྱེས་རང་བཞིན་ནི། །དེ་བཞིན་ཉིད་དེ་ཡུལ་དུ་སྣང་། །ཡུལ་དེ་ཀུན་གྱི་དེ་བཞིན་ཉིད། །དེ་ལ་ཀུན་ཀྱང་བརྟགས་བྱས་ནས། །དེ་བཞིན་ཉིད་ལ་ལྟ་བྱེད་པ། །མ་བསྒྲིབས་རང་བྱུང་ཡེ་ཤེས་ནི། །རྒྱུ་འབྲས་སྟོན་པ་སྐུ་གསུམ་སྣང་། །ལ་ལ་རྒྱུ་ཡི་སྟོན་པར་སྣང་། །ལ་ལ་འབྲེལ་བའི་སྟོན་པར་སྣང་། །ལ་ལ་འབྲས་བུའི་སྟོན་པར་སྣང་། །ཐུགས་རྗེ་མངོན་དུ་ཕྱུང་བ་ཡི། །རང་བྱུང་ཡེ་ཤེས་རྣམ་ལྔ་ལས། །བྱུང་བའི་སངས་རྒྱས་སེམས་ཅན་རྣམས། །བསྟན་པའི་ཡུལ་དང་འཁོར་དུ་སྣང་། །དེ་ལྟ་བུ་ཡི་འཁོར་ཚོགས་ལ། །རྒྱུ་འབྲས་སྟོན་པ་སྐུ་གསུམ་གྱིས། །དེ་བཞིན་ཉིད་ཀྱི་ཡུལ་གཅིག་ལ། །འཁོར་གྱི་ལྟ་བ་སོ་སོ་བས། །ལ་ལར་སྤོང་འགེགས་ཡུལ་དུ་བསྟན། །ལ་ལར་སྦྱོང་ཞིང་བགྲོད་པར་བསྟན། །ལ་ལ་བྱིན་རླབས་དག་པར་བསྟན། །ལ་ལར་བླང་དོར་གྱིས་གྲུབ་བསྟན། །ལ་ལར་རང་རྒྱུད་དག་པ་སྟེ། །བཙལ་ཞིང་བསྒྲུབ་ཏུ་ཡོད་པར་བསྟན། །དེ་ལྟར་སྟོན་པ་སྐུ་གསུམ་གྱིས། །རྒྱུ་དང་འབྲས་ལ་དགོངས་ནས་བསྟན། །རྒྱུ་དང་འབྲས་བུ་རྣམ་གཉིས་ཀྱང་། །དེ་བཞིན་ཉིད་ལས་གཡོས་པ་མེད། །ཀུན་བྱེད་ང་ཡིས་ལུང་བསྟན་ཏོ། །དེ་བཞིན་ཉིད་ནི་འདི་ལྟ་སྟེ། །ཀུན་བྱེད་ང་ཡང་དེ་བཞིན་ཉིད། །ངས་བྱས་ཀུན་ཀྱང་དེ་བཞིན་ཉིད། །ཡུལ་དྲུག་ང་ཡིས་བྱས་པ་ཡིན། །དབང་དྲུག་ང་ཡི་རིག་པ་ཡིན། །རྣམ་པར་ཤེས་པའི་ཚོགས་རྣམས་ནི། །ང་ཡི་རང་བྱུང་ཡེ་ཤེས་ཡིན། །འབྱུང་ཆེན་ལྔ་ཡང་རྒྱུ་ལྔ་སྟེ། །ཀུན་གྱི་རྒྱུ་ལྔ་དེ་བཞིན་ཉིད། །ཐུགས་རྗེ་རང་བྱུང་ཡེ་ཤེས་ལྔ། །ཁམས་གསུམ་རྒྱུད་དྲུག་ཕྱུང་བ་ཡང་། །དེ་བཞིན་ཉིད་ཀྱི་ངོ་བོར་བཤད། །དེ་བཞིན་ཉིད་ཀྱི་རང་བཞིན་ཏེ། །ངོ་བོ་གཉིས་སུ་མེད་པ་སྟེ། །རང་བཞིན་གཅིག་ཏུ་གནས་པ་ལ། །རྣལ་འབྱོར་བཞག་པ་བཞི་ཕྱུང་བ། །རྣལ་འབྱོར་རྣམ་པ་བཞི་ལས་བྱུང་། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཀུན་གྱི་སྙིང་པོ་བྱང་ཆུབ་སེམས་འདི་ནི། །ཆོས་རྣམས་ཀུན་གྱི་རྣལ་མའི་ངོ་བོ་སྟེ། །ཇི་བཞིན་དེ་བཞིན་ཉིད་དུ་ཡེ་ནས་གནས། །ཤིན་ཏུ་རྣལ་འབྱོར་ཡོངས་སུ་རྣལ་འབྱོར་དང་། །རྣལ་འབྱོར་ཆེན་པོ་སེམས་དཔའི་རྣལ་འབྱོར་བཞིས། །སྙིང་པོ་དོན་གྱི་རྣལ་མ་བྱ་མེད་ལ། །བལྟས་པས་མཐོང་བའི་ཡུལ་ནི་རྣམ་པ་བཞི། །སེམས་དཔའི་རྣལ་འབྱོར་ཡུལ་དང་དབང་པོར་མཐོང་། །བྱང་ཆུབ་ལྔ་དང་ཆོ་འཕྲུལ་རྣམ་པ་བཞིས། །བྱིན་གྱིས་བརླབས་ནས་སེམས་དཔའི་ལྷ་གཉིས་ལྟ། །སྙིང་པོ་དོན་གྱི་རྣལ་མ་མཐོང་བ་མེད། །མ་བཅོས་དེ་བཞིན་ཉིད་དུ་སེམས་དཔའ་ཞོག །དོན་གྱི་སྙིང་པོ་རྣལ་མ་བྱ་མེད་ལ། །རྣལ་འབྱོར་ཆེན་པོ་རྣམས་ཀྱིས་མཐོང་བ་ནི། །ཡེ་ནས་རང་རྒྱུད་དག་པའི་དཀྱིལ་འཁོར་ལ། །རྒྱུ་ལས་འབྲས་བུ་ལྷ་ཡི་དཀྱིལ་འཁོར་ཏེ། །བསྙེན་བསྒྲུབ་བཞི་ཡི་ཡན་ལག་རྫོགས་བྱས་ནས། །འཕྲོ་འདུ་བདག་ཉིད་ལྷུན་གྱིས་གྲུབ་པར་ལྟ། །དོན་གྱི་སྙིང་པོ་རྣལ་མ་མཐོང་བ་མེད། །མ་བཅོས་དེ་བཞིན་ཉིད་དུ་ཆེན་པོ་ཞོག །དོན་གྱི་སྙིང་པོ་རྣལ་མ་བྱ་མེད་ལ། །ཡོངས་སུ་རྣལ་འབྱོར་རྣམས་ཀྱིས་མཐོང་བ་ནི། །དབྱིངས་ནི་སྙིང་པོ་རྣལ་མའི་རྒྱུར་མཐོང་ལ། །ཡེ་ཤེས་ཆེན་པོ་རྣལ་མའི་འབྲས་བུར་མཐོང་། །སྙིང་པོ་གཅིག་ལ་རྒྱུ་འབྲས་གཉིས་མཐོང་བས། །རྒྱུ་འབྲས་འདས་པའི་རྣལ་མ་མཐོང་བ་མེད། །མ་བཅོས་དེ་བཞིན་ཡོངས་སུ་རྣལ་འབྱོར་ཞོག །དོན་གྱི་སྙིང་པོ་རྣལ་མ་བྱ་མེད་ལ། །ཤིན་ཏུ་རྣལ་འབྱོར་རྫོགས་ཆེན་ལྟ་མཐོང་བ། །བྱང་ཆུབ་སེམས་ནི་ཀུན་གྱི་སྙིང་པོར་མཐོང་། །དེ་ཉིད་མ་བཅོས་དོན་གྱི་རྣལ་མར་མཐོང་། །ལྟ་བ་ཡེ་ནས་བསྒོམ་དུ་མེད་པར་གཞག །དམ་ཚིག་ཡེ་ནས་བསྲུང་དུ་མེད་པར་གཞག །ཕྲིན་ལས་ཡེ་ནས་བཙལ་དུ་མེད་པར་གཞག །བཞག་པས་དེ་བཞིན་ཉིད་ལ་རྣལ་དུ་འབྱོར། །རྣལ་འབྱོར་རྣམ་བཞི་ལྟ་བའི་བྱེ་བྲག་ནི། །ཡུལ་གཅིག་རེ་རེ་ལ་ཡང་བཞིར་དབྱེ་བ། །སེམས་དཔའི་རྣལ་འབྱོར་བྱེ་བྲག་བཞིར་དབྱེ་བ། །ཡུལ་དང་དབང་པོ་རྣམ་པར་མི་རྟོག་སེམས། །དེས་ན་སེམས་དཔའི་རྣལ་འབྱོར་ཉིད་དུ་བཤད། །བྱང་ཆུབ་བྱིན་རླབས་ཆོ་འཕྲུལ་འབྱིན་པ་ནི། །དེ་ནི་རྣལ་འབྱོར་ཆེན་པོ་ཞེས་སུ་བཤད། །ཕྱག་རྒྱ་ཆེན་པོ་བཞི་དང་ལྡན་པ་ནི། །ཡོངས་སུ་རྣལ་འབྱོར་ཞེས་སུ་བཤད་པ་ཡིན། །ཡེ་ཤེས་དམ་ཚིག་རང་བཞིན་མེད་ལྟ་བ། །ཤིན་ཏུ་རྣལ་འབྱོར་དགོངས་པར་སེམས་དཔའ་བཞེད། །བླང་དོར་མེད་པའི་རྣལ་འབྱོར་དེ་མ་མཐོང་། །རྣལ་འབྱོར་ཆེན་པོ་བྱེ་བྲག་བཞིར་དབྱེ་བ། །དང་པོར་ཏིང་འཛིན་རྣམ་གསུམ་སེམས་པ་ནི། །སེམས་དཔའི་རྣལ་འབྱོར་ཞེས་སུ་བཤད་པ་ཡིན། །རང་རྒྱུད་དག་པས་ཡེ་ཤེས་ལྟ་བྱེད་པ། །རྣལ་འབྱོར་ཆེན་པོ་ཞེས་སུ་བཤད་པ་ཡིན། །བསྙེན་སྒྲུབ་རྣམ་བཞི་ཡོངས་སུ་རྫོགས་པ་ནི། །ཡོངས་སུ་རྣལ་འབྱོར་ཞེས་སུ་བཤད་པ་ཡིན། །ཐམས་ཅད་བདག་ཉིད་ཆེན་པོར་ལྟ་བ་ནི། །ཤིན་ཏུ་རྣལ་འབྱོར་ཞེས་སུ་བཤད་པ་ཡིན། །རྩོལ་སྒྲུབ་འདས་པའི་རྣལ་མ་མཐོང་བ་མིན། །ཡོངས་སུ་རྣལ་འབྱོར་བྱེ་བྲག་བཞིར་ལྟ་བ། །ཏིང་འཛིན་རིམ་པས་བདག་སྐུར་མི་བསྐྱེད་པར། །ཆོས་ཉིད་རང་རྒྱུད་དག་པར་སེམས་པའི་ཕྱིར། །སེམས་དཔའི་རྣལ་འབྱོར་ཞེས་སུ་བཤད་པ་ཡིན། །ཡབ་ཡུམ་ཐབས་དང་ཤེས་རབ་མི་ལྟོས་པར། །སྙིང་པོ་ཙམ་གྱིས་དཀྱིལ་འཁོར་རྫོགས་པའི་ཕྱིར། །རྣལ་འབྱོར་ཆེན་པོའི་དགོངས་པར་བཤད་པ་ཡིན། །སྣང་བ་རང་བཞིན་མེད་པའི་ཆོས་ཉིད་དུ། །སྤྱོད་པས་ཡོངས་སུ་རྣལ་འབྱོར་ཉིད་དུ་བཤད། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །རྒྱུ་དབྱིངས་འབྲས་བུ་ཡེ་ཤེས་ལྟ་བའི་ཕྱིར། །ཤིན་ཏུ་རྣལ་འབྱོར་ཞེས་སུ་བཤད་པ་ཡིན། །རྒྱུ་འབྲས་འདས་པའི་རྣལ་མ་མཐོང་བ་མིན། །ཤིན་ཏུ་རྣལ་འབྱོར་བྱེ་བྲག་རྣམ་བཞི་ནི། །བླང་དོར་མེད་པའི་བྱང་ཆུབ་སེམས་དེ་ནི། །སེམས་དཔའི་རྣལ་འབྱོར་ཞེས་སུ་བཤད་པ་ཡིན། །རྩོལ་སྒྲུབ་འདས་པའི་བྱང་ཆུབ་སེམས་དེ་ནི། །རྣལ་འབྱོར་ཆེན་པོ་ཞེས་སུ་བཤད་པ་ཡིན། །རྒྱུ་འབྲས་འདས་པའི་བྱང་ཆུབ་སེམས་དེ་ནི། །ཡོངས་སུ་རྣལ་འབྱོར་ཞེས་སུ་བཤད་པ་ཡིན། །ཡིན་མིན་སྒྲོ་དང་སྐུར་པ་འདས་པའི་ཕྱིར། །ཤིན་ཏུ་རྣལ་འབྱོར་ཞེས་སུ་ང་ཡིས་བཤད། །ཡོངས་སུ་རྣལ་འབྱོར་ལ་སོགས་གསུམ་པོ་ལ། །རང་བྱུང་ཡེ་ཤེས་ཆེ་དང་མི་ལྡན་པས། །ལམ་ལ་བགྲོད་ཅིང་ས་ལ་སྦྱོང་བར་བྱེད། །དམ་ཚིག་ཚུལ་བསྲུང་ལྟ་བ་སྒོམ་བྱེད་པས། །གོམ་པ་དྲག་དལ་ལྟ་སྤྱོད་ཡོད་མ་ཡིན། །དེ་བས་ཤིན་ཏུ་རྣལ་འབྱོར་ལྟ་སྤྱོད་ནི། །ཡེ་ནས་ཀུན་བྱེད་ཉིད་ཀྱིས་བྱས་པའི་ཕྱིར། །ལམ་ལ་མི་བགྲོད་ས་ལ་སྤྱོད་མི་བྱེད། །དམ་ཚིག་མི་སྲུང་ལྟ་བ་སྒོམ་མི་བྱེད། །བྱང་ཆུབ་ཆེན་པོའི་ལམ་ནས་ཀུན་འབྱུང་ཕྱིར། །བྱང་ཆུབ་ཉིད་ལ་བྱང་ཆུབ་ཉིད་མི་བགྲོད། །བགྲོད་ས་བྱང་ཆུབ་ཉིད་ལས་མེད་པའི་ཕྱིར། །བྱང་ཆུབ་ཉིད་ལ་བྱང་ཆུབ་ཉིད་མི་སྤྱོད། །དམ་ཚིག་རང་བཞིན་བྱང་ཆུབ་ཉིད་ཡིན་པས། །བྱང་ཆུབ་ཉིད་ལ་བྱང་ཆུབ་ཉིད་མི་སྲུང་། །བསྒོམ་པའི་རང་བཞིན་བྱང་ཆུབ་ཉིད་ཡིན་པས། །བྱང་ཆུབ་ཉིད་ཀྱིས་ཉིད་ལ་བསྒོམ་དུ་མེད། །ལྟ་བའི་ཡུལ་ནི་བྱང་ཆུབ་ཉིད་ཡིན་པས། །བྱང་ཆུབ་ཉིད་ཀྱིས་ཉིད་ལ་བལྟར་མེད་ཕྱིར། །ཤིན་ཏུ་རྣལ་འབྱོར་ལྟ་སྤྱོད་བྱ་མེད་འདི། །རང་བྱུང་ཡེ་ཤེས་གོམ་པ་དྲག་དལ་ཅན། །ཀུན་བྱེད་རྒྱལ་པོ་ང་ཡི་གོམ་པ་ཡིན། །རྒྱུ་འབྲས་ཐེག་པ་ཅན་གྱི་སྤྱོད་ཡུལ་མིན། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ཆོས་ཉིད་ཀྱི་རང་བཞིན་ལས་ཆོས་ཉིད་ཀྱི་ཡུལ་ཀུན་ལ་བཀོད་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་རྒྱུ་འབྲས་ཀྱི་ཐེག་པ་བགྲོད་ལམ་ནོར་བས་རྫོགས་པ་ཆེན་པོ་ལས་གོལ་ས་དང་སྒྲིབ་པར་གྱུར་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། བྱང་ཆུབ་སེམས་ཀྱི་རང་བཞིན་འདི་ཉིད་ནི། །ཆོས་ཀུན་མ་ལུས་པ་ཡི་སྙིང་པོ་སྟེ། །མ་སྐྱེས་རྣམ་པར་དག་པས་སྒྲིབ་པ་མེད། །བགྲོད་པའི་ལམ་དང་བྲལ་བས་གོལ་ས་མེད། །ཡེ་ནས་ལྷུན་གྱིས་གྲུབ་པས་བཙལ་དུ་མེད། །ཆོས་ཀུན་སྙིང་པོ་བྱང་ཆུབ་སེམས་སུ་གཅིག །གཅིག་ལ་རྣམ་པར་བགྲངས་པས་གོལ་སྒྲིབ་བྱུང་། །བགྲོད་དུ་མེད་ལ་བགྲོད་པས་གོལ་ས་བྱུང་། །དམིགས་མེད་བལྟས་པས་མ་མཐོང་སྒྲིབ་པ་བྱུང་། །དེ་བཞིན་ཉིད་དུ་ཐམས་ཅད་གཅིག་པ་ལ། །རྒྱུ་སྤྱད་འབྲས་བུ་ཕྱི་མར་འདོད་པ་ནི། །ཕ་རོལ་ཕྱིན་བཅུ་ས་བཅུ་ཐོབ་འདོད་པ། །བསྐལ་པ་གསུམ་གྱི་བར་དུ་གོལ་ནས་བསྒྲིབས། །ཕྱི་ནང་རྟོག་པ་དག་པ་རྣམ་གསུམ་གྱིས། །བྱང་ཆུབ་ལྔ་དང་ཆོ་འཕྲུལ་ཡན་ལག་གི། །དམ་ཚིག་སྡོམ་པ་ཚུལ་བཞིན་དག་ན་ཡང་། །མི་ཚེ་བདུན་གྱི་བར་དུ་གོལ་ཞིང་བསྒྲིབས། །རྒྱུ་ལ་སྤྱོད་ཅིང་འབྲས་བུ་ལྟ་བ་ནི། །ལྟ་སྤྱོད་སོ་སོ་གཉིས་སུ་བལྟས་པ་ཡིས། །གཉིས་སུ་མེད་ལ་མི་ཚེ་གསུམ་བསྒྲིབས་གོལ། །སྙིང་པོ་གཅིག་ལ་བླང་དོར་བྱེད་པ་དེ། །གཅིག་ཏུ་མ་མཐོང་གཉིས་སུ་མཐོང་བས་ན། །བླང་དོར་མ་བྲལ་བར་དུ་གོལ་ཞིང་བསྒྲིབས། །རང་བྱུང་གཅིག་ལ་ཡིན་པ་གསུམ་བསྒོམས་པས། །རྩོལ་བྲལ་ལུང་ལས་གོལ་ཞེས་ལུང་སྟོན་ཅིག །ཇི་ལྟར་སྣང་ཞིང་སྲིད་པའི་ཆོས་རྣམས་ལ། །སྙིང་པོ་དེ་བཞིན་ཉིད་དུ་མ་རྟོགས་པར། །དབྱིངས་དང་ཡེ་ཤེས་རྒྱུ་འབྲས་བལྟས་པའི་ཕྱིར། །རྒྱུ་ཡི་སྒྲོ་དང་འབྲས་བུའི་སྐུར་ཡིན་པས། །སྒྲོ་སྐུར་གཉིས་བྲལ་ཡིད་ཆེས་བར་དུ་སྒྲིབ། །མེད་པའི་འབྲས་བུ་འདོད་པ་རྣམ་དྲུག་ནི། །རྒྱུ་ལ་བདེན་པ་གཉིས་ཀྱིས་ཐོབ་བྱེད་དང་། །དག་གསུམ་སྤྱོད་པས་འབྲས་བུ་ཐོབ་བྱེད་དང་། །ལྟ་སྤྱོད་སོ་སོས་ཐོབ་པར་འདོད་པ་དང་། །བླང་དོར་སྤྱད་པས་ཐོབ་པར་འདོད་པ་དང་། །རིག་པ་གསུམ་བསྒོམས་ཐོབ་པར་འདོད་པ་དང་། །རྒྱུ་འབྲས་དབྱིངས་ཉིད་ཡེ་ཤེས་བལྟས་པ་ཡིས། །ཐོབ་པར་འདོད་པའི་ངེས་ཐོབ་རྣམ་པ་དྲུག །གོལ་ས་དྲུག་དང་སྒྲིབ་པ་དྲུག་དྲུག་སྟེ། །བྱང་ཆུབ་སེམས་ལས་གོལ་སྒྲིབ་སྐྱོན་ཡིན་པས། །ངེས་ཐོབ་དྲུག་གི་སྐྱོན་ཡོན་གསལ་བར་གསུང་། །རྟོག་དཔྱོད་གཉིས་ཀྱང་གོལ་ས་སྒྲིབ་པ་ལ། །གཟུང་འཛིན་གཉིས་ཀྱང་གོལ་ས་སྒྲིབ་པར་བཤད། །ལྟ་སྤྱོད་གཉིས་ཀྱང་གོལ་ས་སྒྲིབ་པར་བཤད། །ལྟ་སྤྱོད་བླང་དོར་རྩོལ་སྒྲུབ་རྒྱུ་འབྲས་འདས། །མི་རྩོལ་བདེ་བ་ཆེ་ལ་ཀུན་གོལ་བསྒྲིབས། །བྱང་ཆུབ་སེམས་ནི་ནམ་མཁའ་ལྟ་བུ་སྟེ། །ནམ་མཁའ་ལྟ་བུ་སེམས་ཉིད་ཆོས་ཉིད་ལ། །ལྟ་བས་བསྒོམ་མེད་དམ་ཚིག་བསྲུང་དུ་མེད། །ཕྲིན་ལས་བཙལ་མེད་ཡེ་ཤེས་སྒྲིབ་པ་མེད། །ས་ལ་སྦྱང་མེད་བགྲོད་པའི་ལམ་ཡང་མེད། །ཕྲ་བ་ཆོས་མེད་གཉིས་མེད་འབྲེལ་བ་མེད། །སེམས་ལས་ངས་ལུང་གཏན་ལ་འབེབས་པ་མེད། །སྒྲོ་སྐུར་འདས་པས་མན་ངག་ལ་བཟླར་མེད། །རྫོགས་ཆེན་བྱང་ཆུབ་སེམས་ཀྱི་ལྟ་བའོ། །ལྟར་མེད་གཅིག་ལ་སྒོམ་བྱེད་དྲུག་བྱུང་བས། །ལ་གོལ་ལ་བསྒྲིབས་ལྟ་བའི་གོལ་སྒྲིབ་བྱུང་། །བསྲུང་མེད་གཅིག་ལ་སྡོམ་པ་དྲུག་བསྲུངས་པས། །ལ་གོལ་ལ་བསྒྲིབས་དམ་ཚིག་གོལ་སྒྲིབ་བྱུང་། །བཙལ་མེད་གཅིག་ལ་ཕྲིན་ལས་དྲུག་རྩོལ་པས། །ལ་གོལ་ལ་བསྒྲིབས་ཕྲིན་ལས་གོལ་སྒྲིབ་བྱུང་། །བསྒྲིབས་མེད་གཅིག་ལ་ཡེ་ཤེས་དྲུག་བྱུང་བས། །ལ་གོལ་ལ་བསྒྲིབས་ཡེ་ཤེས་གོལ་སྒྲིབ་བྱུང་། །སྦྱངས་མེད་གཅིག་ལ་སྦྱངས་ཐོབ་དྲུག་བྱུང་བས། །ལ་གོལ་ལ་བསྒྲིབས་ས་ཡི་གོལ་སྒྲིབ་བྱུང་། །བགྲོད་མེད་གཅིག་ལ་ལམ་བགྲོད་དྲུག་བྱུང་བས། །ལ་གོལ་ལ་བསྒྲིབས་ལམ་གྱི་གོལ་སྒྲིབ་བྱུང་། །གཟུང་མེད་གཅིག་ལ་འཛིན་བྱེད་དྲུག་བྱུང་བས། །ལ་གོལ་ལ་བསྒྲིབས་ཆོས་ཀྱི་གོལ་སྒྲིབ་བྱུང་། །གཉིས་མེད་གཅིག་ལ་འབྲེལ་པ་དྲུག་བྱུང་བས། །ལ་གོལ་ལ་བསྒྲིབས་འབྲེལ་བའི་གོལ་སྒྲིབ་བྱུང་། །བདེན་པ་གཅིག་ལ་ངེས་པ་དྲུག་བྱུང་བས། །ལ་གོལ་ལ་བསྒྲིབས་ལུང་གི་གོལ་སྒྲིབ་བྱུང་། །བརྗོད་མེད་གཅིག་ལ་རྗོད་བྱེད་དྲུག་བྱུང་བས། །ལ་གོལ་ལ་བསྒྲིབས་མན་ངག་གོལ་སྒྲིབ་བྱུང་། །ཀུན་གྱི་སྙིང་པོ་བྱང་ཆུབ་སེམས་འདི་ནི། །ཡེ་ནས་རང་གི་རང་བཞིན་ལྷུན་གྲུབ་པས། །རང་བཞིན་བཅུ་ཡིས་བཙལ་ཞིང་བསྒྲུབ་མི་དགོས། །ང་ཡི་རང་བཞིན་ཀུན་དཔེ་ནམ་མཁའ་འདྲ། །ནམ་མཁའ་དག་ལ་ཀུན་ཀྱང་རྩོལ་མི་བྱེད། །ནམ་མཁའ་དག་ལ་ཀུན་གྱིས་རྩོལ་བྱ་རུ། །ནམ་མཁའ་ཀུན་བྱས་རྩོལ་སྒྲུབ་ཀུན་ལས་འདས། །དེ་བཞིན་ཀུན་བྱེད་སྙིང་པོ་བྱང་ཆུབ་སེམས། །ང་ཉིད་སྤྱོད་ཡུལ་ཀུན་ལས་འདས་པའི་ཕྱིར། །ང་ལ་ལྟར་མེད་བསྒོམ་དུ་ཡེ་ནས་མེད། །དེ་བཞིན་རང་བཞིན་བཅུ་པོ་དེས་ཀྱང་ནི། །འདས་པ་ང་ལ་བྱ་རུ་ཡོད་མ་ཡིན། །རྒྱུ་དང་འབྲས་བུའི་ཐེག་པ་ཅན་རྣམས་ཀྱིས། །རང་བཞིན་བཅུ་ཡིས་ང་ལ་བཙལ་བྱས་ནས། །ང་དང་ང་ཡི་རང་བཞིན་མཐོང་འདོད་པས། །མཁའ་ལ་གོམ་བོར་ས་ལ་ལྟུང་བ་བཞིན། །རང་བཞིན་བཅུ་པོས་བགྲོད་པས་ལྟུང་བར་འགྱུར། །ང་ཡི་རང་བཞིན་ངེས་པར་ཁུངས་བསྟན་པ། །ང་ནི་སྤྱོད་ཡུལ་ཀུན་ལས་འདས་པའི་ཕྱིར། །ལྟ་བ་བསྒོམ་དུ་མེད་པ་དེ་བཞིན་དུ། །རང་བཞིན་བཅུ་ལ་དེ་བཞིན་དོན་མེད་ཀྱིས། །རང་བཞིན་བཅུ་ལ་དོན་ཡོད་མ་རྟོགས་ཤིག །ང་ནི་བལྟས་པས་མཐོང་བའི་ཡུལ་མེད་པས། །ལྟ་བར་མ་བྱེད་དེ་བཞིན་ཉིད་དུ་ཞོག །སྤྲོས་བྲལ་མ་སྐྱེས་བྲལ་བའི་རྒྱུ་མེད་པས། །སྡོམ་པ་དང་ནི་ཚུལ་ཁྲིམས་བསྲུང་མི་དགོས། །སྙིང་པོར་ཡེ་ནས་ལྷུན་གྱིས་གྲུབ་པའི་ཕྱིར། །རྩོལ་བ་དང་ནི་བསྒྲུབ་པ་བྱ་མི་དགོས། །རང་བྱུང་ཡེ་ཤེས་སྒྲིབ་པ་མེད་པའི་ཕྱིར། །རིག་པའི་ཡེ་ཤེས་གསལ་བར་བསྐྱེད་དུ་མེད། །ཐམས་ཅད་ང་ཡིས་ས་རུ་གནས་པའི་ཕྱིར། །སྦྱངས་ནས་བགྲོད་པའི་ས་ནི་ཡོད་མ་ཡིིན། །ང་ཡིས་ཀུན་ལ་ཁྱབ་པར་གནས་པའི་ཕྱིར། །ང་ལ་བགྲོད་པར་བྱ་བའི་ལམ་ཡོད་མིན། །ང་ནི་ཡེ་ནས་གཟུང་འཛིན་བྲལ་བའི་ཕྱིར། །ཕྲ་བ་ཞེས་ནས་མིང་དུ་གདགས་སུ་མེད། །ང་ཡི་གཟུགས་ཀྱིས་ཀུན་ལ་ཁྱབ་པའི་ཕྱིར། །གཉིས་ཤེས་བྱ་བ་ཡེ་ནས་ཡོད་མ་ཡིན། །ང་ནི་ཡེ་ནས་རང་བྱུང་ཡེ་ཤེས་ལ། །ང་ལ་གཞན་གྱིས་གཏན་ལ་དབབ་ཏུ་མེད། །ང་ནི་ཀུན་གྱི་བྱང་ཆུབ་སྙིང་པོ་བས། །གསང་བའི་མན་ངག་གཞན་ན་ཡོད་མ་ཡིན། །སྒྲོ་དང་སྐུར་པ་ཀུན་ལས་འདས་པའི་ཕྱིར། །ཆོས་རྣམས་ཀུན་གྱི་ལ་ནི་ང་ཡིས་བཟླས། །ང་མེད་པ་ཡི་ཡུལ་ནི་གཞན་མེད་པས། །ལྟ་བ་བསྒོམ་དུ་མེད་པར་ལ་ཡང་བཟླས། །ང་ལས་གཞན་དུ་བསྲུང་དུ་མེད་པའི་ཕྱིར། །དམ་ཚིག་བསྲུང་དུ་མེད་པར་ལ་ཡང་བཟླས། །ང་ལས་གཞན་དུ་བཙལ་དུ་མེད་པའི་ཕྱིར། །ཕྲིན་ལས་བཙལ་དུ་མེད་པར་ལ་ཡང་བཟླས། །ང་ལས་གཞན་དུ་གནས་པ་མེད་པའི་ཕྱིར། །ས་ལ་སྦྱང་དུ་མེད་པར་ལ་ཡང་བཟླས། ། ང་ལ་སྒྲིབ་པ་ཡེ་ནས་མེད་པའི་ཕྱིར། །རང་བྱུང་ཡེ་ཤེས་ཡིན་པར་ལ་ཡང་བཟླས། །ང་ནི་མ་སྐྱེས་ཆོས་ཉིད་ཡིན་པའི་ཕྱིར། །ཕྲ་བ་ཆོས་ཉིད་ཡིན་པར་ལ་ཡང་བཟླས། །ང་ལས་གཞན་དུ་བགྲོད་དུ་མེད་པའི་ཕྱིར། །ལམ་ལ་བགྲོད་དུ་མེད་པར་ལ་ཡང་བཟླས། །སངས་རྒྱས་སེམས་ཅན་སྣང་སྲིད་སྣོད་བཅུད་ཀུན། །སྙིང་པོ་བྱང་ཆུབ་ང་ལས་བྱུང་བའི་ཕྱིར། །ཡེ་ནས་གཉིས་སུ་མེད་པར་ལ་ཡང་བཟླས། །རང་བྱུང་ཡེ་ཤེས་གཏན་ལ་འབེབས་པའི་ཕྱིར། །ལུང་ཆེན་ཐོག་འབེབས་ཡིན་པར་ལ་ཡང་བཟླས། །ཆོས་རྣམས་ཐམས་ཅད་ང་ལས་མེད་པའི་ཕྱིར། །ཀུན་བྱེད་ང་ནི་ཀུན་གྱི་ལ་བཟླའོ། །ང་མ་ཤེས་པས་སྒྲིབ་པའི་ངོ་བོར་བཤད། །ང་ལས་གཞན་བཙལ་གོལ་ས་བྱུང་བ་ཡིན། །ལས་དང་ཤེས་བྱ་རྣམ་པ་གཉིས་སུ་བསྟན། །མ་མཐོང་བ་ནི་ལས་ཀྱི་སྒྲིབ་པ་ཡིན། །མ་ཤེས་པ་ནི་ཤེས་བྱའི་སྒྲིབ་པ་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །སྙིང་པོ་བྱང་ཆུབ་སེམས་ཀྱི་ངོ་བོ་བས། །མ་རིག་མ་ཤེས་སྒྲིབ་གཉིས་ངོ་བོར་བཤད། །བཙལ་ཞིང་བསྒྲུབ་པ་གོལ་སར་ངས་བཤད་དོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ནི། །རང་ཡིན་གཞན་མིན་དེ་ལ་རང་རྟོག་ན། །དེ་ནི་རང་ལ་རང་གིས་བསྒྲིབས་པ་སྟེ། །རང་གི་རང་བཞིན་དེ་ཡིས་ཤེས་པ་མིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །སེམས་དཔའ་ཉིད་ཡིན་ཉིད་ལས་གཞན་མིན་གྱིས། །མི་རྟོག་མཉམ་པ་ཉིད་དུ་བདེ་བར་མནོས། །དེ་ལ་བདེ་བའི་དོན་ནི་འདི་ལྟ་སྟེ། །རང་བཞིན་ཆེན་པོ་བཅུ་ལ་རྩོལ་མི་དགོས། །རང་བཞིན་ཆེན་པོ་བཅུ་ལ་མ་བཙལ་བས། །གོལ་ས་སྒྲིབ་པ་དྲུག་དྲུག་བཅུ་པོ་ཡི། །སུམ་བརྒྱ་དྲུག་ཅུ་གོལ་སྒྲིབ་མཐའ་ཡས་མེད། །ཀྱེ་སེམས་དཔའ་ཆེན་པོ། ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །རང་གི་སྙིང་པོ་བྱང་ཆུབ་མངོན་བྱུང་གིས། །འདི་མ་ཡིན་གྱི་ཆོས་ནི་གཞན་མ་བཤད། །འདི་ལ་མ་རྟོག་ཤིག་པར་ང་ལུང་སྟོན། །སེམས་དཔའ་ཁྱོད་ཀྱིས་འཁོར་གྱི་ཚོགས་རྣམས་ལ། །ངས་བསྟན་བཞིན་དུ་ཚོགས་ལ་ལུང་སྟོན་ཅིག །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་གོལ་སྒྲིབ་སྐྱོན་སེལ་གྱི་ལེའུ་སྟེ་དགུ་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ཉིད་ཀྱི་རང་བཞིན་ཕུན་སུམ་ཚོགས་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཀུན་བྱེད་ང་ལ་ཐམས་ཅད་ཚོགས་པའི་ཕྱིར། །དེ་ཕྱིར་ཕུན་སུམ་ཚོགས་ཞེས་བྱ་བར་བཤད། །ཀུན་བྱེད་ང་ཡི་རང་བཞིན་རྣམ་གསུམ་ལས། །སྟོན་པ་བསྟན་པ་འཁོར་རྣམས་བྱུང་བའི་ཕྱིར། །ཀུན་བྱེད་ཅེས་ནི་དེ་ལ་བཏགས་པ་ཡིན། །དང་པོར་སྟོན་པ་ཕུན་སུམ་ཚོགས་པ་ནི། །ཀུན་བྱེད་ང་ཡི་རང་བྱུང་ཡེ་ཤེས་ལས། །རང་བཞིན་རྣམ་པ་གསུམ་དུ་བྱུང་བ་དེ། །སྐུ་གསུམ་སྟོན་པ་གསུམ་དུ་བསྟན་པ་ཡིན། །ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པ་དང་། །སྤྲུལ་པའི་སྐུ་དང་རྣམ་པ་གསུམ་དུ་བསྟན། །སྐུ་གསུམ་དེ་ཡི་རང་བཞིན་བསྟན་པ་ནི། །ཆོས་ཀྱི་སྐུ་ཡི་རང་བཞིན་བསྟན་པ་ནི། །མ་སྐྱེས་གཟུང་འཛིན་བྲལ་བའི་རང་བཞིན་བཞུགས། །ལོངས་སྤྱོད་རྫོགས་པའི་སྐུ་ཡི་རང་བཞིན་ནི། །ཇི་ལྟར་འདོད་པའི་ལོངས་སྤྱོད་རྫོགས་པར་བཞུགས། །སྤྲུལ་པའི་སྐུ་ཡི་རང་བཞིན་བསྟན་པ་ནི། །ཇི་ལྟར་འདུལ་བའི་སྐུ་རུ་སྤྲུལ་ནས་བཞུགས། །སྐུ་གསུམ་སྟོན་པ་དེ་ཡི་བསྟན་པ་ནི། །ཕྱི་ནང་གསང་བ་རྣམ་པ་གསུམ་དུ་བསྟན། །སྟོན་པ་ཆོས་སྐུའི་བསྟན་པ་འདི་ལྟ་སྟེ། །གསང་བ་གསུམ་གྱི་རང་བཞིན་བསྟན་པ་སྟེ། །གཞི་མ་ཆོས་ཉིད་དག་གི་རང་བཞིན་ལས། །གསང་བ་བསྐྱེད་དང་གསང་བ་རྫོགས་པ་དང་། །གསང་བ་རྫོགས་པ་ཆེན་པོའི་རང་བཞིན་གསུམ། །ཀུན་གྱི་སྤྱོད་ཡུལ་མ་ཡིན་གསང་བར་བཤད། །མེད་པའི་རིམ་པ་གསུམ་སྐྱེད་གསང་སྟོན་པ། །དེ་ནི་གསང་བ་བསྐྱེད་པ་ཞེས་སུ་བཤད། །གསང་བ་རྫོགས་པ་ཞེས་སུ་བསྟན་པ་ནི། །ནང་གི་ཤེས་རབ་ཏིང་འཛིན་གསུམ་མི་རྟོགས། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ལ། །ནང་གི་ཏིང་འཛིན་ཤེས་རབ་སྙིང་པོ་བརྗོད། །རང་རྒྱུད་དག་པ་ཡེ་ནས་ལྷར་བྱས་ནས། །རང་གི་ལུས་ཀྱི་རྡོ་རྗེ་སྐྱེ་མཆེད་རྣམས། །ལྟ་སྤྱོད་བླང་དོར་གཉིས་མེད་བདག་ཉིད་འདོད། །དེ་ནི་ནང་གི་གསང་བ་རྫོགས་པར་བཤད། །གསང་བ་རྫོགས་པ་ཆེན་པོ་བསྟན་པ་ནི། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ནི། །ཏིང་འཛིན་གསུམ་གྱིས་བྱང་ཆུབ་སེམས་མ་བསྐྱེད། །སྙིང་པོ་ཡིག་འབྲུ་བརྗོད་ནས་རྫོགས་མ་བྱས། །ཀུན་བྱེད་ང་ནི་རྫོགས་པ་ཆེན་པོ་སྟེ། །ང་ལ་མ་རྫོགས་པ་ནི་གང་ཡང་མེད། །ང་ཡི་རང་བཞིན་རྣམ་གསུམ་བསྟན་པ་ནི། །རྫོགས་ཆེན་བྱང་ཆུབ་སེམས་གསུམ་བསྟན་པ་ཡིན། །དེ་ནི་གསང་བ་རྫོགས་པ་ཆེན་པོར་བཤད། །དེ་ནི་སྟོན་པ་ཆོས་སྐུའི་བསྟན་པར་བཤད། །སྟོན་པ་ལོངས་སྤྱོད་རྫོགས་པའི་བསྟན་པ་ནི། །བྱ་བ་བྱེད་པའི་ཕྱི་པ་སྡེ་གསུམ་སྟེ། །བྱ་བ་བྱེད་པའི་རྟོག་ཅན་སྡེ་པ་ནི། །དང་པོར་རྣམ་པར་མི་རྟོག་ཏིང་འཛིན་གྱིས། །ཕྱི་ནང་རྟོག་པ་དག་པ་གསུམ་བསྒོམས་པས། །རྟོག་པའི་གཟའ་སྐར་དུས་ཚོད་སྒོ་ནས་འཇུག །བྱང་ཆུབ་དང་ནི་ཆོ་འཕྲུལ་སྣ་ཚོགས་ཀྱིས། །བདག་དང་ཡེ་ཤེས་ལྷ་ནི་རྗེ་ཁོལ་ཚུལ། །དག་པ་གསུམ་གྱི་མཆོད་པ་དེ་བྱས་ནས། །མེད་པར་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འདོད། །དོན་དམ་ཀུན་རྫོབ་གཉིས་ཀ་སྒྱུ་མར་བཤད། །ལྟ་བ་སྤྱོད་པ་གཉིས་སུ་འབྱེད་པ་ཡི། །གཉིས་ལ་བརྟེན་ནས་དོན་གཅིག་སྒྲུབ་བྱེད་པ། །ཡོད་པའི་སྤྱོད་པས་མེད་པའི་དོན་སྒྲུབ་པས། །རྟེན་མེད་མཁའ་ལ་སྤྱང་མོ་ཉུག་པ་འདྲ། །བླང་དོར་བྱེད་པའི་ཕྱི་པའི་གསང་བ་ནི། །མི་རྟོག་ཏིང་འཛིན་བྱིན་རླབས་ཆོ་འཕྲུལ་གྱིས། །ཐམས་ཅད་བྱིན་རླབས་ཡེ་ཤེས་སེམས་དཔར་བྱས། །མཆོད་པ་ཕྱི་ནང་གསང་བ་གསུམ་མཆོད་ནས། །སྐུ་གསུང་ཐུགས་དང་ཕྱག་རྒྱ་བཞི་ལྡན་པའི། །ཇི་ལྟར་འདོད་པའི་དངོས་གྲུབ་ཐོབ་རེ་བ། །ཆགས་མེད་རེ་བ་འཇོག་པའི་ཏིང་འཛིན་འདི། །ལྟ་སྤྱོད་བླང་དོར་བྱེད་པས་གྲུབ་པ་མེད། །ལོངས་སྤྱོད་རྫོགས་པའི་སྐུ་ཡི་བསྟན་པར་བཤད། །སྟོན་པ་སྤྲུལ་པའི་སྐུ་ཡི་བསྟན་པ་ནི། །ཉན་ཐོས་རང་རྒྱལ་ཐེག་ཆེན་མདོ་སྡེ་གསུམ། །ཕྱི་ཞེས་མཚན་ཉིད་ཕྱི་པ་ཞེས་སུ་བཤད། །ཀུན་བྱེད་ང་ཡི་ངོ་བོ་འདོད་ཡོན་ལྔ། །ཡེ་ཤེས་ལྔ་ཡི་ངོ་བོར་ཕྱུང་བ་ལ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ་བྱུང་སྟེ། །དེ་འདུལ་བ་ཡི་གཉེན་པོར་གསུངས་པ་ནི། །ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་སྟེ། །འདོད་པའི་ཡོན་ཏན་རྣམ་པ་ལྔ་བྱུང་བ། །གཟུགས་དང་སྒྲ་དང་དྲི་དང་རོ་རེག་ལས། །འདོད་ཆགས་ཞེ་སྡང་གཏི་མུག་རྣམ་གསུམ་བྱུང་། །དེ་དག་འདུལ་བའི་གཉེན་པོར་སྡེ་སྣོད་གསུམ། །འདོད་ཆགས་འདུལ་བའི་གཉེན་པོར་གསུངས་པ་ནི། །འདུལ་བ་ཉི་ཁྲི་ཆིག་སྟོང་གསུངས་པ་ཡིན། །གཏི་མུག་འདུལ་བའི་གཉེན་པོར་གསུངས་པ་ནི། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཞེ་སྡང་འདུལ་བའི་གཉེན་པོར་གསུངས་པ་ནི། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །དུག་གསུམ་ཆ་མཉམ་འདུལ་བའི་གཉེན་པོ་རུ། །སྡེ་སྣོད་གསུམ་པ་ཉི་ཁྲི་ཆིག་སྟོང་གསུངས། །སྤྱི་རུ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡང་། །དུག་གསུམ་གཉེན་པོས་འདུལ་ཕྱིར་གསུངས་པ་ཡིན། །མཚན་ཉིད་རྒྱུ་ཡི་ཐེག་པ་རྣམ་གསུམ་སྟེ། །སྒོ་ནི་མདོ་སྡེ་འདུལ་བ་མངོན་པ་གསུམ། །དེ་ནི་བསྡུས་པའི་དོན་ཞེས་བསྟན་པ་ཡིན། །མདོ་སྡེ་ལ་ཡང་བཤད་ལུགས་བཅུ་དང་གཉིས། །སོ་སོར་དབྱེ་བའི་དོན་དུ་བསྟན་པ་ཡིན། །དུག་གསུམ་རྒྱུ་ལས་འབྲས་བུ་ངན་སོང་གསུམ། །སེམས་ཅན་རྒྱུ་ལ་ལས་སྤྱོད་དགེ་སྡིག་གཉིས། །འབྲས་བུ་མཐོ་རིས་ངན་སོང་རྣམ་གཉིས་སོ། །མཚན་ཉིད་རྒྱུ་ལས་རབ་ཏུ་བསྒྲགས་པ་ཡིན། །འདི་ནི་སྔར་གསུངས་ད་གསུང་ཕྱིས་གསུང་འགྱུར། །འདི་དོན་བརྗོད་དུ་མེད་པའི་དོན་འདི་ནི། །སྔ་མ་མ་གསུངས་ད་ལྟར་མི་གསུང་སྟེ། །སྤྲུལ་པའི་སྐུ་ཡིས་ཕྱིས་ཀྱང་གསུང་མི་འགྱུར། །དེ་བས་སྤྲུལ་པའི་སྐུ་ཡི་བསྟན་པར་བཤད། །ཀྱེ་སེམས་དཔའ་ཆེན་པོ། ཀུན་བྱེད་ང་ཡི་རང་བཞིན་རྣམ་གསུམ་ལ། །འཁོར་གྱི་དང་པོ་སྟོན་པ་སྐུ་གསུམ་ཤར། །སྐུ་གསུམ་སྟོན་པ་གསུམ་གྱི་འཁོར་བསྟན་པ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །སྟོན་པ་ཆོས་ཀྱི་སྐུ་ཡི་འཁོར་བསྟན་པ། །ང་ཡིས་བྱས་པའི་འཁོར་ནི་ཐམས་ཅད་ཀུན། །ང་ཡི་རང་བཞིན་ཆོས་ཀྱི་སྐུ་འཁོར་ཡིན། །སངས་རྒྱས་སེམས་ཅན་སྣང་སྲིད་སྣོད་བཅུད་ཀུན། །ཆོས་ཀྱི་སྐུ་ཡི་འཁོར་དུ་མ་འདུས་མེད། །ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་ཡི་འཁོར་བསྟན་པ། །མོས་སྤྱོད་བཞི་ཡི་ས་ལ་འདས་པ་ཡིན། །དང་པོ་རབ་ཏུ་དགའ་བའི་ས་མནན་ནས། །ས་བཅུ་ཆོས་ཀྱི་སྤྲིན་གྱི་ས་པ་རྣམས། །དེ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡི་འཁོར་དུ་བསྟན། །སྟོན་པ་སྤྲུལ་པའི་སྐུ་ཡི་འཁོར་བསྟན་པ། །མུ་སྟེགས་མུར་ཐུག་རྒྱང་འཕེན་ཕྱལ་པ་བཞི། །བླ་མེད་བྱང་ཆུབ་ལམ་ལ་གཏན་གོལ་བས། །དབང་པོ་སེམས་བསྒྱུར་ཐུགས་རྗེ་བྱིན་བརླབས་ནས། །དགེ་སློང་ཕོ་མོ་དགེ་བསྙེན་ཕོ་མོ་བཞི། །སྟོན་པ་སྤྲུལ་པའི་སྐུ་ཡི་འཁོར་དུ་བསྟན། །ཞེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱི། །སྐུ་གསུམ་སོ་སོ་རང་རེ་གནས་བསྟན་པ། །སྟོན་པ་ཆོས་སྐུའི་གནས་ནི་འདི་ལྟ་སྟེ། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་སྟེ། །ཡང་དག་དོན་གྱི་འོག་མིན་དེ་རུ་བཤད། །སྟོན་པ་ལོངས་སྤྱོད་རྫོགས་པའི་གནས་བསྟན་པ། །འཇིག་རྟེན་མཚན་མ་ཀུན་གྱི་སྟེང་གྱུར་པ། །གནས་ཀྱི་འོག་མིན་ཁང་བུ་བརྩེགས་པ་ཡི། །གཞལ་ཡས་ཁང་དེ་གནས་ཀྱི་འོག་མིན་བཤད། །སྟོན་པ་སྤྲུལ་པའི་སྐུ་ཡི་གནས་བསྟན་པ། །སྤྲུལ་པའི་སྐུ་ནི་རབས་བདུན་ཤཱཀྱ་ཐུབ། །གནས་ནི་བྱ་རྒོད་ཕུང་པོའི་གནས་བསྟན་ཏེ། །ཡང་དག་ཐུགས་རྗེ་སྤྲུལ་པ་ངེས་མེད་གནས། །ཞེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ང་ལས་བྱུང་བའི་སྐུ་གསུམ་སྟོན་པ་ཡི། །འདུལ་བའི་ཞིང་ཁམས་ཁྱད་པར་བསྟན་པ་ནི། །ཆོས་སྐུ་སྟོན་པའི་འདུལ་བའི་ཞིང་ཁམས་ནི། །ཆོས་ཀྱི་དབྱིངས་ཀྱི་མཐའ་ཡས་ཀླས་པ་དང་། །ནམ་མཁའི་ཁམས་ཀྱིས་ཇི་ལྟར་ཁྱབ་པ་དེ། །ཆོས་ཀྱི་སྐུ་ཡི་འདུལ་བའི་ཞིང་ཁམས་ཡིན། །ལོངས་སྤྱོད་རྫོགས་སྐུའི་འདུལ་བའི་ཞིང་ཁམས་ནི། །ང་ལས་བྱུང་བའི་གཟུགས་སྒྲ་དྲི་རོ་རེག །ཇི་ལྟར་འདོད་པའི་ལོངས་སྤྱོད་རྫོགས་པས་འདུལ། །སྤྲུལ་པའི་སྐུ་ཡི་འདུལ་བའི་ཞིང་ཁམས་ནི། །འཛམ་བུའི་གླིང་ནི་བྱེ་བ་ཕྲག་བརྒྱ་ལས། །རང་བྱུང་ཡེ་ཤེས་ཐུགས་རྗེས་རྒྱུད་དྲུག་འདུལ། །དེ་ནི་མཐུན་པའི་བྱེ་བྲག་བསྟན་པ་ཡིན། །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་དེ། །རྒྱུ་མཐུན་འབྲས་བུ་མཐུན་ལ་རང་བཞིན་གཅིག །རྒྱུ་ནི་བྱང་ཆུབ་སེམས་སུ་ཀུན་མཐུན་ལ། །འབྲས་བུ་སངས་རྒྱས་ཡིན་པར་ཀུན་ཀྱང་མཐུན། །རང་བཞིན་ཆོས་ཉིད་ངོ་བོ་གཅིག་པར་བསྟན། །འདུལ་བའི་དུས་ལ་སྔ་ཕྱི་ཕྱེ་བ་མེད། །ཅེས་གསུངས་སོ། །ཀྱེ། སེམས་དཔའ་ཆེན་པོ་ཡང་ཉོན་ཅིག །ཀུན་བྱེད་རྒྱལ་པོ་ང་ལས་བྱུང་བ་ཡི། །སྐུ་གསུམ་སྟོན་པ་དེ་ཡི་བཤད་ལུགས་ནི། །སྟོན་པ་ཆོས་སྐུས་བྱིན་གྱིས་བརླབས་ཀྱིས་བཤད། །ལོངས་སྤྱོད་རྫོགས་པ་རང་གི་ངོ་བོས་བཤད། །སྤྲུལ་པའི་སྐུ་ནི་ཚིག་དང་དོན་བསྡེབས་ནས། །གང་ཟག་རྣ་བའི་དབང་པོར་ཚིག་དོན་སྟོན། །ཆོས་སྐུ་བྱིན་གྱིས་བརླབས་ཀྱིས་བཤད་པ་ནི། །ཀུན་བྱེད་ང་ཡི་རང་བཞིན་བསྟན་པ་སྟེ། །སྐྱེ་བ་མེད་ལས་སྐྱེ་བའི་ཆོ་འཕྲུལ་དུ། །ཇི་ལྟར་སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན། །ངོ་བོ་ཐུགས་རྗེ་ཆོ་འཕྲུལ་ཕྱུང་བ་སྟེ། །རང་བཞིན་བྱིན་གྱིས་བརླབས་ཀྱིས་བཤད་ཅེས་བྱ། །ལོངས་སྤྱོད་རྫོགས་སྐུ་རང་གི་ངོ་བོ་སྟོན། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །གཟུགས་སྒྲ་དྲི་རོ་རེག་ལ་སོགས་པ་ཡི། །འདོད་པའི་ལོངས་སྤྱོད་ཐམས་ཅད་རྫོགས་པར་སྟོན། །རང་གི་ངོ་བོས་བཤད་ཅེས་ང་ཡིས་བསྟན། །སྤྲུལ་སྐུས་ཚིག་དང་ཡི་གེས་བསྡེབས་བཤད་པ། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །སྟོན་པའི་ངོ་བོར་སྟོན་པས་མ་རིག་སྟེ། །བསྟན་པ་ཞེས་པའི་ཁྱད་པར་འདོད་སྤྲུལ་པས། །དོན་རྣམས་ཚིག་དང་ཡི་གེར་སྒྲ་བརྗོད་པས། །ཚིག་གི་སྒྲ་དེས་དོན་དེ་གོ་བྱས་ནས། །དོན་དེ་ཚིག་སྒྲ་དེ་ཡིས་བཤད་པ་ཡིན། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཀུན་བྱེད་ང་ནི་སྐུ་གསུམ་ངོ་བོ་སྟེ། །མི་རྟོག་མཉམ་པ་ཉིད་དུ་གནས་པ་དེ། །སྤྲོས་བྲལ་ཆོས་ཀྱི་སྐུ་ཡི་ངོ་བོ་ཡིན། །རང་བཞིན་འབྱུང་བའི་སྐྱེ་བའི་ཆོ་འཕྲུལ་དེ། །འདོད་པ་འབྱུང་བའི་ལོངས་སྤྱོད་རྫོགས་སྐུ་ཡིན། །ཐུགས་རྗེས་ཇི་ལྟར་འདུལ་བའི་དོན་མཛད་པ། །དེ་ནི་སྤྲུལ་པའི་སྐུ་ཡི་ངོ་བོ་ཡིན། །ཀུན་བྱེད་རྒྱལ་པོའི་རང་བཞིན་རྣམ་གསུམ་གྱིས། །གང་ལ་གང་གིས་འདུལ་བའི་སྐུར་སྟོན་མཛད། །བསྟན་པའི་རང་བཞིན་བརྗོད་དུ་མེད་པའི་དོན། །གང་ལ་གང་འཚམས་དེ་ཡིས་དོན་མཛད་པ། །དེ་ནི་བསྟན་པ་ཕུན་སུམ་ཚོགས་པར་གསུངས། །འཁོར་གྱི་རང་བཞིན་གང་ལ་གང་འདུས་ནས། །དེ་ལ་འདུས་ནས་དེ་ཡི་གདུང་འཚོབ་འཛིན། །དེ་ལ་ཕུན་སུམ་ཚོགས་པའི་འཁོར་ཞེས་བྱ། །ང་ནི་སྟོན་པ་ཀུན་བྱེད་བྱང་ཆུབ་སེམས། །ཀུན་བྱེད་གཅིག་ལ་རྣམ་པ་གསུམ་བགྲངས་པ། །ཀུན་བྱེད་ང་དང་ང་ཡི་རང་བཞིན་དང་། །ང་ཡིས་བྱས་པའི་ཆོས་དང་རྣམ་པ་གསུམ། །ང་ནི་སྟོན་པ་ཀུན་བྱེད་ཀུན་གྱི་མེས། །ང་ཡི་རང་བཞིན་རྣམ་པ་བཅུར་བསྟན་པ། །དེ་ནི་བསྟན་པ་ཀུན་གྱི་སྙིང་པོར་བཤད། །ཀུན་བྱེད་ང་ཡིས་བྱས་པའི་ཆོས་རྣམས་ནི། །དུས་གསུམ་གཅིག་ན་བཞུགས་པའི་སངས་རྒྱས་དང་། །ཁམས་གསུམ་གནས་པའི་འགྲོ་བ་ཐམས་ཅད་ཀུན། །དབྱེ་བ་མེད་པར་འཁོར་གྱི་དམ་པར་བྱས། །ཀུན་བྱེད་གཅིག་གིས་ཕུན་སུམ་ཚོགས་བྱས་པས། །སེམས་ཀྱི་དགོས་པ་ཀུན་བྱས་ཕུན་སུམ་ཚོགས། །གང་ལ་གང་དགོས་དགོས་པ་ཚོགས་པ་ལ། །ཀུན་བྱེད་ང་ཡིས་ཕུན་སུམ་ཚོགས་པར་བཤད། །སྟོན་པའི་རང་བཞིན་རྣམ་པ་གསུམ་བསྟན་པ། །འཁོར་གྱི་དང་པོ་སྟོན་པ་སྐུ་གསུམ་ཤར། །མ་སྐྱེས་གཟུང་འཛིན་བྲལ་བའི་རང་བཞིན་དེ། །འཁོར་གྱི་དང་པོ་སྟོན་པ་ཆོས་སྐུར་ཤར། །སྐྱེ་བའི་ཆོ་འཕྲུལ་ཀུན་བཟང་རོལ་པ་དེ། །འདོད་སྤྱོད་ལོངས་སྤྱོད་རྫོགས་པའི་སྐུ་རུ་ཤར། །སྣ་ཚོགས་ཇི་ལྟར་འདོད་པ་བྱུང་ནས་ནི། །དེ་དང་མཐུན་པར་ཀུན་ཀྱང་ཚིམ་བྱེད་པ། །དེ་ནི་སྣ་ཚོགས་སྤྲུལ་སྐུ་ཞེས་སུ་བཤད། །སྐུ་གསུམ་སྟོན་པ་གྲགས་ཕྱོགས་མཐོང་བ་ནི། །སངས་རྒྱས་བྱང་ཆུབ་སེམས་དཔའ་བཟོད་ཐོབ་གསུམ། །གང་འཐད་སྟོན་པའི་སྐུ་ལ་དེ་འདུས་ནས། །དེ་དང་མཐུན་པའི་གནས་སུ་དོན་སྟོན་བཞུགས། །བསྟན་པའི་རང་བཞིན་ཡང་ནི་དེ་འདྲ་སྟེ། །སྐུ་གསུམ་གང་གིས་འཁོར་ལ་གང་སྟོན་པ། །གང་ལ་གང་གིས་འདུལ་བའི་དོན་རྣམས་ཀྱིས། །སངས་རྒྱས་ལྷ་མི་འཇིག་རྟེན་ལས་དག་ལ། །བསྟན་པས་འདུལ་ཕྱིར་ཕུན་སུམ་ཚོགས་ཞེས་བཤད། །མི་གནས་ཆོས་སྐུ་དབྱིངས་ན་བཞུགས་པ་ཡིས། །དུས་གསུམ་སངས་རྒྱས་ཁམས་གསུམ་སེམས་ཅན་ལ། །སྤྲོས་མེད་བྱང་ཆུབ་སེམས་ནི་ཆོས་སྐུས་བསྟན། །ཡེ་ཤེས་ལོངས་སྤྱོད་འོག་མིན་བཞུགས་པ་ཡིས། །ས་བཅུ་པ་ཡི་བྱང་ཆུབ་སེམས་དཔའ་ལ། །བྱང་ཆུབ་སེམས་དེ་སྐུ་དང་ཡེ་ཤེས་བཤད། །ཐུགས་རྗེ་སྣ་ཚོགས་ངེས་མེད་སྤྲུལ་པ་ཡིས། །བཟོད་ཐོབ་གང་ན་འདུས་པའི་འཁོར་དེ་ལ། །མ་ངེས་གང་གིས་འདུལ་བའི་དོན་ཡང་བསྟན། །སྨོན་ལམ་ལས་བཟང་རྐྱེན་གྱིས་བར་མ་ཆོད། །ང་ཡི་ཐུགས་རྗེ་སེམས་དཔའི་དུས་ལ་བབ། །ངས་བསྟན་འཁོར་གྱི་ནང་ནས་ཁྱོད་སྡུད་དང་། །གཉིས་མེད་དོན་ཉིད་ང་ཡིིས་བསྟན་པ་གསུམ། །ཚོགས་པས་དུས་གནས་རང་བཞིན་དེ་ལ་ཚང་། །ཕུན་སུམ་ཚོགས་པ་རྣམ་པ་གསུམ་པོ་དེ། །ཡེ་ནས་དཀོན་པའི་དཀོན་མཆོག་གསུམ་དུ་བསྟན། །ཀུན་བྱེད་ང་ཡི་སྐུ་གསུང་ཐུགས་སུ་བཤད། །སྟོན་པ་དཀོན་པའི་སངས་རྒྱས་དཀོན་མཆོག་ནི། །ཆོས་སྐུ་ལོངས་སྤྱོད་སྐུ་དང་སྤྲུལ་སྐུ་སྟེ། །བསྟན་པ་དམ་ཆོས་དཀོན་པའི་གསུང་མཆོག་ནི། །བརྗོད་དུ་མེད་པའི་ཀུན་བྱེད་གསུང་མཆོག་གསུམ། །འཁོར་གྱི་དགེ་འདུན་ཐུགས་མཆོག་དེ་ལ་ནི། །གང་ལ་གང་དགོས་གང་འཚམས་སྟོན་པར་བྱེད། །ང་ནི་སྟོན་པ་ཀུན་བྱེད་བྱང་ཆུབ་སེམས། །སྐུ་གསུམ་བྱེད་པའི་སྟོན་པ་ངས་བྱས་ནས། །བསྟན་པ་དམ་ཆོས་གསུམ་དུ་བཀོད་པ་ནི། །ཕྱི་དང་ནང་དང་གསང་བ་གསུམ་དུ་བཀོད། །དེ་ལ་རྣམ་པ་གསུམ་གསུམ་དགུར་གྲགས་པ། །སྤྲུལ་སྐུ་ཐུགས་རྗེས་ཇི་ལྟར་འདུལ་གསུམ་བསྒྲགས། །ལོངས་སྤྱོད་བྱ་བྱེད་ཕྱི་ནང་གསུམ་དུ་སྒྲོགས། །ཆོས་སྐུ་གསང་བའི་མངོན་པ་གསུམ་སྒྲོགས་པ། །ཕྱི་དང་ནང་དང་གསང་བ་གསུམ་པོ་དེ། །ལུས་དང་ངག་དང་ཡིད་དང་སྐུ་གསུང་ཐུགས། །དེ་ལས་འཕྲོས་པས་རྣམ་པ་དགུར་བྱུང་བ། །ལ་དགུ་ལུང་དགུ་ལམ་དགུ་བགྲོད་པ་ཡིས། །ཐེག་གཅིག་ཀུན་བྱེད་བྱང་ཆུབ་ས་ལ་བགྲོད། །ཀུན་བྱེད་བྱ་བྱེད་མེད་པར་རྩོལ་སྒྲུབ་འདས། །བགྲོད་པ་མེད་པར་བྱང་ཆུབ་ས་ལ་ཕྱིན། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ཕུན་སུམ་ཚོགས་པ་ཤིན་ཏུ་དཀོན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ཆོས་ཐམས་ཅད་ཀྱི་རྩ་བ་བསྡུས་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཆོས་ཐམས་ཅད་ཀྱི་རང་བཞིན་དང་རྩ་བ་ནི་འདི་ལྟ་སྟེ། ང་ནི་ཆོས་ཀུན་རང་བཞིན་ཡིན་པ་སྟེ། །ང་ཡི་རང་བཞིན་ལས་ནི་ཆོས་གཞན་མེད། །སྟོན་པ་སྐུ་གསུམ་ང་ཡི་རང་བཞིན་ཡིན། །དུས་གསུམ་སངས་རྒྱས་ང་ཡི་རང་བཞིན་ཡིན། །བྱང་ཆུབ་སེམས་དཔའ་ང་ཡི་རང་བཞིན་ཡིན། །རྣལ་འབྱོར་རྣམ་བཞི་ང་ཡི་རང་བཞིན་ཡིན། །འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་གསུམ་ཡང་། །ཀུན་བྱེད་ང་ཡི་རང་བཞིན་བསྟན་པ་ཡིན། །འབྱུང་ཆེན་ལྔ་ཡང་ང་ཡི་རང་བཞིན་ཡིན། །རྒྱུད་དྲུག་སེམས་ཅན་ང་ཡི་རང་བཞིན་ཡིན། །སྣང་བ་ཐམས་ཅད་ང་ཡི་རང་བཞིན་ཡིན། །སྲིད་པ་ཐམས་ཅད་ང་ཡི་རང་བཞིན་ཡིན། །སྣོད་བཅུད་བསྡུས་པ་ང་ཡི་རང་བཞིན་ཡིན། །ང་ཡི་རང་བཞིན་ལས་ནི་གཞན་མེད་པས། །ཆོས་རྣམས་ཀུན་གྱི་རྩ་བ་ང་ལ་འདུས། །ང་ལས་མ་འདུས་པ་ནི་གཅིག་ཀྱང་མེད། །མ་སྐྱེས་པ་དང་སྐྱེ་བའི་ཆོ་འཕྲུལ་དང་། །ཐུགས་རྗེའི་རང་བཞིན་རྣམ་པ་གསུམ་བྱུང་བ། །དེ་ནི་སྟོན་པ་གསུམ་གྱི་རང་བཞིན་ཡིན། །སྔ་བ་ད་ལྟ་ཕྱི་མ་དུས་གསུམ་ཡང་། །ང་ཉིད་གཅིག་ཏུ་གནས་པའི་རང་བཞིན་ལས། །སངས་རྒྱས་ཐམས་ཅད་གཅིག་ཏུ་གནས་པའི་ཕྱིར། །དེ་ཡང་ང་ཡི་རང་བཞིན་བསྟན་པ་ཡིན། །ང་ཉིད་གཟུང་འཛིན་བྲལ་བས་བྱང་བ་དང་། །ནམ་མཁའ་བཞིན་དུ་ཀུན་ལ་ཁྱབ་པ་དང་། །ཆོས་རྣམས་ཀུན་གྱི་སྙིང་པོ་བྱེད་པའི་ཕྱིར། །བྱང་ཆུབ་སེམས་ཀྱང་ང་ཡི་རང་བཞིན་ཡིན། །ཀུན་བྱེད་ང་ནི་གཅིག་ཏུ་གནས་པ་ལ། །ང་ཡི་རང་བཞིན་དེ་བཞིན་རྣལ་མ་ལ། །རྣམ་བཞི་འབྱོར་པ་རྣལ་མ་གཅིག་ཏུ་འབྱོར། །དེས་ན་ང་ཡི་རང་བཞིན་ཡིན་པར་བཤད། །ཀུན་བྱེད་ང་ཡི་ལུས་ངག་ཡིད་གསུམ་ལས། །འབྱུང་ཡང་ང་ཡི་རང་བཞིན་དེ་ལས་འབྱུང་། །འདུས་ཀྱང་ང་ཡི་རང་བཞིན་དེ་ལ་འདུས། །ཡིན་ཡང་ང་ཡི་ངོ་བོ་དེ་ཡིན་པས། །ཁམས་གསུམ་ང་ཡི་རང་བཞིན་ཡིན་པར་བཤད། །ཀུན་བྱེད་ང་ཡི་རང་བཞིན་རྣམ་ལྔ་ནི། །ང་ཡི་ངོ་བོ་རྣམ་ལྔ་ཕྱུང་བ་སྟེ། །ནམ་མཁའ་རླུང་ཆུ་ས་མེ་སྣང་བ་ལྔ། །ཀུན་བྱེད་ང་ཡི་རང་བཞིན་བསྟན་པ་ཡིན། །ཀུན་བྱེད་ང་ཡི་ཐུགས་རྗེས་མངོན་ཕྱུང་ནས། །རང་བྱུང་ཡེ་ཤེས་རྣམ་ལྔ་བསྟན་པ་ནི། །འགྲོ་བ་རིགས་དྲུག་སེམས་ཅན་སྣང་བ་ཡང་། །ཀུན་བྱེད་ང་ཡི་རང་བཞིན་བསྟན་པ་ཡིན། །ཀུན་བྱེད་རྒྱལ་པོ་ང་ཡི་རང་བཞིན་ལས། །སྣང་སྲིད་སྣོད་བཅུད་བསྡུས་པ་ཐམས་ཅད་ཀུན། །ཐམས་ཅད་ངས་བྱས་ང་ལས་བྱུང་བའི་ཕྱིར། །ངར་མ་འདུས་པའི་ཆོས་ནི་གཅིག་ཀྱང་མེད། །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་ཡང་། །ཀུན་བྱེད་ང་ཡི་རང་བཞིན་རྣམ་གསུམ་སྟོན། །སྔ་བ་ད་ལྟ་ཕྱི་མ་དུས་གསུམ་གྱི། །རྣམ་གསུམ་གཅིག་ཏུ་གནས་པའི་སངས་རྒྱས་ཀྱང་། །སྔ་ཕྱི་མེད་པར་ཀུན་བྱེད་རང་བཞིན་གནས། །གཟུང་འཛིན་བྲལ་བའི་བྱང་ཆུབ་སེམས་དཔའ་ཡང་། །ཀུན་བྱེད་ང་ཡི་རང་བཞིན་སེམས་དཔར་བྱེད། །རྣལ་འབྱོར་རྣམ་བཞི་རྣལ་མར་འཇོག་པ་ཡང་། །ཀུན་བྱེད་ང་ལ་རྣལ་དུ་འཇོག་པར་བྱེད། །ཀུན་བྱེད་རྒྱལ་པོས་ཐམས་ཅད་བྱས་པ་བཞིན། །ཐམས་ཅད་ཀུན་བྱེད་རྒྱལ་པོ་ཉིད་དུ་འདུས། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ཆོས་ཐམས་ཅད་ཀྱི་རྩ་བ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ཉིད་ཁོ་ནར་འདུས་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ང་ཡིས་ཆོས་ཐམས་ཅད་ཀྱི་ཁུངས་ཀྱི་མདོ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། ང་ནི་ཀུན་གྱི་ལུང་ཁུངས་ཡིན་པ་སྟེ། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །ཐམས་ཅད་ང་ལས་བྱུང་བར་ཤེས་པར་གྱིས། །ཆོས་ཀྱི་སྤྱི་ཁུངས་ཆེན་པོ་འདི་ཉོན་ལ། །ཆོས་རྣམས་ཐམས་ཅད་འདི་ལྟར་ལུང་སྟོན་ཅིག །ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་ང་ནི། །ལུང་ཆེན་ཀུན་གྱི་རྒྱལ་པོ་ང་ཡིན་པས། །སྟོན་པ་གསུམ་ཡང་དང་པོ་ང་ལས་བྱུང་། །ལུང་ཞེས་བྱ་བ་སྟོན་པའི་བཀའ་ལ་གདགས། །མན་ངག་ཀུན་གྱི་རྩ་བ་ང་ཡིན་པས། །སེམས་ལས་མ་གཏོགས་པ་ཡི་ཆོས་ཉིད་ནི། །དུས་གསུམ་སངས་རྒྱས་ཁམས་གསུམ་སེམས་ཅན་ལ། །ཀུན་བྱེད་ང་ཡིས་ཡང་དག་བསྟན་པ་མེད། །རྒྱུད་དང་མདོ་སྡེ་ཀུན་གྱི་སྤྱི་འགྲེལ་ཡིན། །རྒྱུད་དང་མདོ་སྡེ་སྟོན་པའི་སྟོན་པ་ཡང་། །ཀུན་བྱེད་ང་ཡི་རང་བཞིན་ཕྱུང་བ་ཡིན། །སྟོན་པ་དང་ནི་བསྟན་པ་གཉིས་ཀ་འབྲེལ། །ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་ང་ནི། །བསྟན་པ་ཀུན་གྱི་ཡང་རྩེ་ཡིན་པར་བཤད། །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །བསྟན་པའི་འདུལ་བ་མདོ་སྡེ་མངོན་པ་དང་། །ཏནྟྲ་སོ་སོའི་སྡེ་ནི་འབུམ་སྡེ་དང་། །བསྐྱེད་རྫོགས་གསང་བ་ལ་སོགས་རྩོལ་སྒྲུབ་ཅན། །ཀུན་ཀྱང་རྩོལ་སྒྲུབ་འདས་པ་ང་ལ་བགྲོད། །རྩོལ་སྒྲུབ་ཉིད་ཀྱིས་འདས་པ་ང་མི་མཐོང་། །དེས་ན་བསྟན་པ་ཀུན་གྱིས་ཡང་རྩེ་ཡིན་པར་བཤད། །ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་ང་ནི། །ཐེག་པ་ཀུན་གྱི་ཉིང་ཁུ་ཡིན་པར་བཤད། །སྟོན་པ་གསུམ་གྱི་གནས་པའི་ཐེག་པ་གསུམ། །ངེས་པར་གནས་པ་ཐེག་པ་གཅིག་ལས་མེད། །གཅིག་ནི་ཀུན་ཐེག་བྱང་ཆུབ་སེམས་ཀྱི་ས། །དེ་ནི་ཐེག་པ་ཀུན་གྱི་ཉིང་ཁུར་བཤད། །ཀྱེ། ང་ནི་མ་རིག་པ་ཡི་མུན་བསལ་ནས། །ཡེ་ཤེས་ཆེན་པོའི་སྣང་བ་མཆེད་པར་བྱེད། །དེ་ཡང་ཇི་ལྟ་བུ་ཞེས་བསྟན་ཞེ་ན། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །བྱང་ཆུབ་དེ་བཞིན་ཉིད་དུ་མ་རིག་སྟེ། །མ་རིག་རྟོག་པའི་མུན་པར་འཐིབས་པ་ལ། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །ཀུན་བྱེད་བྱང་ཆུབ་སེམས་ཀྱིས་བྱས་པའི་ཕྱིར། །ཀུན་བྱེད་བྱང་ཆུབ་སེམས་སུ་རིག་བྱས་ནས། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །སོ་སོར་རྟོག་པའི་མུན་པ་བསལ་ནས་ཀྱང་། །རང་བྱུང་ཡེ་ཤེས་ཆེན་པོའི་སྣང་བ་མཆེད། །དེས་ན་མ་རིག་མུན་སེལ་སྣང་བ་མཆེད་ཅེས་བྱ། །ཀྱེ་སེམས་དཔའ་ཆེན་པོ། རྣམ་པར་རྟོག་པའི་དྲྭ་བ་དྲལ་ནས་ནི། །ཉོན་མོངས་པ་ཡི་ཕྲེང་ཐག་གཅོད་པར་བྱེད། །ཇི་ལྟར་སྣང་བའི་ཆོས་འདི་ཐམས་ཅད་ལ། །རྒྱུ་དང་འབྲས་བུའི་ཐེག་པ་ཅན་རྣམས་ཀྱིས། །ལ་ལས་དུག་མཐོང་སྤོང་བའི་རྟོག་པ་བྱེད། །ལ་ལས་སེམས་ཆགས་པ་ཡི་ཡུལ་མཐོང་ནས། །བདེན་གཉིས་མ་ཆགས་པ་ཡི་རྟོག་པ་བྱེད། །ལ་ལས་རྣམ་དག་བྱ་བའི་ཡུལ་མཐོང་ནས། །དག་པ་གསུམ་དང་བྱིན་རླབས་ཆོ་འཕྲུལ་གྱིས། །རྗེ་དང་ཁོལ་གྱི་ཚུལ་དུ་རྟོག་པར་བྱེད། །ལ་ལས་རང་དག་པ་ཡི་རང་བཞིན་ལ། །བསྙེན་སྒྲུབ་རྣམ་བཞིས་སྒྲུབ་འདོད་རྟོག་བྱེད་པ། །ཐམས་ཅད་ཀུན་བྱེད་བྱང་ཆུབ་སེམས་ང་ཡིས། །སེམས་ལས་གཞན་མ་ཡིན་རྟོག་དྲལ་ནས་ནི། །སོ་སོར་རྟོག་པའི་ཉོན་མོངས་ཕྲེང་ཐག་གཅོད། །ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་ང་ནི། །ཁྱོད་ཀྱིས་ང་ཡི་རང་བཞིན་འདི་རྟོགས་ལ། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །ང་ལས་གཞན་མེད་པ་རུ་ལུང་སྟོན་ཅིག །ཁྱོད་ཀྱིས་ང་ཡི་ལུང་འདི་བསྟན་འགྱུར་ན། །ཁྱོད་ལ་འདུས་པའི་འཁོར་ཚོགས་ཐམས་ཅད་ཀྱིས། །ཀུན་བྱེད་ང་ཡི་རང་བཞིན་རྟོགས་གྱུར་ནས། །ཀུན་ཀྱང་ང་ཡི་རང་བཞིན་ཉིད་དུ་འགྱུར། །ཀུན་ཀྱང་ང་ཡི་རང་བཞིན་གྱུར་པ་ན། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ལ། །ཀུན་ཀྱང་སྤོང་འགེགས་བདེན་གཉིས་སྦྱོང་མི་བྱེད། །གཙང་སྦྲས་དག་གསུམ་བྱིན་གྱིས་རློབས་མི་བྱེད། །ཏིང་འཛིན་སེམས་བསྐྱེད་རྩོལ་དང་སྒྲུབ་མི་བྱེད། །ཐམས་ཅད་ཀུན་བྱེད་ང་རུ་བྱས་ཟིན་པས། །ཀུན་བྱེད་ང་རུ་ཐམས་ཅད་མཉམ་པ་ཉིད། །མཉམ་ཉིད་ང་ཡིས་མཉམ་ཉིད་བྱ་མི་དགོས། །མཉམ་ཉིད་བྱ་མི་དགོས་པར་སྔར་ལུང་བསྟན། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ངེས་པར་ལུང་ཁུངས་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེ་ལུང་ཐམས་ཅད་ཀྱི་རྒྱལ་པོ་ཡིན་པའི་ཕྱིར། ཆོས་ཐམས་ཅད་ཀྱི་སྤྱི་ལུང་བཤད་པའི་བཤད་ལུགས་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ང་ནི་ཆོས་ཀྱི་སྤྱི་ལུང་ཡིན་པའི་ཕྱིར། །གཏན་ཚིགས་དོན་གྱི་བཤད་ལུགས་རྣམ་ལྔ་ནི། །སྤྱི་དོན་རྣམ་པ་ལྔ་ཡིས་བཤད་པ་སྟེ། །ལོ་རྒྱུས་དོན་གྱི་བཤད་ལུགས་བསྟན་པ་དང་། །རྩ་བ་དོན་གྱི་བཤད་ལུགས་བསྟན་པ་དང་། །ཡོ་ག་དོན་གྱི་བཤད་ལུགས་བསྟན་པ་དང་། །དགོས་པ་དོན་གྱི་བཤད་ལུགས་བསྟན་པ་དང་། །ཚིག་གི་དོན་གྱི་བཤད་ལུགས་བསྟན་པའོ། །དང་པོ་ཡིད་ཆེས་པ་ཡི་ཁུངས་བསྟན་ཕྱིར། །ལོ་རྒྱུས་དོན་གྱི་བཤད་ལུགས་བསྟན་པར་བྱ། །ཆོས་ཀུན་རྩ་བ་སེམས་སུ་འདུས་པའི་ཕྱིར། །དེས་ན་རྩ་བའི་དོན་དེ་བསྟན་པར་བྱ། །ཐེག་པའི་ཁྱད་པར་སོ་སོར་དབྱེ་བའི་ཕྱིར། །ཡོ་ག་དོན་གྱི་རྩ་བ་བསྟན་པར་བྱ། །རྩོལ་སྒྲུབ་བྱ་མི་དགོས་པར་བསྟན་པའི་ཕྱིར། །དགོས་ཆེད་དོན་གྱི་དགོས་པ་དེ་རུ་བསྟན། །མི་རྟོགས་དོན་དེ་རྟོགས་པར་བྱ་བའི་ཕྱིར། །ཚིག་གི་དོན་དེ་སྒྲ་རུ་བརྗོད་པར་བྱ། །ཀྱེ་སེམས་དཔའ་ཆེན་པོ། ལོ་རྒྱུས་དོན་གྱི་དགོས་པ་བསྟན་པ་ནི། །དང་པོར་ཡིད་ཆེས་པ་ཡི་ཁུངས་བསྟན་ཕྱིར། །ལོ་རྒྱུས་དོན་གྱི་བཤད་ལུགས་བསྟན་པ་ནི། །རང་བཞིན་བྱིན་གྱིས་བརླབས་ཀྱིས་བཤད་ལུགས་དང་། །རང་གི་ངོ་བོ་བསྟན་པའི་བཤད་ལུགས་དང་། །དོན་གྱི་སྒྲ་ཚིག་བསྡེབས་པའི་བཤད་ལུགས་སོ། །ཀུན་བྱེད་ང་ཡི་རང་བཞིན་རྣམ་གསུམ་ལས། །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱི། །རང་བཞིན་དང་ནི་ངོ་བོ་སྒྲ་ཚིག་གིས། །ཇི་ལྟར་བྱུང་བའི་ཁུངས་དེས་ཡིད་ཀྱང་ཆེས། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །རྩ་བ་དོན་གྱི་དགོས་པ་བསྟན་པ་ནི། །སྣང་སྲིད་སྣོད་བཅུད་བསྡུས་པ་ཐམས་ཅད་དང་། །སངས་རྒྱས་སེམས་ཅན་བསྡུས་པ་ཐམས་ཅད་ཀུན། །ཀུན་བྱེད་བྱང་ཆུབ་ང་ཡིས་བྱས་པའི་ཕྱིར། །ཐམས་ཅད་བྱང་ཆུབ་སེམས་ལས་མ་གཏོགས་པ། །གཞན་ཞེས་བྱ་བ་ཡེ་ནས་མེད་པའི་ཕྱིར། །ཀུན་ཀྱང་བྱང་ཆུབ་སེམས་སུ་བསྟན་པའི་ཕྱིར། །རྩ་བ་དོན་གྱི་དགོས་ཆེད་བསྟན་པ་ཡིན། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཡོ་ག་དོན་གྱི་དགོས་ཆེད་བསྟན་པ་ནི། །ཀུན་བྱེད་ང་ལས་བྱུང་བའི་སྐུ་གསུམ་གྱིས། །ལོངས་སྤྱོད་སྐུ་དང་ཆོས་སྐུའི་བསྟན་པ་ཡི། །ཏནྟྲ་ལ་སོགས་ཡོ་ག་སྡེ་རྣམས་ལ། །སོ་སོའི་ཁྱད་པར་བྱེ་བྲག་ཡོད་ཀྱིས་ཀྱང་། །རྒྱུ་འབྲས་འདས་པ་ང་ཡི་བསྟན་པ་ནི། །རྫོགས་ཆེན་ཨ་ཏི་ཡོ་གའི་དོན་འདི་ནི། །ཐེག་པ་ཤན་འབྱེད་རྫོགས་པའི་ལུང་ཞེས་བཤད། །དེས་ན་ཡོ་གའི་དོན་གྱི་དགོས་པ་བསྟན་པ་ཡིན་ཞེས་བྱ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །དགོས་ཆེད་དོན་གྱི་དགོས་པ་བསྟན་པ་ནི། །བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས། །ཀུན་བྱེད་བྱང་ཆུབ་ང་ལ་དད་པ་ཡི། །ལས་དང་སྐལ་ལྡན་ཤིན་ཏུ་རྣལ་འབྱོར་པ། །ལྟ་བ་བསྒོམ་མེད་དམ་ཚིག་བསྲུང་དུ་མེད། །ཕྲིན་ལས་བཙལ་མེད་ལམ་ལ་བགྲོད་དུ་མེད། །ས་ལ་སྦྱང་མེད་རྒྱུ་དང་འབྲས་བུ་མེད། །དོན་དམ་དང་ནི་ཀུན་རྫོབ་རྣམ་གཉིས་མེད། །བསྒོམ་ཞིང་བསྒྲུབ་ཏུ་མེད་པར་མཐོང་བ་དང་། །སེམས་བསྐྱེད་མེད་ཅིང་གཉེན་པོ་མེད་མཐོང་བ། །ཀུན་བྱེད་སེམས་ཀྱི་རང་བཞིན་མཐོང་བ་ཡི། །དེ་ལྟ་བུ་ཡི་དགོས་ཆེད་བསྟན་པ་ཡིན། །ཞེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཚིག་གི་དོན་གྱི་དགོས་པ་བསྟན་པ་ནི། །ཀུན་བྱེད་བྱང་ཆུབ་སེམས་ང་དེ་བཞིན་ཉིད། །ཇི་ལྟར་སྣང་བའི་ཆོས་རྣམས་བསྟན་པ་ནི། །ཀུན་བྱེད་དེ་བཞིན་ཉིད་ཀྱི་རང་བཞིན་ཏེ། །ཚིག་དང་ཡི་གེ་སྒྲ་རུ་མ་བསྒྲགས་ན། །གང་ཟག་ཡིད་ཀྱི་དབང་པོ་རིག་པ་ཡིས། །དེ་བཞིན་ཉིད་ཀྱི་རང་བཞིན་གབ་མི་སྣང་། །དེས་ན་ཚིག་དང་ཡི་གེ་སྒྲ་རུ་བསྒྲགས། །དེས་ན་ཚིག་གི་དོན་གྱི་དགོས་པར་བཤད། །ཀྱེ་སེམས་དཔའ་ཆེན་པོ། གང་དང་གང་གི་ལོ་རྒྱུས་བཤད་པ་ནི། །སྟོན་པ་བསྟན་པ་འཁོར་གྱི་ལོ་རྒྱུས་ཏེ། །སྟོན་པ་ཀུན་བྱེད་རང་བཞིན་རྣམ་གསུམ་ལས། །འཁོར་གྱི་རང་བཞིན་སྐུ་གསུམ་སྟོན་པ་བྱུང་། །སྐུ་གསུམ་སྟོན་པའི་བཤད་ལུགས་རྣམ་གསུམ་ནི། །སྟོན་པ་བསྟན་པ་གསུམ་གྱི་ལོ་རྒྱུས་ཡིན། །གང་དང་གང་གི་རྩ་བ་བཤད་པ་ནི། །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །ཇི་སྐད་བསྟན་པའི་ཆོས་རྣམས་ཐམས་ཅད་ཀུན། །རྩ་བ་བྱང་ཆུབ་སེམས་སུ་བསྟན་པའི་ཕྱིར། །སྟོན་པ་དང་ནི་བསྟན་པ་འཁོར་རྣམས་ཀྱི། །རྩ་བ་དོན་གྱི་གཏན་ཚིགས་བསྟན་པ་ཡིན། །ང་ཡི་རང་བཞིན་དེ་བཞིན་ཉིད་གཅིག་ལ། །རྣལ་འབྱོར་རྣམ་བཞི་ཡོ་གའི་བྱེ་བྲག་ནི། །ལྟ་བ་སྤྱོད་པ་དམ་ཚིག་སྒྲུབ་པ་དང་། །མི་མཐུན་ཁྱད་པར་སོ་སོའི་བྱེ་བྲག་དེ། །ཤིན་ཏུ་རྣལ་འབྱོར་རྩོལ་སྒྲུབ་འདས་པས་འབྱེད། །དེས་ན་ཡོ་གའི་དོན་གྱི་གཏན་ཚིགས་བསྟན། །དགོས་ཆེད་དོན་གྱི་ངེས་ཚིག་བསྟན་པ་ནི། །དགོས་ནི་ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན། །རང་སེམས་དེ་བཞིན་ཉིད་དེ་མཐོང་འགྱུར་ན། །སངས་རྒྱས་ཚིག་གི་ས་ལ་མི་གནས་ཏེ། །ད་ལྟ་ཉིད་ནས་ཤིན་ཏུ་རྣལ་འབྱོར་ཐོབ། །ལས་མེད་སྐལ་བ་ཆུང་བ་རྣམས་ལ་ནི། །མ་གབ་མངོན་དུ་ཕྱུང་ཡང་མི་རྟོགས་ཏེ། །གང་ཞིག་ནོར་བུ་རིན་ཆེན་འདོད་པ་དེ། །ཤིང་ལ་བྱི་དོར་བྱས་པས་མི་འགྱུར་བཞིན། །ལས་བཟང་སྐལ་ལྡན་ཤིན་ཏུ་རྣལ་འབྱོར་ལ། །ལྟ་བ་དམ་ཚིག་ཕྲིན་ལས་ས་ལམ་དང་། །སེམས་བསྐྱེད་རྒྱུ་འབྲས་སྒོམ་སྒྲུབ་གཉེན་པོ་མེད། །དོན་དམ་ཀུན་རྫོབ་རྣམ་གཉིས་མེད་མཐོང་བ། །དེས་ན་སེམས་ཀྱི་དེ་བཞིན་ཉིད་མཐོང་བས། །དེ་ལྟ་བུ་ལ་དགོས་པའི་དགོས་ཆེད་ཡིན། །ཞེས་གསུངས་སོ། །ཚིག་གི་དོན་གྱི་དགོས་པའི་ངེས་ཚིག་ནི། །མེད་པའི་དོན་བཅུ་མེད་པའི་སྒྲ་དང་ཚིག །ཚིག་ཏུ་བརྗོད་པས་བྱ་མེད་དོན་མཐོང་ནས། །བྱ་མི་དགོས་པའི་ཀུན་བྱེད་དེ་ཐོབ་པས། །ཚིག་གི་དོན་གྱི་དགོས་པ་བསྟན་པ་ཡིན། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་སེམས་ཀྱི་བཤད་ལུགས་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ཉིད་ཀྱི་གསང་བ་དམ་པའི་གདམས་ངག་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། ཀུན་བྱེད་ང་ནི་ཀུན་ཏུ་གསང་བའོ། །ང་ལས་བྱུང་བའི་སྐུ་གསུམ་སྟོན་པ་ལ། །ང་ཡི་རང་བཞིན་རྣམ་གསུམ་མི་བསྟན་གསང་། །ང་ལ་གནས་པའི་དུས་གསུམ་སངས་རྒྱས་ལ། །ང་ཡི་རང་བཞིན་མི་བསྟན་གསང་བར་བྱ། །ང་ལ་འདུས་པའི་འཁོར་ཚོགས་ཐམས་ཅད་ལ། །ང་ཡི་རང་བཞིན་མི་བསྟན་གསང་བར་བྱ། །ང་ཡིས་བྱས་པའི་ཁམས་གསུམ་སེམས་ཅན་ལ། །ང་ཡི་རང་བཞིན་མི་བསྟན་གསང་བར་བྱ། །ང་ཡི་རང་བཞིན་མ་གསང་བསྟན་བྱས་ནས། །སྐུ་གསུམ་སྟོན་པ་ང་ལས་འབྱུང་མི་འགྱུར། །སྐུ་གསུམ་སྟོན་པ་ང་ལས་མ་བྱུང་ན། །བསྟན་གསུམ་ཐེག་གསུམ་འཁོར་གསུམ་ཚོགས་མི་འགྱུར། །བསྟན་གསུམ་ཐེག་གསུམ་འཁོར་གསུམ་མ་ཚོགས་ན། །སངས་རྒྱས་ཆོས་དང་དགེ་འདུན་དཀོན་མཆོག་གསུམ། །བླ་མེད་བྱང་ཆུབ་ཀུན་གྱི་རིག་པ་མེད། །ང་ལས་བྱུང་བའི་དུས་གསུམ་སངས་རྒྱས་ལ། །ང་ཡི་རང་བཞིན་མ་གསང་བསྟན་གྱུར་ན། །སྐུ་གསུམ་སྟོན་གསུམ་མེད་པའི་སྐྱོན་དུ་འགྱུར། །ང་ལ་འདུས་པ་འཁོར་གྱི་ཚོགས་རྣམས་ལ། །ང་ཡི་རང་བཞིན་མ་གསང་བསྟན་གྱུར་ན། །སྟོན་གསུམ་ཐེག་པ་ཁྱད་པར་ཕྱེད་མི་འགྱུར། །ང་ཡིས་བྱས་པའི་ཁམས་གསུམ་སེམས་ཅན་ལ། །ང་ཡི་རང་བཞིན་ཐུགས་རྗེས་བསྟན་གྱུར་ན། །སྟོན་པ་གསུམ་གྱིས་བསྟན་པའི་གནས་མེད་འགྱུར། །སྟོན་པ་གསུམ་གྱི་བསྟན་པའི་གནས་མེད་ན། །ཀུན་བྱེད་ང་ཡིིས་བྱས་པའི་ཆོས་རྣམས་ལ། །ཕུན་སུམ་ཚོགས་པ་ཞེས་སུ་སུ་ཞིག་འདོགས། །དེས་ན་ཀུན་བྱེད་རྒྱལ་པོ་ང་ཡིས་ནི། །ང་ཡི་རང་བཞིན་ང་ཡིས་ཕྱུང་ནས་ནི། །ང་ལ་ང་ཡི་རང་བཞིན་ང་ཡིས་བསྟན། །ང་ལས་བྱུང་བའི་སྟོན་པ་འཁོར་རྣམས་ལ། །བསྟན་པའི་ལུང་ནི་ཀུན་བྱེད་ངས་མ་ཕོག །ཤིན་ཏུ་རྣལ་འབྱོར་ཀུན་བྱེད་ང་ཡིན་པས། །དེ་ལ་ཀུན་བྱེད་རང་བཞིན་བསྟན་པར་བྱ། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་སྐལ་མེད་ལ་གསང་བའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ཉིད་ཀྱི་ལུང་ཆེན་པོ་མངོན་དུ་ཕྱུང་བའི་ལུང་འདི་བསྟན་ཏོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཀུན་བྱེད་རྒྱལ་པོ་ང་ཡིས་ནི། །མངོན་དུ་ཕྱུང་བ་གསུམ་བསྟན་ཏེ། །ང་ཡི་རང་བཞིན་རྣམ་གསུམ་ངས་བསྟན་པ། །དོན་རྣམས་སྟོན་པའི་སྟོན་པ་དང་། །དོན་རིག་འདོད་པའི་འཁོར་རྣམས་དང་། །མ་ནོར་ངེས་པའི་དོན་དང་གསུམ། །ཀུན་བྱེད་ང་ཡིས་མངོན་དུ་ཕྱུང་། །དོན་སྟོན་མངོན་དུ་ཕྱུང་བ་ནི། །ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས། །སྤྲུལ་པའི་སྐུ་དང་རྣམ་པ་གསུམ། །འཁོར་གྱི་དང་པོ་སྟོན་པ་སྐུ་གསུམ་སྟེ། །དོན་སྟོན་པ་ཡི་སྟོན་པ་དེ། །གཟུང་འཛིན་བྲལ་བའི་རང་བཞིན་དང་། །ང་ཡི་ངོ་བོ་སྟོན་པ་དང་། །ཐུགས་རྗེའི་རང་བཞིན་དོན་མཛད་གསུམ། །རང་བཞིན་གསུམ་ལས་མངོན་དུ་ཕྱུང་། །སྟོན་པ་གསུམ་ཡང་མངོན་ཕྱུང་བའོ། །དོན་རིག་འདོད་པ་མངོན་ཕྱུང་བ། །སྟོན་པ་གསུམ་གྱི་འཁོར་གསུམ་སྟེ། །ང་བསྟན་པ་ཡི་བྱེ་བྲག་ནི། །དུས་གསུམ་བཞུགས་པའི་སངས་རྒྱས་དང་། །ཁམས་གསུམ་གནས་པའི་སེམས་ཅན་ཀུན། །མི་རྟོག་མཉམ་ཉིད་གནས་པ་དེ། །ཀུན་བྱེད་ང་ཡིས་མངོན་ཕྱུང་འཁོར། །དབང་པོ་ཡུལ་གྱིི་རྣམ་པ་ལ། །ཉོན་མོངས་མི་སྐྱེ་རྣམ་མི་རྟོག །རང་གི་བྱང་ཆུབ་སེམས་ཉིད་ལ། །ཆོས་དང་ཆོས་ཉིད་རྟོག་བྱེད་པ། །དང་པོ་ས་ནས་བཅུ་པར་བསྒྲིབས། །ས་བཅུ་བྱང་ཆུབ་སེམས་དཔའ་དང་། །ལོངས་སྤྱོད་འདོད་ཡོན་རྣམ་པ་ལྔར། །མཐོང་བའི་སྟོན་འཁོར་རྣམ་གཉིས་ཀྱང་། །ང་ཡི་ངོ་བོར་མངོན་ཕྱུང་ཡིན། །དེ་བཞིན་ཉིད་ཀྱི་རང་བཞིན་ལ། །རིག་པ་ཡིད་ཀྱི་དབང་པོ་དེས། །བརྟགས་པས་མཐོང་བའི་ཤེས་པ་དེ། །ལ་ལས་རྟག་པ་ཉིད་དུ་མཐོང་། །ལ་ལས་སྟོང་པ་ཆད་པར་མཐོང་། །རྒྱུ་འབྲས་ལོག་པར་མཐོང་བ་ཡི། །མུ་སྟེགས་རྣམ་བཞིས་བྱིན་བརླབས་ནས། །རྒྱུ་དང་འབྲས་བུ་ལུང་བསྟན་པའི། །སྡིག་སྤོང་སེམས་དགེ་རྣམ་བཞི་ནི། །བསྐལ་པ་ཆེན་པོ་གསུམ་བར་དུ། །གནས་པའི་འཁོར་དང་སྟོན་པ་ཡང་། །ང་ཡིས་མངོན་དུ་ཕྱུང་བ་ཡིན། །ཡེ་ཤེས་རིག་པའི་ཡུལ་ཅན་ལ། །ཡང་དག་ངེས་པར་མངོན་དུ་ཕྱུང་། །ཀྱེ་སེམས་དཔའ་ཆེན་པོ། མངོན་དུ་ཕྱུང་བ་ཞེས་བྱ་བ། །གང་གིས་གང་མངོན་ཕྱུང་བ་ནི། །གང་གིས་ང་ཡིས་མངོན་དུ་ཕྱུང་། །གང་ཞིག་མངོན་དུ་ཕྱུང་བ་ནི། །སེམས་དེ་ཉིད་དེ་མངོན་དུ་ཕྱུང་། །གང་གི་དོན་དུ་མངོན་ཕྱུང་ན། །ཡུལ་ལ་སོ་སོར་ལྟ་བ་ཡི། །འཁོར་གྱི་དོན་དུ་མངོན་ཕྱུང་ཡིན། །ལ་ལ་སྤོང་བའི་དོན་དུ་ཕྱུང་། །ལ་ལ་འགེགས་པའི་དོན་དུ་ཕྱུང་། །ལ་ལ་སྤྱོད་པའི་དོན་དུ་ཕྱུང་། །ལ་ལ་དག་བྱེད་དོན་དུ་ཕྱུང་། །ལ་ལ་བླང་དོར་དོན་དུ་ཕྱུང་། །ལ་ལར་བདག་ཉིད་དོན་དུ་ཕྱུང། །ལ་ལས་སྤང་བའི་ཡུལ་དུ་མཐོང་། །ལ་ལས་དགག་པའི་ཡུལ་དུ་མཐོང་། །ལ་ལས་སྤྱོད་པའི་ཡུལ་དུ་མཐོང་། །ལ་ལས་དག་བྱའི་ཡུལ་དུ་མཐོང་། །ལ་ལས་བླང་དོར་ཡུལ་དུ་མཐོང་། །ལ་ལས་དབང་བསྡུའི་ཡུལ་དུ་མཐོང་། །རྒྱུ་དང་འབྲས་བུའི་སྟོན་པ་ཡི། །འཁོར་ཚོགས་རྣམས་ཀྱིས་དེ་ལྟར་མཐོང་། །སེམས་དཔའ་ཆེན་པོ། ང་ཡི་རང་བཞིན་མངོན་ཕྱུང་བ། །འདི་ནི་ངེས་པར་ལུང་སྟོན་ཅིག །ང་ནི་ཁྱེད་ཀྱི་ངོ་བོ་སྟེ། །ང་ཡི་རང་བཞིན་ཕྱུང་བ་དེ། །ཁྱེད་ཀྱི་རང་བཞིན་ཕྱུང་བ་ཡིན། །ཁྱེད་ཀྱི་རང་བཞིན་ཕྱུང་བ་དེས། །རང་གི་རང་བཞིན་ཤེས་པར་གྱིས། །རང་གི་ངོ་བོ་ཤེས་པར་གྱིས། །རྒྱུ་འབྲས་འཁོར་ལ་ལུང་སྟོན་ཅིག །ཅེས་གསུངས་སོ། །དེ་ནས་སེམས་དཔའ་རྡོ་རྗེ་དེས་རྒྱུ་འབྲས་ཀྱི་འཁོར་ལ་འདི་སྐད་ཅེས་གསུངས་སོ། །ཀྱེ། རྒྱུ་དང་འབྲས་བུའི་སྟོན་འཁོར་རྣམས། །སྟོན་པའི་སྟོན་པ་ཀུན་བྱེད་ཀྱིས། །ཀུན་བྱས་ཕུན་སུམ་ཚོགས་པར་བྱས། །ཕུན་སུམ་ཚོགས་པ་མངོན་ཕྱུང་བ། །རང་གི་རང་བཞིན་མངོན་ཕྱུང་བས། །རང་གི་རང་བཞིན་ཡིན་པར་རྟོགས། །རང་གི་ངོ་བོ་ཡིན་པར་རྟོགས། །དེ་ལ་གཞན་ཡིན་མ་རྟོགས་པར། །རང་ཉིད་ཡིན་པར་ཀུན་གྱིས་རྟོགས། །རང་ཉིད་ཡིན་པར་མ་རྟོགས་ཏེ། །ཡུལ་དེ་རང་དུ་མ་རྟོགས་པར། །ཡུལ་དེ་དགྲ་དང་ཚེར་བརྟགས་ནས། །རང་གི་རང་བཞིན་དེ་སྤངས་ནས། །བསྐལ་པ་བརྒྱ་ཕྲག་ཡུན་རིངས་སུ། །ཆོས་ཉིད་རང་གི་སེམས་མི་མཐོང་། །རང་སེམས་ཆོས་ཉིད་མ་མཐོང་ན། །བསྐལ་པ་བརྒྱ་ཕྲག་ཡུན་རིངས་སུ། །རང་གི་བྱང་ཆུབ་དེ་སྤོང་འགྱུར། །བྱ་མེད་བདེ་ཆེན་དེ་མི་ཐོབ། །ཡུལ་དེ་རང་དུ་མ་རྟོགས་པར། །ཡུལ་དེ་རྐྱེན་གྱིས་དགྲར་བརྟགས་ནས། །རང་གི་རང་བཞིན་དེ་བཀག་ན། །བསྐལ་པ་བརྒྱ་ཕྲག་ཡུན་རིངས་སུ། །ཆོས་ཉིད་རང་གི་སེམས་མི་མཐོང་། །རང་སེམས་ཆོས་ཉིད་མ་མཐོང་ན། །བསྐལ་པ་བརྒྱ་ཕྲག་ཡུན་རིངས་སུ། །རང་གི་བྱང་ཆུབ་དེ་འགེགས་པས། །བྱ་མེད་བདེ་ཆེན་དེ་མི་ཐོབ། །ཡུལ་དེར་རང་དུ་མ་རྟོགས་པར། །ཡུལ་དེ་སྦྱངས་པའི་ཡུལ་མཐོང་ནས། །རང་གི་རང་བཞིན་སྦྱོང་བྱེད་ན། །བསྐལ་པ་ཆེན་པོ་གསུམ་བར་དུ། །ཆོས་ཉིད་རང་གི་སེམས་མི་མཐོང་། །རང་སེམས་ཆོས་ཉིད་མ་མཐོང་སྟེ། །རང་སེམས་སྦྱང་མེད་གདིང་དང་བྲལ། །ཡུལ་དེ་བྱང་ཆུབ་རང་དག་ལ། །གཟུང་འཛིན་དྲི་མ་ཡོད་མཐོང་ནས། །ཕྱི་ནང་རྟོག་པ་དག་གསུམ་གྱིས། །ཁྲུས་དང་གཙང་སྦྲ་དག་བྱེད་པ། །དག་པའི་རང་སེམས་མ་མཐོང་བ། །རང་སེམས་དག་པ་དེ་དང་བྲལ། །མི་ཡི་སྐྱེ་བ་ཚེ་བདུན་དུ། །རང་སེམས་ཆོས་ཉིད་དེ་མི་མཐོང་། །བླང་དོར་མེད་པའི་བྱང་ཆུབ་ལ། །བླང་དང་དོར་བའི་ཡུལ་མཐོང་ནས། །རང་བྱུང་ཉིད་ལ་བླང་དོར་བྱས། །རང་གིས་རང་ལ་བླང་དོར་བྱས། །བར་མ་ཆོད་ཀྱིས་ཚེ་གསུམ་དུ། །རང་སེམས་གཉིས་མེད་དེ་མི་མཐོང་། །ལྷུན་གྱིས་གྲུབ་པའི་བྱང་ཆུབ་ལ། །བཙལ་ཞིང་བསྒྲུབ་པའི་ཡུལ་མཐོང་ནས། །སེམས་བསྐྱེད་ཏིང་འཛིན་རྣམ་གསུམ་གྱིས། །ཐམས་ཅད་དབང་སྡུད་བདག་ཏུ་བྱེད། །རང་གི་བྱང་ཆུབ་བཙལ་མེད་ལ། །བཙལ་བས་གྲུབ་པར་འདོད་པའི་ཕྱིར། །བཅུ་དྲུག་ཟླ་བས་ཚེས་བསྒྲུབས་ནས། །སྟོང་དང་བརྒྱ་དྲུག་ལོ་ཡིས་ནི། །ཆ་ལུགས་ལོངས་སྐུ་བཟུང་ནས་ནི། །རང་སེམས་ལྷུན་གྲུབ་བཟོད་རྟོག་ཕྱེད། །རང་སེམས་ཆོས་ཉིད་མངོན་ཕྱུང་འདི། །རྒྱུ་དང་འབྲས་བུ་རྟོག་བྱེད་པའི། །རྩོལ་སྒྲུབ་ཅན་ལ་ཕན་མེད་ཀྱང་། །ལས་དང་སྐལ་བར་ལྡན་པ་ཡི། །དགོས་ཆེད་དོན་དུ་ཕྱུང་བ་ཡིན། །ཞེས་སེམས་དཔའ་རྡོ་རྗེས་གསུངས་སོ། །དེ་ནས་ཀུན་བྱེད་རྒྱལ་པོ་ཉིད་ཀྱིས་ལུང་བསྟན་པ། ཀྱེ་སེམས་དཔའ་ཆེན་པོ། ཆོས་ཉིད་མངོན་དུ་ཕྱུང་བ་རང་སེམས་ཡིན། །རྒྱུ་དང་འབྲས་བུ་ཐེག་པ་ཅན་རྣམས་ཀྱིས། །རང་སེམས་མངོན་དུ་ཕྱུང་བ་མ་རྟོགས་ཏེ། །སྤོང་ཞིང་འགེགས་པས་བསྐལ་པ་ཡུན་རིང་གནས། །སྦྱོང་ཤིང་བགྲོད་ལ་བསྐལ་པ་གསུམ་དུ་གནས། །དག་བྱེད་ཁྲུས་དང་གཙང་སྦྲས་མི་ཚེ་བདུན། །བྱིན་རློབས་བླང་དོར་ཅན་ནི་མི་ཚེ་གསུམ། །དབང་སྡུད་བདག་འདོད་ལོ་སྟོང་བརྒྱ་དྲུག་ཏུ། །ལོངས་སྐུ་ཆ་ལུགས་དེ་ཡི་རང་སེམས་རྟོགས། །ནམ་རྟོགས་དུས་ན་མི་རྩོལ་བདེ་ཆེན་ཐོབ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །རྒྱུ་འབྲས་ཐེག་ཆེན་བཞིན་དུ་མ་ཡིན་གྱིས། །ཀུན་བྱེད་ང་ཡི་ལུང་འདི་ངེས་པར་ཟུང་། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་དང་། །རང་སེམས་ཆོས་ཉིད་ཡེ་ནས་གཅིག་ཡིན་པས། །རྒྱུ་འབྲས་ལུགས་བཞིན་འདི་ལ་རྟོག་མ་བྱེད། །རང་སེམས་དེ་བཞིན་ཉིད་ལ་རྟོག་མ་བྱེད། །རང་སེམས་དེ་བཞིན་ཉིད་ལ་བརྟག་བྱ་རུ། །རང་གི་བྱང་ཆུབ་ངོ་བོ་སྣང་བ་ཡིན། །འདི་ལས་མ་རྟོགས་སོ་སོས་མིང་བཏགས་པ། །ཀུན་རྫོབ་སྣང་ལ་དོན་དམ་མི་སྣང་འདོགས། །དོན་དམ་ཀུན་རྫོབ་གཉིས་མེད་བདེན་པ་གཅིག །བདེན་པ་ཡང་དག་ངེས་པར་ཡོད་མ་ཡིན། །ཡང་དག་འདོགས་པ་ང་ཡང་འཁྲུལ་པ་ཡིན། །བདེ་བ་འདོད་པ་ཆགས་པའི་ནད་ཡིན་པས། །འདོད་པ་མེད་པས་བདེ་བ་ལེན་པར་བྱེད། །སངས་རྒྱས་བསྒྲུབས་པས་གྲུབ་པ་མ་ཡིན་ཏེ། །མ་བཙལ་རང་བཞིན་གནས་པས་ལྷུན་གྱིས་གྲུབ། །མ་བཙལ་རང་བཞིན་གནས་ལ་མི་རྟོག་ཞོག །སངས་རྒྱས་དོན་གྱི་བླ་དྭགས་མིང་འདི་ལ། །སངས་རྒྱས་ཡང་དག་ཡོད་པར་ང་མི་སྟོན། །གང་ཞིག་སངས་རྒྱས་ཡོད་པར་མཐོང་བ་ནི། །ཆོས་ཉིད་དབྱིངས་ལས་སངས་རྒྱས་མི་རྙེད་དེ། །སངས་རྒྱས་མ་ལྟ་རང་སེམས་བྱར་མེད་རྟོགས། །བརྟགས་ན་མེད་དེ་རང་སེམས་ཡེ་ནས་གསལ། །དངོས་སུ་མི་སྣང་རང་སེམས་ཀུན་ལ་ཁྱབ། །ཡིན་པའི་ངོ་བོ་སྣང་བ་འདི་ཡིན་ཏེ། །འདི་མིན་སྙམ་པའི་རྒྱུ་འབྲས་ཐེག་ཆེན་ལ། །སྤོང་འགེགས་སྦྱོང་བ་བྱིན་བརླབས་སྣ་ཚོགས་ཀྱིས། །རང་སེམས་ཆོས་ཉིད་བྱ་མེད་དེ་ལས་གོལ། །རང་གམ་བཞག་ནས་གཞན་མ་རྒྱང་དུ་ཚོལ། །བྱ་མེད་བདེ་བོར་རྩོལ་བ་དང་དུ་ལེན། །ཚི་ཆད་པ་ཡི་ནད་དུ་དེ་ལས་མེད། །མ་ཡེངས་ཏིང་འཛིན་འཛིན་པའི་རྟོད་ཕུར་ཡིན། །ཡེ་ནས་ཡིན་ལ་ཡེངས་པར་ཤོར་བ་མེད། །མ་ཡེངས་ཏིང་འཛིན་རེ་བའི་སླུ་མཁན་དེས། །རྒྱུ་འབྲས་ཐེག་ཆེན་དྲང་བའི་ལུང་བསྟན་ཡིན། །ཡེ་ནས་ཡིན་ལ་ཡེངས་མེད་ཤོར་མེད་དེ། །རྩོལ་སྒྲུབ་ཀུན་གྱི་གཉེན་པོ་འཇོམས་བྱེད་དེ། །རྒྱུ་འབྲས་སྟོན་པའི་སྟོན་པ་འཁོར་རྣམས་ལ། །ཀུན་བྱེད་ང་ཡི་ལུང་འདི་བསྟན་གྱུར་ན། །རྒྱུ་ལས་འབྲས་བུ་འབྱུང་ཞེས་སྒྲོ་སྐུར་འདེབས། །སངས་རྒྱས་འདོད་པའི་རྣལ་འབྱོར་ཏིང་འཛིན་ཅན། །ཏིང་འཛིན་འདོད་པའི་མ་བཅོས་རྣལ་འབྱོར་སྤངས། །མ་བཅོས་རྣལ་མ་ཀུན་གྱི་ཆོས་ཉིད་ཡིན། །ཆོས་ཉིད་ལས་ནི་སངས་རྒྱས་གུད་ན་མེད། །སངས་རྒྱས་མིང་དུ་བཏགས་པ་བླ་དྭགས་ཡིན། །ཆོས་ཉིད་བྱ་བ་གཞན་མེད་རང་སེམས་ཏེ། །རང་སེམས་མ་བཅོས་ཆོས་ཀྱི་སྐུ་རུ་བཤད། །མ་བཅོས་པ་ལ་ཡེ་ནས་སྐྱེ་མེད་པས། །སྐྱེ་མེད་དོན་ལ་བཙལ་ཞིང་བསྒྲུབ་ཏུ་མེད། །བཙལ་ཞིང་བསྒྲུབས་པས་བྱ་མེད་འགྲུབ་མི་འགྱུར། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་སྐུ་དང་། །སྤྲུལ་པའི་སྐུ་དང་སྟོན་པ་རྣམ་པ་གསུམ། །ཐེག་གཅིག་ཐེག་གཉིས་ཐེག་པ་རྣམ་གསུམ་གྱི། །སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡིས་ཕྱུང་། །ང་ནི་སྟོན་པ་ཀུན་གྱི་འབྱུང་གནས་ཡིན། །ང་ཡི་རང་བཞིན་རྣམ་པ་གསུམ་ལས་ཕྱུང་། །སྤྲོས་བྲལ་སྐྱེ་མེད་དགའ་བའི་འཁོར་རྣམས་ལ། །ང་ཡི་རང་བཞིིན་གཟུང་འཛིན་བྲལ་བ་ལས། །མི་རྟོག་མཉམ་པ་ཉིད་ཀྱི་ཆོས་སྐུ་བྱུང་། །ཆོས་སྐུའི་འཁོར་ནི་ཕྱེ་བ་མེད་པ་སྟེ། །མ་སྐྱེས་མཉམ་པ་ཉིད་ཀྱི་དོན་བསྟན་པ། །དེ་ནི་ལྷག་མ་མེད་པའི་ཐེག་པར་བཤད། །ང་ཡི་རང་བཞིན་ཀུན་ཏུ་སྣང་བ་ལ། །འདོད་སྤྱོད་དག་པའི་འཁོར་གྱི་ཚོགས་རྣམས་ལ། །ང་ཡི་ངོ་བོ་ལོངས་སྤྱོད་རྫོགས་པར་ཕྱུང་། །ངོ་བོ་དེ་ལ་ལྟ་སྤྱོད་རྫོགས་བྱེད་སྟོན། །དེ་ནི་ཐུན་མོང་མིན་པའི་ཐེག་པ་སྟེ། །ང་ཡི་རོལ་པའི་ངོ་བོ་ཕྱུང་བ་ཡིན། །ང་ཡི་རང་བཞིན་ཐུགས་རྗེར་འབྱུང་བ་ལས། །ཇི་ལྟར་འདུལ་བར་སྤྲུལ་ནས་དོན་མཛད་པའི། །སྤྲུལ་པའི་སྐུ་དང་འཁོར་ཚོགས་རྣམ་བཞི་ལ། །རྒྱུ་འབྲས་འཚམས་པའི་ཐུགས་རྗེ་ཕྱུང་བ་ཡིན། །ཀྱེ་སེམས་དཔའ་ཆེན་པོ། མདོར་ན་མངོན་དུ་ཕྱུང་བའི་ལུང་ཞེས་པ། །ང་ཡི་རང་བཞིན་འདི་ལྟར་བསྟན་པ་ལ། །མངོན་དུ་ཕྱུང་བའི་ལུང་ཞེས་བསྟན་པ་ཡིན། །ཀུན་བྱེད་ང་ཡི་རང་བཞིན་གཅིག་པུ་ལ། །སྣང་བའི་ཡུལ་ནི་རྣམ་པ་གསུམ་སྣང་ལ། །དེ་ལས་བྱུང་བའི་ཆོས་ནི་འདི་ལྟ་སྟེ། །སངས་རྒྱས་སེམས་ཅན་སྣང་སྲིད་སྣོད་བཅུད་ཀུན། །ཀུན་བྱེད་ང་ཡི་རང་བཞིན་མངོན་ཕྱུང་ཡིན། །འདི་ལས་གཞན་ཡིན་པ་རུ་རྟོག་བྱེད་པ། །ཀུན་བྱེད་ང་དང་འཕྲད་པའི་སྐལ་མེད་པས། །འཁོར་གྱི་དང་པོ་སྟོན་པ་སྐུ་གསུམ་གྱི། །རིམ་པས་སྦྱངས་པའི་རྒྱུ་འབྲས་ཐེག་འཁོར་ཡིན། །ཀྱེ་སེམས་དཔའ་ཆེན་པོ། ང་ཡིས་མངོན་དུ་ཕྱུང་བ་འདི། །གཞན་མ་མངོན་དུ་ཕྱུང་བ་ཡིན། །ང་ཉིད་མངོན་དུ་ཕྱུང་བ་ཡིན། །ཆོས་ཉིད་མངོན་དུ་ཕྱུང་བ་ཡིན། །རང་སེམས་མངོན་དུ་ཕྱུང་བ་ཡིན། །མ་ནོར་མངོན་དུ་ཕྱུང་བ་ཡིན། །ངེས་པ་མངོན་དུ་ཕྱུང་བ་ཡིན། །དེ་བཞིན་མངོན་དུ་ཕྱུང་བ་ཡིན། །ཀྱེ་སེམས་དཔའ་ཆེན་པོ། ང་ཡི་རང་བཞིན་མངོན་དུ་ཕྱུང་བ་འདིས། །ཆེ་བ་ལྔ་ཡི་སངས་རྒྱས་མངོན་དུ་ཕྱུང་བ་ཡིན། །ཆེ་བ་ལྔ་ཡི་སངས་རྒྱས་འདི་ལྟ་སྟེ། །ང་ཡི་ངོ་བོ་མངོན་དུ་ཕྱུང་བ་ནི། །སྣང་སྲིད་སྣོད་བཅུད་ང་ཡི་ཆོས་ཉིད་འདི། །ཀུན་ལ་སྣང་བས་མངོན་པར་ཕྱུང་བ་ཡིན། །བྱ་མི་དགོས་པས་ཡེ་ནས་སངས་རྒྱས་ཡིན། །རྩོལ་སྒྲུབ་མི་དགོས་ཡེ་ནས་ཆེ་བར་བཤད། །མངོན་པར་སངས་རྒྱས་ཞེས་སུ་བཤད་པ་ཡིན། །ང་ཡི་རང་སེམས་མངོན་དུ་ཕྱུང་བ་འདི། །སྙིང་པོར་གྱུར་པས་ཀུན་གྱི་བདག་ཉིད་ཡིན། །བྱ་མི་དགོས་པས་ཡེ་ནས་སངས་རྒྱས་ཡིན། །རྩོལ་སྒྲུབ་མེད་པས་ཡེ་ནས་ཆེ་བར་བཤད། །བདག་ཉིད་ཆེན་པོ་སངས་རྒྱས་ཆེ་བར་བཤད། །མ་སྐྱེས་སྤྲོས་བྲལ་མངོན་དུ་ཕྱུང་བ་འདི། །ཡེ་ནས་གཟུང་འཛིན་བྲལ་བས་ཆོས་ཀྱི་དབྱིངས། །བྱ་མི་དགོས་པས་ཡེ་ནས་སངས་རྒྱས་ཡིན། །རྩོལ་སྒྲུབ་མེད་པས་ཡེ་ནས་ཆེ་བར་བཤད། །ཆོས་དབྱིངས་སངས་རྒྱས་ཆེ་བ་ཡིན་པར་བཤད། །ང་ཡིས་ངེས་པར་མངོན་དུ་ཕྱུང་བ་འདི། །དཔེ་དོན་རྟགས་ནི་རྣམ་པ་གསུམ་བསྟན་ཏེ། །ཆོས་ཉིད་དོན་ལ་ནམ་མཁའི་དཔེ་བསྟན་ཏེ། །བྱང་ཆུབ་སེམས་ཀྱི་རྟགས་ཀྱིས་ངེས་པ་རུ། །ཐེ་ཚོམ་ཟ་བ་རྣམས་ལ་མངོན་པ་རུ། །དཔེ་དོན་རྟགས་ཀྱིས་དེ་ཡིན་སངས་རྒྱས་བསྟན། །ང་ཡི་རང་བཞིིན་མ་ནོར་ཉིད་འདི་ནི། །སུ་ལ་མངོན་དུ་ཕྱུང་ཡང་མི་སྣང་བས། །དེ་ནི་མ་ནོར་བ་ཡི་རང་བཞིན་ལ། །བཞིན་ནི་བཅོས་པ་མེད་པའི་རང་བཞིན་ཏེ། །ཉིད་ནི་ངོ་བོ་ཉིད་ལ་བཏགས་པ་ཡིན། །དེ་བཞིན་ཉིད་ཀྱི་རང་བཞིན་དེ་ཉིད་ལ། །དུས་གསུམ་སངས་རྒྱས་ཡོད་པའི་སྒྲོ་མི་འདོགས། །ཁམས་གསུམ་སེམས་ཅན་མེད་པའི་སྐུར་མི་འདེབས། །རྟོག་དཔྱོད་བསམ་པ་ཅིར་ཡང་དགོངས་མེད་པས། །སངས་རྒྱས་མེད་པའི་ཆེ་བར་ང་ཡིས་བཤད། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རང་བཞིན་རྣམ་པ་གསུམ་མངོན་དུ་ཕྱུང་བའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་སེམས་དཔའ་རྡོ་རྗེ་ལ་གདམས་ངག་ཕོག་པ་འདི་གསུངས་སོ། །ཀྱེ། སེམས་དཔའ་རྡོ་རྗེ་ཆེན་པོ་འདི་ཉོན་ཅིག །ང་ནི་ཡེ་ནས་ཀུན་བྱེད་རྒྱལ་པོ་ཡིན། །སྟོན་པ་བསྟན་པ་འཁོར་དུས་ངས་བྱས་ནས། །སྟོན་པའི་སྟོན་པ་ཡང་ནི་ང་ཡིས་བྱེད། །བསྟན་པ་ང་ཡི་རང་བཞིན་དེ་སྟོན་ལ། །འཁོར་ཡང་ང་ཡི་ངོ་བོ་དེ་ཕྱུང་ནས། །དུས་གནས་ང་ཡི་རང་བཞིན་དེ་རུ་ནི། །ཀུན་བྱེད་ང་ཡི་རང་བཞིན་བསྟན་པ་ལས། །ང་མིིན་ཆོས་ནི་གཅིག་ཀྱང་བསྟན་པ་མེད། །སེམས་དཔའ་ཆེན་པོ་རྡོ་རྗེ་ཁྱོད་ཉིད་ཀྱང་། །ཀུན་བྱེད་ང་ཡི་རང་བཞིན་བསྟན་པའི་ཕྱིར། །ཁྱོད་ཀྱང་ང་ལས་ང་ཡིས་ཕྱུང་བ་ཡིན། །ཀུན་བྱེད་ང་ནི་ཆོས་ཀྱི་སྙིང་པོར་ཞོག །ཀུན་བྱེད་ང་ནི་ཡེ་ནས་བྱས་ཟིན་གྱིས། །ད་གདོད་བྱ་དགོས་ཀུན་ལ་ལུང་མ་སྟོན། །ད་གདོད་བྱ་དགོས་འཁོར་ལ་ལུང་བསྟན་ན། །འཁོར་རྣམས་རྩོལ་བའི་ནད་ཀྱིས་ཟིན་པར་འགྱུར། །རང་བྱུང་ཡེ་ཤེས་མེད་པའི་སྐྱོན་དུ་འགྱུར། །བྱང་ཆུབ་སེམས་ལ་འཆོས་པའི་སྐྱོན་དུ་འགྱུར། །དེ་བཞིན་ཉིད་ལ་འཆོས་པའི་སྐྱོན་དུ་འགྱུར། །སྐྱོན་གྱིས་ཡོན་ཏན་ཁྱད་དུ་གསོད་པར་འགྱུར། །བརྫུན་གྱིས་བདེན་པ་བསླུས་པས་བསླད་པས་ན། །མིན་པའི་རྩོལ་བས་བྱ་མེད་ཡིན་མ་སྒྲུབ། །སེམས་དཔའ་ཁྱོད་ཀྱིས་ཀུན་བྱེད་ང་རིག་གིས། །ང་ཡིས་བྱས་པའི་ཆོས་རྣམས་ཐམས་ཅད་ཀུན། །ཡེ་ནས་རང་བྱུང་ཡེ་ཤེས་དེ་བཞིན་ནོ། །སྟོན་གསུམ་ང་ཡི་རང་བྱུང་ཡེ་ཤེས་ཡིན། །བསྟན་པ་གསུམ་ཡང་ང་ཡི་དེ་བཞིན་ཉིད། །འཁོར་རྣམས་ཀུན་ཀྱང་སེམས་དཔའ་རྡོ་རྗེའི་ཚུལ། །དུས་གནས་ཕུན་སུམ་ཚོགས་པ་ཐམས་ཅད་ཀུན། །ཀུན་བྱེད་རྒྱལ་པོ་ང་ཡིན་བྱང་ཆུབ་སེམས། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་སེམས་དཔའ་རྡོ་རྗེ་ལ་གདམས་ངག་ཕོག་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཉིད་ཀྱི་སྐུ་གདུང་འདི་ཟུང་ཞིག་པར་གསུངས་སོ། །ཀྱེ། སེམས་དཔའ་ཆེན་པོ་འདི་ཟུང་ཞིག །སྐུ་གདུང་རིང་བསྲེལ་རྟག་འཆང་ན། །རྒྱལ་བའི་ཡང་མེས་ཀུན་བྱེད་ང་དང་མཉམ། །ཞེས་གསུངས་སོ། །དེ་ནས་སེམས་དཔའ་རྡོ་རྗེས་ཞུས་པ། །ཀྱེ། དུས་གསུམ་སངས་རྒྱས་ཀུན་གྱི་ཡང་མེས་པོ། །སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །སྐུ་གདུང་རིང་བསྲེལ་རྟག་ཏུ་ཟུང་ཞིག་པ། །སྐུ་ནི་རྒྱལ་བ་གང་དང་གང་གི་སྐུ། །གདུང་ནི་སངས་རྒྱས་གང་དང་གང་གི་གདུང་། །རིང་བསྲེལ་ཞེས་ནི་ཇི་ལྟ་བུ་ལ་བགྱི། །ཞེས་ཞུས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །སྐུ་ནི་ང་སྲས་རྒྱལ་བ་གསུམ་གྱི་སྐུ། །གདུང་ནི་དུས་གསུམ་རྒྱལ་བ་ང་ཡི་སེམས། །དུས་མེད་རྟག་ཏུ་སེམས་དཔའ་འདི་འཆང་ན། །དུས་གསུམ་སངས་རྒྱས་རྣམས་ཀྱི་མཆོད་པའི་རྟེན། །སྐུ་གདུང་རིང་བསྲེལ་ཞེས་ནི་དེ་ལ་བྱ། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །སྐུ་གདུང་རིང་བསྲེལ་དེ་ལྟར་ལགས་ན་ཡང་། །དེ་ལ་དུས་གསུམ་སངས་རྒྱས་ཇི་ལྟར་མཆོད། །མཆོད་པ་ལ་ནི་ཡོན་ཏན་ཅི་ཞིག་མཆིས། །ཞེས་ཞུས་སོ། །ཀྱེ། སེམས་དཔའ་ཆེན་པོ་ཁྱོད་ཉོན་ཅིག །ང་ཡི་སྐུ་གདུང་རིང་བསྲེལ་དེ་ལ་ནི། །དུས་གསུམ་སངས་རྒྱས་རྟག་ཏུ་སེམས་ལྟས་མཆོད། །དེ་ཡི་ཡོན་ཏན་མི་འབྲལ་དེ་ཐོབ་ནས། །ཆོས་རྣམས་ཀུན་བྱེད་རྒྱལ་པོ་ནུས་པར་འགྱུར། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་སྐུ་གདུང་གཏད་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ང་ཉིད་ཡིན་པའི་ལུང་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན། །སྣང་ནི་ང་ཡི་ངོ་བོར་སྣང་། །དག་ནི་ཆོས་ཉིད་དབྱིངས་སུ་དག །འདུལ་བ་རྣམ་པ་སྣ་ཚོགས་སྟོན། །སྐུ་གསུམ་སྣ་ཚོགས་བྱུང་ནས་ནི། །ཐེག་པ་གསུམ་ནི་ངོ་ཡང་སྟོན། །རྒྱུ་འབྲས་ཅན་ནི་དེས་ཚིམ་བྱེད། །འདས་པ་ཡུལ་ལ་མི་ལྟོས་པས། །རྒྱུ་ལ་མི་བསྒྲུབ་འབྲས་མི་འདོད། །འདོད་པ་མེད་པའི་དགོངས་པ་དང་། །རང་བཞིན་ལྷུན་གྱིས་གྲུབ་པར་འགྱུར། །ཡེ་ནས་ཡིན་ལ་བྱ་མི་དགོས། །དོན་རྣམས་ཇི་བཞིན་བསྐྱོད་མེད་པས། །ཇི་བཞིན་པ་ལ་བསྒྲུབ་མི་དགོས། །ཆོས་ཀུན་རང་བཞིན་ལྷུན་གྲུབ་ཕྱིར། །དུས་གསུམ་སངས་རྒྱས་གྲུབ་པས་ཀྱང་། །རྩོལ་ཞིང་སྒྲུབ་པའི་ལུང་མི་འབོགས། །བཙལ་ན་གང་བཙལ་ཏིང་འཛིན་དེས། །མི་གྲུབ་ཏིང་འཛིན་ནད་དུ་ཆེ། །ཀྱེ་སེམས་དཔའ་ཆེན་པོ། ང་མིན་སྟོན་པ་ཐམས་ཅད་ཀྱིས། །བྱ་བའི་ཕྲིན་ལས་སྣ་ཚོགས་དང་། །བསམ་པའི་ཏིང་འཛིན་རིམ་པ་དང་། །འཕྲོ་བའི་འོད་ཟེར་སྣ་ཚོགས་དང་། །བལྟ་བའི་ཡུལ་ནི་ཅི་དམིགས་ཀྱང་། །ཇི་བཞིན་པ་ལ་གཡོས་པ་མེད། །བྱ་བའི་ལས་ཀྱིས་གྲུབ་པ་མེད། །བསམ་པའི་ཏིང་འཛིན་ཡལ་བར་འགྱུར། །འཕྲོ་བའི་འོད་ཟེར་ཞི་འགྱུར་ན། །བལྟ་ཡུལ་གང་ཡང་མཐོང་བ་མེད། །དེས་ན་བཙལ་བའི་ལས་མ་བྱེད། །ཀྱེ་སེམས་དཔའ་ཆེན་པོ། ཡུལ་ལས་བཙལ་བས་གྲུབ་པའི་ལུང་དེ་ནི། །རྒྱུ་དང་འབྲས་བུའི་ཐེག་ཅན་སྟོན་པར་བྱེད། །རྒྱུ་དང་འབྲས་བུའི་ཐེག་ཅན་ཆོས་ཉིད་ནི། །ཆོས་དང་ཆོས་ཉིད་རྣམ་པ་གཉིས་ཕྱེ་ནས། །ཆོས་ཀྱིས་ཆོས་ཉིད་ཚོལ་བ་རྙེད་ལུང་མེད། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་བཙལ་བས་མི་འགྲུབ་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་མ་བཙལ་བས་གྲུབ་པའི་ལེའུ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །བསྟན་པའི་ཐེག་པ་རྣམ་གསུམ་བསྟན་པ་ནི། །སྟོན་པ་གསུམ་གྱིས་མི་སྩོལ་ལུང་མ་བསྟན། །ཀུན་བྱེད་ང་ཡིས་ཐེག་གཅིག་བསྟན་པ་ནི། །བཙལ་བས་གྲུབ་པའི་ལུང་དུ་ངས་མ་བསྟན། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཀུན་བྱེད་བྱང་ཆུབ་ང་ཡི་རང་བཞིན་ལས། །མ་བཙལ་རང་བཞིན་ལྷུན་གྱིས་གྲུབ་པ་ནི། །རྒྱལ་བ་ཀུན་གྱི་སྙིང་པོ་སྐུ་གསུམ་སྟེ། །ང་ཡི་རང་བཞིན་མ་བཅོས་ཆོས་སྐུར་གྲུབ། །ང་ཡི་ངོ་བོ་མ་བཅོས་ལོངས་སྤྱོད་རྫོགས། །ང་ཡི་ཐུགས་རྗེ་མངོན་ཕྱུང་སྤྲུལ་སྐུ་གསུམ། །བཙལ་ནས་གྲུབ་པའི་འབྲས་བུ་བསྟན་པ་མེད། །ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །སྐུ་གསུམ་ཀུན་བྱེད་ང་རུ་འདུས་པ་སྟེ། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །རང་བཞིན་ངོ་བོ་ཐུགས་རྗེས་མ་བཅོས་གསུམ། །སྐུ་གསུམ་ང་ཡི་དེ་བཞིན་ཉིད་དུ་བསྟན། །ང་དང་ང་ཡི་དེ་བཞིིན་ཉིད་ལས་ནི། །སངས་རྒྱས་ཞེས་བྱའི་ཡོན་ཏན་སྒྲོས་ཀྱང་མེད། །སེམས་ཅན་ཞེས་བྱའི་སྐྱོན་གྱི་རྣམ་པ་མེད། །མི་རྟོག་མཉམ་པ་ཉིད་དུ་དེ་བཞིན་གནས། །འདི་ལས་མ་གཏོགས་པ་ནི་གཞན་མེད་པས། །སངས་རྒྱས་རྣམས་ཀྱིས་འདི་ལས་ལྷག་པ་ཡི། །ཀུན་བྱེད་ང་ལ་ངེས་ལུང་མནོས་པ་མེད། །བྱེད་མཁན་ཀུན་བྱེད་རྒྱལ་པོ་ང་ཡིས་ཀྱང་། །མི་རྟོག་མཉམ་ཉིད་དེ་བཞིན་ཉིད་འདི་ལས། །ཉིད་ལ་ཉིད་ཀྱིས་བསྟན་པ་རྡུལ་ཙམ་མེད། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་མ་བཙལ་ལྷུན་གྱིས་གྲུབ་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཆོས་ཐམས་ཅད་ཀྱི་བྱུང་ཁུངས་ཉིད་ལས་བྱུང་བ་འདི་གསུངས་སོ། །ཀྱེ། ཆོས་ཀུན་སྡུད་པའི་རྡོ་རྗེ་ཉོན། །ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས། །ང་ནི་ཆོས་ཀུན་སྙིང་པོ་སྟེ། །ང་ནི་ཆོས་ཀུན་ས་བོན་ཡིན། །ང་ནི་ཆོས་ཀུན་རྒྱུ་ཡང་ཡིན། །ང་ནི་ཆོས་ཀུན་སྡོང་པོ་སྟེ། །ང་ནི་ཆོས་ཀྱི་གཞི་མ་ཡིན། །ང་ནི་ཆོས་ཀྱི་རྩ་བ་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །འདུས་པའི་ཕྱིར་ན་སྙིང་པོར་བཤད། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །སྐྱེ་བའི་ཕྱིར་ན་ས་བོན་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །འབྱུང་བའི་ཕྱིར་ན་རྒྱུ་ཡང་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀྱི། །ཡན་ལག་འབྱུང་བས་སྡོང་པོ་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །ང་ལ་གནས་པས་གཞི་མ་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །ང་ཡིན་པས་ན་རྩ་བར་བཤད། །ཀྱེ་སེམས་དཔའ་ཆེན་པོ་རྡོ་རྗེ་ཉོན་ཅིག །ཀུན་བྱེད་བྱང་ཆུབ་སེམས་ང་ནི། །རང་བཞིན་མ་བཅོས་རྣམ་གསུམ་ལས། །མིང་ཙམ་སྐུ་གསུམ་བྱུང་ཚུལ་བསྟན། །ངེས་པར་སྐུ་གསུམ་སྟོན་པ་ཡང་། །དེ་བཞིན་ཉིད་ལས་གཡོས་པ་མེད། །ཀུན་བྱེད་བྱང་ཆུབ་སེམས་ང་ནི། །མ་སྐྱེས་གཟུང་འཛིན་བྲལ་བ་ལས། །ཆོས་སྐུ་སྐྱེ་མེད་མིང་ཙམ་བྱུང་། །ངེས་པར་ཆོས་སྐུ་མིང་ཙམ་སྟེ། །དེ་བཞིན་ཉིད་ལས་གཡོས་པ་མེད། །ཀུན་བྱེད་བྱང་ཆུབ་སེམས་ང་ནི། །ངོ་བོ་མིང་ཙམ་མངོན་ཕྱུང་བ། །ལོངས་སྤྱོད་རྫོགས་སྐུ་མིང་ཙམ་ཚུལ། །ངེས་པར་ལོངས་སྤྱོད་རྫོགས་སྐུ་དེ། །དེ་བཞིན་ཉིད་ལས་གཡོས་པ་མེད། །ཀུན་བྱེད་བྱང་ཆུབ་སེམས་ང་ནི། །ཐུགས་རྗེ་སྤྲུལ་སྐུ་མངོན་ཕྱུང་བ། །ཐུགས་རྗེ་མ་བཅོས་རང་བཞིན་ལས། །མིང་ཙམ་སྤྲུལ་སྐུ་ཚུལ་བྱུང་བ། །ངེས་པར་སྤྲུལ་པའི་སྐུ་དེ་ཡང་། །དེ་བཞིན་ཉིད་ལས་གཡོས་པ་མེད། །དེ་བཞིན་ཉིད་ཀྱི་རང་བཞིན་ལས། །སྐུ་གསུམ་གཡོས་པ་མེད་པ་བཞིན། །སྐུ་གསུམ་བསྟན་པའི་ཆོས་རྣམས་དང་། །སྐུ་གསུམ་འདུས་པའི་འཁོར་རྣམས་དང་། །ཆོས་རྣམས་ཀུན་ལའང་གཡོས་པ་མེད། །མ་གཡོས་པ་ཡི་ཆོས་ཉིད་ལ། །རྒྱུ་དང་འབྲས་བུར་བཏགས་བྱས་ནས། །རྩོལ་དང་བསྒྲུབ་པ་བྱས་ནས་ནི། །རྒྱུ་ལས་འབྲས་བུ་འབྱུང་འདོད་པ། །ཀུན་བྱེད་ང་ལས་བྱས་པ་ཡི། །རྒྱུ་འབྲས་དེ་ལས་གོལ་བ་ཡིན། །ཞེས་གསུངས་སོ། །ཀྱེ། སེམས་དཔའ་ཆེན་པོ་ཁྱོད་ཉོན་ཅིག །ང་ལས་བྱུང་བའི་སྐུ་གསུམ་སྟོན་པ་དང་། །ང་ལས་བྱུང་བའི་དུས་གསུམ་སངས་རྒྱས་དང་། །ང་ལས་བྱུང་བའི་འཁོར་གནས་དུས་ལ་སོགས། །ཀུན་ཀྱང་ང་ཡི་བྱང་ཆུབ་སེམས་ཡིན་ན། །སེམས་དཔའ་རྡོ་རྗེ་དེ་ལ་རྟོག་མི་རྟོག །སེམས་དཔའ་རྡོ་རྗེ་དེ་ལ་མ་རྟོག་ཅིག །ང་ནི་ཡེ་ནས་ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས། །ང་ཡིས་བྱས་པ་ཀུན་ཀྱང་བྱང་ཆུབ་སེམས། །ང་ཡི་རང་བཞིན་ཡེ་ནས་རྣམ་དག་བྱང་། །ང་ཡིས་ཀུན་ལ་ཁྱབ་པ་ཡེ་ནས་ཆུབ། །ང་ཡིས་རང་བཞིན་གསལ་བས་ཡེ་ནས་སེམས། །ང་ནི་ནམ་མཁའ་ལྟ་བུའི་རང་བཞིན་གྱིས། །ཡེ་ནས་ཡིན་པའི་བྱང་ཆུབ་སེམས་ཀྱིས་ནི། །འཇིག་རྟེན་སྒྱུ་མར་སྣང་བའི་ཆོས་བཞིན་དུ། །སྐུ་གསུམ་སྟོན་པ་དུས་གསུམ་སངས་རྒྱས་རྣམས། །བུ་དང་ཚ་བོ་འཁོར་གྱི་ཚུལ་བྱུང་ནས། །མ་ནོར་བདེན་པའི་གདམས་ངག་འབོགས་པ་བཞིན། །བྱང་ཆུབ་སེམས་ནི་ནམ་མཁའ་བཞིན་བསྟན་ནས། །ཀུན་བྱེད་བྱུང་ཚུལ་ནམ་མཁའ་བཞིན་དུ་བསྟན། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་མདོ་ལས་ཆོས་ཐམས་ཅད་བྱང་ཆུབ་སེམས་ཀུན་བྱེད་ལས་བྱུང་བའི་ཁུངས་ཀྱི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཆོས་ཐམས་ཅད་ཀྱི་ཁུངས་ཀྱི་རྒྱལ་པོ་ཡིན་པའི་ཕྱིར་ཉིད་ལས་བྱུང་བའི་ཚིག་འདི་གསུངས་སོ། །ཀྱེ། སེམས་དཔའ་ཆེན་པོ་རྡོ་རྗེ་ཁྱོད་ཉོན་ཅིག །ང་ནི་ཆོས་རྣམས་ཀུན་བྱེད་རྒྱལ་པོ་སྟེ། །སྐུ་གསུམ་སྟོན་པའི་ཕ་མ་ང་ཡིན་ལ། །དུས་གསུམ་སངས་རྒྱས་ཀུན་གྱི་མེས་པོ་ཡིན། །འཁོར་གནས་དུས་ཀྱི་སྟོན་པའི་སྒྲོན་མ་བྱེད། །ཀུན་བྱེད་ང་ཡི་རང་བཞིན་རྣམ་གསུམ་ལས། །སྐུ་གསུམ་སྟོན་པ་ང་ལས་ཕྱུང་བས་ནི། །སྐུ་གསུམ་དེ་ཡི་བཤད་ལུགས་རྣམ་གསུམ་གྱིས། །ཆོས་ཀྱི་བཤད་ལུགས་རྣམ་པ་གསུམ་ཡང་བསྟན། །དེ་ཡང་ཀུན་བྱེད་ང་ཡིས་བསྟན་པ་ཡིན། །ཀུན་བྱེད་རྒྱལ་པོ་ང་ཡི་རང་བཞིན་འདི། །སྟོན་པ་ཀུན་ལས་ཁྱད་པར་འཕགས་པའི་ཕྱིར། །གཏན་ཚིགས་དོན་གྱི་བཤད་ལུགས་རྣམ་པ་ལྔས། །མ་ནོར་ངེས་པའི་གཏན་ཚིགས་ཁུངས་བསྟན་ཏོ། །ཀྱེ་སེམས་དཔའ་ཆེན་པོ། ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས། །བྱང་ཆུབ་སེམས་ནི་ཡེ་ནས་རྫོགས་པ་ཆེ། །རྫོགས་པ་ཆེན་པོ་རྒྱུ་འབྲས་འདས། །རྒྱུ་འབྲས་འདས་པའི་བཤད་ལུགས་བསྟན་པ་དང་། །ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །སྐུ་གསུམ་སྟོན་པ་བྱུང་བའི་བཤད་ལུགས་དང་། །རྣམ་པ་གཉིས་ཀྱི་བཤད་ལུགས་བསྟན་པའོ། །ཀུན་བྱེད་བྱང་ཆུབ་སེམས་ཀྱི་བཤད་ལུགས་ནི། །བྱང་ཆུབ་སེམས་ནི་རྒྱུ་འབྲས་འདས་པའི་ཕྱིར། །གཏན་ཚིགས་དོན་གྱི་བཤད་ལུགས་ལྔ་ཡིས་བཤད། །སྐུ་གསུམ་སྟོན་པ་གསུམ་གྱི་བཤད་ལུགས་ནི། །ཕུན་སུམ་ཚོགས་པ་རྣམ་པ་ལྔ་ནང་དུ། །ཆོས་ཀྱི་སྐུ་ནི་བྱིན་གྱིས་བརླབས་ཀྱིས་བཤད། །ལོངས་སྤྱོད་རྫོགས་པ་རང་གི་ངོ་བོ་སྟོན། །སྤྲུལ་པའི་སྐུ་ནི་དོན་རྣམས་ཚིག་ཏུ་སྡེབ། །སྐུ་གསུམ་སྟོན་པའི་བཤད་ལུགས་རྣམ་གསུམ་སྟེ། །ང་ཡིས་རང་བཞིན་རྣམ་གསུམ་བཤད་ལུགས་ཡིན། །ཀུན་བྱེད་ང་ནི་རྒྱུ་འབྲས་འདས་པ་སྟེ། །རྒྱུ་འབྲས་འདས་པས་སྤྱོད་ཡུལ་ཀུན་ལས་འདས། །ཀུན་ལས་འདས་པའི་ཆོས་ཉིད་བྱང་ཆུབ་སེམས། །བྱང་ཆུབ་སེམས་ནི་ཀུན་གྱི་སྙིང་པོ་ཡིན། །སྙིང་པོ་ཡིན་པས་ཡིད་ཆེས་ཁུངས་ཀྱང་བསྟན། །བྱང་ཆུབ་སེམས་ནི་ཆོས་ཀུན་རྩ་བ་སྟེ། །རྩ་བ་ཡིན་པས་ཐམས་ཅད་དོན་ཡང་འདུས། །བྱང་ཆུབ་སེམས་ནི་ཁྱད་པར་ཀུན་ལས་འཕགས། །ཁྱད་པར་འཕགས་པས་ཐེག་པའི་ཤན་ཡང་འབྱེད། །བྱང་ཆུབ་སེམས་རྟོགས་ཆོས་ཉིད་ཀུན་སངས་རྒྱས། །དེས་ན་སྐལ་ལྡན་དགོས་ཆེད་བསྟན་པ་ཡིན། །སེམས་ཀྱི་རང་བཞིན་ཚིག་ཏུ་བརྗོད་མེད་དེ། །མ་བརྗོད་སེམས་ཀྱི་རང་བཞིན་མི་སྣང་བས། །མི་སྣང་མཚོན་དུ་མེད་ཅེས་མ་བརྗོད་ན། །ཀུན་ཀྱང་རང་སེམས་མ་མཐོང་རྩོལ་སྒྲུབ་བྱེད། །དེས་ན་བརྗོད་མེད་ཚིག་གི་དོན་ཡང་བཤད། །དེས་ན་གཏན་ཚིགས་དོན་གྱི་བཤད་ལུགས་ལྔས། །ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་ཀྱི་དོན། །མ་ནོར་ངེས་པར་གཏན་ལ་འབེབས་པར་བྱེད། །རྒྱུ་འབྲས་མེད་པར་གཏན་ལ་ཕབ་པ་ཡིན། །ཐམས་ཅད་བྱང་ཆུབ་སེམས་ཡིན་ཡིད་ཀྱང་ཆེས། །བྱང་ཆུབ་སེམས་ཡིན་ཡེ་ནས་ཡིད་ཆེས་པས། །སེམས་ལ་བཙལ་བ་མེད་པར་ཡིད་ཀྱང་ཆེས། །བཙལ་དུ་ཡེ་ནས་མེད་པར་ཡིད་ཆེས་པས། །མི་རྩོལ་བདེ་བ་ཆེན་པོའི་ངང་ལ་གནས། །ཀུན་བྱེད་ང་ཡི་རང་བཞིན་དེ་ལྟར་གནས། །ཀུན་བྱེད་ང་ལས་སངས་རྒྱས་གཞན་མེད་དོ། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་གཏན་ཚིགས་བཤད་ལུགས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་སེམས་རྣལ་དུ་གཞག་པའི་ཕྱིར་བྱ་མེད་རྫོགས་པའི་ལུང་ཁུངས་ཆེན་པོ་འདི་གསུངས་སོ། །ཀྱེ། སེམས་དཔའ་ཆེན་པོ་རྡོ་རྗེ་ཁྱོད་ཉོན་ཅིག །ཀྱེ། བྱ་མེད་ཡུལ་ནི་མི་གནས་ནམ་མཁའ་འདྲ། །མི་གནས་དམིགས་པའི་ཡུལ་མེད་མི་རྟོག་ཆོས་ཀྱི་ལམ། །བསྔོ་བའི་ཆ་ཤས་ཕྲ་མོའི་ཡུལ་ལ་བྱུང་བ་སྟེ། །རྟོག་སྒོམ་ཆོས་ཀྱི་སྐུ་ནི་ཁྱད་པར་དོན་མེད་པས། །རང་བྱུང་ཡེ་ཤེས་མི་རྟོག་ཀུན་ཏུ་ཇི་བཞིན་གནས། །བྱ་བྲལ་ཡུལ་ལ་མི་གནས་གཉེན་པོས་བཅོས་སུ་མེད། །ཡན་ལག་ཆོས་ཀྱི་དབང་གིས་སྙིང་པོའི་ཡུལ་ཚོལ་ཞིང་། །རྣམ་པ་ཅིར་ཡང་མི་རྟོག་ཐབས་ཀྱིས་དེ་ལ་རོལ། །སྙིང་པོ་རང་བཞིན་འབྱུང་བས་ཆོས་སྐུ་གཞན་ན་མེད། །རྡུལ་ཕྲན་གཅིག་ལ་གཙེས་ཤིང་ཕྱོགས་བཅུ་ཀུན་དང་བྲལ། །མི་གནས་དོན་ཉིད་ལེགས་པའི་ཡེ་ཤེས་རང་བྱུང་སྟེ། །མངོན་སུམ་ཀུན་ལ་མི་རྟོག་ཡངས་པའི་སྙིང་པོ་ལ། །རྣམ་དག་ལམ་དེར་ཞུགས་ནས་མཉམ་པའི་རྒྱལ་པོ་ཐོབ། །མི་འགྱུར་འགྱུར་བ་མེད་པས་ཆགས་པའི་གནས་མེད་དེ། །དེ་བཞིན་བཟུང་བའི་ཡུལ་མེད་སེམས་ཀྱི་གནས་ཀྱང་མེད། །མངོན་སུམ་ཐོབ་པར་འདོད་ནས་རྒྱུ་ལ་རྟག་ཏུ་སྒོམ། །སྒོམ་ཆགས་བདེ་བ་དེ་ལ་མཉམ་པའི་དོན་མི་འབྱུང་། །སྐུ་གཅིག་ཀུན་ལ་ཁྱབ་པས་བསྣན་པའི་ཆོས་མེད་དེ། །མཐའ་ལ་ཐུག་པ་མེད་པས་དབྱིངས་ལ་བྲི་བ་མེད། །ཆོས་ཀྱི་རོལ་པས་ཉམས་ཕག་ལྷག་པའི་གནས་མེད་དེ། །རང་བྱུང་ཆེ་བའི་ཡུལ་ལ་ཀུན་ཏུ་ཇི་བཞིན་གནས། །ངོ་མཚར་མཐོང་བའི་ཡུལ་མེད་དེ་ལ་མཐོང་བའི་མིག །གང་ལ་ཐོས་པར་མི་རིགས་སྙད་པ་ཀུན་དང་བྲལ། །ཆོས་དང་ཆོས་མིན་རྟག་ཏུ་འདྲེས་ཤིང་མཚུངས། །དོན་དམ་ཆོས་ཤེས་ལྷག་པའི་གནས་ཤེས་བཤད་པའང་མེད། །འཁྲུལ་དང་བྱང་ཆུབ་ལམ་དེ་རྟོགས་པས་ཐོབ་པའང་མེད། །རང་བྱུང་ཡེ་ཤེས་ཉིད་ཀྱང་ཚིག་གི་མཐའ་དང་བྲལ། །ཡེ་ནས་རྒྱས་པའི་བདག་ཉིད་མངོན་སུམ་གནས་པ་ལ། །གྲིབ་མ་གཟུགས་ཀྱི་དཔེ་བཞིན་དེ་ལ་རྟོག་པ་འབྱུང་། །མེད་དེ་མེད་པ་མ་ཡིན་མེད་པའི་སྙིང་པོ་འབྱུང་། །སྟོང་སྟེ་སྟོང་པ་མ་ཡིན་སྟོང་པའི་ཡུལ་ལ་གནས། །ནམ་མཁའི་རང་བཞིན་དེ་ལ་འབྱུང་བའི་དྲན་པ་སྐྱེ། །བྱ་བྲལ་ཟིན་པའི་བདེ་བ་འདོད་པ་མེད་པས་ལེན། །བཟའ་བའི་ཡུལ་མེད་དེ་ལ་ཡེ་ཤེས་འབྱུང་བ་རྩོམ། །སྔོན་གྱི་དྲང་སྲོང་རྗེས་སུ་ཆགས་པའི་ཡིད་ཀྱང་འཇོག །རྣམ་རྩོལ་འབད་པའི་གདུང་བས་ཀུན་ཏུ་ཟིན་ཏ་རེ། །རང་བཞིན་ལམ་དེར་ཞུགས་པས་ཐམས་ཅད་མཁྱེན་པ་ཡི། །ཇི་བཞིན་པ་ཞེས་རྣམ་རྟོག་དེ་ཕྱིར་རྟོག་བསྒོམ་པ། །བདེ་བ་ཆེན་པོ་འདོད་པས་ཆགས་པའི་ནད་ཡིིན་ཏེ། །མི་གཡོ་མཉམ་པར་གནས་པས་སྨན་ཆེན་མ་བྱས་ན། །མཐོ་རིས་བགྲོད་པའི་རྒྱུ་དེས་ཉོན་མོངས་ཟིན་པར་འགྱུར། །ལམ་མེད་ལམ་དུ་ཞུགས་པ་རྣམས་ཀྱི་ནད་ཆེ་བ། །ཕྱིན་པར་འདོད་པས་རི་དྭགས་སྨིག་རྒྱུ་བསྙེགས་པ་འདྲ། །རྙེད་པའི་ཡུལ་མེད་འཇིག་རྟེན་གསུམ་དུ་མི་འབྱུང་ཞིང་། །ས་བཅུར་ལྟོས་པའི་གནས་ཀྱང་བྱང་ཆུབ་སྒྲིབ་པ་ཡིན། །ཤིན་ཏུ་མྱུར་བའི་ཡེ་ཤེས་བསམ་པ་ཀུན་དང་བྲལ། །བཤེས་གཉེན་ཀུན་ལས་འབྱུང་བའི་ནོར་བུ་རིན་ཆེན་བཞིན། །དམིགས་པ་མེད་ཅིང་འགྱུར་བའི་གནས་ལ་མི་ལྟོས་པར། །རང་གི་རང་བཞིན་ལེགས་པས་རེ་བ་ཐམས་ཅད་སྐོང་། །བརྟགས་ན་མེད་ལ་བཞག་ན་ལེགས་པ་འབྱུང་བ་ཆེ། །དངོས་སུ་མི་སྣང་ཆགས་པའི་ཆ་ལུགས་ཀུན་ལ་སྟོན། །བདག་དང་གཞན་དུ་བྲལ་བའི་སྟོན་མཁན་རིན་ཆེན་མཛོད། །ཐམས་ཅད་གྲུབ་པའི་ཡུལ་ཞེས་བདག་མེད་སྙིང་རྗེས་བསྟན། །ནང་ནས་མ་གཡོས་ནང་དུ་བཙལ་བའི་གནས་མེད་དེ། །ཡུལ་ཕྱིར་ཆགས་ལ་ཡུལ་ལ་བསྔོ་བའི་དམིགས་པ་མེད། །མི་འབྱུང་མི་འཇུག་བདག་མེད་སྙིང་རྗེ་དེ་ཡིས་ནི། །གཞན་གྱི་ནོར་མིན་མི་འོང་ཡེ་ནས་གནས་པ་ཡིན། །བདེ་བ་འདོད་ན་བདེ་ལ་རྒྱབ་ཀྱིས་ཕྱོགས། །བདེ་བས་ཟིན་ཏེ་བདེ་བས་བདེ་བ་ཚོལ། །བྱང་ཆུབ་འཁྲུལ་པ་ཡེ་རྔམ་ཆོས་ལ་ཟ། །འདི་ལྟའི་ཡུལ་ཅན་སངས་རྒྱས་མཐོང་བ་མེད། །སངས་རྒྱས་མེད་པས་སངས་རྒྱས་མིང་ཡང་མེད། །སངས་རྒྱས་སྟོན་པས་མིང་དུ་བཏགས་པ་ནོར། །སངས་རྒྱས་གཞན་ནས་ཐོབ་བྱེད་ནོར་བའི་ལམ། །གཟུགས་མེད་ཆོས་ཀུན་བཤད་པ་རྡུལ་ཙམ་མེད། །ཟིན་དང་ཆགས་དང་བྲལ་དང་ཞི། །དངོས་པོ་མེད་དང་རྣམ་པར་སྤོང་། །བདུད་རྩི་ཆེན་པོའི་རང་བཞིན་ལ། །བཟའ་བའི་ཐབས་ལ་རག་པ་མེད། །ཡངས་སོ་ཆེའོ་ཆོས་ཆེན་པོ། །ཆུང་ངུ་རྣམས་ཀྱི་གཉེན་པོ་ཡིན། །ཆ་ལ་དམིགས་པའི་ཆ་བསྙམས་ནས། །ཆུང་ཆེ་དེ་རྣམས་དམིགས་དང་བྲལ། །གསུང་དང་རྒྱས་དང་དམིགས་དང་སྣང་། །སྒྱུ་མཁན་རི་མོའི་རྣམ་པ་བཞིན། །འབྱུང་འཇུག་ཡེ་ཤེས་རྨུགས་པ་ཡིས། །དེ་ཡི་དབང་ལས་སྐྱེ་བར་འགྱུར། །འདི་ནི་ཐེག་པ་ཀུན་གྱི་རྒྱལ། །བཏང་ངོ་བཞག་གོ་རང་བཞིན་ཏེ། །འདོད་པ་མེད་ཅིང་ལེན་པ་མེད། །བྲོད་པ་རྡུལ་ཙམ་མི་བསྐྱེད་དོ། །ཁྱུང་ཆེན་ནམ་མཁའ་ལྡིང་བ་བཞིན། །སྤྲོ་བ་མེད་ཅིང་བསྡུ་བ་མེད། །སྟོར་བར་མི་དོགས་བཟའ་བ་མེད། །རྒྱ་མཚོ་བཞིན་དུ་ཡེ་གནས་ལ། །ཆོས་རྣམས་སྣ་ཚོགས་འབྱུང་བར་བྱེད། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །བསྡུ་བའི་གནས་སུ་ངེས་པ་མེད། །བྱང་ཆུབ་སྙིང་པོར་དེ་མ་ཐག །ཏིང་འཛིན་རྒྱལ་པོ་ཆེན་པོ་འབྱུང་། །སྣང་བ་རྒྱ་མཚོ་ཆེན་པོ་བཞིན། །མི་རྟོག་ནམ་མཁའི་མཐའ་ལྟར་ཡངས། །ཀུན་ཏུ་བཟང་པོའི་སྤྱོད་ཡུལ་ལ། །སྐྱེ་ཞིང་འཕོ་བའི་ཆོས་མེད་དེ། །རྒྱུ་རྐྱེན་ཡན་ལག་བཅུ་གཉིས་པོ། །སྐུར་པས་བརྟགས་པས་བཤད་པ་ཡིན། །འཁྲུལ་པ་རྣམས་ཀྱི་སྒོ་ཙམ་དུ། །མཁས་པས་དེ་བཞིན་ཤེས་པར་གྱིས། །འགྲོ་བ་རྒྱུད་དྲུག་སྣང་བ་ཡང་། །དང་པོའི་ལམ་དུ་ཤེས་པར་བྱ། །འདོད་སྤྱོད་སྙིང་རྗེས་བརླན་པས་ན། །གང་དུ་དགའ་བར་བྱང་ཆུབ་སྤྱོད། །ཤན་པ་སྨད་འཚོང་མཚམས་མེད་ལྔ། །ཁ་ན་མ་ཐོ་འཇིག་རྟེན་སྤོང་། །ཡོངས་སུ་རྫོགས་པ་ཆོས་ཀྱི་རྩིས། །བདེ་བ་ཆེ་ལས་གཞན་མེད་དོ། །ཡང་ཆོས་ཐམས་ཅད་དེ་བས་ན། །ཆོས་ཀྱི་རང་བཞིན་དེ་ཡིན་པས། །ཆོས་ཀྱིས་ཆོས་ཉིད་བཙལ་བ་དང་། །ནམ་མཁས་ནམ་མཁའ་བཙལ་བ་དང་། །གཞན་ལ་ལྟོས་པའི་ཆོས་ཉིད་ནི། །མེ་ཡིས་མེ་གསོད་པ་འདྲ་སྟེ། །ཤིན་ཏུ་དཀའ་བའི་ལས་བྱེད་པའོ། །རྣམ་པར་མི་རྟོག་སྙིང་པོ་འདི། །ཡོངས་ཀྱི་རྒྱུད་ལ་སྦས་པ་མེད། །མི་ལེན་བྱང་ཆུབ་སྤྱོད་རྣམས་ལ། །རྣམ་པ་ཀུན་ཏུ་རང་བཞིན་གནས། །ཞེས་གསུངས་སོ། །བྱ་མེད་རྫོགས་པའི་ལུང་བཅུ་ལས་མི་གནས་པའི་ཡུལ་མེད་ཀྱི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ལྟ་བ་ཡུལ་མེད་ཀྱི་ལུང་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཇི་ལྟར་སྣང་བའི་ཆོས་རྣམས་ནི། །རང་གི་བྱང་ཆུབ་སེམས་ཡིན་པས། །དེ་ལ་བལྟ་བའི་ཡུལ་མ་མཆིས། །མི་རྟོག་པས་ན་མཉམ་པ་ཉིད། །དེ་བཞིན་ནམ་མཁའི་དགོངས་པ་སྟེ། །རྣལ་འབྱོར་ཞེས་ནི་དེ་ལ་བྱ། །དབང་པོ་ལྔ་ལ་སྣང་བ་རྣམས། །རང་གསལ་དེ་ལ་མི་རྟོག་པས། །དེ་ཡང་ནམ་མཁའི་དགོངས་པ་གནས། །རྣལ་འབྱོར་དེ་བཞིན་ཉིད་དུ་གནས། །ཚིག་དང་ཡི་གེ་དོན་བརྟགས་པས། །ཚིག་ཡིག་དོན་ལ་བརྟག་མེད་པས། །རྟོག་མེད་མཉམ་པ་དེ་བཞིན་ཉིད། །དེ་ཡང་ནམ་མཁའི་དགོངས་པ་གནས། །བསམ་དུ་མེད་པའི་དོན་འདི་ནི། །ནམ་མཁའ་བཞིན་དུ་ཡེ་གནས་སོ། །ཞེས་གསུངས་སོ། །བྱ་མེད་རྫོགས་པ་ལས་ལྟ་བ་ཡུལ་མེད་ཀྱི་ནམ་མཁའི་དགོངས་པ་བསྟན་པའི་ལེའུ་སྟེ་རྩ་གསུམ་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་བྱ་མེད་རྫོགས་པའི་ལུང་ཕྱག་རྒྱ་བཞུགས་ཚུལ་གྱི་ལེའུ་འདི་བསྟན་ཏོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །སེམས་ཉིད་ཀུན་ཏུ་བཟང་པོ་ཡི། །བཞུགས་ཚུལ་བསྟན་པ་འདི་ལྟ་སྟེ། །བྱང་ཆུབ་སེམས་སུ་བཞུགས་ཙམ་ན། །ཆོས་རྣམས་ཀུན་གྱི་སྙིང་པོར་བཞུགས། །དེ་རྟོགས་ཀུན་བྱེད་རྒྱལ་པོ་ཡིན། །ཀུན་བྱེད་རྒྱལ་པོ་འགྱུར་བ་མེད། །དེས་ན་འགྱུར་བ་མེད་པར་བསྟན། །ཆོས་ཀྱི་སྐུ་རུ་བཞུགས་ཙམ་ན། །གཟུང་འཛིན་སྤྲོས་དང་བྲལ་ནས་བཞུགས། །གཟུང་འཛིན་བྲལ་ལ་འགྱུར་བ་མེད། །ལོངས་སྤྱོད་རྫོགས་སྐུར་བཞུགས་ཙམ་ན། །འདོད་པའི་ཡོན་ཏན་ལྔ་ལྡན་པས། །འདོད་པ་ཕུན་སུམ་ཚོགས་པར་བཞུགས། །སྤྲུལ་པའི་སྐུ་རུ་བཞུགས་ཙམ་ན། །གང་གིས་འདུལ་བའི་དུས་ཙམ་ན། །གང་ལ་གང་དགོས་སྐུ་སྤྲུལ་ནས། །དགོས་པ་ཕུན་སུམ་ཚོགས་པར་བཞུགས། །དུས་གསུམ་འགྱུར་བ་མེད་པར་བཞུགས། །ཆོས་ཀུན་ཕྱག་རྒྱ་ནམ་མཁའི་མཚན་ཉིད་དེ། །ནམ་མཁའི་མཚན་ཉིད་དེ་བཞིན་ཉིད། །སྐུ་གསུམ་མཚན་ཉིད་དེ་བཞིན་གནས། །ཐམས་ཅད་དེ་བཞིན་ཉིད་དུ་གནས། །ཇི་ལྟར་སྣང་བའི་ཆོས་ཀུན་ནི། །ཇི་བཞིན་པ་ལ་བཅོས་སུ་མེད། །བཙལ་ཞིང་བསྒྲུབ་པ་ཐམས་ཅད་ཀྱིས། །སྔ་བ་བགྲོད་པས་ཕྱིན་པ་གཅིག་ཀྱང་མེད། །སྔ་མ་བྱས་པས་ཟིན་པ་གཅིག་ཀྱང་མེད། །བསྒྲུབས་ཤིང་བཙལ་བས་སྔ་མ་གྲུབ་པ་མེད། །ཐམས་ཅད་ཇི་བཞིན་པ་ལ་འགྱུར་བ་མེད། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་བྱ་མེད་རྫོགས་པ་ཕྱག་རྒྱ་འགྱུར་མེད་ཀྱི་ལུང་གི་ལེའུ་སྟེ་རྩ་བཞི་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཁམས་གསུམ་གྱི་སེམས་ཅན་ལ་རང་གི་སེམས་སྟོན་པ་ཡིན་པར་བསྟན་པ་འདི་གསུངས་སོ། །ཀྱེ། ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན། །རང་གི་བྱང་ཆུབ་སེམས་དེ་ནི། །སྟོན་པ་ཡིན་པར་མངོན་བསྟན་ན། །བསྐལ་པ་བརྒྱ་ཕྲག་སྟོང་དུ་ནི། །རང་སེམས་སྟོན་པར་མ་མཐོང་བས། །ཀུན་བྱེད་རྒྱལ་པོ་ང་ཡིས་ནི། །རང་སེམས་སྟོན་པ་མངོན་ཕྱུང་བས། །རང་སེམས་སྟོན་པའི་ཆོས་ཉོན་ཅིག །ཀུན་བྱེད་རྒྱལ་པོ་ང་ཡིས་ནི། །ཀུན་རྒྱུ་བྱང་ཆུབ་སེམས་ལས་ནི། །སེམས་ཀྱི་ངོ་བོ་འབྱུང་ཆེན་ལྔ། །སྟོན་པ་བྱང་ཆུབ་སེམས་ལྔ་ཕྱུང་། །སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུ། །ཆོས་ནི་རང་གི་ངོ་བོས་འཆད། །སྟོན་ནི་རང་གི་རང་བཞིན་སྟོན། །སྟོན་པ་ལོངས་སྤྱོད་རྫོགས་སྐུ་དེ། །དགོངས་པ་ཉིད་ལ་ཉིད་མི་རྟོག །ཡུལ་ཆོས་གཞན་ལའང་རྟོག་མི་བྱེད། །བྱང་ཆུབ་སེམས་ཀྱི་སྟོན་པ་ལྔས། །ཀུན་ཀྱང་ཆོས་ཉིད་དེ་བཞིན་སྟོན། །བྱང་ཆུབ་སེམས་ཀྱི་ཡེ་ཤེས་དེས། །སྟོན་པ་ས་ཡི་སྐུར་བྱུང་ནས། །ཚིག་དང་ཡི་གེས་མི་སྟོན་ཏེ། །རང་གི་རང་བཞིན་སྟོན་བྱེད་པ། །བདག་ཏུ་མི་རྟོག་གཞན་མི་རྟོག །མི་རྟོག་མཉམ་པའི་དགོངས་པ་སྟོན། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས། །དེ་རྟོགས་སངས་རྒྱས་ཀུན་དང་མཉམ། །རྩོལ་བའི་ཆོས་ཉིད་མ་བཙལ་གྲུབ། །བྱང་ཆུབ་སེམས་ཀྱི་ཡེ་ཤེས་དེས། །སྟོན་པ་ཆུ་ཡི་སྐུར་བྱུང་ནས། །ཚིག་དང་ཡི་གེས་མི་སྟོན་ཏེ། །རང་གི་ངོ་བོས་སྟོན་བྱེད་པ། །བདག་ཏུ་མི་རྟོག་གཞན་མི་རྟོག །མི་རྟོག་མཉམ་པའི་དགོངས་པ་སྟོན། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས། །དེ་རྟོགས་སངས་རྒྱས་ཀུན་དང་མཉམ། །རྩོལ་བའི་ཆོས་ནི་མ་བཙལ་གྲུབ། །བྱང་ཆུབ་སེམས་ཀྱི་ཡེ་ཤེས་དེས། །སྟོན་པ་མེ་ཡི་སྐུར་བྱུང་ནས། །ཚིག་དང་ཡི་གེས་མི་སྟོན་ཏེ། །རང་གི་ངོ་བོས་ཆོས་སྟོན་པ། །བདག་ཏུ་མི་རྟོག་གཞན་མི་རྟོག །མི་རྟོག་མཉམ་པའི་དགོངས་པ་སྟོན། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས། །དེ་རྟོགས་སངས་རྒྱས་ཀུན་དང་མཉམ། །རྩོལ་བའི་ཆོས་ཉིད་མ་བཙལ་གྲུབ། །བྱང་ཆུབ་སེམས་ཀྱི་ཡེ་ཤེས་དེས། །སྟོན་པ་རླུང་གི་སྐུར་བྱུང་ནས། །ཚིག་དང་ཡི་གེས་མི་སྟོན་པར། །རང་གི་ངོ་བོས་ཆོས་སྟོན་པ། །བདག་གཞན་གཉིས་སུ་མི་རྟོག་པར། །མི་རྟོག་མཉམ་པའི་དགོངས་པ་སྟོན། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས། །དེ་རྟོགས་སངས་རྒྱས་ཀུན་དང་མཉམ། །རྩོལ་བའི་ཆོས་ནི་མ་བཙལ་གྲུབ། །བྱང་ཆུབ་སེམས་ཀྱི་ཡེ་ཤེས་དེས། །སྟོན་པ་ནམ་མཁའི་སྐུར་བྱུང་ནས། །ཚིག་དང་ཡི་གེས་མི་སྟོན་ཏེ། །རང་གི་ངོ་བོས་ཆོས་སྟོན་པ། །བདག་གཞན་གཉིས་སུ་མི་རྟོག་པར། །མི་འབྱེད་པ་ཡི་དགོངས་པ་སྟོན། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས། །མངོན་ཕྱུང་སྟོན་པ་དེ་རྣམས་ཀྱིས། །རང་གི་ངོ་བོས་ཆོས་འཆད་པ། །འདི་ཡིས་ཀུན་ཀྱང་རིག་པར་གྱིས། །ཀྱེ། ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན། །ཀུན་བྱེད་རྒྱལ་པོ་ང་ཡིས་ནི། །ཁྱེད་རྣམས་ང་ཡིས་བྱས་པའི་ཕྱིར། །ང་ཡི་སྲས་ཡིན་ང་དང་མཉམ། །ང་དང་མི་གཉིས་ང་ཡིན་ཕྱིར། །ང་ཡིས་ཁྱེད་ལ་མངོན་ཕྱུང་བ། །ང་ཡི་ངོ་བོ་སྟོན་པ་ལྔས། །རང་བཞིན་རྣམ་ལྔ་གཅིག་ཏུ་བསྟན། །གཅིག་ནི་ཀུན་བྱེད་ང་ཡིན་གྱིས། །དེ་བཞིན་ཁྱེད་ཀྱང་ཡིད་ཆེས་ཀྱིས། །ཀྱེ། ཁམས་གསུམ་སེམས་ཅན་མ་ལུས་ཀུན། །ང་མེད་ཙམ་ན་ཁྱེད་ཀྱང་མེད། །ཁྱེད་མེད་ཙམ་གྱི་དུས་ཙམ་ན། །སྟོན་པ་ལྔ་ཡང་འབྱུང་མི་འགྱུར། །མི་རྟོག་ཆོས་ཀྱང་སྟོན་མི་འགྱུར། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རང་སེམས་སྟོན་པར་ཕྱུང་བའི་ལེའུ་སྟེ་རྩ་ལྔ་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་སེམས་ལས་བྱུང་བའི་ཆོས་ཆེན་པོ་ལྔ་སྟོན་པར་བྱུང་བའི་རྟགས་སུ་མ་སྐྱེས་པའི་བྱང་ཆུབ་སེམས་སྟོན་པར་ཞལ་གྱིས་བཞེས་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །བསམ་འདས་བརྗོད་དུ་མེད་པའི་བྱང་ཆུབ་སེམས། །སྟོན་པའི་སྒྲོན་མར་གྱུར་པས་ཡོན་ཏན་རབ་བསྔགས་པ། །ཆོས་ཀྱི་སྙིང་པོར་གྱུར་པས་འཇམ་དཔལ་གཞོན་ནུ་ཉིད། །བྱ་བྲལ་ལྷུན་རྫོགས་བདེ་བའི་ལྷུན་ལ་གནས། །ཚུལ་ཁྲིམས་ལ་སོགས་སྤྱོད་པ་རྒྱ་མཚོའི་གཞིར་གྱུར་པའི། །ཇི་སྙེད་རྣམ་པར་གྲོལ་བའི་ལམ་བསྟན་པ། །བདེ་གཤེགས་ཡུམ་འགྱུར་ཀུན་གྱི་མཚུངས་ལམ་དེ། །དེ་མེད་མི་འབྱུང་དེ་ཕྱིར་དེ་ནི་རྣམ་གྲོལ་མཆོག་གི་ལམ། །ཕྲ་ཞིང་ཤེས་དཀའ་ཀུན་གྱི་ལམ་སྟེ་མི་རྟོག་རྟོག་ལས་འདས། །མི་གནས་མི་དམིགས་སྤྲོས་མེད་བསམ་པ་ཀུན་དང་བྲལ། །ཚིག་གིས་མི་ཕེབས་དབྱིབས་དང་ཁ་དོག་སྤྱོད་ཡུལ་མེད། །བསྟན་ཅིང་བརྟག་པར་དཀའ་ལ་བརྗོད་དུ་རྡུལ་ཙམ་མེད། །སྔོན་གྱི་དྲང་སྲོང་ལམ་དུ་གང་ཞུགས་པ། །བསྒོམ་ཆགས་ལམ་གྱི་ནད་ཀྱིས་ཟིན་ཏ་རེ། །སྟོན་པའི་ལུང་བཞིན་ཚིག་གི་མཐའ་སྤྱོད་ལམ་དུ་དེ་མཐོང་ན། །དེ་ནི་རྟོག་པའི་རྒྱུན་འབྲངས་སྨིག་རྒྱུ་བསྙེགས་པ་འདྲ། །ཡང་དག་ལམ་ནི་ཚིག་གིས་མཚོན་དུ་མེད། །ཡང་དག་ཉིད་དུ་བསྟན་པ་ང་ཡིས་འཁྲུལ། །དག་དང་མ་དག་གཉིས་མེད་འདྲེས་ཤིང་མཚུངས། །རྣམ་པ་ཅིར་ཡང་མ་འབྱེད་ཡེ་ཤེས་གཏི་མུག་དང་། །ཐོགས་མེད་གསལ་བའི་མར་མེ་བསམ་པ་ཀུན་དང་བྲལ། །ངང་གིས་མི་གཡོ་རྨུགས་ཤིང་ཏིང་འཛིན་རྒྱལ་པོར་གནས། །མངོན་སུམ་མཐོང་བས་མཐོང་མེད་མངོན་སུམ་མཐོང་བའི་མིག །དེ་ཕྱིར་ཐམས་ཅད་མཁྱེན་པའི་སྤྱན་ཞེས་དེ་ལ་བྱ། །མཐའ་དང་དབུས་མེད་ཡངས་པའི་སྙིང་པོ་ལ། །མི་ལེན་མི་འདོར་མཉམ་པའི་རྒྱལ་པོར་གནས། །སེམས་དང་བག་ཆགས་གཉིས་མེད་འདྲེས་ཤིང་མཚུངས། །འཛིན་པས་བརྟགས་ཤིང་སྣང་བའི་ཆོས་རྣམས་ནི། །རང་གི་རྒྱན་དུ་སྣང་བས་མི་འདོར་སྤོང་མི་བྱེད། །ཅིར་ཡང་མི་དགོས་ཐབས་ཀྱིས་དེ་ལ་རོལ། །ཀུན་དང་མི་མཐུན་ཡོངས་ཀྱིས་སྤོང་བའི་ཆོས། །ཉོན་མོངས་ལྔ་དང་མཚམས་མེད་ལྔ་པོ་ཡི། །རྣམ་དག་ལམ་དེར་ཞུགས་ནས་མཉམ་པའི་རྒྱལ་པོ་ཐོབ། །བུད་མེད་ལ་སོགས་ཀུན་ཀྱང་སྤོང་མི་བྱེད། །ལོ་རྒྱུས་དོན་གཉིས་ཚད་མའི་བློར་བཞག་ནས། །ཏིང་འཛིན་གསུམ་པོ་བརྟན་ནས་གྲུབ་པའི་མཐའ་སྤྱོད་པ། །རྩོད་བྲལ་ལུང་ལས་གོལ་ཞེས་འཁྲུལ་པ་ཡིན། །བྱ་བྲལ་ལྷུན་རྫོགས་བདེ་བའི་ལྷུན་ལ་གནས། །ཡེ་ཤེས་རང་བྱུང་ཆེ་བའི་སྙིང་པོ་ཉིད། །མི་གཡོ་མི་འགྱུར་བསྙད་པ་ཀུན་དང་བྲལ། །ཟིན་པའི་བདུད་རྩིས་རྩོལ་བའི་སྡུག་བསྔལ་འཇོམས། །བྱ་བྲལ་ཟིན་པའི་ཡུལ་ལ་ཇི་བཞིན་གནས། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཆོས་རྣམས་ཐམས་ཅད་ཐིག་ལེ་ཆེན་པོའི་རང་བཞིན་ཡིན་པས་ན། །སྤྲོས་པ་མེད་ཅིང་བསྡུས་པ་མེད། །སྐྱེ་བ་མེད་ཅིང་འགག་པ་མེད། །འགོག་པ་མེད་པར་དེ་བཞིན་གནས། །རྣམ་པར་མི་རྟོག་སྙིང་པོ་འདི། །ནམ་མཁའ་བཞིན་དུ་ཡེ་གནས་པས། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་བྱ་མེད་རྫོགས་པ་བསྒོམ་དུ་མེད་པའི་ལེའུ་སྟེ་རྩ་དྲུག་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཉིད་ཀྱི་གདམས་ངག་ཕོག་པ་དང་མཐུན་པའི་ལུང་ཆེན་པོ་རིམ་གྱིས་བསྟན་ཏེ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཆོས་རྣམས་ཐམས་ཅད་ང་ལས་བྱུང་བ་ན། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །ཡེ་ནས་རྣམ་དག་དབྱིངས་ཀྱི་ལུང་དུ་བསྟན། །ཕྱི་དང་ནང་ཀུན་ཡེ་ནས་ཆོས་ཀྱི་དབྱིངས། །ཡེ་ནས་རྣམ་པར་དག་པའི་སྤྱོད་ཡུལ་ལ། །སངས་རྒྱས་དང་ནི་སེམས་ཅན་གཉིས་སུ་མེད། །ལམ་དང་གཉེན་པོས་བཅོས་སུ་ག་ལ་ཡོད། །བསྒྲུབ་མེད་རྩལ་སྤྲུགས་སྨོན་པ་མེད་པས་ན། །བྱ་མེད་ལྷུན་རྫོགས་སྔ་མ་དེ་ཉིད་དོན། །རྟོག་སྤྱོད་རྣམ་དག་གཉིས་མེད་ཆོས་དབྱིངས་ལ། །ལོག་རྟོག་བྱིས་པའི་སྤྱོད་པས་ཅི་ཞིག་བསླུས། །གཉིས་མེད་བདེ་ཆེན་སེམས་ཅན་ཀུན་སྤྱོད་ལ། །འཁྲུལ་པས་ནོར་བའི་ལམ་དུ་བརྟགས་པ་ཡང་། །གོང་དུ་བསྟན་པའི་ལམ་ཆེན་དེ་ལ་མི་གཉིས་པས། །མཉམ་པར་ཤེས་པས་སངས་རྒྱས་ཀུན་གྱི་རྗེ། །ང་དང་བདག་ཏུ་རྟོག་པ་མུ་སྟེགས་འཁྲུལ་པའི་ལམ། །བྱིས་པས་བསླུས་པས་ཆོས་སྤྱོད་རྟོག་པའི་ལམ་ལ་བཙུད་པ་ནི། །ཕྱིན་པའི་དུས་མེད་རྟོགས་པའི་དུས་མེད་པས། །ཆོས་ཉིད་ཆོས་ཚོལ་རྙེད་པར་ག་ལ་འགྱུར། །ཚད་མར་མ་གྱུར་སློབ་དཔོན་སྤྲེ་འདྲའི་ལུང་། །བསྟན་དང་ལམ་ནོར་རྟོག་པས་ཟིན་ཏ་རེ། །དེ་བས་གསེར་ལ་ནག་ཚུར་གཏོང་བ་ཡི། །སློབ་དཔོན་ཡང་དག་སྟོན་པའི་རིན་ཆེན་མཛོད། །རིན་ཐང་དཔག་ཏུ་མེད་པས་བླུ་བར་འོས། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་བྱ་མེད་རྫོགས་པ་རྣམ་དག་དབྱིངས་ཀྱི་ལུང་བསྟན་པའི་ལེའུ་སྟེ་རྩ་བདུན་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ཉིད་ཀྱི་རང་བཞིན་འགྱུར་མེད་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ང་ཡི་རང་བཞིན་དབྱིངས་ལ་འགྱུར་བ་མེད། །ང་ཡི་ཡེ་ཤེས་ནམ་མཁའ་འགྱུར་བ་མེད། །ང་ཡི་ཆོས་ཉིད་རང་བཞིན་འགྱུར་བ་མེད། །ང་སེམས་ཆོས་ཀྱི་སྙིང་པོ་འགྱུར་བ་མེད། །དེ་བཞིན་ཐམས་ཅད་འགྱུར་བ་མེད་པ་ལ། །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །རྒྱུ་དང་འབྲས་བུར་ཆོས་ལ་མིང་བཏགས་ནས། །སྤྲུལ་པས་ལུང་བསྟན་དབང་པོ་ཡུལ་སྤོང་འགྱུར། །རང་རྐྱེན་ཆོས་ལྔ་འཆང་བའི་སེམས་ཅན་ལ། །རང་བྱུང་ཆོས་ཉིད་ཡིན་པར་ལུང་མ་བསྟན། །ངན་འགྲོ་སྡིག་སྒྲིབ་ཆེ་ཞེས་ལུང་བསྟན་ནས། །ལུས་ངག་ཡིད་གསུམ་སྡིག་སྤོང་དགེ་བཅུ་སྤྱོད། །རང་བྱུང་ཆོས་ལ་བླང་དོར་སྤྱད་པའི་ཕྱིར། །རང་བྱུང་ཡེ་ཤེས་བསྐལ་མང་འཕྲད་མི་འགྱུར། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །སྤྲུལ་པ་རང་ལས་འདུས་པའི་འཁོར་ཚོགས་ལ། །རང་བྱུང་ཡེ་ཤེས་ལྔ་ཡི་ཆེས་སྤངས་ལ། །ཡེ་ཤེས་ལྔ་སྤོང་དགྲ་ལྔ་ཆོམས་ལུང་བསྟན། །དགྲ་ལྔ་རང་བྱུང་ཡེ་ཤེས་མ་རྟོགས་ཏེ། །རང་སེམས་སྤོང་འགྱུར་ང་ཡིས་ལུང་མ་བསྟན། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །རང་གི་སེམས་ལས་བྱུང་བའི་ཆོས་ཉིད་ལ། །དོན་དམ་ཀུན་རྫོབ་བདེན་པ་རྣམ་གཉིས་ཀྱིས། །སྦྱངས་ནས་རྒྱུ་ལས་འབྲས་བུ་འབྱུང་ཟེར་ནས། །བསྐལ་པ་གསུམ་གྱི་བར་དུ་སྦྱོང་བྱེད་པ། །སྡོམ་དང་ཕ་རོལ་ཕྱིན་བཅུས་རང་མི་འགྱུར། །སེམས་ཉིད་འགྱུར་བར་ང་ཡིས་ལུང་མ་བསྟན། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །རང་སེམས་ཆོས་ཉིད་ཏིང་འཛིན་བྱིན་བརླབས་ནས། །དག་པས་ཆུ་ཟླ་བཞིན་དུ་གསལ་བྱས་ནས། །རྗེར་ལྟས་དེ་ལ་མཉེས་པའི་མཆོད་ཕུལ་བས། །དེ་ལ་རེ་འདོད་གྲུབ་པ་ཐོབ་རེ་བ། །ཆུ་ཟླ་མེད་དེ་རང་སེམས་མ་རྟོགས་པས། །སྐྱེ་བ་བདུན་གྱི་བར་དུ་རང་བྱུང་གི། །ཡེ་ཤེས་མེད་ཅེས་ང་ཡིས་ལུང་མ་བསྟན། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །རང་སེམས་བྱིན་བརླབས་ཆོ་འཕྲུལ་བསྒོམས་པ་ཡི། །ཏིང་འཛིན་ཡེ་ཤེས་སེམས་དཔའ་གྲོགས་མཉམ་དེས། །བདག་འདོད་པ་ཡི་དངོས་གྲུབ་སྟེར་རེ་བ། །རང་བྱུང་ཆོས་ཉིད་དེ་ལ་འདོད་ལེན་མེད། །རང་སེམས་བྱ་མེད་མི་ཚེ་གསུམ་མི་འཕྲད། །ཀུན་བྱེད་ང་ཡིས་ལུང་བསྟན་མ་ཡིན་ནོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ངང་ལས་བྱུང་བའི་ཆོས་ཉིད་ལྷར་བྱས་ནས། །ཕྱག་རྒྱ་བཞི་དང་སྙིང་པོ་འཕྲོ་འདུ་ཡིས། །མི་འགྱུར་བ་ཡི་ཆོས་ཉིད་རྒྱུར་སྒྲུབ་བྱེད། །སེམས་ཀྱི་ཏིང་འཛིན་དབང་གིས་ཐོབ་སེམས་པ། །དེས་ཀྱང་ཐོབ་པར་ང་ཡིས་ལུང་མ་བསྟན། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །གཞི་མ་དབྱིངས་ལ་འགྱུར་བ་མེད་པའི་ཕྱིར། །དབྱིངས་དེ་འགྱུར་བར་ང་ཡིས་ལུང་མ་བསྟན། །དབྱིངས་ལ་དབང་བསྒྱུར་བྱེད་པའི་སྐུ་གསུམ་གྱིས། །རང་འཁོར་ཞི་གནས་ཚོལ་བའི་ཏིང་འཛིན་བསྟན། །དེས་ན་འདྲེན་པའི་ལུང་དུ་བསྟན་པ་ཡིན། །དེ་བཞིན་ནམ་མཁའ་འགྱུར་བ་མེད་པ་དེ། །རང་ཉིད་ནམ་མཁས་ནམ་མཁའ་འགྲུབ་མི་འགྱུར། །དེ་བཞིན་ཆོས་ཉིད་འགྱུར་བ་མེད་པ་དེ། །རང་ཉིད་ཆོས་ཀྱིས་ཆོས་ཉིད་འགྲུབ་མི་འགྱུར། །དེ་བཞིན་སེམས་ཉིད་འགྱུར་བ་མེད་པ་དེ། །སེམས་ཉིད་རང་གིས་སེམས་ཉིད་འགྲུབ་མི་འགྱུར། །མི་འགྱུར་སྒྱུར་བར་བྱེད་པའི་ཏིང་འཛིན་ནི། །དུས་དང་སྨོན་ལམ་རེ་བ་འཇོག་པ་ཡི། །དུས་ལ་ལྟོས་པས་ཏིང་འཛིན་ཚི་ཆད་འགྱུར། །ཀུན་བྱེད་ང་ཡིས་ངེས་ལུང་བསྟན་པ་མེད། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་བྱ་མེད་རྫོགས་པ་འགྱུར་མེད་བཙལ་མི་རྙེད་པའི་ལེའུ་སྟེ་རྩ་བརྒྱད་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་སེམས་རྣལ་དུ་བཞག་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ང་ནི་ཀུན་བྱེད་བྱང་ཆུབ་སེམས། །ཆོས་རྣམས་ཐམས་ཅད་ང་ཡིན་ཏེ། །ང་ཡི་རང་བཞིན་ཐམས་ཅད་ནི། །ཡེ་ནས་རྣལ་དུ་བཞག་པ་ཡིན། །ང་ཡི་རང་བཞིན་བསྟན་པ་ནི། །རྣམ་པ་ལྔ་རུ་ཤེས་པར་བྱ། །སྟོན་པ་བསྟན་པ་འཁོར་གནས་དུས། །རྣམ་ལྔ་རང་བཞིན་རྣལ་དུ་བཞག །སྟོན་པའི་རང་བཞིན་འདི་ལྟར་བཞག །ཆོས་སྐུ་མ་བཅོས་རྣལ་དུ་བཞག །རང་ངའི་རང་བཞིན་དེ་བཞག་ཡིན། །ལོངས་སྤྱོད་མ་བཅོས་ངོ་བོ་བཞག །ང་ཡི་རང་བཞིན་བཞག་པ་ཡིན། །སྤྲུལ་པ་མ་བཅོས་ཐུགས་རྗེ་བཞག །ང་ཡི་རང་བཞིན་བཞག་པ་སྟེ། །རང་བྱུང་ཡེ་ཤེས་བཞག་པ་ཡིན། །གནས་ནི་གང་ན་གནས་པའི་གནས། །དེ་ཡང་རྣལ་དུ་བཞག་པ་ཡིན། །དུས་ནི་སྔ་ཕྱི་གང་ཚོགས་དུས། །རྣལ་བཞག་དུས་སུ་ཚོགས་པ་ཡིན། །ཀྱེ། སེམས་དཔའ་ཆེན་པོ་ད་ཉོན་ཅིག །ཕུན་སུམ་ཚོགས་པ་རྣམ་པ་ལྔ། །མ་བཅོས་རྣལ་དུ་བཞག་པ་ལས། །ཆོས་ཞེས་བྱ་བ་གཞན་ཡོད་མེད། །ཀྱེ་སེམས་དཔའ་ཆེན་པོ། ཕུན་སུམ་ཚོགས་པར་མ་འདུས་པའི། །ཆོས་ནི་གཅིག་ཀྱང་ཡོད་མ་གསུངས། །ཀྱེ། ང་ནི་རྣལ་དུ་བཞག་པ་ཡིས། །ཐམས་ཅད་ཆོས་ཉིད་གྲོལ་བ་ཡིན། །སྟོན་པ་མ་བཅོས་ཆོས་ཉིད་གྲོལ་བ་ཡིན། །བསྟན་པ་མ་བཅོས་ཆོས་ཉིད་གྲོལ་བ་ཡིན། །འཁོར་ཡང་མ་བཅོས་ཆོས་ཉིད་གྲོལ་བ་ཡིན། །ཀྱེ། ཐམས་ཅད་གྲོལ་བར་བཤད་པས་ན། །རང་ལུས་མ་བཅོས་ལྷ་མ་བསྒོམ། །སྨྲ་བའི་ཚིག་དང་ངག་མ་འཆོས། །ཏིང་འཛིན་མ་བྱེད་སེམས་མ་འཆོས། །བཅོས་པས་རྣལ་དུ་འབྱོར་མེད་པས། །རྣལ་དུ་མ་འབྱོར་གྲོལ་མི་འགྱུར། །མ་གྲོལ་ཆོས་ཉིད་མཉམ་མི་ཐོབ། །ཀྱེ། སེམས་དཔའ་ཆེན་པོ་འདི་ལྟ་སྟེ། །བྱང་ཆུབ་སེམས་ཀྱི་ཀུན་བྱེད་རྒྱལ་པོ་ནི། །ཡེ་ནས་འདས་པའི་རྣལ་དུ་བཞག་པ་ལ། །ལྟ་བ་རྣམས་ཀྱིས་རྣལ་དུ་འཇོག་མི་ཤེས། །རྫོགས་ཆེན་ཀུན་བྱེད་ཡེ་ནས་རྣལ་བཞག་ལ། །ཉན་ཐོས་རང་རྒྱལ་རྣམས་ཀྱིས་ཐོས་མཐོང་ན། །དུག་སྐྱེ་ཟེར་ནས་རང་སེམས་སྤོང་འགེགས་འགྱུར། །དེས་ཀྱང་ལྟ་བ་རྣལ་དུ་འཇོག་མ་ཤེས། །བསྐལ་པ་གྲངས་མེད་འཇོག་མི་ཤེས་ལ་གནས། །ཐེག་ཆེན་མདོ་སྡེས་རྫོགས་ཆེན་ཐོས་འགྱུར་ན། །རང་སེམས་དེ་བཞིན་ཉིད་དུ་མ་རྟོགས་ཏེ། །ཇི་བཞིན་ཉིད་དུ་འཇོག་པ་མ་ཤེས་ཏེ། །བགྲོད་ཅིང་སྦྱོང་ལ་བསྐལ་པ་གསུམ་དུ་གནས། །རྗེས་སུ་རྣལ་འབྱོར་སེམས་དཔས་ཐོས་འགྱུར་ན། །འདི་ལྟར་སྣང་བའི་ཆོས་རྣམས་དེ་བཞིན་ལ། །རང་སེམས་དེ་བཞིན་ཉིད་དུ་མ་རྟོགས་པར། །ཇི་བཞིན་རྣལ་དུ་འཇོག་པ་མ་ཤེས་པས། །བྱང་ཆུབ་ཡན་ལག་ཆོ་འཕྲུལ་སྣ་ཚོགས་ཀྱིས། །བྱིན་རློབ་སེམས་ལ་མི་ཚེ་བདུན་པར་གནས། །རྣལ་འབྱོར་ཆེན་པོ་རྣམས་ཀྱིས་ཐོས་འགྱུར་ན། །རྒྱུ་དང་འབྲས་བུའི་བདག་ཉིད་ཡིན་པས་ན། །ཡེ་ནས་ཡིན་ལ་གདོད་རྩོལ་སྒྲུབ་པར་བྱེད། །སྟོང་ཕྲག་གཉིས་དང་བརྒྱ་ཕྲག་དྲུག་ཏུ་ནི། །ཇི་བཞིན་རྣལ་དུ་འཇོག་པ་མི་ཤེས་ཏེ། །ཏིང་འཛིན་གསུམ་གྱི་ས་ལ་གནས་པར་བྱེད། །ཡོངས་སུ་རྣལ་འབྱོར་རྣམས་ཀྱིས་ཐོས་འགྱུར་ན། །ཡེ་ནས་ཡིན་ལ་རྒྱུ་འབྲས་མིང་བཏགས་ནས། །ཇི་བཞིན་རྣལ་དུ་འཇོག་པ་མ་ཤེས་ཏེ། །རྒྱུ་ནི་དག་པ་ཆོས་ཀྱི་དབྱིངས་སུ་གྲུབ། །འབྲས་བུ་དག་པ་ཡེ་ཤེས་དཀྱིལ་འཁོར་གྲུབ། །བར་མ་ཆོད་ཀྱིས་མི་ཚེ་གཅིག་ཏུ་གནས། །ཤིན་ཏུ་རྣལ་འབྱོར་རྣམས་ཀྱིས་ཐོས་འགྱུར་ན། །ཡེ་ནས་སངས་རྒྱས་ས་ལ་གནས་པར་འགྱུར། །བྱ་མེད་བདེ་བ་ཆེན་པོ་འདི་ཡིས་ཐོབ། །བསྒྲུབ་པ་མེད་པར་ཡེ་ནས་སངས་རྒྱས་ཐོབ། །ལྷ་མི་སེམས་ཅན་དབང་པོ་མི་མཐུན་ཏེ། །ལ་ལ་དབང་པོ་སྦྱངས་པའི་འཕྲོ་ཅན་ཡོད། །ལ་ལ་དབང་པོ་ཡེ་ནས་ཆ ིག་ཆོད་ཡོད། །དེས་ན་དགོས་ཆེད་དོན་ཞེས་བསྟན་པ་ཡིན། །ཨ་ཏི་ཡོ་ག་རྫོགས་པ་ཆེན་པོ་ཞེས་བྱ་བ། ཨ་ཏི་ཞེས་ནི་སྒྲ་ཡི་ཚིག་ཏུ་བསྟན། །ཨ་ནི་མ་སྐྱེས་ཆོས་ཉིད་རྣལ་དུ་བཞག །ཏི་ནི་མ་བཙལ་ལྷུན་གྱིས་གྲུབ་པར་བསྟན། །ཡོ་ག་ཤིན་ཏུ་རྣལ་འབྱོར་རྫོགས་ཆེན་ལ། །རྒྱུ་དང་འབྲས་བུ་ཡོད་ཟེར་སྨྲ་བྱེད་པ། །དེ་ནི་རྫོགས་ཆེན་རྟོགས་པའི་དོན་མི་ལྡན། །དོན་དམ་ཀུན་རྫོབ་གཉིས་སུ་སྨྲ་བྱེད་ན། །སྒྲོ་དང་སྐུར་པ་འདེབས་པའི་ཚིག་ཡིན་ཏེ། །དེ་ཡིས་གཉིས་སུ་མེད་པ་རྟོགས་པ་མེད། །དུས་གསུམ་སངས་རྒྱས་རྣམས་ཀྱི་རྟོགས་པ་ཡང་། །གཉིས་སུ་མ་མཐོང་རྣལ་བཞག་ཉིད་དུ་འདོད། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་དགོངས་པ་རྣལ་དུ་བཞག་པའིི་ལེའུ་སྟེ་རྩ་དགུ་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཉིད་ཀྱི་སྙིང་པོ་སེམས་དཔའ་རྡོ་རྗེ་ལ་སེམས་དཔའ་རྡོ་རྗེ་ཉིད་ཀྱི་རང་བཞིན་བྱ་མེད་རྫོགས་པའི་ལུང་མི་ནུབ་པའི་རྒྱལ་མཚན་འདི་གསུངས་སོ། །ཀྱེ། སེམས་དཔའ་རྡོ་རྗེ་ཁྱོད་ཉོན་ཅིག །སེམས་དཔའ་རྡོ་རྗེ་ཁྱོད་ཉིད་ལ། །ཉིད་ཀྱི་རང་བཞིན་བསྟན་པར་བྱ། །ཉིད་ནི་ཀུན་བྱེད་ང་ཡིན་ཏེ། །ང་ནི་ཡེ་ནས་བྱང་ཆུབ་སེམས། །བྱང་ཆུབ་སེམས་ནི་འདི་ལྟའོ། །དེས་ན་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་མི་ནུབ་པའི་རྒྱལ་མཚན་ནམ་མཁའ་ཆེ་འདི་གསུངས་སོ། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། །ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས། །རྣམ་དག་ལམ་ཆེན་ཀུན་སྒྲོལ་ཕྱིར། །མི་སྐྱེ་མི་འགག་ཅིར་མི་དགོངས། །བྱམས་པས་དོན་ཉིད་རྣམ་སྦྱངས་ཕྱིར། །སྙིང་རྗེ་ཆེན་པོ་ཅིར་མི་མཛད། །ཆེ་བས་ཆེ་བའི་ཟབ་མོ་ཡི། །ཡོན་ཏན་ཅིར་ཡང་བསྔགས་པ་མེད། །དོན་རྣམས་ཇི་བཞིན་མི་བསྐྱོད་དེ། །བྱ་བ་མེད་པས་གྲོལ་བས་གྲོལ། །རང་བྱུང་ཡེ་ཤེས་བཙལ་མེད་པས། །གྲོལ་ན་གྲོལ་བའི་ལམ་ཡང་སྟོན། །འབྱུང་བ་ཆེན་པོ་བཅོམ་ལྡན་འདས། །འགྲོ་བ་ཀུན་ལ་རང་བཞིན་གནས། །ཕྱིན་ཅི་ལོག་ཏུ་རྣམ་བརྟགས་ཀྱང་། །གྲོལ་བ་རང་བྱུང་གཞན་ལས་མིན། །ཆེ་བའི་ཡེ་ཤེས་རྙེད་དཀའ་བ། །ཤེས་རབ་ཐབས་ལ་བརྟེན་པས་འགྲུབ། །མིང་ཙམ་གཞན་ལ་བརྟེན་འདྲ་ཡང་། །མངོན་སུམ་བདེ་བ་རང་ལས་འབྱུང་། །ཆོ་འཕྲུལ་ཆེན་པོ་དཀའ་བ་མིན། །ཡོན་ཏན་ཀུན་དང་སྟོབས་ཀྱི་རྣམས། །ཇི་བཞིན་རྟོགས་པ་ཕྲ་བ་ཡིས། །དེ་མ་ཐག་ཏུ་རང་ལས་འབྱུང་། །སྣང་བ་མེད་པའི་ཆོས་ཉིད་ནི། །མ་བཙལ་བཞག་པས་བསྒོམས་པ་ཡིན། །དེ་དང་དེར་ནི་རྣམ་བཙལ་ན། །དེ་ལས་དེ་བཞིན་དེ་མི་འབྱུང་། །མཆོག་ཏུ་གསང་བའི་ཆོས་ཉིད་ནི། །རྣ་དབང་གཞན་ལས་ཐོས་མི་འགྱུར། །དེ་བཞིན་ལྕེ་ཡི་དབང་པོས་ཀྱང་། །དེ་ལ་བརྗོད་དུ་རྡུལ་ཙམ་མེད། །འགྲོ་བའི་སྡུག་བསྔལ་བྱང་ཆུབ་སེམས། །ཀུན་ཏུ་ཆུབ་པས་རྣམ་པར་རོལ། །དེ་ལ་བསྐྱོད་པ་མེད་བཞིན་དུ། །ནམ་མཁའི་མཐའ་ལྟར་མཉམ་པར་གནས། །ཁྱད་པར་ཅིར་ཡང་མཚུངས་པ་ལ། །ལས་སོ་ཞེས་ནི་རྣམ་པར་བརྟགས། །ཅི་སྟེ་ལས་ཀྱི་དབང་འགྱུར་ན། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། །རྒྱུ་ཉིད་རྡོ་རྗེ་རྐྱེན་དང་འདྲ། །མ་སྐྱེས་པས་ན་འཇིག་པ་མེད། །གདོད་ནས་སྙིང་པོ་བྱང་ཆུབ་ལ། །བཙལ་བའི་བསམ་པས་དབྱིངས་མི་བསྐྱོད། །ཡོན་ཏན་ཆེན་པོའི་བསམ་གཏན་ནི། །བསམ་གཏན་ཉིད་པས་བསམ་དུ་མེད། །མ་བསམས་མ་སྦྱངས་ཆོས་བཞིན་དུ། །རྣམ་རྟོག་ཉིད་ལས་ཡེ་ཤེས་སྐྱེ། །ཕྲ་བའི་སྒོ་མོར་མིང་བརྟགས་ཏེ། །སེམས་ཀྱི་དབེན་པ་ལམ་ཚོལ་ཞིང་། །དགོན་པའི་རྒྱུད་དུ་དབེན་འཛིན་ཅིང་། །བརྟགས་ན་རྣམ་པར་རྟོག་འགྱུར་བསྒོམ། །རྒྱུ་དང་འབྲས་བུར་མིང་བཏགས་ཏེ། །དགེ་སྡིག་གཉིས་ཀ་རྣམ་པར་སེལ། །འཇིག་རྟེན་འདི་ལ་འབྱུང་ངོ་ཞེས། །བླང་དོར་བྲོད་པ་མཆོག་ཏུ་བསྐྱེད། །ཆགས་དང་མ་ཆགས་ཚིག་གི་ལམ། །དབུ་མ་བཞིན་ཏེ་བྲག་ཅ་འདྲ། །བདེ་དང་སྡུག་བསྔལ་རྒྱུ་མཐུན་ཞེས། །འགྲོ་བའི་མགོན་པོ་སེམས་དཔས་གསུངས་། །འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་། །བྱང་ཆུབ་སེམས་དཔའི་ལམ་ལས་བྱུང་། །ཀུན་སྤྱོད་ཡོན་ཏན་རྣམ་ལྔ་ཡང་། །ཆོས་ཉིད་དབྱིངས་ཀྱི་རྒྱན་ཞེས་གསུངས། །ནམ་མཁའ་རྟོག་པ་སྐྱེ་མེད་ཅིང་། །རྟོག་པ་དེ་ཉིད་ནམ་མཁའ་འདྲ། །མི་ཆགས་ནམ་མཁའི་བསྔོ་བ་ལས། །རང་དོན་ཆེན་པོ་ནམ་མཁའ་འབྱུང་། །རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ། །བཟུང་བས་མི་ཟིན་ཆུ་ཟླ་འདྲ། །ཀུན་ཏུ་བཟང་པོའི་རོལ་པ་ཡིས། །ཨཱ་ལི་ཀཱ་ལི་ཟབ་ཏུ་བསྟན། །འདི་ནི་ཨ་དང་མཛེས་པའི་ཏ། །པ་དང་ཡན་ལག་སྤྲོས་པ་བཞིན། །འཇིག་རྟེན་ཡོངས་ཀྱི་སྤྱོད་ཡུལ་ལ། །སངས་རྒྱས་གསུང་གི་ཟབ་མོ་འབྱུང་། །ཨེ་མའོ་སངས་རྒྱས་སྤྱོད་ཡུལ་འདི། །བཙལ་བས་རྙེད་པའི་གནས་མེད་དེ། །དྲུག་གི་ཆོས་བཞིན་ཡུལ་མེད་པས། །ལྡོངས་པས་ནམ་མཁའ་བསྙབས་པ་བཞིན། །གོང་ནས་གོང་དུ་ཚངས་པའི་ལམ། །བྱ་བྲལ་ཆོས་དང་མཐུན་པ་མིན། །ཅི་སྟེ་ལམ་ལ་བགྲོད་འགྱུར་ན། །ནམ་མཁའི་མཐའ་བཞིན་ཐོབ་པ་མེད། །དེ་ལྟར་དེ་བཞིན་དེ་ཡི་ཕྱིར། །དེ་ལ་དེ་བསྟན་དེ་ཡང་ཐོབ། །དེ་ནི་སྙིང་པོ་དེ་བས་ན། །དེ་ལས་དེ་བྱུང་ངོ་མཚར་ཆེ། །སྔོན་གྱི་དེ་དང་ད་ལྟར་དེ། །དེ་བཞིན་དེ་ཡི་གནས་སུ་ཆེ། །དེ་ལྟར་དེ་ཡི་ལམ་འདྲ་བ། །དེ་ནི་དེ་ཡི་རང་བཞིན་ནོ། །དེ་དང་འདྲ་བ་ཡོངས་ཀྱི་ལམ། །ཟླ་བ་ལས་བྱུང་རྟེན་དང་བཅས། །ཀུན་གྱི་མཉམ་ཉིད་ཡིན་པ་ལ། །ཕྱོགས་སུ་བལྟས་པས་གྲུབ་པ་མེད། །ད་ལྟར་བདེ་དང་ཕྱི་མར་བདེ། །མངོན་སུམ་པ་དང་རྒྱབ་ནས་འབྱུང་། །དེ་ཡང་རྣམ་པའི་སྐྱོན་ཡིན་པས། །དེ་ལ་བརྟེན་པར་མི་བྱའོ། །དུས་གསུམ་གཅིག་སྟེ་ཁྱད་པར་མེད། །སྔོན་མེད་ཕྱིས་མེད་གདོད་ནས་འབྱུང་། །ཆོས་སྐུས་ཁྱབ་པས་གཅིག་པའི་ཕྱིར། །ཆེ་བའི་ཆེན་པོ་རང་བཞིན་གནས། །སྲིད་པ་གསུམ་ན་སྦྱོར་བ་ཡང་། །མིང་ཙམ་སྒྱུ་མར་སྣང་བ་སྟེ། །འཁོར་ལོས་སྒྱུར་བའི་གནས་ཆེན་ཡང་། །སྒྱུ་མ་སྦྱོང་བའི་བསྟི་གནས་ཡིན། །རྣམ་སྤྱོད་དུས་ལ་ལྟོས་པ་རྣམས། །དུས་དེ་འབྱུང་བར་མི་འགྱུར་ཏེ། །མ་བྲལ་སྨོན་པ་སྤྱོད་པས་ན། །སྟོང་པའི་མཚན་ཉིད་གསུངས་པ་བཞིན། །གཅིག་སྟེ་རྣམ་པ་ཡོངས་ཀྱིས་མེད། །རྣལ་འབྱོར་ནམ་མཁའི་བྱ་ལམ་གནས། །མ་བྱུང་མ་སྐྱེས་སྙིང་པོ་ལ། །སྒྲོས་བཏགས་ཆོས་ཀུན་ག་ལ་ཡོད། །ཕྱི་ནང་གཉིས་ཀ་ཕྱི་ཉིད་ནང་། །ཟབ་མོ་ཆ་ཤས་རྟོགས་ཡུལ་མེད། །སྲིད་པ་མིང་ཙམ་ལོག་པའི་སྟོབས། །དེ་བས་ཏིང་འཛིན་མཉམ་དང་བྲལ། །དེ་ལ་ཐ་ཚིག་ཕྱི་དང་ནང་། །རང་བཞིན་ཕུང་པོ་ཁམས་བཞིན་གནས། །དུས་གསུམ་འདི་དང་མི་འབྲལ་བས། །ཐ་ཚིག་མིང་དུ་བཏགས་པ་མེད། །མི་གཡོ་བ་ནི་སྐུ་ཡི་རྒྱ། །མི་བསྐྱོད་པས་ནི་ཡེ་ཤེས་ཏེ། །མི་ལེན་པ་ནི་བདག་མེད་ཅིང་། །མི་འདོར་ཚིག་བྲལ་མཉམ་ཉིད་དོ། །གང་དང་གང་གི་གང་དུ་ཡང་། །ཀུན་འཁོལ་ཀུན་སྤྱོད་བདག་ལས་བྱུང་། །འདི་ལ་སྐྱེས་པ་བུད་མེད་ཅེས། །མཉམ་པའི་རྒྱལ་པོས་ཡོད་མ་གསུངས། །འདི་ལ་བརྟུལ་ཞུགས་དྲག་ཤུལ་གྱིས། །གནས་སུ་བྱ་བའི་མིང་མེད་དེ། །ཨ་དང་པར་ནི་རྣམ་ལྡན་ན། །སྒྱུ་མའི་བདེ་བ་འབྱུང་བར་འདོད། །རང་བཞིན་གཅིག་ཏུ་མ་ངེས་པས། །ཇི་ལྟར་བལྟས་པ་དེ་ལྟར་སྣང་། །སྣང་འདོད་རྩོལ་སེམས་བདེ་བ་ཡང་། །དེ་ནི་དེ་སྒྲིབ་སྐྱོན་ཆེན་ཡིན། །བྱང་ཆུབ་ཡན་ལག་ཀུན་གྱིི་སྒོ། །ཆ་ལུགས་བསྒོམས་པས་ཆུ་ཟླ་བཞིན། །མ་གོས་མ་ཆགས་འབྱུང་འགྱུར་ཡང་། །བསྒོམས་པས་བྱིས་པའི་སྤྱོད་ཡུལ་བཞིན། །དཀྱིལ་འཁོར་ཁྲོ་གཉེར་ཆ་ལུགས་ཀྱིས། །ཁྲོ་བདག་ཆེན་པོའི་ལུས་བཟུང་ནས། །ཡི་གེ་མངོན་དུ་བྱུང་ན་ཡང་། །ཞི་བ་དེ་ཉིད་མཐོང་བ་མིན། །ཉོན་མོངས་པ་ཡི་དབང་གིས་ན། །ཏ་ལའི་མགོ་བོ་བཅད་པ་དང་། །ས་བོན་མེ་ཡིས་བསྲེགས་པ་དང་། །དེ་ཡི་དབང་དུ་མི་འགྱུར་སྟོན། །རྣམ་གྲངས་བརྒྱ་སྟོང་ཕྲག་ཡས་པ། །གང་ལྟར་སྤྱད་ཀྱང་མེ་ཏོག་སྐྱེ། །མཚན་མ་མེད་པའི་དབང་གིས་ན། །བསྟི་གནས་དེ་ལས་འབྱུང་མི་འགྱུར། །གླེང་བྲལ་འདི་ལ་གནས་པ་ནི། །རྣལ་འབྱོར་དེ་ནི་སྐལ་བ་བཟང་། །བདག་དང་གཞན་དོན་མི་འབྱེད་པས། །སྒྱུ་མ་ལྷུན་གྲུབ་ཡུལ་ལ་རོལ། །ལྷག་མ་མེད་པས་ཡོངས་སུ་རྫོགས། །འགྱུར་བ་མ་ཡིན་དྲང་པོར་གནས། །ནམ་མཁའ་བཞིན་ཏེ་མཐའ་མཉམ་ཞིང་། །གཞན་ལ་ལྟོས་འགྱུར་ཆོས་མ་ཡིན། །ལྷུན་གྱིས་གྲུབ་པའི་བདེ་ཆེན་དེ། །མཚུངས་པ་མེད་པའི་ཡེ་ཤེས་ཀྱིས། །རང་གི་མཐུ་ཡི་རིག་པ་ལས། །ཆོས་ནི་གཞན་ལས་འབྱུང་མི་འགྱུར། །སླ་ཞིང་དཀའ་ལ་སླ་ཕྱིར་དཀའ། །མངོན་སུམ་མི་གནས་ཀུན་ཏུ་ཁྱབ། །མིང་ཙམ་འདི་ཞེས་བསྟན་པར་ནི། །རྡོ་རྗེ་སེམས་དཔས་མཚོན་དུ་མེད། །ངོ་མཚར་རྨད་བྱུང་རོལ་པ་འདི། །བྱ་བྲལ་ནམ་མཁའ་བཞིན་དུ་གནས། །ཅིར་ཡང་མི་དམིགས་གཏི་མུག་ལས། །དེ་མ་ཐག་ཏུ་རང་ལས་བྱུང་། །འདི་ན་ཐམས་ཅད་མཚུངས་པའི་ལམ། །འགྲོ་བ་ཀུན་གྱི་རང་བཞིན་གནས། །བུས་པས་བསླད་པས་འཁྲུལ་པའི་ཕྱིར། །སྨན་ཉིད་སྨན་པ་ཚོལ་བ་བཞིན། །གོ་བའི་ཡུལ་ན་བདེ་བ་ཆེ། །འདི་ནི་རྣམ་དག་འཇིག་རྟེན་ཡིན། །དེ་ལ་ཕྱོགས་ཀྱི་འོད་འདུས་པས། །ཕྱོགས་བཞི་མཚམས་དང་བླ་འོག་འགྲུབ། །མ་ངེས་འཇའ་ཚོན་ཁ་དོག་ལས། །རིགས་ཀྱི་ཁྱད་པར་མངོན་པར་སྣང་། །དེ་བཞིན་གཡོ་རྡུལ་མི་གཡོ་བ། །འབྱུང་བ་ལྔ་བས་གཙོ་ཆེན་ཡིན། །འདས་དང་མ་འོངས་ད་ལྟར་གྱི། །ཐ་སྙད་མིང་ལ་མི་གནས་ཏེ། །སྐྱེ་འགག་མེད་པར་རྣམ་བརྟགས་ཤིང་། །དེ་ཉིད་དུས་གསུམ་ཆེན་པོར་སྦྱོར། །མཉམ་པས་རིམ་པར་བཀོད་པ་མེད། །གཅིག་པས་ཕྱོགས་བཅུ་བསྔོ་དང་བྲལ། །ཚོགས་ཀྱི་རྒྱན་རྣམས་བཀྲམ་པ་ཡང་། །རང་བཞིན་གནས་པས་འགྲིམ་པ་མེད། །ལྷུན་གྱིས་གནས་པས་མི་བསྔོ་ཞིང་། །གདོད་ནས་དག་པས་བདུད་རྩི་ཡིན། །འདུ་མཆེད་བཅུ་གཉིས་ཁྱད་པར་དུ། །ལྷག་པའི་བསམ་པས་བཟུང་བ་མེད། །ཡིད་ཀྱིས་བསམ་པས་ཡོན་བདག་སྟེ། །བལྟས་པས་ཚོགས་ནི་བཀྲམ་པའོ། །མཐོང་བར་གྱུར་པས་དངོས་གྲུབ་ལ། །དེ་ཉིད་མཉམ་བཞག་རྫོགས་པའོ། །ཡུད་ཙམ་བཟུང་བས་སྦྱོར་བ་ཡིན། །དགའ་བར་གྱུར་པས་དམ་ཚིག་སྟེ། །ཐབས་ཀྱིས་གར་ཐབས་བསྐྱོད་པ་ཡིས། །གཉིས་མེད་སྦྱོར་བ་ཕུལ་བ་ཡིན། །མི་བཟུང་གཏོང་བས་གཏོང་མ་ཡིན། །བྱ་བ་མེད་པའི་ལས་རྣམས་ཏེ། །མི་རྟོག་ཡེ་ཤེས་བགེགས་བསལ་ནས། །མ་གསུངས་མཉམ་བཞག་སྔགས་ཚིག་གོ། །བླ་མ་མཆོད་དང་གཏོང་བ་དང་། །དེ་བཞིན་བསོད་ནམས་ཐམས་ཅད་ཀྱང་། །མ་ཆགས་མི་གཡོའི་སྟོབས་མེད་ན། །བྱས་ན་འཆིང་བ་ཆེན་པོར་འགྱུར། །དེ་བས་དེ་ལུང་དེ་ཉིད་ལ། །དེ་ལ་དེ་སྦྱར་སྒྲིབ་པར་འགྱུར། །དེ་ལྟར་དེ་ལ་དེ་རྟོགས་ན། །དེ་ལ་དེ་ཉིད་གྲུབ་པ་མེད། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རྡོ་རྗེ་སེམས་དཔའི་རང་བཞིན་མི་ནུབ་པའི་རྒྱལ་མཚན་གྱི་ལེའུ་སྟེ་སུམ་ཅུ་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཀུན་བྱེད་ཀྱི་རང་བཞིན་བྱ་མེད་རྫོགས་པ་ལྷུན་གྱིས་གྲུབ་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །སྣ་ཚོགས་རང་བཞིན་མི་གཉིས་ཀྱང་། །ཆ་ཤས་ཉིད་དུ་སྤྲོས་དང་བྲལ། །ཇི་བཞིན་པ་ཞེས་མི་རྟོག་ཀྱང་། །རྣམ་པར་སྣང་མཛད་ཀུན་ཏུ་བཟང་། །ཟིན་པས་རྩོལ་བའི་ནད་སྤངས་ཏེ། །ལྷུན་གྱིས་གནས་པས་གཞག་པ་ཡིན། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རྡོ་རྗེ་ཚིག་དྲུག་གི་ལེའུ་སྟེ་སུམ་ཅུ་རྩ་གཅིག་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་སེམས་དཔའ་རྡོ་རྗེ་ལ་མ་བྱས་དོན་གྲུབ་ཀྱི་ལུང་ངེས་པ་ཚིག་བཞིའི་ལེའུ་འདི་གསུངས་སོ། །ཀྱེ། སེམས་དཔའ་ཆེན་པོ་འདི་ལྟར་དོན་རིག་གིས། །ཇི་ལྟར་སྣང་བ་དེ་བཞིན་ཉིད་དུ་གཅིག །འདི་ལ་སུས་ཀྱང་འཆོས་པར་མ་བྱེད་ཅིག །མ་བཅོས་མཉམ་པའི་རྒྱལ་པོ་དེ་ལ་ནི། །མི་རྟོག་ཆོས་སྐུའི་དགོངས་པ་དེ་ལ་གནས། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ངེས་པ་ཚིག་བཞིའི་ལེའུ་སྟེ་སུམ་ཅུ་རྩ་གཉིས་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཉིད་ལས་བྱུང་བའི་ཆོས་ཉིད་དེ་ཉིད་ཀྱི་རིག་པའི་ཡེ་ཤེས་སེམས་དཔའ་རྡོ་རྗེ་ཞེས་བྱ་བ། ཆོས་ཐམས་ཅད་རིག་པར་བྱེད་པའི་རྒྱལ་པོ་རང་བྱུང་གི་ཡེ་ཤེས་དེ་ལ་ཉིད་ཀྱི་རང་བཞིན་རྟོགས་པར་དཀའ་བ་འདི་བསྟན་ཏོ། །ཀྱེ་སེམས་དཔའ་ཆེན་པོ། ཡིད་ཀྱི་དབང་པོས་སྒྲ་རྟོགས་ཤིག །སྒྲ་ཡིས་དོན་དེ་རྟོགས་རིག་བྱོས། །ཀུན་གྱི་གནས་ནི་ཆོས་ཀྱི་དབྱིངས་ཡིན་ན། །དབྱིངས་ཀྱི་སྒྲ་དོན་ཇི་ལྟར་རིག་པར་བྱེད། །ཀུན་གྱི་བལྟ་ཡུལ་ནམ་མཁའི་ཁམས་འདི་ལ། །ནམ་མཁའི་སྒྲ་དོན་ཇི་ལྟར་རིག་པར་བྱེད། །མངོན་དུ་གསལ་བ་འབྱུང་བ་ལྔ་ཡིན་ན། །མངོན་དུ་སྣང་བའི་དོན་ནི་ཇི་ལྟར་རིག །དེ་ལས་བྱུང་བའི་ཁམས་གསུམ་སེམས་ཅན་ནི། །དེ་ཡི་དོན་ནི་ཇི་ལྟར་རིག་པར་བྱེད། །རིག་པའི་རྒྱལ་པོས་ཉིད་ཕྱིར་ང་ལ་ཉོན། །ཞེས་གསུངས་སོ། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །ཁྱོད་ཀྱི་རང་བཞིན་ཤིན་ཏུ་རྟོགས་དཀའ་བ། །རྣམ་བཞི་བསྟན་པའི་སྒྲ་ཡིས་བདག་གིས་རྟོགས། །དབྱིངས་ཀྱི་སྒྲ་ཡིས་འབྱེད་པ་མེད་པར་རྟོགས། །ནམ་མཁའི་སྒྲ་ཡིས་མ་བསྒྲིབས་གསལ་བར་རྟོགས། །འབྱུང་བའི་སྒྲ་ཡིས་ཀུན་གྱི་སྙིང་པོར་རྟོགས། །སེམས་ཅན་སེམས་ཀྱིས་སྒྲ་དོན་དེ་རིག་བྱེད། །དེ་རིགས་ཀུན་བྱེད་ཤིན་ཏུ་རྟོགས་དཀའ་རིག །ཀུན་བྱེད་ཉིད་ལས་གཞན་ཞེས་བསྟན་པ་མེད། །ཅེས་གསུངས་སོ། །དེ་ནས་ཀུན་བྱེད་རྒྱལ་པོས་རིག་པའི་རྒྱལ་པོ་ལ་སླར་གསུངས་པ། ང་ཡི་རང་བཞིན་རྟོགས་དཀའ་འདི་རིག་ན། །ཆོས་ཀྱི་མདོ་རྩ་ཡན་ལག་ཀུན་རིག་གིས། །རིག་པའི་རྒྱལ་པོ་ཞེས་སུ་མཚན་ཡང་བཏགས། །ཀྱེ། བྱེད་པའི་རྒྱལ་པོ་ཀུན་བྱེད་བྱང་ཆུབ་སེམས། །ཁྱོད་ཀྱི་རང་བཞིན་འདི་ལྟར་ཆོས་ཉིད་འདི། །སེམས་དང་ཡེ་ཤེས་ཆོས་ཉིད་རིག་པ་སྟེ། །དེ་ཡི་རང་བཞིན་བདག་གིས་འདི་ལྟར་མཐོང་། །སེམས་ཉིད་སྤྲོས་བྲལ་སྒྲ་ནི་ཆོས་ཉིད་སྒྲ། །སེམས་ཉིད་མ་བསྒྲིབས་སྒྲ་ནི་ནམ་མཁའི་ཁམས། །སེམས་ཉིད་ངོ་བོ་སྙིང་པོ་འབྱུང་བའི་སྒྲ། །རིག་པ་སོ་སོར་རྟོག་པ་སེམས་ཅན་སེམས། །སེམས་ཀྱི་རང་བཞིན་ལས་ནི་གཞན་མེད་དེ། །ཀུན་བྱེད་རྒྱལ་པོ་སེམས་ལས་གཞན་མེད་དོ། །ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། ང་ཡི་རང་བཞིན་དེ་རིག་ན། །ཀུན་བྱེད་ང་ཡི་རང་བཞིན་རིག་པ་ཡིན། །ང་རིག་གཅིག་རིག་ཀུན་རིག་ཐམས་ཅད་རིག །སེམས་དཔའ་ཆེན་པོ་རྡོ་རྗེ་ཁྱོད་ལ་ནི། །རིག་པའི་རྒྱལ་པོ་ཞེས་སུ་མིང་བཏགས་སོ། །ཀྱེ། རིག་པའི་རྒྱལ་པོས་དེ་ལྟར་རིག་གྱུར་ན། །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །བསྟན་པའི་ཐེག་པ་རྣམ་པ་གསུམ་བྱུང་ནས། །རྒྱུ་ལས་འབྲས་བུ་འདོད་པ་གསུམ་གྱིས་ནི། །བྱ་བའི་ལས་ནི་ལྟ་སྤྱོད་སྣ་ཚོགས་ཀྱིས། །འབྲས་བུ་གསུམ་ནི་གང་དང་གང་སྒྲུབ་པ། །རིག་པའི་རྒྱལ་པོས་ཆོས་དེ་ཇི་ལྟར་རིག །ཅེས་གསུངས་སོ། །རིག་པའི་རྒྱལ་པོས་སླར་གསུངས་པ། །ཀྱེ། ཀུན་བྱེད་རྒྱལ་པོ་ཁྱོད་ལས་བྱུང་བ་ཡི། །སྐུ་གསུམ་སྟོན་པ་ཁྱོད་ཀྱི་ངོ་བོ་གསུམ། །དེ་གསུམ་བསྟན་པ་རྣམ་གསུམ་ཁྱོད་ཀྱི་ལྡེམ་དགོངས་ཏེ། །རིག་པ་སོ་སོའི་སེམས་ལ་ལྡེམ་དགོངས་བསྟན། །དེ་དག་གང་ལ་དགོངས་ནས་ལྡེམ་པ་བསྟན། །མི་འཕྲོ་ཞི་གནས་ཚོལ་ལ་དགོངས་པའི་ཕྱིར། །རང་རེ་གང་འཐད་ཡུལ་ལ་ལྡེམ་དུ་གཞུག །སྐུ་གསུམ་སྟོན་པ་དྲང་ལུང་སྟོན་པ་དེས། །ལ་ལས་ས་དང་ལམ་གྱི་འབྲས་བུ་བསྟན། །ལ་ལས་དངོས་མིན་ཆུ་ཟླའི་འབྲས་བུ་བསྟན། །ལ་ལས་ཉིད་ཀྱིས་ཉིད་བསྒྲུབ་འབྲས་བུ་བསྟན། །སྐུ་གསུམ་བསྟན་པ་ལྡེམ་དགོངས་ལུང་བསྟན་ཏེ། །ངེས་པར་མ་བསྟན་དྲང་བའི་ལུང་བསྟན་ཏེ། །མི་འཕྲོ་ཞི་གནས་ཚོལ་བའི་ཏིང་འཛིན་ཡིན། །རྒྱུ་འབྲས་ཐེག་ཆེན་དྲང་བའི་ལུང་དུ་བསྟན། །ཅེས་གསུངས་སོ། །ཀྱེ། རིག་པའི་རྒྱལ་པོ་སེམས་དཔའ་རྡོ་རྗེ་ཉོན། །དོན་དམ་ངེས་པའི་ལུང་ཞེས་བསྟན་པ་ནི། །རིག་པའི་རྒྱལ་པོས་རིག་གམ་བསྟན་དུ་མེད། །མི་གནས་དམིགས་པར་བྱ་བའི་ཡུལ་མ་ཡིན། །མི་རྟོག་རྟོག་ལས་འདས་པའི་རང་བཞིན་ལ། །ཏིང་འཛིན་མི་བསྒོམ་བསམ་པའི་ཡུལ་དང་བྲལ། །འདོད་པའི་སེམས་མེད་བླང་བའི་འབྲས་བུ་མེད། །མི་རྟོག་ཇི་བཞིན་པ་རུ་གནས་པ་དེས། །ལམ་ལ་མ་བགྲོད་སངས་རྒྱས་ས་རུ་ཕྱིན། །རིག་པ་མ་སྦྱངས་རང་བྱུང་ཡེ་ཤེས་རྙེད། །ཕྲིན་ལས་མ་བཙལ་རང་བཞིན་ལྷུན་གྱིས་གྲུབ། །དམ་ཚིག་མི་སྡོམ་རང་བཞིན་རྣམ་པར་དག །ཡུལ་དང་དབང་པོ་དེ་བཞིན་ཉིད་དུ་གསལ། །སངས་རྒྱས་སེམས་ཅན་གཉིས་སུ་མ་མཐོང་སྟེ། །དེ་བཞིན་ཉིད་དུ་ཐམས་ཅད་གཅིག་པར་མཐོང་། །དེ་བཞིན་ཉིད་ལ་གཅིག་དང་དུ་མ་མེད། །མ་བྱུང་མ་སྐྱེས་པ་ཡི་སྙིང་པོ་ལ། །སྒྲོས་ཀྱིས་བཏགས་པའི་ཐ་སྙད་ག་ལ་ཡོད། །ཀྱེ། སེམས་དཔའ་ཆེན་པོ་རིག་པའི་རྒྱལ། །སངས་རྒྱས་སེམས་ཅན་སྣང་སྲིད་སྣོད་བཅུད་ཀུན། །ཀུན་བྱེད་ང་ཡི་རང་བཞིན་སྒྲོ་སྐུར་བྲལ། །ང་ཡི་རང་བཞིན་དེ་བཞིན་ཉིད་གཅིག་ལ། །སྐུ་གསུམ་སྟོན་པས་སོ་སོར་བསྟན་པ་ཡང་། །དེ་བཞིན་ཉིད་ལ་དྲང་བའི་ལུང་བསྟན་ཡིན། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ངེས་པའི་ལུང་དང་དྲང་བའི་ལུང་བསྟན་པའི་ལེའུ་སྟེ་སུམ་ཅུ་རྩ་གསུམ་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཉིད་ལ་འདུས་པའི་མདོ་འདི་གསུངས་སོ། །ཀྱེ། རྟོགས་པའི་རྒྱལ་པོ་སྒྲ་ཉོན་ཅིག །ཀུན་བྱེད་རྒྱལ་པོ་ང་ཡིས་ནི། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །དགོངས་པའི་དོན་ནི་ང་ལས་འདུས། །ང་ཡི་རང་བཞིན་འདི་ལ་ནི། །སྐུ་འདུས་གསུང་འདུས་དགོངས་པ་འདུས། །ང་ཡི་སྒྲ་ཉོན་དགོངས་འདུས་གྱིས། །ཅེས་གསུངས་སོ། །ཀྱེ། སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས། །ཀུན་བཟང་རྡོ་རྗེ་སེམས་དཔའ་དང་། །རྣམ་གཟིགས་གཙུག་ཏོར་ལ་སོགས་ཏེ། །རབས་བདུན་ཤཱཀྱ་ཐུབ་པ་དང་། །སྟོང་རྩ་གཉིས་ཀྱི་སངས་རྒྱས་དང་། །ལྷུན་གྱིས་གྲུབ་དང་རྡུལ་སྙེད་ཀྱི། །དགོངས་པ་ཁྱོད་ལ་འདུས་ལགས་སམ། །ཞེས་ཞུས་སོ། །དེ་ནས་ཀུན་བྱེད་རྒྱལ་པོས་ཡིན་པའི་སྒྲ་བརྗོད་པ། ཀྱེ། རྟོགས་པའི་རྒྱལ་པོ་ད་ཉོན་ཅིག །ཧོ་ཧོ་ཡིན་པའི་སྒྲ་བརྗོད་དེ། །དཔེ་དང་དོན་དང་རྟགས་གསུམ་གྱིས། །དགོངས་པ་འདུས་པའི་དོན་བསྟན་པ། །ང་ཡི་རང་བཞིན་ནམ་མཁའ་འདྲ། །ང་ཡི་དོན་ནི་ཆོས་ཉིད་ཡིན། །ང་ཡི་ངོ་བོ་བྱང་ཆུབ་སེམས། །ཀྱེ། ང་ནི་མ་བསྒྲིབས་རྟོག་པ་མེད། །རྟོག་མེད་ནམ་མཁའ་ཆོས་ཀྱི་སྐུ། །ང་ནི་མི་རྟོག་བླང་དོར་མེད། །བླང་དོར་མེད་དེ་ནམ་མཁའ་འདྲ། །ནམ་མཁའ་བླང་དོར་མེད་པ་བཞིན། །ཀུན་ཏུ་བཟང་ལ་བླང་དོར་མེད། །བླང་དོར་མེད་པ་ང་ལས་འདུས། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཀྱེ། ང་ནི་མ་སྐྱེས་ནམ་མཁའ་འདྲ། །མ་སྐྱེས་པ་ཡི་ནམ་མཁའ་བཞིན། །རྡོ་རྗེ་སེམས་ལ་སྐྱེ་བ་མེད། །སྐྱེ་མེད་དགོངས་པ་ང་ལ་འདུས། །རྣམ་གཟིགས་རབས་བདུན་ཤཱཀྱ་ཐུབ། །སྟོང་རྩ་གཉིས་དང་རྡུལ་སྙེད་དང་། །ལྷུན་གྲུབ་སངས་རྒྱས་ཐམས་ཅད་ཀྱང་། །དགོངས་པ་ནམ་མཁའི་རང་བཞིན་ཏེ། །སྐྱེ་མེད་མི་རྟོག་བླང་དོར་མེད། །དཔེ་ཡིས་ང་ལ་འདུས་པར་བསྟན། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཀྱེ། གོང་བཤད་སངས་རྒྱས་ཐམས་ཅད་ཀྱི། །དགོངས་པ་དོན་གྱིས་འདུས་པ་ནི། །ཀུན་བྱེད་རྒྱལ་པོའི་རང་བཞིན་ནི། །སྐྱེ་བ་མེད་པར་བསྟན་པ་བཞིན། །སངས་རྒྱས་ཀུན་ལ་སྐྱེ་མེད་པས། །སྐྱེ་མེད་ཆོས་ཉིད་འདུས་པར་བསྟན། །ཀུན་བྱེད་རྒྱལ་པོའི་རང་བཞིན་ལ། །ཆོས་ཉིད་འགག་པ་མེད་པ་བཞིན། །གོང་བཤད་སངས་རྒྱས་ཐམས་ཅད་ཀྱི། །ཆོས་ཉིད་ལ་ནི་འགག་པ་མེད། །དེས་ན་ཆོས་ཉིད་འདུས་པར་བསྟན། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །རྟགས་ཀྱིས་འདུས་པར་བསྟན་པ་ནི། །རྟགས་ནི་ཀུན་རྟགས་བྱང་ཆུབ་སེམས། །ཀུན་བྱེད་རྒྱལ་པོ་སེམས་ཀྱིས་ནི། །ཆོས་ཀྱི་སྐུ་དང་ཀུན་ཏུ་བཟང་། །རྡོ་རྗེ་སེམས་ལ་སོགས་པ་ཡི། །དུས་གསུམ་སངས་རྒྱས་མ་ལུས་པའི། །སྙིང་པོ་རྟགས་ནི་སེམས་སུ་འདུས། །དེས་ན་དཔེ་དོན་གསུམ་དུ་འདུས། །ཀྱེ། ཀུན་བྱེད་རྒྱལ་པོ་ང་ལ་ནི། །སྤྱི་འདུས་སྒོས་འདུས་དགོངས་པ་འདུས། །སྤྱི་འདུས་དཔེ་དོན་རྟགས་འདུས་ལ། །སྒོས་འདུས་རྣམ་པ་ལྔར་འདུས་ཏེ། །ཆོས་སྐུ་དགོངས་པ་འདུས་པ་ནི། །མི་རྟོག་མཉམ་པ་ཉིད་འདུས་ལ། །མི་གཡོ་ཆོ་འཕྲུལ་འབྱིན་པར་ནུས། །ལོངས་སྤྱོད་སྐུ་ཡི་དགོངས་འདུས་པ། །མངོན་སུམ་རང་བཞིན་སྣང་བ་དང་། །འདོད་པ་ཚོགས་པས་འབྱིན་པར་འདུས། །ཀུན་བཟང་དགོངས་པ་འདུས་པ་ནི། །ཇི་ལྟར་སྣང་བ་ཐམས་ཅད་ཀུན། །བཟང་ངན་བླང་དོར་མེད་པ་རུ། །ཀུན་བྱེད་མངོན་དུ་ཕྱུང་བར་འདུས། །རྡོ་རྗེ་སེམས་དགོངས་འདུས་པ་ནི། །མི་སྐྱེ་མི་འགག་དགོངས་པ་འདུས། །རབས་བདུན་ཤཱཀྱ་ཐུབ་པ་དང་། །སྟོང་རྩ་གཉིས་དང་རྡུལ་སྙེད་དང་། །སྐུ་གསུང་ཐུགས་ཀྱིས་དོན་མཛད་པའི། །བྱུང་ཡང་སྐུ་གསུང་ཐུགས་ལས་བྱུང་། །སྐུ་གསུང་ཐུགས་ཀྱི་ཆོས་ཉིད་ལ། །སྐུ་གསུང་ཐུགས་ཀྱིས་དོན་མཛད་ཚུལ། །དེ་ཡང་ཀུན་བྱེད་ཉིད་དུ་འདུས། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། །ང་རུ་མ་འདུས་གཅིག་ཀྱང་མེད། །ནམ་མཁའི་ཁམས་ཀྱི་གཞལ་ཡས་ན། །ང་རུ་མ་འདུས་གཅིག་ཀྱང་མེད། །ཅེས་གསུངས་པས་དེར་སེམས་དཔའ་རྡོ་རྗེ་བསྔངས་ཏེ་བརྒྱལ་ལོ། །དེར་བརྒྱལ་བ་སངས་ནས་ཞུས་པ། ཀྱེ། འདུས་པའི་རྒྱལ་པོ་དེ་ཉོན་ཅིག །བྱས་པའི་ཆོས་དང་ཀུན་འདུས་ན། །མ་བྱས་པ་ཡང་ཀུན་འདུས་སམ། །མ་བྱུང་བ་ཡང་ཀུན་འདུས་སམ། །ཆོས་ཀྱི་དབྱིངས་དང་ནམ་མཁའི་ཁམས། །མུ་སྟེགས་ཕྱིན་ཅི་ལོག་ལྟ་བ། །རྟག་ཆད་གཉིས་སུ་ལྟ་བ་ཡང་། །ཁྱོད་ཀྱིས་མ་ནོར་དགོངས་ཡིན་ན། །སངས་རྒྱས་སེམས་ཅན་ཅི་ལ་གདགས། །མུ་སྟེགས་སངས་རྒྱས་ཅི་ལ་རྒྱ། །ཞེས་གསུངས་སོ། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ཐམས་ཅད་འདུས་པའི་རྒྱལ་པོ་དེས་བཀའ་སྩལ་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ང་ཡི་རང་བཞིན་རྟོགས་འགྱུར་ན། །ཀུན་ཀྱང་འདུས་པར་ཡིད་ཆེས་ན། །སེམས་དཔའ་ཆེན་པོ་ཁྱོད་ཀྱིས་ནི། །ང་ཡི་རང་བཞིན་རྟོགས་མི་འདྲ། །རྟོགས་མི་འདྲ་བས་ཡིད་མི་ཆེས། །ཀུན་བྱེད་བྱང་ཆུབ་སེམས་རྟོགས་ཤིག །ཀུན་བྱེད་བྱང་ཆུབ་སེམས་རྟོགས་ན། །རང་བྱུང་བྱང་ཆུབ་སེམས་དེ་ཡིས། །རྟག་ཆད་གཉིས་ཀྱི་མཐའ་བསལ་ཏེ། །མ་སྐྱེས་གཟུང་འཛིན་བྲལ་བ་ཡིས། །རྟག་པའི་དངོས་པོ་མཐའ་བསལ་ལ། །རང་བྱུང་ཡེ་ཤེས་འགྱུར་མེད་པས། །མེད་པ་ཆད་པའི་མཐའ་ཡང་བསལ། །མུ་ཞེས་བྱ་བ་ཆོས་ཀྱི་དབྱིངས། །སྟེགས་ཞེས་བྱ་བ་རྟོགས་པའི་གནས། །སངས་རྒྱས་སེམས་ཅན་གཉིས་མཐོང་བ། །ཀུན་བྱེད་བྱང་ཆུབ་སེམས་མ་མཐོང་། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་དགོངས་པ་འདུས་པའི་ལུང་གི་ལེའུ་སྟེ་སུམ་ཅུ་རྩ་བཞི་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ཉིད་ཀྱི་བསྟན་པ་གཞན་གྱི་སྤྱོད་ཡུལ་མ་ཡིན་པ་རྫོགས་པ་ཆེན་པོའི་གཞུང་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པ་འདི་བསྟན་ཏེ། ཀྱེ་སེམས་དཔའ་ཆེན་པོ། ང་ཡི་སྤྱོད་ཡུལ་འདི་ནི་དཀའ་བ་སྟེ། །སྒོ་དང་ལྟ་བ་དང་ནི་དམ་ཚིག་དང་། །ཕྲིན་ལས་དང་ནི་བགྲོད་ལམ་གནས་པ་དང་། །ཡེ་ཤེས་ཆོས་ཉིད་རྣམ་པ་བརྒྱད་པོ་འདི། །སྐུ་གསུམ་ཐེག་པ་རྣམ་པ་ལྔ་པོ་ཡི། །ཐེག་པ་གཞན་དང་ལྟ་སྤྱོད་མི་མཐུན་ཏེ། །སྒོ་ནི་བཙལ་དུ་མེད་པའི་སྒོ་ནས་འཇུག །ལྟ་བ་བསྒོམ་དུ་མེད་པར་བསྟན་པ་ཡིན། །དམ་ཚིག་བསྲུང་དུ་མེད་པར་བསྟན་པ་ཡིན། །ཕྲིན་ལས་བཙལ་དུ་མེད་པར་བསྟན་པ་ཡིན། །ལམ་ལ་བགྲོད་དུ་མེད་པར་བསྟན་པ་ཡིན། །གནས་ལ་སྤྱད་དུ་མེད་པར་བསྟན་པ་ཡིན། །ཡེ་ཤེས་མི་རྟོག་བསྐྱོད་པ་མེད་པ་ཡིན། །ཆོས་ཉིད་ཇི་བཞིན་བཅོས་སུ་མེད་པ་ཡིན། །ཀྱེ། སེམས་དཔའ་ཆེན་པོ་དོན་འདི་ནི། །རྒྱུ་འབྲས་ཐེག་པ་ཅན་ལ་བསྟན་འགྱུར་ན། །འཇིག་རྟེན་རྒྱུ་དང་འབྲས་བུའི་ཆོས་བཞིན་དུ། །རྒྱུ་ལས་འབྲས་བུ་འབྱུང་བས་མི་རིགས་ཟེར། །རྒྱུ་ནི་ཁམས་གསུམ་སེམས་ཅན་ལས་བསྒྲུབས་ནས། །འབྲས་བུ་དུས་གསུམ་སངས་རྒྱས་འབྱུང་བར་འདོད། །རྒྱུ་ནི་ལྟ་བ་བསྒོམ་པ་བྱས་པ་ཡིས། །གང་བསྒོམས་འབྲས་བུ་དེ་ཐོབ་འདོད་པ་ནི། བསྒོམ་པ་དེ་ཡིས་འབྲས་བུ་ཐོབ་པ་མེད། །ཐམས་ཅད་ཇི་བཞིན་པ་ཡི་ཆོས་ཡིན་པས། །ཇི་བཞིན་པ་ལ་འཆོས་པར་བྱེད་པ་ནི། །བརྫུན་གྱིས་བདེན་པ་བསླུས་པ་སྡིག་རེ་ཆེ། །ལྟ་བསྒོམ་དམ་ཚིག་ལ་སོགས་རྩོལ་སྒྲུབ་ཀྱིས། །དབང་པོ་ཡུལ་ལ་ཡེངས་པ་ཕྲལ་ནས་ནི། །དབེན་པའི་ཡུལ་ལ་ཐབས་ཀྱིས་ཁྲིད་ནས་ནི། །རྟོག་མེད་མཉམ་པའི་ཐབས་ཀྱིས་བསྟན་པ་ཡིན། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རྫོགས་པ་ཆེན་པོའི་ལུང་བསྟན་པའི་ལེའུ་སྟེ་སུམ་ཅུ་རྩ་ལྔ་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཆོས་ཐམས་ཅད་ཀྱི་རང་བཞིན་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་འདུས་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། ང་ཡི་རང་བཞིན་འདི་རྟོགས་ཤིག །ང་ནི་བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ། །བྱང་ཆུབ་སེམས་ནི་ཀུན་བྱེད་རྒྱལ་པོ་ཡིན། །ཀུན་བྱེད་རྒྱལ་པོའི་རང་བཞིན་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱིས་མ་བྱས་གཅིག་ཀྱང་མེད། །དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས་ཀྱིས་བྱས། །ཁམས་གསུམ་སེམས་ཅན་ལུས་ངག་ཡིད་གསུམ་ཡང་། །ཀུན་བྱེད་ང་ཡི་སྐུ་གསུང་ཐུགས་ཀྱིས་བྱས། །སྣང་སྲིད་སྣོད་བཅུད་བསྡུས་པ་ཐམས་ཅད་ཀྱང་། །ཇི་བཞིན་མ་བཅོས་པ་ཡི་ཆོས་ཉིད་དུ། །ཀུན་བྱེད་ང་ཡི་སྐུ་གསུང་ཐུགས་ཀྱིས་བྱས། །ཞེས་གསུངས་པ་དང་། སེམས་དཔའ་རྡོ་རྗེས་སླར་ཞུས་པ། ཀྱེ། ཀུན་བྱེད་རྒྱལ་པོ་བྱེད་པའི་བདག་པོ་ལགས། །མ་རིག་མ་རྟོགས་དོན་འདི་བཤད་དུ་གསོལ། །ཇི་ལྟར་བྱས་པ་བདག་ལ་བཤད་དུ་གསོལ། །ཞེས་ཞུས་པས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ང་ནི་སྐུ་གསུང་ཐུགས་ཀྱི་རང་བཞིན་ཏེ། །སྐུ་ནི་ཆོས་ཉིད་མངོན་དུ་ཕྱུང་བ་དེས། །ཀུན་བཟང་རོལ་པ་རྨད་དུ་འབྱུང་བ་བྱས། །གསུང་གི་སྒྲ་ཚིག་མངོན་དུ་བསྒྲགས་ནས་ནི། །དོན་གྱི་ཆོས་ཉིད་ཚིག་གིས་གོ་བར་བསྟན། །ཐུགས་ནི་རང་བྱུང་ཡེ་ཤེས་འགག་མེད་ཀྱིས། །སྟོན་པ་ཡེ་ཤེས་སྒྲོན་མ་བྱས་ནས་ནི། །ཆོས་ཉིད་དོན་གྱི་ངོ་བོ་མ་ནོར་སྟོན། །ཀྱེ། སེམས་དཔའ་ཆེན་པོས་དོན་འདི་རྟོགས་པར་གྱིས། །སྣང་སྲིད་སྣོད་བཅུད་དེ་ལྟར་སྣང་བ་ལས། །ང་ལ་སྐུ་ཡི་ངོ་བོ་གཞན་མེད་པས། །རང་གི་ངོ་བོས་འཆད་ཅིང་སྟོན་པ་ཡིན། །སེམས་དཔའ་ཆེན་པོ་ཁྱོད་ཀྱིས་ཀྱང་། །མ་རྟོགས་གཞན་ལ་ཁྱོད་ཀྱིས་ལུང་སྟོན་ཅིག །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ས་ཆུ་མེ་རླུང་ནམ་མཁའི་སྒྲ་གྲགས་དང་། །རྒྱུད་དྲུག་སེམས་ཅན་རྣམས་ཀྱི་སྒྲ་ཚིག་འདི། །ཀུན་བྱེད་ང་ཡི་གསུང་ལས་གཞན་མེད་པས། །ཚིག་སྒྲ་དོན་གྱིས་བསྡེབས་བཤད་དེ་ལ་བྱ། །ཀྱེ། སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་ཀྱང་། །མ་རྟོགས་གཞན་ལ་ཁྱོད་ཀྱིས་ལུང་སྟོན་ཅིག །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཁམས་གསུམ་རྒྱུད་དྲུག་སེམས་ཅན་ཐམས་ཅད་དང་། །འབྱུང་ཆེན་ལྔ་ཡི་མི་རྟོག་མཉམ་ཉིད་དང་། །ཆོས་ཉིད་མི་སྐྱེ་མི་རྟོག་མི་འགག་སྟེ། །ཀུན་བྱེད་ང་ཡི་ཐུགས་སུ་དེ་ལས་མེད། །སེམས་དཔའ་ཆེན་པོ་རྡོ་རྗེ་ཁྱོད་ཀྱིས་ནི། །མ་རྟོགས་གཞན་ལ་ཁྱོད་ཀྱིས་ལུང་སྟོན་ཅིག །སེམས་དཔའ་ཆེན་པོས་འདི་ལུང་མ་བསྟན་ན། །ང་ཡི་རང་བཞིན་ཤིན་ཏུ་མི་རྟོགས་ཏེ། །མ་རྟོགས་ང་དང་འཕྲད་པར་མི་འགྱུར་ན། །དུས་གསུམ་སངས་རྒྱས་རྣམས་ཀྱི་གདུང་འཚོབ་པ། །ཁམས་གསུམ་གནས་པའི་སེམས་ཅན་ཐམས་ཅད་དང་། །ལ་དགུ་ལུང་དགུ་བརྒལ་བའི་ས་བཅུ་དང་། །ཚེ་ལ་དབང་སྒྱུར་ཕྱག་རྒྱ་ལྷུན་གྱིས་གྲུབ་པ་དང་། །རིག་འཛིན་གསུམ་ལ་སོགས་པའི་གདུང་འཚོབ་ཀྱིས། །ཀུན་བྱེད་ང་དང་ཡུན་དུ་འཕྲད་མི་འགྱུར། །ཀུན་བྱེད་ང་དང་ཡུན་དུ་མ་འཕྲད་ན། །ཁམས་གསུམ་རྒྱུད་དྲུག་གནས་པའི་སེམས་ཅན་གྱིས། །རང་གི་རང་བཞིན་རང་གིས་ངོ་མི་ཤེས། །ས་བཅུ་གནས་པའི་བྱང་ཆུབ་སེམས་དཔའ་ཡིས། །གྲངས་མེད་པ་ཡི་བསྐལ་པ་གསུམ་བགྲངས་ཀྱང་། །ཀུན་བྱེད་ང་དང་འཕྲད་པར་ཡང་མི་འགྱུར། །དེས་ཀྱང་རང་གི་རང་བཞིན་ཤེས་མི་འགྱུར། །ལུས་ལ་དབང་བསྒྱུར་རིག་འཛིན་གསུམ་གྱིས་ཀྱང་། །ལུས་ཀྱིས་སངས་རྒྱས་ལོངས་སྤྱོད་སྐུ་བཟུང་ནས། །ཡིད་ཀྱི་དབང་པོ་རང་སེམས་མཐོང་མེད་ལྟ། །དེས་ཀྱང་ཀུན་བྱེད་རྒྱལ་པོ་ང་དང་ནི། །རང་གི་རང་བཞིན་གཉིས་མེད་དེ་མི་མཐོང་། །མ་མཐོང་བར་དུ་ཚི་ཆད་ནད་ཀྱིས་ཟིན། །དེ་བས་ང་ཡི་རང་བཞིན་ལུང་སྟོན་ཅིག །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་སྐུ་གསུང་ཐུགས་སུ་འདུས་པའི་ལེའུ་སྟེ་སུམ་ཅུ་རྩ་དྲུག་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་རྫོགས་པ་ཆེན་པོའི་ཆོས་ཉིད་བསྒོམ་དུ་མེད་པ་འདི་བསྟན་ཏོ། །ཀྱེ། སེམས་དཔའ་ཆེན་པོ་རྡོ་རྗེ་ལ་སོགས་ཏེ། །རིག་འཛིན་གྱི་ནི་ས་ལ་གནས་པ་དང་། །ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་། །ཁམས་གསུམ་སེམས་ཅན་དུས་ལ་བབ་པ་ཡི། །ཀུན་གྱི་དོན་ཆེན་ཀུན་བྱེད་ང་ཡིན་གྱིས། །ང་ཡི་རང་བཞིན་ཆོས་ཉིད་བྱང་ཆུབ་སེམས། །ཆོས་ཉིད་སེམས་ལ་བསྒོམ་མེད་རྟོགས་པར་གྱིས། །རྒྱུ་འབྲས་སྟོན་པའི་སྐུ་གསུམ་སྟོན་པས་ནི། །ང་ཡི་རང་བཞིན་ཆོས་ཉིད་བསྒོམ་མེད་ལ། །འཇིག་རྟེན་རྒྱུ་འབྲས་ཆོས་དང་དོན་མཐུན་པར། །རྒྱུ་ལས་འབྲས་བུ་འབྱུང་བར་ལུང་བསྟན་ནས། །བསྒོམ་པའི་ལུང་ནི་འདི་ལྟར་སོ་སོར་བསྟན། །ཆོས་ཉིད་བྱང་ཆུབ་སེམས་གཅིག་ངོ་བོ་ལ། །སྡུག་བསྔལ་ཀུན་འབྱུང་བདེན་པ་རྣམ་པ་བཞིས། །སྡུག་བསྔལ་ཀུན་འབྱུང་ངན་སོང་རྒྱུ་ཟེར་ནས། །ཆོས་ཉིད་བྱང་ཆུབ་སེམས་དེ་སྤོང་བར་བྱེད། །དེ་ཡིས་ཆོས་ཉིད་མི་མཐོང་སྤངས་པ་ཡིན། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །དོན་དམ་ཀུན་རྫོབ་བདེན་པ་རྣམ་གཉིས་ཀྱིས། །སྦྱིན་དང་ཚུལ་ཁྲིམས་ཕ་རོལ་ཕྱིན་པ་བཅུས། །ས་བཅུ་ལམ་ལ་སྦྱངས་ཏེ་བགྲོད་པ་ཡིས། །ཆོས་ཉིད་མ་མཐོང་སྦྱོང་བའི་ས་ལ་གནས། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །གཟའ་དང་རྒྱུ་སྐར་དུས་ཚིགས་བཟང་སྒོ་ནས། །བྱང་ཆུབ་ལྔ་དང་ཆོ་འཕྲུལ་ཆེན་པོ་བཞིས། །འདི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ལ། །བྱིན་གྱིས་བརླབས་ནས་ལྷ་ཡི་སྐུར་བསྒོམ་པ། །དེ་ཡིས་རང་སེམས་བསྒོམ་མེད་མཐོང་བ་མིན། །ཆོས་གཅིག་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །ཏིང་འཛིན་གསུམ་དང་ཆོ་ག་རྣམ་པ་ལྔས། །རང་རྒྱུད་དག་པའི་རྡོ་རྗེ་ཕུང་པོ་ལ། །བསྙེན་སྒྲུབ་རྣམ་པ་བཞི་ཡི་ལྷ་བསྒོམས་ནས། །སྣང་ལ་རང་བཞིན་མེད་པར་བྱེད་པ་ནི། །བཙལ་ཞིང་བསྒྲུབས་ནས་རང་སེམས་ལྷར་བཅོས་པས། །དེས་ཀྱང་རང་སེམས་བྱར་མེད་མཐོང་བ་མིན། །རང་གི་ཆོས་ཉིད་བྱང་ཆུབ་སེམས་ལ་ནི། །ཀུན་བྱེད་རྒྱལ་པོ་སྟོན་པའི་སྟོན་པས་ཀྱང་། །རང་སེམས་ཡེ་ནས་ཆོས་ཉིད་རང་གྲོལ་བ། །སྟོན་པ་གསུམ་ལ་བསྒོམ་པའི་ལུང་མ་བསྟན། །སྒོམ་སྒྲུབ་བཙལ་ན་རང་སེམས་སྤངས་པ་ཡིན། །ཞེས་གསུངས་སོ། །ཀྱེ། སེམས་དཔའ་ཆེན་པོ་རང་སེམས་གྲུབ་འདོད་ན། །འདོད་པ་མེད་པས་གྲུབ་པ་ཡིན་པའི་ཕྱིར། །རྟོག་མེད་མཉམ་པ་ཉིད་ལ་གནས་མི་བྱེད། །བླང་དང་དོར་མེད་ཡུལ་ལ་རང་བཞིན་གནས། །གཡོས་པ་མེད་པའི་ངང་ལ་ངང་གིས་གནས། །སེམས་ནི་ཇི་བཞིན་པ་ཡི་ངོ་བོ་དེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཉིད་དུ་གྲུབ། །ཇི་བཞིན་པ་ལ་འཆོས་པར་མ་བྱེད་ཅིག །ངོ་བོ་ཉིད་ལས་གཞན་དུ་མ་སྒྲུབས་ཤིག །རང་ཉིད་ཡིན་གྱིས་གཞན་དུ་མ་ཚོལ་ཅིག །བཙལ་ན་རྒྱལ་བས་དབྱིངས་ནས་རྙེད་མི་འགྱུར། །སྔར་བྱས་ཟིན་པས་ད་ནི་བྱེད་མི་དགོས། །སྔར་གྲུབ་ཟིན་པས་ད་གྲུབ་མི་བྱེད་པར། །མི་རྟོག་ཅིར་མི་དགོངས་ལ་མཉམ་པར་ཞོག །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །སྔ་རབས་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་། །རང་གི་སེམས་ལས་གཞན་དུ་ཆོས་བཙལ་མེད། །ཇི་བཞིན་པ་ལ་འཆོས་པར་བྱེད་མ་མྱོང་། །ཏིང་འཛིན་རྣམ་པར་རྟོག་པ་བསྒོམ་མ་མྱོང་། །རང་སེམས་མི་རྟོག་པ་ཡིས་གྲུབ་པ་ཡིན། །ད་ལྟར་བཞུགས་དང་སླད་ཀྱིས་འབྱོན་པ་ཡང་། །རྟོག་མེད་མཉམ་པ་ཉིད་ཀྱིས་གྲུབ་པར་འགྱུར། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་བསྒོམ་དུ་མེད་པའི་མདོ་ལུང་གི་ལེའུ་སྟེ་སུམ་ཅུ་རྩ་བདུན་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་འཁོར་གྱི་སྟོན་པའི་བསྟན་པ་གོལ་ས་དང་སྒྲིབ་པར་གྱུར་པ་འདི་བསྟན་ཏོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །འཁོར་གྱི་སྟོན་པ་རྣམ་གསུམ་གྱི། །བསྟན་པ་གསུམ་ནི་གོལ་སྒྲིབ་སྟེ། །དེ་ཡང་ཇི་ལྟ་བུ་ཞེ་ན། །ངེས་པ་ཐོབ་པའི་ཐེག་པ་དྲུག །རྫོགས་པ་ཆེན་པོའི་གོལ་སར་བསྟན། །དེ་ཡང་ཇི་ལྟ་བུ་ཞེ་ན། །བྱང་ཆུབ་སེམས་དཔའི་མདོ་སྡེ་ནི། །ཀུན་ཏུ་འོད་ཀྱི་ས་འདོད་པ། །བདེན་པ་གཉིས་ཀྱི་རྟོག་དཔྱོད་ཀྱིས། །ཆོས་ཉིད་སྟོང་པ་ནམ་མཁར་འདོད། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྟོག་དཔྱོད་འདས་པའི་བྱང་ཆུབ་སེམས། །རྟོག་དཔྱོད་འདས་ལ་མདོ་སྡེས་བསྒྲིབས། །རྫོགས་ཆེན་རྟོག་དང་དཔྱོད་པ་ནི། །མདོ་སྡེ་དག་ཏུ་གོལ་བར་བཤད། །ཀྲི་ཡ་རྡོ་རྗེ་འཛིན་འདོད་པ། །དག་པ་རྣམ་གསུམ་སྒོར་ཞུགས་ནས། །གཟུང་འཛིན་དག་པའི་ཡུལ་ལ་གནས། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །གཟུང་འཛིན་འདས་པའི་བྱང་ཆུབ་སེམས། །གཟུང་འཛིན་འདས་ལ་ཀྲི་ཡས་བསྒྲིབས། །རྫོགས་ཆེན་གཟུང་དང་འཛིན་བྱེད་པ། །ཀྲི་ཡ་དག་ཏུ་གོལ་བར་བཤད། །ཨུ་པ་ཡ་ཡི་ལྟ་སྤྱོད་ནི། །ཀྲི་ཡ་སྤྱོད་ཅིང་ཡོ་ག་སྒྲུབ། །ལྟ་སྤྱོད་འབྲེལ་བའི་དོན་མེད་པས། །གཉིས་སུ་མེད་པའི་དོན་མ་རྟོགས། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །གཉིས་སུ་མེད་པའི་བྱང་ཆུབ་སེམས། །གཉིས་སུ་མེད་པ་ཨུ་པས་བསྒྲིབས། །རྫོགས་ཆེན་གཉིས་སུ་འབྱེད་པ་ནི། །ཨུ་པ་ཡ་རུ་གོལ་བར་བཤད། །ཡོ་ག་སྟུག་པོ་བཀོད་འདོད་པ། །མཚན་མ་ཡོད་མེད་སྒོར་ཞུགས་ནས། །ཕྱག་རྒྱ་བཞི་ལ་གཙོར་བྱེད་དེ། །བླང་དོར་མེད་ལ་འཇུག་མི་ནུས། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །བླང་དོར་མེད་པའི་བྱང་ཆུབ་སེམས། །བླང་དོར་མེད་ལ་ཡོ་གས་བསྒྲིབས། །རྫོགས་ཆེན་བླང་དང་དོར་བྱེད་པ། །ཡོ་ག་དག་ཏུ་གོལ་བར་བཤད། །མ་ཧཱ་རྡོ་རྗེ་འཆང་འདོད་པ། །ཐབས་དང་ཤེས་རབ་སྒོར་ཞུགས་ནས། །རང་རྒྱུད་དག་པའི་དཀྱིལ་འཁོར་ལ། །བསྙེན་སྒྲུབ་རྣམ་བཞིས་སྒྲུབ་པར་བྱེད། །ཨ་ཏི་ཡོ་ག་བདེ་ཆེན་ནི། །རྩོལ་སྒྲུབ་འདས་པའི་བྱང་ཆུབ་སེམས། །རྩོལ་སྒྲུབ་འདས་ལ་མ་ཧཱས་བསྒྲིབས། །རྫོགས་ཆེན་རྩོལ་སྒྲུབ་བྱེད་པ་ནི། །མ་ཧཱ་ཡོ་གར་གོལ་བར་བཤད། །ཨ་ནུ་དབྱེར་མེད་ས་འདོད་པ། །དབྱིངས་དང་ཡེ་ཤེས་སྒོར་ཞུགས་ནས། །འདི་ལྟར་སྣང་བའི་ཆོས་རྣམས་ལ། །རྒྱུ་ནི་དག་པའི་དབྱིངས་ལྟ་བ། །འབྲས་བུ་ཡེ་ཤེས་དཀྱིལ་འཁོར་ལྟ། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྒྱུ་འབྲས་འདས་པའི་བྱང་ཆུབ་སེམས། །རྒྱུ་འབྲས་འདས་ལ་ཨ་ནུས་བསྒྲིབས། །རྫོགས་ཆེན་རྒྱུ་འབྲས་གཉིས་ལྟ་ན། །ཨ་ནུ་ཡོ་གར་གོལ་བར་བཤད། །ལྟ་སྤྱོད་གཉིས་ཀྱི་གོལ་སྒྲིབ་བསྟན། །ཀྱེ་སེམས་དཔའ་ཆེན་པོ། རྫོགས་པ་ཆེན་པོའི་ལྟ་སྤྱོད་ནི། །རྒྱུ་འབྲས་སྒྲུབ་དང་མི་འདྲ་སྟེ། །ལྟ་སྤྱོད་བྱང་ཆུབ་སེམས་དེ་ནི། །ནམ་མཁའ་ལྟ་བུའི་རང་བཞིན་ཏེ། །ནམ་མཁའ་ལ་ནི་རྟོག་དཔྱོད་འདས། །གང་ཞིག་རྟོག་དཔྱོད་བྱེད་པ་དེས། །བྱང་ཆུབ་ནམ་མཁའ་བཞིན་དུ་འགྲུབ། །རྟོག་དཔྱོད་གཉིས་བྱུང་གོལ་སྒྲིབ་པ། །ལྟ་སྤྱོད་ནམ་མཁའི་རང་བཞིན་ལ། །གང་ཞིག་གཟུང་དང་འཛིན་བྱེད་པས། །བྱང་ཆུབ་ནམ་མཁའ་དེ་མི་འགྲུབ། །གཟུང་འཛིན་གཉིས་བྱུང་གོལ་སྒྲིབ་བོ། །ལྟ་སྤྱོད་རྣམ་པ་གཉིས་བྱུང་ནས། །ནམ་མཁའ་གཉིས་སུ་མེད་པ་བཞིན། །བྱང་ཆུབ་ལ་ནི་གཉིས་སུ་མེད། །གང་ཞིག་གཉིས་སུ་བྱེད་པ་དེས། །བྱང་ཆུབ་ནམ་མཁའ་དེ་མི་འགྲུབ། །ལྟ་སྤྱོད་གཉིས་བྱུང་གོལ་སྒྲིབ་བོ། །བྱང་ཆུབ་ནམ་མཁའི་རང་བཞིན་དེ། །ནམ་མཁའ་ལ་ནི་བླང་དོར་མེད། །གང་ཞིག་བླང་དོར་བྱེད་པ་དེས། །བྱང་ཆུབ་ནམ་མཁའ་དེ་མི་འགྲུབ། །བླང་ཞིང་དོར་བ་གོལ་སྒྲིབ་བོ། །བྱང་ཆུབ་ནམ་མཁའི་རང་བཞིན་དེ། །ནམ་མཁའ་ལ་ནི་རྩོལ་སྒྲུབ་མེད། །གང་ཞིག་རྩོལ་སྒྲུབ་བྱེད་པ་དེས། །བྱང་ཆུབ་ནམ་མཁའ་དེ་མི་འགྲུབ། །རྩོལ་ཞིང་སྒྲུབ་པ་གོལ་སྒྲིབ་བོ། །བྱང་ཆུབ་ནམ་མཁའི་རང་བཞིན་དེ། །ནམ་མཁའ་ལ་ནི་རྒྱུ་འབྲས་མེད། །གང་ཞིག་རྒྱུ་འབྲས་གཉིས་ལྟ་བས། །བྱང་ཆུབ་ནམ་མཁའ་དེ་མི་འགྲུབ། །རྒྱུ་འབྲས་ལྟ་བ་གོལ་སྒྲིབ་བོ། །ཀྱེ་སེམས་དཔའ་ཆེན་པོ། ཆོས་ཀུན་ནམ་མཁའི་རང་བཞིན་ཏེ། །ནམ་མཁའ་ལ་ནི་རང་བཞིན་མེད། །ནམ་མཁའ་ལ་ནི་དཔེ་ཡང་མེད། །ནམ་མཁའ་ལ་ནི་ཚད་ཀྱང་མེད། །ཆོས་རྣམས་ཐམས་ཅད་མ་ལུས་པའི། །དོན་ནི་འདི་ལྟར་ཤེས་པར་བྱ། །ཀྱེ། སེམས་དཔའ་ཆེན་པོ་འདི་རྟོགས་ཤིག །ཐེག་པ་རེ་ལ་ལྟ་བ་རེ། །ལྟ་བའི་ཡུལ་ནི་གཞན་མེད་དེ། །ཆོས་ཉིད་བྱང་ཆུབ་སེམས་འདི་ལ། །གཞན་དུ་ལྟ་བའི་ཡུལ་མེད་པས། །ལྟ་བ་ཞེས་ལྟ་ནོར་བར་བཤད། །ཐེག་པ་རེ་ལ་དམ་ཚིག་རེ། །བྱང་ཆུབ་ལམ་གྱི་སྐྱེལ་མ་བྱེད། །བྱང་ཆུབ་གཟུང་འཛིན་མེད་པའི་ཕྱིར། །གཞན་དུ་བསྲུང་དུ་མེད་པའི་ཕྱིར། །དམ་ཚིག་ལ་ཡང་བསྲུང་དུ་མེད། །ཐེག་པ་རེ་ལ་ཕྲིན་ལས་རེ། །བྱང་ཆུབ་ལམ་གྱི་སྟོང་གྲོགས་བྱེད། ། བྱང་ཆུབ་ལྷུན་གྱིས་གྲུབ་པའི་ཕྱིར། །ཕྲིན་ལས་བཙལ་དུ་མེད་པ་ཡིན། །ལས་ཀྱིས་ལྷུན་གྱིས་གྲུབ་འགྱུར་མེད། །ཐེག་པ་རེ་ལ་གནས་ས་རེ། །བྱང་ཆུབ་ལམ་གྱི་གཞི་རྟེན་བྱེད། །རྫོགས་ཆེན་བྱང་ཆུབ་སེམས་ས་ལ། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །སྐུ་གསུམ་སྟོན་པ་བཞུགས་པ་དང་། །ཁམས་གསུམ་སེམས་ཅན་མ་ལུས་དང་། །སྣང་སྲིད་སྣོད་བཅུད་གནས་པའི་ཕྱིར། །ས་ལ་སྦྱངས་ཤིང་བགྲོད་དུ་མེད། །ཐེག་པ་རེ་ལ་ཆོས་ཉིད་རེ། །རྫོགས་ཆེན་ཆོས་ཉིད་བྱང་ཆུབ་སེམས། །སེམས་ལས་མ་གཏོགས་ཆོས་མེད་པས། །ཐེག་པའི་ཆོས་ཀུན་བྱང་ཆུབ་སེམས། །རྫོགས་ཆེན་རང་བྱུང་ཡེ་ཤེས་ནི། །ཡུལ་ལ་རྟོག་པར་མི་བྱེད་དེ། །མི་རྟོག་མི་བསྐྱོད་ཡེ་ཤེས་སོ། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ལྟ་སྤྱོད་ཀྱི་གོལ་སྒྲིབ་བསྟན་པའི་ལེའུ་སྟེ་སུམ་ཅུ་རྩ་བརྒྱད་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཉིད་ཀྱི་རང་བཞིན་ཐམས་ཅད་ལ་གོལ་ས་དང་སྒྲིབ་པ་མེད་པ་རྒྱལ་བའི་སྙིང་པོ་ཡིན་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ང་ནི་ཀུན་གྱི་བྱང་ཆུབ་སེམས། །དེས་ན་ཀུན་གྱི་སྙིང་པོར་བཤད། །སྐུ་གསུམ་སྟོན་པ་རྣམ་གསུམ་དང་། །དུས་གསུམ་སངས་རྒྱས་བཞུགས་པ་དང་། །ཁམས་གསུམ་སེམས་ཅན་ཐམས་ཅད་དང་། །སྣང་སྲིད་སྣོད་བཅུད་ཐམས་ཅད་ལ། །འབྱུང་བའི་སྙིང་པོ་ང་ལས་མེད། །དེ་ཡང་ཇི་ལྟ་བུ་ཞེ་ན། །མི་རྟོག་མཉམ་པ་དེ་ཉིད་ལས། །སྐྱེ་བ་མེད་པའི་ཆོས་སྐུ་བྱུང་། །རང་གི་ངོ་བོ་དེ་ཉིད་ལས། །འདོད་པ་ལོངས་སྤྱོད་རྫོགས་སྐུ་བྱུང་། །ཐུགས་རྗེ་བྱང་ཆུབ་ཆེན་པོ་ལས། །སྤྲུལ་པས་འགྲོ་བའི་དོན་མཛད་བྱུང་། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །སྔར་འདས་པ་ཡི་སངས་རྒྱས་ཀྱིས། །རང་བྱུང་ཡེ་ཤེས་སེམས་ཉིད་དེ། །མི་རྟོག་རྟོགས་ནས་སྔར་སངས་རྒྱས། །ད་ལྟར་མི་རྟོག་ངང་ལ་བཞུགས། །ད་ལྟར་བཞུགས་པའི་སངས་རྒྱས་ཀྱང་། །རང་བྱུང་ཡེ་ཤེས་སེམས་ཉིད་དེ། །མི་རྟོག་པས་ནི་འགྲོ་དོན་མཛད། །སླད་ནས་འབྱོན་པའི་སངས་རྒྱས་རྣམས། །བྱང་ཆུབ་རང་བྱུང་ཡེ་ཤེས་དེ། །མི་རྟོག་པ་ཡི་ལུང་བསྟན་ནས། །འགྲོ་བའི་དོན་ལ་འབྱུང་བར་ངེས། །རིག་འཛིན་དང་ནི་ས་པ་རྣམས། །རང་བྱུང་བྱང་ཆུབ་སེམས་དེ་ནི། །བལྟས་པས་མཐོང་བ་མ་ཡིན་ན། །རང་སེམས་སྙིང་པོ་དེ་རུ་འཕྲད། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི། །རང་བྱུང་ཡེ་ཤེས་བཀག་མེད་པས། །དབང་པོ་ཡུལ་ལ་རིག་གསལ་བ། །མ་བཅོས་པ་ཡི་བྱང་ཆུབ་སེམས། །དེ་ཉིད་སྙིང་པོ་ཡང་དག་བཤད། །སྣང་སྲིད་སྣོད་བཅུད་ཐམས་ཅད་ཀྱང་། །ང་ཡིས་མ་བསྐྱེད་གཅིག་ཀྱང་མེད། །ཀུན་རྒྱུ་ང་ལས་མ་བྱུང་མེད། །དེས་ན་ཀུན་གྱི་སྙིང་པོར་བཤད། །ང་ནི་ཀུན་ལས་རྒྱལ་བ་སྟེ། །སྐུ་གསུམ་ལས་ཀྱང་ང་རྒྱལ་བ། །སངས་རྒྱས་གསུམ་ལས་ང་རྒྱལ་ལོ། །རིག་འཛིན་བྱང་ཆུབ་སེམས་དཔའ་དང་། །ཁམས་གསུམ་གནས་པའི་སེམས་ཅན་དང་། །སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན། །བྱེད་པ་ང་ཡིན་ཀུན་ལས་རྒྱལ། །ཀུན་བྱེད་བྱང་ཆུབ་སེམས་ང་ཡིས། །བསྟན་པ་ཀུན་གྱི་སྔོན་རོལ་དུ། །བྱང་ཆུབ་སེམས་ཀྱི་བསྟན་པ་བཀོད། །བྱང་ཆུབ་སེམས་ཀྱི་བསྟན་པ་འདི། །ཀུན་གྱིས་དགོད་པར་མི་ནུས་ཏེ། །དེ་ཡང་ཇི་ལྟར་དགོད་ཅེ་ན། །ཆོས་ལ་བྱ་རུ་མེད་པའི་ཕྱིར། །བཙལ་བ་མེད་པའི་སྒོ་ནས་འཇུག །བྱང་ཆུབ་སེམས་ལས་མེད་པའི་ཕྱིར། །བྱང་ཆུབ་སེམས་ཀྱི་ཆོས་ཉིད་ལ། །སེམས་ཀྱིས་བསྒོམ་དུ་མེད་པའི་ཕྱིར། །ལྟ་བ་བསྒོམ་དུ་མེད་པ་བཀོད། །གཟུང་འཛིན་འདས་པའི་ཆོས་ཉིད་ལ། །དམ་ཚིག་བསྲུང་དུ་མེད་པ་དགོད། །ཡེ་ནས་ལྷུན་གྱིས་གྲུབ་པས་ན། །ཕྲིན་ལས་བཙལ་དུ་མེད་པ་བཀོད། །བྱང་ཆུབ་སེམས་ལ་ཀུན་གནས་པས། །ས་ལ་སྦྱང་དུ་མེད་པ་བཀོད། །བྱང་ཆུབ་སེམས་ནི་བགྲོད་པའི་གནས། །སེམས་ཀྱི་ས་ལ་བགྲོད་མེད་པས། །ལམ་ལ་བགྲོད་དུ་མེད་པར་བསྟན། །ཆོས་ཉིད་བྱང་ཆུབ་སེམས་ཡིན་པས། །ཆོས་ཉིད་གཞན་དུ་ལྟ་མི་བྱེད། །ཡེ་ཤེས་རང་བྱུང་ཡེ་ཤེས་ཏེ། །ཡུལ་ལ་རྟོག་པའི་ཡེ་ཤེས་མིན། །ཀུན་བྱེད་བྱང་ཆུབ་སེམས་ང་ནི། །ལྟ་སྤྱོད་ཀུན་ལས་རྒྱལ་བ་དང་། །བྱེད་པའི་སྙིང་པོ་ཡིན་པའི་ཕྱིར། །རྒྱལ་བའི་སྙིང་པོ་ཞེས་སུ་བཤད། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རྒྱལ་བའི་སྙིང་པོའི་ལེའུ་སྟེ་སུམ་ཅུ་རྩ་དགུ་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་བྱང་ཆུབ་ཀྱི་སེམས་ཉིད་ཀྱི་རང་བཞིན་བསྟན་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །བདག་གི་བསྟན་པ་འདི་བཀོད་པས། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །རིག་འཛིན་བྱང་ཆུབ་སེམས་དཔའ་དང་། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན། །རྩོལ་དང་སྒྲུབ་པ་མ་བྱས་པར། །ཡེ་ནས་སངས་རྒྱས་ལུང་བསྟན་པས། །འཁོར་གྱི་སྟོན་པ་རྣམ་གསུམ་གྱི། །རྩོལ་སྒྲུབ་བྱེད་པའི་བརྟན་པ་གསུམ། །གོལ་ས་སྒྲིབ་པས་ཞིག་པར་འགྱུར། །ཞེས་གསུངས་སོ། །དེ་ནས་སེམས་དཔའ་རྡོ་རྗེས་སླར་ཞུས་པ། །ཀྱེ། སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །ཁྱོད་ཀྱི་བསྟན་པ་བྱང་ཆུབ་སེམས། །བྱང་ཆུབ་སེམས་འདི་སངས་རྒྱས་ན། །ཁམས་གསུམ་སེམས་ཅན་སངས་རྒྱས་སམ། །ཁམས་གསུམ་སེམས་ཅན་སངས་རྒྱས་ན། །ཁམས་གསུམ་གནས་སུ་ཅི་སྟེ་འཁོར། །ཞེས་ཞུས་སོ། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་སླར་གསུངས་པ། ཀྱེ། སེམས་དཔའ་ཆེན་པོ་འདི་ཉོན་ཅིག །བྱང་ཆུབ་སེམས་ལས་བྱུང་བ་ཡི། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །ཆོས་ཉིད་མངོན་དུ་བྱུང་བ་སྟེ། །དེ་བཞིན་ཉིད་དུ་གཅིག་པ་ཡི། །ཆོས་ཉིད་ཡུལ་ནི་ལྔ་སྣང་ལ། །འདོད་མི་འདོད་ནི་ལྔ་ལྔ་ལས། །ཉོན་མོངས་སྡུག་བསྔལ་སྐྱེ་ཟེར་ནས། །ཆོས་ཉིད་ཡུལ་ལྔ་སྤོང་བྱེད་པ། །རང་བྱུང་ཡེ་ཤེས་སྣང་བ་དེ། །བསྐལ་པ་གསུམ་དུ་མི་སྤོང་བས། །ཁམས་གསུམ་གནས་སུ་འཁོར་བ་ཡིན། །དེ་བཞིན་ཉིད་དུ་གཅིག་པ་ཡི། །ཆོས་ཉིད་ཡུལ་ནི་ལྔ་སྣང་ལ། །འདོད་དང་མི་འདོད་ལྔ་སྣང་ལ། །འཁོར་བའི་རྒྱུ་ནི་ཡིན་ཟེར་ནས། །ཆོས་ཉིད་ལྔ་པོ་འགེགས་པར་བྱེད། །རང་བྱུང་ཡེ་ཤེས་སྣང་བ་དེ། །བསྐལ་པ་དུ་མར་མི་ཁེགས་པས། །ཁམས་གསུམ་གནས་སུ་འཁོར་བ་ཡིན། །དེ་བཞིན་ཉིད་དུ་གཅིག་པ་ཡི། །ཆོས་ཉིད་ཡུལ་ནི་ལྔ་སྣང་ལ། །འདོད་དང་མི་འདོད་ལྔ་ཡུལ་བྱུང་། །ཆགས་པའི་གནས་ནི་ཡིན་ཟེར་ནས། །ཆོས་ཉིད་ལྔ་པོ་སྦྱོང་བར་བྱེད། །རང་བྱུང་ཡེ་ཤེས་སྣང་བ་དེ། །བསྐལ་པ་ཡུན་དུ་མི་སྤྱོད་པས། །ཁམས་གསུམ་གནས་སུ་འཁོར་བ་ཡིན། །ཆོས་ཉིད་མངོན་དུ་བྱུང་བ་ཡི། །དེ་བཞིན་ཉིད་དུ་གཅིག་པ་ཡི། །ཆོས་ཉིད་ཡུལ་ནི་ལྔ་སྣང་ལ། །འདོད་དང་མི་འདོད་ལྔ་བྱུང་བས། །བྱིན་བརླབས་གནས་ནི་ཡིན་ཟེར་ནས། །ཕྱི་ནང་དག་པར་བྱིན་གྱིས་རློབ། །ཆོས་ཉིད་ལྔ་པོ་དག་པར་བྱེད། །རང་བྱུང་ཡེ་ཤེས་སྣང་བ་དེ། །མི་ཚེ་བདུན་དུ་བྱིན་མི་རློབ། །ཁམས་གསུམ་གནས་སུ་འཁོར་བ་ཡིན། །བྱང་ཆུབ་སེམས་ལས་བྱུང་བ་ཡི། །ཆོས་ཉིད་མངོན་དུ་ཕྱུང་བ་ཡི། །དེ་བཞིན་ཉིད་དུ་གཅིག་པ་ལས། །ཆོས་ཉིད་ཡུལ་ནི་ལྔ་སྣང་ལས། །འདོད་དང་མི་འདོད་ལྔ་འབྱུང་སྟེ། །མཐོ་རིས་ངན་སོང་རྒྱུ་ཟེར་ནས། །དེ་བཞིན་ཉིད་ལ་བླང་དོར་བྱེད། །རང་བྱུང་ཡེ་ཤེས་སྣང་བ་དེ། །རང་གི་རྐྱེན་གྱིས་དོར་མི་བཏུབ། །མི་བཏུབ་དོར་བར་བྱེད་པས་འཁོར། །བྱང་ཆུབ་སེམས་ལས་བྱུང་བ་ཡི། །མངོན་དུ་ཕྱུང་བའི་ཆོས་ཉིད་དེ། །དེ་བཞིན་ཉིད་དུ་གཅིག་པ་ལས། །ཆོས་ཉིད་ཡུལ་ནི་ལྔ་སྣང་སྟེ། །འདོད་དང་མི་འདོད་ཡུལ་ལྔ་སྟེ། །སྐུ་གསུང་ཐུགས་སུ་ཤེས་བྱས་ནས། །སྐུ་གསུང་ཐུགས་སུ་གདོད་སྒྲུབ་བྱེད། །ཡེ་ནས་ཡིན་ལ་སྒྲུབ་བྱེད་པས། །སྒྲུབ་པ་ཉིད་ཀྱིས་འཁོར་བ་ཡིན། །ཀྱེ། སེམས་དཔའ་ཆེན་པོ་དེ་བས་ན། །བྱང་ཆུབ་སེམས་སྤངས་ཕ་རོལ་ན། །རང་བྱུང་ཡེ་ཤེས་ཡེ་ནས་མེད། །འཁོར་བ་སྤངས་བའི་ཕ་རོལ་ན། །མྱ་ངན་འདས་ཞེས་བྱ་བ་མེད། །ཆོས་ཅན་སྤངས་པའི་ཕ་རོལ་ན། །ཆོས་ཉིད་བྱ་བ་ཡེ་ནས་མེད། །ཐམས་ཅད་དེ་བཞིན་ཉིད་དུ་གཅིག །དེ་བཞིན་ཉིད་དུ་གཅིག་པ་ལ། །དེ་བཞིན་ཉིད་ལ་བཅོས་པས་ནོར། །དེ་ནི་མ་ནོར་བ་ཡི་མིང་། །བཞིན་ནི་བཅོས་སུ་མེད་པའི་དོན། །ཉིད་ནི་རང་གི་མཚན་ཉིད་བསྟན། །དེ་བཞིན་ཉིད་ལ་འཆོས་མ་བྱེད། །དེ་བཞིན་ཉིད་ལ་འཆོས་བྱེད་པ། །བྱང་ཆུབ་སེམས་ལ་སུ་འཆོས་པ། །དེས་ནི་འཁོར་བའི་སྙིང་པོ་བསྒྲུབ། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་བྱང་ཆུབ་སེམས་ཀྱི་རང་བཞིན་བསྟན་པའི་ལེའུ་སྟེ་བཞི་བཅུ་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཆོས་ཐམས་ཅད་ཀྱི་རང་བཞིན་ང་ཡིན་པ་འདི་བསྟན་ཏོ། །ཀྱེ། སེམས་དཔའ་དམ་པ་རྡོ་རྗེ་ཁྱོད། །ང་ཡི་རང་བཞིན་འདི་ལྟར་ཤེས་པར་གྱིས། །ང་ནི་སྟོན་པའི་སྒྲོན་མ་བྱང་ཆུབ་སེམས། །དུས་གསུམ་སངས་རྒྱས་ཀུན་གྱི་སྙིང་པོ་ཡིན། །ཁམས་གསུམ་སེམས་ཅན་ཀུན་གྱི་ཕ་དང་མ། །སྣང་སྲིད་སྣོད་བཅུད་ཀུན་གྱི་རྒྱུ་ཡང་ཡིན། །ང་ལས་མ་བྱུང་བ་ནི་གཅིག་ཀྱང་མེད། །ང་ནི་མི་གནས་ཀུན་ཏུ་ཁྱབ་པའི་ཕྱིར། །ང་ནི་ཡེ་ནས་དུས་གསུམ་སངས་རྒྱས་ཡིན། །ང་ནི་མི་རྟོག་མཉམ་པར་གནས་པའི་ཕྱིར། །རྟོག་མེད་མཉམ་ཉིད་ཆོས་སྐུ་ཡེ་སངས་རྒྱས། །ང་ཡི་ངོ་བོ་ཀུན་ཏུ་ལོངས་སྤྱོད་ཕྱིར། །ང་ཉིད་ལོངས་སྤྱོད་རྫོགས་སྐུ་ཡེ་སངས་རྒྱས། །ང་ཉིད་རང་བྱུང་ཡེ་ཤེས་སྣང་བའི་ཕྱིར། །ང་ཉིད་ཐུགས་རྗེ་སྤྲུལ་སྐུར་མངོན་སངས་རྒྱས། །དེས་ན་དུས་གསུམ་སངས་རྒྱས་ཀུན་གྱི་སྙིང་པོར་བཤད། །ང་ཡི་ཡེ་ཤེས་བྱང་ཆུབ་སེམས་སྣང་བ། །རང་བྱུང་ཡེ་ཤེས་ལྔ་པོ་རྒྱུད་དྲུག་སེམས། །དེས་ན་ཁམས་གསུམ་སེམས་ཅན་ཕ་དང་མ། །སྣང་སྲིད་སྣོད་བཅུད་ཀུན་གྱི་ངོ་བོ་ཡང་། །ང་ཡི་ངོ་བོར་བྱུང་བ་སྣང་བ་ས། །ང་ཉིད་ཡེ་ནས་སྣང་བ་སངས་རྒྱས་ཡིན། །ང་ལ་གཉིས་མེད་གཅིག་ཏུ་འདུས་པ་ཆུ། །སྡུད་པར་བྱེད་པས་སེམས་ཉིད་ཆུ་ཡིན་ནོ། །ང་ནི་ཐམས་ཅད་མཉམ་པ་དྲོད་སྙོམས་མེ། །ཀུན་ལ་མཉམ་པར་གནས་པས་མེ་སངས་རྒྱས། །ང་ནི་ཐོགས་མེད་ཡང་ཞིང་གཡོ་བ་ཡིན། །ཐོགས་མེད་གཡོ་བས་རླུང་དུ་མངོན་སངས་རྒྱས། །ང་ནི་མ་བསྒྲིབས་ཀུན་ཁྱབ་གསལ་བའི་ཕྱིར། །ནམ་མཁའ་ཞེས་ནི་མིང་བཏགས་སངས་རྒྱས་ཡིན། །ང་ལས་མ་བྱས་པ་ཡི་སངས་རྒྱས་ནི། །འབྱུང་ཆེན་སྲིད་པས་བསྡུས་པའི་ཆོས་ལ་མེད། །འབྱུང་ལྔ་ང་ཡི་རང་བཞིན་བསྟན་པ་ནི། །གཅིག་ལ་ཉི་ཤུ་རྩ་ལྔའི་རང་བཞིན་ཚང་། །སྣང་བ་ས་ལ་སྡུད་པ་ཆུ་ཡིན་ཏེ། །མཉམ་པ་མེ་ལ་གཡོ་བ་རླུང་དུ་གསལ། །མ་བསྒྲིབས་གསལ་བས་ནམ་མཁའི་རང་བཞིན་ཏེ། །གཅིག་ལ་ཉི་ཤུ་རྩ་ལྔ་ཚང་བ་ནི། །བྱང་ཆུབ་སེམས་ཀྱི་ཆེ་བའི་ཡོན་ཏན་བསྟན། །ཆོས་ལ་གཉིས་མེད་བྱང་ཆུབ་སེམས་སུ་གཅིག །གཅིག་གིས་ཀུན་བྱས་ཀུན་བྱེད་རྒྱལ་པོས་བྱས། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ངོ་བོ་གཅིག་པའི་ལེའུ་སྟེ་བཞི་བཅུ་ཞེ་གཅིག་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཆོས་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་ཁོ་ནར་སངས་རྒྱས་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཀྱེ། ཆོས་ཀྱི་སྐུ་ནི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལས་ཆོས་ཀྱི་སྐུ། །རྡུལ་ཙམ་སུས་ཀྱང་བཅོས་པ་མེད། །དེས་ན་སངས་རྒྱས་སེམས་ལས་མེད། །ལོངས་སྤྱོད་རྫོགས་སྐུ་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལས་ལོངས་སྤྱོད་སྐུ། །སེམས་ལས་བྱུང་བའི་གཟུགས་རྣམས་ལས། །ལོངས་སྤྱོད་རྫོགས་ལས་སྐུ་གཞན་མེད། །སྤྲུལ་པའི་སྐུ་ནི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ཀྱི་སྤྲུལ་པ་ལས། །འགྲོ་བའི་དོན་མཛད་གཞན་ན་མེད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་། །བྱང་ཆུབ་སེམས་ལས་གཞན་མེད་དེ། །སྔ་རབས་འདས་པའི་སངས་རྒྱས་རྣམས། །རང་སེམས་མ་བཅོས་སྔར་མཐོང་རྟོགས། །ད་ལྟར་བཞུགས་པའི་སངས་རྒྱས་རྣམས། །མ་བཅོས་པ་ཡི་རང་སེམས་དེས། །མ་བཅོས་ཇི་བཞིན་རྟོགས་གྱུར་ནས། །ད་ལྟར་འགྲོ་བའི་དོན་ཡང་མཛད། །སླད་ནས་འབྱོན་པའི་སངས་རྒྱས་རྣམས། །རང་བྱུང་སེམས་ཉིད་འདི་ལ་ནི། །སྔ་བར་འཆོས་པར་ལུང་མ་བསྟན། །ད་ལྟར་ཏིང་འཛིན་སེམས་མི་འཆོས། །མ་བཅོས་ལམ་དུ་ཞུགས་ནས་བྱོན། །ཇི་ལྟར་སྣང་བའི་ཆོས་རྣམས་ལ། །བྱང་ཆུབ་སེམས་སུ་མ་རྟོགས་ཏེ། །བཅོས་ཤིང་བསྒྲུབས་པས་འགྲུབ་མི་འགྱུར། །མ་རྟོགས་བཅོས་པས་གྲུབ་པར་བྱེད། །བསྐལ་པ་དུ་མའི་གྲངས་བགྲངས་ཀྱང་། །མི་རྩོལ་བདེ་བ་འཕྲད་མི་འགྱུར། །ཀྱེ། སྐུ་གསུམ་སེམས་ལས་མ་བཅོས་ཕྱིར། །སྐུ་གསུམ་སྟོན་པའི་མདོ་ལུང་ལས། །འཆོས་པར་བྱེད་པའི་དོན་འབྱུང་བ། །དེ་ནི་སྟོན་པ་སྐུ་གསུམ་ཡང་། །ཉིད་ཀྱི་སྟོན་པ་རང་བཞིན་སྟོན་པ་མིན། །དེ་བཞི་འཆོས་པར་བྱེད་པ་ཡི། །སྟོན་པས་བདེན་ཚུལ་ཇི་བསྟན་ཡང་། །ངེས་ལུང་མ་ཡིན་དྲང་ལུང་ཡིན། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་བཅོས་སུ་མེད་པའི་ལེའུ་སྟེ་ཞེ་གཉིས་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཆོས་ཐམས་ཅད་ཀྱི་སྟོན་པ་ཉིད་ཡིིན་པར་ཞལ་གྱིས་བཞེས་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ང་ནི་ཆོས་རྣམས་ཀུན་གྱི་སྟོན་པ་སྟེ། །ང་ཡི་རང་བཞིན་རྣམ་པ་གསུམ་ལས་ནི། །སྟོན་པ་ཡང་ནི་རྣམ་པ་གསུམ་དུ་བསྟན། །བསྟན་པ་ཡང་ནི་རྣམ་གསུམ་ང་ཡིས་བསྟན། །དེ་འཛིན་འཁོར་ཚོགས་གསུམ་ཡང་ང་ཡིས་བསྟན། །སྟོན་པ་གསུམ་ཡང་གང་དང་གང་ཞེ་ན། །ཆོས་ཀྱི་རང་བཞིན་སྟོན་པའི་སྟོན་པ་དང་། །ཆོས་ཀྱི་ངོ་བོ་སྟོན་པའི་སྟོན་པ་དང་། །དོན་གྱི་སྒྲ་ཚིག་སྟོན་པའི་སྟོན་པའོ། །ཆོས་ཀྱི་རང་བཞིན་སྟོན་པའི་སྟོན་པ་ནི། །སྐྱེ་བ་མེད་ལས་བྱིན་གྱིས་བརླབས་ཕྱུང་སྟེ། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །ཆོས་ཀྱི་དེ་བཞིན་ཉིད་དུ་སྟོན་པར་བྱེད། །ཆོས་ཀྱི་ངོ་བོ་སྟོན་པའི་སྟོན་པ་ནི། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །སྟོན་པ་ཉིད་ཀྱི་སྐུ་རུ་ཕྱུང་ནས་ནི། །ཆོས་ཀྱི་ངོ་བོ་དེ་ལས་མེད་པར་སྟོན། །ཆོས་ཀྱི་སྒྲ་ཚིག་སྟོན་པའི་སྟོན་པས་ནི། །ཆོས་རྣམས་ཀུན་གྱི་དོན་ནི་སྒྲ་བསྡུས་ནས། །མ་རིག་མི་ཤེས་ཁམས་གསུམ་སེམས་ཅན་ལ། །དོན་དེ་སྒྲ་དང་ཚིག་གིས་བསྡེབས་ནས་སྟོན། །དེས་ན་སྟོན་པའི་རང་བཞིན་བསྟན་པར་བཤད། །དེ་འཛིན་འཁོར་ནི་རྣམ་པ་གསུམ་བསྟན་ཏེ། །ཤིན་ཏུ་རྣལ་འབྱོར་རྩོལ་སྒྲུབ་འདས་པའི་འཁོར། །སྒོར་ཞུགས་ཡིད་ཆེས་སངས་རྒྱས་ས་ལ་གནས། །རིག་འཛིན་ས་དང་དང་པོ་བཅུ་པའི་འཁོར། །མ་ཐོབ་ཉེ་རེག་བསྒོམ་པའི་ས་ལ་གནས། །སེམས་བསྐྱེད་མོས་པ་སྤྱོད་པའི་འཁོར་རྣམས་ནི། །རྒྱུ་དགེ་འབྲས་བུ་དུག་འཇོམས་ས་ལ་གནས། །དེ་ནི་སྟོན་པ་གསུམ་གྱི་འཁོར་དུ་བསྟན། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །སྟོན་པ་གསུམ་དང་འཁོར་ཚོགས་དེ་ལྟར་ན། །བསྟན་པ་རྣམ་གསུམ་ཇི་ལྟར་བསྟན་པར་བགྱི། །ཞེས་ཞུས་པས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཆོས་ཀྱི་སྐུ་ཡི་བསྟན་པ་དེ་བཞིན་ཉིད་བསྟན་ཏེ། །དེ་བཞིན་ཉིད་ལ་རྣམ་པ་དབྱེ་རུ་མེད། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །སེམས་ཀྱི་ངོ་བོ་ཡིན་པས་དེ་བཞིན་ཉིད། །དེ་ལ་གང་སུ་སྒོམ་ཞིང་འཆོས་བྱེད་པ། །དེ་ཡི་ཆོས་སྐུ་བསྟན་པ་རྟོགས་པ་མེད། །སྣང་བ་མེད་པའི་ཆོས་ཉིད་བྱང་ཆུབ་ལ། །མ་ནོར་དེ་བཞིན་ཉིད་དུ་མ་རྟོགས་ཏེ། །དེ་ལ་གང་སུ་འཆོས་ཤིང་སྒོམ་བྱེད་པ། །དེ་ཡིས་རང་སེམས་བཅོས་མེད་དེ་མི་རིག །སྣང་སྲིད་ཆོས་མེད་བྱང་ཆུབ་སེམས། །སེམས་ཀྱི་དེ་བཞིན་ཉིད་འབྱུང་དེ་བཞིན་ཉིད། །དེ་བཞིན་ཉིད་དུ་མ་རྟོགས་སོ་སོར་མཐོང་། །དེ་བཞིན་ཉིད་ནི་དབྱིངས་ནས་ཚོལ་བྱེད་པ། །དུས་གསུམ་རྒྱལ་བས་བཙལ་ཡང་མི་བརྙེས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ལོངས་སྤྱོད་རྫོགས་པ་བསྟན་པ་ལོངས་སྤྱོད་དེ། །ལོངས་སྤྱོད་ལྔ་ནི་ཆོས་ཉིད་ལོངས་སྤྱོད་གཅིག །གཟུགས་ལ་སོགས་པའི་ལོངས་སྤྱོད་ལྔ་ལ་ནི། །གཅིག་ལའང་ལྔ་ལྔ་ཉི་ཤུ་རྩ་ལྔ་སྤྱོད། །རྩ་ལྔ་ལོངས་སྤྱོད་དེ་ནི་སྐུ་ལྔའི་ཚུལ། །ཚུལ་ནི་ཆོས་ཉིད་དོན་གྱི་ངོ་བོ་ཉིད་དུ་བཤད། །སངས་རྒྱས་སེམས་ཅན་ཀུན་གྱི་ལོངས་སྤྱོད་དུ། །ལོངས་སྐུ་ང་ཡི་གཟུགས་ལ་སྤྱད་དུ་མེད། །རིག་འཛིན་ས་བཅུ་རྣམས་ལ་ང་ཡིས་བསྟན། །ཞེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །སྤྲུལ་སྐུ་བསྟན་པ་ཐུགས་རྗེས་དོན་འཚམས་ཏེ། །ཁམས་གསུམ་སེམས་ཅན་བསམ་པ་ཐ་དད་ལ། །སྐུ་དང་གསུང་དང་ཐུགས་ནི་རྣམ་གསུམ་གྱིས། །བསམ་པ་ཐ་དད་སྐུ་གསུང་ཐུགས་རྗེས་བཟློག །དབང་པོ་ཡུལ་ལ་ཞེན་པ་དེ་བཟློག་ནས། །དབེན་པའི་ཡུལ་ནི་གང་འཐད་དེ་བསྟན་ནས། །དེས་ནི་ང་ཡི་ཐུགས་རྗེ་འདྲེན་ལུང་བྱེད། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ང་ནི་ཆོས་རྣམས་ཀུན་གྱི་སྟོན་ཡིན་ཕྱིར། །སངས་རྒྱས་ལ་ཡང་ང་ཡི་རང་བཞིན་བསྟན། །སེམས་ཅན་ལ་ཡང་ང་ཡི་རང་བཞིན་བསྟན། །རང་བཞིན་བསྟན་པས་སྟོན་པར་ཞལ་གྱིས་བཞེས། །ང་ཡི་རང་བཞིན་འདི་ལྟར་རིག་པར་གྱིས། །སྟོན་པ་དང་ནི་བསྟན་པ་འཁོར་རྣམས་ནི། །ང་ཡི་རང་བཞིན་གསུམ་ལས་གཞན་མེད་དེ། །སྟོན་པ་རང་བྱུང་ཡེ་ཤེས་འགག་མེད་ཡིན། །བསྟན་པ་ང་ཡི་རང་བཞིན་མ་བཅོས་ཡིན། །དེ་འཛིན་འཁོར་ནི་ང་ཡི་ངོ་བོས་འཛིན། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་སྟོན་པར་ཞལ་གྱིས་བཞེས་པའི་ལེའུ་སྟེ་ཞེ་གསུམ་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ཉིད་ལ་བྱ་བ་མེད་པའི་དོན་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། བྱ་བ་མེད་པའི་དོན་འདི་ནི། །ཀུན་བྱེད་ང་ཡི་རང་བཞིན་ཏེ། །ང་ལ་བྱ་བ་མེད་པ་ནི། །ང་ནི་ཡེ་ནས་བྱས་ཟིན་པས། །བྱ་བ་མེད་པའི་ཆོས་ཉིད་ཡིན། །ཆོས་ཉིད་ང་ཡི་རང་བཞིན་ལས། །རང་བཞིན་དེ་ལ་བྱ་རུ་མེད། །རང་བཞིན་རང་བཞིན་བྱ་བ་དེ། །བཅོས་སུ་མེད་པའི་རང་བཞིན་ཡིན། །བཅོས་མེད་བྱང་ཆུབ་དེ་ལ་ནི། །སེམས་དཔའ་རྡོ་རྗེ་ཁྱོད་མ་འཆོས། །སེམས་དཔའ་རྡོ་རྗེས་དེ་འཆོས་ན། །ཀུན་བྱེད་ང་ལ་བཅོས་པ་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །ཀུན་བྱེད་ང་ཡི་རང་བཞིན་ཡིན། །ཀྱེ། སེམས་དཔའ་ཆེན་པོ་ཁྱོད་ཉོན་ཅིག །ང་ཡི་རང་བཞིན་འགྱུར་མེད་ལ། །བསྒོམས་ན་འཆོས་ཤིང་བསྒྱུར་བ་ཡིན། །ང་ནི་ཡེ་ནས་ལྷུན་གྲུབ་ལ། །བསྒྲུབས་ན་ང་ལ་བཅོས་པ་ཡིན། །ང་ལ་བགྲོད་པས་ཕྱིན་པ་མེད། །ང་ལ་བཙལ་བས་གྲུབ་པ་མེད། །ང་ལ་སྦྱངས་པས་བྱང་བ་མེད། །ང་ལ་མ་ལྟ་ཡུལ་མེད་ཀྱིས། །ང་ལ་མ་བགྲོད་ལམ་མེད་ཀྱིས། །ང་ལ་མ་སྦྱོངས་སྒྲིབ་མེད་ཀྱིས། །མི་གནས་དམིགས་པའི་ཡུལ་དང་བྲལ། །སྤྲོས་མེད་བསམ་པའི་ཡུལ་ལས་འདས། །འཛིན་པས་བརྟགས་པའི་ཆོས་རྣམས་ནི། །ང་ཡི་ངོ་བོ་བསྟན་པ་ཡིན། །དེ་ལ་སྤོང་འགེགས་སུ་བྱེད་པ། །བསྐལ་པ་གསུམ་གྱི་བར་དུ་ནི། །ཀུན་བྱེད་ང་དང་འཕྲད་མི་འགྱུར། །སྤང་བར་བྱ་བའི་ཆོས་དེ་ནི། །རང་གི་ངོ་བོ་ཡིན་པར་བཤད། །ཀྱེ་སེམས་དཔའ་ཆེན་པོ། བྱང་ཆུབ་སེམས་ནི་ཀུན་བྱེད་རྒྱལ་པོ་སྟེ། །ཀུན་བྱེད་བྱང་ཆུབ་སེམས་ཀྱིས་བྱས་པ་ནི། །བྱང་ཆུབ་སེམས་ལས་གཞན་དུ་བྱས་པ་མེད། །བྱང་ཆུབ་སེམས་ནི་ཡེ་ནས་མ་ནོར་ཡིན། །ཡེ་ནས་ཡིན་པས་ཡེ་ནས་ནོར་བ་མེད། །ནོར་བ་མེད་ལ་བདེན་བརྫུན་སྒྲོ་མི་འདོགས། །རྒྱུ་བདེན་འབྲས་བུ་རྩོལ་སྒྲུབ་ཀུན་ལས་འདས། །བྱས་ཟིན་རྩོལ་སྒྲུབ་འདས་པ་མ་རིག་ནས། །རྩོལ་སྒྲུབ་བྱ་བྱེད་བསྒོམས་ནས་གྲུབ་ལྟ་ན། །བྱང་ཆུབ་གེགས་སུ་དེ་ལས་ཆེ་བ་མེད། །མི་གནས་མི་རྟོག་ཅིར་ཡང་དགོངས་མེད་པས། །མི་རྟོག་མཉམ་པའི་ཡུལ་ལ་རང་བཞིན་གནས། །ཡེ་ནས་བྱས་ཟིན་རྩོལ་བའི་སེམས་མི་འབྱུང་། །བདེ་ཆེན་དེ་ལ་གང་སུ་གནས་པ་ནི། །ཆོས་རྣམས་ཀུན་གྱི་སྙིང་པོར་དེ་འགྱུར་རོ། །དེ་ཡིས་བདག་གཞན་ཀུན་གྱི་དོན་མི་བྱེད། །གཅིག་འདུས་ཐམས་ཅད་འདུས་པའི་སྙིང་པོ་དེས། །མ་བལྟས་དུས་གསུམ་སངས་རྒྱས་ཐུགས་ཀྱང་གསལ། །མ་བསྒྲིབས་སེམས་ཅན་ཀུན་གྱི་སེམས་ཀྱང་སྣང་། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཀུན་བྱེད་ང་ཡིས་སེམས་ཅན་དོན་བྱས་ཟིན། །ང་ཡིས་དོན་བྱས་གཞན་གྱིས་བྱ་མི་དགོས། །གཞན་ལ་ལྟོས་པའི་ཆོས་ནི་ང་ལུང་མིན། །ང་ལ་ཀུན་རྫོགས་ཡེ་ནས་བྱས་ཟིན་རྫོགས། །ཡེ་ནས་བྱས་ཟིན་ལྟ་བ་བསྒོམ་མི་དགོས། །ཡེ་ནས་རྣམ་དག་དམ་ཚིག་བསྲུང་མི་དགོས། །ཡེ་ནས་བྱང་ཆུབ་ས་ལ་ཀུན་གནས་པས། །རིག་འཛིན་ས་དང་ས་བཅུ་སྦྱང་མི་དགོས། །མ་བཙལ་ཡེ་ནས་ལྷུན་གྱིས་གྲུབ་པའི་ཕྱིར། །བཙལ་བའི་ཕྲིན་ལས་ཡེ་ནས་བྱ་མི་དགོས། །རང་བྱུང་ཡེ་ཤེས་ཡུལ་ལ་མི་རྟོག་པས། །རིག་པའི་ཡེ་ཤེས་ཡུལ་གྱིས་བསལ་མི་དགོས། །བདེ་ཆེན་ཆོས་སྐུ་སེམས་ཀྱིས་གཅིག་པའི་ཕྱིར། །སྔ་ཕྱི་དུས་གསུམ་མེད་དེ་ཁྱད་པར་གཅིག །ཕུན་སུམ་ཚོགས་དང་དུས་གནས་ཀུན་གཅིག་དང་། །ཐམས་ཅད་གཅིག་ཕྱིར་ང་ལ་ཀུན་རྫོགས་ཏེ། །རྫོགས་པ་ཆེན་པོ་ང་ལ་ཀུན་རྫོགས་པས། །ལྟ་སྤྱོད་ཕྲིན་ལས་དམ་ཚིག་ས་ལམ་ནི། །གོང་བཤད་བཞིན་དུ་བཙལ་ཞིང་བསྒྲུབ་མི་དགོས། །དེ་ལྟར་མ་རིག་རྩོལ་སྒྲུབ་བྱས་འགྱུར་ན། །རྒྱུ་འབྲས་འདས་པའི་དོན་དང་འགལ་འགྱུར་ནས། །བྱ་མེད་བདེ་ཆེན་དེ་དང་མི་འཕྲད་དེ། །རྩོལ་སྒྲུབ་ནད་ཀྱིས་མ་རིག་དེ་ཟིན་འགྱུར། །དེ་བས་རྒྱུ་འབྲས་འདས་པའི་རྫོགས་ཆེན་ལ། །སྐལ་མེད་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པས། །རྒྱུ་དང་འབྲས་བུའི་ཆོས་ལ་སྤྱད་པར་བྱ། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རྫོགས་ཆེན་སྐལ་མེད་དོན་མེད་ཀྱི་ལེའུ་སྟེ་ཞེ་བཞི་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་རྫོགས་པ་ཆེན་པོ་ལ་ལྟ་བ་བསྒོམ་མེད་ཀྱི་མདོ་ལུང་འདི་བསྟན་ཏོ། །ཀྱེ་སེམས་དཔའ་ཆེན་པོ། རང་གི་ལྟ་བ་བསྒོམ་མེད་ནི། །ཀུན་བྱེད་ང་ཡིན་ང་ལ་བསྒོམ་དུ་མེད། །ཀུན་བྱེད་ང་ནི་བསྒོམ་པའི་ཡུལ་མ་ཡིན། །ང་ནི་མ་བཅོས་ཀུན་ལ་རང་བཞིན་གནས། །རང་བཞིན་གནས་པའི་བསྒོམ་དུ་མེད་པ་དེ། །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །ང་ལས་མངོན་དུ་ཕྱུང་བའི་ཆོས་ཉིད་ལ། །བརྐམ་ཆགས་ལྔ་ཡི་སྡུག་བསྔལ་ཡིན་ཟེར་ནས། །མ་བཅོས་མི་འཇོག་བརྟུལ་ཞུགས་སྤོང་འགེགས་བསྒོམ། །དེ་ལུང་བསྟན་པས་མ་བཅོས་དོན་དང་འགལ། །མུ་སྟེགས་སྡེ་བཞི་སྤྲུལ་པའི་ཐུགས་རྗེ་ཡིས། །བྱིན་བརླབས་འཁོར་དུ་བཀོད་ནས་ལུང་བསྟན་པས། །བྱ་བྲལ་བདེ་བ་དེ་ཉིད་ཐོབ་མི་འགྱུར། །ཀྱེ་སེམས་དཔའ་ཆེན་པོ། ང་ལས་མངོན་དུ་ཕྱུང་བའི་ཆོས་ཉིད་ལ། །བརྐམ་ཆགས་ལྔ་ཡིས་སྡུག་བསྔལ་སྐྱེ་ཟེར་ནས། །དང་པོ་ས་ནས་བཅུ་པར་སེམས་དཔའ་ལ། །བདེན་པ་རྣམ་པ་གཉིས་ཀྱི་རྟོག་དཔྱོད་ཀྱིས། །དོན་དམ་མེད་ལ་ཀུན་རྫོབ་ཡོད་པ་རུ། །སྤྲུལ་པས་ལུང་བསྟན་རྟོག་དཔྱོད་སྒོམ་པ་བྱེད། །མ་བཅོས་ཇི་བཞིན་ང་ཡི་དོན་དང་འགལ། །ཀྱེ་སེམས་དཔའ་ཆེན་པོ། ང་ལས་མངོན་དུ་ཕྱུང་བའི་ཆོས་ཉིད་དེ། །མ་བཅོས་ཇི་བཞིན་པ་ཡི་ཆོས་ཉིད་ལ། །ལོངས་སྤྱོད་རྫོགས་པས་འཁོར་ལ་ལུང་བསྟན་པ། །ཇི་བཞིན་བཅོས་པ་མེད་པར་མ་རྟོགས་ཏེ། །ཕྱི་ནང་སྣོད་བཅུད་དག་པར་བྱིན་བརླབས་ཏེ། །བྱང་ཆུབ་ཡན་ལག་ཆོ་ག་ཀུན་སྒོ་ནས། །བསྒོམ་པའི་ཡེ་ཤེས་ལྷ་ནི་སྣང་བར་བྱེད། །སྐད་ཅིག་མཆོད་ནས་གཤེགས་གསོལ་ཏིང་འཛིན་བཤིག །ཡང་བསྒོམས་ཡང་བཤིག་བྱིས་པའི་འདག་ཁང་འདྲ། །ཇི་བཞིན་མ་བཅོས་ང་ཡི་དོན་དང་འགལ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ང་ལས་བྱུང་བའི་སྟོན་པ་ལུང་སྟོན་གྱིས། །ང་ཡིས་བྱུང་བའི་ཆོས་ཉིད་མངོན་ཕྱུང་ལ། །ཏིང་འཛིན་མཚན་མ་ཡོད་མེད་སྒོར་ཞུགས་ནས། །ཆོས་ཉིད་གཅིག་ལ་བླང་དོར་བྱས་ནས་ནི། །ཡེ་ཤེས་དམ་ཚིག་སོ་སོར་བསྒོམས་ནས་ནི། །གྲོགས་པོ་དག་གིས་དངོས་གྲུབ་སྟེར་རེ་བ། །གཅིག་ལ་གཉིས་སུ་བལྟས་པའི་བསྒོམ་པ་ནོར། །ངོ་བོ་གཅིག་ལ་གཉིས་ཀྱིས་ཐོབ་པ་མེད། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ང་ཡི་རང་བཞིིན་མངོན་དུ་ཕྱུང་བ་ལ། །ཕུང་པོ་འབྱུང་བ་རྣམ་ཤེས་དབང་པོ་ཡུལ། །རང་རྒྱུད་དག་པ་རྡོ་རྗེ་ལྟར་བྱས་ཏེ། །བསྙེན་བསྒྲུབ་རྣམ་བཞི་ཆོ་ག་བསྒོམ་བྱས་ནས། །སེམས་ཀྱི་འཕྲོ་འདུས་འཕགས་མཆོད་འགྲོ་དོན་བྱེད། །འཕྲོ་འདུ་བསྡུས་ནས་དངོས་གྲུབ་ཐོབ་འཚལ་བས། །རང་གིས་རང་གི་དངོས་གྲུབ་ཐོབ་པར་བསྒོམ། །དེ་ཡང་སེམས་ཀྱི་ཏིང་འཛིན་ཚི་ཆད་འགྱུར། །རྫོགས་ཆེན་ལྟ་བ་བསྒོམ་དུ་མེད་པ་ནི། །ཀུན་བྱེད་ང་ཡི་སེམས་ཀྱི་ཡོན་ཏན་ཏེ། །བྱང་ཆུབ་སེམས་ཀྱི་ཆེ་བའི་ཡོན་ཏན་གྱིས། །བཙལ་ཞིང་བསྒྲུབས་པའི་དཀའ་བ་སྤྱད་མི་དགོས། །རྒྱུ་རྐྱེན་མེད་པས་བཙལ་བའི་ལས་མི་དགོས། །འབྲས་བུའི་རང་བཞིིན་གཞན་ནས་བསྒྲུབ་མི་དགོས། །ཆོས་ཉིད་རང་ཡིན་བསྒོམ་པ་བྱ་མི་དགོས། །མ་སྐྱེས་པས་ན་འཇིག་པའི་གཉེན་པོ་མེད། །གཞན་ལ་མ་ལྟོས་བསྒོམ་གནས་ཚོལ་མི་བྱེད། །ང་ལ་གང་ཞིག་སྒོམ་པར་བྱེད་པ་དེས། །བསྒོམས་པ་ཉིད་ཀྱིས་ང་དང་འཕྲད་མི་འགྱུར། །ཆོས་ཉིད་མངོན་དུ་ཕྱུང་བ་ང་ཡིན་པས། །སྡུག་བསྔལ་མི་སྐྱེ་རྣམ་པར་སྤང་མི་དགོས། །རང་བྱུང་ཡིན་པས་སྐྱེ་འཇིག་མེད་པའི་ཕྱིར། །མ་རིག་རྟེན་འབྲེལ་དབང་པོ་དགག་མི་དགོས། །རང་བྱུང་རྣམ་དག་ཆོས་ཉིད་སྦྱང་མི་དགོས། །ཡེ་ནས་དག་པས་གཙང་སྦྲ་བྱ་མི་དགོས། །ཡེ་ནས་ལྷུན་གྲུབ་རྩོལ་སྒྲུབ་བྱ་མི་དགོས། །བལྟས་པས་མ་དག་པ་ཡི་ཆོས་མེད་དེ། །དེ་བཞིན་ཉིད་དང་རྣམ་སྣང་ཀུན་ཏུ་བཟང་། །དབང་པོ་དྲུག་ལ་སྣང་བའི་ཆོས་རྣམས་ཀྱང་། །ཡེ་ནས་དེ་ཡིན་དེ་ལས་གཞན་མ་མེད། །དེ་ལ་གང་ཞིག་བསྒོམ་དང་སྒྲུབ་བྱེད་པ། །དེ་ནི་མདོངས་པས་ནམ་མཁའ་བསྙེགས་པ་འདྲ། །ང་ཡི་རང་བཞིན་སྤྱོད་ཡུལ་ཀུན་ལས་འདས། །ང་ཡིས་མངོན་དུ་ཕྱུང་བའི་ཆོས་རྣམས་ནི། །ང་ཡི་ངོ་བོ་ཀུན་གྱིས་མཐོང་བྱའི་ཕྱིར། །སྣ་ཚོགས་དབང་པོ་ངོ་ལ་བསྟན་པ་ཡིན། །དེ་ལ་ང་ཡི་རང་བཞིན་ཀུན་རྟོགས་ཤིག །དེ་ལ་ང་ཡི་རང་བཞིན་མ་མཐོང་ན། །ཀུན་བྱེད་ང་ཡི་ཐེག་པ་བསྟན་མི་བྱ། །རྫོགས་པ་ཆེན་པོའི་དོན་དང་སྐལ་མེད་པས། །རྒྱུ་འབྲས་ཐེག་པ་དྲང་བའི་ལུང་ལ་གཟུང་། །ང་ནི་ཡེ་ནས་སྤྱོད་ཡུལ་འདས་པ་འདི། །རྒྱུ་འབྲས་དགའ་བའི་སྐལ་བ་མེད་རྣམས་ལ། །བསྟན་ན་སྒྲོ་དང་སྐུར་པ་འོང་བའི་ཕྱིར། །བསྟན་ན་རང་གི་སེམས་ལ་སྐུར་བཏབ་པས། །དྲུག་ཏུ་སྐྱེ་ཞིང་གཏན་དུ་འཁོར་བར་འཁྱམ། །ཀྱེ། སེམས་དཔའ་ཆེན་པོ་ང་དོན་རྟོགས། །དེ་ནི་སྤྱོད་ཡུལ་ཀུན་ལས་འདས་པའི་ཕྱིར། །ཚིག་གིས་མི་ཕེབས་དབང་པོའི་སྤྱོད་ཡུལ་འདས། །ང་ཡི་རང་བཞིན་བསྡུས་ཏེ་ཐིག་ལེར་གནས། །མ་སྤྲོས་གཉིས་མེད་ཡེ་ནས་གཅིག་ཏུ་བསྟན། །དམ་ཚིག་བསྲུང་བའི་བསྒོམ་པ་བྱ་མི་དགོས། །ཕྲིན་ལས་བཙལ་བའི་བསྒོམ་པ་བྱ་མི་དགོས། །ལམ་ལ་མི་བགྲོད་ས་ལ་མི་སྦྱོང་སྟེ། །རང་ལས་གཞན་དུ་ཆོས་ཉིད་ཚོལ་མི་བྱེད། །རང་བྱུང་ཡེ་ཤེས་མི་རྟོག་གཡོས་པ་མེད། །གཞན་གྱི་མ་ཡིན་ཀུན་བྱེད་ང་ཡི་ལུང་། །རྒྱུ་འབྲས་འདས་པས་རྩོལ་དང་སྒྲུབ་མི་བྱེད། །མ་བྱུང་བས་ན་དངོས་པོ་སྒོམ་མི་བྱེད། །མ་སྐྱེས་པས་ན་འཇིག་པའི་དོགས་པ་མེད། །ང་མི་སྣང་བས་དམིགས་པ་བསྒོམ་དང་བྲལ། །བདེ་ཆེན་གདལ་བའི་ཀློང་དཀྱིལ་ན། །མི་རྟོག་མཉམ་པའི་རང་བཞིན་གནས། །ཆོས་ཉིད་སྣང་བ་མེད་པའི་རང་བཞིན་ལ། །རིག་པས་མི་རྟོག་ཏིང་འཛིན་མ་བྱེད་ཅིག །ཀྱེ་སེམས་དཔའ་ཆེན་པོ། བསྒོམས་ན་གང་བསྒོམ་ང་ཡིི་ནད་ཡིན་གྱིས། །ཀུན་གྱི་སྙིང་པོ་བྱང་ཆུབ་སེམས་ཡིན་ན། །བྱང་ཆུབ་སེམས་ནི་གཟུང་འཛིན་བྲལ་བའི་ཕྱིར། །བསྒོམ་པར་བྱ་བ་རྡུལ་ཙམ་ཡོད་མ་ཡིན། །གོང་བཤད་བསྒོམ་པས་འབྲས་བུ་མ་ཐོབ་བཞིན། །ང་ཡང་བསྒོམས་པས་ཐོབ་པར་ལུང་མི་སྟོན། །ཀྱེ་སེམས་དཔའ་ཆེན་པོ་ང་ལ་ལྟོས། །ང་ནི་ཀུན་བྱེད་བྱང་ཆུབ་སེམས་ཡིན་ཏེ། །ཀུན་བྱེད་བྱས་པས་ཀུན་བྱས་ཉིད་དུ་བྱས། །ཀུན་ནི་མ་ལུས་པ་ཡི་སྒྲར་བཤད་དེ། །བྱེད་པའི་སྙིང་པོ་དེ་ཡིས་ཐམས་ཅད་བྱེད། །བྱང་བ་གཟུང་དུ་ཡོད་པ་མ་ཡིན་ལ། །ཆུབ་པ་ཀུན་གྱི་སྙིང་པོས་སྙིང་པོར་ཆུབ། །སེམས་ནི་རང་བྱུང་ཡེ་ཤེས་ཀུན་ཏུ་སེམས། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ལྟ་བ་བསྒོམ་མེད་ཀྱི་ལེའུ་སྟེ་ཞེ་ལྔ་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་རྫོགས་པ་ཆེན་པོའི་དམ་ཚིག་བསྲུང་དུ་མེད་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །རྫོགས་ཆེན་དམ་ཚིག་བསྲུང་དུ་མེད་བསྟན་པ། །ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །མ་སྐྱེས་སྤྲོས་དང་བྲལ་བའི་རང་བཞིན་གྱིས། །སྐྱེ་བའི་ཆོ་འཕྲུལ་སྣ་ཚོགས་ཡུལ་བྱུང་ནས། །ཡུལ་དེ་རང་གི་རང་བཞིན་ཡིན་ཞེས་བྱས། །དེ་ལ་མི་རྟོག་རྟོག་པའི་ཡུལ་ལས་འདས། །ཡུལ་ལ་མི་འཛིན་སྤོང་དང་ལེན་མེད་པས། །མེད་པ་ཕྱལ་བ་གཅིག་པུ་ལྷུན་གྲུབ་སྟེ། །བསྲུང་བར་བྱ་བའི་སྡོམ་ཁྲིམས་ཀུན་དང་བྲལ། །བསྲུང་མེད་ང་ལས་བྱུང་བའི་སྟོན་གསུམ་གྱིས། །མུ་སྟེགས་སྡེ་བཞི་ཐུགས་རྗེས་བྱིན་བརླབས་ནས། །འདུལ་བ་ཕོག་པའི་འཁོར་ནི་སྡེ་བཞི་ལ། །བསྲུང་བར་བྱ་བའི་ཁྲིམས་ནི་འདི་ལྟ་སྟེ། །རྩ་བ་དང་ནི་ཡན་ལག་བསྲུང་བའི་གྲངས། །ཉིས་བརྒྱ་ལྔ་བཅུ་ལྔ་བརྒྱ་ལྔ་བཅུ་ཁྲིམས། །བསྲུང་བའི་དུས་ན་གྲངས་དང་དོན་མི་ཤེས། །དེས་ན་སྡོམ་པ་མི་ཐུབ་བསྲུང་ཐབས་མེད། །རྫོགས་ཆེན་ཅི་སྤྱོད་རྟོག་པ་ཀུན་ལས་འདས། །སྡོམ་པ་རྒྱ་མཚོ་མཐའ་ཡས་གྲངས་མང་བ། །ལུས་ངག་ཡིད་ལ་བསྡུས་པ་རྣམ་པ་གསུམ། །དབང་པོ་ཡུལ་ལས་སྡུག་བསྔལ་བྱུང་ནས་ནི། །ལུས་ཀྱིས་འགྲོ་འདུག་གོམ་པ་བོར་ས་མེད། །ངག་གིས་ཚིག་བརྗོད་དོན་གྱིས་བདེན་པར་དཀའ། །ཡིད་ཀྱིས་བསམ་པ་བདེན་པ་ཀུན་ལས་འགལ། །མ་ནོར་བསམ་པ་ཀུན་ཀྱང་བསྒྲུབ་ཏུ་མེད། །ལུས་ངག་སྡོམ་པ་རྒྱ་མདུད་དམ་པོ་དེས། །བདེན་ཉིད་དོན་དང་འཕྲད་པ་ཤིན་ཏུ་དཀའ། །བསྲུང་མེད་ཉམས་པ་མེད་དང་འཕྲད་མི་འགྱུར། །བསྲུང་མེད་ཉམས་པ་མེད་པ་ཀུན་བྱེད་ལུང་། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ང་ལས་བྱུང་བའི་སྟོན་པས་ལུང་ཕོག་པ། །གཟའ་དང་རྒྱུ་སྐར་དུས་ཚིགས་བཟང་སྒོ་ནས། །ཕྱི་ནང་གཙང་མའི་ཁྲུས་ཀྱིས་དག་བྱས་ཏེ། །སྡོམ་པ་ཚུལ་ཁྲིམས་འགྲོ་དོན་ཞལ་འཆེས་པ། །གང་ཡང་དམ་བཅས་ཚུལ་བཞིན་མི་འགྲུབ་སྟེ། །དམ་བཅས་མ་གྲུབ་བཤགས་པས་སེམས་མི་འདག །བསྲུང་མེད་ང་དང་ཡུན་དུ་ཐག་རིང་ཉམས། །ཀྱེ། རྡོ་རྗེ་གསང་བ་གསུམ་གྱི་དམ་ཚིག་ནི། །རྩ་བ་གསུམ་དང་ཡན་ལག་ལྔ་རྣམས་ཏེ། །རྩ་བ་གསུམ་ནི་སྐུ་གསུང་ཐུགས་འདུས་ཏེ། །སྐུ་ནི་ལྷ་ཡི་སྐུར་བསྒོམ་ལུས་ཀྱང་འཆིང་། །ངག་ནི་འཛབ་དང་ཏིང་འཛིན་ཞི་བ་མིན། །ཡིད་ཀྱི་ཏིང་འཛིན་འཕྲོ་འདུས་བཟུང་ནས་ནི། །རྩ་བ་མི་རྟོག་དམ་ཚིག་བདེ་དང་བྲལ། །ཡན་ལག་རྣམ་པ་ལྔ་ནི་འདི་ལྟ་སྟེ། །དང་པོར་ཤེས་པར་བྱ་བའི་དམ་ཚིག་ནི། །ཕུང་པོ་ལྔ་དང་འབྱུང་བ་རྣམ་པ་ལྔ། །རྣམ་ཤེས་དབང་པོ་ཡུལ་ལ་སོགས་པ་རྣམས། །ལྷ་དང་དཀྱིལ་འཁོར་རང་བཞིན་ཤེས་པར་བྱ། །ཤེས་བྱ་ཤེས་བྱེད་མེད་པ་དེས་མ་མཐོང་། །སྤྱད་པར་བྱ་བའི་དམ་ཚིག་རྣམ་ལྔ་ནི། །ཏ་ན་ག་ན་མ་བྱིན་བླངས་པ་དང་། །མི་ཚངས་སྤྱོད་དང་བརྫུན་དུ་སྨྲ་བ་དང་། །རྣམ་པ་ལྔ་ནི་ཐབས་མཁས་སྤྱོད་བྱེད་པ། །མ་སྤྱད་ཉམས་མཐོང་རྟོག་དང་བཅས་ནས་སྤྱོད། །དེ་ཡང་མི་རྟོག་མཉམ་དང་བྲལ་བ་ཡིན། །དང་དུ་བླང་བའི་དམ་ཚིག་རྣམ་ལྔ་ནི། །དྲི་ཆེན་དྲི་ཆུ་ལ་སོགས་དམ་རྫས་ལྔས། །རྒྱལ་བའི་སྐུ་ལྔ་འདི་ལས་འགྲུབ་ཟེར་ནས། །དཔའ་བོ་འབྲུ་ལྔས་འཕྲོ་འདུ་བྱས་ནས་ནི། །རྒྱལ་བའི་སྐུ་ལྔ་དང་དུ་ལེན་བྱེད་པ། །དང་དུ་མ་བླངས་སྐུ་ལྔ་མི་གྲུབ་རྟོག །བླང་དོར་བྲལ་བའི་རྟོག་འདས་དེ་མ་གྲུབ། །མི་སྤོང་བ་ཡི་དམ་རྫས་རྣམ་ལྔ་ནི། །འདོད་ཆགས་ཞེ་སྡང་ལ་སོགས་དུག་ལྔ་པོ། །གསང་བ་རྡོ་རྗེའི་དམ་ཚིག་ཆེན་པོ་རུ། །ཉོན་མོངས་ལྔ་བསྒྱུར་ཡེ་ཤེས་རྣམ་པ་ལྔར། །དུག་ལྔ་མི་སྤོང་ཡེ་ཤེས་རྣམ་ལྔར་ལེན། །བླང་དོར་མེད་པའི་བདེ་བ་དེས་མ་གྲུབ། །བསྒྲུབ་པར་བྱ་བའི་དམ་ཚིག་རྣམ་ལྔ་ནི། །ཕུང་པོ་ལྔ་དང་འབྱུང་བ་ལྔ་རྣམས་དང་། །རྣམ་ཤེས་ཡུལ་རྣམས་དཀྱིལ་འཁོར་གྲུབ་བྱེད་པ། །ཏིང་འཛིན་གསུམ་དང་ཆོ་ག་ལྔ་རྫོགས་ནས། །རྒྱལ་བའི་རིགས་ལྔའི་དཀྱིལ་འཁོར་གྲུབ་བྱེད་པ། །ཏིང་འཛིན་ཆོ་ག་ལྔ་ཡིས་སེམས་རྩོལ་བྱེད། །མི་རྟོག་མ་བཙལ་ལྷུན་གྱིས་གྲུབ་དང་འགལ། །བསྒོམ་པའི་སྐུ་ནི་མི་རྟོག་འཇའ་ཚོན་འདྲ། །ཆོ་ག་བཟླས་བརྗོད་འཛབ་ཀྱང་རྩི་སྐྱ་འདྲ། །རྩོལ་སྒྲུབ་སྤྱོད་པས་ལྷུན་གྱིས་གྲུབ་མི་འགྱུར། །མེད་པར་བསྒྲུབ་པས་ཤིན་ཏུ་གྲུབ་པ་མེད། །ཀུན་བྱེད་ང་ལ་བསྲུང་བའི་དམ་ཚིག་མེད། །རྒྱུ་རྐྱེན་མེད་པས་རྩོལ་ཞིང་བསྒྲུབ་མི་དགོས། །ལྷུན་གྱིས་གྲུབ་པས་སྤྱད་པར་བྱ་མི་དགོས། །ཡེ་ཤེས་ཡིན་པས་ཤེས་པར་བྱ་མི་དགོས། །རང་བྱུང་ཡིན་པས་རྒྱུ་དང་རྐྱེན་མི་དགོས། །བཟང་ངན་མེད་པས་བླང་དོར་བྱ་མི་དགོས། །དངོས་པོ་མེད་པས་མེད་པ་ཞེས་སུ་བཤད། །དངོས་སུ་མི་སྤྱོད་ཡེ་ཤེས་མ་འགགས་པས། །དེ་ལ་ཕྱལ་བ་ཞེས་སུ་བཏགས་པ་ཡིན། །སེམས་སུ་ཀུན་གཅིག་གཅིག་པུར་བཏགས་པ་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །ཡིད་ཆེས་བྱང་ཆུབ་སེམས་སུ་རྫོགས་པའི་ཕྱིར། །ལྷུན་གྱིས་རྫོགས་པ་ཞེས་སུ་ང་ཡིས་བཤད། །ཚ་གྲང་བཀྲེས་སྐོམ་བླུན་ལྐུགས་ཆོས་ཉིད་ལ། །སྐུ་གསུམ་འཁོར་སྡངས་འབྲོས་པའི་ཆོ་ག་དྲུག །གོང་བཤད་བཞིན་དུ་བཙལ་ཞིང་བསྒྲུབ་མི་དགོས། །རྒྱུ་ཉིད་རང་བྱུང་ཡེ་ཤེས་ཡིན་པའི་ཕྱིར། །ལས་ཀྱི་རྐྱེན་གྱི་དབང་དུ་དེ་མི་འགྱུར། །ཆོས་ཉིད་རང་བཞིན་ཅིར་ཡང་འགྱུར་མེད་པས། །བཙལ་བས་གྲུབ་པར་ང་ཡིས་ལུང་མ་བསྟན། །རང་བྱུང་ཡེ་ཤེས་ཀུན་དང་མཚུངས་མེད་པས། །རྒྱུ་རྐྱེན་ལས་ཀྱིས་རང་བྱུང་དེ་མི་འགྲུབ། །བདེན་པ་གཉིས་ཀྱིས་གཏན་ལ་དབབ་ཏུ་མེད། །ངེས་པ་གཅིག་ལ་བདེན་པ་རྣམ་པ་གཉིས། །མ་ངེས་ཐེ་ཚོམ་ཅན་གྱི་ལུང་དེ་ལ། །ངེས་པ་གཅིག་ཏུ་བསྟན་པ་ག་ལ་ཡོད། །རྣལ་འབྱོར་གང་ཟག་ཆོས་ལ་རློམ་བྱེད་ནི། །སྟོན་གསུམ་རྒྱུ་འབྲས་ལུང་ལ་བརྟེན་སྨྲ་བ། །དེ་ལ་བདེན་གཉིས་ཚད་མ་བཞི་ཡང་དགོས། །ཀུན་བྱེད་ང་ཡིས་ཆོས་ཀུན་བྱས་པའི་ཕྱིར། །ངས་བྱས་ཆོས་ལ་བདེན་པ་གཉིས་མི་དགོས། །ངས་བྱས་ཆོས་ལ་བདེན་པ་གཉིས་དགོས་སུ། །ངས་བྱས་ཐམས་ཅད་བྱང་ཆུབ་སེམས་སུ་བྱས། །བྱང་ཆུབ་སེམས་ལ་དོན་དམ་ཀུན་རྫོབ་མེད། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་དམ་ཚིག་བསྲུང་དུ་མེད་པའི་ལེའུ་སྟེ་ཞེ་དྲུག་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་རྫོགས་པ་ཆེན་པོ་ལ་ཕྲིན་ལས་བཙལ་དུ་མེད་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཀུན་བྱེད་ང་ནི་རྫོགས་པ་ཆེན་པོ་སྟེ། །རྫོགས་པ་ཆེན་པོ་ལྷུན་གྱིས་གྲུབ་པའི་ཕྱིར། །ཕྲིན་ལས་ཡེ་ནས་བཙལ་དུ་མེད་པར་བསྟན། །ཕྲིན་ལས་བཙལ་དུ་ཡོད་པར་ལུང་སྟོན་པ། །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །རང་རེ་འཁོར་ལ་བཙལ་བའི་ལས་ཕོག་པ། །བཙལ་བའི་ལས་ནི་རང་རེས་སོ་སོར་ཕོག །སྤྲུལ་པས་བཙལ་བའི་རྒྱུ་ལ་ལས་ཕོག་པ། །ལུས་ངག་ཡིད་གསུམ་ཚད་མེད་སྒོར་ཞུགས་ནས། །ལུས་ཀྱི་སྡོམ་པ་སྲོག་གཅོད་རྐུ་གཡེམ་སྤང་། །ངག་གི་སྡོམ་པ་ངག་འཁྱལ་ཚིག་རྩུབ་དང་། །བརྫུན་དང་ཕྲ་མ་ལ་སོགས་ངག་གིས་སྤང་། །ཡིད་ཀྱིས་བརྣབ་སེམས་གནོད་སེམས་ལོག་ལྟ་སྤང་། །དགེ་བཅུ་སྤྱོད་པའི་ལས་དེ་རྒྱུར་བཀོད་ནས། །སྦྱིན་པ་ཚུལ་ཁྲིམས་ཕ་རོལ་ཕྱིན་བཅུ་ལས། །སྤྱད་ནས་ས་དང་ཀུན་འོད་ཐོབ་འདོད་པ། །ཚི་ཆད་ལས་ནི་བསྐལ་པ་གསུམ་དུ་སྤྱོད། །དེ་ཡང་ཀུན་བྱེད་ང་ཡིས་ལུང་ཕོག་མིན། །ལོངས་སྤྱོད་རྫོགས་པས་འཁོར་ལ་ལུང་ཕོག་པ། །རྒྱུ་དང་འབྲས་བུའི་སྒོ་ནས་ལུང་ཕོག་པ། །སེམས་ཅན་ཏིང་འཛིན་ལས་ནི་འདི་ལྟ་སྟེ། །ཁྲུས་དང་གཙང་སྦྲས་ཕྱི་ནང་དག་བྱས་ཏེ། །ཆོ་འཕྲུལ་ལས་ཀྱིས་བྱིན་གྱིས་བརླབས་ནས་ནི། །ཡེ་ཤེས་སེམས་དང་དམ་ཚིག་གཉིས་བལྟས་ནས། །ཏིང་འཛིན་ལས་ཀྱིས་མཆོད་ཅིང་གཤེགས་གསོལ་བྱེད། །ལས་དེས་མི་ཚེ་བདུན་དུ་ཚི་ཆད་འགྱུར། །ཆོས་ཀྱི་སྐུ་ལས་ལོངས་སྤྱོད་སྐུར་བཞེངས་ནས། །རྣལ་འབྱོར་ཆེན་པོའི་འཁོར་ལ་ལུང་ཕོག་པ། །བདག་ཉིད་ཆེན་པོ་ཡིན་པར་ལུང་བསྟན་ནས། །རང་རྒྱུད་དག་པའི་དཀྱིལ་འཁོར་དེ་རྣམས་ལ། །ཁ་དོག་རིགས་དང་སྦྱར་བའི་ལྷ་བསྒོམས་ནས། །ཞི་ལྷས་ཞི་བར་བྱེད་པའི་ལས་བྱེད་པ། །རྒྱས་ལྷས་རྒྱས་པར་བྱེད་པའི་ལས་བྱེད་པ། །དབང་ལྷས་དབང་དུ་སྡུད་པའི་ལས་ཀྱང་བྱེད། །དྲག་ལྷས་སྟོངས་པར་བྱེད་པའི་ལས་ཀྱང་བྱེད། །ཚེ་ལ་གནས་དང་ཕྱག་རྒྱའི་རིག་འཛིན་འགྲུབ། །ཕྲིན་ལས་རྣམ་བཞིས་ཚི་ཆད་གྲུབ་པ་མེད། །མི་རྩོལ་བྱ་མེད་ལས་ནི་དེ་མ་གྲུབ། །རྫོགས་ཆེན་རྒྱུ་འབྲས་ཡེ་ནས་འདས་པའི་ཕྱིར། །བཙལ་ཞིང་བསྒྲུབས་པས་བྱ་མེད་གྲུབ་པ་མེད། །རྒྱུ་འབྲས་ལྟ་བའི་སྟོན་པས་ལུང་བསྟན་པ། །འཇིག་རྟེན་མཚན་མའི་ཆོས་ལ་ཚོད་བཙུགས་ནས། །རྒྱུ་ལས་བཙལ་ནས་འབྲས་བུ་གྲུབ་བྱེད་པ། །སེམས་ལ་རྒྱུ་མེད་ཡེ་ནས་འབྲས་བུ་མེད། །བྱང་ཆུབ་སེམས་ལ་སྐྱེ་བ་མེད་པའི་ཕྱིར། །འཇིག་རྟེན་སྐྱེ་བའི་ཆོས་ལ་དཔེ་བླངས་ནས། །སྐྱེ་ལས་འཇིག་པ་འབྱུང་བར་སྒྲོ་མི་གདགས། །རང་བྱུང་རྒྱུ་འབྲས་འདས་པ་མ་བརྟགས་པར། །འཇིག་རྟེན་མཚན་མའི་ཆོས་ལ་ཚོད་བཙུགས་ནས། །རྒྱུ་ལས་བཙལ་བས་འབྲས་བུ་འབྱུང་ཟེར་བ། །དེ་ནི་རྒྱུ་འབྲས་ཐེག་པ་དྲང་ལུང་ཡིན། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཡེ་ཤེས་ཡེ་ཤེས་ཞེས་སུ་བསྟན་པ་ནི། །རང་བྱུང་ཡེ་ཤེས་མ་འགགས་ཀུན་དང་མཚུངས། །རྒྱུ་ལས་མ་བྱུང་མཚུངས་མེད་ཡེ་ཤེས་དེ། །ཐམས་ཅད་བསྐྱེད་པས་གཞན་ནས་ཆོས་འབྱུང་མེད། །འཇིག་རྟེན་རྒྱུ་འབྲས་ཆོས་ལ་ཚོད་བཙུགས་ནས། །བཙལ་བ་མེད་པའི་འབྲས་བུ་འབྱུང་མི་འགྱུར། །བྱང་ཆུབ་སེམས་ནི་རྒྱུ་རྐྱེན་མེད་པའི་ཕྱིར། །འཇིག་རྟེན་སྐྱེ་འགག་ཆོས་ལ་ཚོད་མི་གཟུགས། །བྱང་ཆུབ་སེམས་ནི་རྐྱེན་གྱིས་མ་བསྐྱེད་པས། །འཇིག་རྟེན་རྐྱེན་བསྐྱེད་ཆོས་ལ་དཔེ་མ་ལེན། །ཀྱེ་སེམས་དཔའ་ཆེན་པོ། ཆེ་བ་འདོད་ནས་བསྒོམ་བསྒྲུབ་རྩོལ་བྱེད་པ། །བསྒོམ་བསྒྲུབ་བཙལ་བས་ཆེ་བ་དེ་མི་འགྲུབ། །ཆེ་བ་རང་བྱུང་ཡེ་ནས་ཆེ་བ་ཡིན། །བསྒོམས་ན་སངས་རྒྱས་དགོངས་པ་འཆོས་པ་ཡིན། །སངས་རྒྱས་དགོངས་པ་གང་ཞིག་འཆོས་བྱེད་པ། །དེ་ཡིས་སངས་རྒྱས་ཐམས་ཅད་སྤངས་པ་ཡིན། །དེ་ཡིས་སངས་རྒྱས་སྤངས་པ་མ་ཡིན་ཏེ། །དེ་ཡིས་རང་གི་བྱང་ཆུབ་སེམས་སྤངས་པས། །རང་གི་རང་བཞིན་བསྐལ་པར་འཕྲད་མི་འགྱུར། །ཀྱེ་སེམས་དཔའ་ཆེན་པོ། སེམས་ཀྱིས་ཏིང་འཛིན་སྒོམ་པ་མ་བྱེད་ཅིག །ཡེ་ཤེས་ཡུལ་ལ་རྟོག་པར་མ་བྱེད་ཅིག །ངག་གིས་འཛབ་དང་སྙིང་པོ་བཟླ་མི་དགོས། །ལག་གིས་འདུ་བྱེད་ཕྱག་རྒྱ་བཅའ་མི་དགོས། །སེམས་ཀྱིས་ཏིང་འཛིན་འཕྲོ་འདུ་ལས་མ་བྱེད། །ངང་ལ་གནས་པས་གཡོས་མེད་ལྷུན་གྱིས་གྲུབ། །རང་བཞིན་གནས་པས་སུས་ཀྱང་བཅོས་སུ་མེད། །མ་བཙལ་ཇི་བཞིན་པ་རུ་གནས་པ་དེས། །བྱ་བ་མེད་པ་ལས་ཀྱི་མཆོག་ཏུ་བསྟན། །དོན་དེ་རྟོགས་པས་ལས་རྣམས་མི་བྱེད་དེ། །ལས་མ་བྱས་པས་དེ་བཞིན་ཉིད་དུ་གནས། །དེ་བཞིན་ཉིད་ལ་གང་ཞིག་སུ་གནས་པ། །དེ་ཡིས་མ་ནོར་མ་བཅོས་འགྲུབ་པར་འགྱུར། །དེ་ནི་མ་ནོར་བཞིན་ནི་མ་བཅོས་ཡིན། །ཉིད་ནི་མ་ནོར་ངོ་བོ་ཉིད་ལ་བྱ། །དེ་བཞིན་ཉིད་ལས་སངས་རྒྱས་ཆོས་མེད་དོ། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ཕྲིན་ལས་བཙལ་དུ་མེད་པའི་ལེའུ་སྟེ་ཞེ་བདུན་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས། ཆོས་ཐམས་ཅད་གཞི་མ་ཀུན་བྱེད་ཉིད་ཡིན་པར་ཞལ་གྱིས་བཞེས་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཀུན་བྱེད་ང་ནི་ཀུན་གྱི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ནི་ཆོས་ཀུན་གཞི་མ་སྟེ། །ཀུན་བྱེད་ང་ཡི་རང་བཞིན་རྣམ་གསུམ་ལས། །ཕུན་སུམ་ཚོགས་པའི་དགོས་པ་ཀུན་ཀྱང་ཚང་། །རང་བཞིན་གསུམ་ནི་འདི་ལྟར་ཤེས་པར་བྱ། །སྐྱེ་བ་མེད་དང་འགག་པ་མེད་པ་དང་། །མི་འགག་སྐྱེ་བའི་ཆོ་འཕྲུལ་འབྱུང་བ་གསུམ། །གསུམ་ནི་ཕུན་སུམ་ཚོགས་པར་བསྟན་པ་ཡིན། །མ་སྐྱེས་སྐྱེ་བ་མེད་པའི་རང་བཞིན་ལས། །ཆོས་ཀྱི་གཞི་མ་བསྟན་པ་ཕུན་སུམ་ཚོགས། །མ་བསྒྲིབས་མ་བཀག་པ་ཡི་རང་བཞིན་ལས། །སྟོན་པ་གསུམ་གྱི་རང་བཞིན་ཕུན་སུམ་ཚོགས། །མ་སྐྱེས་སྐྱེ་བའི་ཆོ་འཕྲུལ་ངོ་བོ་ལས། །འཁོར་གྱི་རང་བཞིན་རྣམ་གསུམ་ཕུན་སུམ་ཚོགས། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ང་ཡི་རང་བཞིན་ཆོས་ཉིད་གཅིག་པུ་ལ། །ང་མ་འགགས་པའི་སྟོན་པ་རྣམ་གསུམ་གྱིས། །སྐྱེ་བའི་ཆོ་འཕྲུལ་འབྱུང་བའི་འཁོར་གསུམ་ལས། །ང་ཡི་ཆོས་ཉིད་དེ་བཞིན་ཉིད་གཅིག་ལ། །རྟོགས་པར་བྱ་བའི་ཐབས་ཀྱི་གཞི་མ་དྲུག །ལྟ་བ་ཆོས་ཉིད་མཐོང་བའི་གཞི་མ་བྱེད། །དེས་ནི་མཐོང་བར་བྱ་བའི་ཐབས་ཡིན་ཏེ། །མ་སྐྱེས་དམིགས་པར་བྱ་བའི་ཡུལ་མེད་པས། །བལྟས་པས་དེ་བཞིན་ཉིད་ལ་མཐོང་བ་མེད། །དམ་ཚིག་རང་སྐྱོན་སེལ་བའི་གཞི་མ་བྱེད། །དེས་ནི་བར་ཆད་མེད་པའི་ཐབས་ཡིན་ཏེ། །དེ་བཞིན་ཉིད་ལ་བསྲུང་བའི་ཡུལ་མེད་པས། །བསྲུངས་པས་དེ་བཞིན་ཉིད་ལ་ཐུབ་པ་མེད། །ལས་ནི་གྲུབ་པར་བྱེད་པའི་གཞི་མ་བྱེད། །བཙལ་བས་གྲུབ་པར་བྱེད་པའི་ཐབས་ཡིན་ཏེ། །དེ་བཞིན་ཉིད་ལ་བཙལ་བའི་ཡུལ་མེད་པ། །དེ་བཞིན་ཉིད་ལ་ལས་ཀྱི་གྲུབ་པ་མེད། །ལམ་གྱིས་བགྲོད་པས་ཕྱིན་པའི་གཞི་མ་བྱེད། །དེས་ནི་གནས་སུ་ཕྱིན་པའི་ཐབས་ཡིན་ཏེ། །དེ་བཞིན་ཉིད་ལ་ལམ་གྱིས་བགྲོད་མེད་ཕྱིར། །བགྲོད་པས་ཕྱིན་པའི་དེ་བཞིན་ཉིད་མ་ཡིན། །ས་ནི་གནས་པར་བྱེད་པའི་གཞི་མ་བྱེད། །དེས་ནི་སྦྱང་མི་དགོས་པའི་ཐབས་ཡིན་ཏེ། །དེ་བཞིན་ཉིད་ལ་ཐམས་ཅད་ཀུན་གནས་པས། །གནས་པར་བྱ་བའི་ས་ལ་སྦྱང་དུ་མེད། །ཡེ་ཤེས་རྟོགས་པར་བྱེད་པའི་གཞི་མ་བྱེད། །དེས་ནི་ཆོས་ཉིད་རིག་པའི་ཐབས་ཡིན་ཏེ། །དེ་བཞིན་ཉིད་ལ་རྟོགས་པའི་ཡུལ་མེད་པས། །རང་བྱུང་ཡེ་ཤེས་ཡུལ་ལ་རྟོག་པ་མེད། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །བྱང་ཆུབ་སེམས་ནི་ཆོས་ཀྱི་གཞི་ཡིན་པས། །ཐེག་པ་སོ་སོ་ལྟ་སྤྱོད་དྲུག་དྲུག་གིས། །རྒྱུ་འབྲས་ལྟོས་པའི་འཁོར་ལ་དེ་བསྟན་པས། །དེ་རེ་རང་འཐད་བསམ་པ་རེ་རེ་ཡིས། །ལྟ་སྤྱོད་གཞི་མ་དྲུག་ལ་བཙལ་བྱས་ཀྱང་། །དེ་བཞིན་ཉིད་ལ་བཙལ་བའི་ཡུལ་མེད་པས། །བཙལ་བས་དེ་བཞིན་ཉིད་ལ་བཅོས་པའི་ཕྱིར། །རང་སེམས་གཞི་མ་བཅོས་མེད་དེ་མི་འཕྲད། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ལྟ་བ་བསྒོམ་དུ་མེད་ཅེས་བསྟན་པ་ནི། །ཆོས་ཀྱི་རྩ་བ་རང་ལས་མེད་པའི་ཕྱིར། །རང་གིས་རང་ལ་བལྟ་རུ་མེད་པའི་ཕྱིར། །རང་མེད་ཡུལ་ནི་ང་ཡིས་བསྟན་པ་མེད། །དེས་ན་ལྟ་བ་བསྒོམ་དུ་མེད་ཅེས་བསྟན། །དམ་ཚིག་བསྲུང་དུ་མེད་ཅེས་བསྟན་པ་ནི། །བསྲུང་བས་མི་ཐུབ་རང་གི་སེམས་མི་ཁེགས། །རང་བྱུང་ཡེ་ཤེས་ཡིན་པས་བསྲུང་དུ་མེད། །ཀྱེ། ཕྲིན་ལས་བཙལ་དུ་མེད་ཅེས་བསྟན་པ་ནི། །རྫོགས་ཆེན་རྒྱུ་འབྲས་ཡེ་ནས་འདས་པའི་ཕྱིར། །ཕྲིན་ལས་རྒྱུ་ལས་བསྒྲུབས་ནས་འབྲས་བུར་འདོད། །རྫོགས་ཆེན་འབྲས་བུ་འདོད་པ་མེད་པ་ནི། །ཕྲིན་ལས་བཙལ་བ་མེད་པའི་ཕྱིར། །ཕྲིན་ལས་བཙལ་དུ་མེད་ཅེས་བསྟན་པ་ཡིན། །ལམ་ལ་བགྲོད་དུ་མེད་ཅེས་བསྟན་པ་ནི། །ཀྱེ། དུས་གསུམ་སངས་རྒྱས་ཁམས་གསུམ་སེམས་ཅན་ལ། །བགྲོད་པ་བྱང་ཆུབ་སེམས་ཀྱི་ལམ་ལ་བགྲོད། །སེམས་སུ་སངས་རྒྱས་སེམས་ཅན་གཉིས་སུ་མེད། །དེས་ན་སེམས་ཀྱིས་སེམས་ལ་ལམ་བགྲོད་མེད། །ས་ལ་སྦྱང་དུ་མེད་ཅེས་བསྟན་པ་ནི། །ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་ས་འདི་ལ། །སྦྱངས་པས་ཐོབ་པར་འདོད་པ་རྒྱུ་འབྲས་ཅན། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་ས་འདི་ལ། །སྦྱངས་བཅོས་བྱས་གྲུབ་ལུང་ནི་ངས་མ་བསྟན། །ཡེ་ཤེས་ཡུལ་ལ་མི་རྟོག་ཞེས་བསྟན་པ། །ཡུལ་དེ་ཡེ་ནས་རང་འབྱུང་ཡེ་ཤེས་ཏེ། །ཡེ་ཤེས་ལ་ནི་ཡེ་ཤེས་ཡུལ་མ་མཆིས། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ཆོས་ཐམས་ཅད་ཀྱི་གཞི་མ་ཀུན་བྱེད་ཉིད་ཡིན་པར་བསྟན་པའི་ལེའུ་སྟེ་ཞེ་བརྒྱད་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཐམས་ཅད་ང་ལ་གནས་པའི་ས་འདི་བསྟན་ཏོ། །ཀྱེ་སེམས་དཔའ་ཆེན་པོ། ཀུན་བྱེད་རྒྱལ་པོ་ང་ཉིད་ནི། །ཀུན་གྱི་བྱང་ཆུབ་སྙིང་པོར་གནས། །བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་སྟེ། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན། །ཀློང་ཆེན་སེམས་ཀྱི་གནས་དེ་ན། །མི་གནས་པ་ནི་གཅིག་ཀྱང་མེད། །ཀུན་གྱིི་གནས་དང་ས་ཡིན་ཏེ། །འདུ་འབྲལ་མེད་པར་དེ་ན་བཞུགས། །དེ་ལ་སྦྱང་ཞིང་བགྲོད་མི་དགོས། །དེ་ལ་སྦྱངས་ཏེ་བགྲོད་འགྱུར་ན། །རང་གི་སེམས་དེ་འཆོས་པ་སྟེ། །བཅོས་པས་རང་སེམས་འབྱོངས་མི་འགྱུར། །དེ་ནི་སྤྱི་ས་ཀུན་གྱི་གནས། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །རྒྱུ་འབྲས་དགའ་བའི་འཁོར་རྣམས་ལ། །ས་མདོ་རྣམ་པ་གསུམ་བསྟན་ཏེ། །བསྐྱེད་པའི་ས་དང་སྤྱོད་པའི་ས། །བསྒྲུབ་པའི་ས་དང་གསུམ་བསྟན་ཏེ། །བསྐྱེད་པའི་ས་རུ་སེམས་བཞི་བསྐྱེད། །སྤྱོད་པའི་ས་རུ་སེམས་སྤྱོད་བཅུས། །བསྒྲུབ་པའི་ས་རུ་གྲུབ་འདོད་པས། །དེ་ནི་དྲང་བའི་ལུང་དུ་བསྟན་པའི་ཕྱིར། །ཡང་དག་ངེས་པར་ཡོད་པར་ལུང་མ་བསྟན། །ཡང་དག་ངེས་པར་ང་ཡི་ལུང་འདི་ཉོན། །བྱང་ཆུབ་སེམས་ལ་རྒྱུ་རྐྱེན་མེད་པའི་ཕྱིར། །བསྐྱེད་པའི་ས་རུ་བྱང་ཆུབ་སེམས་མི་བསྐྱེད། །བསྐྱེད་པའི་ས་རུ་བྱང་ཆུབ་སེམས་བསྐྱེད་ན། །ཆོས་དབྱིངས་ནམ་མཁའ་བྱང་ཆུབ་སེམས་མི་ཤོང་། །དགེ་སྡིག་ལས་ལ་དྲན་པ་དབང་བསྒྱུར་བས། །ཕྱི་ཡུལ་ཆོས་ཉིད་སྤངས་པས་མ་སྤོངས་ཏེ། །རང་བྱུང་ཡེ་ཤེས་མི་ཁེགས་བཞིན་དུ་འགེགས། །རང་བྱུང་ཡེ་ཤེས་ཡུལ་ལ་མི་རྟོག་བཞིན། །གཟུང་དང་འཛིན་པ་ཡོད་ཅེས་འཇོམས་པར་བྱེད། །དེས་ན་བྱང་ཆུབ་སེམས་ལ་སྐྱེས་པ་མེད། །སྤྱོད་པའི་ས་རུ་བྱང་ཆུབ་བཅུ་སྤྱད་པས། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །བྱང་ཆུབ་སེམས་ལ་གཡོས་པ་མེད་པ་ནི། །ནམ་མཁའ་ལྟ་བུའི་ཆོས་ཉིད་སྣང་བར་ཟད། །ནམ་མཁའ་ལ་ནི་གཡོས་པ་རྡུལ་ཙམ་མེད། །དེ་བཞིན་བྱང་ཆུབ་སེམས་ལ་གཡོས་པ་མེད། །བསྒྲུབ་པའི་ས་རུ་བྱང་ཆུབ་གྲུབ་འདོད་པ། །ཀུན་ཏུ་འོད་དང་མ་ཆགས་པདྨ་ཅན། །རྡོ་རྗེ་འཛིན་དང་སྟུག་པོ་བཀོད་པ་དང་། །འཁོར་ལོ་ཚོགས་ཆེན་རྡོ་རྗེ་འཆང་བ་དང་། །རྒྱུ་འབྲས་ཀུན་བཟང་དབྱེ་བ་མེད་ས་དྲུག །བྱང་ཆུབ་བསྒྲུབ་པའི་ས་རུ་མིང་བཏགས་པ། །སེམས་ཀྱི་རང་བཞིན་རྒྱུ་རྐྱེན་བྲལ་བའི་ཕྱིར། །བསྒྲུབས་པས་གྲུབ་པའི་འབྲས་བུ་ངས་མ་བསྟན། །སེམས་ཀྱི་རང་བཞིན་དྲུག་སྣང་བསྟན་པ་ཡིན། །སེམས་ཀྱི་རང་བཞིན་དྲུག་ནི་འདི་ལྟ་སྟེ། །རང་བྱུང་ཡེ་ཤེས་མ་འགགས་པ་ཡི་རྟགས། །དབང་པོ་སྒོ་ལྔ་ཀུན་ཏུ་གསལ་བ་ལ། །ཀུན་ཏུ་འོད་ཀྱི་ས་ཞེས་བཏགས་པ་ཡིན། །ཡུལ་ལ་མི་རྟོག་ཆགས་པ་མེད་པ་ལ། །མ་ཆགས་པདྨ་ཅན་དུ་བཏགས་པ་ཡིན། །སྐྱེ་འཇིག་མེད་པའི་བྱང་ཆུབ་སེམས་དེ་ལ། །རྡོ་རྗེ་འཛིན་པ་ཞེས་སུ་ང་ཡིས་བཏགས། །རང་གི་རང་བཞིན་ཆོས་ཉིད་དཔག་མེད་ལ། །རང་བྱུང་ཡེ་ཤེས་མི་རྟོག་མཉམ་པར་བཀོད། །སྟུག་པོ་བཀོད་པའི་ས་ཞེས་བཏགས་པ་ཡིན། །བྱང་ཆུབ་སེམས་ཀྱི་རང་བཞིན་དཀྱིལ་འཁོར་དེ། །རང་ལ་གནས་པའི་ཆོས་རྣམས་ཐམས་ཅད་ལ། །ཡི་གེ་འཁོར་ལོ་ཚོགས་ཆེན་ས་རྣམས་ཏེ། །སྐུ་གསུང་ཐུགས་ལ་སྐྱེ་དང་འཇིག་མེད་པས། །རྡོ་རྗེ་འཆང་གི་ས་ཞེས་བཤད་པ་ཡིན། །བྱང་ཆུབ་སེམས་ལ་རྒྱུ་འབྲས་གཉིས་མེད་དེ། །སེམས་ལས་བྱུང་བའི་ཆོས་རྣམས་ཐམས་ཅད་ལ། །བཟང་ངན་བླང་དོར་ཡེ་ནས་མེད་པའི་ཕྱིར། །དབྱེ་བ་མེད་པའི་ས་ཞེས་ང་ཡིས་བཤད། །དེས་ན་བྱང་ཆུབ་སེམས་ཀྱི་ཆོས་དབྱིངས་ལ། །དུས་གསུམ་སངས་རྒྱས་ཁམས་གསུམ་སེམས་ཅན་ཀུན། །དེ་ནས་འབྱུང་ཞིང་དེ་རུ་གནས་པའི་ཕྱིར། །ཆོས་དབྱིངས་བྱང་ཆུབ་སེམས་ནི་ཀུན་སྤྱོད་ས། །ཞེས་གསུངས་སོ། །སངས་རྒྱས་སྒྲུབ་པའི་ས་ཞེས་བཏགས་པ་དེ། །བྱང་ཆུབ་སེམས་ཀྱི་རང་བཞིན་དེ་ལས་ནི། །གོང་བཤད་བཞིན་དུ་བྱང་ཆུབ་སེམས་ལ་གནས། །ཞེས་སྦྱང་དུ་མེད་པའི་ས་བསྟན་ཏོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རྫོགས་པ་ཆེན་པོའི་ས་ལ་སྦྱང་དུ་མེད་པའི་ལེའུ་སྟེ་ཞེ་དགུ་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་བྱང་ཆུབ་ཀྱི་སེམས་རང་བྱུང་བའི་ཡེ་ཤེས་ལ་སྒྲིབ་པ་མེད་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཡེ་ཤེས་ཡེ་ཤེས་ཞེས་བྱ་བ། །ཡེ་ཤེས་ཡེ་ནས་ཤེས་པ་ཡིན། །རང་བྱུང་ཡེ་ཤེས་ཡེ་ནས་ཤེས། །ཡུལ་ལ་རྟོག་པའི་ཡེ་ཤེས་དེ། །ཡུལ་ལས་བྱུང་བས་རང་བྱུང་མིན། །ཡུལ་མེད་ཙམ་ན་གསལ་མི་བྱེད། །དེས་ན་རང་བྱུང་ཡེ་ཤེས་དེ། །ཡེ་ནས་ཤེས་པའི་ཡེ་ཤེས་ཡིན། །ཡེ་ཤེས་ཞེས་ནི་དེ་ལ་བྱ། །འཁོར་གྱི་སྟོན་པའི་ཡེ་ཤེས་ནི། །ཡུལ་ལ་བརྟགས་པའིི་ཡེ་ཤེས་དེ། །གང་སུ་ཡུལ་ལ་རྟོག་བྱེད་པ། །དེ་ནི་རིག་བྱེད་ཡེ་ཤེས་ཡིན། །རིག་པར་བྱ་བའི་ཡུལ་དེ་ནི། །བྱང་ཆུབ་སེམས་ལས་བྱུང་བའི་ཕྱིར། །དེ་ནི་ཡུལ་མེད་བྱང་ཆུབ་སེམས། །ཡེ་ཤེས་རང་ལས་བྱུང་བའི་ཕྱིར། །དེ་ལ་ཏིང་འཛིན་སྒོམ་མི་བྱེད། །ཏིང་འཛིན་སྒོམ་པ་མི་བྱེད་པས། །ཏིང་འཛིན་བག་ཆགས་གསོག་མི་འགྱུར། །བག་ཆགས་མེད་པའི་ཆོས་ཉིད་དེ། །དུས་གསུམ་སངས་རྒྱས་དགོངས་པར་བཤད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །དགོངས་པའི་ཡུལ་ལ་མི་རྟོག་སྟེ། །མཉམ་པ་ཉིད་དུ་ཡེ་ནས་གནས། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །རང་བྱུང་ཡེ་ཤེས་ཐུགས་དེ་ལ། །ཡེ་ནས་རྟོག་པ་མེད་པའི་ཕྱིར། །སངས་རྒྱས་དགོངས་པ་མི་མཛད་དེ། །རྟོག་པའི་ཡུལ་ནི་ཀུན་དང་བྲལ། །ཤིན་ཏུ་རྣལ་འབྱོར་གང་ཟག་གང་། །སུ་ཡང་རུང་བ་དེ་ཡིས་ནི། །རྟོག་པ་མེད་ལ་གནས་གྱུར་ན། །དེ་ནི་སངས་རྒྱས་དགོངས་པ་མཛད། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །རང་བྱུང་ཡེ་ཤེས་སངས་རྒྱས་དགོངས་པ་མཛད། །རང་བྱུང་ཡེ་ཤེས་ཡུལ་ལ་མི་རྟོག་པས། །རྣམ་པར་རྟོག་པའི་བག་ཆགས་གོས་མི་འགྱུར། །ལས་ནི་ཏིང་འཛིན་བརྟགས་པའི་བག་ཆགས་ཡིན། །མི་རྟོག་པ་ལ་བག་ཆགས་ཡོད་མ་གསུངས། །མི་རྟོག་པ་ཡི་རང་བྱུང་ཡེ་ཤེས་ལྔ། །སེམས་ཀྱི་རང་བཞིན་དབང་པོ་སྒོ་ལྔར་བཤད། །རང་བྱུང་ཡེ་ཤེས་དེ་ལ་འགག་པ་མེད། །བྱང་ཆུབ་སེམས་ཀྱི་ངོ་བོ་མངོན་སྣང་ལ། །རང་བྱུང་ཡེ་ཤེས་མི་འགག་སོ་སོར་གསལ། །རང་གི་རྐྱེན་གྱིས་སྣང་བས་དོར་མི་བྱེད། །ཏིང་འཛིན་མི་རྟོག་བག་ཆགས་གསོག་མི་འགྱུར། །འདི་ཡང་དུས་གསུམ་སངས་རྒྱས་དགོངས་པ་སྟེ། །གང་དུ་མི་རྟོག་འདི་ལ་སུ་གནས་ལ། །ང་ལ་མི་གནས་འགྲོ་བའི་དོན་མི་གནས། །ཆོས་སྐུ་བྱང་ཆུབ་སེམས་ལ་འདི་གནས་ཏེ། །དུས་གསུམ་སངས་རྒྱས་ཀུན་གྱི་དགོངས་པ་འདུས། །ཀྱེ། སེམས་དཔའ་ཆེན་པོ་ཚིག་དོན་འདི། །རིག་པ་ཉམས་སུ་མངོན་སུམ་རྟོགས་པར་གྱིས། །རང་བྱུང་ཡེ་ཤེས་ཡུལ་ལ་ལྔར་གནས་པ། །ཡེ་ཤེས་ལྔ་ནི་ཡུལ་ལྔ་འདོད་མ་ཡིན། །ཡུལ་འདོད་ལྔ་ནི་ཡེ་ཤེས་ལྔ་ལ་སྣང་། །ཡུལ་དེ་ཡེ་ནས་ཡེ་ཤེས་ཡིན་པའི་ཕྱིར། །ཡུལ་དང་ཡེ་ཤེས་གཉིས་སུ་ངས་མ་བསྟན། །དེས་ན་ཡུལ་ཡང་རང་བྱུང་ཡེ་ཤེས་ཡིན། །རང་བྱུང་ཡེ་ཤེས་གཅིག་ལས་མེད་པ་ལ། །ང་ལས་བྱུང་བའི་འཁོར་གྱི་སྟོན་པ་ཡིན། །ཡུལ་ལ་བརྟེན་ནས་ཡེ་ཤེས་མིང་བཏགས་པ། །རྣམ་པ་གྲངས་ཀྱི་ཡེ་ཤེས་བྱུང་བ་ནི། །རྣམ་བརྟགས་པ་ཡི་ཡེ་ཤེས་གཅིག་གིས་ནི། །ཡུལ་གཅིག་རང་བཞིན་སོ་སོར་སྣང་བ་ལ། །ཡུལ་ཅན་ལ་ནི་ཡུལ་གྱི་མིང་བཏགས་པ། །དེ་ནི་ངེས་པ་མ་ཡིན་འཁྲུལ་པས་བརྟགས། །ཀུན་བྱེད་ང་ཡི་རང་བྱུང་ཡེ་ཤེས་མིན། །ཀུན་བྱེད་ང་ཡི་རང་བཞིན་གཅིག་པུ་ལ། །འཁོར་གྱི་འདོད་པ་རྣམས་ཀྱིས་མིང་བཏགས་པ། །ལ་ལས་བྱང་ཆུབ་སེམས་སུ་མིང་བཏགས་ལ། །ལ་ལས་ཆོས་ཀྱི་དབྱིངས་སུ་མིང་ཡང་བཏགས། །ལ་ལས་ནམ་མཁའི་ཁམས་སུ་མིང་ཡང་བཏགས། །ལ་ལས་རང་བྱུང་ཡེ་ཤེས་མིང་ཡང་བཏགས། །ལ་ལས་ཆོས་ཀྱི་སྐུ་རུ་མིང་ཡང་བཏགས། །ལ་ལས་ལོངས་སྤྱོད་རྫོགས་པར་མིང་ཡང་བཏགས། །ལ་ལས་སྤྲུལ་པའི་སྐུ་རུ་མིང་ཡང་བཏགས། །ལ་ལས་སྐུ་གསུང་ཐུགས་སུ་མིང་ཡང་བཏགས། །ལ་ལས་ཐམས་ཅད་མཁྱེན་པར་མིང་ཡང་བཏགས། །ལ་ལས་རྣམ་པ་ཐམས་ཅད་མིང་ཡང་བཏགས། །ལ་ལས་ཡེ་ཤེས་བཞི་དང་གསུམ་དུ་བཏགས། །ལ་ལས་ཡེ་ཤེས་ལྔ་རུ་མིང་བཏགས་ལ། །ལ་ལས་དབྱིངས་དང་ཡེ་ཤེས་མིང་བཏགས་པ། །རང་བྱུང་བྱང་ཆུབ་སེམས་ནི་གཅིག་ལ་བཏགས། །རང་བྱུང་ང་ལ་མཐོང་ཚད་སྨྲས་པ་ཡིན། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རང་བྱུང་ཡེ་ཤེས་བསྟན་པའི་ལེའུ་སྟེ་ལྔ་བཅུ་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་རྫོགས་པ་ཆེན་པོའི་ལམ་ལ་བགྲོད་དུ་མེད་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཀུན་བྱེད་རྒྱལ་པོ་ང་ནི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ནི་ཀུན་གྱི་ལམ་ཆེན་ཏེ། །གནས་དང་ཡུལ་དང་སངས་རྒྱས་ས་དང་གསུམ། །གཞན་ན་མེད་དེ་འདི་ན་རང་བཞིན་གནས། །ཆོས་ཀྱི་དབྱིངས་དང་ཆོས་ཉིད་འདི་ན་གནས། །ནམ་མཁའི་ཁམས་དང་གཞལ་ཡས་འདི་ན་གནས། །སངས་རྒྱས་ས་དང་ཡུལ་ནི་བྱང་ཆུབ་སེམས། །གཞན་དུ་བགྲོད་པའི་ལམ་དང་གནས་མེད་དེ། །བགྲོད་པས་ནམ་མཁའི་ལམ་ལ་ཕྱིིན་པ་མེད། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ལམ་ལ་བགྲོད་པ་ཡོད་པར་ལུང་སྟོན་པ། །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །བགྲོད་པའི་ལམ་ནི་ལྔ་དང་གསུམ་བསྟན་ཏེ། །དེ་ལ་བགྲོད་པས་ཕྱིན་པར་འདོད་པ་ནི། །རྒྱུ་དང་འབྲས་བུ་ཐོབ་པར་འདོད་ཡིན་ན། །རྫོགས་ཆེན་བགྲོད་དུ་མེད་དང་མི་མཐུན་ཏེ། །ཚོགས་དང་སྦྱོར་བ་སྒོམ་མཐོང་ཐོབ་པ་ལྔར། །ཚོགས་གཉིས་བསགས་ནས་གཟུང་འཛིན་གཉིས་ཆོམས་ཏེ། །བསྒོམས་པས་ཆོས་མཐོང་ཐོབ་པའི་འབྲས་བུ་དེ། །བགྲོད་དུ་མེད་པའི་ལམ་དང་མ་འཕྲད་པས། །བདེ་ཆེན་རྩོལ་སྒྲུབ་འདས་པ་མིང་མི་གྲགས། །འབྲས་བུ་གསང་བར་བསྟན་པ་ལམ་གསུམ་ནི། །དེ་བཞིན་ཉིད་དང་ཀུན་ཏུ་སྣང་ལ་སོགས། །སྐུ་གསུམ་ལམ་ཞེས་གོམས་པར་བསྒོམས་པ་དེས། །རང་བྱུང་ཆོས་ལ་རྒྱུ་འབྲས་བསྙེན་སྒྲུབ་བཞིས། །བགྲོད་པས་རྩོལ་སྒྲུབ་འདས་པའི་སར་མི་ཕྱིན། །རང་སེམས་སྤྲོས་བྲལ་ཆོས་ཀྱི་དབྱིངས་ཡིན་པས། །སྤྲོས་བྲལ་དེ་ན་སངས་རྒྱས་ཐམས་ཅད་བཞུགས། །དེ་བས་ལམ་ལ་བགྲོད་པར་མ་བྱེད་ཅིག །རང་སེམས་མ་བསྒྲིབས་ནམ་མཁའ་བཞིན་དུ་གསལ། །དེ་ན་དུས་གསུམ་སངས་རྒྱས་ཐམས་ཅད་བཞུགས། །དེ་བས་ལམ་ལ་བགྲོད་པར་མ་བྱེད་ཅིག །རང་སེམས་མ་བཅོས་ཆོས་ཉིད་ཇི་བཞིན་པ། །དེ་ལ་དུས་གསུམ་སངས་རྒྱས་ལྷུན་གྱིས་གྲུབ། །དེ་བས་ལམ་ལ་བགྲོད་པར་མ་བྱེད་ཅིག །གལ་ཏེ་མ་རིག་ལམ་ལ་བགྲོད་གྱུར་ན། །ཕྱིན་པའི་དུས་མེད་རྟོགས་ཐོབ་དུས་མེད་དེ། །བགྲོད་པས་སངས་རྒྱས་ས་རུ་ཕྱིན་པ་མེད། །སངས་རྒྱས་རང་སེམས་རྟོག་པ་བྲལ་བ་ཡིན། །བགྲོད་པས་རང་སེམས་རྟོག་བྲལ་དེར་མི་ཕྱིན། །ལྟ་བ་བསྒོམས་པས་ཏིང་འཛིན་ཡུལ་དང་འཕྲད། །ཏིང་འཛིན་དེ་ཡིས་རྟོག་བྲལ་མཉམ་དང་བྲལ། །དམ་ཚིག་གསུངས་པས་མ་ཉམས་འཛིན་ལ་གནས། །མ་ཉམས་འཛིན་པས་རྟོག་མེད་མཉམ་དང་བྲལ། །ཕྲིན་ལས་བཙལ་བས་གྲུབ་པའི་ཏིང་འཛིན་བྱེད། །གྲུབ་པའི་ཏིང་འཛིན་མི་རྟོག་མཉམ་དང་བྲལ། །ས་ལ་སྦྱངས་པས་གནས་པའི་ཏིང་འཛིན་བྱེད། །འབྱོངས་པའི་ཏིང་འཛིན་རྟོག་མེད་མཉམ་དང་བྲལ། །ཆོས་ཉིད་བརྟགས་པས་གསལ་བའི་ཏིང་འཛིན་བྱེད། །ཏིང་འཛིན་གསལ་བས་རྟོག་མེད་མཉམ་དང་བྲལ། །ཡེ་ཤེས་གསལ་བར་རྟོགས་པའི་ཏིང་འཛིན་བྱེད། །གསལ་བར་རྟོགས་པའི་ཏིང་འཛིན་མི་རྟོག་བྲལ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །འདོད་པའི་ཏིང་འཛིན་ཇི་ལྟར་གསལ་བ་དེས། །འདོད་པ་མེད་པ་བདེ་བ་གྲུབ་པར་བྱེད། །བྱ་བྲལ་ཟིན་པའི་བདེ་བ་ཆེན་པོ་དེ། །མི་རྟོག་འདོད་པ་མེད་པ་དེ་ཡིས་བླངས། །ཏིང་འཛིན་མི་བྱེད་བག་ཆགས་མི་གསོག་པས། །རང་བྱུང་ཡེ་ཤེས་ལས་ཀྱི་དབང་མི་འགྱུར། །རང་བྱུང་ཡེ་ཤེས་ཆོས་སྐུའི་སྙིང་པོ་དེ། །བཙལ་བས་མི་འགྲུབ་རང་བཞིན་གནས་པས་འགྲུབ། །གྲུབ་པར་བྱ་བའི་དོན་རྣམས་ཀུན་དང་བྲལ། །དོན་ཞེས་བྱ་བའི་མིང་ཙམ་བཏགས་པ་ཡིན། །ཡང་དག་ཉིད་དུ་སངས་རྒྱས་མིང་ཙམ་ཡིན། །སངས་རྒྱས་མིང་དུ་འདོགས་པར་བྱེད་པ་ནི། །ངེས་པའི་ལུང་མིན་དྲང་བའི་ལུང་དུ་བསྟན། །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །ཆོས་དང་སངས་རྒྱས་དགེ་འདུན་དཀོན་མཆོག་གསུམ། །ཡོད་པར་མིང་བཏགས་དེ་གཉན་བསྒྲུབ་པ་རུ། །ང་ལས་བྱུང་བའི་འཁོར་ནི་སེམས་ཅན་ལ། །བདེ་ཡོ་སྐྱིད་དོ་སྡུག་བསྔལ་དེ་བླངས་ནས། །འདི་ལས་མ་གཏོགས་པ་ཡི་བདེ་བ་ནི། །གཞན་མེད་ཟེར་ནས་ལྟ་སྤྱོད་སྣ་ཚོགས་པ། །སྤྱད་པས་གྲུབ་པའི་ལུང་འདི་བསྟན་པ་ཡིན། །བྱར་མེད་ཀུན་བྱེད་ང་ཡི་ལུང་མ་ཡིན། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ལམ་ལ་བགྲོད་དུ་མེད་པའི་ལེའུ་སྟེ་ང་གཅིག་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་བྱ་མེད་རྫོགས་པ་འདོད་པ་མེད་པ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། ཆོས་རྣམས་ཐམས་ཅད་གྲུབ་འདོད་ན། །འདོད་པའི་ས་ནི་མ་སྒྲུབས་ཤིག །འདོད་པར་བྱེད་པའི་སེམས་དེ་ནི། །མི་ལེན་ཐམས་ཅད་སྤོང་བ་ཡིན། །འདི་ནི་རྒྱུ་འབྲས་འདས་པའི་ཕྱིར། །འབྲས་བུ་འདོད་ནས་རྒྱུ་མི་སྒྲུབ། །མི་རྟོག་རང་བཞིན་གནས་པས་འགྲུབ། །འདོད་པའི་ཏིང་འཛིན་ཐམས་ཅད་སྤོངས། །འདོད་མེད་ཐམས་ཅད་ལེན་པར་བྱེད། །ཏིང་ངེ་འཛིན་པས་འདོད་པ་འཛིན། །འདོད་པ་དེ་ནི་ཡང་དག་མིན། །ཡང་དག་གཟུང་དུ་ཡོད་མ་ཡིན། །བྱས་པའི་ལམ་ནི་ཐམས་ཅད་ཀྱིས། །མ་བཙལ་ལྷུན་གྱིས་གྲུབ་པ་སྒྲུབ། །མ་བཙལ་ལྷུན་གྱིས་གྲུབ་པ་དེ། །བྱས་པས་གྲུབ་པ་མ་ཡིན་ཏེ། །མ་བྱས་ཡེ་ནས་ལྷུན་གྱིས་གྲུབ། །འདོད་པས་ཐམས་ཅད་ཀུན་སྤངས་པས། །གྲུབ་པར་བྱེད་པའི་གེགས་སུ་ཆེ། །འདོད་པའི་ཏིང་འཛིན་བག་ཆགས་དེས། །བག་ཆགས་དེ་ནི་སེམས་འཛིན་ཡིན། །འཛིན་པས་བདེ་བ་དེ་སྤོང་བྱེད། །མི་འཛིན་བདེ་བ་ཀུན་ལེན་པས། །ཇི་བཞིན་པ་ཡི་རང་བཞིན་ནོ། །ཇི་བཞིན་བཅོས་པ་མེད་པ་དེ། །སངས་རྒྱས་ཀུན་གྱི་དགོངས་པ་གཅིག །བདེ་བ་ཆེ་ལས་མ་གཏོགས་པ། །འདོད་དང་འཛིན་པ་ག་ལ་ཡོད། །མི་གནས་པ་ལ་དམིགས་པ་མེད། །མི་རྟོག་པ་ལ་འཛིན་པ་མེད། །མེད་པ་དོན་གྱི་སྙིང་པོ་དེ། །འདོད་པ་མེད་པས་ཐོབ་པར་འགྱུར། །གང་ལ་འཛིན་ཆགས་མེད་པ་དེས། །ཏིང་ངེ་འཛིན་ཏེ་འཛིན་པའི་མཆོག །ཀུན་ཟིན་ཡེ་ནས་གྲུབ་ཟིན་པས། །བཏང་གཞག་མི་རྟོག་གྲུབ་པའི་རྒྱལ། །ཀྱེ་སེམས་དཔའ་ཆེན་པོ། སྣ་ཚོགས་བསྒོམས་པས་གཅིག་མི་གསལ། །གསལ་བ་ཏིང་འཛིན་གང་བྱེད་པ། །དེ་ལའང་ཏིང་འཛིན་ཡོད་མ་ཡིན། །དེ་བཞིན་ཉིད་དུ་གཅིག་པ་ལ། །སངས་རྒྱས་སེམས་ཅན་གཉིས་སུ་ཕྱེ། །བདེ་དང་སྡུག་བསྔལ་གཉིས་ཕྱེ་ནས། །བདེ་བ་དང་དུ་བླང་ལུང་བསྟན། །སྡིག་པ་རྒྱབ་ཏུ་བོར་ལུང་བསྟན། །དེ་ནི་ངེས་པའི་ལུང་དང་འགལ། །ཀྱེ་སེམས་དཔའ་ཆེན་པོ། གཅིག་ལ་གཉིས་སུ་མ་འབྱེད་ཅིག །བདེ་བ་སྡུག་བསྔལ་བྱང་ཆུབ་གཅིག །སངས་རྒྱས་སེམས་ཅན་སེམས་སུ་གཅིག །སྣང་སྲིད་སྣོད་བཅུད་ཆོས་ཉིད་གཅིག །བདེན་བརྫུན་གཉིས་ཀྱང་ཆོས་ཉིད་མཉམ། །བདེ་བ་མ་ལེན་སྡུག་མ་སྤོང་། །རང་བཞིན་གནས་པས་ཀུན་ཀྱང་འགྲུབ། །དེ་ལ་ཆགས་པ་སྡུག་བསྔལ་ཡིན། །ཀུན་གསལ་དེ་ལ་རྟོག་མེད་པས། །དེ་ནི་རང་བྱུང་ཡེ་ཤེས་ཡིན། །ཡེ་ཤེས་བག་ཆགས་མི་གསོག་པས། །ལས་ཀྱི་གོས་པར་ག་ལ་འགྱུར། །རྒྱུ་འབྲས་ཡེ་ཤེས་ཏིང་འཛིན་རྟོག །རྟོག་པའི་ཡེ་ཤེས་བག་ཆགས་ཅན། །ཡེ་ཤེས་བག་ཆགས་དབང་བསྒྱུར་བས། །རྟོག་པའི་ཡེ་ཤེས་བསྒོམ་མི་བྱ། །རྟོག་པའི་ཡེ་ཤེས་བསྒོམ་བྱས་པས། །མི་རྟོག་མཉམ་དང་བྲལ་བར་འགྱུར། །ཏིང་འཛིན་རྩོལ་བའི་ནད་ཀྱིས་ཟིན། །ཀྱེ་སེམས་དཔའ་ཆེན་པོ། ཀུན་བྱེད་ང་ནི་བྱང་ཆུབ་སེམས། །ཐམས་ཅད་བྱང་ཆུབ་སེམས་ཡིན་ལ། །བྱང་ཆུབ་སེམས་ལས་ཐམས་ཅད་མེད། །སེམས་ལས་སྤྲུལ་པའི་ཆོས་ནི་སྣ་ཚོགས་ཏེ། །སྣ་ཚོགས་སྤྲུལ་པ་ཅིར་ཡང་སྣང་བ་ནི། །སེམས་ཅན་གཟུགས་དང་དབྱིབས་དང་ཁ་དོག་དང་། །ཇི་ལྟར་སྣང་བ་དེ་ལ་དད་པ་རེ། །དད་པ་དེ་ཡིས་འཐད་པའི་ཆོས་སྟོན་པ། །དེ་ནི་ཡེ་ཤེས་ཐུགས་རྗེ་སྤྲུལ་པར་བཤད། །དེ་ཡང་རང་བཞིན་ཆོས་ལ་གཡོས་པ་མེད། །སངས་རྒྱས་རང་བཞིན་ཆོས་ལ་གཡོས་མེད་པས། །དུས་གསུམ་རྒྱལ་བ་རྣམས་ཀྱི་ཆོས་ཉིད་ཡིན། །ཆོས་ཉིད་ལས་ནི་སངས་རྒྱས་གུད་ན་མེད། །སངས་རྒྱས་ལས་ནི་སེམས་ཅན་གུད་ན་མེད། །སེམས་ཅན་མི་རྟོག་སངས་རྒྱས་དགོངས་པ་ཡིན། །བྱང་ཆུབ་སེམས་མ་བྱུང་གི་བར་དུ་ནི། །སངས་རྒྱས་དང་ནི་སེམས་ཅན་གཉིས་ཀ་མེད། །དེ་བས་སངས་རྒྱས་ཀུན་བས་སེམས་ཉིད་བསྔགས། །སེམས་ཉིད་མི་འགྱུར་འགྱུར་བ་ཡེ་ནས་མེད། །ཆོས་ཉིད་བསྒྱུར་བས་གཡོས་པ་རྡུལ་མེད་པར། །གཅིག་ལ་རིམ་པ་དགུ་དང་བརྒྱད་ཁྲི་སྟོང་། །འབྱེད་པའི་སྟོན་པས་གཅིག་གི་དོན་མི་རྟོགས། །གཅིག་མ་རྟོག་པས་ཀུན་དོན་རྟོགས་མི་འགྱུར། །དེས་ན་སེམས་གཅིག་དོན་དེ་རབ་ཏུ་རྟོགས། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་མ་གཡོས་འདོད་པ་མེད་པའི་ལེའུ་སྟེ་ང་གཉིས་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཆོས་ཐམས་ཅད་གཡོས་པ་མེད་པ་འདི་གསུངས་སོ། །ཀྱེ། སེམས་དཔའ་ཆེན་པོ་ད་རྟོགས་ཤིག །ང་རྟོགས་ཆོས་རྟོགས་གཡོས་པ་མེད། །ཀུན་བྱེད་རྒྱལ་པོ་སྟོན་པ་ང་ཉིད་ནི། །བྱང་ཆུབ་སེམས་ལ་གཡོས་པ་མེད་པ་དེ། །ཐམས་ཅད་བྱང་ཆུབ་སེམས་ལས་གཡོས་མེད་ཅིང་། །རང་བྱུང་ཡེ་ཤེས་རྒྱུ་རྐྱེན་མེད་པ་དེ། །རྒྱུ་དང་འབྲས་བུ་ཀུན་ལས་ཤིན་ཏུ་རྒྱལ། །རྒྱུ་འབྲས་ཐེག་པ་ཅན་ལ་ཤིན་ཏུ་གསང་། །མ་སྐྱེས་རྡོ་རྗེ་ཆོས་ཀྱི་དབྱིངས་ན་རྒྱལ། །རྒྱུ་འབྲས་ཅན་ལ་མི་སྨྲ་ཤིན་ཏུ་གསང་། །སེམས་ཉིད་མ་འགགས་ནམ་མཁའི་དབྱིངས་ན་རྒྱལ། །རྒྱུ་འབྲས་ཅན་ལ་མི་སྨྲ་ཤིན་ཏུ་གསང་། །སྣང་སྲིད་སྣོད་བཅུད་མ་བཅོས་ཆོས་ཉིད་རྒྱལ། །རྒྱུ་འབྲས་ཅན་ལ་མི་སྨྲ་ཤིན་ཏུ་གསང་། །ནམ་མཁའ་རླུང་ཆུ་ས་མེ་སྣང་བ་ལྔ། །བྱང་ཆུབ་སེམས་ཀྱི་ངོ་བོར་ཤིན་ཏུ་རྒྱལ། །རྒྱུ་འབྲས་ཅན་ལ་མི་སྨྲ་ཤིན་ཏུ་གསང་། །ཁམས་གསུམ་དུས་གསུམ་ཐུགས་རྗེ་ཡེ་ཤེས་རྒྱལ། །རྒྱུ་འབྲས་ཅན་ལ་མི་སྨྲ་ཤིན་ཏུ་གསང་། །བྱང་ཆུབ་སེམས་ཀྱི་རང་བཞིན་ཀུན་བྱེད་ལ། །མ་ཡལ་མ་ཞི་རང་བཞིན་ཞི་བ་མེད། །ཆོས་དབྱིངས་རང་བཞིན་སྤྲོས་མེད་ཞི་བ་དེ། །མ་ཡལ་མ་ཞི་རང་བཞིན་སྤྲོས་པ་མེད། །རང་བྱུང་ཡེ་ཤེས་མ་བསྒྲིབས་གསལ་བ་དེ། །མཁའ་ལ་མ་ཡལ་མ་ཞི་ཞི་བ་མེད། །སྣང་སྲིད་སྣོད་བཅུད་ཆོས་ཉིད་རང་བཞིན་ཏེ། །མ་ཡལ་མ་ཞི་རང་བཞིན་ཞི་བ་མེད། །ཆོས་རྣམས་ཐམས་ཅད་མ་ཡལ་མ་ཞི་བ། །རང་བཞིན་གསལ་ཏེ་ངོ་བོ་གཡོས་པ་མེད། །གཡོས་མེད་ཆོས་ལ་རྒྱུ་འབྲས་སྒྲུབ་བྱེད་པ། །དེ་ནི་ང་ཡི་ལུང་མིན་འདོད་ལུང་ཡིན། །ང་ནི་འདོད་པ་མེད་པས་ཀུན་གྲུབ་སྟེ། །མི་འདོད་འདོད་པ་མེད་པར་རང་བཞིན་འགྲུབ། །གྲུབ་ཅེས་བྱ་བ་ང་ཡིས་སྨྲས་པ་མེད། །རྒྱུ་འབྲས་གྲུབ་འདོད་རྣམས་ཀྱི་ཚིག་ཏུའོ། །ང་ནི་སྒྲོ་དང་སྐུར་བའི་སྒྲ་རུ་ཆེ། །ཡོད་དང་མེད་དང་གྲུབ་དང་མ་གྲུབ་དང་། །སྒྲོ་དང་སྐུར་པ་བཏབ་པ་ཐམས་ཅད་ཀུན། །མི་རྟོག་པས་ན་མཉམ་པ་ཉིད་དུ་གནས། །མཉམ་པ་ཉིད་ལས་མ་གཏོགས་གཞན་པ་ནི། །སངས་རྒྱས་ཀུན་གྱི་མེས་པོ་ངས་མ་གསུངས། །མ་གསུངས་དགོངས་པ་སངས་རྒྱས་ཀུན་མི་སྟོན། །གསུངས་པ་ཐམས་ཅད་ང་ཡི་ངོ་བོ་གསུངས། །ངོ་བོ་རང་བཞིན་ཆོས་རྣམས་ཐམས་ཅད་ཡིན། །རང་བཞིན་རྣམ་དག་མཉམ་པའི་རྒྱལ་པོ་དེ། །མི་འགྱུར་རང་བཞིན་ཆགས་པ་ཀུན་དང་བྲལ། །གཟུང་བའི་ཡུལ་མེད་སེམས་ཀྱི་གནས་ཀྱང་མེད། །དེ་ལ་མངོན་སུམ་ཐོབ་པར་སུ་འདོད་པ། །འདོད་པ་དེ་ནི་ཆགས་པའི་གནས་ཡིན་ཏེ། །དེ་ལ་མི་རྟོགས་མཉམ་པའི་དགོངས་པ་དེ། །ཆོས་ཉིད་ཡེ་ནས་རང་བཞིན་གནས་པ་ལ། །དེ་བཙལ་བསམ་པས་འདོད་སྒྲུབ་བྱེད་པ་ནི། །རང་སེམས་གཞན་དུ་ཚོལ་བར་བྱེད་པ་ཡིན། །དེ་ཡིས་ཆོས་ཀྱི་དབྱིངས་དང་ནམ་མཁའི་ཁམས། །ཁམས་གསུམ་གནས་དང་སྲིད་པའི་ཆོས་བཤིག་ཀྱང་། །རང་སེམས་རང་བཞིན་གནས་པ་དེ་མི་རྙེད། །རང་གི་སེམས་ནི་ནམ་མཁའི་རང་བཞིན་ཏེ། །མཐའ་ལ་ཐུག་པ་མེད་པས་དབྱིངས་ལ་བྲི་བ་མེད། །རང་སེམས་ནམ་མཁའ་རང་བཞིན་དེ་མི་རིག །ཆོས་ཀྱི་རང་བཞིན་ཀུན་ཀྱང་དེ་ལྟ་སྟེ། །ཇི་བཞིན་པ་ལ་ཀུན་ཀྱང་བཅོས་པ་མེད། །འཆོས་པ་རོལ་པའི་ཏིང་འཛིན་ཅི་བྱས་ཀྱང་། །ཇི་བཞིན་པ་ལ་ངོ་བོ་འགྱུར་བ་མེད། །འགྱུར་ཏེ་ལྷག་པའི་སྟོབས་གཅིག་ཆེ་འགྱུར་ན། །ཏིང་འཛིན་གཅིག་གིས་འཁོར་བ་ལྷག་མ་མེད། །སྨྲ་ཡང་ཇི་བཞིན་པ་ལ་འགྱུར་བ་མེད། །རང་བཞིན་ཆེ་བའི་ཡུལ་ལ་རང་བཞིན་གནས། །རང་བཞིན་མ་བཅོས་པ་ཡི་མིང་ཡིན་ལ། །ཆེ་བ་མ་བཅོས་པ་ལ་ལམ་ཞེས་བརྗོད། །སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་དང་ནི། །སེམས་ཅན་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ། །བཟང་ངན་ཆེ་ཆུང་ཁྱད་པར་ཡོད་མ་གསུངས། །མི་རྟོག་ཆོས་ཉིད་མཉམ་པ་ཉིད་དུ་གནས། །མཉམ་པས་ཆོས་དང་ཆོས་མིན་གཅིག་ཀྱང་མེད། །སེམས་ཅན་རྒྱུ་མེད་སངས་རྒྱས་འབྲས་བུ་མེད། །རྒྱུ་འབྲས་སྟོན་པ་སྟོན་པ་ཉིད་ལུང་ནོར། །དེ་བས་ང་ལས་བྱུང་བའི་ཆོས་མཉམ་པས། །ང་ལས་བྱུང་བ་བཟང་ངན་མེད་མཉམ་གཅིག །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ཆོས་ཐམས་ཅད་ཀྱི་རང་བཞིན་གཡོས་པ་མེད་པའི་ལེའུ་སྟེ་ང་གསུམ་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཉིད་ཀྱི་རང་བཞིན་རང་བྱུང་གི་ཡེ་ཤེས་ཡིན་ལ། རང་བྱུང་གི་ཡེ་ཤེས་དེ་དོན་གྱི་ངོ་བོ་ལྔ་དང་ལྡན་ཏེ་གང་ཞེ་ན། དོན་ཆོས་ཐམས་ཅད་འབྱུང་བའི་སྙིང་པོ་དང་། དོན་མ་ནོར་ངེས་པའི་ངོ་བོ་དང་། དོན་རྒྱུ་འབྲས་འདས་པའི་ངོ་བོ་དང་། དོན་བྱར་མེད་པའི་ངོ་བོ་དང་། དོན་ཆོས་ཐམས་ཅད་གཏན་ལ་འབེབས་པའི་ངོ་བོ་དང་ལྔའོ། །དེ་ལ་རང་བྱུང་གི་ཡེ་ཤེས་དེ་ལ་བསྡུས་པའི་མདོ་ལུང་ནི་ལྔ། ཕྱེ་བའི་མདོ་ལུང་ནི་ལྔ་བཅུ་རྩ་བདུན་པོ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་དོན་འདི་ཉོན་ཅིག །ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་ང་ནི། །རང་བྱུང་ཡེ་ཤེས་ཆེན་པོ་གཅིག་ལ་ནི། །རང་བྱུང་ཡེ་ཤེས་བསྡུས་པ་ལྔ་ལས་ནི། །ཕྱེ་བའི་མདོ་ལུང་ལྔ་བཅུ་རྩ་བདུན་ཏེ། །ང་ཡི་ངོ་བོ་ལྔ་བཅུ་རྩ་བདུན་ཡིན། །དེ་ཡི་ངོ་བོ་ཇི་ལྟར་ཡིན་ཞེ་ན། །ཡེ་ཤེས་ངོ་བོ་ཆོས་ཀྱི་སྙིང་པོ་ལས། །མངོན་དུ་ཕྱུང་བའི་མདོ་ལུང་བཅུ་ཡང་བསྟན། །ཡེ་ཤེས་མ་ནོར་ངེས་པའི་ངོ་བོ་ལས། །མ་ནོར་ངེས་པའི་མདོ་ལུང་བཅུ་ཡང་བསྟན། །ཡེ་ཤེས་རྒྱུ་འབྲས་འདས་པའི་ངོ་བོ་ལས། །རྒྱུ་འབྲས་འདས་པའི་མདོ་ལུང་བཅུ་ཡང་འབྱུང་། །ཡེ་ཤེས་བྱ་བ་མེད་པའི་ངོ་བོ་ལས། །བྱ་མེད་རྫོགས་པའི་མདོ་ལུང་བཅུ་ཡང་འབྱུང་། །ཡེ་ཤེས་གཏན་ལ་འབེབས་པའི་ངོ་བོ་ལས། །གཏན་ལ་འབེབས་པའི་མདོ་ལུང་བཅུ་ཡང་འབྱུང་། །སེམས་ཉིད་ཡེ་ཤེས་ངོ་བོ་རྣམ་ལྔ་ལས། །མདོ་ལུང་བཅུ་ཚན་རྣམ་པ་ལྔ་བྱུང་ནི། །རང་བཞིན་ངོ་བོ་ཡིད་ཆེས་ལྔ་བསྟན་ཡིན། །བདུན་ནི་ངེས་པར་བསྟན་པའི་ལེའུ་བདུན་གྱིས། །གཅིག་གིས་གཞི་བསྟན་གཅིག་གིས་གདམས་པ་བསྟན། །ལྔ་ཡིས་སོ་སོ་དགོས་པ་ལྔ་ཡང་བསྟན། །དེ་ཡི་དོན་གྱི་བྱེ་བྲག་བསྟན་པ་ནི། །དབང་པོ་ཆོས་ཉིད་མཐོང་བར་བྱ་བའི་ཕྱིར། །མངོན་དུ་ཕྱུང་བའི་མདོ་ལུང་བཅུ་ཡང་བསྟན། །ཡིན་མིན་ཡིད་ཆེས་རྟོག་པ་བསལ་བའི་ཕྱིར། །མ་ནོར་ངེས་པའི་མདོ་ལུང་བཅུ་ཡང་བསྟན། །ཀུན་བྱེད་རྒྱལ་པོའི་རང་བྱུང་ཡེ་ཤེས་དེ། །རྒྱུ་རྐྱེན་དག་ལ་རག་མ་ལས་པའི་ཕྱིར། །རྒྱུ་འབྲས་འདས་པའི་མདོ་ལུང་བཅུ་ཡང་བསྟན། །ཀུན་བྱེད་རྒྱལ་པོའི་རང་བྱུང་ཡེ་ཤེས་དེས། །བྱ་བྱེད་རྩོལ་སྒྲུབ་བྱ་མི་དགོས་པའི་ཕྱིར། །བྱ་མེད་རྫོགས་པའི་མདོ་ལུང་བཅུ་ཡང་བསྟན། །ཀུན་བྱེད་རྒྱལ་པོའི་རང་བྱུང་ཡེ་ཤེས་དེས། །ཉིད་ཀྱི་རང་བཞིན་གཏན་ལ་འབེབས་པའི་ཕྱིར། །གཏན་ལ་འབེབས་པའི་མདོ་ལུང་བཅུ་ཡང་བསྟན། །དེ་ལ་དོན་གྱི་དགོས་པ་ལྔ་ཡོད་དེ། །ཆོས་ཉིད་མངོན་དུ་ཕྱུང་བའི་མདོ་ལུང་ལ། །ཆོས་ཉིད་མངོན་དུ་མཐོང་བའི་དགོས་པ་ཡོད། །ཆོས་ཉིད་མ་ནོར་མངོན་དུ་མཐོང་བ་དེས། །ལྟ་སྤྱོད་དམ་ཚིག་ལམ་ལ་བགྲོད་མི་དགོས། །མ་ནོར་ངེས་པར་སྟོན་པའི་མདོ་ལུང་ལ། །མ་ནོར་ཡིད་ཆེས་ངེས་པའི་དགོས་པ་ཡོད། །སེམས་ཉིད་མ་ནོར་ཡིད་ཆེས་མངོན་པ་དེས། །སངས་རྒྱས་བསྒྲུབ་མི་དགོས་པའི་དགོས་པ་ཡོད། །རྒྱུ་རྐྱེན་རག་མ་ལུས་པའི་མདོ་ལུང་ལ། །རྩོལ་སྒྲུབ་བྱ་མི་དགོས་པའི་ཡོན་ཏན་ཡོད། །རྩོལ་ཞིང་སྒྲུབ་པ་བྱ་ནི་དགོས་པ་དེས། །མི་རྩོལ་བདེ་ལ་གནས་པའི་དགོས་པ་ཡོད། །བྱ་མེད་རྫོགས་པའི་མདོ་ལུང་བསྟན་པ་ལ། །མ་བྱས་རང་བཞིན་རྫོགས་པའི་དགོས་པ་ཡོད། །བྱ་མེད་རང་བཞིན་རྫོགས་པའི་དགོས་པ་དེས། །ཡེ་ནས་ལྷུན་གྱིས་རྫོགས་པའི་དགོས་པ་ཡོད། །གཏན་ལ་འབེབས་པའི་མདོ་ལུང་བསྟན་པ་ལས། །དུས་གསུམ་སངས་རྒྱས་ཁམས་གསུམ་སེམས་ཅན་དང་། །སྣང་སྲིད་སྣོད་བཅུད་བསྡུས་པ་ཐམས་ཅད་ཀུན། །རྒྱུ་མེད་ངེས་པ་རང་བྱུང་བྱ་མེད་པར། །མདོ་ལུང་ལྔ་དང་མཐུན་པར་གཏན་ལ་འབེབས། །གཏན་ལ་འབེབས་པའི་མདོ་རྩ་བསྟན་པ་ནི། །དུས་གསུམ་སངས་རྒྱས་དང་པོར་ལུང་བསྟན་པ། །ཆོས་ཉིད་ནམ་མཁའ་ལྟ་བུའི་རང་བཞིན་ལ། །སྔ་ཕྱི་དུས་གསུམ་ལྟ་བའི་སེམས་ཅན་རྣམས། །ཕྱི་བ་དྲན་མེད་སྔ་བ་བག་ཆགས་འགགས། །སེམས་ཅན་ནམ་མཁའི་ཆོས་ཉིད་མི་ཤེས་མཐོང་། །སངས་རྒྱས་སངས་རྒྱས་ཞེས་བྱའི་ངེས་ཚིག་ནི། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་ལ། །སྤྲོས་མེད་དབྱིངས་དང་དབང་པོའི་སྤྱོད་ཡུལ་སངས། །ནམ་མཁའ་བཞིན་དུ་ཀུན་ལ་ཁྱབ་ཅིང་རྒྱས། །སངས་རྒྱས་མིང་དུ་བཏགས་པ་ང་ཡིས་མེད། །ཁམས་ཞེས་བྱ་བའི་གཏན་ཚིགས་བསྟན་པ་ནི། མང་ཞིང་རྒྱ་ཆེ་བ་ཡི་མཚན་ཉིད་དེ། །ཁམས་གསུམ་སེམས་ཅན་གཅིག་གི་དབང་པོ་ཡིས། །དཔག་གིས་མི་ལང་བས་ན་ཁམས་ཞེས་བཏགས། །ཡང་དག་ངེས་པར་མིང་དུ་བཏགས་པ་མེད། །སེམས་ཞེས་བྱ་བའི་ངེས་ཚིག་བསྟན་པ་ནི། །རྒྱུ་རྐྱེན་མེད་པའི་རང་བྱུང་ཡེ་ཤེས་དེས། །མ་འགགས་ཀུན་ལ་དབང་པོ་སྒོ་ལྔར་གསལ། །དེ་ལ་སེམས་ཞེས་བྱ་བར་གསལ་བར་བཤད། །སྣང་སྲིད་སྣོད་བཅུད་བསྡུས་པ་ཐམས་ཅད་ཀུན། །སྐྱེ་བ་མེད་ལས་ཆོ་འཕྲུལ་སྣང་བ་དེ། །སྣ་ཚོགས་སྲིད་པས་སྣང་སྲིད་ཅེས་སུ་བཏགས། །སྣོད་དང་བཅུད་ཅེས་བྱ་བར་བསྟན་པ་ནི། །འབྱུང་ལྔ་སྣོད་ཀྱི་ནང་ན་རྒྱུད་དྲུག་བཅུད། །གནས་པས་སྣོད་བཅུད་ཅེས་སུ་བཏགས་པ་ཡིན། །ཀུན་བྱེད་བྱ་བ་ལྷག་མ་མ་ལུས་པ། །བསྡུས་པས་ཀུན་བྱེད་རྒྱལ་པོའི་རང་བཞིན་ལྔར། །མདོ་ལུང་ལྔ་བཅུ་རྩ་བདུན་བྱུང་ནས་བསྡུས། །ཀུན་བྱེད་རང་བཞིན་ལྔ་རུ་འདུས་པར་བསྟན། །སྙིང་པོ་མངོན་དུ་འབྱིན་པའི་རང་བཞིན་དང་། །མ་ནོར་ངེས་པར་སྟོན་པའི་རང་བཞིན་དང་། །རང་བྱུང་རྒྱུ་འབྲས་འདས་པའི་རང་བཞིན་དང་། །བྱ་བྱེད་རྩོལ་སྒྲུབ་འདས་པའི་རང་བཞིན་དང་། །མཐུན་པར་གཏན་ལ་འབེབས་པའི་རང་བཞིན་དང་ལྔའོ་ཞེས་གསུངས་སོ། །ཀྱེ། སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །སེམས་དཔའ་རྡོ་རྗེ་བདག་གི་རིག་པ་ཡིས། །ཀུན་བྱེད་རང་བྱུང་ཡེ་ཤེས་གཅིག་ངོ་ལ། །དགོས་པ་ཕུན་སུམ་ཚོགས་པ་ལྔ་བྱུང་སྟེ། །རང་བྱུང་ཡེ་ཤེས་ཆོས་ཀྱི་སྙིང་པོ་ལས། །སྣང་ཞིང་སྲིད་པའི་ཆོས་རྣམས་ཐམས་ཅད་ཀུན། །མི་སྣང་བ་ལ་མངོན་དུ་འབྱིན་ནུས་པས། །ཆོས་ཀྱི་སྙིང་པོ་ཡིན་པར་ཡིད་ཀྱང་ཆེས། །རང་བྱུང་ཡེ་ཤེས་གཅིག་གི་ངོ་བོ་དེ། །དོན་དམ་ཀུན་རྫོབ་བདེན་བརྫུན་གཉིས་མེད་པར། །མ་ནོར་ངེས་པའི་བྱང་ཆུབ་སེམས་སྟོན་པས། །ཐེ་ཚོམ་སོམ་ཉི་མེད་པར་ཡིད་ཀྱང་ཆེས། །རང་བྱུང་ཡེ་ཤེས་གཅིག་གི་ངོ་བོ་དེ། །རྒྱུ་ལ་མི་བརྟེན་རྐྱེན་ལ་མི་སྒྲུབ་པས། །གཞན་ལ་རག་མ་ལས་པའི་རང་བཞིན་གྱིས། །རང་བྱུང་ཡེ་ཤེས་ཡིན་པར་ཡིད་ཀྱང་ཆེས། །རང་བྱུང་ཡེ་ཤེས་གཅིག་གི་ངོ་བོ་དེ། །རྒྱུ་རྐྱེན་མེད་པར་ལྷུན་གྱིས་གྲུབ་པའི་ཕྱིར། །ཕྲིན་ལས་བཙལ་ཞིང་བྱ་བྱེད་བྱ་མི་དགོས། །མ་བཙལ་ལྷུན་གྱིས་གྲུབ་པར་ཡིད་ཀྱང་ཆེས། །རང་བྱུང་ཡེ་ཤེས་གཅིག་གི་ངོ་བོ་དེ། །རང་བྱུང་ཡེ་ཤེས་ཡེ་ནས་མ་བསྒྲིབས་པས། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་གསལ། །ཆོས་རྣམས་ཐམས་ཅད་གཏན་ལ་འབེབས་པའི་ཕྱིར། །སྟོན་པའི་སྒྲོན་མ་ཡིན་པར་ཡིད་ཀྱང་ཆེས། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་མདོ་ལུང་ཐམས་ཅད་ཀུན་བྱེད་ཉིད་ཀྱི་རང་བཞིན་དུ་བསྡུས་ནས་བསྟན་པའི་ལེའུ་སྟེ་ང་བཞི་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཆོས་ཐམས་ཅད་བྱང་ཆུབ་སེམས་ལས་གཞན་མེད་པའི་མདོ་འདི་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཇི་ལྟར་སྣང་སྲིད་སྣོད་བཅུད་བསྡུས་པ་དང་། །དོན་དང་ཚིག་ཏུ་བརྗོད་པ་ཐམས་ཅན་ཀུན། །བྱང་ཆུབ་སེམས་ཡིན་པ་ནི་འདི་ལྟ་སྟེ། །ཆོས་ཀྱི་དབྱིངས་དང་ནམ་མཁའི་ཁམས་འདི་ཡང་། །མ་སྤྲོས་མ་བསྒྲིབས་པ་ཡི་བྱང་ཆུབ་སེམས། །འདི་ལས་གཞན་ཡིན་བདག་གིས་གསུངས་པ་མེད། །ནམ་མཁའ་རླུང་ཆུ་ས་མེ་སྣང་བ་ཡང་། །བྱང་ཆུབ་སེམས་ཀྱི་ངོ་བོ་བསྟན་པ་ཡིན། །འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་གསུམ་ཡང་། །བྱང་ཆུབ་སེམས་ཀྱི་ངོ་བོ་གསུམ་སྣང་ཡིན། །དེ་སྟོན་པ་ཡི་སྟོན་པ་སྐུ་གསུམ་ཡང་། །བྱང་ཆུབ་སེམས་ཀྱི་རང་བཞིན་རྣམ་གསུམ་ཡིན། །སེམས་ཉིད་ཡེ་ཤེས་མ་འགགས་འདོད་ཁམས་སྣང་། །སེམས་ཉིད་ངོ་བོ་སྣང་བ་གཟུགས་ཀྱི་ཁམས། །སེམས་ཀྱི་རང་བཞིན་མ་སྐྱེས་གཟུགས་མེད་ཁམས། །རང་བཞིན་མ་སྐྱེས་སྤྲོས་བྲལ་ཆོས་ཀྱི་སྐུ། །སེམས་ཉིད་ཉིད་ལ་ཉིད་སྤྱོད་ལོངས་སྤྱོད་རྫོགས། །སེམས་ལས་སེམས་སྤྲུལ་སེམས་ཀྱི་དོན་མཛད་སྤྲུལ། །དམྱལ་བ་ལ་སོགས་འགྲོ་བ་རིགས་དྲུག་གི། །ཚ་གྲང་བཀྲེས་སྐོམ་བླུན་ལྐུགས་ལྟུང་འགྱུར་རྣམས། །མི་རྟོག་མཉམ་པས་ཇི་བཞིན་ཆོས་ཉིད་གྲོལ། །རང་བྱུང་ཡེ་ཤེས་ཡུལ་ལ་མི་རྟོག་པས། །ལས་ཀྱི་བག་ཆགས་སྐྱོན་ཡོན་ཀུན་དང་བྲལ། །ཡོན་ཏན་མི་ལེན་སྐྱོན་རྣམས་མི་དོར་བས། །བདེ་བ་མི་སྒྲུབ་སྡུག་བསྔལ་སྤང་དུ་མེད། །ཇི་བཞིན་པ་ལ་ཡེ་ནས་གཡོས་པ་མེད། །དེ་བཞིན་བསྒྱུར་བས་འགྱུར་བའི་ཆོས་གང་མེད། །འདོད་པས་ལེན་པས་ཐོབ་པའི་ཆོས་ཀྱང་མེད། །ཆོས་རྣམས་རང་བཞིན་འབྱུང་བའིི་མཚན་ཉིད་ནི། །སེམས་ལས་རང་བྱུང་ཡེ་ཤེས་འབྱུང་བ་འདྲ། །འདྲ་ཞེས་མིང་བཏགས་རང་བྱུང་ཡེ་ཤེས་ཡིན། །རང་བྱུང་ཡེ་ཤེས་ཆོས་ཉིད་ཡུལ་གཅིག་ལ། །ཆོས་གཞན་མཐོང་ནས་ཡེ་ཤེས་དེ་སྤོང་བྱེད། །རང་བྱུང་ཡེ་ཤེས་དེ་དང་འཕྲད་མི་འགྱུར། །སྤོང་འགེགས་ཡུལ་ཅན་དག་ལ་མིང་མི་གྲགས། །དོན་དམ་ཀུན་རྫོབ་བདེན་པ་རྣམ་གཉིས་ཀྱིས། །སྦྱངས་ཀྱང་བསྐལ་པ་གསུམ་གྱི་བར་དུ་ཐོགས། །དག་གསུམ་སྤྱོད་དང་མཚན་མེད་སྒོར་ཞུགས་ནས། །བྱང་ཆུབ་ཡན་ལག་ཀུན་གྱི་སྒོར་ཞུགས་ནས། །ཆོ་ག་རྫོགས་པའི་ཏིང་འཛིན་རིམ་པ་ཡིས། །རང་བྱུང་ཡེ་ཤེས་ཚེ་བདུན་བར་དུ་སྤངས། །ཐབས་དང་ཤེས་རབ་གཉིས་མེད་སྒོར་ཞུགས་ནས། །སྐྱེ་མེད་ཤེས་རབ་ཐབས་ཀྱིས་བསྐྱོད་འགྱུར་ནས། །སྣང་ལ་རང་བཞིན་མེད་པར་རང་བསྒོམས་ནས། །ཆོ་ག་ལྔ་དང་ཡོ་བྱད་ཡན་ལག་དང་། །དམ་ཚིག་ཚུལ་དང་རབ་ཏུ་བརྩོན་འགྱུར་ན། །རིག་འཛིན་ས་སྟེ་ལོ་སྟོང་དྲུག་བརྒྱ་རུ། །ལོངས་སྐུ་འདོད་པའི་ཏིང་འཛིན་ཡེངས་མེད་བྱེད། །ལོངས་སྐུ་ཐོབ་ནས་རང་སེམས་བཟོད་ཚོལ་ལྟ། །སྟོང་ཕྲག་གཅིག་ན་མི་རྟོག་མཉམ་བཟོད་རྙེད། །ཀྱེ། སེམས་དཔའ་ཆེན་པོ་རྡོ་རྗེ་ཁྱོད་ཉིད་ཀྱང་། །ང་ལུང་མ་ནོར་ཁྱོད་ཀྱིས་ད་སྟོན་ཅིག །ཀྱེ། སེམས་ཅན་ལྷ་མི་རྣམས་ནི་ཤེས་པ་རྩིང་། །དབང་པོ་ཡུལ་ལ་ཡེངས་པའི་རང་བཞིན་གྱིས། །སེམས་ཅན་མི་ཤེས་གང་བསྟན་ཚིམ་པ་ལ། །མ་ནོར་ངེས་པའི་ལུང་ཆེན་མ་བསྟན་པར། །རྒྱུ་འབྲས་དྲང་ལུང་དོན་དམ་ཀུན་རྫོབ་བསྟན། །བདེན་བརྫུན་གཉིས་ཀྱིས་ཤེས་པ་དེ་ཚིམ་ནས། །བསྐལ་པ་ཡུན་རིང་བདེན་བརྫུན་གཉིས་ལ་གནས། །དེ་བས་དང་པོར་རང་སེམས་མ་ནོར་བསྟན། །བསྟན་པས་མ་ནོར་བཙལ་མེད་ལམ་འཕྲད་ནས། །ད་ལྟ་ཉིད་ནས་མི་རྩོལ་ས་ལ་གནས། །བཙལ་དུ་མེད་པའི་ལམ་དང་དེ་འཕྲད་འགྱུར། །ཏིང་འཛིན་བསྒོམ་མི་དགོས་དང་དེ་འཕྲད་འགྱུར། །མི་རྩོལ་བདེ་ལ་གནས་པ་དེ་ཡིས་ཐོབ། །མ་ནོར་ངེས་པར་རང་སེམས་དེ་ཐོབ་པས། །མ་བཙལ་ལྷུན་གྱིས་གྲུབ་པའི་ཡོན་ཏན་ནི། །སེམས་བསྐྱེད་མི་དགོས་ལམ་ལ་བགྲོད་མི་དགོས། །ས་ལ་མི་སྦྱོང་ལྟ་བ་བསྒོམ་མི་དགོས། །སྡོམ་པ་ཚུལ་ཁྲིམས་དམ་དུ་གཉེར་མི་དགོས། །ཀྱེ་སེམས་དཔའ་ཆེན་པོ་ལུང་སྟོན་ཅིག །འཇིག་རྟེན་མཚན་མའི་ཆོས་འདི་བསྒྲུབ་པ་བཞིན། །ལུས་ཀྱི་ལས་སུ་བྱ་བྱེད་ལྷ་མི་སྒོམ། །ངག་གི་ལས་སུ་སྔགས་དང་ཚིག་མི་བརྗོད། །ཡིད་ཀྱི་ལས་སུ་ཏིང་འཛིན་གསལ་མི་སྒོམ། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ལས་མེད་པའི་ལེའུ་སྟེ་ང་ལྔ་པའོ།། །།དེ་ནས་སེམས་དཔའ་རྡོ་རྗེ་དེས། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེ་ཆོས་ཐམས་ཅད་ཀྱི་ངོ་བོ་དང་བྱེད་པ་པོ་ཡིན་པར་ཉིད་ཀྱི་འཁོར་ཐམས་ཅད་ལ་ཚིག་བསྒྲགས་པ་དང་རྟོགས་པ་ཕུལ་བ་འདི་བསྒྲགས་སོ། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །བདག་གིས་ཁྱོད་ཀྱི་རང་བཞིན་རྟོགས་པ་ནི། །ཆོས་རྣམས་ཐམས་ཅད་ཁྱོད་ཀྱི་རང་བཞིན་གཅིག །ཆོས་ཉིད་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དེ། །ཀུན་བྱེད་རྒྱལ་པོ་ཡིན་པར་རབ་ཏུ་གྲགས། །ནམ་མཁའི་ཁམས་ཀྱི་གཞལ་ཡས་ཁང་འདི་ཡང་། །ཀུན་བྱེད་རྒྱལ་པོ་ཡིན་པར་རབ་ཏུ་གྲགས། །སྐྱེ་མེད་ཆོས་ཀྱི་སྐུ་ཡི་སྟོན་པ་ཡང་། །ཀུན་བྱེད་རྒྱལ་པོ་ཡིན་པར་རབ་ཏུ་གྲགས། །འདོད་སྤྱོད་ལོངས་སྤྱོད་རྫོགས་པའི་སྐུ་འདི་ཡང་། །ཀུན་བྱེད་རྒྱལ་པོ་ཡིན་པར་རབ་ཏུ་གྲགས། །ཐུགས་རྗེ་ཡེ་ཤེས་སྤྲུལ་པའི་སྐུ་འདི་ཡང་། །ཀུན་བྱེད་རྒྱལ་པོ་ཡིན་པར་རབ་ཏུ་གྲགས། །འདོད་པའི་ཁམས་ཀྱི་འདོད་ཆགས་ཁམས་འདི་ཡང་། །ཀུན་བྱེད་རྒྱལ་པོ་ཡིན་པར་རབ་ཏུ་གྲགས། །གཟུགས་ཀྱི་ཁམས་ཀྱི་ང་རྒྱལ་ཁམས་འདི་ཡང་། །ཀུན་བྱེད་རྒྱལ་པོ་ཡིན་པར་རབ་ཏུ་གྲགས། །གཟུགས་མེད་ཁམས་ཀྱི་ཡིད་ཀྱི་ལུས་འདི་ཡང་། །ཀུན་བྱེད་རྒྱལ་པོ་ཡིན་པར་རབ་ཏུ་གྲགས། །སྔ་རབས་འདས་པའི་སངས་རྒྱས་ཉིད་ལ་གནས་པ་ཡང་། །ཀུན་བྱེད་རྒྱལ་པོ་ཡིན་པར་རབ་ཏུ་གྲགས། །ད་ལྟར་བཞུགས་པའི་སངས་རྒྱས་དོན་མཛད་ཀྱང་། །ཀུན་བྱེད་རྒྱལ་པོ་ཡིན་པར་རབ་ཏུ་གྲགས། །སླད་ཀྱིས་འབྱོན་པའི་ཉིད་ལས་འབྱུང་བ་ཡང་། །ཀུན་བྱེད་རྒྱལ་པོ་ཡིན་པར་རབ་ཏུ་གྲགས། །རྣལ་འབྱོར་རྣམ་བཞི་ཉིད་ལ་ལྟ་བ་ཡང་། །ཀུན་བྱེད་རྒྱལ་པོ་ཡིན་པར་རབ་ཏུ་གྲགས། །སྣང་སྲིད་སྣོད་བཅུད་འབྱུང་བ་ལྔ་བསྡུས་པ། །ཀུན་བྱེད་རྒྱལ་པོ་ཡིན་པར་རབ་ཏུ་གྲགས། །ཀུན་བྱེད་རྒྱལ་པོ་ལས་ནི་མ་གཏོགས་པ། །སངས་རྒྱས་སེམས་ཅན་སྣང་སྲིད་སྣོད་བཅུད་དང་། །ཆོས་སུ་གྲགས་པས་བསྡུས་པ་ཐམས་ཅད་ལ། །ཀུན་བྱེད་རྒྱལ་པོ་ལས་ནི་གཞན་མི་སྣང་། །ཞེས་སེམས་དཔའ་རྡོ་རྗེས་བསྒྲགས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་སེམས་དཔའ་རྡོ་རྗེས་ཀུན་བྱེད་ཀྱི་རང་བཞིན་རྟོགས་པའི་སྒོ་ནས་བསྒྲགས་པའི་ལེའུ་སྟེ་ང་དྲུག་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་སེམས་དཔའ་རྡོ་རྗེ་ལ་བསྟན་པ་གཏད་པའི་ལེའུ་འདི་གསུངས་སོ། །ཀྱེ། སེམས་དཔའ་རྡོ་རྗེ་འདི་ཟུངས་ཤིག །ཁྱོད་ནི་རང་བྱུང་ཡེ་ཤེས་ཏེ། །ཁྱོད་ནི་ང་ཡིས་སྙིང་པོ་འབྱུང་། །ང་ཡི་རང་བཞིན་འདི་ཟུང་ཞིག །ང་ཡི་རང་བཞིན་རྣམ་གསུམ་ལས། །སྐུ་གསུམ་སྟོན་པ་བྱུང་བ་ཡང་། །དེ་ཡི་རང་བཞིན་ཁྱོད་ཀྱིས་ཟུང་། །དེ་ཡི་བསྟན་པ་རྣམ་གསུམ་ཡང་། །བསྟན་པ་སྨྲ་བའི་སེང་གེ་གྱིས། །དུས་གནས་འཁོར་ལ་སོགས་པ་ཡང་། །ཉིད་ཀྱིས་བྱས་པར་ལུང་སྟོན་ཅིག །ཀུན་བྱེད་ང་ཡི་རང་བཞིན་ནམ། །ཀུན་བྱེད་ང་ཡི་མཚན་བཤད་བཞིན། །ཁྱོད་ཀྱིས་ང་ཡི་རང་བཞིན་ཟུང་། །ང་ནི་ཀུན་གྱི་རང་བཞིན་ཡིན། །སངས་རྒྱས་མེས་པོ་ང་ཡིན་གྱིས། །སངས་རྒྱས་ཀུན་གྱི་མེས་པོ་གྱིས། །ཀུན་བྱེད་རྒྱལ་པོ་ང་ཉིད་ནི། །སྐུ་གསུམ་སྟོན་པའི་ཕ་ཡིན་གྱིས། །ཁྱོད་ཀྱིས་སྐུ་གསུམ་ཕ་མ་གྱིས། །དུས་གསུམ་སངས་རྒྱས་མེས་པོ་གྱིས། །སེམས་ཅན་ཀུན་གྱིི་ཡང་མེས་པོ། །སྨྲ་བའི་སེང་གེ་སྨྲ་བའི་ཚེ། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །སེམས་དཔའ་ཆེན་པོ་ཉིད་དང་ནི། །ཀུན་བྱེད་རྒྱལ་པོ་ང་ལས་ནི། །གཞན་ཡིན་སྨྲ་བར་མ་བྱེད་ཅིག །སྐུ་གསུམ་བསྟན་པའི་ནང་ནས་ནི། །རྒྱུ་དང་འབྲས་བུ་རྣམ་གཉིས་ལས། །རྒྱུ་ལ་བསྒྲུབས་ནས་འབྲས་བུར་འདོད། །སེམས་ཅན་སངས་རྒྱས་མིང་བཏགས་ནས། །སེམས་ཀྱིས་སངས་རྒྱས་འབྲས་བུར་སྒྲུབ། །འདི་ནི་ང་ཡི་བསྟན་པ་མིན། །ཀུན་བྱེད་ང་ཡི་རང་བཞིན་ནི། །རྒྱུ་དང་འབྲས་བུ་གཉིས་ལས་འདས། །སེམས་ཅན་སངས་རྒྱས་གཉིས་མེད་པས། །སངས་རྒྱས་སེམས་ཀྱིས་སྒྲུབ་མ་བྱེད། །ཀུན་བྱེད་རྒྱལ་པོ་ང་ཉིད་ནི། །སེམས་ཉིད་རང་བྱུང་ཡེ་ཤེས་སོ། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་མདོ་ལས་བསྟན་པ་གཏད་པའི་ལེའུ་སྟེ་ལྔ་བཅུ་རྩ་བདུན་པའོ།། །།བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་རྫོགས་སོ།། །།རྒྱ་གར་གྱི་མཁས་པ་ཤྲཱི་སིཾ་ཧ་པྲ་བྷཱ་དང་། བོད་ཀྱི་ལོ་ཙཱ་བ་པ་གོར་བཻ་རོ་ཙ་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་རང་བྱུང་ཡེ་ཤེས་སྐྱེ་བ་མེད་པར་རྟོགས་ནས་ཅང་མི་གསུང་བར་བཞུགས་སོ། །དེ་ནས་སེམས་དཔའ་རྡོ་རྗེ་དམ་པ་དེས་འདི་སྐད་ཅེས་ཞུས་སོ། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །ལེགས་པར་གསུངས་པའི་མདོ་དག་མཐར་ཕྱིན་ནས། །སྟོན་པ་གསུམ་པོ་ཉིད་ཀྱིས་ཇི་ལྟར་རྟོགས། །བསྟན་པ་གསུམ་པོ་ཉིད་ཀྱིས་ཇི་ལྟར་རྟོགས། །འཁོར་གནས་དུས་ཀྱི་རང་བཞིན་ཇི་ལྟར་རྟོགས། །ཉིད་ཀྱིས་ཇི་ལྟར་རྟོགས་པའི་དགོངས་པའི་དོན། །བདག་ཅག་རྣམས་ལ་ལེགས་པར་བསྟན་དུ་གསོལ། །ཞེས་ཞུས་སོ། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་རྟོགས་པ་བཤད་པ་ཞེས་བྱ་བའི་རྒྱུད་ཕྱི་མ་འདི་གསུངས་སོ། །ཀྱེ། སེམས་དཔའ་རྡོ་རྗེ་དོན་འདི་ལེགས་པར་ཉོན། །སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡི། །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །སོ་སོར་འདུལ་བའི་དོན་དུ་གང་གསུངས་པ། །སྟོན་པ་རེ་དང་གནས་དང་འཁོར་དག་དང་། །བསྟན་པ་སྡུད་པ་སོ་སོར་གནས་པར་རྟོགས། །ཀུན་བྱེད་ང་ཡི་རང་བཞིན་རྟོགས་པ་མིན། །ཀྱེ། ཀུན་བྱེད་ང་ཡི་རྟོགས་ཚུལ་བསྟན་པ་ནི། །ང་ཉིད་སྐྱེ་བ་མེད་པའི་རང་བཞིན་ཏེ། །དེ་ལས་བྱུང་བའི་ཆོས་ནི་ཐམས་ཅད་ཀུན། །རང་བྱུང་སྐྱེ་བ་མེད་པའི་དབྱིངས་སུ་རྟོགས། །ཀྱེ། སེམས་དཔའ་ཆེན་པོ་ལེགས་པར་ད་ཉོན་ཅིག །ང་ཉིད་སྐྱེ་བ་མེད་པར་ངས་རྟོགས་པས། །སྟོན་པ་གསུམ་ཡང་སྐྱེ་བ་མེད་པར་རྟོགས། །བསྟན་པ་གསུམ་ཡང་སྐྱེ་བ་མེད་པར་རྟོགས། །འཁོར་གནས་དུས་ཀྱང་སྐྱེ་བ་མེད་པར་རྟོགས། །འདས་པའི་སངས་རྒྱས་སྐྱེ་བ་མེད་པར་རྟོགས། །ད་ལྟར་བྱུང་བའི་སངས་རྒྱས་བཞུགས་པ་ཡང་། །སྐྱེ་བ་མེད་པ་ཉིད་དུ་རབ་ཏུ་རྟོགས། །མ་བྱོན་སླད་ཀྱིས་འབྱུང་བའི་སངས་རྒྱས་ཀྱང་། །སྐྱེ་བ་མེད་པ་ཉིད་དུ་རབ་ཏུ་རྟོགས། །ཀྱེ། སྟོན་པ་ཀུན་བྱེད་ཉིད་ཀྱིས་རྟོགས་པ་ལྟར། །སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་རྟོགས་པར་གྱིས། །སེམས་དཔའ་རྡོ་རྗེས་དེ་ལྟར་མ་རྟོགས་ན། །ཀུན་བྱེད་ང་ཡི་རང་བཞིན་རྟོགས་མི་འགྱུར། །ང་ཡི་རང་བཞིན་ཁྱོད་ཀྱིས་མ་རྟོགས་ན། །སྙིང་པོའི་རང་བཞིན་བཅུ་དག་རྟོགས་མི་འགྱུར། །རང་བཞིན་བཅུ་ཡི་དོན་ལ་རྨོངས་པ་ཡིས། །བསྒོམ་དུ་མེད་པའི་ལུང་བཅུ་ཇི་ལྟར་རྟོགས། །ཀྱེ། ང་ཡིས་ཆོས་རྣམས་ཇི་ལྟར་བསྟན་པ་ལྟར། །སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་རྟོགས་པར་བྱོས། །ང་ཡི་རང་བཞིན་སྐྱེ་མེད་རྟོགས་པ་ལྟར། །ཀུན་གྱི་རང་བཞིན་སྐྱེ་མེད་རྟོགས་པར་གྱིས། །སྟོན་པ་གསུམ་ཡང་སྐྱེ་བ་མེད་པར་རྟོགས། །བསྟན་པ་གསུམ་ཡང་སྐྱེ་བ་མེད་པར་རྟོགས། །འཁོར་གནས་དུས་ཀྱང་སྐྱེ་བ་མེད་པར་རྟོགས། །དུས་གསུམ་སངས་རྒྱས་སྐྱེ་བ་མེད་པར་རྟོགས། །རྒྱུད་དྲུག་སེམས་ཅན་སྐྱེ་བ་མེད་པར་རྟོགས། །ས་ཆུ་མེ་རླུང་ནམ་མཁའ་ལྔ་པོ་ཡང་། །སྐྱེ་བ་མེད་པའི་ངང་དུ་རབ་ཏུ་རྟོགས། །ཁམས་གསུམ་སྲིད་གསུམ་སྐྱེ་བ་མེད་པར་རྟོགས། །འདོད་ལྔ་ཡུལ་ལྔ་སྐྱེ་བ་མེད་པར་རྟོགས། །དེས་ན་ཆོས་ཀུན་བྱང་ཆུབ་སེམས་ཉིད་དེ། །བྱང་ཆུབ་སེམས་ནི་ཀུན་བྱེད་རྒྱལ་པོ་ཉིད། །ཀུན་བྱེད་རྒྱལ་པོ་སྐྱེ་བ་མེད་པར་རྟོགས། །ཆོས་ཀུན་རྩ་བ་ཀུན་བྱེད་ང་ཉིད་དེ། །ང་ཉིད་མ་སྐྱེས་དབྱིངས་སུ་རྟོགས་པས་ན། །ཀུན་ཀྱང་སྐྱེ་མེད་དབྱིངས་སུ་རྟོགས་པར་འགྱུར། ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རྟོགས་པ་གླེང་གཞིའི་ལེའུ་སྟེ་ང་བརྒྱད་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ལྟ་བ་བསྒོམ་དུ་མེད་པ་རྟོགས་པ་འདི་གསུངས་སོ། །ཀྱེ། སེམས་དཔའ་རྡོ་རྗེ་ལེགས་པར་ད་རྟོགས་ཤིག །ཆོས་རྣམས་ཀུན་གྱི་རྩ་བ་ཀུན་བྱེད་ལ། །ལྟ་དང་བལྟ་བར་བྱེད་པ་ཡོད་མ་ཡིན། །གང་ལ་ལྟར་མེད་སྙིང་པོ་གང་རྟོགས་པ། །ཀུན་བྱེད་ང་ཡི་རང་བཞིན་རྟོགས་པ་ཡིན། །ཀྱེ། ཇི་ལྟར་སྣང་བའི་ཆོས་རྣམས་མ་ལུས་ཀུན། །ཀུན་བྱེད་སྐྱེ་བ་མེད་པར་ཀུན་གནས་པ། །སུ་ཞིག་སྙིང་པོའི་དོན་ལ་རྟོགས་འདོད་པས། །ཀུན་བྱེད་ང་ཡི་རང་བཞིན་རྟོགས་པར་གྱིས། །ཀྱེ། ཀུན་བྱེད་ང་ཡི་རང་བཞིན་མ་རྟོགས་པར། །སོ་སོར་བསྟན་པའི་ལུང་དང་ཡིད་འཐད་ཅིང་། །སྐུ་གསུམ་སྟོན་པའི་དོན་ལ་གང་འཇུག་པ། །ཀུན་བྱེད་ང་ཡི་དོན་དང་ཤིན་ཏུ་འགལ། །ཀྱེ། སྟོན་པ་ཀུན་བྱེད་ང་ཉིད་མ་རྟོགས་པར། །ལྟ་བའི་རང་བཞིན་ཀུན་མཁྱེན་སྐྱེ་མེད་འདི། །འདས་དང་ད་ལྟར་མ་འོངས་སངས་རྒྱས་ཀྱིས། །མ་རྟོགས་མི་རྟོགས་རྟོགས་པར་ལུང་མི་སྟོན། །མ་སྐྱེས་སྐྱེ་བ་མེད་པར་སངས་རྒྱས་ཀྱང་། །ཀུན་བྱེད་ང་ཡི་ལུང་དང་འཕྲད་ནས་ནི། །དེས་ཀྱང་ལྟ་བ་སྐྱེ་མེད་རབ་ཏུ་རྟོགས། །སངས་རྒྱས་ཀུན་ཀྱི་ངོ་བོར་བྱིན་གྱིས་བརླབས། །ཀྱེ། ཀུན་བྱེད་རྒྱལ་པོ་སྟོན་པའི་ལུང་མེད་ན། །དུས་གསུམ་སངས་རྒྱས་ཁམས་གསུམ་སེམས་ཅན་དང་། །མ་སྐྱེས་ལམ་ལ་ལྟ་བའི་རྣལ་འབྱོར་དང་། །ལ་དགུ་ལུང་དགུ་བརྒལ་ཡང་ས་བཅུ་ཡིས། །རང་རང་དངོས་པོའི་དོན་ལ་རྟོག་དཔྱོད་པས། །མ་སྐྱེས་སྙིང་པོའི་དོན་ལ་སྒྲིབ་པའི་ཕྱིར། །རྒྱུ་འབྲས་བྲལ་བའི་བྱང་ཆུབ་སྙིང་པོ་འདི། །ཀུན་གྱི་ལྟ་བའི་དོན་འདི་རྟོགས་པ་མེད། །ཀྱེ། དེ་བས་སྟོན་པ་ཀུན་བྱེད་ང་ཡིས་ཀྱང་། །འཁོར་གྱི་དང་པོ་སེམས་དཔའ་རྡོ་རྗེ་ལ། །སྐུ་གསུམ་སྟོན་པ་གསུམ་གྱིས་བཤད་པའི་ལུང་། །དེ་ལ་མ་གནས་ཤིག་པར་ང་ལུང་སྟོན། །དེ་ལྟར་ངེས་པའི་ལུང་འདི་མ་བསྟན་ན། །དུས་གསུམ་རྒྱལ་བ་ཀུན་གྱི་ཡང་མེས་པོ། །ཀུན་བྱེད་རྒྱལ་པོ་ང་ཡི་གདུང་ཆད་ནས། །ཀུན་ཀྱང་འཁོར་བའི་ལམ་ལ་གཞོལ་བར་འགྱུར། །ཀྱེ། དེ་ཕྱིར་སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་ཀྱང་། །ལྟ་དང་མི་བལྟ་ཡུལ་ལས་འདས་པ་ལ། །གང་བལྟས་དོན་ལ་རྣམ་རྟོགས་མཆེད་པའི་ཕྱིར། །རྒྱུ་འབྲས་ཅན་གྱི་ལྟ་བ་ཁྱོད་མ་རྟོགས། །ཤིན་ཏུ་རྣལ་འབྱོར་མི་གནས་ཐེག་པ་ལ། །བལྟས་ཤིང་བརྟགས་པས་མཐོང་བའི་དོན་འགག་པས། །མ་བཅོས་སྙིང་པོ་ཀུན་བྱེད་རང་བཞིན་ལ། །བལྟས་པས་མཐོང་བ་མེད་པའི་དོན་དུ་རྟོགས། །ཀྱེ། ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་ང་ནི། །ཆོས་རྣམས་ཀུན་གྱི་བལྟ་བའི་མེ་ལོང་སྟེ། །གསལ་ལ་རང་བཞིན་མེད་པར་ཀུན་འཆར་བས། །མ་བལྟས་རང་བཞིན་གསལ་བར་ལུང་བསྟན་ཏོ། །མ་སྐྱེས་དེ་བཞིན་ཉིད་ཀྱི་ཡུལ་ཉིད་ལ། །བལྟ་བའི་ཡུལ་མེད་མཐོང་བ་ཆེན་པོར་རྟོགས། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་སྐྱེ་བ་མེད་པའི་ལེའུ་སྟེ་ང་དགུ་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་དམ་ཚིག་བསྲུང་དུ་མེད་པར་རྟོགས་པ་འདི་གསུངས་སོ། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་འདི། །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །དབང་པོའི་ཁྱད་པར་རིམ་པར་ལུང་བསྟན་པ། །ཀུན་བྱེད་བསྲུང་དུ་ཡོད་པའི་དོན་དུ་རྟོགས། །ལ་ལས་སྡོམ་དང་འདུལ་ཁྲིམས་དག་པར་རྟོགས། །ལ་ལས་རིག་འཛིན་སྡོམ་པ་དག་པར་རྟོགས། །ལ་ལས་གྲངས་དང་རྩ་བ་ཡན་ལག་རྟོགས། །ཇི་ལྟར་བརྟགས་ཀྱང་རྟོགས་པར་ལུང་མ་བསྟན། །ཀུན་བྱེད་རྒྱལ་པོའི་དམ་ཚིག་འདི། །བསྲུང་དང་མི་སྲུང་ཕྱོགས་རིས་མེད་པར་བསྟན། །གང་གིས་བསྲུང་དང་མི་སྲུང་མེད་རྟོགས་པ། །ཀུན་བྱེད་ང་ཡི་དམ་ཚིག་རྟོགས་པ་ཡིན། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་དང་། །རྩ་བ་བྱང་ཆུབ་སེམས་སུ་ཀུན་གཅིག་པས། །ཀུན་ཀྱང་སྙིང་པོའི་དམ་ཚིག་ཡིན་པས་ན། །བསྲུང་དང་མི་སྲུང་དོན་ལ་འདས་པར་རྟོགས། །ཀྱེ། ཀུན་བྱེད་རྒྱལ་པོའི་ལྟ་བའི་དམ་ཚིག་ནི། །སྐྱེ་མེད་ནམ་མཁའ་ལྟ་བུར་ཕྱོགས་འདས་པས། །གང་གིས་དེ་དག་ལེགས་པར་རྟོགས་པ་དེ། །ཀུན་བྱེད་རྒྱལ་པོའི་དམ་ཚིག་རྟོགས་པ་ཡིན། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངས། །དམ་ཚིག་བསྲུང་དུ་མེད་པར་ལུང་བསྟན་པ། །དམ་ཚིག་རྩ་བའི་རྒྱུད་ལས་གང་ཐོས་པ། །འདིས་ནི་དོན་དེ་ལེགས་པར་རྟོགས་པ་ཡིན། །ཀྱེ། ཀུན་བྱེད་རྒྱལ་པོས་སྔ་བར་ལུང་བསྟན་ལྟར། །དུས་གསུམ་ཆོས་ཉིད་འགྱུར་བ་མེད་པའི་ཕྱིར། །ཀུན་བྱེད་རྒྱལ་པོ་ང་ཡི་དམ་ཚིག་ནི། །དུས་གསུམ་དུ་ནི་བསྲུང་དུ་མེད་པར་རྟོགས། །ཀྱེ། ཆོས་རྣམས་རྩ་བ་སེམས་སུ་གཅིག་པ་ལྟར། །དམ་ཚིག་རྩ་བ་བསྲུང་དུ་མེད་པར་གཅིག །དེ་ཡང་རང་སེམས་སྐྱེ་མེད་རྟོགས་པ་ཡིན། །ཕྱལ་བ་དང་ནི་མེད་པ་གཅིག་པུ་དང་། །ལྷུན་གྱིས་གྲུབ་པས་བསྲུང་བ་ཀུན་ལས་འདས། །ཀུན་བྱེད་རྒྱལ་པོའི་དམ་ཚིག་རྣམས་གྲངས་ཏེ། །སྐྱེ་བ་མེད་པར་རྟོགས་པའི་རྣམ་གྲངས་ཡིན། །སྙིང་པོ་བསྲུང་དུ་མེད་པར་དོན་གཅིག་ལ། །རྟོགས་དང་མ་རྟོགས་ཁྱད་པར་ལ་དགོངས་ནས། །དྲང་དང་ངེས་པ་གཉིས་སུ་རྣམ་ཕྱེ་ནས། །བསྲུང་དུ་ཡོད་དང་མེད་པར་ལུང་བསྟན་ཏོ། །ཀྱེ། འདིས་ནི་དམ་ཚིག་བསྲུང་མེད་རྟོགས་པའི་ཕྱིར། །དུས་གསུམ་རྒྱལ་བའི་དགོངས་པ་རྟོགས་པ་ཡིན། །གང་གིས་འདི་མ་རྟོགས་པའི་རྣལ་འབྱོར་པ། །རང་སེམས་སྙིང་པོའི་དོན་དང་ཤིན་ཏུ་འགལ། །ཀྱེ། ཀུན་བྱེད་ང་ཡིི་དམ་ལས་གང་འདས་ཤིང་། །སྐུ་གསུམ་སྟོན་པའི་དམ་ལ་གནས་པ་དག །བསྐལ་པ་བརྒྱ་ཕྲག་དུ་མ་རྣམས་སུ་ཡང་། །སྙིང་པོའི་དོན་དང་འཕྲད་པར་ཤིན་ཏུ་དཀའ། །དེ་ཕྱིར་ཀུན་བྱེད་ང་ཡི་ལུང་ཐོབ་པས། །དམ་ཚིག་བསྲུང་དུ་མེད་པར་རྟོགས་པར་བྱོས། །ཞེས་གསུངས་སོ། །བྱང་ཆུབ་ཀྱིི་སེམས་ཀུན་བྱེད་རྒྱལ་པོ་ལས་བསྲུང་མེད་དམ་ཚིག་གི་ལེའུ་སྟེ་དྲུག་ཅུ་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཕྲིན་ལས་བཙལ་དུ་མེད་པ་འདི་གསུངས་སོ། །ཀྱེ། སེམས་དཔའ་རྡོ་རྗེ་ལེགས་པར་ད་རྟོགས་ཤིག །སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངའི། །རང་བཞིན་ལས་བྱུང་སྟོན་པ་སྐུ་གསུམ་གྱིས། །སོ་སོ་ཇི་ལྟར་འདུལ་བའི་སྐུར་བྱུང་ནས། །ཕྲིན་ལས་བཙལ་བས་དོན་དང་འཕྲད་པར་རྟོགས། །ལུས་ཀྱི་ལས་སུ་ཕྱག་རྒྱ་བཅའ་བར་རྟོགས། །ངག་གིས་སྔགས་དང་བཟླས་པ་བྱེད་པར་རྟོགས། །སེམས་ཀྱིས་འཕྲོ་འདུ་ཏིང་འཛིན་བསྒོམ་པར་རྟོགས། །སྒོ་གསུམ་ཡལ་བར་གནས་པས་གྲུབ་མི་རྟོགས། །ཀྱེ། སྟོན་པ་ཀུན་བྱེད་ང་ཡི་ཕྲིན་ལས་ནི། །བཙལ་བར་བྱ་མེད་ཕྲིན་ལས་ལུང་བསྟན་པས། །དོན་དང་མི་འགལ་བསམ་པ་མཐར་ཕྱུང་བས། །ཕྲིན་ལས་བཙལ་དུ་མེད་པར་ཁྱོད་ཀྱིས་རྟོགས། །ཀྱེ། སྟོན་པ་ཀུན་བྱེད་ང་ཡི་ཕྲིན་ལས་ནི། །བདག་དོན་ལྷུན་གྱིས་གྲུབ་པས་བྱ་མེད་རྟོགས། །གཞན་དོན་དབྱིངས་སུ་གཅིག་པས་བཙལ་མེད་རྟོགས། །དེ་ལྟར་ཁྱོད་ཀྱིས་ངེས་པར་རྟོགས་པར་གྱིས། །ཀྱེ། ཀུན་བྱེད་བྱང་ཆུབ་སེམས་སུ་ཀུན་བྱས་པས། །བྱང་ཆུབ་སེམས་ལ་བྱ་མི་དགོས་པར་རྟོགས། །མ་བྱས་བྱ་བྲལ་སྙིང་པོ་བྱང་ཆུབ་ལ། །བྱ་དང་མི་བྱ་ཐ་སྙད་གང་གིས་གདགས། །ཀྱེ། ཀུན་བྱེད་རྒྱལ་པོ་ང་ཡི་ཕྲིན་ལས་ནི། །ལུས་ཀྱི་ལས་སུ་ཕྱག་རྒྱ་བཅར་མེད་རྟོགས། །ངག་གིས་བཟླས་བརྗོད་བྱར་མེད་སྙིང་པོར་རྟོགས། །སེམས་ཀྱིས་འཕྲོ་འདུ་སྒོམ་དང་བྲལ་བར་རྟོགས། །འདས་དང་མ་བྱོན་ད་ལྟར་བཞུགས་པ་ཡང་། །ཕྲིན་ལས་བྱ་མེད་རྟོགས་ནས་མངོན་སངས་རྒྱས། །དུས་གསུམ་རྒྱལ་བ་རྟོགས་ལ་རག་ལུས་པས། །སེམས་དཔའ་རྡོ་རྗེ་ཐོས་ནས་རྟོགས་པར་གྱིས། །ཀྱེ། ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །ཞི་རྒྱས་དབང་དང་དྲག་པོའི་ལུང་བསྟན་པ། །རྣམ་རྟོག་མཚན་མ་གྲངས་ལ་དགའ་བ་ལ། །འདུལ་བའི་རྟོག་པ་གྲངས་སུ་བསྟན་པ་ཡིན། །ཀྱེ། དེ་ཕྱིར་ཀུན་བྱེད་ང་ཡིས་ལུང་བསྟན་པ། །ཐོས་པའི་དོན་ལ་མ་ནོར་བརྟག་པར་བྱོས། །བྱ་རྩོལ་ཀུན་དང་བྲལ་བའི་ཕྲིན་ལས་ཀྱིས། །མ་བྱས་དོན་ཀུན་རྫོགས་པས་རྟོགས་པ་འཆར། །ཀྱེ། སེམས་དཔའ་རྡོ་རྗེ་དོན་འདི་ལེགས་པར་རྟོགས། །སྙིང་པོ་བྱ་རྩོལ་མེད་པའི་དོན་རྟོགས་པས། །བྱ་དང་མི་བྱ་མེད་པར་དོན་རྫོགས་པས། །ཀུན་བྱེད་རྒྱལ་པོའི་ཕྲིན་ལས་འདི་རྟོགས་ཤིག །ཀྱེ། སྟོན་པའི་རྒྱལ་པོ་ཀུན་བྱེད་ང་ཡིས་ནི། །བྱས་པ་ཐམས་ཅད་མཚན་མའི་ལམ་དུ་བསྟན། །བྱ་བྲལ་ཕྲིན་ལས་ངེས་དོན་འདི་རྟོགས་པས། །འགྲོ་བ་ཀུན་བྱེད་རྒྱལ་པོ་ཉིད་དུ་འགྱུར། །སྙིང་པོ་བྱ་བྲལ་སྒོ་གསུམ་མ་ནོར་བས། །བྱ་རྩོལ་འདས་པའི་དོན་ལ་རྟོགས་པ་ནི། །དུས་གསུམ་རྒྱལ་བའི་དགོངས་པ་གཅིག་པའི་ཕྱིར། །མ་ནོར་ལམ་ལ་རྟོགས་པ་ཉིད་མཆོག་ཡིན། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་སྒོ་གསུམ་བྱ་བ་མེད་པར་རྟོགས་པའི་ལེའུ་སྟེ་དྲུག་ཅུ་གཅིག་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་དཀྱིལ་འཁོར་བསྐྱེད་དུ་མེད་པར་རྟོགས་པ་འདི་གསུངས་སོ། །ཀྱེ། སེམས་དཔའ་རྡོ་རྗེ་དོན་འདི་ད་རྟོགས་ཤིག །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །མཚན་མ་གྲངས་ལ་དགའ་བའི་གདུལ་བྱ་ལ། །ཚོགས་དང་དཀྱིལ་འཁོར་བསྐྱེད་དུ་ཡོད་པར་བསྟན། །གང་ཞིག་སྐུ་གསུམ་ལམ་ལ་བརྟེན་བྱས་ནས། །མཚན་མ་གྲངས་ཀྱི་སྒོ་ནས་རྟོག་བྱེད་པ། །བསྐལ་པ་བྱེ་བ་བརྒྱ་ཕྲག་ཡུན་རིངས་སུ། །དཀྱིལ་འཁོར་བསྐྱེད་དུ་མེད་པའི་དོན་མི་རྟོགས། །ཀྱེ། དེ་བས་སྟོན་པ་ཀུན་བྱེད་རྒྱལ་པོ་ངས། །ཚོགས་དང་དཀྱིལ་འཁོར་རང་བཞིན་ལྷུན་རྫོགས་པའི། །མ་བྱས་རང་བཞིན་གྲུབ་པའི་ཆོས་ཉིད་ལ། །བསྐྱེད་ཅིང་བསག་ཏུ་མེད་པའི་དོན་རྟོགས་ན། །ཀྱེ། ཀུན་བྱེད་ང་ཡི་དཀྱིལ་འཁོར་བསྟན་པ་ནི། །རང་ལས་བྱུང་བའི་དཀྱིལ་འཁོར་རྫོགས་པའི་ལུང་། །མ་ལུས་སྙིང་པོར་རྫོགས་པས་བསྐྱེད་འབྲི་མེད། །མ་བསྐྱེད་དུས་གཅིག་རྫོགས་པ་དཀྱིལ་འཁོར་རྟོགས། །ཀྱེ། དཀྱིལ་ནི་མ་ནོར་དོན་གྱི་སྙིང་པོ་ལ། །འཁོར་ནི་འཁོར་འདས་བདེ་ཆེན་རྫོགས་པར་ལྡན། །དེ་ནི་དཀྱིལ་འཁོར་སྙིང་པོ་ཀུན་གྱི་རྩ། །དཀྱིལ་འཁོར་མ་ལུས་འདི་ལ་འདུས་པར་རྟོགས། །ཀྱེ། ཀུན་བྱེད་རྒྱལ་པོ་ང་ཡི་དཀྱིལ་འཁོར་ནི། །མ་ལུས་སྙིང་པོར་རྫོགས་པའི་དཀྱིལ་འཁོར་ཏེ། །གང་གིས་དེ་དག་རྫོགས་པར་གང་རྟོགས་པ། །དཀྱིལ་འཁོར་བསྐྱེད་པ་མེད་པའི་དོན་ལ་མཁས། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངས། །སྐྱེ་མེད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གྱིས། །འགྲོ་དང་འོང་མེད་ཀུན་ཏུ་ཁྱབ་པར་གདལ། །རྟོགས་པས་སྐྱེ་བ་མེད་པའི་དོན་ལ་འཇུག །ཀྱེ། རང་བྱུང་ཡེ་ཤེས་ལྔ་ཡི་དཀྱིལ་འཁོར་ནི། །རྟོགས་དང་མ་རྟོགས་དོན་ལ་རག་ལུས་པས། །བསྐྱེད་དང་མི་བསྐྱེད་གཉིས་སུ་མཐོང་བ་ཡིན། །དམ་པ་རྟོགས་ན་བསྐྱེད་དང་མི་བསྐྱེད་མེད། །དེ་ཕྱིར་སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་ཀྱང་། །སྒྲ་ལ་མ་གནས་དོན་ཉིད་རྟོགས་པར་གྱིས། །གང་གིས་དེ་ལ་རྟོགས་པ་སྐྱེས་མ་ཐག །ཀུན་བྱེད་རྒྱལ་པོ་དོན་ལ་འབྱོར་པར་འགྱུར། །ཀྱེ། རྒྱལ་བ་མ་ལུས་འདུས་པའི་སྙིང་པོ་སྟེ། །རང་བཞིན་ཁྱབ་པར་གནས་པའི་དཀྱིལ་འཁོར་འདི། །མ་སྐྱེས་རང་བཞིན་གནས་པའི་དོན་འདི་ལ། །རྟོགས་པ་ཅི་བདེར་མནོས་ལ་མ་རྩོལ་ཅིག །ཀྱེ། རྒྱལ་བ་ཀུན་གྱི་རང་བཞིན་ཀུན་བྱེད་ངས། །དཀྱིལ་འཁོར་བསྐྱེད་དུ་མེད་པར་དོན་རྟོགས་པས། །དེ་ཡི་རང་བཞིན་སྒྲ་ཐོས་མ་ཡིན་པར། །སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་རྟོགས་པར་གྱིས། །ཀྱེ། ཀུན་བྱེད་རྒྱལ་པོ་ཆགས་སྡང་རྣམ་པ་ལྔ། །སྐྱེ་མེད་བྱང་ཆུབ་སེམས་སུ་བསྟན་པ་ལྟར། །སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་རྟོགས་ནས་ཀྱང་། །དེ་བཞིན་འཁོར་ལ་ཁྱོད་ཀྱིས་ལུང་སྟོན་ཅིག །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་དཀྱིལ་འཁོར་བསྐྱེད་དུ་མེད་པར་རྟོགས་པའི་ལེའུ་སྟེ་དྲུག་ཅུ་གཉིས་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་དབང་ལ་བསྐུར་དུ་མེད་པར་རྟོགས་པ་འདི་གསུངས་སོ། །ཀྱེ། སེམས་དཔའ་རྡོ་རྗེ་དོན་འདི་ངེས་རྟོགས་ཤིག །ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ། །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །དབང་ལ་བསྐུར་ཐབས་ཡོད་པར་ལུང་ཕོག་པ། །མཚན་མའི་རྟོགས་པའི་ལམ་ལ་ཞེན་ཆགས་པས། །ང་ཡི་རང་བཞིན་མི་མཐོང་བསྐལ་པར་འགྱུར། །ཀྱེ། ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ། །ང་ཡི་རང་བཞིན་ཀུན་བྱེད་ཁྱབ་རྟོགས་པས། །ང་ལ་གཉིས་པའི་དོན་ནི་མེད་པའི་ཕྱིར། །བསྐུར་དང་མི་བསྐུར་དོན་དང་བྲལ་བར་རྟོགས། །གང་ཟག་མཚན་མ་གྲངས་ལ་དགའ་བ་ལ། །དབང་གི་གྲངས་དང་བསྐུར་བའི་རིམ་པ་བསྟན། །མ་བཅོས་དོན་ལ་གནས་པའི་གང་ཟག་ལ། །མ་བསྐུར་རང་བཞིན་གནས་པའི་རིམ་པ་བསྟན། །ཀྱེ། ཀུན་བྱེད་རྒྱལ་པོའི་རང་བཞིན་ཀུན་ཁྱབ་པས། །དེ་ལྟར་འཇུག་ཅིང་རྟོགས་པའི་རྣལ་འབྱོར་ལ། །མ་བསྐུར་རང་བཞིན་གནས་པའི་དོན་རྟོགས་པས། །དབང་ལ་བསྐུར་ཐོབ་མེད་པར་ལུང་སྟོན་ཅིག །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངས། །བསྐུར་ཐོབ་མེད་པར་རྟོགས་ནས་ལུང་བསྟན་པས། །སྐྱེ་མེད་རྣམ་དག་སེམས་ཀྱི་དབང་ཐོབ་ནས། །རང་བཞིན་བཅུ་ཡི་དབང་ལ་རྩོལ་མི་འགྱུར། །སྔགས་དང་ཕྱག་རྒྱའི་དབང་ལ་རེ་མི་འཇོག །རྫས་དང་མཚན་མའི་དབང་ལ་སེམས་མི་འཆགས། །རང་རྒྱུད་དག་པས་མཚན་མའི་ལྷ་མི་བསྒོམ། །གཟའ་དང་རྒྱུ་སྐར་དུས་ཚིགས་རིམ་པ་མེད། །ཀྱེ། སྟོན་པའི་རྒྱལ་པོ་ང་ཡིས་རྟོགས་པ་ལྟར། །སྐུ་གསུམ་སྟོན་པ་གསུམ་གྱིས་མ་རྟོགས་པས། །རང་བཞིན་བཅུ་ཡི་དོན་ལ་བསྒྲིབས་པའི་ཕྱིར། །ཀུན་བྱེད་ང་ཡི་རང་བཞིན་རྟོགས་པ་མེད། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངས། །འཁོར་གྱི་དང་པོ་སྐུ་གསུམ་སྟོན་པ་ལས། །རང་བཞིན་མ་བཅོས་ཇི་བཞིན་ལུང་ཕོག་པ། །མཚན་མའི་འཇིག་རྟེན་ལྷ་ལ་རྟེན་མི་འཆའ། །ཚོགས་ལ་མི་རྟེན་དབང་ལ་རག་མ་ལུས། །སྐྱེ་མེད་རིག་པའི་དབང་ལ་ཀུན་རྫོགས་པས། །མ་བཙལ་བདེ་བར་བཞག་པས་དོན་ཀུན་རྫོགས། །ཀྱེ། ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ། །སྐུ་གསུམ་སྟོན་པ་ང་ཡིས་བཀོད་པ་ཡིན། །དེས་བསྟན་བཅོས་ཀྱང་ང་ཡིས་བཀོད་པ་ཡིན། །རང་ཉིད་རང་ལ་དགོད་པ་བྱ་མི་དགོས། །ཀྱེ། དེ་ལྟར་ཀུན་བྱེད་རང་བཞིན་གང་རྟོགས་པས། །ཐམས་ཅད་ཀུན་བྱེད་རང་བཞིན་དེ་རྟོགས་པས། །ཀུན་བྱེད་ང་ཡི་རང་བཞིན་རྟོགས་གྱིས་ལ། །མཚན་འཛིན་ཞེན་པའི་དབང་ལ་མ་རྟེན་ཅིག །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རང་བྱུང་རྟོགས་པའི་དབང་གི་ལེའུ་སྟེ་དྲུག་ཅུ་གསུམ་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ལམ་ལ་བགྲོད་དུ་མེད་པར་རྟོགས་པ་འདི་གསུངས་སོ། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡི། །རང་བཞིན་མ་སྐྱེས་གཅིག་ཏུ་གནས་པ་ལ། །སྐྱེ་མེད་མངོན་དུ་རྟོགས་པར་དཀའ་བའི་ཕྱིར། །འཁོར་གྱི་དང་པོ་སྟོན་པ་སྐུ་གསུམ་གྱིས། །རང་རང་དགའ་བའི་ལམ་ལ་གཟུད་པའི་ཕྱིར། །ལམ་གྱི་ཁྱད་པར་བགྲོད་དུ་ཡོད་པར་བསྟན། །བློ་ཆུང་བརྒྱུད་ནས་དོན་ལ་འདྲེན་པའི་ཕྱིར། །དྲང་བའི་ལུང་དུ་ང་ཡིས་རྟོགས་པ་ཡིན། །ཀྱེ། ཚོགས་དང་སྦྱོར་ལམ་མཐོང་ལམ་བསྒོམ་པའི་ལམ། །མཐར་ཕྱིན་རིམ་པ་བསྐལ་པ་བརྒྱ་ཕྲག་དང་། །ཚོ་གསུམ་བདུན་སོགས་དུས་དེར་འགྲུབ་པར་རྟོགས། །དེ་ཡིས་ང་ཡི་ལམ་འདི་རྟོགས་མི་འགྱུར། །ཀྱེ། ཀུན་བྱེད་རྒྱལ་པོ་ང་ཡི་ལམ་བཤད་པ། །ང་ཉིད་སྐྱེ་བ་མེད་པའི་རང་བཞིན་ལ། །འཇུག་དང་མི་འཇུག་ཚིག་ལས་ཤིན་ཏུ་འདས། །དེ་ཕྱིར་ལམ་ལ་བགྲོད་དུ་མེད་པར་རྟོགས། །ལམ་ལྔར་སྣང་བ་རྣམ་རྟོག་མཚན་མའི་གྲངས། །ང་ཉིད་མཚན་མའི་ཡུལ་ལས་འདས་པའི་ཕྱིར། །མཚན་མའི་ལམ་གྱིས་བགྲོད་དུ་མེད་པར་རྟོགས། །ཀྱེ། ཀུན་བྱེད་ང་ཡི་ལམ་ལ་རིམ་མེད་དེ། །སྐྱེ་མེད་ཐིག་ལེ་ཆེན་པོར་གཅིག་པའི་ཕྱིར། །གཅིག་གི་རང་བཞིན་རྟོགས་པ་དེ་ཡི་ཕྱིར། །ལམ་ལ་བགྲོད་མེད་གཅིག་ཏུ་རྟོགས་པ་ཡིན། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ང་། །ང་ལ་འཇུག་པའི་རིམ་པའི་ལམ་མེད་དེ། །རང་བྱུང་ཡེ་ཤེས་དུས་གཅིག་རྫོགས་པའི་ཕྱིར། །མ་བགྲོད་རང་བཞིན་བཞག་པས་ཕྱིན་པར་འགྱུར། །དེ་ཕྱིར་སེམས་དཔའ་རྡོ་རྗེ་ཁྱོད་ཉིད་ཀྱིས། །ང་ལ་རིམ་པར་བགྲོད་པར་མ་བྱེད་ཅིག །ཀྱེ། ང་ནི་མཐའ་བྲལ་ནམ་མཁའི་རང་བཞིན་ཏེ། །ནམ་མཁའི་མཐའ་ལ་བགྲོད་ཅིང་ཚི་ཆད་ལྟར། །ང་ཡི་རང་བཞིན་ལམ་གྱིས་བགྲོད་འདོད་པ། །ཚི་ཆད་ནད་དུ་དེ་ལས་ཆེ་བ་མེད། །དེ་ཕྱིར་སེམས་དཔའ་རྡོ་རྗེ་རྟོགས་ནས་ཀྱང་། །ཁྱོད་ཀྱིས་འཁོར་གྱི་ནང་དུ་ལུང་སྟོན་ཅིག །ད་ལྟར་ང་ཡི་རང་བཞིན་ལུང་བསྟན་པས། །ཀུན་ཀྱང་ང་ཡི་རང་བཞིན་ཉིད་རྟོགས་འགྱུར། །འཇིག་རྟེན་མཚན་མའི་ལམ་ལ་ཞེན་མི་འགྱུར། །རྣམ་གྲངས་ཚིག་གི་ལམ་ལ་རྩོད་མི་འགྱུར། །མ་བཅོས་བདེར་བཞག་རྟོགས་པས་ཕ་རོལ་ཕྱིན། །ཀུན་གྱི་སྙིང་པོའི་ལམ་དང་འཕྲད་པར་འགྱུར། །ཀྱེ། ང་ནི་ཀུན་བྱེད་ཆོས་ཀྱི་གཞི་མ་སྟེ། །ལམ་ལྔ་ས་བཅུར་སྟོན་པའི་སྐུ་གསུང་ཡང་། །ང་ཡི་རང་བཞིན་མངོན་དུ་བསྟན་པ་ཡིན། །དེ་ལྟར་ཁྱོད་ཀྱིས་ལེགས་པར་རྟོགས་པར་གྱིས། །མ་བཅོས་བགྲོད་མེད་ཀུན་བྱེད་ཀུན་གྱི་ལམ། །སུ་ཞིག་བགྲོད་པས་བྱང་ཆུབ་དོན་མི་རྟོགས། །ཀུན་བྱེད་ང་ཡི་རང་བཞིན་རྟོགས་མི་འགྱུར། །དེ་བས་བགྲོད་དུ་མེད་པའི་དོན་ལ་རྟོགས། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ལམ་ལ་བགྲོད་དུ་མེད་པར་རྟོགས་པའི་ལེའུ་སྟེ་དྲུག་ཅུ་བཞི་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ས་ལ་སྦྱང་དུ་མེད་པར་རྟོགས་པ་འདི་གསུངས་སོ། །ཀྱེ། སེམས་དཔའ་རྡོ་རྗེ་དོན་འདི་ལེགས་པར་རྟོགས། །སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །ས་ལ་སྦྱང་དུ་མེད་པར་བསྟན་པ་ནི། །ཀུན་གྱི་ཡུལ་མིན་བརྟག་པ་རབ་ཏུ་དཀའ། །ཀྱེ། ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །དམན་པའི་རིམ་པ་བགྲོད་ཅིང་སྦྱངས་པའི་ཕྱིར། །རྣམ་རྟོག་གྲངས་ལ་དགའ་བའི་གང་ཟག་ལ། །ས་ཡི་རྣམ་གྲངས་བཅུ་དང་དྲུག་ཏུ་བསྟན། །བསྟན་པ་དེ་བཞིན་འཁོར་གྱིས་དེ་ལྟར་རྟོགས། །རྣམ་རྟོག་བློ་ཡི་གྲངས་ལ་སྣང་བར་ཟད། །ཀྱེ། ས་དྲུག་གྲངས་ཀྱི་རང་བཞིན་བསྟན་པ་ནི། །ཀུན་ཏུ་འོད་དང་རྡོ་རྗེ་འཛིན་པ་དང་། །རྡོ་རྗེ་འཆང་དང་སྟུག་པོ་བཀོད་པ་དང་། །པདྨ་ཅན་དང་རྡོ་རྗེ་སེམས་དཔའི་ས། །རིམ་བགྲོད་རྣལ་འབྱོར་དོན་དུ་གསུངས་པ་སྟེ། །ལྷ་དང་ཏིང་འཛིན་ཁྱད་པར་རེ་རེ་གསུངས། །ཀྱེ། སྟོན་པ་ཀུན་བྱེད་རྒྱལ་པོ་ས་བསྟན་པ། །ཇི་ལྟར་སྣང་བའི་ཆོས་རྣམས་མ་ལུས་པ། །སྐྱེ་མེད་ཆོས་ཀྱི་དབྱིངས་སུ་གཅིག་པའི་ཕྱིར། །ས་ཡི་ཁྱད་པར་མེད་དེ་གཅིག་ཏུ་རྟོགས། །ཀུན་བྱེད་ང་ཡི་ས་ལ་མ་སྦྱར་ན། །རྟོག་པའི་ས་ཡིི་རྣམ་གྲངས་ཀུན་ཐོབ་ཀྱང་། །སོ་སོ་རང་གི་རྣམ་རྟོག་སྣང་བ་ལས། །ཀུན་བྱེད་ང་དང་འཕྲད་པར་ལུང་མི་སྟོན། །ཀྱེ། ཀུན་བྱེད་རྒྱལ་པོ་ས་ཡི་རང་བཞིན་ནི། །མ་བཅོས་མ་སྦྱངས་རིག་པས་ལྷུན་རྫོགས་ས། །སྦྱངས་ཤིང་བགྲོད་ཀྱང་དོན་དང་མི་འཕྲད་ཀྱི། །རང་བཞིན་རྟོགས་པས་དུས་གཅིག་རྫོགས་པར་བྱེད། །ཀྱེ། ཐེག་གཅིག་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ས། །སྐྱེ་མེད་ཁྱབ་པས་རྟོགས་པའི་རང་བཞིན་ནི། །གང་ལྟར་བགྲོད་པ་ནམ་མཁའི་མཐའ་ཚོལ་འདྲ། །མ་བགྲོད་རང་བཞིན་བཞག་པས་གྲོལ་བ་སྟོན། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ང་། །ས་ཡི་ངོ་བོར་ང་ཉིད་ཤར་བའི་ཕྱིར། །ང་ཡི་ས་ལ་མཐོ་དམན་རིམ་པ་མེད། །ཀུན་བྱེད་ང་ཡི་ས་འདི་རྟོགས་པར་གྱིས། །ང་ཉིད་ཀུན་གྱི་མདུན་དུ་མངོན་ཕྱུང་ཡང་། །སྐུ་གསུམ་འཁོར་གྱིས་རྣམ་རྟོག་གྲངས་སུ་རྟོགས། །ཀུན་བྱེད་རྒྱལ་པོའི་དགོངས་པ་ཟབ་མོ་ཡང་། །གང་ལྟར་བལྟས་པས་མཐུན་པར་ལུང་མི་སྟོན། །ཀྱེ། ང་ཡི་འཁོར་གྱི་དང་པོ་སྐུ་གསུམ་གྱིས། །རང་རང་མོས་པའི་འཁོར་ལ་ཆོས་བསྟན་པ། །སྐུ་གསུང་ཐུགས་ཀྱི་ཐེག་པ་རེ་རེ་དང་། །ས་རེ་ལམ་རེ་འབྲས་བུ་རེ་རེ་བསྟན། །ཀུན་བྱེད་ང་ཡི་ས་ལམ་མ་རྟོགས་ན། །རྣམ་གྲངས་ས་དེས་ངེས་པའི་ལམ་མི་རྙེད། །དེས་ན་སེམས་ཉིད་ཀུན་ཐེག་སེམས་ཀྱི་ས། །རྩ་བའི་ས་ལ་བརྟན་པར་རྟོགས་པར་གྱིས། །ས་ཡི་རང་བཞིན་སྣང་མེད་འདི་རྟོགས་ནས། །ཀུན་བྱེད་བྱང་ཆུབ་སེམས་ཀྱི་ས་ལ་གནས། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ས་ལ་སྦྱང་དུ་མེད་པར་རྟོགས་པའི་ལེའུ་སྟེ་དྲུག་ཅུ་ལྔ་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་སྤྱོད་པ་བླང་དོར་མེད་པར་རྟོགས་པ་འདི་གསུངས་སོ། །ཀྱེ། ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ། །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །ལ་ལས་དགེ་སྤྱད་སྡིག་པ་དོར་བར་རྟོགས། །ལ་ལས་གཙང་དམེ་བླང་དོར་གཉིས་སུ་རྟོགས། །ལ་ལས་གཙང་དམེ་གཉིས་ཀ་སྤྱད་པར་རྟོགས། །སྤྱད་དང་མ་སྤྱད་མེད་པའི་དོན་མ་རྟོགས། །གང་དག་སྤྱོད་པ་འདི་ལ་གནས་པ་ནི། །རང་རང་གཉེན་པོའི་རྟོགས་པ་བྱེད་པ་ཡིས། །དམིགས་པ་ཡིད་ལ་སྦྱངས་པ་རྟོགས་པར་འགྱུར། །བླང་དོར་མེད་པའི་སྤྱོད་པ་རྟོགས་མི་འགྱུར། །ཀྱེ། ཀུན་བྱེད་རྒྱལ་པོའི་སྤྱོད་པ་བསྟན་པ་ནི། །དགེ་སྡིག་བླང་དོར་གཙང་དམེ་ཆེ་ཆུང་ཀུན། །སྐྱེ་མེད་བྱང་ཆུབ་སེམས་སུ་ཀུན་གཅིག་པས། །བླང་དང་དོར་བ་མེད་པའི་དོན་དུ་རྟོགས། །གཙང་དང་མི་གཙང་མེད་པ་ཉིད་དུ་རྟོགས། །སྤྱད་དང་མ་སྤྱད་གཉིས་སུ་མེད་པར་རྟོགས། །མཐའ་དང་དབུས་སུ་འབྱེད་པ་མེད་པར་རྟོགས། །གཞི་རྩ་སྐྱེ་མེད་བྱང་ཆུབ་སེམས་སུ་རྟོགས། །ཀྱེ། ཀུན་བྱེད་རྒྱལ་པོའི་སྤྱོད་པ་བསྟན་པ་ནི། །གང་ལྟར་སྤྱད་པ་དེ་ལྟར་མི་འགལ་ཏེ། །བྱས་དང་མ་བྱས་གཉིས་ཀ་སྐྱེ་མེད་པས། །ཤེས་པས་གང་ལྟར་སྤྱད་པ་སྐྱེ་མེད་དོན། །ཀྱེ། ཀུན་བྱེད་རྒྱལ་པོ་ང་ཡི་སྤྱོད་པ་ལ། །མཁའ་ལྟར་གནས་པས་གྲངས་དང་ཚད་གཟུང་མེད། །གཉིས་སུ་མེད་པས་ཡིན་མིན་ཕྱོགས་ལས་འདས། །ཀུན་བྱེད་བྱང་ཆུབ་སེམས་ཀྱི་སྤྱོད་པར་རྟོགས། །འདོད་པ་ལྔ་ཡང་སེམས་ཀྱི་སྤྱོད་པར་རྟོགས། །ཆགས་སྡང་ལྔ་ཡང་སེམས་ཀྱི་སྤྱོད་པར་རྟོགས། །རྒྱན་གྱི་རྒྱུ་ལྔ་སེམས་ཀྱི་སྤྱོད་པར་རྟོགས། །ཁམས་གསུམ་སྲིད་གསུམ་སེམས་ཀྱི་སྤྱོད་པར་རྟོགས། །སྐྱེ་མེད་མ་རྟོགས་པ་ཡི་སྤྱོད་པ་ནི། །རྒྱལ་བ་ཀུན་གྱི་མེས་པོ་ངས་མ་བཤད། །ཀྱེ། དེ་ཕྱིར་སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་ནི། །ཀུན་བྱེད་ང་ཡི་སྤྱོད་པ་འདི་རྟོགས་ལ། །བླང་དོར་མེད་པར་ཀུན་གྱིས་རྟོགས་པའི་ཕྱིར། །ང་ཡི་འཁོར་གྱི་ནང་དུ་ལུང་སྟོན་ཅིག །ཀུན་བྱེད་ང་ཡི་སྤྱོད་པ་མ་རྟོགས་པར། །སྐུ་གསུམ་སྟོན་པའི་འཁོར་ལ་གང་ཞེན་པས། །འཇིག་རྟེན་ལོག་པའི་ལྟ་སྤྱོད་ལ་འཆོལ་ནས། །བླང་དོར་མེད་པའི་སྤྱོད་པ་རྟོགས་མི་བྱེད། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །འཁོར་གྱི་ནང་དུ་སྤྱོད་པའི་ལུང་བསྟན་པ། །མ་ཆགས་བླང་དོར་མེད་པའི་སྤྱོད་པ་ཡིས། །ཐམས་ཅད་སྐྱེ་མེད་མཉམ་པར་རྟོགས་ལུང་བསྟན། །སེམས་དཔའ་རྡོ་རྗེས་འཁོར་ལ་ལུང་བསྟན་པས། །འཁོར་ཀྱང་བླང་དོར་མེད་པར་རྟོགས་པར་འགྱུར། །འཁོར་དང་མྱ་ངན་འདས་པའི་ཆོས་རྣམས་ནི། །སྐྱེ་བ་མེད་པ་ནམ་མཁའི་རང་བཞིན་ལྟར། །ང་དང་ཁྱོད་ཀྱིས་རྟོགས་པ་ཇི་ལྟ་བར། །ཁྱོད་ཀྱིས་འཁོར་གྱི་ནང་དུ་ལུང་སྟོན་ཅིག །སྔ་བར་ལུང་བསྟན་ཐོས་པ་ལ་བརྟེན་ནས། །རྟོགས་པས་ཀུན་བྱེད་ཉིད་ལ་གནས་པར་འགྱུར། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་སྤྱོད་པ་བླང་དོར་མེད་པར་རྟོགས་པའི་ལེའུ་སྟེ་དྲུག་ཅུ་དྲུག་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ཡེ་ཤེས་རང་ལ་སྒྲིབ་པ་མེད་པར་རྟོགས་པ་འདི་གསུངས་སོ། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངས། །ཇི་ལྟར་འདུལ་བའི་ཐབས་སུ་བསྟན་པའི་ཕྱིར། །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །སྒྲིབ་པ་བསལ་ཞིང་ཡེ་ཤེས་བསྒྲུབ་པར་རྟོགས། །སྐུ་གསུམ་སྟོན་པས་འཁོར་ལ་དེ་ལྟར་བསྟན། །འཁོར་གྱིས་གོ་ཞིང་རྟོགས་པ་དེ་བཞིན་ཏེ། །རང་རང་མོས་པའི་དོན་ལ་ཞེན་པའི་ཕྱིར། །ཀུན་བྱེད་ང་ཡི་འཁོར་དུ་འདུ་མི་བྱེད། །ཀྱེ། ཀུན་བྱེད་ང་ཡིས་འཁོར་ལ་ལུང་ཕོག་པ། །ཇི་ལྟར་སྣང་གྲགས་གནས་པའི་ཆོས་རྣམས་ཀུན། །མ་སྐྱེས་དེ་བཞིན་ཉིད་དུ་ཀུན་གཅིག་ཕྱིར། །སྒྲིབ་དང་མི་སྒྲིབ་ཆོས་སུ་གནས་མི་བྱེད། །དེ་ཕྱིར་ཡེ་ཤེས་སྒྲིབ་པར་ང་མ་འབྱེད། །སྒྲིབ་དང་མི་སྒྲིབ་ཆོས་སུ་རིས་མི་ལྟ། །མཐར་ཐུག་མེད་པའི་དོན་ལ་གྲངས་མི་བགྲང་། །རྒྱུ་དང་འབྲས་བུས་སྙིང་པོའི་དོན་མི་སྐྱེད། །ཀྱེ། སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡི་བཀའ། །སྐུ་གསུམ་སྟོན་པའི་ལུང་དང་མི་མཐུན་པས། །སྐྱེ་མེད་གཅིག་ལ་མཚན་མའི་གྲངས་མི་བགྲང་། །ཡུལ་ཤེས་མི་བལྟ་གཉེན་པོའི་ཚོགས་མི་བསྟེན། །རིག་དང་མ་རིག་སྐྱེ་མེད་དབྱིངས་གཅིག་པས། །གཅིག་ལ་གཉིས་འཛིན་མཚན་མའི་གྲངས་མི་འདེབས། །རྣམ་པར་མི་རྟོག་འདུ་ཤེས་ནང་མི་འཇོག །ངེས་འཇོག་མ་ཡིན་དུས་གཅིག་ཀུན་མཁྱེན་པས། །དེ་ལྟར་སེམས་དཔའ་རྡོ་རྗེས་རྟོགས་པར་གྱིས། །ཀྱེ། སྟོན་པ་ཀུན་བྱེད་ང་ཡི་ཡེ་ཤེས་ཉིད། །བགྲང་དུ་མེད་ལ་བགྲང་ན་མཐའ་ལས་འདས། །ཆེ་བ་རེ་ལ་ཡེ་ཤེས་གྲངས་བསྟན་པས། །བརྗོད་པས་དེ་དག་མི་རྫོགས་ལུང་བསྟན་ཏོ། །ཀྱེ། ཀུན་བྱེད་རྒྱལ་པོ་ང་ཡི་ཡེ་ཤེས་ནི། །རྣམ་པར་མི་རྟོག་སྤྲོས་པ་ཀུན་དང་བྲལ། །རབ་ཞི་རྡུལ་མེད་མཁའ་ལྟར་གནས་པ་སྟེ། །སྐྱེ་བ་མེད་པ་ཞེས་སུ་བསྟན་པ་ཡིན། །རང་བྱུང་ཡེ་ཤེས་གཅིག་ལས་མ་གཡོས་ཀྱང་། །རྣམ་པའི་ཁྱད་པར་མ་བཅོས་སོ་སོར་གསལ། །དེ་ལྟར་གང་གིས་རིག་ཅིང་རྟོགས་པ་ཉིད། །ཀུན་བྱེད་རྒྱལ་པོའི་སྲས་སུ་ལུང་བསྟན་ཏོ། །ཡེ་ཤེས་སྐྱེ་མེད་རྟོགས་པ་ཇི་ལྟ་བར། །སེམས་དཔའ་རྡོ་རྗེས་དེ་ལྟར་རྟོགས་པར་གྱིས། །ཀྱེ། ང་ནི་ཡེ་ཤེས་ཀུན་བྱེད་རྒྱལ་པོ་སྟེ། །མ་རིག་པ་ཡི་ལྟ་བ་སེལ་བར་བྱེད། །སྒྲིབ་པའི་དྲྭ་བ་མ་ལུས་གཅོད་བྱེད་ཅིང་། །ཡེ་ཤེས་སྣང་བ་རྒྱས་པར་མཆེད་པར་བྱེད། །ཀུན་བྱེད་ང་ནི་རང་བྱུང་ཡེ་ཤེས་ཏེ། །ང་ལས་མ་བྱུང་ཡེ་ཤེས་གཅིག་མེད་པས། །ཡེ་ཤེས་མ་ལུས་ང་ཡིས་བཀོད་པས་ན། །ང་ནི་ཡེ་ཤེས་རྒྱལ་པོ་ཞེས་སུ་བཤད། །ཉོན་མོངས་ཡེ་ཤེས་གསལ་བར་བྱེད་འདོད་ན། །ཀུན་བྱེད་ང་ཡི་ལུང་ནི་རྟོགས་པར་གྱིས། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ཡེ་ཤེས་བསྒྲིབ་པ་མེད་པར་རྟོགས་པའི་ལེའུ་སྟེ་དྲུག་ཅུ་བདུན་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ལྷུན་གྲུབ་བཙལ་དུ་མེད་པར་རྟོགས་པ་འདི་གསུངས་སོ། །ཀྱེ། ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ། །ང་ནི་ལྷུན་གྲུབ་བཙལ་དུ་མེད་པ་ཡིན། །ང་ཡི་རང་བཞིན་ཁྱོད་ལ་བསྟན་པར་བྱ། །ཁྱོད་ཀྱིས་ང་ཡི་དོན་ལ་ལེགས་རྟོགས་ཤིག །ཀྱེ། ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ། །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །ང་ཡི་རང་བཞིན་ཤིན་ཏུ་རྟོགས་དཀའ་བས། །སོ་སོའི་ཐབས་ཀྱིས་བཙལ་དུ་ཡོད་པར་བསྟན། །དེ་ཡང་ཇི་ལྟར་ངེས་པར་བསྟན་ཞེ་ན། །ལ་ལ་བདེན་པ་བཞི་ཡི་ལམ་ཞུགས་ནས། །ཉོན་མོངས་ཡེ་ཤེས་སྤོང་ལེན་རྩོལ་བར་བསྟན། །ལ་ལ་རྟེན་འབྲེལ་ལམ་ལ་ཞེན་པ་ཡིས། །ཉོན་མོངས་ཡེ་ཤེས་དགག་བསྒྲུབ་རྩོལ་བར་བསྟན། །ལ་ལ་བདེན་པ་གཉིས་ཀྱི་ལམ་ལ་འཇུག་བྱས་ནས། །སྦྱངས་ཤིང་རྩོལ་བས་འབྲས་བུ་ཐོབ་པར་བསྟན། །ལ་ལ་གཟུང་འཛིན་བྱ་བའི་རྩོལ་བ་ཡིས། །གྲུབ་པ་ལྷར་གསལ་ཚུལ་དུ་གནས་པར་འདོད། །ལ་ལ་ལས་དང་ཏིང་འཛིན་རྩོལ་བ་ཡིས། །བླང་དོར་སྒོ་ནས་འབྲས་བུ་ཐོབ་པར་འདོད། །ལ་ལ་ཏིང་འཛིན་རྣམ་གསུམ་རྩོལ་བ་ཡིས། །བླང་དོར་བྱས་པས་འབྲས་བུ་ཐོབ་པར་འདོད། །ལ་ལ་ཏིང་འཛིན་འཕྲོ་འདུའི་རྩོལ་བ་ཡིས། །བླང་དོར་མེད་པའི་འབྲས་བུ་ཐོབ་པར་འདོད། །ལ་ལ་རྒྱུ་འབྲས་ཏིང་འཛིན་རྩོལ་བ་ཡིས། །སྐུ་གསུང་རྡོ་རྗེ་སེམས་དཔའི་འབྲས་བུ་ཐོབ། །ཀྱེ། འདི་དག་བཙལ་ཞིང་བསྒྲུབ་པའི་འབྲས་བུ་ཡིས། །ཀུན་བྱེད་ང་ཡི་རང་བཞིན་རྟོགས་མི་འགྱུར། །ཀྱེ། ཀུན་བྱེད་རྒྱལ་པོ་ང་ཡི་རང་བཞིན་ནི། །ཀུ་ལ་ཁྱབ་ཀྱང་མི་རྟོགས་མཆོག་ཏུ་གསང་། །ང་ཡི་རང་བཞིན་མ་མཐོང་གསང་བའི་ཕྱིར། །རྩོལ་སྒྲུབ་ཅན་གྱི་ཐེག་པས་སྐུར་བཏབ་པས། །བསྐལ་པ་བྱེ་བ་ཁྲག་ཁྲིག་ཡུན་རིངས་སུ། །ངན་འགྲོ་ཐ་མའི་གནས་སུ་དེ་སྐྱེས་ནས། །བདེ་བ་བྲལ་ཞིང་དབང་པོ་མ་ཚང་ཞིང་། །སྙིང་པོའི་དོན་དང་བྲལ་ཞིང་བསྐལ་པར་འགྱུར། །ཀྱེ། ང་ནི་སྟོན་པ་ཀུན་བྱེད་བྱང་ཆུབ་སེམས། །ང་ནི་མཐའ་ལྟར་ཡོངས་སུ་ཁྱབ་པའི་ཕྱིར། །ཀུན་དང་འབྲེལ་ཞིང་ཡོངས་ཀྱི་དོན་བྱེད་པས། །བཙལ་ཞིང་བསྒྲུབ་པ་ཡོད་པར་ལུང་མི་སྟོན། །ང་ཡི་དོན་འདི་ཁྱོད་ལ་བསྟན་པ་ཡིས། །བཙལ་ཞིང་བསྒྲུབ་ཏུ་མེད་པར་ངེས་པར་རྟོགས། །སེམས་དཔའ་རྡོ་རྗེས་ཇི་ལྟར་རྟོགས་པ་དེ། །ང་ཡི་འཁོར་ལ་ཁྱོད་ཀྱིས་ལུང་སྟོན་ཅིག །ཀྱེ། ང་ནི་མ་བཙལ་ལྷུན་གྱིས་གྲུབ་པའི་ཕྱིར། །ཇི་ལྟར་རྟོགས་པ་ཁྱེད་ལ་ལུང་བསྟན་པས། །ཁྱེད་ཀྱིས་ཆོས་ཀུན་དེ་ལྟར་རྟོགས་པར་འགྱུར། །དེ་ནས་རྩོལ་བསྒྲུབ་མེད་པར་དབུགས་ཕྱིན་པས། །ཀུན་བྱེད་རྒྱལ་པོ་ཉིད་དུ་ལུང་བསྟན་ཏོ། །དེ་བས་སེམས་དཔའ་རྡོ་རྗེ་དམ་པ་ཡིས། །མ་བཅོས་བསྐལ་པར་སྦྱངས་པའི་སྐྱེས་བུ་ལ། །འབད་རྩོལ་མེད་པར་ས་ལ་གཞག་པའི་ཕྱིར། །བཙལ་བསྒྲུབ་མེད་པར་རྟོགས་པར་ལུང་སྟོན་ཅིག །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ལྷུན་གྲུབ་བཙལ་དུ་མེད་པར་རྟོགས་པའི་ལེའུ་སྟེ་དྲུག་ཅུ་བརྒྱད་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལ་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་བསྒྲགས་སོ། །ཀྱེ། ཁྱོད་ནི་ཀུན་བྱེད་རྒྱལ་པོ་སྟེ། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །བྱེད་པའི་རྒྱལ་པོ་ཁྱོད་ཀྱིས་བྱས། །མ་ལུས་ཁྱོད་ཀྱིས་ཀུན་བྱས་ཀྱང་། །བྱེད་པའི་རྒྱལ་པོ་ཁྱོད་ཉིད་ལ། །བྱ་མི་དགོས་ཏེ་གདོད་ནས་གྲུབ། །དུས་གསུམ་སངས་རྒྱས་ཁྱོད་ཀྱིས་བྱས། །ཁམས་གསུམ་སེམས་ཅན་ཁྱོད་ཀྱིས་བྱས། །རྒྱུད་དྲུག་ལམ་ལྔ་ཁྱོད་ཀྱིས་བྱས། །སྐྱེ་བཞི་འགྲོ་ལྔ་ཁྱོད་ཀྱིས་བྱས། །སྟོན་པ་གསུམ་ཡང་ཁྱོད་ཀྱིས་བཀོད། །བསྟན་པ་གསུམ་ཡང་ཁྱོད་ཡིས་བཀོད། །སྡུད་པ་གསུམ་ཡང་ཁྱོད་ཀྱིས་བཀོད། །དུས་གསུམ་འཁོར་ཡང་ཁྱོད་ཀྱིས་བཀོད། །རང་བྱུང་ལྔ་ཡང་ཁྱོད་ལས་བྱུང་། །རྒྱན་གྱི་རྒྱུ་ལྔ་ཁྱོད་ཀྱིས་བཀོད། །རང་བཞིན་བཅུ་ཡང་ཁྱོད་ཀྱིས་བཀོད། །ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས། །མདོ་ལུང་ཀུན་གྱི་ངོ་བོ་ཁྱོད། །བསྟན་པའི་མེ་ལོང་མུན་སེལ་སྒྲོན། །འཁོར་གྱི་མུན་པ་སེལ་མཛད་པ། །ཁྱོད་ནི་རྒྱལ་བ་ཀུན་གྱི་མེས། །རང་བྱུང་ཐབས་མཆོག་ཀུན་གྱི་ཡབ། །འབྱུང་གནས་ཤེས་རབ་ཀུན་གྱི་ཡུམ། །སྤྲོས་པ་མེད་ཅིང་ཞི་བ་མེད། །དཔག་ལས་འདས་ཤིང་སྙིང་པོ་མེད། །མཁའ་ལྟར་དག་ཅིང་སྤྱོད་ཡུལ་འདས། །ཀུན་གྱིས་རྟོགས་པར་བྱ་བའི་ཡུལ། །སྒྲོ་སྐུར་འདས་པ་ཆོས་ཀྱི་དབྱིངས། །ཐོག་མ་ཐ་མ་དབུས་ལས་འདས། །འཁོར་ལོ་འབྱུང་གནས་སྙིང་པོ་ཅན། །རིན་ཆེན་པདྨའི་སྙིང་པོ་ལྟར། །ཡིད་འཕྲོག་ཚིམ་པ་མེད་པའི་སྐུ། །ཐེག་པའི་སྙིང་པོ་དག་གི་རྒྱན། །སྐུ་གསུང་ཐུགས་ལ་མཚན་མེད་དེ། །བདག་གིས་རྟོགས་དཀའི་དོན་རྟོགས་པས། །རྒྱལ་བ་ཀུན་གྱི་ཡང་མེས་པོ། །ཀུན་བྱེད་རྒྱལ་པོ་ཁྱོད་ལ་འདུད། །ཅེས་བསྟོད་ཅིང་བསྒྲགས་སོ། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་སེམས་དཔའ་རྡོ་རྗེ་ལ་འདི་སྐད་ཅེས་བསྒྲགས་པར་མཛད་དོ། །ཨེ་མ་ཧོ་སེམས་དཔའ་རྡོ་རྗེའི་སྐུ། །རྒྱལ་བ་ཀུན་གྱིའང་སྐུ་གསུང་ཐུགས། །གསང་བའི་མཛོད་ལ་མངའ་བརྙེས་ཤིང་། །སྨྲ་བའི་སེང་གེ་བླ་ན་མེད། །དམ་པའི་གསང་བ་རྟོགས་པའི་ཐུགས། །གསང་བ་རྒྱ་མཚོ་སྒྲོགས་པའི་གསུང་། །ཡོན་ཏན་ལྷུན་གྲུབ་རྫོགས་པའི་སྐུ། །ཁྱོད་ནི་རྒྱལ་བའི་སྲས་པོ་སྟེ། །ཀུན་བྱེད་རྒྱལ་པོ་ང་ཉིད་ལྟར། །རྒྱལ་བ་ཀུན་གྱི་མེས་པོ་གྱིས། །ས་ཁམས་རྣམས་ཀྱི་མུན་སེལ་གྱིས། །རྣལ་འབྱོར་རྣམས་ཀྱི་བླ་མ་གྱིས། །གསང་བ་ཀུན་གྱི་རྒྱལ་པོ་སྟེ། །བསྟན་པ་ཕྱི་མ་གསང་བ་འདི། །རྣལ་འབྱོར་པ་ལ་ལུང་སྟོན་ཅིག །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རྟོགས་པ་བསྒྲགས་ཤིང་བསྟོད་པའི་ལེའུ་སྟེ་དྲུག་ཅུ་རྩ་དགུ་པའོ།། །།རྒྱུད་ཕྱི་མ་ཞེས་བྱ་བ་མདོ་ལུང་བཅུ་གཉིས་པ་རྫོགས་སོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ཆོས་ཐམས་ཅད་སྐྱེ་བ་མེད་པར་མཉམ་པ་ལ་གཟིགས་ཤིང་དགོངས་ནས་ཅང་ཡང་མི་གསུང་བར་བཞུགས་སོ། །དེའི་ཚེ་སེམས་དཔའ་རྡོ་རྗེ་དེ་ཉིད་ཀྱང་སྟོན་པ་དེ་ལྟར་གྱུར་པ་ཡང་རིག །ཆོས་ཐམས་ཅད་སྐྱེ་བ་མེད་པར་རྟོགས་པ་ལ་དགོངས་ནས་ཅང་ཡང་མི་སྨྲ་བར་འཁོད་དོ། །དེ་ནས་ཕྱོགས་བཅུ་ནས་ལྷགས་ཤིང་འཁོར་པའི་འདུས་པ་ཕལ་མོ་ཆེ་དག་གིས་དེ་ལྟར་རྟོགས་ནས་སེམས་དཔའ་རྡོ་རྗེ་ལ་འདི་སྐད་ཅེས་བསྐུལ་ལོ། །ཡང་དག་པར་བསྐུལ་ཏོ། །ངེས་པ་དམ་པར་བསྐུལ་ཏོ། །ཨེ་མ་ཧོཿ སེམས་དཔའ་རྡོ་རྗེ་ཆེན་པོ་བདག་ཅག་ལ་ཕན་གདགས་པའི་སླད་དུ་རྟོགས་པའི་དོན་ལ་ཇི་ལྟར་བསྒོམ་པ་དེ་སྟོན་པ་ལ་ཞུ་བའི་དུས་ལ་བབ་བོ། །ངེས་པར་དུས་ལ་བབ་བོ་ཞེས་བསྐུལ་བས་སེམས་དཔའ་རྡོ་རྗེ་དེ་དགའ་བའི་མདངས་དང་བཅས་ཏེ་དང་ཞིང་མོས་པའི་མདངས་ཕྱུང་ནས་སྟན་ལས་ལངས་ཏེ་སྟོན་པའི་མདུན་དུ་འདི་སྐད་ཅེས་ཞུས་སོ། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །ཁྱོད་ཀྱི་མདུན་དུ་བདག་འདུས་འཁོད་པ་དེ། །བདག་འཚལ་བ་ཡི་དོན་ནི་ཅི་ཞིག་མཆིས། །བདག་འཚལ་དོན་ནི་ཁྱོད་ཀྱིས་བསྟན་དུ་གསོལ། །ཞེས་ཞུས་པ་ལས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་ཉིད་ཅང་ཡང་མི་གསུང་བར་བཞུགས་ཏེ་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་ཞུས་སོ། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །ཆོས་སྐུ་སྐྱེ་མེད་ཐིག་ལེའི་རང་བཞིན་ལ། །སྟོན་པ་གསུམ་པོ་ཉིད་ཀྱི་ཇི་ལྟར་བསྒོམ། །བསྟན་པ་གསུམ་དུ་ཉིད་ཀྱིས་ཇི་ལྟར་བསྒོམ། །སྡུད་པ་གསུམ་དུ་ཉིད་ཀྱིས་ཇི་ལྟར་བསྒོམ། །འཁོར་གནས་དུས་ཀྱི་རང་བཞིན་ཇི་ལྟར་བསྒོམ། །ཆོས་རྣམས་ཀུན་གྱི་དོན་ལ་ཇི་ལྟར་བསྒོམ། །བསྒོམ་པའི་ལུང་བཅུ་བདག་ལ་བསྟན་དུ་གསོལ། །ཞེས་ཞུས་སོ། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་འདི་སྐད་ཅེས་གསུངས་སོ། །ཀྱེ། སེམས་དཔའ་རྡོ་རྗེ་དོན་ལ་ད་སྒོམས་ཤིག །བསྒོམ་དུ་མེད་པའི་ཆོས་ཉིད་བྱང་ཆུབ་ལ། །སྒོམ་དང་བསྒོམ་པར་བྱ་བ་གཉིས་མེད་ན། །མ་བསྒོམས་རང་བཞིན་བཞག་ན་བསྒོམ་པ་ཡིན། །དོན་ནི་ཀུན་དོན་སྐྱེ་བ་མེད་པ་སྟེ། །རྣམ་རྟོག་མཚན་མ་དེ་བཞིན་རིག་བྱས་ནས། །དྲན་བསམ་ཡིད་ལ་རྒྱུ་བ་མ་ལུས་ཀུན། །སྐྱེ་བ་མེད་པའི་ངང་ལས་མ་ཡེངས་པ། །གང་ལྟར་བསམས་ཀྱང་སྒོམ་པ་ཡིན་ཤེས་ན། །མ་བསྒོམ་གང་ལྟར་བཞག་ཀྱང་ཡེངས་པ་མེད། །ཀྱེ། ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །མཚན་མ་བསྒོམ་ལ་དགའ་བའི་གང་ཟག་ལ། །རང་རང་གང་ལྟར་འཐད་པའི་ལུང་བཞིན་དུ། །བསྒོམ་དུ་ཡོད་ཅེས་ཀུན་ལ་ལུང་དུ་བསྟན། །ཀྱེ། ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་ལ། །སྟོན་པ་རང་བྱུང་རིག་པའི་ཡེ་ཤེས་ལས། །མ་བསྡུས་སྟོན་པ་གསུམ་ཡང་དེ་ལ་འདུས། །སྟོན་པ་དེ་ལ་མ་བསྡུས་སྟོན་པ་དེ་ལ་འདུས། །སྟོན་པས་དེ་ལ་བསྒོམ་དུ་མེད་པར་བསྟན། །བསྟན་པ་བརྗོད་བྲལ་རིག་པ་མཚོན་འདས་ལ། །བསྟན་པ་གསུམ་ཡང་དེ་ལ་འདུས་ཏེ་གནས། །མ་བཅོས་རིག་པའི་གཞལ་ཡས་འོག་མིན་ན། །གཞལ་ཡས་གསུམ་ཡང་དེ་ལ་འདུས་པར་བཤད། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །སྙིང་པོ་བྱང་ཆུབ་སེམས་ལ་ཀུན་འདུས་པས། །འཁོར་གསུམ་དུས་གསུམ་ཀུན་ཏུ་འདུས་པར་བཤད། །མ་བསྡུས་རང་བཞིན་འདུ་བའི་ཡེ་ཤེས་ནི། །སྡུད་པ་དེ་ལས་གཞན་པ་ཡོད་མ་ཡིན། །མ་བསྒོམ་རང་བཞིན་བཞག་པའི་ལུང་འདི་ལ། །བསྒོམ་དུ་ཡོད་དང་མེད་པའི་ལུང་མི་སྟོན། །རེ་དོགས་སྒྲོ་སྐུར་འཛིན་པའི་སེམས་མི་འཇོག །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་བསྒོམ་དུ་ཡོད་མེད་བསྟན་པའི་ལེའུ་སྟེ་བདུན་ཅུ་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ལྟ་བ་སྒོམ་མེད་ཀྱི་དགོངས་པ་འདི་གསུངས་སོ། །ཀྱེ། ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ། །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །མཚན་མ་རྟོག་པས་འདུལ་བའི་གང་ཟག་ལ། །མཚན་མ་རྟོག་པའི་ཏིང་འཛིན་གྲངས་སུ་བསྟན། །ལ་ལས་ཞི་བའི་ཏིང་འཛིན་སྒོམ་པར་བྱེད། །ལ་ལས་ཟབ་མོའི་ཏིང་འཛིན་སྒོམ་པར་བྱེད། །ལ་ལས་ཞི་གནས་ལྷག་མཐོང་འབྲེལ་བ་ཡི། །བདག་མེད་ཏིང་ངེ་འཛིན་ལ་གནས་པར་བྱེད། །ལ་ལ་མཚན་མ་དག་པ་ལ་བརྟེན་ནས། །མཚན་མ་རྗེ་དང་འབངས་སུ་དམིགས་པར་བྱེད། །ལ་ལ་ལྟ་སྤྱོད་འབྲེལ་མེད་ལ་བརྟེན་ནས། །འབྲེལ་བའི་ཏིང་ངེ་འཛིན་ལ་གནས་པར་བྱེད། །ལ་ལ་མཚན་མེད་དོན་ལ་བརྟེན་བྱས་ཤིང་། །མཚན་མའི་ཏིང་ངེ་འཛིན་ལ་གནས་པར་བྱེད། །ལ་ལས་རང་རྒྱུད་དག་པ་ལ་བརྟེན་ནས། །རྣམ་གསུམ་འཕྲོ་འདུའི་དོན་ལ་གནས་པར་བྱེད། །ལ་ལ་རྒྱུ་འབྲས་དག་པ་གཙོར་བྱས་ནས། །འོད་ཀྱི་ཏིང་ངེ་འཛིན་ལ་གནས་པར་བྱེད། །འདི་དག་མཚན་མ་གྲངས་ཀྱི་ཏིང་འཛིན་ཏེ། །སྟོན་པ་ཀུན་བྱེད་རྒྱལ་པོས་ལུང་མ་བསྟན། །ཀྱེ། སྟོན་པ་ཀུན་བྱེད་ང་ཡིས་ལུང་བསྟན་པ། །མ་ལུས་སྐྱེ་མེད་རྣམ་དག་ཏིང་འཛིན་ཏེ། །བསྒོམ་དང་མི་སྒོམ་རྐྱེན་ལ་རག་མ་ལུས། །བསྒོམ་བྱ་ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །གང་དུ་ཇི་ལྟར་བཞག་པའི་ཚུལ་མེད་པར། །མ་བཙལ་རང་སར་བཞག་པས་བསྒོམས་པ་ཡིན། །ཀྱེ། བསྒོམ་དུ་མེད་པའི་མན་ངག་འདི་དག་ལ། །ཚིག་དང་སྒྲ་ལས་འདས་པའི་དོན་ཡིན་ཕྱིར། །སྔ་རབས་ཀུན་བྱེད་རྒྱལ་པོས་ལུང་མ་བསྟན། །ཕྱི་རབས་ཀུན་བྱེད་རྒྱལ་པོས་ལུང་མི་སྟོན། །ད་ལྟར་ཀུན་བྱེད་རྒྱལ་པོས་ལུང་བསྟན་མེད། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །མ་ནོར་དགོངས་པའི་དོན་ལ་ལུང་བསྟན་པ། །སྒྲོ་སྐུར་འདས་པའི་དོན་གྱིི་སྙིང་པོ་ལ། །བསྒོམ་དང་མི་སྒོམ་མཁའ་ལ་རྩོད་པ་འདྲ། །རྟོགས་པའི་དོན་ལས་མ་ཡེངས་དགོངས་པ་སྟེ། །དངོས་པོ་མ་ཡིན་དངོས་པོ་མེད་མ་ཡིན། །ཕྱོགས་མིན་ཕྱོགས་ལས་འདས་པ་མ་ཡིན་པར། །བསྒོམ་དང་མི་སྒོམ་ཕྱོགས་ལ་གནས་མི་བྱེད། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངས། །བསྒོམ་དང་མི་སྒོམ་མཚོན་པར་མི་ནུས་ལྟར། །སྙིང་པོ་དོན་ལ་གནས་པའི་རྣལ་འབྱོར་དང་། །སེམས་དཔའ་རྡོ་རྗེ་དེ་ལ་གནས་པར་བྱ། །ཀྱེ། དུས་གསུམ་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །སྐྱེ་མེད་བྱང་ཆུབ་སེམས་ཀྱི་དགོངས་པ་ལ། །མིང་དང་ཐ་སྙད་ཚིག་ཏུ་འདིའོ་ཞེས། །མ་བསྟན་མི་སྟོན་བསྟན་པར་མི་མཛད་དོ། །ལྟ་བ་བསྒོམ་དུ་མེད་པར་དོན་རྟོགས་ན། །བསྒོམ་དང་མི་སྒོམ་རེས་འཇོག་ལོག་པའི་ལམ། །དམ་པའི་དགོངས་པ་སྐྱེ་མེད་ཐུགས་ཆུད་ན། །དམ་པ་དེ་ལ་ལོག་དང་མ་ལོག་མེད། །ཀྱེ། ཀུན་བྱེད་རྒྱལ་པོ་ང་ཡིས་ལུང་ཕོག་ལྟར། །མ་བསྒོམས་བསྒོམ་དུ་མེད་པར་རྟོགས་གོམས་ནས། །སྐལ་ལྡན་རྣལ་འབྱོར་གང་ཟག་སུ་ཡང་རུང་། །ཀུན་བྱེད་རྒྱལ་པོ་ཉིད་དུ་ལུང་བསྟན་ཏོ། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས། ལྟ་སྒོམ་དབྱེར་མེད་པའི་ལེའུ་སྟེ་བདུན་ཅུ་གཅིག་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་བསྲུང་དུ་མེད་པ་དེ་བཞིན་ཉིད་དུ་གནས་པ་འདི་གསུངས་སོ། །སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །རྣམ་རྟོག་མཚན་མའི་ལམ་ལ་གནས་པའི་བར། །བསྲུང་དང་མི་སྲུང་ཁྱད་པར་གཉིས་མཐོང་བ། །རྩ་བ་ཡན་ལག་བཅས་པ་བསྲུང་བར་བསྟན། །ཀྱེ། ཀུན་བྱེད་ང་ནི་ཡེ་ནས་དེ་བཞིན་ཉིད། །དེ་བཞིན་ཉིད་ལ་གཟུང་འཛིན་མེད་པའི་ཕྱིར། །ཆོས་རྣམས་དེ་ལྟར་གང་གིས་རྟོགས་པ་ལ། །བསྲུང་དང་མི་སྲུང་འདུ་ཤེས་འཇུག་པ་མེད། །ཀྱེ། ང་ནི་མ་བཅོས་ཀུན་བྱེད་བྱང་ཆུབ་སེམས། །གཉེན་པོ་མི་བསྟེན་ཡུལ་ལ་འཇུག་མི་བྱེད། །རང་བྱུང་ལྷུན་གྲུབ་རིག་པའི་དམ་ཚིག་ལ། །འདའ་ཉམས་མེད་པས་ཆེད་དུ་བསྲུང་བ་མེད། །རང་རིག་མ་ནོར་བློ་ཡི་ཚད་མ་ཡིས། །མ་བཅོས་སྙིང་པོའི་དོན་ལ་འཇུག་པར་བྱེད། །སྐྱེ་མེད་ཐུགས་སུ་ཆོས་ཀུན་རོ་གཅིག་པས། །འཇུག་དང་མི་འཇུག་མཐའ་ལ་ང་མི་གནས། །ཀྱེ། སེམས་དཔའ་རྡོ་རྗེ་དོན་ལ་གོམས་པར་གྱིས། །དགོངས་དོན་གསང་བའི་རིག་པ་མ་ཤར་ན། །ཚིག་དང་སྒྲ་ལ་འཛིན་པའི་གོམས་པ་དག །ཀུན་བྱེད་ང་ཡི་ལུང་དང་འཕྲད་མི་འགྱུར། །བསྲུང་དུ་མེད་པའི་དམ་པའི་དགོངས་པ་འདི། །ཀུན་ཏུ་ཡེ་ནས་མ་བསྲུངས་གནས་པ་ལ། །ཀུན་བྱེད་ང་ཡི་དགོངས་པ་མ་གོམས་ན། །ཇི་ལྟར་བསྲུངས་པ་ཚི་ཆད་ནད་དུ་འགྱུར། །ཀྱེ། ཀུན་བྱེད་ང་ཡི་དགོངས་པའི་དམ་ཚིག་ནི། །མ་ཡེངས་དྲན་པས་དངོས་པོ་ཡེ་ཤེས་སུ། །མ་བཅོས་སུས་ཀྱང་མ་བྱས་རང་བྱུང་སྟེ། །རིག་པས་དབང་བསྒྱུར་བསྲུང་དང་མི་སྲུང་མེད། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །རང་བྱུང་སྙིང་པོར་གསལ་བས་དབང་བསྒྱུར་བས། །ཀུན་བྱེད་རྒྱལ་པོས་བྱས་པའི་ཆོས་རྣམས་ལ། །རིག་དང་མ་རིག་གཉིས་ཀའི་ཡུལ་ལས་འདས། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །བསྲུང་དང་མི་སྲུང་ཡུལ་ལས་འདས་པར་ལྟར། །སེམས་དཔའ་རྡོ་རྗེས་དོན་ལ་གོམས་བྱས་ནས། །ང་ཡི་འཁོར་ལ་དེ་ལྟར་ལུང་སྟོན་ཅིག །ང་ཡི་འཁོར་ལ་དེ་ལྟར་ལུང་བསྟན་ན། །བྱ་བའི་འདུ་ཤེས་ལམ་ལས་གྲོལ་བར་འགྱུར། །སྐྱེ་བ་མེད་པས་ཀུན་ཀྱང་ཞི་བར་འགྱུར། །ཀུན་བྱེད་རྒྱལ་པོ་ང་ཡི་ཐུགས་སུ་འགྱུར། །ཀྱེ། ང་ནི་ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས། །ང་ལ་སྒྲོ་དང་སྐུར་བའི་ཡུལ་མེད་པས། །གང་ལ་སེམས་པར་མ་བྱེད་བསྒོམ་མ་བྱེད། །སྒོ་གསུམ་བཅོས་པར་མི་བྱ་ལྷུག་པར་བཞག །གཟའ་དང་རྒྱུ་སྐར་ཚེས་གྲངས་དུས་ཚོད་མེད། །ཡིད་ལ་མི་བྱེད་སྔགས་དང་ཕྱག་རྒྱ་བྲལ། །དེ་བས་ཀུན་བྱེད་བྱང་ཆུབ་སེམས་ཉིད་ལ། །བསྲུང་དང་མི་སྲུང་ས་མཚམས་མེད་པར་བཤད། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས། ལྟ་སྒོམ་འདར་མེད་པའི་ལེའུ་སྟེ་བདུན་ཅུ་གཉིས་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་བྱ་མེད་རྩོལ་བ་དང་བྲལ་བར་རྟོགས་པ་འདི་གསུངས་སོ། །ཀྱེ། ང་ནི་ཀུན་བྱེད་རྒྱལ་པོ་སྟེ། །ཀུན་བྱེད་རྒྱལ་པོ་ང་ཡི་དགོངས་པ་ནི། །བསམ་པའི་ཡུལ་ལས་འདས་པས་བསྒོམ་དུ་མེད། །ཀྱེ། སེམས་ནི་ཇི་བཞིན་པ་ཡི་ངོ་བོ་སྟེ། །ཇི་བཞིན་པ་ལ་འཆོས་པར་བྱེད་མ་མྱོང་། །རང་བྱུང་ང་ལ་རྒྱུ་རྐྱེན་ཀུན་དང་བྲལ། །སྒོ་གསུམ་བཙལ་མེད་ལྷུག་པ་ཉིད་དུ་ཞོག །གང་ཞིག་བྱ་རྩོལ་མཚན་མའི་རྗེས་འབྲངས་པ། །ཀུན་བྱེད་ང་དང་འཕྲད་པར་མི་འགྱུར་རོ། །ཀྱེ། སྟོན་པ་ཀུན་བྱེད་ང་ཡི་ཕྲིན་ལས་ནི། །བྱ་བ་མེད་པས་རྩོལ་བའི་ལས་མི་བྱེད། །དམིགས་པ་མེད་པས་བསྒོམ་པའི་འདུ་ཤེས་བྲལ། །འདུ་འབྲལ་མེད་པས་མ་བརྗེད་ཡིད་ལ་ཞོག །བྱུང་ཚོར་སྐྱེ་བ་མེད་པས་གསལ་འགྱུར་ནས། །གང་ཡང་བྱས་པ་མེད་པར་ལས་ཀུན་གྲུབ། །ཀྱེ། ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ། །རྒྱལ་བ་ཀུན་གྱི་ཕྲིན་ལས་ངས་བྱས་ཀྱང་། །རང་བྱུང་ཡེ་ཤེས་བྱ་མེད་རྫོགས་པའི་ཕྱིར། །ཇི་བཞིན་པ་ཡི་ལས་ལ་བྱེད་མ་མྱོང་། །མ་བཙལ་ཇི་བཞིན་ཉིད་དུ་སེམས་དཔའ་ཞོག །ཇི་བཞིན་མ་བཅོས་རྒྱལ་བའི་དགོངས་པ་ལ། །སེམས་དང་སེམས་ལས་བྱུང་བ་ཅི་སྐྱེས་ཀྱང་། །དེ་ཉིད་སྐྱེ་མེད་ཉིད་དུ་གནས་ཤེས་ན། །བྱ་རྩོལ་མཚན་མའི་འདུ་ཤེས་ཀུན་དང་བྲལ། །ཀྱེ། སེམས་དཔའ་རྡོ་རྗེ་ཇི་བཞིན་ཉིད་སྒོམས་ཤིག །རྟོགས་པ་རང་སར་གྲོལ་བའི་ལྟ་བ་ལ། །མ་ཡེངས་རང་བཞིན་བཞག་པས་བྱ་བཙལ་མེད། །ཀུན་ཀྱང་རང་བྱུང་རང་སར་གྲོལ་བ་ཡིན། །ཀྱེ། སེམས་དཔའ་རྡོ་རྗེ་ཇི་བཞིན་ཉིད་སྒོམས་ཤིག །རང་ལུས་མི་བཅོས་དབང་པོ་མི་རྟུལ་ཏེ། །ངག་ཀྱང་མི་གདམས་བྱ་རྩོལ་བྱར་ཡང་མེད། །སེམས་ཀྱང་གར་གཏད་མི་གཡོའི་ངང་ལ་བཞག །བྱ་བ་མེད་པའི་ཕྲིན་ལས་འདི་བསྒོམས་པས། །བྱས་པ་མེད་པར་དོན་ཀུན་རྫོགས་པར་འགྱུར། །ཀྱེ། ཇི་བཞིན་རྩོལ་བྲལ་བདེ་བ་ཆེན་པོ་ལ། །སྒོམ་གསུམ་མི་རྩོལ་བཅོས་ཤིང་དམིགས་མི་བྱེད། །ཡིད་ལ་མི་བྱེད་མཚན་མའི་རྗེས་མི་འབྲངས། །རང་བྱུང་ཡེ་ཤེས་བདེ་བའི་དོན་ལ་བཞག །འདི་ནི་རང་བྱུང་འོད་གསལ་དགོངས་པ་སྟེ། །ཀུན་བྱེད་རྒྱལ་པོའི་དགོངས་པའི་ཕྲིན་ལས་སོ། །ཀྱེ། སེམས་དཔའ་རྡོ་རྗེ་ཇི་བཞིན་ཉིད་སྒོམས་ཤིག །མ་བཅོས་ཇི་བཞིན་ཉིད་ལ་འཇུག་པ་ལ། །ཚད་མ་མི་དོགས་གཉེན་པོས་བཅོས་མི་དགོས། །རྟོགས་པའི་དོན་ལ་མ་བཅོས་དེ་བཞིན་ཞོག །ཀྱེ། བྱ་བ་མེད་པའི་རང་བཞིན་ལས་འདི་ལ། །སྒོ་གསུམ་རྩོལ་བ་བྱས་པས་ཟིན་མི་འགྱུར། །ཀུན་བྱེད་རྒྱལ་པོའི་དགོངས་པ་ལ་གནས་པས། །ང་ཡི་དགོངས་པ་ཕྲིན་ལས་ལྷུན་གྱིས་གྲུབ། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ཇི་བཞིན་པ་ལ་བྱ་རྩོལ་དང་བྲལ་བར་གནས་པའི་ལེའུ་སྟེ་བདུན་ཅུ་གསུམ་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་སྙིང་པོ་འདུ་འབྲལ་མེད་པར་གནས་པ་འདི་གསུངས་སོ། །ཀྱེ། ཇི་བཞིན་པ་ལ་སེམས་དཔའ་རྡོ་རྗེ་སྒོམ། །སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །སྙིང་པོ་དགོད་དུ་མེད་པར་བསྟན་པ་ནི། །ཇི་བཞིན་གཙོ་འཁོར་མེད་པའི་དོན་དུ་བསྟན། །ཀྱེ། རིག་པའི་རྒྱལ་པོ་གསལ་བར་དབང་བསྒྱུར་བས། །སྙིང་པོ་རྩོལ་བསྒྲུབ་འདས་པའི་བདག་ཉིད་དེ། །རྟོགས་པ་ཡེ་ཤེས་མཆོག་གིས་ལེན་པར་བྱེད། །འདི་ནི་ཀུན་བྱེད་རྒྱལ་པོའི་དཀྱིལ་འཁོར་ཡིན། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །སྙིང་པོ་སྐུ་ཡི་དཀྱིལ་འཁོར་བཀོད་པ་ནི། །ཇི་ལྟར་སྣང་ཞིང་གནས་པའི་ཆོས་རྣམས་ཀུན། །སྐྱེ་བ་མེད་པའི་ཆོས་དབྱིངས་ངང་ལ་བཀོད། །སྙིང་པོའི་དོན་ལ་བླང་དོར་མེད་པའི་ཕྱིར། །དེ་ཡང་ཀུན་བྱེད་ང་ཡིས་བཀོད་པ་ཡིན། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །སྙིང་པོ་གསུང་གི་དཀྱིལ་འཁོར་བཀོད་པ་ནི། །ཇི་ལྟར་གྲགས་ཤིང་གནས་པའི་ཆོས་རྣམས་ནི། །སྐྱེ་བ་མེད་པའི་དབྱིངས་ལས་གསུང་དུ་བཀོད། །སྙིང་པོ་བརྗོད་དུ་མེད་པའི་གསུང་ལ་འདུས། །དེ་ཡང་ཀུན་བྱེད་རྒྱལ་པོས་བཀོད་པ་ཡིན། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །སྙིང་པོ་རིག་པའི་དཀྱིལ་འཁོར་བཀོད་པ་ནི། །ཇི་ལྟར་དྲན་རིག་རྟོག་པ་ཐམས་ཅད་ཀུན། །མ་སྐྱེས་ཀུན་བྱེད་ཉིད་ཀྱི་དོན་དུ་རིག །ཀུན་བྱེད་ང་ཡི་སྐུ་གསུང་ཐུགས་ཉིད་ནི། །མ་བཅོས་རྣལ་དུ་བཞག་པའི་དཀྱིལ་འཁོར་གསུམ། །མ་བཀོད་དུས་གཅིག་རྫོགས་པའི་དོན་རྟོགས་པས། །ལྷུན་གྲུབ་སྙིང་པོ་དོན་ལ་འཇུག་པར་བྱེད། །ཀྱེ། སེམས་དཔའ་རྡོ་རྗེ་ཇི་བཞིན་ཉིད་སྒོམས་ཤིག །རང་བྱུང་སྙིང་པོ་མཆོག་གི་དཀྱིལ་འཁོར་ལ། །སྒོ་གསུམ་ལྷུག་པས་ཇི་བཞིན་ངང་བཞག་ན། །ཀུན་བྱེད་ང་ཡི་དགོངས་པར་གནས་པ་ཡིན། །སྔ་རབས་འདས་པའི་ཀུན་བྱེད་རྒྱལ་པོས་ཀྱང་། །དགོངས་པ་རྣལ་དུ་བཞག་པས་དོན་རྫོགས་ལ། །མ་བྱོན་དུས་ཀྱི་ཀུན་བྱེད་རྒྱལ་པོས་ཀྱང་། །མ་བཅོས་རྣལ་དུ་བཞག་པས་དོན་རྫོགས་འགྱུར། །ད་ལྟར་བཞུགས་པའི་ཀུན་བྱེད་རྒྱལ་པོས་ཀྱང་། །དགོངས་པ་རྣལ་དུ་བཞག་སྟེ་གནས་པ་ཡིན། །ཀྱེ། སེམས་དཔའ་རྡོ་རྗེ་ཆེན་པོ་ཁྱོད་སྒོམས་ཤིག །ང་ཡི་འཁོར་དུ་གཏོགས་པའི་རྣལ་འབྱོར་པ། །ཀུན་བྱེད་རྒྱལ་པོའི་དགོངས་པ་འདི་ཉིད་ལ། །མ་བཙལ་རྣལ་དུ་བཞག་པར་ལུང་སྟོན་ཅིག །དགོངས་པ་རྣལ་དུ་བཞག་པའི་དོན་འདི་ནི། །ཀུན་གྱི་སྤྱོད་ཡུལ་མིན་པས་མི་ཤེས་ཤིང་། །མཉམ་པར་བཞག་པས་རྟོགས་པའི་ཡུལ་ལས་འདས། །ཀུན་བྱེད་རྒྱལ་པོ་དེ་ལ་གནས་པར་བྱེད། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་སྙིང་པོ་དོན་ལ་གནས་པའི་ལེའུ་སྟེ་བདུན་ཅུ་བཞི་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་རིག་པ་དབང་བསྒྱུར་ལ་གནས་པ་འདི་གསུངས་སོ། །ཀྱེ། སེམས་དཔའ་རྡོ་རྗེ་ཇི་བཞིན་ཉིད་སྒོམས་ཤིག །རིག་པའི་རྒྱལ་པོས་གསལ་བར་དབང་བསྒྱུར་ནས། །མཚན་མའི་བདེ་བའི་དབང་ལ་རག་མི་ལུས། །རྟོགས་ནས་མི་རྟོག་དོན་ལ་ཇི་བཞིན་ཞོག །ཀྱེ། ཀུན་བྱེད་རྒྱལ་པོ་དབང་ཐོབ་རིག་པ་ན། །དངོས་པོ་མ་བཅོས་ཇི་བཞིན་རྟག་ཏུ་ཤར། །རྒྱུ་དང་རྐྱེན་མེད་ཞི་བ་མཆོག་གི་ལམ། །གཞི་བཞག་གང་ལྟར་བཞག་ཀྱང་དེ་ཉིད་དང་། །ཀུན་བྱེད་རྒྱལ་པོ་ཐབས་ཆེན་རྟོགས་པའི་དབང་། །ཀུན་ཀྱང་ཇི་བཞིན་ཡུལ་ལ་འཇུག་པ་ན། །སྐྱོན་དང་ཡོན་ཏན་གཉི་ག་མཉམ་ཤེས་ནས། །འཇུག་དང་མི་འཇུག་དོན་ལས་ཤིན་ཏུ་འདས། །ཀྱེ། ཀུན་བྱེད་རིག་པས་དབང་བསྒྱུར་དགོངས་པ་འདི། །ངག་གིས་སྨྲར་མེད་དམིགས་པའི་ཡུལ་ལས་འདས། །དྲན་པ་ཞི་ཞིང་སྤྲོས་པ་མེད་པ་སྟེ། །མཁའ་ལྟར་ཁྱབ་ཅིང་ཕྱོགས་ཆ་ཡོངས་ཀྱིས་མེད། །ཀྱེ། སེམས་དཔའ་རྡོ་རྗེ་དེ་བཞིན་ཉིད་སྒོམས་ཤིག །བསྒོམ་དང་མི་སྒོམ་ཡུལ་ལས་འདས་པ་ལ། །གཉིས་ཀ་འབྱུང་འཇུག་རེ་དོགས་མེད་པ་ཡིས། །མཉམ་པར་མི་འཇུག་དོན་ལ་སྒོམ་མི་བྱེད། །དབང་པོ་དངོས་གྲུབ་མི་ལེན་བཅོས་སུ་མེད། །ཀུན་བྱེད་རྒྱལ་པོ་ཉིད་ལ་གུས་པར་གནས། །ཀྱེ། སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཉིད་ནི། །རང་བྱུང་བསྒོམ་དུ་མེད་པའི་སྙིང་པོ་སྟེ། །ཡེ་ཤེས་གསལ་ལ་བསྒྲུབ་པ་མེད་པ་ཡིན། །དབང་ནི་རྟོགས་པས་རེ་དོགས་བཅད་པ་ཡིན། །འདི་ལ་ངེས་པར་འཇུག་པའི་རྣལ་འབྱོར་པས། །ཤིན་ཏུ་རྣལ་འབྱོར་རྒྱུ་འབྲས་འདས་པའི་ལུང་། །མ་བཅོས་ཡེ་ཤེས་ཀུན་བྱེད་རྒྱལ་པོ་ལ། །གང་ལྟར་འདི་ལྟར་འཇོག་ཅེས་ལུང་མི་སྟོན། །སྔ་བར་མ་གསུངས་ཕྱིས་ཀྱང་མི་གསུང་ཞིང་། །ད་ལྟར་བྱུང་བར་གསུང་བར་མི་མཛད་དོ། །ཀྱེ། སྟོན་པའི་ངོ་བོ་ཀུན་བྱེད་རྒྱལ་པོ་ཡིས། །བསྒོམ་ཞིང་བསམ་དུ་མེད་པའི་ཆོས་ཉིད་ལ། །མ་བསམས་ཡལ་བར་གནས་པས་འཁོར་བ་ཉིད། །བཙལ་ཞིང་བསྒོམས་པས་རྟོག་པའི་མཚན་མའི་ལམ། །དེ་བས་རེ་དོགས་བཅས་པའི་ཏིང་འཛིན་ནི། །གནས་པས་གྲོལ་བར་ཀུན་བྱེད་ལུང་མི་སྟོན། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །རྟོགས་པས་གཉི་གའི་འཆིང་བ་རབ་བཅད་ནས། །མི་འགལ་མཉམ་པའི་དོན་ལ་གནས་བྱས་པས། །ཀུན་བྱེད་ང་ཡི་དགོངས་པ་ལྷུན་གྱིས་གྲུབ། །ཀྱེ། གང་གིས་འཆིང་བ་དེ་རྟོགས་བཅད་བྱས་ཤིང་། །གྲོལ་བར་མི་འཇུག་མྱ་ངན་འདས་མི་ལེན། །སྙིང་པོའི་དོན་ལ་ཕྱོགས་རིས་དམིགས་མི་འཛིན། །དོན་ལ་མི་སྒོམ་སྙིང་རྗེ་ཡུལ་མི་འཇུག །ཀྱེ། ཀུན་བྱེད་རྒྱལ་པོ་ང་ཡིས་གང་བསྟན་པ། །སེམས་དཔའ་རྡོ་རྗེས་དོན་ལ་གོམས་པར་གྱིས། །ཡེ་ཤེས་དྲན་པས་དབང་བསྒྱུར་རིག་པའི་ངང་། །འདི་ནི་ཀུན་བྱེད་རྒྱལ་པོར་ངས་ལུང་བསྟན། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རིག་པ་དབང་བསྒྱུར་ལ་གནས་པའི་ལེའུ་སྟེ་བདུན་ཅུ་ལྔ་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་སྙིང་པོ་དོན་གྱི་ལམ་འདི་གསུངས་སོ། །ཀྱེ། སེམས་དཔའ་རྡོ་རྗེ་དོན་ལ་ད་སྒོམས་ཤིག །སྙིང་པོ་མི་རྟོགས་དོན་གྱི་ལམ་འདི་ལ། །ནམ་མཁའི་མཐའ་ལྟར་གནས་པས་མ་ཁྱབ་མེད། །སྐྱེ་མེད་མིན་པ་མེད་པས་མི་སྒོམ་མེད། །རྟོག་དཔྱོད་ཡུལ་ལས་འདས་པས་དམིགས་སུ་མེད། །སྙིང་པོ་མཚན་མ་འདས་པའི་ཡུལ་འདི་ལ། །བགྲོད་པའི་ཡུལ་ལས་འདས་པས་བགྲོད་པ་མེད། །ལམ་ལ་མི་བགྲོད་ས་ལ་མི་སྦྱོང་ཞིང་། །མི་རྟོག་བདེ་ལ་གནས་པས་ལྷུན་གྱིས་གྲུབ། །ཀྱེ། ཀུན་བྱེད་རྒྱལ་པོ་ང་ཡི་ལམ་ཉིད་ནི། །ཆོས་ཀྱི་དབྱིངས་སུ་གཅིག་པས་བགྲོད་དུ་མེད། །སྙིང་པོ་དོན་དང་འགྲོགས་པས་ཡེངས་པ་མེད། །ཐིག་ལེ་གཅིག་ཏུ་འདུས་པས་གར་མི་འགྲོ། །ཀྱེ། དེ་ཡི་དོན་ལ་སེམས་དཔའ་རྡོ་རྗེ་བསྒོམ། །བསྒོམ་དུ་མེད་པའི་དོན་ལ་མ་བསྒོམས་ན། །མཚན་མའི་གྲངས་ལ་བསྐལ་པ་བརྒྱར་བསྒོམས་ཀྱང་། །ཀུན་བྱེད་ང་ཡི་དགོངས་པ་རྟོགས་མི་འགྱུར། །རྣམ་རྟོག་ཡུལ་ལ་མཚན་མའི་གྲངས་ལས་འདས། །ཀུན་བྱེད་བྱ་མི་དགོས་ལ་བྱར་ཡང་མེད། །བྱ་བ་མཚན་མའི་རྣལ་འབྱོར་རྗེས་ཞུགས་ཤིང་། །བྱ་བས་མི་ཟིན་རྟོག་པས་རྟོག་པ་འཇིལ། །ཆུ་ལས་རྙོག་མ་བཞིན་ཏེ་བྱས་པས་བསླུས། །ཀྱེ། སེམས་དཔའ་རྡོ་རྗེ་དོན་ལ་ལེགས་པར་སྒོམས། །ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ། །དུས་གསུམ་རྒྱལ་བ་ཀུན་གྱི་ལམ་འདྲེན་པས། །ཁྱོད་ཀྱང་ང་ཡི་ལམ་ལ་ལེགས་པར་ཞུགས། །འདས་པའི་སངས་རྒྱས་སྐྱེ་མེད་ལམ་དུ་ཞུགས། །མ་བྱོན་སྐྱེ་མེད་ལམ་ལ་འཇུག་པར་འགྱུར། །ད་ལྟར་སངས་རྒྱས་སྐྱེ་མེད་ཉིད་ལ་གནས། །དེས་ན་ཀུན་བྱེད་རྒྱལ་པོ་ཀུན་གྱི་ལམ། །ཀྱེ། ལམ་འདིར་འཇུག་ཅིང་བསྒོམ་པའི་རྣལ་འབྱོར་པ། །ད་ལྟ་ཉིད་ནས་རྒྱལ་བའི་ས་ལ་གནས། །དགོངས་པ་མི་འཛིན་ཕྱོགས་རིས་གཟུང་དུ་མེད། །སྙིང་པོའི་ལམ་ལ་འཇུག་དང་མི་འཇུག་འདས། །ཀྱེ། རྣལ་འབྱོར་དུས་གཅིག་འཇུག་པའི་སྐལ་ལྡན་ལ། །ཀུན་བྱེད་རྒྱལ་པོའི་དགོངས་པ་བསྟན་བྱས་ནས། །རྟོགས་པའི་རླུང་ལ་དྲན་ཞིང་འདྲིས་པ་ལས། །བསྒོམ་ཞིང་འཇུག་ཏུ་མེད་པར་ལུང་སྟོན་ཅིག །ཀྱེ། ང་ནི་སྟོན་པ་ཀུན་བྱེད་བྱང་ཆུབ་སེམས། །མ་ལུས་ཀུན་བྱས་བྱང་ཆུབ་སེམས་སུ་བྱས། །སེམས་ཉིད་སྐྱེ་བ་མེད་པའི་ལམ་དུ་བྱས། །སྐྱེ་མེད་བདེ་བའི་ལམ་ལ་འཇུག་ཏུ་མེད། །སྐལ་ལྡན་རྒྱལ་སྲས་དམ་པར་ངེས་པ་ལ། །ཀུན་བྱེད་ང་ཡི་ལམ་འདི་གོམས་བྱས་ནས། །བགྲོད་མེད་རྩལ་མེད་སྙིང་པོའི་དོན་རྟོགས་ནས། །ཀུན་བྱེད་རྒྱལ་པོ་ཉིད་དུ་ཐེ་ཚོམ་མེད། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་སྙིང་པོ་ལམ་ལ་གནས་པའི་ལེའུ་སྟེ་བདུན་ཅུ་དྲུག་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་དོན་ལ་སྦྱང་དུ་མེད་པ་འདི་གསུངས་སོ། །ཀྱེ། སེམས་དཔའ་རྡོ་རྗེ་རྟོགས་པའི་དོན་ལ་སྒོམས། །སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །བསམ་གྱིས་མི་ཁྱབ་ངེས་པའི་དུས་བསྟན་པ། །སྙིང་པོ་རྟོགས་པའི་ས་ཞེས་བཤད་པ་ཡིན། །བདེ་ཆེན་ངེས་པའི་དུས་སུ་གང་བསྟན་པ། །དེ་ནི་གོམས་པའི་ས་ཞེས་བཤད་པ་ཡིན། །གཞན་དག་རྩོལ་ཞིང་སྤྱོད་པའི་ཁྱད་པར་དག །ཁམས་གསུམ་འཁོར་བའི་སྙིང་པོ་བསྒྲིབ་པའི་ས། །ས་ཞེས་བྱ་བ་གནས་པའི་ཁྱད་པར་ཏེ། །གང་ལ་གང་གནས་དེ་ནི་ས་ཡིན་ནོ། །ཀྱེ། སྐུ་གསུམ་སྟོན་པའི་ས་ལ་གྲངས་བགྲངས་ཀྱང་། །ཀུན་བྱེད་རྒྱལ་པོའི་ས་ལ་རིམ་པ་མེད། །ས་དང་ས་ཡི་རིམ་པའི་ཁྱད་པར་ཡོད། །ཅེས་པ་སྐུ་གསུམ་སྟོན་པས་འཁོར་ལ་བསྟན་པ་ཡིན། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །མཉམ་ཉིད་སྐྱེ་བ་མེད་པའི་རང་བཞིན་ལ། །ཐབས་དང་སྙིང་པོ་རྟོགས་པའི་གང་ཟག་གིས། །སྒྲིབ་དང་ས་ཡི་ཁྱད་པར་མེད་པར་བསྟན། །ཀུན་བྱེད་རྒྱལ་པོ་ང་ཡི་རང་བཞིན་ནི། །དུས་གསུམ་འབྱུང་འཇུག་མི་བྱེད་ཡིད་ལ་བྱེད་པ་མེད། །རིས་སུ་མི་ལྟ་མཚན་མའི་ཡུལ་མི་ཚོལ། །ཀུན་བྱེད་རྒྱལ་པོའི་དགོངས་པའི་ལུང་དུ་བསྟན། །ཀྱེ། ཀུན་བྱེད་རྒྱལ་པོ་ང་ཡི་དགོངས་པ་ནི། །ཚིག་དང་ཡི་གེས་མཚོན་པ་མི་རྙེད་ཅིང་། །སྒྲ་དང་ཚད་མས་གཏན་ལ་དབབ་ཏུ་མེད། །སྐྱེ་བ་མེད་པས་འགག་པ་མེད་པ་ཡིན། །འཕེལ་བ་མེད་ཅིང་ཡོངས་སུ་འགྲིབ་མི་བྱེད། །མཚན་མ་མིན་ཞིང་དེ་ཉིད་མིན་པའང་མིན། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངས། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །སྐྱེ་བ་མེད་པའི་ངོ་བོར་བྱིན་བརླབས་པས། །རྟོགས་པ་དེ་ཉིད་ངང་དུ་ལྡོག་པར་འགྱུར། །ཀུན་བྱེད་རྒྱལ་པོ་ང་ཡི་བྱིན་རླབས་ཀྱིས། །སེམས་དཔའ་རྡོ་རྗེས་ཇི་ལྟར་རྟོགས་པ་ལྟར། །ཕྱི་རབས་ཀུན་བྱེད་ལུང་ལ་དད་པ་ལ། །དངོས་པོ་སྐྱེ་བ་མེད་པར་བྱིན་རློབས་ཤིག །དེ་ལྟར་བསྒོམ་དུ་མེད་པའི་སྙིང་པོ་ལ། །མ་ཡེངས་དྲན་པས་བཟུང་བ་མན་ངག་ཡིན། །ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་འདི་ལ། །བཤད་པས་མ་ཡིན་ཚིགས་སུ་བཅད་པས་མིན། །བསྒོམས་པས་མ་ཡིན་མ་བསྒོམས་པས་ཀྱང་མིན། །སྙིང་པོ་སྔགས་དང་ཕྱག་རྒྱ་ཀུན་ལས་འདས། །ཀྱེ། ཀུན་བྱེད་རྒྱལ་པོ་ང་ཡིས་བསྟན་པའི་ས། །མ་ལུས་འདི་ལ་བརྟེན་པས་སྤོང་ལེན་མེད། །ཕྱོགས་ཆ་མེད་པར་ཁྱབ་པས་ཆེ་ཆུང་མེད། །ཆོས་ཀྱི་དབྱིངས་སུ་གནས་པས་རྟོག་དང་མི་རྟོག་མེད། །དེ་ཕྱིར་དུས་གཅིག་གནས་པའི་ས་འདི་ལ། །སེམས་དཔའ་རྡོ་རྗེ་ལེགས་པར་གནས་པར་གྱིས། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་དོན་ལ་སྦྱང་མེད་ཀྱི་ལེའུ་སྟེ་བདུན་ཅུ་བདུན་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་མཉམ་པ་བླང་དོར་མེད་པའི་དགོངས་པ་འདི་གསུངས་སོ། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །སྐྱེ་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་ལ། །ཇི་བཞིན་མ་བཅོས་གནས་པའི་དགོངས་པ་ལ། །བླང་དང་དོར་བ་ཡོད་པར་ལུང་མ་བསྟན། །སྐྱེ་མེད་རང་བཞིན་སྒྲོས་སྐུར་བྲལ་བ་སྟེ། །བླང་དང་དོར་བ་སྒྲོ་སྐུར་དོན་དུ་བསྟན། །སུ་ཞིག་སྙིང་པོའི་དོན་ལ་ཞུགས་པ་ཡིས། །སྒྲོ་སྐུར་འདས་པ་སྙིང་པོའི་དོན་དུ་བསྟན། །གང་ཡང་བསམ་པ་ཀུན་ལས་འདས་བྱེད་པ། །བླང་དོར་མེད་པར་རྟོགས་པར་ལུང་བསྟན་ཏོ། །ཀྱེ། སེམས་དཔའ་རྡོ་རྗེ་སྙིང་པོའི་དོན་ལ་སྒོམས། །ང་ནི་མ་ནོར་དོན་གྱི་སྙིང་པོ་ལ། །བླང་དོར་རྣམ་རྟོག་བཅོས་པའི་ཡུལ་མེད་དེ། །རང་བཞིན་བདེ་བ་མཆོག་གིས་གོམས་པར་བྱེད། །ཀུན་བྱེད་རྟོགས་ན་སྙིང་པོར་ཀུན་གནས་པས། །སྙིང་པོའི་དོན་ལ་བླང་དོར་ལུང་མ་བསྟན། །སྐྱེ་ཞིང་འཇིག་པའི་ཆོས་སུའང་ལུང་མ་བསྟན། །བཟང་ངན་གཙང་དམེའི་ཆོས་སུའང་ལུང་མ་བསྟན། །རྟོག་དཔྱོད་བསམ་པའི་ཡུལ་ལས་འདས་པར་བསྟན། །ཀྱེ། སེམས་དཔའ་རྡོ་རྗེ་ངེས་པར་ད་སྒོམས་ཤིག །བསྒོམ་དང་བསྒོམ་པར་བྱ་བའི་ཡུལ་ཉིད་ནི། །མ་བཅོས་ཀུན་བྱེད་སེམས་ཀྱི་རང་བཞིན་ལ། །བསྒོམ་དང་མི་སྒོམ་བློ་ཡི་ཡུལ་ལས་འདས། །ཀྱེ། ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་ང་ནི། །ང་ཡི་འཁོར་དུ་འདུས་པའི་ཚོགས་རྣམས་ལ། །བླང་དང་དོར་བའི་ཆོས་ཉིད་ང་མི་སྟོན། །གཅིག་ལ་གཉིས་སུ་དབྱེ་བའི་ཆོས་མི་སྟོན། །རྟོག་དང་དཔྱོད་འདས་རྟོག་དཔྱོད་བསམ་མི་བྱེད། །མ་བཅོས་ཇི་བཞིན་པ་ལ་འཆོས་མ་བྱེད། །བྱ་བ་གང་བཏང་ཅི་སྣང་ཆོས་ཉིད་ལ། །མ་བསམས་རང་བཞིན་བཞག་པས་གྲོལ་བར་སྟོན། །ཀྱེ། སེམས་དཔའ་རྡོ་རྗེ་ཆེན་པོ་ད་སྒོམས་ཤིག །བླང་དོར་མེད་པའི་ཆོས་ཉིད་བྱང་ཆུབ་ལ། །མཁའ་ལྟར་གནས་པས་ལུས་སེམས་བཅོས་སུ་མེད། །འདུ་ཤེས་ཞེན་འཛིན་མེད་པས་བསྒོམ་དུ་མེད། །མཁའ་ལྟར་རབ་ཞི་རྙོག་པ་ཀུན་བྲལ་ལ། །ཡུལ་ལ་མི་འཇུག་དགོངས་པའི་དམིགས་འཇུག་བྲལ། །ཀྱེ། སེམས་དཔའ་རྡོ་རྗེ་ལེགས་པར་ད་སྒོམས་ཤིག །དབང་པོ་ཡུལ་ལ་མི་རྟོག་སེམས་མི་སྡུད། །གཉེན་པོ་མ་བརྟེན་ལུས་སེམས་རྒྱུད་མ་སྦྱོངས། །ལུས་སེམས་མ་བཅོས་སྙིང་པོའི་དོན་དུ་རྟོགས། །ཀྱེ། ཀུན་བྱེད་རྒྱལ་པོ་ང་ཡི་སྤྱོད་པ་ནི། །མ་བཙལ་ལྷུག་པར་གནས་པས་དོན་ཀུན་རྫོགས། །སྙིང་པོའི་དོན་དུ་འདུས་པས་བླང་དོར་མེད། །རེ་དོགས་རྣམ་པར་ཆད་པས་མྱ་ངན་འདས་མི་སྒོམ། །ཀུན་བྱེད་ང་ཡི་སྤྱོད་པ་གང་རྟོགས་པས། །དུས་གསུམ་སྐྱེ་མེད་དོན་དུ་མཉམ་པ་ལ། །འཇུག་དང་མི་འཇུག་ཚིག་ལས་ཤིན་ཏུ་འདས། །འདི་ནི་བླང་དོར་མེད་པར་ལུང་བསྟན་ཏོ། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་མཉམ་པ་ལ་བླང་དོར་མེད་པར་བསྟན་པའི་ལེའུ་སྟེ་བདུན་ཅུ་བརྒྱད་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་རང་བྱུང་སྙིང་པོའི་ངང་ལ་སྒྲིབ་པ་བསལ་དུ་མེད་པའི་དགོངས་པ་འདི་གསུངས་སོ། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །སྙིང་པོ་སྒྲིབ་མེད་དགོངས་པར་ལུང་བསྟན་པ། །ཇི་ལྟར་སྣང་བའི་ཆོས་རྣམས་མ་ལུས་པ། །སྐྱེ་མེད་ཆོས་ཀྱི་དབྱིངས་སུ་ཀུན་གཅིག་པས། །སྐྱེ་མེད་སྙིང་པོ་ཐུགས་ཀྱི་རང་བཞིིན་ལ། །སྒྲིབ་དང་མི་སྒྲིབ་ཁྱད་པར་བསྟན་པ་མེད། །ཀྱེ། སེམས་དཔའ་རྡོ་རྗེ་ལེགས་པར་ད་སྒོམས་ཤིག །སྐྱེ་མེད་ཆོས་ཀྱི་དབྱིངས་སུ་གཅིག་པ་ལ། །སྒྲིབ་དང་མི་སྒྲིབ་སྤོང་ལེན་གང་འདོད་པ། །དམ་པའི་སྙིང་པོའི་དོན་དང་འགལ་བར་འགྱུར། །ཀུན་བྱེད་བྱང་ཆུབ་སེམས་ཀྱིས་ལུང་བསྟན་པ། །སྐྱེ་མེད་བསྒོམས་པས་སྐྱེ་བ་སྙིང་པོར་གསལ། །མཁའ་ལྟར་རྟོག་དཔྱོད་འདས་ལ་གང་གནས་པས། །སྒྲིབ་དང་མི་སྒྲིབ་བྱང་ཆུབ་སེམས་སུ་གནས། །ཀྱེ། ཀུན་བྱེད་རྒྱལ་པོས་འཁོར་ལ་ལུང་བསྟན་པ། །ཡེ་ཤེས་སྒྲིབ་མེད་གསལ་བའི་དོན་དུ་བསྟན། །རང་བྱུང་རྒྱུ་རྐྱེན་མེད་པའི་སྙིང་པོར་གནས། །རྟོགས་པས་སྒྲོ་སྐུར་འདས་པའི་དགོངས་པ་ཡིན། །ཀྱེ། དེ་ཕྱིར་སེམས་དཔའ་རྡོ་རྗེ་ད་སྒོམས་ཤིག །རང་བྱུང་ཡེ་ཤེས་དམིགས་པ་ཀུན་ལས་འདས། །རྟོགས་པ་དམིགས་པའི་དོན་དུ་གཞོག་མི་བྱེད། །ཡུལ་ལས་འདས་པས་རྣམ་ཤེས་སྲུང་མི་བྱེད། །དངོས་པོ་སྙིང་པོར་གསལ་བས་སྒོམ་མི་བྱེད། །རྣམ་པ་སྙིང་པོར་གསལ་བས་རེ་དོགས་མེད། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །མ་བཅོས་འཁོར་གྱི་ནང་དུ་ལུང་བསྟན་པ། །མ་བཅོས་སྙིང་པོ་ཆོས་ཀུན་རྩ་བ་ལ། །ཇི་ལྟར་སྣང་བ་གཏན་ལ་འབེབས་པར་བྱེད། །སྙིང་པོ་རང་བཞིན་གཅིག་གི་དོན་རྟོགས་ན། །ཀུན་གྱི་རང་བཞིན་ཀུན་བྱེད་ཉིད་དུ་འདུས། །དེས་ན་ཀུན་བྱེད་ང་ཡི་དོན་མཁས་ན། །བསམ་གྱིས་མི་ཁྱབ་ཆོས་ལ་མཁས་པར་འགྱུར། །ཀུན་བྱེད་ང་ཡི་དོན་ལ་གོམས་འགྱུར་ན། །ཀུན་གྱི་དོན་ལ་གནས་ཤིང་གོམས་པ་ཡིན། །ཀྱེ། སེམས་དཔའ་རྡོ་རྗེ་ལེགས་པར་ད་སྒོམས་ཤིག །ཇི་ལྟར་སྣང་གྲགས་ཆོས་རྣམས་ཐམས་ཅད་ལ། །སྙིང་པོ་རྟོགས་གོམས་དོན་ཉིད་གཅིག་ལས་མེད། །སྙིང་པོ་མངོན་དུ་ཕྱུང་ནས་གང་བསྟན་པ། །རང་བཞིན་སྐྱེ་བ་མེད་པའི་དོན་དུ་རྟོགས། །མ་ཡེངས་རེ་དོགས་ཆད་པས་དགོངས་པ་ཡིན། །ཀྱེ། སེམས་དཔའ་རྡོ་རྗེ་ལེགས་པར་ད་སྒོམས་ཤིག །ཇི་ལྟར་སྣང་བའི་ཆོས་སུ་གང་བསྟན་པ། །ཀུན་བྱེད་རྒྱལ་པོ་མཚོན་པའི་ཐབས་སུ་བསྟན། །ཐབས་དེའི་ལུང་དང་འགལ་བར་མ་བྱེད་ཅིག །ཀུན་བྱེད་ང་ཡི་སྲས་སུ་ཞུགས་རྣམས་ཀྱིས། །ཀུན་ཀྱང་སྐྱེ་མེད་དོན་དུ་རྟོགས་འགྱུར་ན། །འཁོར་དང་མྱ་ངན་འདས་པར་མི་སེམས་ཏེ། །སྙིང་པོ་རང་བཞིན་རྟོག་དཔྱོད་བྲལ་བར་བསྟན། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་མི་སྒྲིབ་པའི་ལེའུ་སྟེ་བདུན་ཅུ་དགུ་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ལྷུན་གྲུབ་རེ་དོགས་ལས་འདས་པའི་དགོངས་པ་འདི་གསུངས་སོ། །ཀྱེ། སེམས་དཔའ་རྡོ་རྗེ་ལེགས་པར་ད་སྒོམས་ཤིག །ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ། །ཇི་ལྟར་སྣང་བའི་ཆོས་རྣམས་མ་ལུས་པ། །སྐྱེ་མེད་སེམས་ཀྱིི་རང་བཞིན་ཉིད་དུ་བསྟན། །ཀྱེ། སེམས་ཀྱི་རང་བཞིན་ལྷུན་གྱིས་གྲུབ་པའི་ཕྱིར། །གྲུབ་དང་མ་གྲུབ་གཉིས་སུ་ལུང་མི་སྟོན། །བདེ་དང་སྡུག་བསྔལ་གཉིས་སུ་རྟོག་མི་བྱེད། །འཁོར་དང་མྱ་ངན་འདས་པར་རེ་དོགས་བྲལ། །ལྷུན་གྲུབ་སེམས་ཀྱི་རང་བཞིན་ཅིར་སྣང་བས། །མ་བྱུང་སྟོང་བའི་དོན་དུ་སྨྲ་མི་བྱེད། །གཞི་རྩ་སྙིང་པོ་རྟོག་དཔྱོད་ལས་འདས་པས། །གྲུབ་ཅིང་བརྟན་པའི་ཕྱོགས་སུ་ཞེན་མི་བྱེད། །ཀྱེ། སེམས་དཔའ་རྡོ་རྗེ་ལེགས་པར་ད་སྒོམས་ཤིག །ལྷུན་གྲུབ་རྟོག་དཔྱོད་འདས་པའི་སྙིང་པོ་ལ། །གྲུབ་དང་མ་གྲུབ་དོན་ལ་རྟོག་མི་བྱེད། །དེ་ཕྱིར་ཁྱོད་ཀྱང་རྟོག་པར་མ་བྱེད་ཅིག །ཀྱེ། ལྷུན་གྲུབ་བྱ་རྩོལ་འདས་པའི་སྙིང་པོ་ལ། །གང་ཞིག་ཕྱོགས་ལྡོག་མེད་པའི་ཞེན་པ་ནི། །ཇི་ལྟར་བུས་པ་མཁའ་ལ་རྩོད་པ་ལྟར། །ཀུན་བྱེད་ང་ཡི་རང་བཞིན་མཐོང་མི་འགྱུར། །གང་གིས་གང་སྤངས་ལྡོག་པར་འདོད་པ་ནི། །རེ་དོགས་འཇིགས་པའི་སེམས་དང་མ་བྲལ་བས། །མཐའ་བྲལ་མཐའ་ལ་ཞེན་པའི་གང་ཟག་གིས། །ལྷུན་གྲུབ་སྙིང་པོའི་དོན་ལ་ཇི་ལྟར་རེག །ཀྱེ། སེམས་དཔའ་རྡོ་རྗེ་ལེགས་པར་ད་སྒོམས་ཤིག །མ་སྐྱེས་རྣམ་པར་དག་པའི་དོན་སྣང་བས། །སྣང་བ་དངོས་པོར་མི་ལྟ་འཛིན་མི་བྱེད། །སྣང་བ་སྐྱེ་བ་མེད་པར་རང་གྲོལ་བས། །སྟོང་པ་མི་སྒོམ་ཇི་བཞིིན་རྟོགས་པས་གྲོལ། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངས། །ཇི་ལྟར་སྣང་བའི་ཆོས་ནི་ཐམས་ཅད་ཀུན། །མ་སྐྱེས་རྣམ་པར་དག་པར་ལུང་བསྟན་པས། །ཇི་ལྟར་སྐྱེ་བ་མེད་པ་ཉིད་དུ་རྟོགས། །ཀྱེ། ང་ལས་བྱུང་བ་སྟོན་པ་སྐུ་གསུམ་ལ། །སེམས་ཉིད་སྐྱེ་བ་མེད་པར་ཀུན་སྨྲ་ཞིང་། །དེ་བཞིན་མེད་པའི་དོན་ལ་ཀུན་རྩོད་ཀྱང་། །སྐྱེ་མེད་མངོན་སུམ་དུས་ཀྱིས་རྟོགས་པ་མེད། །དེ་ཕྱིར་ཀུན་བྱེད་རྒྱལ་པོའི་ལུང་འདི་ལ། །ཤེས་ནས་མ་ཡེངས་དོན་ལ་གནས་པ་ལས། །རྩོལ་བས་མི་འཇུག་གཉེན་པོས་སེམས་མི་སྦྱོང་། །ཡུལ་ལ་མི་འཇོག་དྲན་པའི་སེམས་མི་སྡུད། །གང་ལྟར་བྱུང་བ་དེ་ཉིད་དོན་ཡིན་པས། །ཀུན་བྱེད་ང་ཡི་དོན་ལ་འཇུག་པར་གྱིས། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །མ་བཅོས་སེམས་ཀྱི་འཁོར་ལ་ལུང་ཕོག་པ། །མ་ལུས་སྐྱེ་མེད་རྟོགས་པའི་རྣལ་འབྱོར་པ། །རང་བཞིན་བཅུ་ལས་རྩོལ་བར་མ་བྱེད་ཅིག །ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ལ། །ཤེས་པས་གཟུང་འཛིན་མི་ཤེས་སྤང་མེད་པས། །རྟོགས་པ་དབང་བསྒྱུར་དོན་ལ་གནས་པ་ཡིས། །ཀུན་བྱེད་རྒྱལ་པོའི་དགོངས་པ་ལྷུན་གྱིས་གྲུབ། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ལྷུན་གྲུབ་རེ་དོགས་བཅད་པའི་ལེའུ་སྟེ་བརྒྱད་ཅུ་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལ་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་ཞུས་སོ། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །ཇི་ལྟར་སྣང་བའི་ཆོས་ནི་ཁྱོད་ཀྱིས་བྱས། །བསྟན་པའི་དམ་ཆོས་མ་ལུས་ཁྱོད་ཀྱིས་བཀོད། །དམ་པའི་རང་བཞིན་ཁྱོད་ཀྱིས་བསྟན་པས་ན། །ཁྱོད་ཀྱི་རང་བཞིན་རྟོགས་ན་ཆོས་ཀུན་རྟོགས། །དེ་བས་ཀུན་བྱེད་ཉིད་ཀྱི་རང་བཞིན་འདི། །འདུས་པའི་ཚོགས་ཀྱིས་གསལ་བར་མ་རིག་པས། །དོན་དུ་ཇི་ལྟར་གནས་པ་བཤད་དུ་གསོལ། །ཞེས་ཞུས་སོ། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་མདོ་ལུང་རྒྱུད་ལ་བསྡུ་བ་འདི་གསུངས་སོ། །ཀྱེ། སེམས་དཔའ་རྡོ་རྗེ་ལེགས་པར་ནན་ཏན་གྱིས། །སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །འཁོར་ལ་མདོ་ལུང་བསྡུས་པ་འདི་ཕོག་པ། །ཀྱེ། ང་ཡི་རང་བཞིན་སྐྱེ་མེད་དོན་གཅིག་ལ། །རྒྱུད་ཀྱི་རང་བཞིན་རྣམ་པ་གསུམ་དུ་བསྟན། ། གདམས་པ་རྣམ་པ་གསུམ་གྱི་རིམ་པ་ཡིས། །རྒྱུད་ནི་རྩ་བའི་རྒྱུད་དང་ཕྱི་མ་དང་། །ཕྱི་མའི་ཕྱི་མས་དོན་རྫོགས་བསྟན་པ་ཡིན། །ཀྱེ། རྩ་བ་ཐོས་པའི་རང་བཞིན་བསྟན་པ་ནི། །ང་ཡི་རང་བཞིན་ལྔ་བཅུ་རྩ་བདུན་གྱིས། །དངོས་པོའི་དོན་ཀུན་གཏན་ལ་ཕབ་པ་སྟེ། །སེམས་དཔའ་རྡོ་རྗེས་ལེགས་པར་ནན་ཏན་གྱིས། །ཀྱེ། ང་ཡི་རང་བཞིན་ལྔ་བཅུ་རྩ་བདུན་ནི། །མངོན་དུ་ཕྱུང་བའི་མདོ་ལུང་བཅུ་པོ་དང་། །ངེས་པར་བསྟན་པའི་མདོ་ལུང་བཅུ་པོ་དང་། །རྒྱུ་འབྲས་འདས་པའི་མདོ་ལུང་བཅུ་པོ་དང་། །བྱ་མེད་རྫོགས་པའི་མདོ་ལུང་བཅུ་པོ་དང་། །གཏན་ལ་འབེབས་པའི་མདོ་ལུང་བཅུ་དག་དང་། །དགོས་ཆེད་སོ་སོར་བསྟན་པས་ལྔ་བཅུ་ལྔ། །གཅིག་གིས་གཞི་བསྟན་གཅིག་གིས་གདམས་པ་བསྟན། །ཀྱེ། སྟོན་པའི་སྟོན་ཀུན་བྱེད་རྒྱལ་པོ་ཡིས། །མངོན་དུ་ཕྱུང་བའི་མདོ་ལུང་བཅུ་བསྟན་པ། །དང་པོ་དང་ནི་བཅུ་དང་གཉིས་བསྟན་པ། །བཅུ་གཅིག་པ་དང་གསུམ་དང་ཉི་ཤུ་པ། །བཅོ་ལྔ་པ་དང་ཉི་ཤུ་ལྔ་པ་དང་། །ཉི་ཤུ་རྩ་གཅིག་དྲུག་པས་རྫོགས་པ་ཡིན། །གདམས་ངག་ཕོག་པས་མངོན་ཕྱུང་མཐོང་བའི་ཕྱིར། །བཅུ་དྲུག་པ་ཡིས་མངོན་ཕྱུང་དགོས་པ་བསྟན། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་པ་རྒྱལ་པོ་ཡིས། །ངེས་པར་བསྟན་པའི་མདོ་ལུང་བཅུ་བསྟན་པ། །བཞི་པ་སུམ་ཅུ་གསུམ་པ་བཅུ་གསུམ་པ། །བཅུ་གཉིས་པ་དང་ལྔ་དང་སུམ་ཅུ་གཉིས། །སུམ་ཅུ་དྲུག་དང་སུམ་ཅུ་བཞི་པ་དང་། །ཉི་ཤུ་དགུ་དང་བཅུ་བདུན་པ་ཡིས་རྫོགས། །ངེས་པར་བསྟན་པའི་དགོས་པ་ཡིད་ཆེས་དག །ལྔ་བཅུ་རྩ་ལྔ་པ་ཡིས་བསྟན་པ་ཡིན། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །རྒྱུ་འབྲས་འདས་པའི་མདོ་ལུང་བཅུ་བསྟན་པ། །བཞི་བཅུ་གཅིག་པ་བཅུ་བཞི་སུམ་ཅུ་བརྒྱད། །དགུ་པ་དང་ནི་སོ་ལྔ་བཅུ་དགུ་པ། །བཅོ་བརྒྱད་པ་དང་བརྒྱད་དང་བཞི་བཅུ་དང་། །ལྔ་བཅུ་རྩ་གཉིས་པ་ཡིས་བསྟན་པ་ཡིན། །རྒྱུ་འབྲས་འདས་པས་རྩོལ་སྒྲུབ་བྱ་མི་དགོས། །བདུན་པ་ཉིད་དུ་ངེས་པར་བསྟན་པ་ཡིན། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །བྱ་མེད་རྫོགས་པའི་ལུང་བཅུ་བསྟན་པ་ནི། །ཉི་ཤུ་གཉིས་དང་སུམ་ཅུ་པ་དག་དང་། །ཉི་ཤུ་བཞི་དང་ཉེར་བརྒྱད་ཉི་ཤུ་བདུན། །སུམ་ཅུ་གཅིག་དང་ཉེར་གསུམ་ཉི་ཤུ་དྲུག །ཞེ་བཞི་ལྔ་བཅུ་དྲུག་པས་བསྟན་པ་ཡིན། །མ་བྱས་རང་བཞིན་རྫོགས་པར་བསྟན་པའི་ཕྱིར། །བཞི་བཅུ་གསུམ་པས་དེ་ཡི་དགོས་པ་བསྟན། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །གཏན་ལ་འབེབས་པའི་ལུང་བཅུ་བསྟན་པ་ནི། །ཞེ་བརྒྱད་པ་དང་སུམ་ཅུ་དགུ་པ་དང་། །བཞི་བཅུ་ལྔ་དང་སོ་བདུན་ཞེ་དྲུག་པ། །ཞེ་བདུན་པ་དང་ཞེ་དགུ་ང་གཅིག་པ། །ལྔ་བཅུ་པ་དང་ལྔ་བཅུ་གསུམ་པས་རྫོགས། །གཏན་ལ་ཕེབས་ན་མ་བཅོས་བཅོས་མེད་པས། །བཞི་བཅུ་གཉིས་པས་དགོས་པ་བསྟན་པ་ཡིན། །ལྔ་བཅུ་བཞི་པས་རྩ་བའི་གཞི་བསྟན་ནས། །ལྔ་བཅུ་བདུན་པས་གཏད་ཅིང་གདམས་པ་སྟེ། །རྩ་བའི་རྒྱུད་དེ་ཐོས་པར་གཅེས་པ་ཡིན། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངས། །བསམ་པས་གཏན་ལ་ཕབ་སྟེ་བསྟན་པ་ནི། །རྩ་བའི་རྒྱུད་དུ་གསུངས་པའིི་དོན་རྣམས་ཀྱང་། །རྫོགས་པའི་རང་བཞིན་བཅུ་རུ་བསྟན་པའི་ཕྱིར། །རྟོགས་པའི་མདོ་ལུང་བཅུ་རུ་བསྟན་པ་ཡིན། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །བསྒོམས་པས་ངེས་པར་འབྱིན་པར་བཤད་པ་ནི། །རང་བཞིན་བཅུ་རུ་དགོངས་པས་བཤད་པ་ཡང་། །སྐྱེ་བ་མེད་པའིི་དོན་དུ་བསྡུས་ཏེ་བསྟན། །སྐྱེ་མེད་རྟོགས་པའི་དོན་ལས་མ་ཡེངས་པས། །བསྒོམ་པའི་མདོ་ལུང་བཅུ་རུ་བསྡུས་ཏེ་བསྟན། །འདི་ལས་འཕྲོས་ཤིང་ཐམས་ཅད་འདིར་འདུས་པས། །ཀུན་གྱི་རྩ་བ་དོན་གྱི་འགྲེལ་པའི་ལུང་། །ཀུན་བྱེད་ང་ཡི་སྲས་སུ་གྱུར་པ་ལ། །མིང་གིས་དོན་མཚོན་སྐྱེ་མེད་རྟོགས་ཕྱིར་བསྟན། །ཀྱེ། སེམས་དཔའ་རྡོ་རྗེ་ལེགས་པར་ནན་ཏན་གྱིས། །ཐེག་པའི་རྩ་བ་བྱང་ཆུབ་སེམས་ཀྱི་ལུང་། །ཀུན་བྱེད་རྒྱལ་པོས་བསྡུས་པའི་རྩ་བ་འདི། །སེམས་དཔའ་རྡོ་རྗེ་ལེགས་པར་རྟོགས་འགྱུར་ན། །རྒྱལ་བའི་རྒྱལ་བ་ཀུན་བྱེད་རྒྱལ་པོར་འགྱུར། །དེ་ཕྱིར་ཀུན་བྱེད་ང་ཡི་འཁོར་རྣམས་ལ། །སེམས་དཔའ་རྡོ་རྗེས་དོན་འདི་ལུང་སྟོན་ཅིག །སྐྱེ་མེད་བྱང་ཆུབ་སེམས་སུ་ལུང་སྟོན་ཅིག །འཁོར་འདས་དབྱིངས་སུ་གཅིག་པར་ལུང་སྟོན་ཅིག །རྒྱུ་འབྲས་དུས་གཅིག་རྫོགས་པར་ལུང་སྟོན་ཅིག །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་དགོངས་དོན་ལྡེ་མིག་གི་ལེའུ་སྟེ་བརྒྱད་ཅུ་རྩ་གཅིག་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལ་སེམས་དཔའ་རྡོ་རྗེས་གུས་པའི་ཚུལ་གྱིས་བསྟོད་པ། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད། །དུས་གསུམ་རྒྱལ་བའི་རང་བཞིན་ཆོས་ཀྱི་དབྱིངས། །འཁོར་བ་མི་སྤོང་ཐུགས་རྗེ་ཕྱོགས་རིས་མེད། །སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད་ལ་འདུད། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད། །འདས་པའི་སངས་རྒྱས་ཀུན་བྱེད་ཁྱོད་ཀྱིས་བྱས། །མ་བྱོན་པ་དང་ད་ལྟར་བྱེད་ཅིང་མཛད། །སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད་ལ་འདུད། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད། །ཁམས་གསུམ་སྲིད་གསུམ་བྱེད་མཁན་ཁྱོད་ཀྱིས་བྱས། །རང་བྱུང་ལྔ་དང་རྒྱན་གྱི་རྒྱུ་ལྔ་དང་། །ཡེ་ཤེས་ལྔ་བྱས་ཀུན་བྱེད་ཁྱོད་ལ་འདུད། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད། །སྐུ་གསུམ་སྟོན་པ་གསུམ་ཡང་ཁྱོད་ཀྱིས་བྱས། །སྐུ་གསུམ་ཐུགས་གསུམ་མ་ལུས་ཀུན་བྱས་པས། །སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད་ལ་འདུད། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད། །སྐུ་གསུམ་བཞུགས་པའི་གནས་ཀྱང་ཁྱོད་ཀྱིས་བྱས། །འཁོར་གྱི་དང་པོ་སྡུད་པའང་ཉིད་ལས་བྱུང་། །སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད་ལ་འདུད། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད། །འདུས་པའི་འཁོར་ཡང་ངེས་པར་ཁྱོད་ཀྱིས་བྱས། །བསྟན་པ་གསུམ་ཡང་ངེས་པར་ཁྱོད་ཀྱིས་བྱས། །ཀུན་བྱེད་རྒྱལ་པོ་ཉིད་ལ་ཕྱག་འཚལ་འདུད། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད། །ཟག་མེད་ཤེས་རབ་རྟོགས་པ་གསུམ་བསྟན་པས། །འཁོར་གྱི་མུན་པའི་དཀྱིལ་འཁོར་སྣང་མཛད་པ། །ཀུན་བྱེད་རྒྱལ་པོ་ཉིད་ལ་ཕྱག་འཚལ་འདུད། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད། །ཉིད་ཀྱི་ཐུགས་གཅིག་རང་བྱུང་ཡེ་ཤེས་ལས། །འབྱུང་ཞིང་སྡུད་པའི་རྩ་བ་ཁྱོད་ཉིད་པས། །ཆོས་ཀྱི་སྙིང་པོ་ཁྱོད་ལ་ཕྱག་འཚལ་འདུད། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད། །མ་རིག་པ་ཡི་ལམ་ནི་བསམ་ནས་ཀྱང་། །ཡེ་ཤེས་སྣང་བ་ཀུན་ཏུ་མཆེད་པར་བྱེད། །སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད་ལ་འདུད། །ཀྱེ། ཇི་ལྟར་སྣང་བའི་ཆོས་ནི་ཐམས་ཅད་ཀུན། །རང་བྱུང་ཉིད་པས་རྒྱུ་རྐྱེན་ཀུན་དང་བྲལ། །མ་བཅོས་སྙིང་པོ་ཇི་བཞིན་གསལ་བས་ན། །རང་བྱུང་ཡེ་ཤེས་ཀུན་བྱེད་རྒྱལ་པོ་ཉིད། །ཇི་ལྟར་བརྟགས་ཀྱང་གཏིང་མཐའ་དབུས་མེད་དེ། །ཀུན་གྱི་འབྱུང་གནས་བསམ་པའི་ཡུལ་ལས་འདས། །སྐྱེ་འགག་དམིགས་འཇུག་ལས་འདས་རྣམ་པར་ཞི། །སུ་ཞིགས་འཇུག་ཅིང་དམིགས་དང་དད་པ་དག །འདི་ལ་དམན་དང་དམ་པར་དམིགས་མེད་པས། །མི་རྩོལ་བདེ་ལ་གནས་ཤིང་དབུགས་ཕྱིན་འགྱུར། །ཆོས་ཀྱི་རྩ་བ་ཀུན་བྱེད་རྒྱལ་པོ་ལས། །ཇི་ལྟར་གནས་པ་རྩོལ་སྒྲུབ་ཀུན་དང་བྲལ། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རྗེས་སུ་བསྟོད་པའི་ལེའུ་སྟེ་བརྒྱད་ཅུ་རྩ་གཉིས་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལ་སེམས་དཔའ་རྡོ་རྗེས་ལེགས་པར་འདུན་ནས་ཞུས་པ། ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །ཇི་ལྟར་སྣང་ཞིང་གྲགས་པའི་ཆོས་རྣམས་ཀུན། །རང་བྱུང་ཡེ་ཤེས་གཅིག་ཏུ་བསྟན་པའི་མདོ། །ཆོས་ཀྱི་རྩ་བ་ཀུན་བྱེད་རྒྱལ་པོའི་རྒྱུད། །ཕྱི་རབས་རྣལ་འབྱོར་གང་དང་གང་དག་ལས། །བསྟན་ཅིང་གདམས་པ་ལེགས་པར་བཤད་དུ་གསོལ། །ཞེས་ཞུས་སོ། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་སྐལ་ལྡན་ལ་གདམས་པའི་དོན་འདི་གསུངས་སོ། །ཀྱེ། སེམས་དཔའ་རྡོ་རྗེ་ལེགས་པར་ད་ཉོན་ཅིག །སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངས། །ཇི་ལྟར་སྣང་ཞིང་གྲགས་པའི་ཆོས་རྣམས་ཀུན། །ངས་བྱས་བྱེད་དང་བྱེད་འགྱུར་སྙིང་པོའི་དོན། །གཞི་རྩ་ཀུན་འདས་སྙིང་པོ་བྱང་ཆུབ་རྒྱུ། །དགོངས་པ་མངོན་དུ་ཕྱུང་བའི་མདོ་ལུང་འདི། །དད་དང་དམ་ཚིག་བརྩོན་འགྲུས་ཆེ་བ་དང་། །སྙིང་རྗེ་ཡི་རང་སྐྱོ་དང་ཡིད་ལྡོག་མེད། །ལུས་དང་བུ་དང་ཆུང་མ་བྲན་དང་ནོར། །གང་ལའང་མ་ཆགས་དད་དང་དགའ་བས་འབུལ། །འདི་དག་དད་དང་དམ་ཚིག་རྟགས་ཡིན་པས། །སྙིང་པོའི་དོན་དང་ལྡན་པས་སྦྱིན་པར་བྱ། །གྲགས་པ་སྤང་ཞིང་ང་རྒྱལ་བྲལ་བ་དང་། །དམ་པ་སྙིང་པོའི་དོན་ཕྱིར་ལུས་སྲོག་ཕངས་པ་མེད། །བཀའ་ལས་མི་འདའ་རྟགས་དང་ལྡན་པ་ལ། །སྙིང་པོ་དོན་དང་སྐྱེ་མེད་བསྟན་པའི་སྦྱིན། །གང་གིས་སྙིང་པོའི་བསྟན་པ་བདག་ཐོབ་ན། །འཇིག་རྟེན་མཚན་མས་བདག་ལ་ཅི་བགྱི་སྟེ། །ཐོབ་ན་བདག་གིས་དཀའ་བ་སྒྲུབ་བོ་ཞེས། །དམ་བཅའ་ལེགས་པར་གནས་ན་བསྟན་པ་སྦྱིན། །ཇི་སྲིད་བདག་དང་སློབ་དཔོན་འཚོ་བའི་བར། །ལུས་དང་སྲོག་གི་འབྲེལ་བ་མ་མཆིས་པར། །ཁྱོད་ཀྱི་བཀའ་བཞིན་བསྒྲུབ་ཅེས་གནས་བོར་ལ། །བསྟན་པའི་སྙིང་པོ་ཀུན་བྱེད་རྒྱལ་པོ་སྦྱིན། །མདོར་ན་ལུས་དང་སྲོག་ཀྱང་འབུལ་བྱ་ཞིང་། །རྫས་དང་ཞིང་ཡུལ་རྐང་འགྲོས་སྨོས་ཅི་དགོས། །གལ་ཏེ་བདག་ལ་དགོས་པར་མ་གྱུར་ཀྱང་། །དམ་པས་བླངས་ཏེ་དཀོན་མཆོག་གསུམ་ལ་འབུལ། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །སྣོད་མིན་ལོག་པའིི་གང་ཟག་བསྟན་པ་ནི། །གྲགས་དང་འཇིག་རྟེན་ཆོས་ལ་དགའ་བ་དང་། །ང་རྒྱལ་དམ་པར་མི་བཀུར་ཡིད་ཐུང་ལྡོག །འཕྱར་ཞིང་རྫས་དང་དད་པར་མི་ལྡན་ཏེ། །རང་ཚོད་ཉམས་ལེན་བཙན་ཐབས་འདོད་པ་དང་། །བསྟན་པ་ཡོངས་ལ་འཕེལ་ཞིང་མི་མཐུན་ཞིང་། །སྒྲོ་སྐུར་བདག་གཞན་གནོད་སེམས་བསྒོམ་པ་མིིན། །འདི་ལ་མི་བསྟན་མཆོག་ཏུ་གསང་བར་བྱ། །སྔོན་དུ་རྟགས་དང་དད་པ་བརྟག་བྱའི་ཕྱིར། །རིན་ཆེན་དབྱིག་དང་ཆས་པས་གུས་མནོད་ཀྱིས། །ཆགས་སེམས་ང་རྒྱལ་གཞན་སེམས་མ་ངེས་ལ། །དེ་ལ་ཀུན་བྱེད་རྒྱལ་པོ་བསྟན་མི་བྱ། །སྙིང་པོའི་དོན་ལ་བླང་དོར་མི་གནས་ཀྱང་། །མི་མ་ཡིན་དང་འབྱུང་པོས་བར་གཅོད་ཅིང་། །མཁའ་འགྲོ་གྲུབ་པ་ཅན་གྱིས་གཉིས་ཀ་ལ། །དུས་མིན་འཆི་དང་འཇིགས་པའི་དབང་གྱུར་ནས། །སྒྲོ་སྐུར་དབང་གིས་སྙིང་པོའི་ཐེག་པ་ནུབ། །དེ་བས་རིགས་ངན་གང་ཟག་སྤང་བར་བྱ། །འཇིག་རྟེན་ཞེན་པ་དབྲལ་ཞིང་རྒྱུད་བརྟག་ཕྱིར། །ལུས་དང་ལོངས་སྤྱོད་བླ་མས་ཀུན་བླངས་ལ། །ནུས་དང་མི་ནུས་ཁྱད་པར་རྟགས་ལྡན་ནས། །སྙིང་པོ་དོན་བསྟན་ཀུན་བྱེད་རྒྱལ་པོ་སྦྱིན། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་བསྟན་པ་གང་ལ་གཞག་པའི་ལེའུ་སྟེ་བརྒྱད་ཅུ་རྩ་གསུམ་པའོ།། །།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལ་སེམས་དཔའ་རྡོ་རྗེས་ལེགས་པར་མདངས་ཕྱུང་སྟེ་མདུན་ནས་ཞུས་པ། ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །ཉིད་ཀྱི་ཐུགས་གཅིག་རང་བྱུང་ཡེ་ཤེས་ལས། །སྐལ་ལྡན་དུས་གཅིག་གྲོལ་བར་མཛད་པའི་མདོ། །མཚན་གྱི་ཁྱད་པར་བདག་ལ་བཤད་དུ་གསོལ། །ཞེས་ཞུས་སོ། །དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་མཚན་གྱི་རྣམ་གྲངས་རྣམ་པར་ཕྱེ་བ་འདི་གསུངས་སོ། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །མཚན་གྱི་ཁྱད་པར་ཕྱེ་སྟེ་བཤད་པ་ནི། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །མ་ལུས་ཀུན་བྱས་བྱེད་ཅིང་བྱེད་འགྱུར་ཏེ། །ཉིད་ལ་བྱ་མི་དགོས་ཏེ་ལྷུན་གྲུབ་པས། །ཀུན་བྱེད་རྒྱལ་པོ་ཞེས་སུ་བསྟན་པ་ཡིན། །ཀྱེ། སྙིང་པོ་ང་ལ་དྲི་མ་མེད་པ་དང་། མ་བཙལ་ལྷུན་གྱིས་གྲུབ་པའི་དོན་ལྡན་པས། །འདི་ལ་བཙལ་ཞིང་སྒྲུབ་པ་མི་མངའ་སྟེ། །བྱང་ཆུབ་སེམས་ཞེས་ངེས་པར་བསྟན་པ་ཡིན། །ཀྱེ་མ་གདོད་ནས་གྲུབ་པའི་ཆོས་ཉིད་ལ། །རྒྱུ་དང་རྐྱེན་མེད་བཙལ་མེད་སྙིང་པོ་འདི། །མ་བསྒྲིབས་ཀུན་ལ་ཕྱོགས་རིས་མེད་གསལ་བས། །རང་བྱུང་ཡེ་ཤེས་ཞེས་སུ་བསྟན་པ་ཡིན། །ཀྱེ། ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །མ་བཅོས་ཇི་བཞིན་ངང་ལ་ཀུན་སྣང་བས། །ཕྱོགས་རིས་གཉིས་སུ་ཆད་པའི་དོན་མེད་དེ། །བཀའ་ཡི་འགྲེལ་པ་ཆོས་ཀྱི་མེ་ལོང་ཡིན། །ཀྱེ། ཇི་བཞིན་མ་བཅོས་སྙིང་པོ་རྣལ་མ་ལ། །འཁོར་དང་མྱ་ངན་འདས་པ་འབྱུང་སྡུད་པ། །བླང་དོར་འཛིན་ཆགས་རྒྱ་ལས་རྣམ་གྲོལ་ཏེ། །སྙིང་པོ་དོན་གྱི་ཐེག་པ་བསྟན་པ་ཡིན། །ཀྱེ། འདས་དང་མ་བྱོན་ད་ལྟར་རྒྱལ་བ་ལ། །སྐྱེ་མེད་འདི་ལས་མ་གཟིགས་མི་དགོངས་པས། །མ་བཅོས་ཐིག་ལེ་གཟུང་འཛིན་ལས་འདས་པས། །ལྟ་བའི་མེ་ལོང་ཞེས་སུ་བསྟན་པ་ཡིན། །ཀྱེ། ང་ནི་མ་བཅོས་ཇི་བཞིན་སྙིང་པོ་ལ། །སྒྲོ་འདོགས་སྐུར་འདེབས་དོན་ལས་ཀུན་འདས་ཏེ། །དུས་གསུམ་རྒྱལ་བ་ང་ལས་བྱུང་བས་ན། །རྒྱལ་བའི་ཡུམ་ཞེས་ངེས་པར་བསྟན་པ་ཡིན། །ཀྱེ། མ་བཅོས་སྐྱེ་མེད་ཀུན་བྱེད་རྒྱལ་པོ་ལ། །མ་བཙལ་དགོས་པའི་ཡོན་ཏན་ཚད་རྫོགས་པས། །བཙལ་ཞིང་བསྒྲུབ་པ་ཀུན་ལས་འདས་པས་ན། །རྒྱུད་ཀྱི་རྒྱལ་པོ་ཞེས་སུ་བསྟན་པ་ཡིན། །ཀྱེ། མ་བཅོས་དོན་ལ་མ་ནོར་བློ་འཇོག་པས། །སྙིང་པོ་དོན་ལ་སྒྲོ་དང་སྐུར་པ་བྲལ། །གཉི་ག་མི་འགལ་དོན་དུ་གང་སྟོན་པ། །མ་བཅོས་དོན་གྱི་ལུང་དུ་བསྟན་པ་ཡིན། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོས་ལུང་བསྟན་པ། །སྐྱེ་མེད་བྱང་ཆུབ་སེམས་དང་ལྡན་པའི་དོན། །གཉིས་མེད་སྙིང་པོར་རོ་གཅིག་གནས་པ་ལ། །ཀུན་གྱི་མདོ་ནི་མདོ་རུ་བསྟན་པ་ཡིན། །ཀྱེ། མ་རིག་པ་ཡི་མུན་པ་སེལ་བ་ཡིན། །ཡེ་ཤེས་སྣང་བ་མཆེད་པར་བྱེད་པ་ཡིན། །སྡུག་བསྔལ་རྒྱ་མཚོ་གཅོད་པར་བྱེད་པ་ཡིན། །སྙིང་པོ་དོན་ལ་གོམས་པར་བྱེད་པ་ཡིན། །ཀྱེ། ངས་ནི་མ་རིག་པ་ཡི་དམིགས་བསལ་ནས། །སྐྱེ་མེད་བྱང་ཆུབ་སེམས་ནི་མངོན་བསྟན་ན། །སྐལ་ལྡན་རྣལ་འབྱོར་མིག་དང་ལྡན་པ་དག །བྱ་བ་མེད་པའི་རང་བཞིན་གྲོལ་བར་འགྱུར། །ཐེག་པའི་ཡང་སྙིང་བཀའ་ཡི་རྫོགས་ཆེན་འདི། །མན་ངག་སྙིང་པོ་ལུང་དང་ལྡན་རྣམས་ཀྱིས། །རང་བཞིན་བདེ་བར་གནས་ན་གསལ་བར་འགྲུབ། །མ་བཅོས་མི་འགྱུར་འཇུག་ཅིང་རྩོལ་བ་མེད། །ཀྱེ། ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ། །ཐེག་པའི་རྩ་བ་ཆོས་ཀྱི་སྙིང་པོའི་ལུང་། །སྐུ་གསུམ་སྟོན་པས་མ་གསུངས་རྒྱ་ཆེ་བ། །སྐྱེ་བ་མེད་པར་སྟོན་པའི་སེམས་རྒྱུད་འདི། །དུས་གསུམ་རྒྱལ་བས་སྔོན་ཆད་མ་གསུངས་ཏེ། །ཕྱི་མ་མི་གསུང་ད་ལྟར་སྟོན་མི་མཛད། །ཀུན་བྱེད་རྒྱལ་པོས་འཕོ་འགྱུར་མི་མངའ་བས། །སྔ་བར་གསུངས་ཤིང་ཕྱིས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བར་གསུངས་པས་སྐལ་ལྡན་ལ། །ངེས་པར་བསྟན་པས་འབད་མེད་གྲོལ་བའི་ལུང་། །མདོ་ལུང་མངོན་དུ་བསྟན་པའི་བཀའ་རྒྱུད་འདི། །མི་འཕེལ་མི་ནུབ་སྙིང་པོ་འཛིན་པ་ལ། །ཀུན་བྱེད་རྒྱལ་པོ་ངེས་པར་ཁྱོད་ལ་གཏད། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་མཚན་གྱི་རྣམ་གྲངས་བསྟན་པའི་ལེའུ་སྟེ་བརྒྱད་ཅུ་རྩ་བཞི་པའོ།། །།བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལྟ་བ་ནམ་མཁའ་ལྟར་མཐའ་དབུས་མེད་པའི་རྒྱུད་ནམ་མཁའི་སྙིང་པོ་མཆོག་གི་དོན་གསང་བ་མཆོག་གི་མདོ་ལུང་བརྒྱད་ཅུ་རྩ་བཞི་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཔལ་གྱི་སེང་གེ་མགོན་པོ་དང་དགེ་སློང་བཻ་རོ་ཙ་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

རྫོགས་པ་ཆེན་པོ་སེམས་སྡེའི་རྒྱུད་ལུང་གི་རྩ་བ་གཅེས་པར་བཏུས་པ། བཻ་རོ་ཙ་ན།

རྫོགས་པ་ཆེན་པོ་སེམས་སྡེའི་རྒྱུད་ལུང་གི་རྩ་བ་གཅེས་པར་བཏུས་པ་རྣམས་བཞུགས་སོ། །རྒྱ་གར་སྐད་དུ། མ་ཧཱ་སནྡྷི་བོ་དྷི་ཙིཏྟ་ཀུ་ལ་ཡ་རཱ་ཛ་ཏནྟྲ་ཁཎྜཾ། བོད་སྐད་དུ། རྫོགས་པ་ཆེན་པོ་བྱང་ཆུབ་སེམས་ཀུན་བྱེད་རྒྱལ་པོའི་རྒྱུད་ཀྱི་དུམ་བུ། བཅོམ་ལྡན་འདས་བྱང་ཆུབ་སེམས་ཀུན་བྱེད་རྒྱལ་པོ་ལ་ཕྱག་འཚལ་ལོ། །སྤྱིར་རྒྱུད་ཀྱི་རྒྱལ་པོ། ལུང་གི་རྩེ་མོ། མན་ངག་གི་སྙིང་པོ་བྱང་ཆུབ་སེམས་ཀུན་བྱེད་རྒྱལ་པོའི་རྒྱུད་འདི་ལ། ཐོས་བསམ་སྒོམ་བྱུང་གི་ཤེས་རབ་ལ་གདམས་པའི་ཚུལ་གྱིས་རྩ་བའི་རྒྱུད། ཕྱི་མའི་རྒྱུད། ཕྱི་མ་ཕྱི་མའི་རྒྱུད་རྣམས་སུ་གསུངས་པ་ལས། རེ་ཞིག་རྩ་བའི་རྒྱུད་ལ། གཞི་བསྡུས་ཏེ་༡བསྟན་པ་སྔོན་དུ་འགྲོ་བས། མངོན་དུ་ཕྱུངས་པས་ངོ་སྤྲད༡༡། ངེས་པ་བསྟན་པས་གདིང་བཅའ༢༡། རྒྱུ་འབྲས་ལས་འདས་པས་ལ་བཟླ༢༡། བྱར་མེད་རྫོགས་པས་ཐག་བཅད༤༡། གཏན་ལ་འབེབས་པས་ཤན་ཕྱེ་བའི་ལུང་ཆེན་རྣམ་པ་ལྔ་༥༠ལ་ལེའུ་ལྔ་བཅུ་རེ་དང་། དེ་རྣམས་ཀྱི་དགོངས་པ་བསྟན་པ་ལ་ལེའུ༥༦རེ་རེ། མཇུག་གཏད་ཅིང་གདམས་པ་བསྟན་པ་དང་བཅས་ལེའུ་ལྔ་བཅུ་༥༧རྩ་བདུན་དུ་གནས་ཤིང་། དེའང་ལེའུ་གོ་རིམ་དཀྲུགས་ནས་འབྲེལ་བསྡེབས་ཏེ་འཆད་པའི་ཚུལ་རྒྱ་ཆེར་ཡོད་ལ། དེ་ཐམས་ཅད་ཀྱི་སྙིང་པོ་བསྡུ་བ་ལ་གསུམ། གཞི་ལྟ་བས་ཐག་བཅད་པ། དོན་དེ་ལ་ངེས་ཤེས་བསྐྱེད་པ། ལམ་སྒོམ་པ་རང་སོར་བཞག་པའོ། །དང་པོ་ལ་གསུམ། མཚམས་སྦྱར་བ། གཞུང་དངོས། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་སེམས་དཔའ་རྡོ་རྗེ་ལ་ཉིད་ཀྱི་རང་བཞིན་བསྟན་པའི་མདོ་འདུས་པའི་དོན་འདི་བསྟན་ཏོ། །གཉིས་པ་ལ་གསུམ། ཀུན་བྱེད་རྒྱལ་པོའི་རང་བཞིན་བསྟན་པ་དང་། དེ་ཉིད་གཏན་ལ་དབབ་པའི་ཐབས་དང་། ཐབས་ཀྱི་ཆེ་བ་བསྟན་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ང་ཡི་རང་བཞིན་འདི་ལྟ་སྟེ། །ཡོད་ནི་གཅིག་ལས་མེད་པ་སྟེ། །བསྟན་ནི་རྣམ་པ་གཉིས་སུ་བསྟན། །བྱུང་ནི་ཐེག་པ་དགུ་རུ་བྱུང་། །འདུས་ནི་རྫོགས་པ་ཆེན་པོར་འདུས། །ཡིན་ནི་བྱང་ཆུབ་སེམས་ཡིན་ཏེ། །གནས་ནི་ཆོས་ཉིད་དབྱིངས་ལ་གནས། །གསལ་ནི་རིག་པ་མཁའ་ལ་གསལ། །ཁྱབ་ནི་སྣོད་བཅུད་ཀུན་ལ་ཁྱབ། །བྱུང་ནི་སྣང་སྲིད་ཀུན་ཏུ་བྱུང་། །བསྟན་དུ་མཚན་མའི་དངོས་པོ་མེད། །མཐོང་དུ་དམིགས་པའི་ཡུལ་དང་བྲལ། །ཤེས་སུ་ཚིག་ཏུ་བརྗོད་དུ་མེད། །རྒྱུ་ལས་མ་བྱུང་སྙིང་པོ་འདི། །སྒྲོས་ཀྱིས་བཏགས་པ་ཀུན་དང་བྲལ། །གཉིས་པ་ལ་གཉིས། དཔེ་ཡིས་དོན་རྟོགས་པར་བྱེད་པ་དང་། ཚིག་གིས་དོན་མཚོན་པར་བྱེད་པའི་ཐབས་སོ། །དང་པོ་ནི། དོན་འདི་ངེས་པར་རྟོགས་འདོད་ན། །དཔེ་ནི་ནམ་མཁའ་ལྟ་བུར་བརྟག །དོན་ནི་ཆོས་ཉིད་སྐྱེ་བ་མེད། །རྟགས་ནི་སེམས་ཉིད་འགགས་པ་མེད། །ནམ་མཁའ་ལྟ་བུའི་ཆོས་ཉིད་ལ། །ནམ་མཁའ་ལྟ་བུའི་དཔེ་ཡིས་མཚོན། །དམིགས་སུ་མེད་པའི་ཆོས་ཉིད་ལ། །དམིགས་སུ་མེད་པར་མཚོན་ཏེ་བསྟན། །གཉིས་པ་ནི། ཚིག་ཏུ་བརྗོད་དུ་མེད་པ་ལ། །བརྗོད་དུ་མེད་པའི་ཚིག་བརྗོད་དེ། །དམིགས་མེད་དོན་གྱི་ངོ་བོ་བསྟན། །གསུམ་པ་ལ་གཉིས། འདི་ཉིད་ཀྱིས་རྟོགས་པར་བསྟན་པ་དང་། འདི་ཡིས་མ་རྟོགས་ན་ཐབས་གཞན་གྱིས་མི་རྟོགས་པར་བསྟན་པའོ། །དང་པོ་ནི། བསྡུས་ཏེ་བསྟན་པའི་དོན་འདི་ནི། །དོན་གྱི་ངོ་བོ་འགྲེལ་པ་སྟེ། །འདི་ཡིས་ང་དོན་རྟོགས་པར་གྱིས། །འདི་ཡིས་ང་དོན་རྟོགས་པར་བྱེད། །གཉིས་པ་ནི། འདི་ཡིས་ང་དོན་མ་རྟོགས་ན། །དོན་གྱི་སྒྲ་ཚིག་ཅི་བསྟན་ཀྱང་། །ང་དང་འཕྲད་པར་མི་འགྱུར་ཏེ། །ང་ལས་གོལ་ལ་ང་བསྒྲིབས་པས། །ཆོས་ཀྱི་སྙིང་པོ་མཐོང་མི་འགྱུར། །ཞེས་གསུངས་སོ། །གསུམ་པ་ལེའུའི་མཚན་ནི། བྱང་ཆུབ་སེམས་ཀུན་བྱེད་རྒྱལ་པོ་ལས་དོན་གྱི་འགྲེལ་པའི་ལེའུ་སྟེ་ལྔ་པའོ།། ༈ །། གཉིས་པ་དོན་དེ་ཉིད་ལ་ངེས་ཤེས་བསྐྱེད་པའི་ཕྱིར་ལམ་རྫོགས་པར་བསྟན་པ་ལ་གསུམ། མཚམས་སྦྱར་བ། གཞུང་དངོས། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ཉིད་ཀྱི་བསྟན་པ་གཞན་གྱི་སྤྱོད་ཡུལ་མ་ཡིན་པ་རྫོགས་པ་ཆེན་པོའི་གཞུང་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པ་འདི་བསྟན་ཏེ། གཉིས་པ་གཞུང་དངོས་ལ་གཉིས། རྩོལ་བ་བྲལ་བ་རང་གི་གཞུང་བསྟན་པ་དང་། དེ་ཉིད་གཞན་གྱི་ཡུལ་མ་ཡིན་པར་བསྟན་པའོ། །དང་པོ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ། ང་ཡི་སྤྱོད་ཡུལ་འདི་ནིི་དཀའ་བ་སྟེ། །སྒོ་དང་ལྟ་བ་དང་ནི་དམ་ཚིག་དང་། །ཕྲིན་ལས་དང་ནི་བགྲོད་ལམ་གནས་པ་དང་། །ཡེ་ཤེས་ཆོས་ཉིད་རྣམ་པ་བརྒྱད་པོ་འདི། །སྐུ་གསུམ་ཐེག་པ་རྣམ་པ་ལྔ་པོ་ཡི། །ཐེག་པ་གཞན་དང་ལྟ་སྤྱོད་མི་མཐུན་ཏེ། །གཉིས་པ་ནི། སྒོ་ནི་བཙལ་དུ་མེད་པའི་སྒོ་ནས་འཇུག །ལྟ་བ་བསྒོམ་དུ་མེད་པར་བསྟན་པ་ཡིན། །དམ་ཚིག་བསྲུང་དུ་མེད་པར་བསྟན་པ་ཡིན། །ཕྲིན་ལས་བཙལ་དུ་མེད་པར་བསྟན་པ་ཡིན། །ལམ་ལ་བགྲོད་དུ་མེད་པར་བསྟན་པ་ཡིན། །གནས་ལ་སྤྱད་དུ་མེད་པར་བསྟན་པ་ཡིན། །ཡེ་ཤེས་མི་རྟོག་བསྐྱོད་པ་མེད་པ་ཡིན། །ཆོས་ཉིད་ཇི་བཞིན་བཅོས་སུ་མེད་པ་ཡིན། །གཉིས་པ་གཞན་གྱི་ཡུལ་མ་ཡིན་པར་བསྟན་པ་ལ་གསུམ། རྒྱུ་འབྲས་ལས་འདས་པ་ལ་རྒྱུ་འབྲས་སུ་བལྟས་པས་དོན་མི་མཐོང་བ་དང་རྫུན་གྱིས་བདེན་པ་བསླུས་པས་སྡིག་ཆེ་བར་བསྟན་པ། འོན་ཀྱང་དེ་དག་དྲང་བའི་ཐབས་སུ་བསྟན་པའོ། །དང་པོ་ནི། ཀྱེ། སེམས་དཔའ་ཆེན་པོ་དོན་འདི་ནི། །རྒྱུ་འབྲས་ཐེག་པ་ཅན་ལ་བསྟན་གྱུར་ན། །འཇིག་རྟེན་རྒྱུ་དང་འབྲས་བུའི་ཆོས་བཞིན་དུ། །རྒྱུ་ལས་འབྲས་བུ་འབྱུང་བས་མི་རིགས་ཟེར། །རྒྱུ་ནི་ཁམས་གསུམ་སེམས་ཅན་ལས་བསྒྲུབས་ནས། །འབྲས་བུ་དུས་གསུམ་སངས་རྒྱས་འབྱུང་བར་འདོད། །རྒྱུ་ནི་ལྟ་བ་བསྒོམ་པ་བྱས་པ་ཡིས། །གང་བསྒོམས་འབྲས་བུ་དེ་ཐོབ་འདོད་པ་ནི། །བསྒོམ་པ་དེ་ཡིས་འབྲས་བུ་ཐོབ་པ་མེད། །གཉིས་པ་ནི། ཐམས་ཅད་ཇི་བཞིན་པ་ཡི་ཆོས་ཡིན་པས། །ཇི་བཞིན་པ་ལ་འཆོས་པར་བྱེད་པ་ནི། །བརྫུན་གྱིས་བདེན་པ་བསླུས་པས་སྡིག་རེ་ཆེ། །གསུམ་པ་ནི། ལྟ་སྒོམ་དམ་ཚིག་ལ་སོགས་རྩོལ་སྒྲུབ་ཀྱིས། །དབང་པོ་ཡུལ་ལ་ཡེངས་པ་ཕྲལ་ནས་ནི། །དབེན་པའི་ཡུལ་ལ་ཐབས་ཀྱིས་ཁྲིད་ནས་ནི། །རྟོག་མེད་མཉམ་པའི་ཐབས་ཀྱིས་བསྟན་པ་ཡིན། །ཞེས་གསུངས་སོ། །གསུམ་པ་ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རྫོགས་པ་ཆེན་པོའི་ལུང་བསྟན་པའི་ལེའུ་སྟེ་སུམ་ཅུ་རྩ་ལྔ་པའོ།། ༈ །།གསུམ་པ་ལམ་བསྒོམ་པ་རང་སོར་བཞག་པའི་དོན་ལ་གསུམ། མཚམས་སྦྱར་བ། གཞུང་དངོས། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་རྫོགས་པ་ཆེན་པོའི་ཆོས་ཉིད་བསྒོམ་དུ་མེད་པ་འདི་བསྟན་ཏོ། །གཉིས་པ་གཞུང་དངོས་ལ་གསུམ། ཆོས་ཉིད་བྱང་ཆུབ་སེམས་བསྒོམ་དུ་མེད་པར་གདམས་པ། བསྒོམ་མེད་ལ་བསྒོམ་བྱར་བྱས་པའི་སྐྱོན། གཞན་ནས་མི་བཙལ་བར་གདམས་པ་ཡོན་ཏན་དང་བཅས་པའོ། །དང་པོ་ནི། ཀྱེ། སེམས་དཔའ་ཆེན་པོ་རྡོ་རྗེ་ལ་སོགས་ཏེ། །རིག་འཛིན་གྱི་ནི་ས་ལ་གནས་པ་དང་། །ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་། །ཁམས་གསུམ་སེམས་ཅན་དུས་ལ་བབ་པ་ཡི། །ཀུན་གྱི་དོན་ཆེན་ཀུན་བྱེད་ང་ཡིན་གྱིས། །ང་ཡི་རང་བཞིན་ཆོས་ཉིད་བྱང་ཆུབ་སེམས། །ཆོས་ཉིད་སེམས་ལ་བསྒོམ་མེད་རྟོགས་པར་གྱིས། །གཉིས་པ་ལ་གསུམ། མདོར་བསྟན། རྒྱས་བཤད། དོན་བསྡུ་བའོ། །དང་པོ་ནི། རྒྱུ་འབྲས་སྟོན་པའི་སྐུ་གསུམ་སྟོན་པས་ནི། །ང་ཡི་རང་བཞིན་ཆོས་ཉིད་བསྒོམ་མེད་ལ། །འཇིག་རྟེན་རྒྱུ་འབྲས་ཆོས་དང་དོན་མཐུན་པར། །རྒྱུ་ལས་འབྲས་བུ་འབྱུང་བར་ལུང་བསྟན་ནས། །སྒོམ་པའི་ལུགས་ནི་འདི་ལྟར་སོ་སོར་བསྟན། །གཉིས་པ་ལ་བཞི། ཉན་ཐོས་ཀྱིས་སྦྱངས་པའི་སྐྱོན། བྱང་སེམས་ཀྱིས་སྦྱངས་པའི་སྐྱོན། ཀྲི་ཡོག་གིས་བྱིན་གྱིས་བརླབས་ནས་བསྒོམ་པའི་སྐྱོན། ནང་པ་གཉིས་སམ་མ་ཧཱས་བཙལ་ཞིང་བསྒྲུབ་པའི་སྐྱོན་ནོ། །དང་པོ་ནི། ཆོས་ཉིད་བྱང་ཆུབ་སེམས་གཅིག་ངོ་བོ་ལ། །སྡུག་བསྔལ་ཀུན་འབྱུང་བདེན་པ་རྣམ་པ་བཞིས། །སྡུག་བསྔལ་ཀུན་འབྱུང་ངན་སོང་རྒྱུ་ཟེར་ནས། །ཆོས་ཉིད་བྱང་ཆུབ་སེམས་དེ་སྤོང་བར་བྱེད། །དེ་ཡིས་ཆོས་ཉིད་མི་མཐོང་སྤངས་པ་ཡིན། །གཉིས་པ་ནི། ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །དོན་དམ་ཀུན་རྫོབ་བདེན་པ་རྣམ་གཉིས་ཀྱིས། །སྦྱིན་དང་ཚུལ་ཁྲིམས་ཕ་རོལ་ཕྱིན་པ་བཅུས། །ས་བཅུ་ལམ་ལ་སྦྱངས་ཏེ་བགྲོད་པ་ཡིས། །ཆོས་ཉིད་མ་མཐོང་སྦྱོང་བའི་ས་ལ་གནས། །གསུམ་པ་ནི། ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །གཟའ་དང་རྒྱུ་སྐར་དུས་ཚིགས་བཟང་སྒོ་ནས། །བྱང་ཆུབ་ལྔ་དང་ཆོ་འཕྲུལ་ཆེན་པོ་བཞིས། །འདི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ལ། །བྱིན་གྱིས་བརླབས་ནས་ལྷ་ཡི་སྐུར་བསྒོམ་པ། །དེ་ཡིས་རང་སེམས་བསྒོམ་མེད་མཐོང་བ་མིན། །བཞི་པ་ནི། ཆོས་གཅིག་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །ཏིང་འཛིན་གསུམ་དང་ཆོ་ག་རྣམ་པ་ལྔས། །རང་རྒྱུད་དག་པའི་རྡོ་རྗེ་ཕུང་པོ་ལ། །བསྙེན་སྒྲུབ་རྣམ་པ་བཞི་ཡི་ལྷ་བསྒོམ་ནས། །སྣང་ལ་རང་བཞིན་མེད་པར་བྱེད་པ་ནི། །བཙལ་ཞིང་བསྒྲུབས་ནས་རང་སེམས་ལྷར་བཅོས་པས། །དེས་ཀྱང་རང་སེམས་བྱར་མེད་མཐོང་བ་མིན། །གསུམ་པ་དོན་བསྡུ་བ་ནི། རང་གི་ཆོས་ཉིད་བྱང་ཆུབ་སེམས་ལ་ནི། །ཀུན་བྱེད་རྒྱལ་པོ་སྟོན་པའི་སྟོན་པས་ཀྱང་། །རང་སེམས་ཡེ་ནས་ཆོས་ཉིད་རང་གྲོལ་བ། །སྟོན་པ་གསུམ་ལ་བསྒོམ་པའི་ལུང་མ་བསྟན། །བསྒོམ་སྒྲུབ་བཙལ་ན་རང་སེམས་སྤངས་པ་ཡིན། །ཞེས་གསུངས་སོ། །གསུམ་པ་གཞན་ནས་མི་བཙལ་བར་གདམས་པ་ལ་གཉིས། །དངོས་དང་། དེའི་ཆེ་བའོ། །དང་པོ་ལ། ཀྱེ། སེམས་དཔའ་ཆེན་པོ་རང་སེམས་གྲུབ་འདོད་ན། །འདོད་པ་མེད་པས་གྲུབ་པ་ཡིན་པའི་ཕྱིར། །རྟོག་མེད་མཉམ་པ་ཉིད་ལ་གནས་མི་བྱེད། །བླང་དང་དོར་མེད་ཡུལ་ལ་རང་བཞིན་གནས། །གཡོས་པ་མེད་པའི་ངང་ལ་ངང་གིས་གནས། །སེམས་ནི་ཇི་བཞིན་པ་ཡི་ངོ་བོ་དེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཉིད་དུ་གྲུབ། །ཇི་བཞིན་པ་ལ་འཆོས་པར་མ་བྱེད་ཅིག །ངོ་བོ་ཉིད་ལས་གཞན་དུ་མ་སྒྲུབས་ཤིག །རང་ཉིད་ཡིན་གྱིས་གཞན་དུ་མ་ཚོལ་ཅིག །བཙལ་ན་རྒྱལ་བས་དབྱིངས་ནས་རྙེད་མི་འགྱུར། །སྔར་བྱས་ཟིན་པས་ད་ནི་བྱེད་མི་དགོས། །སྔར་གྲུབ་ཟིན་པས་ད་སྒྲུབ་མི་བྱེད་པར། །མི་རྟོག་ཅིར་མི་དགོངས་ལ་མཉམ་པར་ཞོག །གཉིས་པ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །སྔ་རབས་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་། །རང་གི་སེམས་ལས་གཞན་དུ་ཆོས་བཙལ་མེད། །ཇི་བཞིན་པ་ལ་འཆོས་པར་བྱེད་མ་མྱོང་། །ཏིང་འཛིན་རྣམ་པར་རྟོག་པ་བསྒོམ་མ་མྱོང་། །རང་སེམས་མི་རྟོག་པ་ཡིས་གྲུབ་པ་ཡིན། །ད་ལྟར་བཞུགས་དང་སླད་ཀྱིས་འབྱོན་པ་ཡང་། །རྟོག་མེད་མཉམ་པ་ཉིད་ཀྱིས་གྲུབ་པར་འགྱུར། །ཞེས་གསུངས་སོ། །གསུམ་པ་ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་བསྒོམ་དུ་མེད་པའི་མདོ་ལུང་གི་ལེའུ་སྟེ་སུམ་ཅུ་རྩ་བདུན་པའོ།། །།དེ་ལྟར་རྫོགས་པ་ཆེན་པོ་ཕྱི་སེམས་སྡེ་ལ་སྤྱིར་རྒྱུད་དང་མན་ངག་གི་ངེས་པ་བསམ་གྱིས་མི་ཁྱབ་པར་བཞུགས་ཀྱང་། རེ་ཞིག་ཡོངས་སུ་གྲགས་པ་ཀུན་བྱེད་རྒྱལ་པོའི་སྐོར། སེམས་སྨད་བཅོ་བརྒྱད་ཀྱི་སྐོར། སེམས་སྡེ་སྤྱིའི་སྐོར་དང་གསུམ་ལས། དང་པོ་ལའང་། རྩ་བཤད་ཕྱི་མའི་རྒྱུད་དང་། དེའི་སྤྱི་དོན། བསྡུས་དོན། འགྲེལ་པ། ཁྲིད་ཡིག་སོགས་ལུགས་སྲོལ་ཐ་དད་པ་ལས་བྱུང་བ་མང་དུ་བཞུགས་པ་ལས། འདིར་རེ་ཞིག་དཔལ་ལྡན་ཟུར་པའི་བཞེད་པ་ལྟར་རྒྱུད་ཀྱི་ཁོངས་སྙིང་ལེའུ་གསུམ་ཁོལ་དུ་ཕྱུངས་ཤིང་། གསང་བདག་སྒྲོ་ཕུག་པ་ཆེན་པོའི་གསུང་རྒྱུན་དང་མཐུན་པའི་བསྡུས་དོན་རགས་པ་ཙམ་མཆན་དུ་བཏབ་པ་སྟེ། རྒྱས་པར་དེ་དག་གི་གསུང་རབ་རྣམས་སུ་ཤེས་པར་བྱའོ། །མངྒ་ལཾ།། །།

སེམས་སྡེ་བཅོ་བརྒྱད་ཀྱི་དགོངས་པ་རིག་འཛིན་རྣམས་ཀྱིས་རྡོ་རྗེའི་གླུར་བཞེངས་པ། འཇམ་དཔལ་བཤེས་གཉེན།

སེམས་སྡེ་བཅོ་བརྒྱད་ཀྱི་དགོངས་པ་རིག་འཛིན་རྣམས་ཀྱིས་རྡོ་རྗེའི་གླུར་བཞེངས་པ་བཞུགས་སོ། །ན་མོ་གུ་རུ་བིདྱཱ་དྷཱ་རེ་བྷྱཿ དེ་ལ་༼༡༽ ཁྱུང་ཆེན་གྱི་དགོངས་པ། ཆོས་ཉིད་ཀློང་རྡོལ་གླུ་ཡི་བསམ་གཏན། ཙནྡན་གྱི་ནགས་ཚལ་དུ་ནམ་གྱི་གུང་ལ། །རྒྱལ་པོ་དྷ་ཧེ་ན་ཏེ་ལོ་འདི་སྐད་ལོ། །ཧཱུྃ། འགྱུར་བ་མེད་པའི་ཆོས་ཉིད་ནི། །ཀུན་གཞི་མ་བཅོས་བྱང་ཆུབ་སེམས། །གཟུང་འཛིན་རྣམ་རྟོག་ཡུལ་ལས་འདས། །སྣང་བའི་གཟུགས་མེད་བྱང་ཆུབ་སེམས། །ཅི་ལའང་མི་སྤྱད་རྟོག་པས་མི་བཟུང་ཞིང་། །སེམས་ཉིད་རང་བཞིན་བསམ་མེད་མཁའ་འདྲ་ལ། །མ་ཡེངས་མ་བསླད་བཅོས་པ་མེད་པར་བཞག །སྒོམ་དུ་མེད་པའི་ཆོས་དབྱིངས་ཆེན་པོ་ལ། །བསམ་དུ་མེད་པའི་རིག་པ་མ་ཡེངས་ཞོག །དེ་ལ་སྒོམ་རྒྱུ་རྡུལ་ཙམ་མེད་པར་འཁུམས། །སྐྱེ་བ་བརྒྱུད་ནས་རྒྱལ་པོར་བདག་སྐྱེས་ཏེ། །དོ་ཧ་དེ་བླངས་ང་རྒྱལ་བཅག་པ་ལས། །སྔོན་ཆད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །སེམས་དང་ཆོས་སུ་འདྲེས་པའི་འཕྲོ་བླངས་ཤིང་། །སྒྱུ་མའི་ཕུང་པོ་ད་ལྟ་བསྙིལ་བའི་ཕྱིར། །ཀུན་བཟང་ཐུགས་ཀྱི་འོད་ཟེར་བདག་ལ་ཤར། །གྷི་ཏ་མ་ཀོ་ས་ལ་ཨ་ཧོཿ ཞེས་སོ། །དེ་སྐད་དུ་ཡང་དྲང་སྲོང་བྷ་ཤིས། སེམས་ནི་ཅི་ལའང་མི་རྟོག་པ། །མ་བཅོས་པ་དེ་རྣལ་མར་ཞོག །ཅེས་སོ། །ཁྱུང་ཆེན་གྱི་དགོངས་པ་སྟེ་དང་པོའོ།། །།ཨཐྎ། ༈ རིག་པའི་ཁུ་༼༢༽བྱུག་གི་དགོངས་པ། རིག་པ་ཀློང་རྡོལ་གླུའི་བསམ་གཏན། ཙནྡན་གོཪྵཱི་ཤའི་ཚལ་དུ་ནམ་གྱི་ཆ་སྟོད་ལ། སྲས་ཐུ་བོ་རཱ་ཛ་ཧསྟི་འདི་སྐད་ལོ། །ཧཱུྃ། ཀུན་གཞི་ཡེ་ནས་མ་བཅོས་དེ་བཞིན་ཆོས་ཀྱི་དབྱིངས། །རང་བྱུང་ཡེ་ཤེས་མཁའ་འདྲ་མཉམ་པ་ཆེན་པོའི་ངང་། །ཚིག་དང་ཡི་གེའི་སྒྲ་ལས་འདས་པ་ཀུན་ཏུ་བཟང་། །སེམས་དང་ཆོས་ཉིད་མཉམ་ཞིང་དབྱེར་མེད་ན། །ལུས་ངག་ཡིད་གསུམ་མཚན་མ་ཅི་བསླད་ཀྱང་། །ཆོས་ཉིད་བྱང་ཆུབ་སེམས་ལ་འགྱུར་མེད་དེ། །རྣམ་རྟོག་སྐྱོན་སྤངས་ཀུན་གཞི་བྱང་ཆུབ་སེམས། །མ་བཅོས་ངང་དུ་བཞག་པ་ལས། །སྒོམ་ཞེས་གུད་ན་མེད་པར་འཁུམས། །སྒྱུ་མའི་ཕུང་པོ་ད་ལྟ་བསྙིལ་བའི་ཕྱིར། །ཀུན་བཟང་ཐུགས་ཀྱི་འོད་ཟེར་ང་ལ་ཤར། །གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ ཞེས་གསུངས། གཞན་ཡང་ཤྲཱི་སེང་ཧས། ཡེ་ཤེས་སྣ་ཚོགས་རང་གསལ་ལ། །མི་གཡོ་དེ་བཞིན་ཉིད་དུ་ཞོག །ཅེས་སོ། །རིག་པའི་ཁུ་བྱུག་གི་དགོངས་པ་སྟེ་གཉིས་པའོ།། །།ཨཐྎ། ༈ ནམ་མཁའ་༼༣༽ ཆེའི་དགོངས་པ། ཡེ་ཤེས་ཀློང་རྡོལ་གླུའི་བསམ་གཏན། མེ་ཏོག་ཨུ་དུམྦཱ་རའི་ཚལ་དུ་ནམ་སྨད་ཀྱི་ཆ་ལ། སྲས་མོ་སཱ་ར་ནིས་འདི་སྐད་ལོ། །ཀུན་གཞི་མ་བཅོས་ཡེ་ནས་ཆོས་ཀྱི་དབྱིངས། །རྒྱུ་དང་རྐྱེན་གྱིས་མ་བསྐྱེད་འཇིག་བྲལ་མེད། །རང་བྱུང་ལྷུན་གྱིས་གྲུབ་པ་བཅོམ་ལྡན་འདས། །རང་བྱུང་ཡུལ་ལས་འདས་པ་རྡོ་རྗེ་སེམས་དཔའི་ཐུགས། །བདག་གི་དགོངས་པ་འདི་ལས་མེད་པར་འཁུམས། །སྒྱུ་མའི་ཕུང་པོ་ད་ལྟ་བསྙིལ་བའི་ཕྱིར། །ཀུན་བཟང་ཐུགས་ཀྱི་གཏེར་ཆེན་བདག་ལ་བབས། །གྷི་ཏ་མ་ཀོ་ལ་ཧོཿ ཞེས་གསུངས། གཞན་ཡང་། འཕགས་པ་ལྷས། རིག་པ་དེ་ཉིད་དངོས་གཞན་མེད། །དེས་ན་རྟོག་མེད་གསལ་བར་བཞག །ཅེས་སོ། །ནམ་མཁའ་ཆེའི་དགོངས་བཅུད་དེ་གསུམ་པའོ།། །།ཨཐྎ། ༈ ཐིག་ལེ་དྲུག་༼༤༽པའི་དགོངས་པ། ནམ་མཁའ་ཀློང་རྡོལ་གླུའི་བསམ་གཏན། སྐྱ་རེངས་དང་པོ་ཤར་ཙམ་ན། རྒྱ་མཚོའི་གཏིང་རུམ་དུ་ཀླུའི་རྒྱལ་པོས་འདི་སྐད་དོ། །མཐའ་དང་དབུས་མེད་ནམ་མཁའ་ལྟ་བུ་ལ། །སྨྲ་བསམ་ཡུལ་ལས་འདས་པ་ཆོས་ཀྱི་སྐུ། །སྲིད་འབྱུང་སྐྱེ་འགྲོ་རྣམ་པར་དག་བྱས་ནས། །མ་བཅོས་རྣམ་པར་དག་པས་ཀུན་གཞི་བྱང་ཆུབ་སེམས། །མ་བཙལ་མཉམ་པར་བཞག་ན་བསྒོམ་པའི་མཆོག །རིག་པ་ཆོས་ཀྱི་དབྱིངས་སུ་མ་བཅོས་ལ། །རྣམ་པར་གྲོལ་བའི་ལམ་མཆོག་གཞན་མེད་དེ། །དུས་གསུམ་བདེ་བར་གཤེགས་པའི་དགོངས་པ་ཉིད། །དཔག་ཅིང་གཞལ་ཡང་འདི་ལས་མེད་པར་མཇལ། །བདག་གི་ཕུང་པོ་གདོས་བཅས་འདི་བསྙིལ་ནས། །ཀུན་བཟང་དབྱེ་བ་མེད་པའི་ས་ལ་མཆི། །གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ ཞེས་གསུངས་སོ། །གཞན་ཡང་མ་ཁོལ་ལུང་བསྟན་ལས། །ཆོས་རྣམས་ཡེ་ནས་སངས་རྒྱས་པས། །གཞན་ལ་རེ་བཙལ་གཉིས་དང་བྲལ། །ཞེས་སོ། །ཐིག་ལེ་དྲུག་པའི་དགོངས་བཅུད་དེ་བཞི་པའོ།། །།ཨཐྎ། ༈ རྩལ་༼༥༽ཆེན་གྱིི་དགོངས་པ། བྱང་སེམས་ཀློང་རྡོལ་གླུའི་བསམ་གཏན། སྐྱ་རེངས་གཉིས་པ་ཤར་ཙམ་ན། རྒྱ་མཚོའི་གླིང་དུ་ཁྱིའི་རྒྱལ་པོ་ཀུ་ཀུ་རཱ་ཛས་འདི་སྐད་ལོ། །ཡེ་ནས་ལྷུན་གྲུབ་ཀུན་ཏུ་བཟང་པོ་དང་། །གསལ་ལ་མི་རྟོག་སྤྲོས་བྲལ་བྱང་ཆུབ་སེམས། །མི་འགྱུར་མི་དམིགས་ཆོས་ཀྱི་དབྱིངས་ཉིད་ལས། །རིག་པ་མི་འགྱུར་མ་བསླད་མཉམ་བཞག་ན། ཅི་ལའང་མི་རྟོག་གང་ལའང་མི་བསམས་ཏེ། །མཆོག་ཏུ་གསང་བའི་རྨད་བྱུང་སེམས་ཉིད་འདི། ། རྣ་བས་ཉན་པ་ལ་སོགས་སྤྱོད་ཡུལ་ཡོད་མ་ཡིན། །ཀུན་གཞི་མི་འགྱུར་དབྱིངས་ཆེན་ལ། །རིག་པ་མི་འགྱུར་མ་ཡེངས་བཞག །སྒོམ་པ་འདི་ལས་མེད་པར་འཁུམས། །ཁམས་གསུམ་རང་སར་གྲོལ་བས་བཙལ་ཞིང་སྒྲུབ་མི་དགོས། །རེ་ཞིང་དོགས་པ་མེད་པས་བདག་ཉིད་སངས་རྒྱས་ཡིན། །གྷི་ཏི་མ་ཀོ་ལ་ཧོཿ ཞེས་གསུངས་སོ། །གཞན་ཡང་། ཨཱརྻ་དེ་བས། བཟང་ངན་བླང་དོར་མེད་པས་ཡེ་ཤེས་ཟང་ཐལ་ཏེ། །ཡེ་ཤེས་ཉིད་ལ་ཉིད་སྤྱོད་གསེར་གླིང་འདྲ། །ཞེས་སོ། །རྩལ་ཆེན་གྱི་དགོངས་བཅུད་དེ་ལྔ་པའོ།། །།ཨཐྎ། ༈ སེམས་༼༦༽སྒོམ་གྱི་དགོངས་པ། དབྱིངས་ཀློང་རྡོལ་གླུའི་བསམ་གཏན། རྒྱན་ཆགས་དཔལ་གྱི་རིའི་ནགས་སུ་སྐྱ་རེངས་གསུམ་པ་ཤར་ཙམ་ན། ནཱ་གརྫུ་ནས་འདི་སྐད་དོ། །སྣང་བ་ཐམས་ཅད་ཡེ་ནས་དབྱིངས་ཆེན་ལ། །རིག་པ་འཕོ་འགྱུར་མེད་པའི་དུར་བཏབ་ནས། །དབྱིངས་ཉིད་མི་འགྱུར་རིག་པ་མི་བསླད་དེ། །མ་ཡེངས་མི་འགྱུར་མཁའ་ལྟར་དག་པ་ལ། །མ་ཡེངས་མ་བཅོས་ཡོངས་ཀྱི་འོད་གསལ་ལས། །སྒོམ་པ་མིང་དུ་བཏགས་པ་གུད་ན་མེད་པར་འཁུམས། །བདག་གི་ཕུང་པོ་གདོས་བཅས་འདི། །དབྱེ་བ་མེད་པའི་ས་ལ་མཆི། །གྷི་ཏ་མ་ཀོ་ལ་ས་ཧོཿ ཞེས་གསུངས། གཞན་ཡང་ཤེལ་ཕྲེང་དཀར་པོ་ཞེས་བྱ་བའི་མན་ངག་ལས། སྣང་སྲིད་ཐམས་ཅད་ཆོས་ཉིད་ཡེ་ནས་ཡིན། །དེས་ན་ཆོས་ཉིད་དེ་ཉིད་དེ་ལ་སྤྱོད། །ཅེས་སོ། །སེམས་སྒོམ་གྱི་དགོངས་བཅུད་དེ་དྲུག་པའོ།། །།ཨཐྎ། ༈ རྨད་༼༧༽བྱུང་གི་དགོངས་པ། འབྱུང་ལྔ་ཡེ་ཤེས་ཀློང་རྡོལ་གླུའི་བསམ་གཏན། དམར་རེངས་དང་པོ་ཤར་ཙམ་ན། རྒྱ་མཚོའི་འགྲམ་དུ་ཁྱིའི་རྒྱལ་པོ་ཕྱི་མས་འདི་སྐད་ལོ། །ཆོས་ཉིད་བྱང་ཆུབ་སེམས་ནི་འབྱུང་བ་ལྔ་ཡིན་ཏེ། །མ་བཅོས་རང་བཞིན་གསལ་བས་མཁའ་ལྟར་གནས། །འགྲོ་བའི་གཟུང་འཛིན་སྲེག་པས་མེ་ལྟར་གནས། །དམིགས་མེད་གདོད་ནས་དག་པས་རླུང་ལྟར་གནས། །གཟུང་འཛིན་སྐྱོན་དང་བྲལ་བས་ཆུ་ལྟར་གནས། །ཅིས་ཀྱང་སྐྱོན་མེད་སྲ་བས་ས་ལྟར་གནས། །འབྱུང་བ་ལྔ་ཉིད་ཡེ་ནས་ཆོས་ཉིད་བྱང་ཆུབ་སེམས། །གདོད་ནས་དག་པས་ནམ་མཁའ་འདྲ་བ་ལ། །དམིགས་པ་མེད་པར་མ་ཡེངས་གནས་པ་ལས། །སྒོམ་པ་འདི་ལྟར་མེད་པར་རྟོགས། །བདག་གི་ཕུང་པོ་གདོས་བཅས་འདི། །དབྱེ་བ་མེད་པའི་ས་ལ་མཆི། །གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ ཞེས་གསུངས་སོ། །གཞན་ཡང་རྡོ་རྗེ་བརྩེགས་པ་ལས། རྣམ་རྟོག་ཡེ་ཤེས་ངང་དུ་གསལ། །དེས་ན་མ་སྤངས་རང་ཞིར་ཞོག །ཅེས་སོ། །རྨད་བྱུང་རྒྱལ་པོའི་དགོངས་བཅུད་དེ་བདུན་པའོ།། །།ཨཐྎ། ༈ ཡིད་༼༨༽བཞིན་ནོར་བུའི་དགོངས་པ། དངོས་གྲུབ་ཀློང་རྡོལ་གླུའི་བསམ་གཏན། དམར་རེངས་གཉིས་པ་ཤར་ཙམ་ན། གནོད་སྦྱིན་མོ་བྱང་ཆུབ་འདི་སྐད་ལོ། །ཆོས་ཉིད་བྱང་ཆུབ་སེམས་ལ་བླང་ཞིང་བལྟ་མེད་དེ། །བལྟ་བའི་གཟུགས་སུ་ཡོངས་ལ་སྣང་། །ཅིས་ཀྱང་བཅོས་སུ་མེད་ལ་དཔྱད་དུ་མེད། །སེམས་ཀྱི་རང་བཞིན་ཅི་ཡང་མི་གནས་ཏེ། །རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ཡིན། །ཇི་ལྟར་ལྷད་ཀྱང་དབྱིངས་ལ་འགྱུར་བ་མེད། །དབྱིངས་ཉིད་རིག་པས་མི་བཙལ་ཏེ། །སེམས་ཉིད་མཁའ་ལྟར་དག་པའི་དངོས། །མ་བཅོས་རང་བཞིན་མེད་པ་ལས། །སྒོམ་པ་འདི་ལས་མེད་པར་བདག་གིས་རྟོགས། །བདག་གི་ཕུང་པོ་གདོས་བཅས་འདི་བསྙིལ་ནས། །ཀུན་བཟང་ཐུགས་ཀྱི་འོད་ཟེར་བདག་ལ་ཤར། །གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ ཞེས་གསུངས་སོ། །གཞན་ཡང་རཱ་ཧུ་ལ་ཆེན་པོས། འཁོར་བ་མ་སྤངས་ངང་གིས་གསལ་བ་ལ། །ཡེ་ཤེས་ཉི་མ་དེ་ཡི་ཚུལ་དུ་འཆར། །ཞེས་སོ། །ཡིད་བཞིན་ནོར་བུའི་དགོངས་བཅུད་དེ་བརྒྱད་པའོ།། །།ཨཐྎ། ༈ རྩེ་མོ་བྱུང་༼༩༽རྒྱལ་གྱི་དགོངས་པ། རྩོལ་མེད་ཀློང་རྡོལ་གླུའི་བསམ་གཏན། ཤིང་ནལ་བྱི་ས་ལའི་རྩར་དམར་རེངས་གསུམ་པ་ཤར་ཙམ་ན། སྨད་འཚོང་མ་བུདྡྷ་མ་ཏི་འདི་སྐད་ལོ། །ཨེ་མ་ཧོ་ཆོས་ཉིད་བྱང་ཆུབ་སེམས། །བརྟག་ཏུ་མེད་དེ་དཔྱད་དུ་མེད། །བཙལ་ཞིང་གཉེན་པོས་བཅོས་སུ་མེད། །སེམས་ལས་སངས་རྒྱས་ལོགས་ན་མེད། །བཙལ་བས་མི་རྙེད་སེམས་ལས་སངས་རྒྱས་མེད། །སེམས་ཀྱི་རང་བཞིན་མ་བཅོས་སངས་རྒྱས་ཡིན། །གདོད་ནས་མ་བཙལ་བྱང་ཆུབ་སྙིང་པོ་ལ། །ཏིང་འཛིན་མ་བསླད་ངང་གིས་གསལ་བ་ལས། །སངས་རྒྱས་དགོངས་པ་འདི་ལས་མེད་པར་འཁུམས། །བདག་གི་ཕུང་པོ་གདོས་བཅས་འདི་བསྙིལ་ནས། །ཀུན་བཟང་ཐུགས་ཀྱི་འོད་ཟེར་བདག་ལ་ཤར། །གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ ཞེས་གསུངས་སོ། །གཞན་ཡང་གུ་རུ་ཆེན་པོས། ཐམས་ཅད་ཡེ་ཤེས་གསལ་བའི་རྒྱན། །དེ་ལྟར་རྟོགས་པས་དག་པ་ཡིན། །ཅེས་སོ། །རྩེ་མོ་བྱུང་རྒྱལ་གྱི་དགོངས་བཅུད་དེ་དགུ་པའོ།། །།ཨཐྎ། ༈ སྤྱི་གཅོད་ཀྱི་དགོངས་༼༡༠༽པ། གསང་བ་ཀློང་རྡོལ་གླུའི་བསམ་གཏན། ཤིང་ནྱ་གྲོ་དྷའི་རྩ་བར་སྲོད་ཐུན་ལ་འཇམ་དཔལ་བཤེས་གཉེན་ཕྱི་མ་འདི་སྐད་ལོ། །ཀུན་གཞི་ཡངས་པའི་དབྱེ་ཐང་ལ། །དག་པའི་ཀློང་ནས་ཉི་མ་ཤར། །ཤར་བའི་དུས་ན་ནུབ་པ་མེད། །ཤར་ནས་མ་བཅོས་གསལ་བ་ལས། །སངས་རྒྱས་ཆོས་ཉིད་སྔ་ཕྱི་གསུམ། །གང་དུ་བཙལ་ཡང་རྙེད་ཐབས་མེད། །ཀུན་གཞི་ཡངས་པའི་ཆོས་ཉིད་ལ། །རིག་པ་ཡེ་ཤེས་ཅི་ཤར་བ། །མ་བཅོས་ནུབ་པ་མེད་པ་ལས། །སྒོམ་དུ་འདི་ལས་མེད་པར་འཁུམས། །མྱོང་ན་སེམས་ཀྱི་བདུད་རྩི་མྱོང་། །བལྟ་ན་རིག་པའི་ཡེ་ཤེས་ལྟོས། །པདྨ་ཀོ་ལ་ཤ་ཨ་ཧོཿ ཞེས་གསུངས་སོ། །གཞན་ཡང་། ལུང་ཕྱི་མ་ལས། ཉམས་སུ་མྱོང་བའི་བདེ་ཆེན་ནི། །ཐམས་ཅད་གསལ་བ་ཞེ་ཕུག་ཡིན། །ཅེས་སོ། །རྫོགས་པ་སྤྱི་གཅོད་ཀྱི་དགོངས་བཅུད་དེ་བཅུ་པའོ།། །།ཨཐྎ། ༈ སྤྱི་ཆིངས་༼༡༡༽ཀྱི་དགོངས་པ། ནམ་མཁའ་ཀློང་རྡོལ་གླུའི་བསམ་གཏན། དཔག་བསམ་ཤིང་གི་གྲིབ་མ་ལ། ཐོ་རེངས་ཁར་ཨཱརྻ་པ་ལོ་འདི་སྐད་ལོ། །བྱང་ཆུབ་སེམས་ནི་ནམ་མཁའ་ལྟ་བུའི་ཀློང་། །གསལ་ལ་རྟོག་པ་མེད་པའི་ཡེ་ཤེས་ནི། །ཕྱི་དང་ནང་མེད་ཀུན་ལ་གསལ་བར་སྣང་། །གདོད་ནས་དག་པ་ནམ་མཁའི་ཀློང་འདྲ་ལ། །རྣམ་རྟོག་བསྲེག་པའི་ཡེ་ཤེས་མངོན་ཤར་བས། །སྐྱེ་འགག་ཡངས་དོག་རང་བཞིན་མེད་པ་ལས། །སངས་རྒྱས་དགོངས་པ་འདི་ལས་མེད་པར་མཇལ། །ཟ་ན་སེམས་ཉིད་བདུད་རྩི་ཟོ། །གོན་ན་ཆོས་ཉིད་གོས་སུ་གྱོན། །ཨེ་མ་ཀོ་ལ་ཤ་ཨ་ཧོཿ ཞེས་གསུངས་སོ། །གཞན་ཡང་། ལུང་གི་རྒྱལ་པོ་ལས། སེམས་ཀྱི་དེ་ཉིད་མ་བཅོས་གསལ། །དེ་ལྟར་ཡིན་པས་རྟོག་པ་མེད། །ཅེས་སོ། །སྤྱི་ཆིངས་ཀྱི་དགོངས་བཅུད་དེ་བཅུ་གཅིག་པའོ།། །།ཨཐྎ། ༈ བདེ་བའི་འཕྲ་༼༡༢༽བཀོད་ཀྱི་དགོངས་པ། ཕྲིན་ལས་ཀློང་རྡོལ་གླུའི་བསམ་གཏན། རིན་པོ་ཆེའི་གླིང་དུ་ནམ་གུང་ཡོལ་ལ། ཨོ་རྒྱན་གྱི་མཁན་པོ་དྷ་ཧེ་འདི་སྐད་ལོ། །སེམས་ཉིད་སངས་རྒྱས་ཡིན་པ་ལས། །སེམས་ལས་སངས་རྒྱས་ལོགས་ན་མེད། །སེམས་ཉིད་ཡེ་ནས་སངས་རྒྱས་ཡིན་པ་ལས། །རིག་པ་མི་འགྱུར་རང་བཞིན་མེད་པ་འདི། །ཟབ་མོའི་ཆོས་དབྱིངས་མི་བརྗེད་དོན་དམ་གསལ། །རྒྱ་མཚོ་ཆེ་ལྟར་ཆོས་དབྱིངས་ཟབ་མོ་ལས། །རིག་པ་མི་འགྱུར་བཟོད་ཅིང་ནང་ནས་འཆར། །ཀུན་གཞི་གཏན་ནས་སྦྱོང་བའི་ཉི་ཆེན་པོ། །མཁའ་ལྟར་དག་པས་ཡོངས་ལ་ཁྱབ་པར་བརྡལ། །ཆོས་ཉིད་ཡེ་ནས་དག་པས་སྤྱད་དུ་མེད་པ་ལ། །རིག་པ་མི་འགྱུར་གདོད་ནས་གསལ་བར་གནས། །ཕྱིན་ཅི་ལོག་གིས་མ་ལྷད་གསལ་བར་གནས། །བདེ་བར་གཤེགས་པའི་དགོངས་པ་འདི་ལས་མེད་པར་མཇལ། །ཆོས་ཉིད་ནམ་མཁའ་ཆེན་པོ་ལ། །རྣལ་འབྱོར་ཁྱུང་ཆེན་གཤོག་པ་ལྡིང་། །ཀརྨ་ཀོ་ལ་ཤ་ཨ་ཧོཿ ཞེས་གསུངས་སོ། །གཞན་ཡང་། རྒྱ་ལུང་ཆེན་མོ་ལས། སེམས་ཉིད་མི་རྟོག་ནམ་མཁའི་ངང་དུ་གནས། །དེས་ན་མ་བཅོས་རྟོག་མེད་ངང་དུ་ཤར། །ཞེས་སོ། །བདེ་བ་འཕྲ་བཀོད་ཀྱི་དགོངས་བཅུད་དེ་བཅུ་གཉིས་པའོ།། །།ཨཐྎ། ༈ སྲོག་གི་འཁོར་ལོའི་དགོངས་པ་༼༡༣༽། རང་བྱུང་ཀློང་རྡོལ་གླུའི་བསམ་གཏན། ནྱ་གྲོ་དྷའི་དགོན་པར་སྲོད་ཡོལ་གྱི་དུས་སུ། དྲང་སྲོང་བྷི་ཤ་ཏི་འདི་སྐད་ལོ། །མ་བཅོས་མཁའ་ལ་གཟའ་སྐར་ཀུན་འཕྱོ་བས། གདོད་ནས་དག་པས་མཁའ་ནི་མི་བརྗོད་དེ། །བྱང་ཆུབ་སེམས་ནི་མཁའ་ལྟར་དག་པ་ལ། །མཚན་མའི་རྣམ་རྟོག་སྒྱུ་མས་ཅི་བསླད་ཀྱང་། །རྣལ་འབྱོར་སེམས་ཉིད་དབྱིངས་ལ་འཕོ་འགྱུར་མེད། །ཆོས་དབྱིངས་བརྡལ་བ་ཆེན་པོའི་དཀྱིལ་འཁོར་ལ། །རིག་པ་ཡེ་ཤེས་དུར་ས་བཏབ་པ་ནི། །གསང་བའི་འོད་ཀྱི་དཀྱིལ་འཁོར་གསལ་བར་འཆར། །ཤར་བ་ཉིད་ཀྱི་དོན་དེ་མ་ཡེངས་ལས། །སངས་རྒྱས་རྣམས་ལ་དགོངས་པ་འདི་ལས་མེད། །རིག་པ་ཡེ་ཤེས་རླུང་ཆེན་གྱིས། །རྣམ་པར་རྟོག་པའི་མུན་པ་གཡེངས། །ཨ་ཀ་ཤ་ཀོ་ལ་མ་དྷ་ཨ་ཧོཿ ཞེས་གསུངས་སོ། །གཞན་ཡང་། ཀློང་ཆེན་འཁྱིལ་བ་ཞེས་བྱ་བའི་མན་ངག་ལས། སེམས་ལ་ཐམས་ཅད་རྫོགས་པས་ལྷུན་གྲུབ་སྟེ། །བཅོས་བསླད་དགག་སྒྲུབ་མེད་པ་ཡེ་ཤེས་གསལ། །ཅེས་སོ། །སྲོག་གི་འཁོར་ལོའི་དགོངས་བཅུད་དེ་བཅུ་གསུམ་པའོ།། །།ཨཐྎ། ༈ རིན་ཆེན་༼༡༤༽ཀུན་འདུས་ཀྱི་དགོངས་པ། སྐྱེ་མེད་ཀློང་རྡོལ་གླུའི་བསམ་གཏན། རྒྱལ་བའི་དགོན་གནས་སུ་ནམ་སྨད་ལ་སྲས་མོ་གོ་མ་དེ་བཱི་འདི་སྐད་ལོ། །སངས་རྒྱས་ཀུན་གྱི་ཐུགས་ཉིད་ཡི་གེ་ཨ་ཡིན་ཏེ། །ཨ་ཡི་རང་བཞིན་ཡེ་ནས་དངོས་པོ་མེད། །བདེ་གཤེགས་ཀུན་གྱི་འབྱུང་གནས་ཨ་ཡིན་ཏེ། །བདེན་གཉིས་ལ་སོགས་སྣང་སྲིད་ཅིར་ཡང་སྣང་། །ཨ་ཡི་དངོས་གཞི་ཡེ་ནས་བྱང་ཆུབ་སེམས། །འཕོ་འགྱུར་འདུ་འབྲལ་བརྟགས་ནས་སངས་རྒྱས་ཏེ། །སྨྲ་བསམ་ཡུལ་ལས་འདས་པའི་བྱང་ཆུབ་དབྱིངས་ཉིད་ལ། །ཨ་ལྟར་སྐྱེ་བ་མེད་པའི་བྱང་ཆུབ་སེམས། །མ་བཅོས་མ་ཡེངས་མཉམ་པར་བཞག་པ་ལས། །བདག་གི་དགོངས་པ་འདི་ལས་མེད་པར་མཇལ། །ཆོས་ཉིད་དབྱེ་ཐང་ཆེན་པོ་ལ། །རིག་པའི་ཡེ་ཤེས་རྟ་ཕོ་རྒྱུག །ཀ་པ་ལ་ཀ་མ་པ་ཤ་ཨ་ཧོཿ ཞེས་གསུངས་སོ། །གཞན་ཡང་། བདུད་རྩི་འཁྱིལ་བ་ལས། ཐམས་ཅད་ཉིད་དུ་མེད་པའི་བྱང་ཆུབ་སེམས། །ཡིན་པར་བདག་ཅག་རྣམས་ཀྱིས་རྟོགས། །ཞེས་སོ། །རིན་ཆེན་ཀུན་འདུས་ཀྱི་དགོངས་བཅུད་དེ་བཅུ་བཞི་པའོ།། །།ཨཐྎ། ༈ སྐྱེ་མེད་༼༡༥༽རང་རིག་གི་དགོངས་པ། ཆོས་སྐུ་ཀློང་རྡོལ་གླུའི་བསམ་གཏན། ཙནྡན་སྡོང་པོའི་རྩར་གུང་ཐུན་ལ། ཁ་ཆེའི་རྒྱལ་པོ་རབ་སྣང་འདི་སྐད་ལོ། །བྱང་ཆུབ་སེམས་ནི་ཡེ་ནས་ཆོས་ཀྱི་སྐུ། །མཁའ་དང་འདྲ་བར་ཀུན་ལ་ཁྱབ་པར་སྣང་། །སྣང་བ་ཉིད་ཀྱང་སྟོང་པ་སྟེ། །སྟོང་པའི་ཆོ་འཕྲུལ་ཅི་སྣང་བ། །བསམ་དུ་རྡུལ་ཙམ་མེད་པ་ལ། །བརྗོད་བྲལ་མེད་པར་མ་ཡེངས་ཞོག །ཆོས་ཉིད་སེམས་ཀྱི་བདུད་རྩི་ཡིས། །ཁམས་གསུམ་འགྲོ་བའི་ནད་པ་གསོས། །ཀ་ལ་པ་ཀོ་ཤ་ཨ་ཧོཿ ཞེས་གསུངས། གཞན་ཡང་། གླང་པོ་རབ་འབོགས་ལས། གཉིས་མེད་བདེ་ཆེན་ངང་གིས་གསལ། །དེ་བཞིན་མ་བཅོས་རྣལ་མར་ཞོག །ཅེས་སོ། །སྐྱེ་མེད་རང་རིག་གི་དགོངས་བཅུད་དེ་བཅོ་ལྔ་པའོ།། །།ཨཐྎ། ༈ བདེ་བ་རབ་༼༡༦༽འབྱམས་ཀྱི་དགོངས་པ། སྐུ་གསུམ་ཀློང་རྡོལ་གླུའི་བསམ་གཏན། གྲོང་ཁྱེར་དཔལ་ཡོན་དུ་སྲོད་ཀྱི་དུས་སུ་རྒྱལ་པོ་དེ་བ་རཱ་ཛ་འདི་སྐད་ལོ། །སྣང་སྲིད་ཆོས་རྣམས་མངོན་དུ་ལྟོས་པ་རྣམས། །ཡང་དག་ཉིད་དུ་བཅོམ་པར་བྱ། །སྣང་སྲིད་ཐམས་ཅད་ཡེ་ནས་ཀུན་ཏུ་བཟང་པོའི་ངང་། །འདི་ལས་གཞན་མེད་མ་ཡེངས་མཉམ་བཞག་པས། །བསྒོམ་པར་བྱ་བ་འདི་ལས་མེད་པར་རྟོགས། །ལུས་ནི་སྒྱུ་མའི་ཕུང་པོ་མིང་ཙམ་སྟེ། །སེམས་ནི་ཡེ་ཤེས་ཆེན་པོར་སོན། །ཙནྡྲ་དེ་བ་ཀོ་ས་ལ་ཨ་ཧོཿ ཞེས་གསུངས་སོ། །གཞན་ཡང་། དྲི་མེད་བཤེས་གཉེན་གྱི་མན་ངག་ལས། །དུག་ལྔ་ཡེ་ཤེས་ལྔ་རུ་གསལ། །དེ་ལྟར་རྟོགས་ན་རིག་མཆོག་ཡིན། །ཞེས་སོ། །བདེ་བ་རབ་འབྱམས་ཀྱི་དགོངས་བཅུད་དེ་བཅུ་དྲུག་པའོ།། །།ཨཐྎ། ༈ ནམ་མཁའ་༼༡༧༽རྒྱལ་པོའི་དགོངས་པ། གྲོལ་བ་ཀློང་རྡོལ་གླུའི་བསམ་གཏན། མེ་ཏོག་གི་ཚལ་དུ་ནམ་གྱི་ཆ་སྟོད་ལ། དྷརྨ་རཱ་ཛ་འདི་སྐད་དོ། །སེམས་ཀྱི་རང་བཞིན་ཡེ་ནས་མཛོད་ཆེན་ལས། །གང་ལྟར་རྟོགས་ཤིང་ཇི་ལྟར་སྣང་བ་ཀུན། །འབྱུང་འཇུག་འབྱུང་བ་མེད་ན་ཀུན་ཏུ་བཟང་། །གཉིས་སུ་མེད་པའི་རིག་པ་དེ། །ཀུན་ཏུ་བཟང་པོའི་སེམས་ལ་གནས། ། རིག་པའི་དབྱིངས་ལས་མ་བསླད་པས། །སྒོམ་ཞིང་གནས་པ་འདི་ལ་མེད། །ཀྱེ་མ་མ་རྟོགས་སྙིང་རེ་རྗེ། །བདག་ཉིད་རང་སར་གྲོལ་བ་ཨ་ལ་ལ། །དྷོ་ཧ་ཀོ་པ་ཤ་ཨ་ཧོཿ ཞེས་གསུངས་སོ། །གཞན་ཡང་། འཕགས་པ་དྲང་སྲོང་མིག་གི་མན་ངག་ལས། མ་ཡེངས་རྩེ་གཅིག་བསམ་དང་བྲལ། །དེས་ན་ཡེ་ཤེས་ཟང་ཐལ་ཡིན། །ཅེས་སོ། །ནམ་མཁའ་རྒྱལ་པོའི་དགོངས་བཅུད་དེ་བཅུ་བདུན་པའོ།། །།ཨཐྎ། ༈ རྗེ་བཙུན་དམ་༼༡༨༽པའི་དགོངས་པ། ཤེས་རབ་ཀློང་རྡོལ་གླུའི་བསམ་གཏན། དབེན་པ་ཆེན་པོའི་གནས་སུ་བུདྡྷ་གུཔྟ་འདི་སྐད་ལོ། །ཆོས་རྣམས་ཐམས་ཅད་མ་བཅོས་ཀུན་ཏུ་བཟང་པོ་ལ། །གསལ་ལ་འགྱུར་བ་མེད་པ་བྱང་སེམས་ངང་དེ་ལ། །མཚན་མའི་རྣམ་པར་རྟོག་པས་མ་བསླད་དེ། །རྣམ་རྟོག་རང་བྱུང་རང་ཞིར་གནས་པ་ལས། །སྒོམ་པ་འདི་ལས་གུད་ན་མེད་པར་འཁུམས། །སེམས་ཀྱི་མེ་ལོང་མ་བལྟས་ན། །རྣམ་རྟོག་དྲི་མས་གོས་ཏ་རེ། །པྲཛྙཱ་ཀོ་ས་ལ་ཨ་ཧོཿ ཞེས་གསུངས་སོ། །གཞན་ཡང་། སྒོམ་ལུང་ཆེན་མོ་ལས། བཅོས་བསླད་མེད་པར་ཀ་ནས་དག་པ་ལ། །གཉིས་སུ་འཛིན་པ་ཡང་ཡེ་ངང་གིས་མེད། །ཅེས་སོ། །རྗེ་བཙུན་དམ་པའི་དགོངས་བཅུད་དེ་བཅོ་བརྒྱད་པའོ།། །།ཨཐྎ། ༈ སེམས་༼༡༩༽སྡེ་སྤྱིའི་དགོངས་པ། རིིན་པོ་ཆེ་ཀློང་རྡོལ་གླུའི་བསམ་གཏན། །ཤྲཱི་སིདྷས་བསམ་གཏན་གྱི་ཁང་པར་ཚོགས་ཀྱི་མཆོད་པའི་དུས་སུ་བླངས་པ་འདི་སྐད་ལོ། །ཇི་ལྟར་བསམ་ཀྱང་སྒོམ་དུ་མེད། །ཇི་ལྟར་སྨྲས་ཀྱང་དཔྱད་དུ་མེད། །ཡེ་ཤེས་ཆེན་པོའི་དབྱིངས་ཉིད་ལས། །བཙལ་བ་མེད་པར་འོད་ཤར་ཏེ། །བསམ་དུ་མེད་པའི་ཆོས་ཉིད་ལ། །ཡེངས་པ་མེད་པར་མཉམ་པར་བཞག །སྒོམ་པ་འདི་ལས་མེད་པར་འཁུམས། །རིག་པ་ཡེ་ཤེས་མདུང་རྩེ་ཡིས། །རྣམ་རྟོག་དགྲ་བོ་རྡུལ་དུ་རློག །རཏྣ་ཀོ་ས་ལ་ཨ་ཧོཿ ཞེས་གསུངས་སོ། །སེམས་སྡེ་སྤྱིའི་དགོངས་བཅུད་དེ་བཅུ་དགུ་པའོ།། །།ཨཐྎ། རྫོགས་པ་ཆེན་པོ་སེམས་སྡེ་བཅོ་བརྒྱད་ཀྱི་དགོངས་བཅུད་རིག་འཛིན་གྲུབ་ཐོབ་རྣམས་ཀྱིས་རྡོ་རྗེའི་གླུར་བཞེངས་པ་རྫོགས་སོ། །ཤུབྷཾ།། །། རྫོགས་པ་ཆེན་པོ་སེམས་སྡེ་སྤྱིའི་སྙིང་པོའི་བསྟན་བཅོས་བྱང་ཆུབ་སེམས་བསྒོམ་པ་རྡོ་ལ་གསེར་ཞུན་ཞེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་བྷཱ་བ་ནོ་པ་ལ་སུ་ཝརྞྞ་དྲུ་ཏ། བོད་སྐད་དུ། བྱང་ཆུབ་སེམས་བསྒོམ་པ་རྡོ་ལ་གསེར་ཞུན། བཅོམ་ལྡན་འདས་དབྱིངས་གསུམ་རྣམ་པར་དག་པའི་ངང་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་བསྒོམ་པ་འདི་ལ་སྤྱི་དོན་བཅུ་གཉིས་ལས། དང་པོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་སྔོན་དུ་འགྲོ་བས་རྩོམ་པ་ལ་འཇུག་པ་ནི། བདག་མེད་གཉིས་ཉིད་བདེ་གཤེགས་མི་རྟོག་ཡེ་ཤེས་ཆོས་དབྱིངས་སྐུ་བརྙེས་པ། །ཀུན་གྱི་རང་བཞིན་ཞི་བ་འདི་ལ་བསལ་ཞིང་བླ་མེད་ལམ་མཆོག་སྟེ། །མི་ལྡོག་པ་ལ་སོགས་ཏེ་དབང་བཅུ་རྒྱལ་བ་ཀུན་དང་གཅིག་བརྙེས་པས། །གནས་གསུམ་མཉམ་ཉིད་དེ་ལ་མཚན་མེད་ཡིད་ཀྱིས་རབ་ཏུ་དད་པས་མོས། །སྤྱི་དོན་གཉིས་པ་ཅིའི་ཕྱིར་རྟོགས་པར་བྱ་བའིི་ཕན་ཡོན་དང་ཆེ་བ་ལས། དང་པོ་ཕན་ཡོན་ལ་གསུམ། རྒྱུར་གནས་པའི་ཕན་ཡོན། སྟོན་པ་འཇིག་རྟེན་སྒྲོན་མར་༡གྱུར་པ་ཀུན་གྱིས་མཚུངས་པར་རབ་བསྔགས་པ། །ཆོས་ལ་ཆོས་ཀྱི་སྙིང་པོར་གྱུར་པ་འཇམ་དཔལ་གཞོན་ནུའི་སྙིང་པོ་ཉིད། །བདེ་བཤེགས་མ་ལུས་ཡུམ་དུ་གྱུར་པའི་རྒྱལ་བ་ཀུན་གྱི་ལམ་གཅིག་པུ། །ཚུལ་ཁྲིམས་ལ་སོགས་ཕ་རོལ་ཕྱིན་ལམ་སྤྱོད་པ་རྒྱ་མཚོའི་གཞིར་གྱུར་པ། །མངོན་གྱུར་འབྲས་བུའི་ཕན་ཡོན། རྣམ་༢དག་བྱང་ཆུབ་སེམས་ཀྱི་ངང་ཚུལ་སྒོམ་དང་ཡོན་ཏན་ཁྱད་པར་ནི། །བློ་ལྡན་ནམ་ཞིག་སེམས་ཀྱི་དམ་པ་དེ་ནི་མངོན་དུ་གྱུར་པ་ན། །དེ་ལ་སྐུ་གསུམ་མཆོག་ཏུ་གྱུར་པས་ཆོས་ཀྱི་སྐུ་ཞེས་རྒྱལ་བས་གསུངས། །ཤེས་བྱེད་དམ་པར་གྱུར་པས་ཤེས་རབ་སྤྱན་ཞེས་ཀྱང་ནི་དེ་ལ་བྱ། །རྡོ་རྗེ་རྩེ་མོ་མཆོག་ཉིད་མི་རྟོག་ཡེ་ཤེས་དེ་ཡང་དེ་ཉིད་དོ། །རྣམ་པར་གྲོལ་བའི་འབྲས་བུ་ཐམས་ཅད་ཀྱི་མཆོག་ཏུ་བསྟན་པའོ། །ཇི་སྙེད་༣འཕགས་པའི་རྣམ་གྲོལ་ཆོས་སུ་བསྙད་པ་དེ་དག་ཐམས་ཅད་ཀྱང་། །བྱང་ཆུབ་སེམས་ཉིད་རྫོགས་ལས་དེ་ཡི་ཡོན་ཏན་དེ་ལས་དེ་དག་བྱུང་། །གཉིས་པ་ཆེ་བ་བསྟན་པ་ནི། འཕགས་པའི་རིགས་ཆེན་འཆི་མེད་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་། །དེ་མེད་མི་འབྱུང་དེ་ཕྱིར་དེ་ནི་རྣམ་གྲོལ་མཆོག་གི་ལམ་ཉིད་དོ། །སྤྱི་དོན་གསུམ་པ་ཅི་ཞིག་རྟོགས་པར་བྱ་བ་ནི། དེས་ན་ཀུན་ཏུ་རྡོ་རྗེ་སེམས་དཔའ་ཅི་འདྲར་བསྒོམ་པར་བྱ་བ་འགྱུར། །ཕྲ་ཞིང་ཤེས་དཀའི་དྲང་སྲོང་ཆེན་པོའི་ལམ་འདི་མི་རྟོག་རྟོག་ལས་འདས། །བརྟག་པར་དཀའ་ཞིང་བསྟན་པར་དཀའ་ལ་བརྗོད་པའི་ཐ་སྙད་རྣམས་དང་བྲལ། །ཚིག་གིས་མི་ཕེབས་གཞན་དང་བྱིས་པ་ཀུན་གྱི་སྤྱོད་ཡུལ་མ་ཡིན་ཡང་། །སྤྱི་དོན་བཞི་པ་ཐབས་གང་གིས་རྟོགས་པར་བྱེད་པ་ནི། སྟོན་པ་ངེས་པའི་ལུང་དང་བླ་མ་རྣམས་ཀྱི་མན་ངག་དོན་འདིར་བསྟན་། །མངོན་སུམ་ལ་སོགས་རྒྱུ་ཡི་དངོས་པོ་འཇིག་ཅིང་གྲུབ་པའི་མཐའ་དཔྱོད་པ། །དེ་ཉིད་རྟོག་པའི་རྒྱུན་འབྲངས་སྤྱོད་ཡུལ་ཚད་མར་བཞག་ནས་བློས་འཇིག་བྱེད། །རྟོག་མཐའ་མེད་ཕྱིར་དཔྱོད་མཐའ་མེད་དེ་སྙིང་པོ་མེད་ན་ཚད་མ་གང་། །དེ་ཕྱིར་འཇིག་རྟེན་བརྟག་པའི་ཐ་སྙད་རྣལ་འབྱོར་ལམ་འདིར་མི་དགོས་སོ། །སྤྱི་དོན་ལྔ་པ་གང་བརྟགས་ཏེ་རྟོགས་པར་བྱ་བ་ལ་གཉིས། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་དངོས་པོ་ལ་བརྟགས་པའོ། །དང་པོ་ལ་གཉིས། ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཡིན་པར་བརྟགས་པ་ནི། དངོས་པོ་མཐའ་ཡི་རྒྱུ་ནི་ལོ་རྒྱུས་དག་ལས་ལམ་འདིར་བརྟགས་པར་བྱ། །སྐྱེ་བོ་ཀུན་གྱི་སེམས་ལ་མངོན་སྣང་ཕྱི་ནང་གྲགས་པའི་ཆོས་འདི་ནི། །འཛིན་པ་དྲུག་གིས་ཇི་ལྟར་མཐོང་ཞིང་བརྟགས་པ་དེ་ལྟར་མ་ཡིན་འཁྲུལ། །རང་གི་རྟོག་པ་མྱོང་ཞིང་གཟུང་བ་དེ་བཞིན་བདེན་པར་གྱུར་ན་ནི། །དེ་དག་དངོས་པོ་མེད་རྟོག་དགྲ་བཅོམ་འདྲ་བར་གྲོལ་བར་འགྱུར་བའི་རིགས། །དེ་དག་དུས་དགྲས་འཇོམས་དང་སྡུག་བསྔལ་ཉེས་ལས་ངེས་འཁྲུལ་མངོན་པར་འགྱུར། །གཞན་དུ་སྐྱེ་མཆེད་སྒོ་ནས་རིག་པ་དེ་དག་ཚད་མར་གྱུར་ན་ནི། །དེ་དག་ཚད་མར་གྱུར་པས་འཕགས་པའི་ལམ་དེ་སུ་ལའང་དགོས་མི་འགྱུར། །ལམ་དེ་རྣམ་གྲོལ་ལམ་དུ་བསྟན་ཅིང་དབང་པོའི་ཤེས་པས་མི་ཐར་ཏེ། །སྡུག་བསྔལ་འགའ་ཡང་མི་འཇིལ་རྣམ་རིག་ཤེས་དེ་ཉོན་མོངས་འབྱུང་བའི་གནས། །དེ་ཕྱིར་སྐྱེ་བོས་མཐོང་བ་དེ་དག་འཁྲུལ་པར་མངོན་ཞེས་རྒྱལ་བས་གསུངས། །གཉིས་པ་འཁྲུལ་པར་སྣང་བ་བརྟགས་པ་ལ་དགུ། འཁྲུལ་པ་གང་སྣང་བ་དང་། དེས་༡ན་དེ་ལ་འདི་དག་འཁྲུལ་པའི་དབང་གིས་ཇི་ལྟར་སྣང་བར་འགྱུར། །ཀུན་ཏུ་རྟོག་ཅན་ཡང་དག་མ་ཡིན་ཀུན་ཏུ་རྟོག་པ་བཅོམ་མེད་ཉམས། །བློ་གྲོས་ཕྱིན་ཅི་ལོག་ཏུ་གྱུར་ཅིང་མ་རིག་རྐྱེན་གྱི་དབང་སོང་བས། །སེམས་དང་སེམས་ལས་བྱུང་བ་དེ་ཉིད་ལུས་གསུམ་དོན་དུ་སྣང་བ་ཡིན། །འདུ་བྱེད་སྣ་ཚོགས་དག་གིས་བག་ཆགས་བསགས་ལ་གང་གོམས་མཐུ་བརྟས་ཚེ། །སེམས་ཉིད་ཡུལ་དང་ཡུལ་འདྲར་སྣང་བ་རུས་པས་གང་བ་བཞིན་དུ་སྣང་། །བག་ཆགས་བསགས་པའི་རྒྱུན་ལས་དམིགས་སྐྱེས་ཡིད་ལ་བརྟགས་པས་བདག་ནི་མེད། །འདུ་བྱེད་མཐུ་ཡིས་བསྒྲིབས་ཤིང་ཕྲ་བ་མ་མཐོང་དེ་ལས་རྣམ་རིག་སྐྱེ། །ཅིའི་ཕྱིར་སྣང་བ་དང་། རྒྱུན་༢དང་བཅས་པའི་སེམས་ཀྱི་མཐུ་ནི་མ་རྟོགས་རྟོག་པའི་རྗེས་འབྲངས་ནས། །དེ་ལ་ཟག་བཅས་རང་བཞིན་རྟོག་པས་བདག་དང་ཆོས་རྣམས་རྒྱས་པར་བྱེད། །བདེན་པར་འབྱུང་བ་ཤིན་ཏུ་ཕྲ་བར་རྒྱུ་བ་དེ་ནི་མ་མཐོང་བས། །བདག་ཏུ་ལྟ་སོགས་མུ་སྟེགས་ལྟ་བ་སྣ་ཚོགས་སྐྱེ་ཞིང་ཐར་པར་རྟོག །སེམས་འདི་ལས་རྣམས་མཐའ་ཡས་གནས་གྱུར་བག་ཆགས་མཐའ་མེད་ངེས་པ་མེད། །བག་ཆགས་བརྟས་ཤིང་སད་པར་བྱེད་པའི་རྐྱེན་ཡང་རྣམ་པ་སྣ་ཚོགས་ཏེ། །རྐྱེན་འགས་བག་ཆགས་འགའ་ཞིག་སྨིན་ནས་མི་ཡི་རྒྱུད་ཀྱི་ལུས་སྣང་ལ། །རྐྱེན་གཞན་དག་གིས་བག་ཆགས་གཞན་སད་བྱས་ཚེ་འགྱུར་པའི་མཐུ་མཐོང་ནས། །དབང་ཕྱུག་ལ་སོགས་བྱེད་པར་འདོད་པའི་ལམ་དེས་མི་ཞི་གྲོལ་མི་འགྱུར། །རྣལ་འབྱོར་ལམ་བསླད་ཐེ་ཚོམ་རྒྱུ་ཡང་རྒྱུན་འདི་ཕྲ་བ་མ་རྟོགས་ཏེ། །སྣང་བའི་ཉེས་པ་དང་། བདག་༣ཏུ་བརྟགས་པས་ཡོངས་སུ་བསྒྲིབས་ཏེ་འཕགས་པའི་རིགས་དང་རྣམ་པར་བྲལ། །ཆོས་སུ་བརྟགས་པའི་སྡུག་བསྔལ་སྣ་ཚོགས་འབྱུང་ཞིང་ངན་སོང་སྲིད་པར་འགྱུར། །སྣང་བ་ཐམས་ཅད་ཀྱི་གཞི་རྣམ་ཤེས་ཀྱི་མཚན་ཉིད་ཡིན་པར་བསྟན་པ། རྣམ་༤ཤེས་དེ་ཡང་འདུ་བྱེད་རྒྱུན་ལས་མཚན་མ་ཐ་དད་འཛིན་པས་ན། །ལས་ཀྱི་ཁྱད་པར་དག་གིས་བརྒྱད་དུ་སྣང་གིས་རིགས་ལ་དུ་མ་མེད། །སྣ་ཚོགས་སྣང་བ་དེ་དག་ཀུན་གཞི་ལ་ཚུལ་ཇི་ལྟར་སྣང་བ་དང་། དེ་ཕྱིར་༥སེམས་ཀྱི་སྐད་ཅིག་དང་པོ་དེ་ལ་ལུས་དང་ཆོས་ཀུན་གནས། །དེ་ལ་བསམ་པ་ཞེན་ཕྱིར་ཕྱི་མ་དེ་ལ་དེ་འབྱུང་དེ་ལ་སྣང་། །སྣང་བའི་གཞི་སེམས་ཀྱི་ནང་དུ་ཐམས་ཅད་འདུས་པ་དང་། རང་སེམས་༦རྒྱུན་ལས་འཕགས་པ་སྐྱེ་བོའི་ཆོས་ནི་གཞན་ན་ཡོད་མ་ཡིན། །རྒྱུད་དྲུག་རིགས་ལས་དེ་ཡང་སྣ་ཚོགས་དེ་དག་རང་གི་ཏིང་འཛིན་ཏོ། །སེམས་རྒྱུན་དེ་ནི་ཕྱོགས་ཀྱང་ཅུང་ཟད་མེད་པས་དེ་ལའང་རྟེན་མེད་དེ། །དེ་ལ་ཕྱོགས་མེད་ཕྱིར་ན་མཐའ་ཡས་ཞིང་རྣམས་ཐམས་ཅད་བདག་གི་ལུས། །བདག་གི་ལུས་ནི་མཐའ་ཡས་ཞིང་དང་སྐྱེ་བོའི་ལུས་སུ་རབ་སྣང་ཡང་། །སེམས་དང་བག་ཆགས་གཅིག་མིན་མཐའ་དད་མ་ཡིན་བརྟག་པར་རབ་ཏུ་དཀའ། །ཐམས་ཅད་སེམས་ཀྱི་མཚན་ཉིད་ཡིན་ན་རྒྱུ་རྐྱེན་གཞན་ཅིའི་ཕྱིར་སྣང་བ་དང་། འདི་ཀུན་རྟེན་ཅིང་༧འབྲེལ་འབྱུང་ཚུལ་ཏེ་སྐྱེ་དང་འགག་པར་འགྱུར་ཞེས་པ། །ཚིག་པའི་ས་བོན་བཞིན་དུ་མེད་ལས་མེད་པ་མི་འབྱུང་རྒྱུ་འབྲས་མེད། །དངོས་པོར་ཞེན་ཅིང་རྒྱུ་དང་འབྲས་བུ་སོ་སོར་རྟོག་པའི་སེམས་ཉིད་ནི། །སྣང་བའི་དངོས་པོ་མ་གྲུབ་པར་སྟོན་པ་དང་། རྒྱུ་དང་༨རྐྱེན་དུ་སྣང་སྟེ་དེ་གཉིས་མེད་ཕྱིར་སྐྱེ་དང་འཇིག་པ་མེད། །སྐྱེ་འཇིག་མེད་ཕྱིར་བདག་གཞན་མེད་དེ་འཆི་འཕོ་མེད་ཕྱིར་རྟག་ཆད་མེད། །དེས་ན་འཁྲུལ་འཁོར་མེད་ཅིང་མྱ་ངན་འདས་པའང་མེད་པ་ཉིད་དུ་མངོན། །སྣང་བའི་གཞི་སེམས་ཉིད་ཀྱང་མ་གྲུབ་པར་སྟོན་པའོ། །གནས་ཀྱི་སྐད་༩ཅིག་ནམ་ཡང་མི་འབྲལ་དེ་ཚེ་མཉམ་འགྱུར་དེ་མེད་མེད། །ཡང་དག་མ་ཡིན་རྟོག་པས་བསྐྱེད་ཕྱིར་བག་ཆགས་ཡོད་པ་མ་ཡིན་དང་། །སྤྱོད་ཡུལ་མེད་ཕྱིར་ཀུན་གཞི་མེད་ཅིང་རྣམ་རིག་དེ་ཡང་མེད་པ་ཡིན། །ཕྱོགས་རྣམས་མེད་ཕྱིར་དམིགས་དང་གནས་མེད་རྣམ་ཤེས་རིག་པ་ཇི་ལྟར་སྐྱེས། །དེ་ཕྱིར་སེམས་འདི་ཡོད་མེད་མཐའ་ལས་འདས་ཤིང་གཅིག་དང་དུ་མ་བྲལ། །རྣམ་པར་བྱང་བའི་དངོས་པོར་བརྟགས་པ་ལ་གཉིས། རྣམ་པར་བྱང་བ་འཁྲུལ་པ་ཉིད་ལ་སྣང་བར་བསྟན་པ་དང་། བདེ་གཤེགས་བྱང་ཆུབ་མེད་ཕྱིར་དེ་ཡི་རྫུ་འཕྲུལ་སྒྱུ་འདྲར་འཕྲུལ་ལ་སྣང་། །སྣང་བ་དེ་ཉིད་ཀྱང་མ་གྲུབ་པར་བསྟན་པའོ། །འདི་ལ་གཉིས། རྣམ་པར་མི་རྟོག་པའི་ཡེ་ཤེས་མ་གྲུབ་པར་བསྟན་པ་དང་། དེ་བཞིན་དག་པའི་ཡེ་ཤེས་དེ་དག་ཤིན་ཏུ་དགེ་བའི་རྒྱུ་ཉིད་དང་། །ཆོས་ཀྱི་དབྱིངས་ཉིད་ལ་ནི་དེ་དག་དམིགས་ཤིང་སྐྱེ་བར་བརྟགས་པ་ཡང་། །རྡོ་རྗེའི་གནས་མེད་དེ་ཡི་ཕྱིར་ན་མཉམ་གནས་རང་བཞིན་འདྲར་འགྱུར་དང་། །ཆོས་དབྱིངས་རྡོ་རྗེ་རྩེ་མོ་དེ་དག་ཕྱོགས་ཉིད་མེད་པས་སྐད་ཅིག་མིན། །དག་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་མ་གྲུབ་པར་བསྟན་པའོ། །དག་པའི་དགེ་རྩ་གཟུགས་བརྙན་མེད་པས་འཇིག་རྟེན་ཡེ་ཤེས་ཡོད་མི་འགྱུར། །སྤྱི་དོན་དྲུག་པ་སོ་སོར་བརྟགས་ན་ངེས་པའི་དོན་བསྟན་པ་ལ་གསུམ། བསམ་པ་མཉམ་པ། སྤྱོད་པ་མཉམ་པ། དོན་བསྡུས་ཏེ་བསྟན་པའོ། །དང་པོ་ལ་གསུམ། བདེན་པ་གཉིས་སུ་མི་རྟོག་པས་མཉམ་པ་དང་། དེ་ཕྱིར་༡བྱང་ཆུབ་མ་ཆུབ་མཚན་ཉིད་མེད་པར་གཅིག་པས་བླང་དོར་མེད། །དོན་དེའི་ཚུལ་གྱིས་དོན་དམ་རྣམ་གྲངས་སྐྱེ་འགག་མེད་དང་མཉམ་ཉིད་དང་། །གཉིས་མེད་བསམ་འདས་སྟོང་ཉིད་ཆོས་དབྱིངས་བརྗོད་དང་ཐ་སྙད་བྲལ་ལ་སོགས། །བསྟན་པ་དེ་ཀུན་ཐ་སྙད་ཡིན་ཏེ་དོན་དམ་མེད་ཅིང་ཀུན་སྒྲིབ་མེད། །དོན་དམ་ཚུལ་གྱིས་ལམ་ཉིད་འདི་འདྲ་ཞེས་པ་དེ་ཉིད་ཀུན་སྒྲིབ་ཡིན། །སྤང་ཞེན་མེད་པས་བདེན་རྫུན་མཉམ་པ་དང་། ཐེ་ཚོམ་༢ཡོད་མེད་ཆོས་ནི་གང་ལའང་སྤངས་ཤིང་གནས་པར་མི་བྱེད་དོ། །སྒོམ་དང་ཆོས་དབྱིངས་མེད་ཕྱིར་སོམ་ཉི་མེད་ལ་དམ་པར་བལྟ་བའང་མེད། །མཐའ་བཞི་དང་བྲལ་ཞིང་མི་དམིགས་པར་མཉམ་པའོ། །དེ་ལྟར་༣དངོས་པོའི་མཐའ་རྣམས་བརྟགས་པས་རང་བཞིན་སྒྱུ་མ་མེད་འགྱུར་ཕྱིར། །ཡོད་ལ་ལྟོས་པའི་མེད་པ་མེད་དེ་དེ་བཞིན་དེ་མེད་པ་ཡང་མེད། །མཐའ་རྣམས་མེད་ཕྱིར་དབུས་མེད་དབུས་ལའང་གནས་པར་མི་བྱེད་དོ། །གཉིས་པ་སྤྱོད་པ་མཉམ་པ་ནི། གང་ལའང་འཇིག་རྟེན་དབང་ཕྱུག་པདྨ་ཀུན་ཀྱང་མི་སྤོང་འདྲ་མཉམ་གནས། །ཆོས་ལ་འཁྲུལ་བར་མཐོང་བ་དེ་ཉིད་འཁྲུལ་པ་ཡིན་པར་རབ་རྟོགས་ཏེ། །དྲུག་གིས་བསྟན་པའི་བདུད་ཀྱི་ལས་ཀྱང་མི་འདོར་ངན་དུ་མི་རྟོག་གོ། །ཤེས་རབ་ཐབས་ཀྱི་སྤྱོད་པའང་མི་གནས་ཕྱིར་ན་བདུད་རྩི་འདྲ་བར་སྤྱོད། །རང་གི་ཤེས་པ་དམ་པར་བྱས་ཏེ་ཀུན་ལས་རྒྱལ་ཏེ་དེས་བསྙེམས་ནས། །འདོད་ཆགས་ཞེ་སྡང་སྐྱེས་ནས་རྩོད་འབྱུང་གཏི་མུག་ཡིན་ཏེ་དོན་མི་མཐོང་། །གསུམ་པ་དོན་བསྡུས་ནས་བྱང་ཆུབ་སེམས་ཀྱི་མཚན་ཉིད་བསྟན་པ་ནི། ཇི་སྲིད་ཡིད་ཀྱི་གཡོ་བ་དེ་སྲིད་བདུད་ཀྱི་ཡུལ་ཏེ་ཕྲ་བའི་ལམ། །གཡོ་དང་མི་གཡོ་ཐ་སྙད་མི་གནས་གནས་ལའང་གནས་པར་མི་བྱེད་དེ། །སྣང་མེད་དབུ་མའི་ལམ་དེ་བྱང་ཆུབ་སེམས་ཞེས་བདེ་བར་གཤེགས་པས་གསུངས། །སྤྱི་དོན་བདུན་པ་དེ་ལྟར་གཏན་ལ་ཕབས་ནས་ངེས་པའི་དོན་བསྒོམ་པ་ལ་གཉིས། སྒོམ་པའི་མི་མཐུན་ཕྱོགས་བསྟན་པ་དང་། གཟུགས་དང་མཚན་མ་སྟོན་པར་འཛིན་པ་རབ་ཏུ་སྤངས་ནས་སུ། །རྣམ་ཐར་གསུམ་པོ་སྒོམ་པའང་བདུད་ཀྱི་ལས་ཏེ་གཟུགས་ཉིད་སྟོང་པའོ། །འཁོར་བའི་ལམ་གསུམ་སྤངས་ཤིང་མྱ་ངན་འདས་པ་ལམ་བསྒོམ་བྱེད་པའང་བདུད་ཉིད་དེ། །དེ་ཉིད་ཆོས་ཀུན་རང་བཞིན་མ་ཞི་རང་བཞིན་བཙལ་སྤངས་གར་མི་གནས། །འཕགས་པ་ཀུན་གྱི་ཡུལ་དང་གནས་ཀྱང་འདས་སོགས་ལམ་འདི་གཞན་ན་མེད། །སྒོམ་པའི་དོན་མ་ནོར་བར་བསྟན་པའོ། །འདི་ལ་བཞི། སྒོམ་པའི་དོན་མདོར་བསྟན་པ། ལྡང་དང་༡མི་ལྡང་ཆེད་དུ་མི་སྤོང་སེམས་རྟེན་མི་འཆའ་མངོན་དུ་མིན། །ཅིའི་ཕྱིར་སྒོམ་པའི་གཏན་ཚིགས་ཀྱིས་བཤད་པ་དང་། འཇམ་༢དཔལ་མ་ཡིན་རྡུལ་ཙམ་གཡོ་བ་དེ་ཉིད་དེ་ཡིན་དེར་མི་གནས། །སྒོམ་པའི་ས་མི་རྙེད་ཕྱིར་བསྒོམ་པས་འབྲས་བུ་རྙེད་པར་མི་འགྱུར་ཏེ། །སེམས་ཀྱི་སྤྱོད་ཡུལ་ཤེས་པ་དེ་དག་ཆོས་རྣམས་ཀྱི་ནི་ཆོས་ཉིད་ཡིན། །རྣམ་བྲལ་གང་ལའང་མཆོག་དང་ཐ་མ་མེད་པར་ལམ་མཆོག་འདི་སྒོམ་མོ། །འདུ་བྱེད་མ་སྐྱེས་ཆོས་ཀུན་འགྱུར་མེད་ཤིན་ཏུ་ཆོས་རྣམས་མྱ་ངན་འདས། །དངོས་མེད་དེ་ཚེ་ཀུན་ཀྱང་ཆོས་ཀྱི་དབྱིངས་ཤེས་དགྲ་བཅོམ་རབ་འབྱོར་ཡིན། །ནམ་མཁའ་མི་དམིགས་དམིགས་ཙམ་དགེ་དང་མི་དགེ་འབྱེད་མེད་སྐྱེ་བའང་མེད། །གཏན་ཚིགས་ཀྱིས་གྲུབ་པ་ལྟར་བསྒོམ་མོ་ཞེས་རྒྱས་པར་བསྟན་པ་དང་། རྩོལ་བ་༣ ཡིད་ལ་མི་བྱེད་གང་ལའང་སེམས་མེད་ཤེས་དང་མི་ཤེས་བྲལ། །དྲན་དང་འབྱེད་མེད་གང་ལའང་སྤང་ལེན་དགའ་དང་མཚུངས་མེད་མི་དམིགས་ཤིང་། །མཉམ་གནས་གཉིས་སུ་བརྟགས་མེད་བརྗོད་བྲལ་བྱ་དང་མི་བྱ་སོགས་བྲི་མེད། །ཚུལ་བཞིན་སྒོམ་པའི་རྟགས་བསྟན་པའོ། །ཆེད་དུ་༤རྩོལ་བར་ཡིད་ལ་མི་བྱེད་ཅིས་ཀྱང་མི་འཁྲུགས་མཉམ་ཤེས་དང་། །གང་ལའང་ཆགས་དང་ཡུལ་གྱི་མྱོས་སྐྲག་མེད་དེ་མི་འབྲལ་མི་གནས་ཤིང་། །མི་འཕྲོག་མཉམ་ཤེས་བཞི་པོ་ཕྱོགས་དང་ཕ་རོལ་ཕྱིན་རྣམས་དེར་ཤེས་ཏེ། །སེམས་ཀྱི་དབྱིངས་སུ་སྒོམ་པས་ལམ་གྱི་ཕུག་ན་འདུག་པ་དེ་ཡིན་གྱིས། །གཞན་དུ་སྒོམ་པས་འོད་གསལ་དོན་ཉིད་གསལ་ཞིང་རིག་པར་མི་འགྱུར་རོ། །སྤྱི་དོན་བརྒྱད་པ་བརྒྱུད་པའི་ཐབས་ཀྱིིས་ངེས་པའི་དོན་རྟོགས་པར་བྱ་བའི་ཐབས་བསྟན་པ་ནི། བརྡ་ཅན་ཡང་དག་ལེན་པའང་བྱང་ཆུབ་ཡིན་ཞེས་སྟོན་པས་རབ་གསུངས་ཕྱིར། །དེ་ལ་འདི་ནི་བྱང་ཆུབ་སེམས་ཉིད་བསྐྱེད་ཅིང་སྒོམ་པའི་གནས་ཡིན་ཏེ། །ཏིང་འཛིན་གསུམ་པོ་བརྟན་པར་བྱས་ཤིང་རྟགས་ཀྱི་ཕྱག་རྒྱ་གསུམ་བཅིངས་ནས། །ཆོས་ཀྱི་ཕྱག་རྒྱ་ཆེན་པོར་སེམས་ཉིད་བསྐྱེད་དེ་སྙིང་པོ་བརྗོད་ཅིང་བསྒོམ། །སྤྱི་དོན་དགུ་པ་བྱང་ཆུབ་སེམས་ཀྱིས་མ་ཟིན་ན་རྣམ་གྲོལ་མི་ཐོབ་ཅིང་དགེ་བ་ཆུད་ཟ་བར་བསྟན་པ་ནི། རྡོ་རྗེ་སེམས་དཔའ་བསྒོམས་པས་རྣམ་གྲོལ་ལམ་ཀུན་མ་ནོར་སྒོམ་པ་ཡིན། །ཀུན་ཏུ་བཟང་པོའི་སྤྱོད་པས་མ་ཟིན་དག་པའི་ཆོས་ནི་གང་ཡང་རུང་། །ཀུན་ཏུ་བཟང་པོའི་སྤྱོད་པའང་བདུད་ཀྱི་ལས་ཏེ་ཟད་ཅིང་མཐར་ཐུག་འགྱུར། །དེ་དང་ལྡན་པའི་ལས་ནི་བདུད་ཀྱི་ལས་ཀྱང་བྱང་ཆུབ་སྤྱོད་པར་གསུངས། །སྤྱི་དོན་བཅུ་པ་དོན་འདིར་མོས་པ་ཙམ་སྐྱེས་པས་ཀྱང་ཡོན་ཏན་མང་པོ་ཐོབ་པར་བསྟན་པ་ནི། དོན་འདིར་མོས་པ་དེ་ཡང་བྱང་ཆུབ་ཆེ་ཞེས་རྒྱལ་བས་རབ་ཏུ་བསྔགས། །གནས་འདིར་བསྐྱེད་པ་ཙམ་གྱིས་འཇིག་རྟེན་གསུམ་པོ་བླ་མར་བཅས་པ་ཡི། །མཆོད་གནས་ཉན་ཐོས་བདུད་ཀྱི་སྡེ་རྣམས་ཟིལ་གྱིས་གནོན་ཞེས་རྒྱལ་བས་གསུངས། །ཐབས་ཆེན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གསང་བའི་སྤྱོད་པའང་འདི་ཉིད་དེ། །འདི་མིན་རྒྱལ་བ་རྣམ་པར་སྣང་མཛད་ཐེག་པ་གསུམ་སྟོན་མི་སྲིད་དོ། །སྐད་ཅིག་དང་བའི་ཤུགས་བསྐྱེད་དེ་ཡང་མྱུར་དུ་འཇམ་དཔལ་གཞོན་ནུར་གྱུར། །དཀྱིལ་འཁོར་གསང་བར་བཞུགས་ཤིང་ཐེག་ཆེན་དམ་ཚིག་མཆོག་ཀྱང་བསྲུང་བ་ཡིན། །ཚུལ་ཁྲིམས་སྡོམ་པ་ཀུན་ཀྱང་བསྲུངས་ཤིང་སྦྱིན་གནས་དམ་པར་རབ་ཏུ་བསྔགས། །དེ་ཕྱིར་བྱང་ཆུབ་སེམས་ཀྱི་བསོད་ནམས་དེ་ལ་གལ་ཏེ་གཟུགས་ཡོད་ན། །ནམ་མཁའ་བར་སྣང་འདི་ཡང་སྣོད་དུ་ཆུང་ཞེས་རྒྱལ་བས་མཚུངས་པར་གསུངས། །སྤྱི་དོན་བཅུ་གཅིག་པ་ལོག་པར་ཞུགས་པ་རྣམས་སྙིང་རྗེའི་གནས་སུ་བསྟན་པ་ནི། སྐྱེ་བོ་སྐྱེ་བ་སྣ་ཚོགས་དག་ལས་སྐྱེས་ཤིང་སྐྱེ་དང་སྐྱེ་འགྱུར་སྐྱེ་བའི་རྒྱུན་གྱི་དབང་སོང་བས། །རྟོག་མཐའ་མི་ཤེས་རྟོག་པས་བསླུས་ཤིང་རྟོག་པའི་རྒྱུན་འབྲངས་འཁྲུལ་པའི་རྟོག་ལས་ཕྱིར་ལྡོག་མེད་གྱུར་པ། །སྒྱུ་མའི་སྒྱུ་ཤེས་དག་གིས་སྒྱུ་མའི་གླང་པོ་འདྲ་བར་སྒྱུ་མས་རྨོངས་པའི་སྒྱུ་མ་རྣམས། །རྨི་ལམ་གྱིས་བསླད་བཞིན་དུ་རྨི་ཡིས་བདེན་པའང་ཉམས་ཤིང་རྨི་ལམ་དབང་དུ་སོང་བའི་རྨི་ལམ་པ། །ལམ་འདི་སྤངས་ཤིང་མཐའ་དང་ལམ་གཞན་ལམ་དུ་བལྟས་ནས་མ་ནོར་ལམ་ཞེས་སྟོན་པ་དེ། །དེ་དག་རྡོ་ལ་གསེར་བཞིན་ཐུགས་རྗེས་ཀྱེ་མའོ་ཕྲོགས་པ་ཡིན། །ཤིན་ཏུ་མ་སྦྱངས་དུས་ཀྱིས་མནར་བའི་སྐྱེ་བོ་ལྔ་བརྒྱ་ཐ་མ་ལ། །གསུང་རབ་དྲི་མེད་རྟོགས་དཀའ་དག་ལ་སྒྲ་བཞིན་སྤྱོད་དང་ཚུལ་བཞིན་མིན། །རང་གི་བློ་གྲོས་སྟོབས་བཞིན་འཇུག་ལ་སོགས་པ་ལྟ་བ་སྣ་ཚོགས་དག །མི་ཤེས་ཆུ་བོས་གཡེང་ཞིང་གསུང་གི་ཉིང་ཁུ་བདུད་རྩིའི་རྣལ་འབྱོར་བྲལ། །སྤྱི་དོན་བཅུ་གཉིས་པ་བརྩམས་པའི་དགེ་བ་བྱང་ཆུབ་ཏུ་བསྔོ་བ་ནི། དེ་ཕྱིར་རྒྱལ་བས་གསུངས་པའི་ལམ་མཆོག་ཐུགས་ཀྱི་གསང་བ་དམ་པ་འདི། །ཀུན་ཏུ་རྒྱལ་བ་རྣམས་ཀྱི་སྤྱོད་ཡུལ་ཉིད་ལས་ཐུན་མོང་མ་ཡིན་ཡང་། །གོམས་པའི་མཐུ་ཡིས་མི་འགལ་ཚུལ་དུ་ཚད་མ་དག་ལས་རབ་བསྒྲུབས་ཏེ། །འགྲོ་བའིི་དོན་དུ་མི་གཉིས་ལམ་མཆོག་འདི་ནི་རབ་བགྱིས་ཐམས་ཅད་དུ། །མི་མཐུན་ཕྱོགས་ཀྱིས་མི་ཉམས་རྒྱལ་བ་ཀུན་གྱི་ཐུགས་འདིར་རབ་རྒྱས་ཤོག །བྱང་སེམས་སྒོམ་པ་རྡོ་ལ་གསེར་ཞུན་ཞེས་བྱ་བ་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་སིཾ་ཧ་དང་། བོད་ཀྱི་ལོ་ཙཱ་བ་པ་གོར་བཻ་རོ་ཙ་ན་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།འདི་ལ་འགྲེལ་པ་བྱང་ཆུབ་སེམས་སྒོམ་པ་དོན་བཅུ་གཉིས་ཀྱིས་བསྟན་པ་ཞེས་ལེགས་བཤད་ཁྱད་པར་ཅན་ཡོད་པས་ཞིབ་པར་དེ་ཉིད་དུ་རྟོགས་པར་བྱའོ། །མངྒ་ལཾ། དགེའོ།། །།

བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་དོན་ཁྲིད་རིན་ཆེན་གྲུ་བོ། བཻ་རོ་ཙ་ན།

བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་དོན་ཁྲིད་རིན་ཆེན་གྲུ་བོ་ཞེས་བྱ་བ་བཞུགས་སོ། །གདོད་ནས་རབ་ཞི་མཁའ་ལྟར་འདུས་མ་བྱས། །དབྱིངས་དང་ཡེ་ཤེས་གཉིས་མེད་ཆོས་ཀྱི་སྐུ། །ཡོད་མེད་ཕྱོགས་བྲལ་རྒྱ་ཆད་འཕོ་འགྱུར་མེད། །ཐོག་མའི་མགོན་པོ་ཀུན་བྱེད་ཁྱོད་ལ་འདུད། །ཆོས་ཀུན་སྙིང་པོ་སེམས་ཉིད་མངོན་སུམ་ལམ། །མ་བགྲོད་མ་སྦྱངས་ད་ལྟར་མངོན་སངས་རྒྱས། །ལྷུན་རྫོགས་ཀུན་བྱེད་ཐེག་པའི་ཡང་རྩེའི་དོན། །ཁྲིད་དུ་བསྡེབས་ཏེ་ཕྱི་རབས་དོན་ཕྱིར་བཤད། །དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེ་བ་དེས། ཆོས་ཀྱི་སྒོ་དང་ཐེག་པའི་རྣམ་གྲངས་དཔག་ཏུ་མེད་པ་ཞིག་གསུངས་པ་དག་ཀྱང་། གདུལ་བྱའི་དབང་པོ་དང་འཚམས་པར་བསྟན་ལ། ཕལ་ཆེར་དྲང་བའི་དོན་ལ་བསྟན་པ་ཙམ་ལས། ངེས་པའི་དོན་ཕྱོགས་གཅིག་ཏུ་གསུངས་པ་ནི་མེད་དེ། རྩ་བའི་རྒྱུད་ལེའུ་སུམ་ཅུ་གསུམ་པ་ལས། སྐུ་གསུམ་སྟོན་པས་སོ་སོར་བསྟན་པ་ཡང་། །དེ་བཞིན་ཉིད་ལ་དྲང་བའི་ལུང་བསྟན་ཡིན། །ཞེས་པ་དང་། ཕྱི་མའི་རྒྱུད་ལེའུ་དྲུག་ཅུ་རྩ་བཞི་པ་ལས་ཀྱང་། འཁོར་གྱི་དང་པོ་སྟོན་པ་སྐུ་གསུམ་གྱིས། །རང་རང་དགའ་བའི་ལམ་ལ་གཟུད་པའི་ཕྱིར། །ལམ་གྱི་ཁྱད་པར་བགྲོད་དུ་ཡོད་པར་བསྟན། །བློ་ཆུང་བརྒྱུད་ནས་དོན་ལ་འདྲེན་པའི་ཕྱིར། །དྲང་བའི་ལུང་དུ་ང་ཡིས་རྟོགས་པ་ཡིན། །ཞེས་པ་དང་། བཅོས་སུ་མེད་པའི་ལེའུ་ལས། དེ་བཞིན་ཉིད་ལས་འཆོས་པར་བྱེད་པ་ཡིས། །སྟོན་པས་བདེན་ཚུལ་ཇི་ལྟར་བསྟན་པ་དག །ངེས་ལུང་མ་ཡིན་དྲང་ལུང་འབའ་ཞིག་ཡིན། །ཞེས་པས། ཉན་ཐོས་ནས་ཨ་ནུའི་བར་གྱི་ཐེག་པས་སེམས་ཉིད་རང་བྱུང་གི་ཡེ་ཤེས་སུ་འཇུག་པའི་སྒོར་ཕྱིན་པར་བྱེད་པའི་ཐབས་ཙམ་ལས། དེ་ཉིད་དངོས་སུ་རྟོགས་པ་ནི་མ་ཡིན་ཏེ། གོལ་སྒྲིབ་ལས་མི་འདའ་བའི་ཕྱིར་རོ། །འདི་སྐད་དུ། རྩ་བའི་རྒྱུད་ལེའུ་སུམ་ཅུ་རྩ་བརྒྱད་པ་ལས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །འཁོར་གྱི་སྟོན་པ་རྣམ་གསུམ་གྱིས། །བསྟན་པ་གསུམ་ནི་གོལ་སྒྲིབ་སྟེ། །དེ་ཡང་ཇི་ལྟ་བུ་ཞེ་ན། །ངེས་པ་ཐོབ་པའི་ཐེག་པ་དྲུག །རྫོགས་པ་ཆེན་པོའི་གོལ་སར་བསྟན། །ཞེས་སོ། །ཐེག་པ་འོག་མ་དེ་དག་གི་དོན་ལ་གོམས་པར་བྱས་ཀྱང་ཚེ་འདི་ཉིད་ལ་སེམས་ཉིད་ཀུན་བྱེད་ཀྱི་དོན་མི་མཐོང་ཞིང་འགལ་བར་བསྟན་ཏེ། ཕྱི་མའི་རྒྱུད་ཀྱི་སྐྱེ་བ་མེད་པའི་ལེའུ་ལས། ཀྱེ། ཀུན་བྱེད་ང་ཡི་རང་བཞིན་མ་རྟོགས་པར། །སོ་སོར་བསྟན་པའི་ལུང་ལ་ཡིད་འཐད་ཅིང་། །སྐུ་གསུམ་སྟོན་པའི་དོན་ལ་གང་འཇུག་པ། །ཀུན་བྱེད་ང་ཡི་དོན་དང་ཤིན་ཏུ་འགལ། །ཞེས་གསུངས་སོ། །དེ་བས་ངེས་པའི་དོན་འབའ་ཞིག་མངོན་དུ་སྟོན་པའི་ལུང་དུས་གསུམ་རྒྱལ་བས་དུས་གསུམ་དུ་མ་གསུངས་པ་ཉིད། སྟོན་པ་ཀུན་བྱེད་ཀྱིས་གསུངས་ཏེ། ཕྱི་མ་ཕྱི་མའི་རྒྱུད་ལེའུ་བརྒྱད་ཅུ་རྩ་བཞི་པ་ལས། ཀྱེ། ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ། །ཐེག་པའི་རྩ་བ་ཆོས་ཀྱི་སྙིང་པོའི་ལུང་། །སྐུ་གསུམ་སྟོན་པས་མ་གསུངས་རྒྱ་ཆེ་བ། །སྐྱེ་བ་མེད་པ་སྟོན་པའི་སེམས་རྒྱུད་འདི། །དུས་གསུམ་རྒྱལ་བ་སྔ་མས་མ་གསུངས་ཏེ། །ཕྱི་མས་མི་གསུང་ད་ལྟ་སྟོན་མི་མཛད། །ཀུན་བྱེད་རྒྱལ་པོ་འཕོ་འགྱུར་མི་མངའ་བས། །སྔར་ཡང་གསུངས་ཤིང་ཕྱིས་ཀྱང་གསུང་འགྱུར་བ། །ད་ལྟ་བྱུང་བར་གསུངས་པས་སྐལ་ལྡན་ལ། །ངེས་པར་བསྟན་པས་འབད་མེད་གྲོལ་བའི་ལུང་། །མདོ་ལུང་མངོན་དུ་བསྟན་པའི་བཀའ་བརྒྱུད་འདི། །མི་འཕེལ་མི་ནུབ་སྙིང་པོ་འཛིན་པ་ལ། །ཀུན་བྱེད་རྒྱལ་པོ་ངེས་པར་ཁྱོད་ལ་བསྟན། །ཞེས་སོ། །དེ་ལྟ་བུའི་ཀུན་བྱེད་ནི་ཆོས་ཐམས་ཅད་དང་ཐེག་པ་ཀུན་གྱི་སྙིང་པོའི་དོན་གཅིག་ཏུ་འདུས་པ་ཡིན་ཏེ། ཕྱི་མའི་རྒྱུད་ལེའུ་བདུན་ཅུ་རྩ་དགུ་པ་ལས། ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །མ་བཅོས་འཁོར་གྱིི་ནང་དུ་ལུང་བསྟན་པ། །མ་བཅོས་སྙིང་པོའི་ཆོས་ཀུན་རྩ་བ་ལ། །ཇི་ལྟར་སྣང་བ་གཏན་ལ་འབེབས་པར་བྱེད། །སྙིང་པོའི་རང་བཞིན་གཅིག་གི་དོན་རྟོགས་ན། །ཀུན་གྱི་རང་བཞིན་ཀུན་བྱེད་ཉིད་དུ་འདུས། །དེས་ན་ཀུན་བྱེད་ང་ཡི་དོན་མཁས་ན། །བསམ་གྱིས་མི་ཁྱབ་ཆོས་ལ་མཁས་པར་འགྱུར། །ཀུན་བྱེད་ང་ཡི་དོན་ལ་གོམས་གྱུར་ན། །ཀུན་བྱེད་དོན་ལ་མཁས་ཤིང་གོམས་པ་ཡིན། །ཞེས་གསུངས་སོ། །དེ་ཉིད་ཐེག་པ་ཀུན་གྱི་སྙིང་པོའི་དོན་གཅིག་ཏུ་བསྡུས་པའི་ཉིང་ཁུ་ཡིན་ཏེ། རྩ་བའི་རྒྱུད་ལེའུ་བཅུ་གསུམ་པ་ལས། ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་ང་ནི། །ཐེག་པ་ཀུན་གྱི་ཡང་སྙིང་ཡིན་པར་བཤད། །སྟོན་པ་གསུམ་གྱིས་གནས་པའི་ཐེག་པ་གསུམ། །ངེས་པར་གནས་པ་ཐེག་པ་གཅིག་ལས་མེད། །གཅིག་ནི་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ས། །དེ་ནི་ཐེག་པ་ཀུན་གྱི་ཉིང་ཁུར་བཤད། །ཅེས་སོ། །དེ་ལྟར་ཐེག་པ་བརྒྱད་ལས་འདས་པའི་ཡང་རྩེ་རྫོགས་པ་ཆེན་པོ་ཀུན་བྱེད་ཨ་ཏིའི་ཐེག་པ། སྙིང་པོ་དོན་གྱི་གདམས་པ་འདི་ལ་གསུམ་སྟེ། སྟོན་བྱེད་སློབ་དཔོན་གྱི་རང་བཞིན། བསྟན་ཡུལ་སློབ་མའི་མཚན་ཉིད། བླང་བྱ་མན་ངག་གི་རང་བཞིན་ནོ། །དང་པོ་ནི། ཕྱི་ནང་གི་ཆོས་དང་གྲུབ་པའི་མཐའ་ལ་མཁས་ཤིང་། ཁྱད་པར་ཨ་ཏིའི་དགོངས་པ་ལ་མངའ་བརྙེས་པས། སློབ་མའི་རྒྱུད་ལ་སྙིང་པོའི་དོན་དེ་ཉིད་རྟོགས་པར་བྱེད་པ་ཡང་དག་པའི་ལམ་སྟོན་པ་ལ་མཁས་ཤིང་། འཇིག་རྟེན་གྱི་ཆོས་དང་མཚན་མའི་རྣམ་པར་གཡེང་བས་མ་གོས་པ་བསྟེན་པར་བྱ་ཞིང་། འབྱོར་པ་ཐམས་ཅད་ཀྱིས་བླ་མ་དམ་པ་དེ་ཉིད་མཉེས་པར་བྱ་བ་ཡིན་ཏེ། རྩ་བའི་རྒྱུད་ཉི་ཤུ་རྩ་བདུན་པ་ལས། དེ་བས་གསེར་ལ་ནག་མཚུར་བཏང་བ་ཡི། །སློབ་དཔོན་ཡང་དག་སྟོན་པ་རིན་ཆེན་མཛོད། །རིན་ཐང་དཔག་ཏུ་མེད་པས་བླུ་བར་འོས། །ཞེས་གསུངས་སོ། །དེ་ལས་གཞན་དུ་རང་གཞན་གྱི་གྲུབ་པའི་མཐའ་དང་ཆོས་ཀྱི་དོན་ལ་རྨོངས་ཤིང་དངོས་པོ་དང་མཚན་མར་ཞེན་པས་འདུ་འཛི་དང་གཡེང་བ་ལ་དགའ་བ། སྡོམ་པ་དང་དམ་ཚིག་ཉམས་ཤིང་། དད་ལྡན་འདྲེན་མེད་ལོག་པའི་ལམ་དུ་འཛུད་པ། ཆོས་ཀྱིས་རྙེད་པ་ཚོལ་བ་དེ་ནི་ཨ་ཏིའི་དོན་ལས་ཕྱི་རོལ་དུ་གྱུར་པས། ཚིག་ཙམ་གཞན་ལ་ཆོས་སུ་སྟོན་ནའང་། རང་ལ་དེ་ཉིད་རྟོགས་པའི་སྐལ་པ་མེད་པས། སྤྲེའུ་ལྟ་བུའི་ཟློས་པ་དེ་ཉིད་སྤང་བའི་རིགས་སོ། །དེ་སྐད་དུའང་རྣམ་དག་དབྱིངས་ཀྱི་ལེའུ་ལས། བྱིས་པས་བསླུས་པས་ཆོས་སྤྱོད་རྟོག་པའི་ལམ་ལ་བཙུད། །ཕྱིན་པའི་དུས་མེད་རྟོགས་པའི་དུས་མེད་པས། །ཆོས་ཀྱིས་ཆོས་ཚོལ་རྙེད་པར་ག་ལ་འགྱུར། །ཚད་མར་མ་གྱུར་སློབ་དཔོན་སྤྲེའུ་འདྲའི་ལུང་། །བསྟེན་པས་ལམ་ནོར་རྟོག་པས་ཟིན་ཏ་རེ། །ཞེས་གསུངས་སོ། །གཉིས་པ་བསྟན་པར་བྱ་བའི་ཡུལ་སློབ་མའི་རང་བཞིན་ནི། སྤྱིར་དད་པ་དང་དམ་ཚིག་ལྡན་པ། ངང་རྒྱུད་རིང་ཞིང་སྙིང་རྗེ་ཆེ་བ་དད་པ་བརྟན་ཞིང་གཏོང་ཕོད་ཆེ་བ་སྟེ། ཕྱི་མའི་ཕྱི་མ་རྒྱུད་ཀྱི་ལེའུ་བརྒྱད་ཅུ་རྩ་གསུམ་པ་ལས། གཞི་རྩ་ཀུན་འདས་བྱང་ཆུབ་སྙིང་པོའི་རྒྱུད། །དགོངས་པ་མངོན་དུ་ཕྱུང་པའི་ལུང་འདི་ནི། །དད་དང་དམ་ཚིག་བརྩོན་འགྲུས་ཆེ་བ་དང་། །སྙིང་རྗེ་ཡི་རང་སྐྱོ་དང་ཡིད་ལྡོག་མེད། །ལུས་དང་བུ་དང་ཆུང་མར་བྲན་དང་ནོར། །གང་ལ་མ་ཆགས་དད་དང་དགའ་བས་འབུལ། །འདི་དག་དད་དང་དམ་ཚིག་རྟགས་ཡིན་པས། །སྙིང་པོའི་དོན་དང་ལྡན་པས་སྦྱིན་པར་བྱ། །ཞེས་སོ། །ཁྱད་པར་དུ་འདིའི་ཚིག་དོན་རྫོགས་པར་སྦྱིན་པའི་སྣོད་ནི། ང་རྒྱལ་དང་ཆེ་བ་མེད་པས་བླ་མ་ལ་གུས་པ། བཀའ་ལས་མི་འདའ་བས་གསུངས་པ་བཞིན་བྱེད་པ། ལུས་དང་སྲོག་ལའང་ཕོངས་པ་མེད་པས་ཞབས་ཏོག་སྒྲུབ་པ། ཚེ་འདི་བློས་བཏང་ནས་དམ་བཅའ་བསྒྲུབ་ནུས་པ། དེ་ནས་ཇི་སྲིད་འཚོའི་བར་བླ་མའི་བཀའ་བཞིན་བསྒྲུབ་ཅིང་དམ་ལས་མི་འདའ་བའི་མནའ་བསྐྱལ་ནུས་པ་ལ་སྦྱིན་ཏེ། དེ་ཉིད་ལས། གྲགས་པ་སྤངས་ཤིང་ང་རྒྱལ་དང་བྲལ་བ། །སྙིང་པོའི་དོན་ཕྱིར་ལུས་སྲོག་ཕོངས་པ་མེད། །བཀའ་ལས་མི་འདའ་རྟགས་དང་ལྡན་པ་ལ། །སྙིང་པོ་དོན་དང་སྐྱེ་མེད་བསྟན་པ་སྦྱིན། །གང་གི་སྙིང་པོའི་བསྟན་པ་བདག་ཐོབ་ན། །འཇིག་རྟེན་མཚན་མས་བདག་ལ་ཅི་བགྱི་སྟེ། །ཐོབ་ན་བདག་གིས་བཀའ་བཞིན་སྒྲུབ་བོ་ཞེས། །དམ་བཅའ་ལེགས་པར་གནས་ན་བཀའ་འདི་སྦྱིན། །ཅི་སྲིད་བདག་དང་སློབ་དཔོན་འཚོ་བ་ཡི། །ལུས་དང་སྲོག་གི་འབྲེལ་བ་མ་མཆིས་པར། །ཁྱོད་ཀྱི་བཀའ་བཞིན་སྒྲུབ་ཅེས་མནའ་བོར་ལ། །བསྟན་པའི་སྙིང་པོ་ཀུན་བྱེད་རྒྱལ་པོ་སྦྱིན། །ཞེས་སོ། །དེས་ཀྱང་ཆགས་སེམས་མེད་པས་འབྱོར་པ་ཀུན་གྱིས་བླ་མ་མཆོད་ཅིང་། བླ་མས་ཀྱང་དེའི་ཚོགས་རྫོགས་པའི་ཕྱིར་བཞེད་པ་མེད་ཀྱང་བླངས་ཏེ་དཀོན་མཆོག་ལ་མཆོད་པར་བྱ་སྟེ། དེ་ཉིད་ལས། མདོར་ན་ལུས་དང་སྲོག་ཀྱང་འབུལ་བྱ་ཞིང་། །རྫས་དང་ཞིང་ཡུལ་རྐང་འགྲོས་སྨོས་ཅི་དགོས། །གལ་ཏེ་བདག་ལ་དགོས་པར་མ་གྱུར་ནའང་། །དམ་པས་བླངས་ཏེ་དཀོན་མཆོག་གསུམ་ལ་འབུལ། །ཞེས་སོ། །གསུམ་པ་བླང་བྱ་མན་ངག་གི་རིམ་པ་ལ་གསུམ་སྟེ། ཡིད་ཆེས་ཤིང་ཁུངས་བཙུན་པ་བརྒྱུད་པའི་རིམ་པ་དང་། དེ་ལས་བྱུང་བའི་གདམས་པ་དངོས། གསང་ཞིང་བཀའ་རྒྱས་བཏབ་པའོ། །དང་པོ་རྩ་བའི་རྒྱུད་ལེའུ་བཅུ་གསུམ་པ་ལས། ཀྱེ་སེམས་དཔའ་ཆེན་པོ་ཁྱེད་ཉོན་ཅིག །ལོ་རྒྱུས་དོན་གྱི་དགོངས་པ་བསྟན་པ་ནི། །དང་པོ་ཡིད་ཆེས་ཁུངས་བཙུན་བསྟན་པའི་ཕྱིར། །ལོ་རྒྱུས་དོན་གྱི་བཤད་ལུགས་བསྟན་པ་ནི། །རང་བཞིན་བྱིན་གྱིས་བརླབས་པའི་བཤད་ལུགས་དང་། །རང་གི་ངོ་བོ་བསྟན་པའི་བཤད་ལུགས་དང་། །དོན་གྱི་སྒྲ་ཚིག་བསྡེབས་པའི་བཤད་ལུགས་སོ། །ཞེས་པས། དང་པོ་ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཀློང་། ཡང་དག་དོན་གྱི་འོག་མིན་ཆེན་པོ་ན། བཅོམ་ལྡན་འདས་ཀུན་བྱེད་རྒྱལ་པོ་དགོངས་པ་དོན་གྱི་ཆོས་ཉིད་ལས་བཞེངས་ཏེ། འོག་མིན་ཁང་བུ་བརྩེགས་པའི་གཞལ་མེད་ཁང་ཆེན་པོར་རིགས་ལྔའི་སངས་རྒྱས་དང་། ཉིད་ཀྱི་ཐུགས་རང་བྱུང་གི་ཡེ་ཤེས་ལས་སྤྲུལ་པའི་སེམས་དཔའ་རྡོ་རྗེ་ལ་བྱིན་བརླབས་ཀྱིས་བཤད། དེས་ལོངས་སྤྱོད་རྫོགས་པའི་སྐུར་བྱོན་ཏེ། སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་རང་གི་ངོ་བོས་གསུངས། དེས་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་ལ་སྒྲ་ཚིག་སྡེབ་སྦྱོར་ལེགས་པར་སྦྱོར་བའི་སྒོ་ནས་གསུངས། དེས་སློབ་དཔོན་ཆེན་པོ་ཤྲཱི་སིཾ་ཧ་ལ་དོན་གྱི་དགོངས་པ་གཉིས་སུ་མེད་པར་གསུངས། དེས་སྤྲུལ་པའི་ལོ་ཙཱ་བ་བཻ་རོ་ཙ་ན་ལ་སྙིང་པོ་མཆོག་ཏུ་གསང་བའི་སྒོ་ནས་གསུངས། དེས་རྒྱལ་མོ་གཡུ་སྒྲ་སྙིང་པོ་ལ་གཉིས་མེད་ཡེ་ཤེས་ཆེན་པོར་གསུངས། དེས་ཅོག་རོ་སྐྱེ་བཟང་ལེགས་སྨིན་ལ་དབྱིངས་བྱ་རྩོལ་དང་བྲལ་བར་གསུངས། དེས་འབྲོམ་ལེགས་པའི་བློ་གྲོས་ལ་དོན་སྐྱེ་བ་མེད་པར་གསུངས། དེས་རྦ་རྒྱལ་བའི་དབང་པོ་ལ་གཞི་འཕོ་འགྱུར་མེད་པར་གསུངས། དེས་མཚུར་མཆོག་གི་བླ་མ་ལ་དཔེ་ནམ་མཁའ་ལྟ་བུར་གསུངས། དེས་དྲུང་ཡེ་ཤེས་དབང་པོ་ལ་དགོངས་པ་རྣལ་བཞག་ཆ ེན་པོར་གསུངས། དེས་ཟུར་སྟོན་རིན་ཆེན་གྲགས་པ་ལ་རང་བཞིན་གཉིས་སུ་མེད་པར་གསུངས། དེས་ལྕེ་དགའ་བའི་དབང་པོ་ལ་ངོ་བོ་གདོད་ནས་དག་པར་གསུངས། དེས་སྙན་རིན་ཆེན་རྩེ་མོ་ལ་སེམས་ཉིད་གྲུབ་བསལ་མེད་པར་གསུངས། དེས་ཆོས་རྗེ་ཀུན་དགའ་དོན་གྲུབ་ལ་ཆོས་ཉིད་བློ་འདས་ཆེན་པོར་གསུངས། དེས་སློབ་དཔོན་གཞོན་ནུ་དོན་གྲུབ་ལ་རང་བྱུང་བཅོས་བསླད་མེད་པར་གསུངས། དེས་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ལ་ཡེ་གྲོལ་རྒྱུ་འབྲས་ལས་འདས་པའི་ཚུལ་གྱིས་གསུངས། དེས་འཇམ་དབྱངས་ཀུན་དགའ་རྒྱལ་མཚན་ལ། དེས་མཚུངས་མེད་ཆོས་རྗེ་རིན་པོ་ཆེ་རཱ་ཛ་ལ་གསུངས་སོ། །གཉིས་པ་དེ་ལས་བྱུང་བའི་གདམས་པ་དངོས་ལ་གསུམ་སྟེ། སྔོན་འགྲོ་བླ་མའི་རྣལ་འབྱོར། དངོས་གཞི་གདམས་པའི་མཚོན་ཚུལ། རྗེས་སྣང་ཉམས་ཀྱི་སྐྱོང་ཐབས་སོ། །དང་པོ་ནི་སེམས་ཉིད་དོན་གྱི་ཡེ་ཤེས་རང་ངོ་ཤེས་པར་བྱ་བ་ནི། བླ་མ་དམ་པ་ལ་རག་ལས་པས། དེ་ཉིད་རྣལ་འབྱོར་དུ་བསྒོམ་པའི་རིམ་པ་སྔོན་དུ་འགྲོ་དགོས་ཏེ། རྩ་བའི་རྒྱུད་ལེའུ་ཉི་ཤུ་རྩ་གསུམ་པ་ལས། ཤིན་ཏུ་མྱུར་བའི་ཡེ་ཤེས་བསམ་པ་ཀུན་དང་བྲལ། །བཤེས་གཉེན་ཀུན་ལས་བྱུང་བའི་རིན་ཆེན་ནོར་བུ་བཞིན། །དམིགས་པ་མེད་ཅིང་འགྱུར་བའི་གནས་ལ་མི་ལྟོས་པར། །རང་གི་རང་བཞིན་ལེགས་པར་རེ་བ་ཐམས་ཅད་བསྐང་། །བརྟགས་ན་མེད་ལ་བཞག་ན་ལེགས་པར་འབྱུང་བ་ཆེ། །དངོས་སུ་མི་སྣང་ཆགས་པའི་ཆ་ལུགས་ཀུན་ལ་སྟོན། །བདག་དང་གཞན་དུ་བྲལ་བའི་སྟོན་མཁས་རིན་ཆེན་མཛོད། །ཐམས་ཅད་གྲུབ་པའི་ཡུལ་ཞེན་བདག་མེད་སྙིང་རྗེས་བསྟན། །ཞེས་གསུངས་པས། སྟན་བདེ་བ་ལ་འདུག་སྟེ། སྐྱབས་སུ་འགྲོ་བ་དང་། དམིགས་པ་མེད་པའི་སྙིང་རྗེ་དང་། དོན་དམ་པ་རང་གི་ངོ་བོ་ཡེ་ནས་མ་སྐྱེས་པའི་རྗེས་ལ། རང་གི་ལུས་དང་སེམས་ཀྱི་རང་བཞིན་གཉིས་སུ་མེད་པའི་ཡི་གེ་ཧཱུྃ་མཐིང་གའི་འོད་ཟེར་གྱིས་ཕྱི་དང་ནང་གི་གཟུང་འཛིན་དུ་སྣང་བ་ཐམས་ཅད་འོད་ཟེར་གྱི་དྲྭ་བ་ཆེན་པོས་དག་པར་བྱས་ཏེ་འོག་མིན་གྱི་གནས་ན་ལྷ་དང་ལྷ་མོའི་རང་བཞིན་དུ་བལྟའོ། །དེ་ཉིད་ཀྱི་ངང་ལས་རང་ཉིད་སེམས་དཔའ་རྡོ་རྗེ་མཐིང་ཁ་ཞལ་གཅིག་ཕྱག་གཉིས་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའི་སྐུ་ལ་དར་དང་རིན་པོ་ཆེས་བརྒྱན་པ། གཡས་རྡོ་རྗེ་གཏོད་དེ་ཐུགས་ཀར་འཛིན་པ། གཡོན་དྲིལ་བུ་དཀུར་བརྟེན་པ། འཇའ་ཚོན་ལྟ་བུའི་ཐུགས་ཀ་ནས་འོད་ཟེར་གྱི་དྲྭ་བ་ཕྱོགས་བཅུར་འཕྲོས་པའི་རང་བཞིན་ཅན་དུ་བསམ་པར་བྱའོ། །དེའི་སྤྱི་གཙུག་ན་པདྨའི་སྡོང་པོ་སེང་གེ་རིན་པོ་ཆེས་བརྒྱན་པའི་སྟེང་ན། རྩ་བའི་བླ་མ་ཉིད་ཀུན་བྱེད་རྒྱལ་པོའི་རྣམ་པ་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་པ་མཉམ་བཞག་གི་ཕྱག་རྒྱ་ཅན། ཆོས་ཀྱི་སྐུ་སྤྲོས་པ་ཐམས་ཅད་དང་བྲལ་བའི་བརྡར་རྒྱན་དང་ན་བཟའ་མེད་པའི་སྐུ་སྣང་ལ་རང་བཞིན་མེད་པ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་མཐར། བརྒྱུད་པའི་བླ་མ་རྣམས་ཀྱང་རིགས་ལྔའི་སངས་རྒྱས་གྲངས་མེད་པའི་སྐུ་འོད་ཀྱི་གོང་བུ་ལ་རང་བཞིན་མེད་པ་རང་རང་གི་རྒྱན་ཆ་ལུགས་རྫོགས་པར་བསམ་པར་བྱའོ། །དེ་རྣམས་ཀྱི་སྐུ་ལས་འོད་ཟེར་ཚད་མེད་པ་ཕྱོགས་བཅུའི་འཇིག་རྟེན་དུ་འཕྲོས་པའི་རྩེ་མོ་ལ་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་ཐུབ་པ་དྲུག་གྲངས་མེད་པ་སྣང་བས་འཇིག་རྟེན་གྱི་དོན་བྱེད་པར་བསམ་ཞིང་། ༀ་ཨཱཿཧཱུྃ། ཞེས་རླུང་རྡོ་རྗེའི་བཟླས་པ་དང་། ངག་ཏུའང་ཅི་ཙམ་ནུས་ཀྱི་བར་དུ་བརྗོད་ནས། མཐར་དེ་དག་ཐམས་ཅད་ཀུན་བྱེད་ཉིད་དུ་བསྡུས་ཤིང་ཐིམ་ནས། དེའང་ངོ་བོ་ཉིད་མེད་པའི་ངང་ལ་བཞག་ནས། ཨ་གྲངས་མེད་པ་བཟླས་པར་བྱའོ། །རྗེས་ལ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་གདོད་མའི་ངང་དུ་གྲོལ་བར་ཤོག་ཅིག །ཅེས་བརྗོད་པ་ལས་ལངས་པར་བྱའོ། །འདི་ནི་ཤིན་ཏུ་གསང་བ་དམ་པའོ། །དེ་ལྟར་ཟླ་བ་ཕྱེད་དུ་སྦྱངས་པས་སྣང་བ་འལ་འོལ་རྨི་ལམ་སྒྱུ་མ་ལྟར་རྟོགས་པའི་ངང་ནས། སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་། ཆོས་ཐམས་ཅད་བདག་མེད་པར་རྟོགས་པ་རང་བྱུང་དུ་སྐྱེ་ཞིང་། ཚེ་འདིའི་རྣམ་པར་གཡེང་བ་དང་། འཇིག་རྟེན་གྱི་ཆོས་ལ་བློ་མི་ཆགས་ཤིང་། སྐྱོ་ཤས་དང་ངེས་འབྱུང་བཙན་ཐབས་སུ་སྐྱེ་བའོ། །དེས་ནི་ཀུན་བྱེད་ཀྱི་དགོངས་པ་རང་ཤར་དུ་སྐྱེ་བའི་དགོས་པ་ཡོད་དོ། །གཉིས་པ་དངོས་གཞི་གདམས་པའི་མཚོན་ཚུལ་ལ་བཞི་སྟེ། ལྟ་བས་ཐག་བཅད། སྒོམ་པས་ལ་བཟླ། སྤྱོད་པས་འཕྲང་བསལ། འབྲས་བུ་རེ་དོགས་སྤང་བའོ། །དང་པོ་ལ་གཉིས་ཏེ། སྣང་བ་སེམས་ཀྱི་རོལ་པར་ཐག་བཅད་པ་དང་། སེམས་ཉིད་སྟོང་པར་ཐག་བཅད་པའོ། །དང་པོ་ནི། འདི་ལྟར་སྣང་སྲིད་ཐམས་ཅད་མདང་གི་རྨི་ལམ་ལྟར་རང་གི་སེམས་ལ་སྣང་བ་ལས་གཞན་དུ་གྲུབ་པ་འགའ་ཡང་མེད་དེ། རྩ་བའི་རྒྱུད་ལེའུ་དྲུག་པ་ལས། ཆོས་ཀུན་རྩ་བ་ཀུན་བྱེད་བྱང་ཆུབ་སེམས། །ཇི་ལྟར་སྣང་ཡང་ང་ཡི་ངོ་བོ་ཡིན། །ཇི་ལྟར་བྱུང་ཡང་ང་ཡི་ཆོ་འཕྲུལ་ཡིན། །སྒྲ་ཚིག་ཇི་ལྟར་བྱུང་བ་ཐམས་ཅད་ཀུན། །ང་ཡི་དོན་ཉིད་ཚིག་སྒྲར་བྱུང་བ་ཡིན། །སངས་རྒྱས་སྐུ་དང་ཡེ་ཤེས་ཡོན་ཏན་དང་། །སེམས་ཅན་ལུས་དང་བག་ཆགས་ལ་སོགས་པ། །སྣང་སྲིད་སྣོད་བཅུད་བསྡུས་པ་ཐམས་ཅད་ཀུན། །བྱང་ཆུབ་སེམས་ཀྱི་ངོ་བོ་ཡེ་ནས་ཡིན། །ཞེས་གསུངས་སོ། །དེ་ལྟར་ཐམས་ཅད་རང་གི་སེམས་ཀྱི་ཆོ་འཕྲུལ་ལས་མ་འདས་པས། མ་རྟོགས་པ་ལ་འཁོར་བར་བསྙད་པ་ཡིན་ཏེ། དེ་ཉིད་ལས། ཀུན་བྱེད་ང་ཡི་རང་བཞིན་མ་བརྟགས་པར། །ང་ཡིས་བྱས་པའི་ཆོས་ལ་ངེས་བརྟགས་པས། །རྐམ་ཞིང་ཆགས་པའི་དབང་གིས་སྣང་བ་གྲུབ། །མི་རྟག་སྒྱུ་མའི་རང་བཞིན་འཇིག་པར་འགྱུར། །ཆ་མེད་དམུས་ལོང་ལྟ་བུའི་རང་བཞིན་ནོ། །ཞེས་སོ། །དེས་ན་སེམས་ལ་སྣང་བའི་ཆོས་དང་། རང་གི་སེམས་གཉིས་རྨི་ལམ་གྱི་རྣམ་པ་ལྟར་དོན་ལ་གཉིས་སུ་མེད་པའི་ངང་ལ་གོམས་པར་བྱ་སྟེ། རྩ་བའི་རྒྱུད་ཀྱི་ལེའུ་བཅོ་ལྔ་པ་ལས། ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་དང་། །རང་སེམས་ཆོས་ཉིད་ཡེ་ནས་གཅིག་ཡིན་པས། །རྒྱུ་འབྲས་ལུང་བཞིན་འདི་ལ་རྟོག་མི་བྱ། །རང་སེམས་དེ་བཞིན་ཉིད་ལས་བརྟག་བྱ་རུ། །རང་གི་བྱང་ཆུབ་ངོ་བོ་སྣང་བ་ཡིན། །ཞེས་སོ། །དེ་ལྟར་བརྟག་པའི་སྣང་བའི་དངོས་པོ་ས་ཆུ་མེ་རླུང་ལ་སོགས་པ་ཕྱི་རོལ་དོན་དུ་གྲུབ་པ་མེད་པའི་ངང་དུ་ཞག་བཅུར་བཞག་པས། བྱང་ཆུབ་སེམས་ལས་ཐ་དད་པའི་ཆོས་རྡུལ་ཙམ་ཡང་མེད་པར་རྟོགས་ནས་གཟུང་ཡུལ་གཞན་དུ་ཞེན་པའི་སྤྲོས་པ་ལས་གྲོལ་བའི་དགོས་པ་ཡོད་དོ། །དེས་ན་སེམས་སུ་ཞེན་པའི་འཛིན་པ་ཡང་གདོད་ནས་དག་པའི་ཆོས་ཉིད་དུ་བསྟན་པའི་ཕྱིར་རོ། །གཉིས་པ་སེམས་སྟོང་པར་ཐག་བཅད་པ་ནི། རྩ་རྒྱུད་ལེའུ་རྩ་གཉིས་པ་ལས། ནང་དུ་མ་གཡོས་ནང་དུ་བཙལ་བའི་ཡུལ་མེད་དོ། །ཡུལ་ཕྱིར་ཆགས་ཤིང་ཡུལ་ལ་བསྔོ་བའི་དམིགས་པ་མེད། །མ་འབྱུང་མི་འཇུག་བདག་མེད་སྙིང་རྗེ་དེ་ཡིས་ནི། །གཞན་གྱི་དོན་ཆེན་མི་འོང་ཡེ་ནས་གནས་པ་ཡིན། །ཞེས་པས། ད་ལྟར་གྱི་དྲན་རིག་ཕྱི་ནང་བར་གསུམ་ལ་རྟོག་པ་འདི་དང་པོ་གང་ནས་འོང་། ད་ལྟ་གང་ན་གནས། ཐ་མ་གར་འགྲོ། ཁ་དོག་དང་དབྱིབས་མཚན་ཉིད་ངོས་བཟུང་ཇི་ལྟར་འདུག །ད་ལྟ་ཤར་དུས་ཉིད་ནས་ཕྱི་སྣང་བའི་དངོས་ལ་འདུག་གམ། ནང་ཕུང་པོའི་ནང་དུ་འདུག་གམ། བར་སྣང་འདི་ལ་གནས་སམ་སྙམ་དུ་བརྟགས་ཤིང་། ཕྱི་སྣང་བ་དང་། ནང་གི་ལུས་འདི་སོ་སོར་ཕྱེ་ཞིང་བརྟགས་པས་གང་དུའང་མ་གྲུབ་པ་དེའི་ཚེ། རང་བཞིན་བཅུའི་དོན་ཡང་མ་གྲུབ་པ་ཉིད་དུ་ལ་བཟླ་བར་བྱ་སྟེ། དེ་ལྟར་བཙལ་བས་ངོ་བོ་མ་རྙེད་པའི་སེམས་འདི་ལ་ལྟ་བ་དང་། སྒོམ་པ་དང་། དམ་ཚིག་དང་། ཕྲིན་ལས་དང་། དཀྱིལ་འཁོར་དང་། དབང་དང་། ས་སྦྱང་བ་དང་། ལམ་བགྲོད་པ་དང་། སྒྲིབ་པ་སྦྱང་བ་དང་། ཡེ་ཤེས་སམ་སངས་རྒྱས་བྱ་བ་ཞིག་བསྒྲུབ་བྱ་སྒྲུབ་བྱེད་དུ་འདུག་གམ་སྙམ་དུ་སོ་སོར་བརྟགས་ཤིང་དཔྱད་པས། དེ་དག་གི་ངོ་བོ་གང་ཡང་མ་རྙེད་པ་ནི། གཞི་ནས་དག་པ་རང་བཞིན་བཅུའི་དོན་བསྒོམ་མེད་ཆེན་པོར་ལ་བཟླས་པ་ཞེས་གསུངས་སོ། །རྩ་རྒྱུད་ལེའུ་དགུ་པ་ལས། ཆོས་རྣམས་ཀུན་གྱི་ལ་ནི་ང་ཡིས་བཟླ། །ང་མེད་པ་ཡི་ཡུལ་ནི་གཞན་མེད་པས། །ལྟ་བ་སྒོམ་དུ་མེད་པར་ལ་ཡང་བཟླ། །ང་ལས་གཞན་དུ་བསྲུང་དུ་མེད་པའི་ཕྱིར། །རང་བྱུང་ཡེ་ཤེས་ཡིན་པར་ལ་ཡང་བཟླ། །ང་ནི་མ་སྐྱེས་ཆོས་ཉིད་ཡིན་པའི་ཕྱིར། །ཕྲིན་ལས་བཙལ་དུ་མེད་པར་ལ་ཡང་བཟླ། །ང་ལས་གཞན་དུ་གནས་པ་མེད་པའི་ཕྱིར། །ས་ལ་སྦྱང་དུ་མེད་པར་ལ་ཡང་བཟླ། །ང་ལ་སྒྲིབ་པ་ཡེ་ནས་མེད་པའི་ཕྱིར། །རང་བྱུང་ཡེ་ཤེས་ཡིན་པར་ལ་ཡང་བཟླ། །ང་ནི་མ་སྐྱེས་ཆོས་ཉིད་ཡིན་པའི་ཕྱིར། །ཕྲ་བ་ཆོས་ཉིད་ཡིན་པར་ལ་ཡང་བཟླ། །ང་ལས་གཞན་དུ་བགྲོད་དུ་མེད་པའི་ཕྱིར། །ས་ལ་བགྲོད་དུ་མེད་པར་ལ་ཡང་བཟླ། །སྙིང་པོ་བྱང་ཆུབ་ང་ལས་བྱུང་བའི་ཕྱིར། །ཡེ་ནས་གཉིས་སུ་མེད་པར་ལ་ཡང་བཟླ། །རང་བྱུང་ཡེ་ཤེས་གཏན་ལ་དབབ་པའི་ཕྱིར། །ལུང་ཆེན་ཐོག་འབེབས་ཡིན་པར་ལ་ཡང་བཟླ། །ཆོས་རྣམས་ཐམས་ཅད་ང་ལས་མེད་པའི་ཕྱིར། །ཀུན་བྱེད་ང་ནི་ཀུན་གྱི་ལ་བཟླའོ། །ཞེས་གསུངས་སོ། །དེ་དག་དབང་པོ་དང་བསྟུན་ནས་ཞག་གསུམ་ནས་ལྔ་བཅུ་གཅིག་ཏུ་བརྟག་གོ། །དེ་ནས་གཉིས་པ་བསྒོམ་པས་ལ་བཟླ་བ་ནི། དེ་ལྟར་སེམས་ཉིད་རྒྱ་ཆད་ཕྱོགས་ལྷུང་མེད་པའི་ལྟ་བས་ཐག་ཆོད་པའི་རྟིང་ལ། དབེན་པར་ལུས་སེམས་ཁོང་ལྷོད་ལ་སོས་དལ་བས་བག་ཕབ་སྟེ། རྣམ་སྣང་གི་ཆོས་བདུན་དང་ལྡན་པ་ལ། བླ་མས་བསྟན་པ། དེ་ཡང་སྣང་སེམས་ཐམས་ཅད་ཡེ་ནས་དག་པ་དེ་བཞིན་ཉིད་ཀྱིི་རང་བཞིན་མཉམ་པའི་རྒྱལ་པོ་ཡིན་པས། བཅོས་བསླད་དང་རེ་དོགས་མེད་པར་རང་བཞག་ཆེན་པོའི་ངང་ལ་ཀློད་ཅིག །འདི་ཉིད་མི་རྟོག་ཆོས་སྐུའི་དགོངས་པ་ཡིན་ཏེ། ངེས་པ་ཚིག་གི་ལེའུ་ལས། ཀྱེ། སེམས་དཔའ་ཆེན་པོ་འདི་ལྟར་དོན་རིགས་ཀྱིས། །ཇི་ལྟར་སྣང་བ་དེ་བཞིན་ཉིད་དུ་གཅིག །འདི་ལ་སུས་ཀྱང་འཆོས་པར་མ་བྱེད་ཅིག །མ་བཅོས་མཉམ་པའི་རྒྱལ་པོ་དེ་ལ་ནི། །མི་རྟོག་ཆོས་སྐུའི་དགོངས་པ་དེ་ལ་གནས། །ཞེས་གསུངས་པས། ད་ལྟའི་སེམས་ཉིད་ནམ་མཁའ་ལྟ་བུ་ཡེ་ནས་དག་པའི་ངང་ལ་སྒོ་གསུམ་རྩོལ་བྲལ་མཉམ་པ་ཉིད་དུ་ཞོག་ཅིག ། སྣང་ཡུལ་ཅི་སྣང་ཡང་དེ་ལ་འཛིན་ཞེན་མེད་པ་དེ་ཉིད་ཀྱི་སྟེང་ལ་ཅེར་གྱིས་ལྟོས་ལ་ཕྱམ་གྱིས་ཞོག་དང་། རྟོག་དང་སྣང་བ་ཙམ་དུ་ཡང་འཛིན་པ་མེད་པའི་ངང་དྭངས་སྤྲོས་པ་དང་བྲལ་བ་འཆར་བ་ནི་སེམས་ཉིད་ཡེ་གྲོལ་ཀུན་བྱེད་གྱི་དགོངས་པ་ཡིན་ཏེ། ལྷུན་གྲུབ་རེ་དོགས་བཅད་པའི་ལེའུ་ལས། ཀྱེ། སེམས་དཔའ་རྡོ་རྗེ་ལེགས་པར་ད་སྒོམས་ཤིག །མ་སྐྱེས་རྣམ་པར་དག་པའི་དོན་བསྒོམས་པས། །སྣང་བ་དངོས་པོར་མི་ལྟ་འཛིན་མི་བྱེད། །སྣང་བ་སྐྱེ་བ་མེད་པ་རང་གྲོལ་བས། །སྟོང་པར་མི་བསྒོམ་ཅི་བཞིན་རྟོགས་པས་གྲོལ། །ཞེས་སོ། །དེ་ཉིད་རང་བྱུང་འོད་གསལ་གྱི་དགོངས་པ་ཡིན་ཏེ། ཅི་བཞིན་པ་ལ་བྱ་རྩོལ་དང་བྲལ་བའི་ལེའུ་ལས། ཀྱེ། ཅི་བཞིན་སྤྲོས་བྲལ་བདེ་བ་ཆེན་པོ་ལ། །སྒོ་གསུམ་མ་བཙལ་བཅོས་ཤིང་དམིགས་མི་བྱེད། །ཡིད་ལ་མི་བྱེད་མཚན་མའི་རྗེས་མི་འབྲང་། །རང་བྱུང་ཡེ་ཤེས་བདེ་བའི་དོན་ལ་བཞག །འདི་ནི་རང་བྱུང་འོད་གསལ་དགོངས་པ་སྟེ། །ཀུན་བྱེད་རྒྱལ་པོའི་རྩོལ་མེད་ཕྲིན་ལས་སོ། །ཞེས་པས་རང་གསལ་བཅོས་བསླད་མེད་པའི་ངང་ལ་ཅི་ཙམ་གནས་ཀྱི་བར་དུ་མཉམ་པར་བཞག །དེའི་ངང་ལ་རྟོག་པ་ཅི་ཤར་ཡང་དེ་ཉིད་ལ་ཅེར་གྱིས་བལྟས་ཏེ་དེའི་སྟེང་དུ་བཞག་པས། རྟོགས་པ་དེ་ཉིད་མ་སྤངས་རང་སར་གྲོལ་ཏེ་སྔ་མའི་ངང་དུ་མཉམ་བཞག་གཅིག་ཏུ་གནས་པ་ན། བྱུང་ཚོར་ཆུའི་རི་མོ་བཞིན་དུ་རང་སར་གྲོལ་ཏེ། ཅི་བཞིན་པ་ལ་བྱ་རྩོལ་དང་བྲལ་བའི་ལེའུ་ལས། དེ་བཞིན་མ་བཅོས་རྒྱལ་བའི་དགོངས་པ་ལ། །སེམས་དང་སེམས་བྱུང་རྟོག་པ་ཅི་སྐྱེས་ཀྱང་། །དེ་ཉིད་སྐྱེ་མེད་ངང་དུ་གནས་ཤེས་ན། །བྱ་རྩོལ་མཚན་མའི་འདུ་ཤེས་ཀུན་དང་བྲལ། །ཞེས་པ་དང་། བསྒོམ་དུ་ཡོད་མེད་བསྟན་པའི་ལེའུ་ལས། དྲན་བསམ་ཡིད་ལ་འགྱུ་བ་མ་ལུས་ཀུན། །སྐྱེ་བ་མེད་པའི་ངང་ལས་མ་ཡེངས་པས། །གང་ལྟར་བསམ་ཀྱང་སྒོམ་པ་ཡིན་ཤེས་ན། །མ་བསྒོམ་གང་ལྟར་བཞག་ཀྱང་ཡེངས་པ་མེད། །ཅེས་གསུངས་སོ། །དེ་ནས་ས་ཆུ་མེ་རླུང་ནམ་མཁའི་ངང་ལ་རིམ་གྱིས་བལྟར་བཅུག་ལ། འབྱུང་བ་དེ་དག་ནི་རང་བཞིན་གྱིས་རྟོག་པ་མེད་པའི་ངོ་བོ་ལ་དེ་བཞིན་དུ་ངོ་སྤྲད་པར་བྱ་སྟེ། རང་སེམས་སྟོན་པར་ཕྱུང་བའི་ལེའུ་ལས། ཀྱེ། ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན། །རང་གི་བྱང་ཆུབ་སེམས་དེ་ཉིད། །སྟོན་པ་ཡིན་པར་མངོན་བསྟན་ན། །བསྐལ་པ་བརྒྱ་ཕྲག་སྟོང་དུ་ནི། །རང་སེམས་སྟོན་པར་མ་མཐོང་བས། །ཀུན་བྱེད་རྒྱལ་པོ་ང་ཡིས་ནི། །རང་སེམས་སྟོན་པར་མངོན་ཕྱུང་བས། །རང་སེམས་སྟོན་པའི་ཆོས་ཉོན་ཅིག །ཀུན་བྱེད་རྒྱལ་པོ་ང་ཡིས་ནི། །ཀུན་རྒྱུ་བྱང་ཆུབ་སེམས་ལས་ནི། །སེམས་ཀྱི་ངོ་བོ་འབྱུང་ཆེན་ལྔ། །སྟོན་པ་བྱང་ཆུབ་སེམས་ལྔ་ཕྱུང་། །སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུ། །ཆོས་ནི་རང་གི་ངོ་བོས་འཆད། །སྟོན་ནི་རང་གི་རང་བཞིན་སྟོན། །སྟོན་པ་ལོངས་སྤྱོད་རྫོགས་སྐུ་དེ། །དགོངས་པ་ཉིད་ལ་ཉིད་མི་རྟོག །ཡུལ་ཆོས་གཞན་ལའང་རྟོག་མི་བྱེད། །བྱང་ཆུབ་སེམས་ཀྱི་སྟོན་པ་ལྔས། །ཀུན་ཀྱང་ཆོས་ཉིད་དེ་བཞིན་སྟོན། །བྱང་ཆུབ་སེམས་ཀྱི་ཡེ་ཤེས་དེས། །སྟོན་པ་ས་ཡི་སྐུར་ཕྱུངས་ནས། །ཚིག་དང་ཡི་གེས་མི་སྟོན་ཏེ། །རང་གི་རང་བཞིན་སྟོན་བྱེད་པ། །བདག་ཏུ་མི་རྟོག་གཞན་མི་རྟོག །མི་རྟོག་མཉམ་པའི་དགོངས་པ་སྟོན། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས། །དེ་རྟོགས་སངས་རྒྱས་ཀུན་དང་མཉམ། །རྩོལ་བས་ཆོས་ཉིད་མ་བཙལ་གྲུབ། །བྱང་ཆུབ་སེམས་ཀྱི་ཡེ་ཤེས་དེས། །སྟོན་པ་ཆུ་ཡི་སྐུར་ཕྱུངས་ནས། །སྟོན་པ་མེ་ཡི་སྐུར་ཕྱུངས་ནས། །སྟོན་པ་རླུང་གི་སྐུར་ཕྱུངས་ནས། །སྟོན་པ་ནམ་མཁའི་སྐུར་ཕྱུངས་ནས། །ཚིག་དང་ཡི་གེས་མི་སྟོན་ཏེ། །རང་གི་ངོ་བོས་ཆོས་སྟོན་པ། །བདག་གཞན་གཉིས་སུ་མི་རྟོག་པར། །མི་ཕྱེད་པ་ཡི་དགོངས་པ་སྟོན། །ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །མངོན་ཕྱུངས་སྟོན་པ་དེ་རྣམས་ཀྱིས། །རང་གི་ངོ་བོས་ཆོས་བཤད་པ། །འདི་ཡིས་ཀུན་ཀྱང་རིག་པར་གྱིས། །ཀྱེ། ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན། །ཀུན་བྱེད་རྒྱལ་པོ་ང་ཡིས་ནི། །ཁྱེད་རྣམས་ང་ཡིས་བྱས་པའི་ཕྱིར། །ང་ཡི་སྲས་ཡིན་ང་དང་མཉམ། །ང་དང་མི་གཉིས་ང་ཡིན་ཕྱིར། །ང་ཡིས་ཁྱོད་ལ་ངེས་བྱུང་བས། །ང་ཡི་ངོ་བོ་སྟོན་པ་ལྔས། །རང་བཞིན་རྣམ་ལྔ་གཅིག་ཏུ་བསྟན། །གཅིག་ནི་ཀུན་བྱེད་ང་ཡིན་ཕྱིར། །དེ་བཞིན་ཁྱོད་ཀྱང་ཡིད་ཆེས་གྱིས། །ཀྱེ། ཁམས་གསུམ་སེམས་ཅན་མ་ལུས་ཀུན། །ང་མེད་ཙམ་ན་ཁྱོད་ཀྱང་མེད། །ཁྱོད་མེད་པ་ཡི་དུས་ཙམ་ན། །སྟོན་པ་ང་ཡང་འབྱུང་མི་འགྱུར། །མི་རྟོག་ཆོས་ཀྱང་གསུང་མི་འགྱུར། །ཅེས་གསུངས་པས། འདི་ལྟར་སྣང་བ་སྟོང་པར་ངོ་སྤྲད་པ་ཡིན་གྱིས། ཕྱིན་ཆད་གང་སྣང་གི་སྟེང་དུ་དེར་འཛིན་མ་ཞུགས་པས་བཅོས་བསླད་མེད་པར་རང་ཤར་རང་གྲོལ་དུ་ངོ་ཤེས་པར་གྱིས་ཤིག །ཅེས་སོས་དལ་ལ། རི་ལ་སོགས་པའི་ས་དང་ཆུ་དང་། མར་མེ་ལ་སོགས་པའི་མེ་དང་། རླུང་དང་ནམ་མཁའ་སྤྲིན་པ་རེ་རེ་བཞིན་ངོ་སྤྲོད། དེས་སྣང་སྲིད་ཐམས་ཅད་ཀུན་བྱེད་བྱང་ཆུབ་སེམས་ཀྱི་སྒོམ་པའི་རྣལ་བཞག་ཆེན་པོར་འཆར་བའི་དགོས་པ་ཡོད་དོ། །དེ་ལྟར་ངོ་འཕྲོད་པས། ད་ལྟ་ཉིད་ནས་ཆོས་ཐམས་ཅད་རང་བཞིན་རྫོགས་པ་ཆེན་པོའི་ངང་དུ་གནས་པས། སྐྱོན་ཡེ་ནས་དག་ཅིང་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ལྷུན་གྱིས་གྲུབ་པས། ལུས་མིར་སྣང་ཡང་དགོངས་པ་སངས་རྒྱས་ཀྱི་ཆོས་ཉིད་ཡིན་པར་ལུང་བསྟན་པ་ནི། རྣམ་གྲངས་བསྡུ་བའི་ལེའུ་ལས། འདི་ལ་མ་རྫོགས་གང་ཡང་མེད། །གཅིག་རྫོགས་གཉིས་རྫོགས་ཀུན་རྫོགས་པ། །བྱ་བ་ཕུན་སུམ་ཚོགས་པས་བདེ། །གཅིག་རྫོགས་བྱང་ཆུབ་སེམས་སུ་རྫོགས། །གཉིས་རྫོགས་སེམས་ཀྱི་བྱས་པར་རྫོགས། །ཀུན་རྫོགས་ཕུན་སུམ་ཚོགས་པར་རྫོགས། །གཅིག་ལ་རྫོགས་པའི་ལུང་འདི་ཡིས། །སངས་རྒྱས་དགོངས་པ་འདི་ལ་གནས། །ཀུན་ལ་རྫོགས་པའི་དོན་འདི་ཡིས། །ཐམས་ཅད་ཕུན་སུམ་ཚོགས་པར་བྱེད། །བྱར་མེད་འདི་ལ་གང་གནས་པ། །ལུས་འདི་གང་ཟག་ལྷ་མི་ཡང་། །དགོངས་པ་ཆོས་ཉིད་སངས་རྒྱས་ཡིན། །འདི་ཡིས་སེམས་ཅན་དོན་བྱས་ན། །རྩོལ་སྒྲུབ་མི་དགོས་བདེ་བར་གནས། །ཞེས་པའི་དོན་བཤད་ལ། དེ་རིང་ཉིད་ནས་སངས་རྒྱས་ཀྱི་དགོངས་པ་ལ་སློབ་བོ། །ཞེས་ལུང་བསྟན་པར་བྱའོ། །གསུམ་པ་སྤྱོད་པས་འཕྲང་བསལ་བ་ལ་གསུམ་སྟེ། ཉོན་མོངས་རང་གྲོལ་གྱི་སྤྱོད་པ། སྣང་བ་དབང་བསྒྱུར་གྱི་སྤྱོད་པ། བརྟུལ་ཞུགས་ལམ་སློང་གི་སྤྱོད་པའོ། །དང་པོ་ནི། བླང་དོར་མེད་པའི་ལེའུ་ལས། འདོད་པ་ལྔ་ཡང་སེམས་ཀྱིས་སྤྱོད་པར་འདོད། །ཅེས་དང་། མི་ནུབ་རྒྱལ་མཚན་གྱི་ལེའུ་ལས། འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་། །བྱང་ཆུབ་ཆེན་པོའི་ལམ་ལས་བྱུང་། །ཀུན་སྤྱོད་འདོད་ཡོན་རྣམ་ལྔ་ཡང་། །ཆོས་ཉིད་དབྱིངས་ཀྱི་རྒྱན་ཞེས་གསུངས། །ཞེས་པ་དང་། བྱར་མེད་རྫོགས་པ་སྒོམ་མེད་ལས་ཀྱང་། ཀུན་དང་མི་མཐུན་འཇིག་རྟེན་ཡོངས་ཀྱིས་སྤང་བའི་ཆོས། །ཉོན་མོངས་ལྔ་པོ་མཚམས་མེད་ལྔ་པོ་ཡང་། །རྣམ་དག་ལམ་དེར་ཞུགས་ན་མཉམ་པའི་རྒྱལ་པོ་ཐོབ། །བུད་མེད་ལ་སོགས་ཀུན་ཀྱང་སྤང་མི་བྱེད། །ཅེས་གསུངས་པས། འདི་ལ་གཉིས་ཏེ། ཉོན་མོངས་སྐྱེ་བའི་ཡུལ་འདོད་ཡོན་རྒྱན་གྱི་སྤྱོད་པ་དང་། དེ་ལ་བླང་དོར་དུ་མ་ཞེན་པ་ཉོན་མོངས་རང་གྲོལ་གྱི་སྤྱོད་པའོ། །དང་པོ་ནི། གཟུགས་སྒྲ་དྲི་རོ་རེག་བྱ་ཡིད་འོང་ཅི་སྣང་ཡང་སྣང་བ་དེ་ཉིད་ཆོས་ཅན་གྱི་ངོས་ནས་རྨི་ལམ་སྒྱུ་མ་ལྟར་སྣང་སྟོང་། གྲགས་སྟོང་། དྲི་སྟོང་། རོ་སྟོང་། རེག་སྟོང་བདེན་མེད་ཀྱི་སྣང་བ་འལ་འོལ། སང་སེང་། ཁྲལ་ཁྲོལ་དུ་སྤྱད་ཅིང་། ཆོས་ཉིད་ཀྱི་ངོས་ནས་རང་སེམས་ཀྱི་སྟོན་པ་གསུངས་པའི་ལེའུ་ལྟར། སྣང་ཐོག་དེ་ཉིད་དུ་ཆེར་བལྟས། ཕྱམ་བཞག་པས་དེར་འཛིན་པ་གང་ཡང་མེད་པའི་ཤེས་པ་གཉིས་མེད་རང་གྲོལ་དུ་འཆར་རོ། །དེ་ལྟ་བུའི་སྤྱོད་པས་སྣང་བ་ཆོས་ཉིད་ཀྱི་རྒྱན་དུ་བྱེད་པས། འདོད་ཡོན་དབྱིངས་ཀྱི་རྒྱན་ཞེས་བྱའོ། །གཉིས་པ་ནི་འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་གང་སྐྱེས་ཀྱང་། དེའི་རྩལ་རྫོགས་སུ་བཅུག་ནས། ལས་མ་བསགས་པའི་དུས་སྐད་ཅིག་དང་པོ་ལ་ངོས་བཟུང་། གཉིས་པ་ལ་དེ་ཐོག་ཏུ་ཆེར་བལྟས་ཏེ་ཕྱམ་བཞག་པས། དུག་ལྔ་གང་སྐྱེས་དེ་ཉིད་མ་སྤངས་རང་སར་གྲོལ་བའི་རིག་པ་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆེན་པོར་འཆར་རོ། །དེ་ཡང་འདོད་ཆགས་བདེ་སྟོང་སོ་སོར་རྟོག་པའི་ཡེ་ཤེས། ཞེ་སྡང་གསལ་སྟོང་མེ་ལོང་ལྟ་བུའི་ཡེ་ཤེས། གཏི་མུག་སྣང་སྟོང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ང་རྒྱལ་རིག་སྟོང་མཉམ་པ་ཉིད་ཀྱི་ཡེ་ཤེས། ཕྲག་དོག་རིག་སྟོང་བྱ་བ་གྲུབ་པའི་ཡེ་ཤེས་སུ་ཤར་ཏེ། ཉན་རང་ལྟར་མ་སྤང་། བྱང་སེམས་ལྟར་མ་སྦྱངས། གསང་སྔགས་ལྟར་མ་བསྒྱུར་བར། ཉོན་མོངས་པའི་རྟོག་པ་དེ་ཉིད་རང་སར་དག་སྟེ། ཀུན་བྱེད་རང་བྱུང་རིག་པའི་རྒྱལ་པོ་ལྷུན་གྱིས་གྲུབ་པས། ཐེག་པ་ཀུན་ལས་ཁྱད་པར་འཕགས་པ་ཞེས་བྱའོ། །དེ་ནི་ནང་ཉོན་མོངས་པ་སྐྱེ་གྲོལ་ཡེ་ཤེས་སུ་ཤར་བས། ད་ལྟར་སངས་རྒྱས་ཀྱི་དགོངས་པ་ལྷུན་གྲུབ་ཆེན་པོ་ལ་རེག་པའི་དགོས་པ་ཡོད་དོ། །གཉིས་པ་སྣང་བ་དབང་སྒྱུར་གྱི་སྤྱོད་པ་ནི། རྣམ་དག་དབྱིངས་ཀྱི་ལེའུ་ལས། མཐའ་དང་དབུས་མེད་ཡངས་པའི་རང་བཞིན་ཤེས། །མི་ལེན་མི་སྤངས་མཉམ་པའི་རྒྱལ་པོར་གནས། །སེམས་དང་བག་ཆགས་གཉིས་མེད་འདྲེས་ཤིང་མཚུངས། །འཛིན་པས་བརྟགས་ཤིང་སྣང་བའི་ཆོས་རྣམས་ནི། །རང་གི་རྒྱན་དུ་སྣང་བས་མི་འདོར་སྤང་མི་བྱེད། །ཅེས་པ་དང་། མི་ནུབ་རྒྱལ་མཚན་ལས། བདག་དང་གཞན་དུ་མི་བྱེད་པས། །སྒྱུ་མ་ལྷུན་གྲུབ་ཡུལ་ལ་རོལ། །ཞེས་པ་དང་། སྙིང་པོའི་དོན་ལ་གནས་པའི་ལེའུ་ལས། ཀྱེ། རིག་པའི་རྒྱལ་པོ་གསལ་བར་དབང་སྒྱུར་བས། །སྙིང་པོ་རྩོལ་སྒྲུབ་འདས་པའི་རང་བཞིན་དེ། །རྟོགས་པ་ཡེ་ཤེས་མཆོག་གིས་ལེན་པར་བྱེད། །འདི་ནི་ཀུན་བྱེད་རྒྱལ་པོའི་དཀྱིལ་འཁོར་ཡིན། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །སྙིང་པོ་སྐུ་ཡི་དཀྱིལ་འཁོར་བཀོད་པ་ནི། །ཇི་ལྟར་སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། །སྐྱེ་བ་མེད་པའི་ཆོས་དབྱིངས་ངང་ལ་བཀོད། །སྙིང་པོའི་དོན་ལ་བླང་དོར་མེད་པའི་ཕྱིར། །དེ་ཡང་ཀུན་བྱེད་ང་ཡི་བཀོད་པ་ཡིན། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །སྙིང་པོ་གསུང་གི་དཀྱིལ་འཁོར་བཀོད་པ་ནི། །ཇི་ལྟར་གྲགས་ཤིང་སྣང་བའི་ཆོས་རྣམས་ཀུན། །སྐྱེ་མེད་དབྱིངས་ལ་ཚིག་གིས་གསུང་དུ་བཀོད། །སྙིང་པོ་བརྗོད་དུ་མེད་པའི་གསུང་ལ་འདུས། །དེ་ཡང་ཀུན་བྱེད་རྒྱལ་པོའི་བཀོད་པ་ཡིན། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །སྙིང་པོ་རིག་པའི་དཀྱིལ་འཁོར་བཀོད་པ་ནི། །ཇི་ལྟར་དྲན་རིག་རྟོག་པ་ཐམས་ཅད་ཀུན། །མ་སྐྱེས་ཀུན་བྱེད་ང་ཡི་དོན་དུ་རིག །ཀུན་བྱེད་ཉིད་ཀྱི་སྐུ་གསུང་ཐུགས་ཉིད་ནི། །མ་བཅོས་རྣལ་བཞག་ཆེན་པོའི་དཀྱིལ་འཁོར་གསུམ། །མ་བཀོད་དུས་གཅིག་རྫོགས་པའི་དོན་རྟོགས་པས། །ལྷུན་གྲུབ་སྙིང་པོའི་དོན་ལ་འཇུག་པར་བྱེད། །ཅེས་གསུངས་པས། གཟུགས་སྣང་། སྒྲ་སྣང་། དྲི་སྣང་། དྲན་རིག་ཡིད་ཀྱི་རྟོག་པ་ཐམས་ཅད་སྣང་དུས་ཉིད་ནས་མ་སྐྱེས་པའི་དཀྱིལ་འཁོར་གསུམ་དུ་གནས་ཤིང་། དེ་ཐོག་ཏུ་རྟོག་དཔྱོད་གང་ཡང་མི་བྱེད་པར་རང་བབ་གཉིས་མེད་ཆེན་པོར་སྤྱོད། དེས་ནི་སྣང་སྲིད་དཀྱིལ་འཁོར་གྱི་རང་བཞིན་དུ་རྟོགས་པས་དགག་སྒྲུབ་དང་སྤང་གཉེན་རང་སར་གྲོལ་བའི་དགོས་པ་ཡོད་དོ། །གསུམ་པ་བརྟུལ་ཞུགས་ལམ་སློང་གི་སྤྱོད་པ་ནི། དགའ་མི་དགའ། བདེ་སྡུག །གཙང་བཙོག །འཇིགས་མི་འཇིགས། ན་མི་ན། དགྲ་གཉེན། ཆགས་སྡང་ལ་སོགས་པ་གཉིས་ཆོས་དགག་སྒྲུབ་ཀྱི་ཞེན་ཡུལ་བླང་དོར་ཐམས་ཅད་ཀྱི་སྟེང་དུ་རོ་སྙོམས་ཞིང་ཐོག་འགེལ་བཟློག་སྒོམ་བྱ་བ་ཡིན་ཏེ། མ་གཡོས་འདོད་པ་མེད་པའི་ལེའུ་ལས། ཀྱེ་སེམས་དཔའ་ཆེན་པོ། གཅིག་ལ་གཉིས་སུ་མ་འབྱེད་ཅིག །བདེ་དང་སྡུག་བསྔལ་བྱང་ཆུབ་གཅིག །སངས་རྒྱས་སེམས་ཅན་སེམས་སུ་གཅིག །སྣང་སྲིད་སྣོད་བཅུད་ཆོས་ཉིད་གཅིག །བདེན་རྫུན་གཉིས་ཀྱང་ཆོས་ཉིད་མཉམ། །བདེ་བ་མ་ལེན་སྡུག་མ་སྤངས། །རང་བཞིན་གནས་པ་ཀུན་ཀྱང་བསྒྲུབ། །བདེ་ལ་ཆགས་པ་སྡུག་བསྔལ་ཡིན། །ཀུན་བསལ་དེ་ལ་རྟོག་མེད་པས། །དེ་ནི་རང་བྱུང་ཡེ་ཤེས་ཡིན། །ཞེས་པ་དང་། བླང་དོར་མེད་པའི་ལེའུ་ལས། ཀྱེ། ཀུན་བྱེད་རྒྱལ་པོའི་སྤྱོད་པ་བསྟན་པ་ནི། །དགེ་སྡིག་བླང་དོར་གཙང་དམེ་ཆེ་ཆུང་ཀུན། །སྐྱེ་མེད་བྱང་ཆུབ་སེམས་སུ་ཀུན་གཅིག་པས། །བླང་དང་དོར་བ་མེད་པའི་དོན་དུ་རྟོགས། །གཙང་དང་མི་གཙང་མེད་པ་ཉིད་དུ་རྟོགས། །སྤྱད་དང་མ་སྤྱད་གཉིས་སུ་མེད་པར་རྟོགས། །མཐའ་དང་དབུས་སུ་འབྱེད་པ་མེད་པར་རྟོགས། །གཞི་རྩ་མེད་པའི་བྱང་ཆུབ་སེམས་སུ་རྟོགས། །ཀྱེ། ཀུན་བྱེད་རྒྱལ་པོའི་སྤྱོད་པ་བསྟན་པ་ནི། །གང་ལྟར་སྤྱོད་པ་དེ་ལྟར་མི་འགལ་ཏེ། །བྱས་དང་མ་བྱས་གཉིས་ཀ་སྐྱེ་མེད་པས། །ཤེས་པས་གང་ལྟར་བྱས་པ་སྐྱེ་མེད་དོན། །ཀྱེ། ཀུན་བྱེད་རྒྱལ་པོ་ང་ཡི་སྤྱོད་པ་ལ། །མཁའ་ལྟར་གནས་པས་གྲངས་དང་ཚད་བཟུང་མེད། །གཉིས་སུ་མེད་པས་ཡིན་མིན་ཕྱོགས་ལས་འདས། །ཀུན་བྱེད་བྱང་ཆུབ་སེམས་ཀྱི་སྤྱོད་པ་རྟོགས། །འདོད་ཡོན་ལྔ་ཡང་སེམས་ཀྱི་སྤྱོད་པར་རྟོགས། །ཆགས་སྡང་ལྔ་ཡང་སེམས་ཀྱི་སྤྱོད་པར་རྟོགས། །རྒྱན་གྱི་རྒྱུ་ལྔ་སེམས་ཀྱི་སྤྱོད་པར་རྟོགས། །ཁམས་གསུམ་སྲིད་གསུམ་སེམས་ཀྱི་སྤྱོད་པར་རྟོགས། །སྐྱེ་མེད་མ་གཏོགས་པ་ཡི་སྤྱོད་པ་ནི། །རྒྱལ་བ་ཀུན་གྱི་མེས་པོ་ངས་མ་བཤད། །ཅེས་པ་དང་། མཉམ་པ་བླང་དོར་མེད་པའི་ལེའུ་ལས། ཀྱེ། ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་ང་ནི། །ང་ཡི་འཁོར་དུ་འདུས་པའི་ཚོགས་རྣམས་ལ། །བླང་དང་དོར་བའི་ཆོས་ཉིད་ངས་མི་སྟོན། །གཅིག་ལས་གཉིས་སུ་དབྱེ་བའི་ཆོས་མི་སྟོན། །རྟོག་དང་དཔྱོད་འདས་རྟོག་དཔྱོད་བསམ་མི་བྱེད། །མ་བཅོས་ཇི་བཞིན་པ་ལ་འཆོས་མི་བྱེད། །བྱ་བ་གང་དང་ཅི་སྣང་ཆོས་ཉིད་ལ། །མ་བསམ་རང་བཞིན་བཞག་པས་གྲོལ་བར་སྟོན། །ཞེས་པ་དང་། ཡང་དེ་ཉིད་ལས། ཀུན་བྱེད་རྒྱལ་པོ་ང་ཡི་སྤྱོད་པ་ནི། །མ་བཙལ་ལྷུག་པར་བཞག་པས་དོན་ཀུན་རྫོགས། །སྙིང་པོའི་དོན་དུ་འདུས་པས་བླང་དོར་མེད། །རེ་དོགས་རྣམ་པར་ཆད་པས་མྱ་ངན་འདས། །ཀུན་བྱེད་ང་ཡི་སྤྱོད་པ་གང་རྟོགས་པས། །དུས་གསུམ་སྐྱེ་མེད་དོན་དུ་མཉམ་པ་ལ། །འཇུག་དང་མི་འཇུག་ཚིག་ལས་ཤིན་ཏུ་འདས། །འདི་ནི་བླང་དོར་མེད་པར་ལུང་བསྟན་ཏོ། །ཞེས་གསུངས་སོ། །དེ་ལྟར་གཉིས་མེད་རང་གྲོལ་དུ་སྤྱོད་པས་སྤང་གཉེན་གྱི་མཁར་འགྱེལ། གཉེན་པོའི་དྲན་པའི་མེལ་ཚེ་ཞིག །འདི་ཡིན་གྱི་ཆོས་མེད། རེ་དོགས་ཀྱི་འཕྲང་འདས། དུས་གསུམ་གཞི་མེད་ཀུན་བྱེད་རྒྱལ་པོའི་དགོངས་པ་མ་བགྲོད་ལྷུན་གྱིས་གྲུབ་པས། ཆོས་ཉིད་ཟད་པའི་ས་ལ་གཏན་སྲིད་ཟིན་པ་ཞེས་བྱའོ། །དེས་ནི་ལྟ་སྒོམ་བོགས་འབྱིན་པའིི་དགོས་པ་ཡོད་དོ། །བཞི་པ་འབྲས་བུ་རེ་དོགས་སྤང་བ་ནི། ད་ལྟར་གྱི་སེམས་ཉིད་ཡེ་གྲོལ་གཞི་རྩ་མེད་པའི་ངོ་བོ་ཉིད་ལས་གཞན་པའི་སངས་རྒྱས་ཞིག་ལོགས་ན་བཙལ་དུ་མེད་དེ། བཅོས་སུ་མེད་པའི་ལེའུ་ལས། ཀྱེ། ཆོས་ཀྱི་སྐུ་ནི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལས་ཆོས་ཀྱི་སྐུ། །རྡུལ་ཙམ་སུས་ཀྱང་བཅོས་པ་མེད། །དེ་ནས་སངས་རྒྱས་སེམས་ལས་མེད། །ལོངས་སྤྱོད་རྫོགས་སྐུ་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལས་ལོངས་སྤྱོད་སྐུ། །སེམས་ལས་བྱུང་བའི་གཟུགས་རྣམས་ལས། །ལོངས་སྤྱོད་རྫོགས་ལས་སྐུ་གཞན་མེད། །སྤྲུལ་པའི་སྐུ་ནི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ཀྱི་སྤྲུལ་པ་ལས། །འགྲོ་བའི་དོན་མཛད་གཞན་ན་མེད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་། །བྱང་ཆུབ་སེམས་ལས་གཞན་མེད་དེ། །སྔ་རབས་འདས་པའི་སངས་རྒྱས་རྣམས། །རང་སེམས་མ་བཅོས་སྔར་མཐོང་རྟོགས། །ད་ལྟར་བཞུགས་པའི་སངས་རྒྱས་རྣམས། །མ་བཅོས་པ་ཡི་རང་སེམས་དེ། །མ་བཅོས་ཇི་བཞིན་རྟོགས་གྱུར་ཏེ། །ད་ལྟ་འགྲོ་བའི་དོན་ཡང་མཛད། །སླད་ནས་འབྱོན་པའི་སངས་རྒྱས་རྣམས། །རང་བྱུང་སེམས་ཉིད་འདི་ལ་ནི། །སྔ་བར་འཆོས་པར་ལུང་མ་བསྟན། །ད་ལྟ་ཏིང་འཛིན་སེམས་མི་འཆོས། །མ་བཅོས་ལམ་དུ་ཞུགས་ནས་བྱོན། །ཞེས་སོ། །དེས་ན་སེམས་ཉིད་བཅོས་བསླད་མེད་པའི་ངང་ན་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་བཞུགས་པ་ད་ལྟ་རང་ཆས་ལྷུན་གྲུབ་ཏུ་ཡོད་པ་ཡིན་ཏེ། སྦྱང་དུ་མེད་པའི་ལེའུ་ལས། ཀློང་ཆེན་སེམས་ཀྱི་གནས་འདི་ན། །མི་གནས་པ་ནི་གཅིག་ཀྱང་མེད། །ཀུན་གྱི་གནས་དང་ས་ཡིན་ཏེ། །འདུ་འབྲལ་མེད་པ་དེ་ན་བཞུགས། །དེ་ལ་སྦྱང་ཞིང་བགྲོད་མི་དགོས། །ཞེས་སོ། །འོ་ན་ད་ལྟ་སངས་རྒྱས་ཡིན་ན་ས་དྲུག་རྫོགས་སམ་ཞེ་ན། ཤིན་ཏུ་ཡང་རྫོགས་པར་བཤད་དེ། དེ་ཉིད་ལས། རང་བྱུང་ཡེ་ཤེས་མ་འགགས་པ་ཡི་རྟགས། །དབང་པོ་སྒོ་ལྔ་ཀུན་ཏུ་གསལ་བ་ལ། །ཀུན་ཏུ་འོད་ཀྱི་ས་ཞེས་བཏགས་པ་ཡིན། །ཡུལ་ལ་མི་རྟོག་ཆགས་པ་མེད་པ་ལ། །མ་ཆགས་པདྨ་ཅན་དུ་བཏགས་པ་ཡིན། །སྐྱེ་འཇིག་མེད་པའི་བྱང་ཆུབ་སེམས་དེ་ལ། །རྡོ་རྗེ་འཛིན་པ་ཞེས་སུ་ང་ཡིས་བཏགས། །རང་གི་རང་བཞིན་ཆོས་ཉིད་དཔག་མེད་ལ། །རང་བྱུང་ཡེ་ཤེས་མི་རྟོག་མཉམ་པར་བཀོད། །སྟུག་པོ་བཀོད་པའི་ས་ཞེས་བཏགས་པ་ཡིན། །བྱང་ཆུབ་སེམས་ཀྱི་རང་བཞིན་དཀྱིལ་འཁོར་དེ། །རང་ལ་གནས་པའི་ཆོས་རྣམས་ཐམས་ཅད་ལ། །ཡི་གེ་འཁོར་ལོ་ཚོགས་ཆེན་ས་རྣམས་ཏེ། །སྐུ་གསུང་ཐུགས་ལ་སྐྱེ་དང་འཇིག་མེད་པས། །རྡོ་རྗེ་འཆང་གི་ས་ཞེས་བཤད་པ་ཡིན། །བྱང་ཆུབ་སེམས་ལ་རྒྱུ་འབྲས་གཉིས་མེད་དེ། །སེམས་ལས་བྱུང་བའི་ཆོས་རྣམས་ཐམས་ཅད་ལ། །བཟང་ངན་བླང་དོར་ཡེ་ནས་མེད་པའི་ཕྱིར། །དབྱེ་བ་མེད་པའི་ས་ཞེས་ང་ཡིས་བཤད། །ཅེས་པས་གཅིག་ལ་སོ་སོར་དབྱེ་ན་དྲུག་ཏུ་སྣང་ཡང་། དེ་དག་རང་བྱུང་ཡེ་ཤེས་ཀྱི་ས་གཅིག་པ་ལས་གཞན་མ་ཡིན་པས་རྫོགས་པ་ཆེན་པོ་ས་གཅིག་པ་ཞེས་བྱའོ། །དེས་ན་ད་ལྟའི་སེམས་ལ་ཡེ་ནས་སྒྲིབ་པ་མེད་པས། དེ་བཞིན་ཉིད་གཅིག་ལས་མ་གཡོས་ཀྱང་སྒོ་ལྔའི་རྣམ་པ་སོ་སོར་གསལ་བ་དང་། ཉོན་མོངས་པ་ལྔ་ཡེ་ཤེས་ལྔར་སོ་སོར་གསལ་བ་ཉིད་ཡེ་ཤེས་ཀྱི་རོལ་པ་ཞེས་བྱ་སྟེ། མ་བཙལ་རང་ལ་རྫོགས་པས་རེ་དོགས་བྱ་མི་དགོས་པ་ཉིད་དོ། །ཡེ་ཤེས་སྒྲིབ་པ་མེད་པའི་ལེའུ་ལས། ཀྱེ། ཀུན་བྱེད་རྒྱལ་པོ་ང་ཡི་ཡེ་ཤེས་ནི། །རྣམ་པར་མི་རྟོག་སྤྲོས་པ་ཀུན་དང་བྲལ། །རབ་ཞི་རྡུལ་མེད་མཁའ་ལྟར་དག་པ་སྟེ། །སྐྱེ་བ་མེད་པ་ཞེས་སུ་བསྟན་པ་ཡིན། །རང་བྱུང་ཡེ་ཤེས་གཅིག་ལས་མ་གཡོས་ཀྱང་། །རྣམ་པའི་ཁྱད་པར་མ་བཅོས་སོ་སོར་གསལ། །དེ་ལྟར་གང་གིས་རིག་ཅིང་རྟོགས་པ་ནི། །ཀུན་བྱེད་རྒྱལ་པོའི་སྲས་སུ་ལུང་བསྟན་ཏོ། །ཞེས་སོ། །དེ་ཡང་རང་གསལ་སྤྲོས་བྲལ་གྱི་སེམས་ཉིད་གྲྭ་མ་ཆག་ཟུར་མ་ཉམས་པར་རྩོལ་མེད་གཞི་གྲོལ་དུ་རྟོགས་པ་ལས་གཞན་པའི་འབྲས་བུ་མེད་དོ། །ལྷུན་གྲུབ་བཙལ་དུ་མེད་པའི་ལེའུ་ལས། ཀྱེ། ང་ནི་མ་བཙལ་ལྷུན་གྱིས་གྲུབ་པའི་ཕྱིར། །ཅི་ལྟར་རྟོགས་པ་ཁྱོད་ལ་ལུང་བསྟན་པས། །ཁྱོད་ཀྱིས་ཆོས་ཀུན་དེ་ལྟར་རྟོགས་པར་འགྱུར། །དེ་ལྟར་རྩོལ་སྒྲུབ་མེད་པར་དབུགས་འབྱིན་པ། །ཀུན་བྱེད་རྒྱལ་པོ་ཉིད་དུ་ལུང་བསྟན་ཏོ། །ཞེས་པ་དང་། ལྷུན་གྲུབ་རེ་དོགས་མེད་པའི་ལེའུ་ལས་ཀྱང་། ཀྱེ། སེམས་ཀྱི་རང་བཞིན་ལྷུན་གྱིས་གྲུབ་པའི་ཕྱིར། །གྲུབ་དང་མ་གྲུབ་གཉིས་སུ་ལུང་མི་སྟོན། །བདེ་དང་སྡུག་བསྔལ་གཉིས་སུ་རྟོག་མི་བྱ། །འཁོར་དང་མྱ་ངན་འདས་པར་རེ་དོགས་བྲལ། །ཞེས་སོ། །དེས་ན་རྒྱུ་འབྲས་ཀྱི་ཐེག་པ་བརྒྱད་ནི། རྒྱུ་འབྲས་གཉིས་ལ་གང་ལྟ་བ་འདུས་མ་བྱས་ལ་རྒྱབ་ཀྱིས་ཕྱོགས་པས། ད་ལྟའི་སེམས་ལས་གཞན་པའི་སངས་རྒྱས་འདོད་པ་ཡིན་ཏེ། ནམ་མཁའ་འདི་སྦྱངས་ཤིང་བསྒྱུར་བས་ད་ལྟའི་ནམ་མཁའ་འདི་ལས་གཞན་པའི་ནམ་མཁའ་རྣམ་དག་ཅིག་ཕྱི་ནས་འདོད་པ་དང་མཚུངས་སོ། །འདི་ནི་ད་ལྟ་སངས་རྒྱས་ཀྱི་ངོ་བོར་འདོད་པས། རང་གསལ་དུ་བསྒོམས་པས་ཆུའི་རྙོགས་མ་དྭངས་པ་ལྟར། གློ་བུར་གྱི་ཀུན་རྟོག་སེམས་ཉིད་ཀྱི་ངང་དུ་དྭངས་པས། སྐུ་གསུམ་རང་ཆ ས་སུ་འཆར་བ་ཨ་ཏི་ཡོ་ག་རང་བཞིན་ལྷུན་གྱིས་གྲུབ་པའི་ཐེག་པ་ཡིན་ནོ། །གསུམ་པ་རྗེས་སྣང་ཉམས་སྐྱོང་ཐབས་ནི། བླ་མ་དམ་པའི་མན་ངག་ལས་བྱུང་བ་བཞིན་རང་གིས་ཉམས་སུ་མྱོང་བ་རྣམས་འདིར་བརྗོད་དེ། དེ་ཡང་ལྟ་བ་ཕྱོགས་བྲལ་འཛིན་མེད། སྒོམ་པ་རང་གསལ་ཤར་གྲོལ། སྤྱོད་པ་ཤུགས་འབྱུང་ཟང་ཐལ། འབྲས་བུ་རེ་དོགས་གཉིས་མེད་རྣམས་ཀྱི་དོན་ལ་གོམས་ཤིང་འདྲིས་པར་བྱེད་པ་ལ། ལྟ་བའི་གོལ་ས་སྟོང་པ་ཕྱང་ཆད་པས་དགེ་སྡིག་འཆོལ་བར་སྤྱད་ཅིང་སྙིང་རྗེ་མེད་ན། ནག་པོ་ཁ་འབྱམས་བདུད་ཀྱི་ལྟ་བ་ལ་གོལ་བས། བླ་མ་ལ་གསོལ་བ་བཏབ་པ་དང་། དག་སྣང་མོས་གུས་བྱ། བྱམས་དང་སྙིང་རྗེ་བསྒོམ། ལས་འབྲས་དང་མི་རྟག་པ་ལ་བློ་སྦྱང་ངོ་། །དངོས་པོ་མཚན་མར་ཞེན་ནས་ལྟ་བ་གོ་ཡུལ་ཙམ་ལས་ཕྱི་ནང་གི་ཆོས་ལ་བདེན་བདེན་ཡིན་ཡིན་ངོས་བཟུང་ཅན་དུ་ཤར་ན། བདག་འཛིན་མཚན་མའི་ལྟ་བ་ལ་གོལ་བས་ཆོས་ཐམས་ཅད་བདེན་མེད་ཟང་ཐལ་ལ་བློ་སྦྱོང་། གང་སྣང་རྨི་ལམ་ལ་འཛིན་མེད་སྒྱུ་མར་བསླབ། དེ་ནས་སྣང་བ་ལ་ངོས་འཛིན་མེད་པའི་རིག་པ་རྒྱ་ཆད་ཕྱོགས་ལྷུང་མེད་པ་ཤར་དུས། དེ་ཀའི་ངང་ལ་མ་ཡེངས་པར་གསལ་སང་ངེ་བསྒོམ་མོ། །བྱིང་ཞིང་འཐིབ་ན་རྣམ་རྟོག་ཡུལ་ལ་སྤྲོ། བསིལ་ཁང་མཐོ་སར་བསྟེན། རྩལ་སྦྱང་ཞིང་འབད་དོ། །སྒོམ་པའི་གོལ་ས། རྣམ་རྟོག་སྣ་ཚོགས་འཕྲོ་ན། འཛིན་མེད་དུ་བློ་སྦྱང་སྟེ། དེ་བས་ཀྱང་རྟོག་པ་མང་བར་འཕྲོ་ན། སེམས་ཅུང་ཟད་ཀྱང་ནང་དུ་མི་བཞག་པར་སྤྲོ་ལ་ངོས་བཟུང་། དེ་ནས་གང་དུ་ཡང་མི་འཕྲོ་བའི་ཚེ་ན་རྟོག་མེད་མཉམ་པའི་ངང་ལ་མ་ཡེངས་པར་སེམས་ཕྱི་རོལ་སྣང་བའི་སྟེང་དུ་བཟུང་ལ་བསྒོམས་པས། གསལ་ལ་རྟོག་མེད་དུ་ཤར་བ་ན། དེ་ཉིད་རྒྱུན་བསྲིང་ལ་བསྒོམ་མོ། །བདེ་གསལ་མི་རྟོག་པའི་རིག་པ་ལ་ཆགས་ན། དེ་ཉིད་བཤིག་ལ་རང་རང་གི་ངོ་བོ་ལ་བརྟགས་ཤིང་ལྟ་བའི་རྩལ་སྦྱང་བྱའོ། །དེ་ནས་སྣང་བ་འཛིན་མེད་དུ་བུན་ནེ་ཤིག་གེ་བསྒོམ་བྱ་སྒོམ་བྱེད་བཙལ་སྒྲུབ་མེད་པས་ན། བློ་དེ་ཉིད་ཀྱི་སྟེང་དུ་རྒྱུན་བསྲིང་ལ་གསལ་སྟོང་མི་རྟོག་པ་ལ་རང་ངོ་སྟོང་པའི་ངང་ལ་བློ་སྦྱང་ངོ་། །དེ་ཡང་དང་པོ་དམིགས་པ་གང་ཡང་རུང་བ་གཅིག་ལ་བློ་བརྟན་པ་ཐོབ་པར་བྱེད་པ་གལ་ཆེའོ། །ཕྱི་ནང་གི་ཆོས་ཐམས་ཅད་རོ་མཉམ་གཅིག་ཏུ་འཆར་བར་འདུག་གོ། །སེམས་གནས་ཐོག་ནས་འཕྲོ། འཕྲོ་ཐོག་ནས་གནས། གནས་འཕྲོ་གཉིས་མེད་དུ་ཤར་བ་ནི་གོམས་པ་ཆུང་འབྲིང་ཆེ་གསུམ་མོ། །དེ་ནས་ད་ལྟར་གྱི་སྣང་བ་ལ་བདེན་ཞེན་མེད་པའི་ཉམས་འཆར་རོ། །འདིའི་དུས་སུ་སྣང་བ་ཡད་ཡུད། གཏམ་ཡང་ངེས་མེད། རྨི་ལམ་ཡང་དགེ་བ་འབའ་ཞིག་གོ། །དེ་ནས་སྣང་བ་ཡང་འལ་འོལ། གཏམ་ཡང་འབྲེལ་མེད། རྨི་ལམ་ཡང་ཟིན་ལ་ཉིན་དུས་ཅི་བྱེད་རྨིའོ། །དེ་ནས་སྣང་བ་ཡང་སང་ངེ་། གཏམ་ཡང་ངེས་མེད། རྨི་ལམ་ཡང་འོད་གསལ་དུ་གྲོལ་ཏེ། དེའི་ཚེ་རིག་པ་གཏད་མེད་འབའ་ཞིག་ཏུ་འཆར་རོ། །དེ་ལྟར་རྨི་ལམ་རྒྱུན་ཆད་ནས་བག་ཆགས་ཀྱི་འཁྲུལ་པ་ཞིག་ཅིང་སངས་ཏེ། སེམས་ཉིད་ནམ་མཁའ་ལྟ་བུའི་རང་བཞིན་དབྱིངས་སྐྱེ་བ་མེད་པ་དང་རོ་མཉམ་གཅིག་ཏུ་གྱུར་པས་གདོད་མའི་ཀུན་བྱེད་ཡེ་ཤེས་སྒྲིབ་པ་མི་མངའ་བའི་གཞི་ལ་བྱང་ཆུབ་པ་ཞེས་བྱའོ། །དེ་ཡང་སེམས་ཉིད་སྤྲོས་པ་དང་བྲལ་བའི་ངང་དུ་བསྒོམས་པས་ཆོས་སྐུ་མཐར་ཐུག་གི་དོན་ལྷུན་གྱིས་གྲུབ་ནས། ལོངས་སྐུ་དང་སྤྲུལ་སྐུ་དེའི་ངང་ལས་ལྷུན་གྲུབ་ཏུ་འཆར་བ་ནི། རང་བྱུང་ཡེ་ཤེས་ཀྱི་ཆེ་བའོ། །སྤྱོད་པའི་གོལ་ས་ཐ་མལ་རང་ཁ་གཉིས་འཛིན་མཚན་མ་ལ་ཞེན་པ་སྟེ། གང་བྱུང་ཡང་ལྟ་སྒོམ་གྱི་དོན་ལས་ཅུང་ཟད་ཀྱང་མ་ཡེངས་པར་སྤྱོད་པས་ཤུགས་འབྱུང་ཟང་ཐལ་གྱི་སྤྱོད་པ་ཚོགས་དྲུག་ལྷུག་པའི་རང་བཞིན་ཅན་འབྱུང་ངོ་། །དེ་ཉིད་ཀྱི་དོན་ལ་མི་འགལ་བར་སྤྱོད་དོ། །འབྲས་བུའི་གོལ་ས། རེ་དོགས་གཉིས་སུ་འཛིན་པའི་རྟོག་པ་འབྱུང་སྟེ། རང་བྱུང་གི་ཡེ་ཤེས་འདི་ཉིད་སངས་རྒྱས་ཡིན་པར་དོན་ལ་ཡིད་ཆེས་པས། ཐེ་ཚོམ་ཅན་དུས་ཕྱིས་ཐོབ་པར་རེ་བའི་གོལ་ས་ལས་གྲོལ་ལོ། །དོན་གསུམ་པ་གསང་ཞིང་རྒྱས་གདབ་པ་ནི། སྣོད་མིན་ལ་གསང་ཞིང་སྣོད་ལྡན་ལ་ཡང་ལྔ་ལས་མང་ན་མཁའ་འགྲོའི་བཀའ་ཆད་འབྱུང་བས་རབ་ཏུ་གསང་ངོ་། །མ་གསང་ན་གཉིས་ཀ་ལ་བར་ཆོད་དང་སྒྲོ་སྐུར་འབྱུང་ཞིང་སྙིང་པོའི་ཐེག་པ་ནུབ་པར་འགྱུར་ཏེ། བསྟན་པ་གང་ལ་བཞག་པ་ལས། སྙིང་པོའི་དོན་ལ་བླང་དོར་མི་གནས་ཀྱང་། །མི་མ་ཡིན་དང་འབྱུང་པོས་བར་གཅོད་ཅིང་། །མཁའ་འགྲོ་གྲུབ་པ་ཅན་གྱིས་གཉིས་ཀ་ལ། །དུས་མིན་འཆི་དང་འཇིགས་པའི་དབང་གྱུར་ནས། །སྒྲོ་སྐུར་དབང་གིས་སྙིང་པོའི་ཐེག་པ་སྣུབ། །དེ་བས་རིགས་ངན་གང་ཟག་ལ་གསང་བྱ། །ཞེས་གསུངས་སོ། །དེ་ལྟར་སྣོད་མིན་ལ་གསང་ཞིང་། སྐལ་ལྡན་ལ་བསྟན་པས་མཆོག་གི་དངོས་གྲུབ་འགྲུབ་བོ། །དེ་ལྟར་ཀུན་བྱེད་སྙིང་པོའི་དོན་ཁྲིད་འདི། །བློ་བཟང་སློབ་མ་དམ་པས་བསྐུལ་བའི་ངོར། །གངས་རི་ཐོད་དཀར་མགུལ་དུ་ལེགས་པར་བཀོད། །དགེ་བས་འགྲོ་ཀུན་ཀུན་བྱེད་ཉིད་གྱུར་ཅིག །གང་བློ་མཁའ་ལྟར་ཡངས་ཤིང་རབ་ཞི་ཡང་། །དེ་ཡིས་ཅུང་ཟད་མ་རྟོགས་ལོག་པར་རྟོག །ཉན་བློ་མུན་པའི་རང་བཞིན་འདི་མཐོང་ནས། །འཕགས་བློའི་ཐུགས་རྗེས་ཟིན་པའི་གོ་སྐབས་དཀའ། །དེང་སང་བག་ཆགས་སྲིད་པའི་མཚོར་འཁྱམས་ཏེ། །གཏི་མུག་རང་བཞིན་སྒྲིབ་པའི་དྲྭ་བས་གཡོགས། །ཆོས་ཚུལ་རིན་ཆེན་མིག་ཐུར་དབྱེ་བྱས་ཀྱང་། །ད་དུས་སྙིང་པོའི་དེ་ཉིད་མཐོང་དུས་མེད། །ཀྱེ་མ་སེམས་ཉིད་རིན་ཆེན་ནོར་བུ་མཆོག །བསྐལ་མང་གཞན་དུ་སྟོར་བ་འདིར་རྙེད་ཀྱང་། །ལེན་པར་མི་བྱེད་སྤྲོས་པའི་རླུང་གིས་དཀྲུག །ཉེ་དུ་འཁོར་བའི་འཕྲང་ལས་ཐར་དུས་མེད། །གང་ན་གནས་རྣམས་བྱང་ཆུབ་དེ་འདོད་ཀྱང་། །དབེན་པའི་སེམས་ལ་དེ་ཉིད་མཐོང་དུས་མེད། །འདིར་འབད་ཕྱི་དུས་རེ་བའི་བསམ་པ་བསླུས། །ཏིང་འཛིན་ལས་རུང་ཙམ་ཞིག་འདིར་ཡོད་དམ། །བདག་གཞན་དོན་མེད་འཇིག་རྟེན་གཡེང་བའི་མཚོར། །བསྐལ་པ་མང་ཞིག་ལྷུང་བས་ཐར་དུས་མེད། །དེ་བས་སྐྱོབ་པར་བྱེད་པ་སུ་ཞིག་ཡོད། །འདི་ལྟར་བསམ་པས་མི་བཟོད་སྐྱོ་བ་འཕེལ། །ཟབ་མོའི་ཆོས་ཚུལ་བརྒལ་དཀའ་རིན་ཆེན་གྲུ། །མངོན་སུམ་སྙིང་པོ་སེམས་ཉིད་འདིར་བརྟེན་ནས། །མི་ཡི་སྲིད་པ་དོན་དང་ལྡན་པར་མཛོད། །ནམ་ཕུག་གཏན་གྱི་བདེ་བ་རྙེད་པར་འགྱུར། །བདག་གིས་དེང་ནས་སྲིད་པའི་འགྲོ་བ་ལ། །སྙིང་རྗེའི་ཤས་ཙམ་སྦྱིན་པ་མ་གཏོགས་པ། །དེ་ཉིད་མངོན་སུམ་འདྲེན་པར་ནུས་མེད་པས། །གཅིག་པུར་ནགས་ཀྱི་ནང་འདིར་གནས་པ་ཡིན། །ཆུ་གཙང་ལོ་མ་མེ་ཏོག་འབྲས་མང་ཞིང་། །རྦ་དང་འཁྲི་ཤིང་འོད་མའི་ར་བས་བསྐོར། །སྨྱུག་མའི་བསིལ་ཁང་ཡིད་འོང་ཉམས་དགའ་བར། །བདག་བློ་ཞི་བའི་ཏིང་འཛིན་འགྲུབ་པར་ཤོག །དེར་ནི་འདྲེ་དང་སྐྱེ་བོས་མི་མཐོང་ཞིང་། །ཆུ་གཙང་དཀའ་ཐུབ་ཟས་ཙམ་དེར་ཚོལ་བས། །བླ་མའི་མན་ངག་བདུད་རྩིའི་དོན་བསྒོམས་ཏེ། །སྲོག་དང་བཅས་པའི་ལུས་འདི་འདོར་བར་ཤོག །དེར་ཡང་འཆི་ཁའི་འོད་གསལ་ཟིན་པ་དང་། །བར་དོའི་འོད་གསལ་གདོད་མའི་སར་གྲོལ་ཏེ། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ཡིས། །འགྲོ་བའི་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག །བྱང་ཆུབ་སེམས་ཀུན་བྱེད་རྒྱལ་པོའི་དོན་ཁྲིད་རིན་ཆེན་གྲུ་བོ་ཞེས་བྱ་བ་ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས། སློབ་མ་དམ་པས་བསྐུལ་བའི་ངོར། ལོ་ཙཱ་ཆེན་པོ་བཻ་རོ་ཙ་ནའི་སེམས་ལུང་རིན་ཆེན་སྒྲོན་མའི་ལུང་བཞིན་བཀོད་པ་རྫོགས་སོ།། །།དཔལ་སྔགས་ཀྱི་བདག་མོ་དང་། གཟའ་ཡི་དགེ་བསྙེན་ཆེན་པོ་རཱ་ཧུ་ལ་དང་། དམ་ཅན་རྡོ་རྗེ་ལེགས་པས་བཀའ་འདི་སྲུངས་ཤིག །ས་མ་ཡ།། །།

ཀུན་བྱེད་རྒྱལ་པོའི་རྒྱུད་ཀྱི་བསྡུས་དོན་ཉི་ཟླའི་དྲྭ་བ། ཀློང་ཆེན་རབ་འབྱམས།

ཀུན་བྱེད་རྒྱལ་པོའི་རྒྱུད་ཀྱི་བསྡུས་དོན་ཉི་ཟླའི་དྲྭ་བ་ཞེས་བྱ་བ་བཞུགས་སོ། །ཤེས་བྱའི་མཁའ་དབྱིངས་སྒྲིབ་པ་མེད་སྤྱན་ཇི་སྙེད་ཇི་བཞིན་གཟིགས་གྱུར་ཅིང་། །ཕན་བདེའི་འོད་ཟེར་ཤིན་ཏུ་མཐའ་ཡས་ས་གསུམ་སྐྱེ་དགུའི་བླ་མར་གཤེགས། །གདོད་མའི་མགོན་པོ་ཀུན་ཏུ་བཟང་དེ་སྐུ་གསུམ་མཛད་པའི་ཕྲིན་ལས་ཅན། །མ་ལུས་སྲིད་ཞིའི་དཔལ་དུ་གྱུར་ལ་ཀུན་ནས་དགའ་བའི་གཙུག་གིས་མཆོད། །སེམས་ཉིད་རང་བཞིན་གཟོད་ནས་འོད་གསལ་རང་བཞིན་གཞི་ཡི་ཀུན་ཏུ་བཟང་། །མཉམ་ཞིང་དྲི་མེད་ཆོས་སྐུའི་མཁའ་དབྱིངས་སྤྲོས་ཀུན་རབ་ཞྭིའི་ངང་ཉིད་ལས། །གདངས་ཀྱི་ཡེ་ཤེས་སེམས་དཔའ་རྡོ་རྗེ་ཡུལ་དྲུག་འཛིན་པའི་རྣམ་པར་ཤེས། །གཟུངས་དང་འཛིན་པ་གཉིས་སུ་མེད་གང་ཀུན་བྱེད་རྒྱུད་རྒྱལ་གསལ་བར་བྱ། །འདིར་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། ལུང་ཐམས་ཅད་ཀྱི་རྩ་བ། མན་ངག་ཐམས་ཅད་ཀྱི་ཉིང་ཁུ། བསྟན་པ་ཐམས་ཅད་ཀྱི་སྙིང་པོ། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། བཀའ་ཐམས་ཅད་ཀྱི་འགྲེལ་པ། ལྟ་བ་ཐམས་ཅད་ཀྱི་མེ་ལོང་། རྒྱུད་དང་མདོ་སྡེ་ཀུན་གྱི་སྤྱི་འགྲེལ། ཆོས་ཐམས་ཅད་ཀྱི་མདོ། རྒྱལ་བ་ཐམས་ཅད་བསྐྱེད་པར་བྱེད་པའི་ཡུམ། མ་རིག་པའི་མུན་པ་སེལ་བར་བྱེད་པ། ཡེ་ཤེས་ཆེན་པོའི་སྣང་བ་མཆེད་པར་བྱེད་པ། ཉོན་མོངས་པའི་འཕྲེང་ཐག་གཅོད་པར་བྱེད་པ། སྡུག་བསྔལ་གྱི་རྒྱ་མོ་འདྲལ་བར་བྱེད་པ། མ་བཅོས་དོན་གྱི་ལུང་། སྐལ་ལྡན་ཐམས་ཅད་དུས་གཅིག་ལ་གྲོལ་བར་བྱེད་པའི་རྒྱུད། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལྟ་བ་ནམ་མཁའ་དང་མཉམ་པ། སེམས་ཉིད་བྱ་རྩོལ་མེད་པའི་རྒྱུད་ཀྱི་རྒྱལ་པོ་འཆད་པ་ལ་གསུམ་སྟེ། བཤད་པ་ལ་འཇུག་པའི་རྒྱུད་དང་། རྒྱུད་དངོས་ཇི་ལྟར་བཤད་པ། ཡོངས་སུ་རྫོགས་པའི་དོན་ནོ། །དང་པོ་ལ་གཉིས་ཏེ། མཚན་གྱི་དོན་དང་། ཕྱག་གི་དོན་ནོ། །གཉིས་པ་ལ་གསུམ་སྟེ། རྩ་རྒྱུད་ཐོས་པས་ཤེས་རབ་ལ་གདམས་པ། ཕྱི་མ་བསམ་བྱུང་གི་ཤེས་རབ་ལ་གདམས་པ། ཕྱི་མའི་ཕྱི་མ་སྒོམ་བྱུང་གི་ཤེས་རབ་ལ་གདམས་པའོ། །དང་པོ་ལ་གསུམ་སྟེ། གླེང་གཞི་ཕུན་སུམ་ཚོགས་པའི་ཚུལ་གྱིས་རྒྱུད་མདོར་བསྟན་པ་དང་། སྟོན་པ་ཕུན་སུམ་ཚོགས་པའི་ཚུལ་གྱིས་རྒྱས་པར་བཤད་པ་དང་། སྙིང་པོ་ཕུན་སུམ་ཚོགས་པའི་ཚུལ་གྱིས་དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། གླེང་གཞི་དང་། གླེང་བསླང་བའོ། །དང་པོ་ལ་གཉིས་ཏེ། ཕུན་སུམ་ཚོགས་པ་ལྔའི་རང་བཞིན་མདོར་བསྟན་པ་དང་། དེའི་བྱེ་བྲག་རྒྱས་པར་བཤད་པའོ། །དེ་ལ་གཉིས་ཏེ། གནས་དང་འཁོར་ཕུན་སུམ་ཚོགས་པའོ། །དེ་ལ་གསུམ་སྟེ། སྣང་སྲིད་གདོད་ནས་དག་པ་སྐུ་གསུམ་གྱི་འཁོར་དང་། ལམ་མངོན་པར་སྣང་བ་རྣལ་འབྱོར་བཞིའི་འཁོར་དང་། འབྲས་བུ་གཞི་ཐོག་ཏུ་གྲོལ་བ་དུས་གསུམ་སངས་རྒྱས་ཀྱི་འཁོར་རོ། །དང་པོ་ལ་གསུམ་སྟེ། མདོར་བསྟན་པ་དང་། རྒྱས་པར་བཤད། དོན་བསྡུ་བའོ། །གཉིས་པ་ལ་གསུམ་སྟེ། རང་བཞིན་གདོད་ནས་དག་པ་སྟོང་པ་ཉིད་ཆོས་ཀྱི་སྐུའི་འཁོར་དང་། ངོ་བོ་འབྱུང་བ་ལྔར་སྣང་བ་གསལ་སྟོང་ལོངས་སྤྱོད་རྫོགས་པ་སྐུའི་འཁོར་དང་། ཐུགས་རྗེ་རིག་པའི་ཡེ་ཤེས་ཁམས་གསུམ་སེམས་ཅན་དུ་སྣང་བ་སྤྲུལ་སྐུའི་འཁོར་རོ། །གཉིས་པ་གླེང་བསླང་བ་ལ་གསུམ་སྟེ། སྟོན་པས་དགོངས་དོན་གྱིས་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ། དེ་ལས་ཉིད་ཀྱི་ཐུགས་རྗེ་རིག་པའི་འཁོར་སེམས་དཔའ་རྡོ་རྗེར་སྤྲུལ་ཏེ་བཀོད་པ། དེ་ཉིད་ཀྱིས་ཞུས་ཤིང་ལན་གསུངས་པའོ། །དེ་ལ་གཉིས་ཏེ། ཆོས་ཀུན་གྲུབ་གསལ་མེད་པ་ཡེ་ནས་ཐིག་ལེ་གཅིག་གི་རང་བཞིན་ལ་ཕུན་སུམ་ཚོགས་པ་ལྔར་ཇི་ལྟར་འཐད་ཞུས་པ་དང་། དབྱིངས་གཅིག་དེ་བཞིན་ཉིད་ཆོས་ཐམས་ཅད་ཀྱི་འབྱུང་གནས་སམ་ངོ་བོར་གནས་པས་དེའི་འཐད་པ་ཀུན་བྱེད་ཉིད་དུ་གསུང་ཚུལ་ལོ། །དོན་གཉིས་པ་བསྟན་པ་ཕུན་སུམ་ཚོགས་པའི་ཚུལ་གྱིས་རྒྱས་པར་བཤད་པ་ལ་གསུམ་སྟེ། ཕུན་སུམ་ཚོགས་པ་ལྔའི་རང་བཞིན་ཇི་ལྟར་བཀོད་ཅིང་བྱུང་བའི་ཚུལ་བསྟན་པ། གནས་ལུགས་རྒྱ་ཆེར་བཤད་པ། ཚིག་དོན་བསྡུས་ཏེ་དཀྲོལ་བའོ། །དང་པོ་ལ་གཉིས་ཏེ། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་གདོད་ནས་ཕུན་སུམ་ཚོགས་པ་ལྔར་བཀོད་ཚུལ་བསྟན་པ་དང་། དེ་ཉིད་གཤིས་ཀུན་བྱེད་དེ་བཞིན་ཉིད་ཀྱི་ངང་ལས་བྱུང་ཚུལ་བཤད་པའོ། །དང་པོ་ནི་ལེའུ་གཉིས་པས་བསྟན་པ་ལའང་གཉིས་ཏེ་ལེའུ་ལ་འཇུག་པའི་རྒྱུའི་ཚུལ་གྱིས་མདོར་བསྟན་པ་དང་། དེ་ཉིད་རྒྱ་ཆེར་བཤད་པས་རྒྱས་པར་བསྟན་པའོ། །འདི་ལ་གསུམ་སྟེ། རིག་པའི་སེམས་དཔའ་ཉིད་འཁོར་དུ་བཀོད་པའི་དོན་ཞུས་པ། དེ་བཞིན་ཉིད་ཀྱིས་སྟོན་པའི་ངང་ལས་ཕུན་སུམ་ཚོགས་པས་བསྡུས་པའི་ཆོས་ཉིད་བཀོད་པ། དེའི་དོན་དྲི་ལན་དུ་བཤད་པའོ། །གཉིས་པ་ལའང་བཞི་སྟེ། གདོད་མའི་གཞི་ཀུན་བྱེད་ཉིད་སྐུ་གསུམ་དུ་བཀོད་པ། དེ་ལས་རང་བྱུང་གི་ཡེ་ཤེས་ལྔ་བཀོད་པ། དེ་ལས་སྲིད་གསུམ་སྣོད་བཅུད་ཀྱི་རང་བཞིན་བཀོད་པ། དེ་ལྟར་དག་མ་དག་སྣ་ཚོགས་སུ་སྣང་དུས་ཉིད་ནས་རང་བཞིན་སྤྲོས་པའི་མཐའ་བྲལ་དུ་གནས་པའོ། །གསུམ་པ་ལ་གསུམ་སྟེ། དེ་ལྟར་བཀོད་པའི་དོན་དྲི་བ་དང་། གང་གིས་བཀོད་པ་མཚན་གྱི་དོན་རྒྱ་ཆེར་བཤད་པའོ། །དོན་གཉིས་པ་བྱུང་ཚུལ་བཤད་པ་ནི་ལེའུ་གསུམ་པས་བསྟན་པ་ལའང་གཉིས་ཏེ། ལེའུ་ལ་འཇུག་པ་རྒྱུའི་དོན་མདོར་བསྟན་པ་དང་། དེ་ཉིད་རྒྱས་པར་བཤད་པའོ། །དེ་ལ་གསུམ་སྟེ། སྟོན་པ་ཉིད་ཀུན་གྱི་སྔོན་རོལ་ནས་གཞི་དེ་བཞིན་ཉིད་དུ་གནས་ཚུལ་སྣང་བཏགས་ཡེ་ཤེས་ལས་འཕྲོས་པའི་ཆོས་ཀྱི་དྲི་ལན། ཐམས་ཅད་རང་བྱུང་གི་ཡེ་ཤེས་གཅིག་གི་རོལ་པར་བསྟན་པའོ། །གཉིས་པ་ལ་གཉིས། ཕུན་སུམ་ཚོགས་པ་ལྔ་གཅིག་ཐ་དད་ཀྱི་དྲིས་ལན་དང་། བགྲོད་ལམ་དེ་བཞིན་ཉིད་ཀྱི་དྲི་ལན་ནོ། །དང་པོ་ལ་གཉིས་ཏེ། འཁོར་གྱིས་དྲི་བ་དང་ཆོས་ཅན་ཐ་དད་དུ་སྣང་ཡང་ཆོས་ཉིད་དེ་བཞིན་ཉིད་གཅིག་ལས་མ་འདས་པའོ། །གཉིས་པ་ལ་གཉིས་ཏེ། དེ་བཞིན་ཉིད་ཀུན་བྱེད་རྒྱལ་པོའི་སར་བགྲོད་ལམ་ཡོད་མེད་ཀྱི་དྲི་ལན་དང་། སྐུ་གསུམ་སྟོན་པའི་སར་བགྲོད་པའི་ལམ་བཤད་པའོ། །དང་པོ་ལ་གཉིས་ཏེ། དྲི་བ་དང་། གཤིས་ལ་ལམ་མེད་པར་བཤད་པ་བསྟན་པའོ། །གཉིས་པ་ལ་གསུམ་སྟེ། ལམ་ལྔ་བསྟན་པ། དེའི་ངེས་ཚིག་དྲི་བ། ལན་གསུངས་པའོ། །གསུམ་པ་ཐམས་ཅད་རང་བྱུང་ཡེ་ཤེས་སུ་བསྟན་པ་ལ་གཉིས་ཏེ། ཁམས་གསུམ་རང་བྱུང་གི་ཡེ་ཤེས་སུ་བསྟན་པ་དང་། དེའི་ངེས་ཚིག་བཤད་པའོ། །དོན་གཉིས་པ་གནས་ལུགས་རྒྱ་ཆེར་བཤད་པ་ལ་གསུམ་སྟེ། ཆོས་ཐམས་ཅད་གདོད་ནས་དག་པ་ཀུན་བྱེད་ཉིད་དུ་བསྟན་པ། ཆོས་ཉིད་སྒྲུབ་བསལ་ལས་འདས་པར་བཤད་པ། བྱ་བཙལ་མཚན་མའི་ཡུལ་ལས་གྲོལ་བའོ། །དང་པོ་ལ་དབྱིངས་ཀྱི་ལེའུ་བདུན་ལས། དང་པོ་རྩ་བ་སེམས་སུ་འདུས་པ་ཀུན་བྱེད་མངོན་དུ་ཕྱུང་བའི་ལེའུ་བཞི་པ་ལ་གཉིས་ཏེ། འཇུག་ཚུལ་མདོར་བསྟན་པ་དང་། དེ་ཉིད་རྒྱས་པར་བཤད་པའོ། །དེ་ལ་གསུམ་སྟེ་ཐམས་ཅད་ཀུན་བྱེད་ཉིད་དུ་འདུས་པ་རྟོགས་ཤིག་པར་གདམས་པ། དེའི་དོན་བཤད་པ། དེ་ཉིད་རྟོགས་ན་ཐམས་ཅད་ལྷུན་རྫོགས་གཅིག་ཏུ་གྲུབ་པའོ། །གཉིས་པ་ལ་གསུམ་སྟེ། ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་བཤད་པ། དེ་ཉིད་ཕུན་སུམ་ཚོགས་པ་ཀུན་གྱི་རང་བཞིན་དུ་བསྟན་པ། མཚན་གྱི་ངེས་ཚིག་བཤད་པའོ། །དེ་ལ་གཉིས་ཏེ། ཕུན་སུམ་ཚོགས་པའི་ངེས་ཚིག་དང་། བྱང་ཆུབ་སེམས་ཀྱི་ངེས་ཚིག་གོ། །གཉིས་པ་ཐམས་ཅད་ཀུན་བྱེད་ཉིད་ལས་བྱུང་བའི་ལེའུ་ལྔ་པ་ལ་གཉིས་ཏེ། འཇུག་ཚུལ་མདོར་བསྟན་པ་དང་དེ་ཉིད་རྒྱས་པར་བཤད་པའོ། །དེ་ལ་གསུམ་སྟེ། དབྱིངས་དེ་བཞིན་ཉིད་ལས་ཐེག་པ་དུ་མར་བསྟན་ཡང་རང་བཞིན་ཆོས་ཉིད་ལས་མ་གཡོས་པ། དེའི་དོན་ནམ་མཁའ་ལྟ་བུར་བསྟན་པ། ཀུན་དཔེ་ཆོས་ཉིད་དུ་ངེས་པར་བྱ་བའོ། །དེ་ལ་གཉིས་ཏེ། དཔེ་དོན་རྟགས་གསུམ་གྱིས་ངེས་པར་བྱ་བ་དང་། དེ་ལས་གཞན་པའི་དཔེས་མི་རྟོགས་པར་བསྟན་པའོ། །གསུམ་པ་ཀུན་བྱེད་དེ་བཞིན་ཉིད་ཕུན་སུམ་ཚོགས་པའི་ངོ་བོར་བསྟན་པའི་ལེའུ་དྲུག་པ་ལ་གཉིས་ཏེ། འཇུག་ཚུལ་མདོར་བསྟན་པ་དང་། དེ་ཉིད་རྒྱས་པར་བཤད་པའོ། །དེ་ལ་གཉིས་ཏེ། ཀུན་གྱི་ཐོག་མར་གཤིས་དེ་བཞིན་ཉིད་ཡེ་ནས་གནས་པའི་རང་བཞིན་བསྟན་པ་དང་། དེ་ཉིད་དྲི་ལན་གྱི་ཚུལ་གྱིས་རྒྱ་ཆེར་བཤད་པའོ། །དེ་ལ་གསུམ་སྟེ། དྲིས་པའི་དོན་ཞུས་ཅིག་པར་གདམས་པ་དང་། ཞུས་པ་དངོས་དང་། དེའི་ལན་རྒྱ་ཆེར་གསུངས་པའོ། །དེ་ལ་ལྔ་སྟེ། དེ་བཞིན་ཉིད་ཕུན་སུམ་ཚོགས་པའི་རང་བཞིན་དུ་མདོར་བསྟན་པ། གནས་དང་གཞལ་ཡས་ཁང་བྱེ་བྲག་ཏུ་བཤད་པ། འཁོར་དང་སྟོན་པ་སོ་སོར་བརྗོད་པ། སྲིད་པའི་ཁམས་རྒྱས་པར་བསྟན་པ། ཆོས་ཕུན་སུམ་ཚོགས་པ་ཇི་ལྟར་བཀོད་པའོ། །གཉིས་པ་ལ་གཉིས་ཏེ། དེ་བཞིན་ཉིད་བྱང་ཆུབ་ཆེན་པོའི་གནས་དང་། སྟོང་གསལ་རང་བྱུང་ཡེ་ཤེས་ཀྱི་གཞལ་ཡས་ཁང་པའོ། །གསུམ་པ་ལ་གསུམ་སྟེ། སྲིད་གསུམ་སེམས་ཅན་དང་། དུས་གསུམ་སངས་རྒྱས་ཀྱི་འཁོར་གྱིས་འཁོར་གྱི་རང་བཞིན་དང་། མི་གནས་སྤྲོས་པ་དང་བྲལ་བ་སྟོན་པའི་རང་བཞིན་ནོ། །ལྔ་པ་ལ་བཞི་སྟེ། ཐེག་པའི་རང་བཞིན་དེ་ཉིད་གང་གིས་བསྟན་པ་དང་། སྣོད་མིན་ལ་གསང་བ། རྣམ་གྲངས་རྒྱ་ཆེར་བཤད་པའོ། །དེ་ལ་ལྔ་སྟེ། ཐམས་ཅད་ཀུན་བྱེད་ཉིད་ཀྱིས་བྱས་པ། ཀུན་བྱེད་དེ་བཞིན་ཉིད་ཀྱི་རོལ་པ་ལས་གཞན་དུ་བཏགས་པས་འཁྲུལ་པ། རང་བཞིན་གཅིག་ལ་སྣང་སྲིད་འཁོར་འདས་ཐམས་ཅད་བརྟེན་ཚུལ། དེ་ཉིད་མ་རྟོགས་པས་རྣལ་མའི་དོན་དང་མི་འཕྲད་པ། ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་བསྟན་པའོ། །གཉིས་པ་ལ་ལྔ་སྟེ། དེ་ཉིད་མ་རིག་པས་སྲིད་པར་འཁྱམས་པ། དེ་བཞིན་ཉིད་ལ་བླང་དོར་བྱས་པའི་ཉེས་དམིགས། རྒྱུ་འབྲས་ཀྱི་འཁྲུལ་པ་རྒྱུན་མི་ཆད་པ། བླང་དོར་མེད་པའི་དོན་མི་མཐོང་བ། རྩོལ་སྒྲུབ་འདས་པའི་ཆོས་ཉིད་ལས་རིང་བའོ། །གསུམ་པ་ལ་བཞི་སྟེ། དབྱིངས་ལྷུན་གྲུབ་ཆེན་པོ། དཔེ་ནམ་མཁའ་ལྟ་བུ། སྣང་སྲིད་ཡེ་ནས་སངས་རྒྱས། དེའི་དཔེ་དོན་སྦྱར་བའོ། །ལྔ་པ་ལ་གསུམ་སྟེ། རྩ་བ་ཀུན་བྱེད་ཉིད་དུ་བསྟན་པ། དེ་ལས་ཐེག་པའི་འཕྲོ་ཚུལ། ཇི་ལྟར་སྣང་ཡང་རྩ་བ་ཆོས་ཉིད་ལས། གཞན་མ་ཡིན་པའོ། །གཉིས་པ་ལ་བརྒྱད་དེ། ཐེག་པ་དུ་མ་སྟོན་པའི་རྒྱུད་བརྗོད་པ། ཕུན་སུམ་ཚོགས་པ་གསུམ་དུ་སྣང་ཚུལ། རྣལ་འབྱོར་བཞིར་དབྱེ་བ། ཆེ་བ་ལྔར་བསྟན་པ། སྒྲོ་སྐུར་བསལ་བ། རྩོལ་སྒྲུབ་ཏུ་ཞེན་པ་དོར་བ། ཐེག་པ་དགུར་དབྱེ་བ། དོན་བསྡུ་བའོ། །གསུམ་པ་ལ་གཉིས་ཏེ། ཐམས་ཅད་སེམས་ཀྱི་རང་བཞིན་དུ་བསྟན་པ་དང་། སེམས་ལས་གཞན་པའི་ཆོས་སུ་མ་གསུངས་པའོ། །བཞི་པ་ཆོས་ཐམས་ཅད་གཉིས་སུ་མེད་པའི་རང་བཞིན་རང་སེམས་སྟོན་པར་མངོན་དུ་ཕྱུང་བའི་ལེའུ་བདུན་པ་ལ་གཉིས་ཏེ། ལེའུའི་དོན་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དེ་ལ་གསུམ་སྟེ། ཆོས་ཉིད་དམིགས་སུ་མེད་པ་ལས་ཆོས་ཅན་སྣང་བའི་རང་བཞིན་བཀོད་པའི་ཚུལ་གསུངས་པ། བསྟོད་ཅིང་དྲི་བའི་ཚུལ་གྱིས་འཁོར་འདས་ཀྱི་རང་བཞིན་ཞུ་བ། དེའི་ལན་རྒྱ་ཆེར་བཤད་པའོ། །དེ་ལ་དྲུག་སྟེ། ཀུན་གྱི་ཐོག་མ་ལྷུན་གྲུབ་སྤྱི་གཞིར་བསྟན་པ། དེ་ལས་ཐུགས་རྗེ་རིག་པ་ཉིད་ཤར་བས་སོ་སོར་སྣང་བའི་དོན་ཉོན་ཅིག་པར་གདམས་པ། བློ་ལ་ལྟོས་པའི་ཆོས་ཚུལ་དབྱེ་བ། རྒྱུ་འབྲས་ཐེག་པའི་རང་བཞིན་བསྟན་པ། ཐམས་ཅད་ཀུན་འདུས་རྫོགས་པ་ཆེན་པོར་གཏན་ལ་ཕབ་པ། དེ་ཉིད་རྟོགས་པའི་གང་ཟག་བསྔགས་པའོ། །གསུམ་པ་ལ་བཞི་སྟེ། ཤིན་ཏུ་སྤྲོས་པ་མེད་པ་ལ་ཆོས་གཅིག་རང་བཞིན་གྱིས་རྣམ་པར་དག་པ་བསྟན་པ། སྣ་ཚོགས་སྤྲོས་པ་ལ་དགའ་བའི་ངོར་ཐེག་པ་དུ་མ་བཤད་པ། དེ་གཉིས་ཀྱི་རང་བཞིན་དབྱེ་བ། ཐ་དད་དུ་སྨོས་ཀྱང་དོན་ལ་གཅིག་ཏུ་འདུ་བའི་རྒྱུ་མཚན་དགོད་པའོ། །བཞི་པ་ལ་གསུམ་སྟེ། རྒྱུ་འབྲས་ཀྱི་ཐེག་པ་བདེན་གཉིས་སུ་དབྱེ་བས་མདོར་བསྟན། མཚན་ཉིད་ཀྱི་ཐེག་པ་རྒྱུར་བཞག་པའི་ཚུལ་དང་། སྔགས་ཀྱི་ཐེག་པ་འབྲས་བུར་བཞག་ཚུལ་རྒྱས་པར་བཤད་པའོ། །གཉིས་པ་ལ་གསུམ་སྟེ། རྒྱུ་སྔ་མ་ལ་འབྲས་བུ་ཕྱིས་གྲུབ་པའི་རྒྱུ་མཚན་དགོད་པ། དེ་ཉིད་འཁྲུལ་པས་སྡུག་བསྔལ་དུ་གྲུབ་པས་འཁོར་འདས་བླང་དོར་བཤད་པའོ། །དེ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དེ་ལ་བཞི་སྟེ། གཤིས་མ་རིག་པས་འཇིག་རྟེན་དུ་གྲུབ་པ་དང་། དེ་ཉིད་འཁྲུལ་པས་སྡུག་བསྔལ་དུ་གྲུབ་པས་འཁོར་བ་སྤང་བྱར་བསྟན་པ་དང་། མྱ་ངན་ལས་འདས་པ་བླང་བྱར་བཤད་པ་དང་། ཐེག་པ་དེའི་ངེས་ཚིག་བརྗོད་པའོ། །གསུམ་པ་ལ་གཉིས་ཏེ། འབྲས་བུར་བཞག་པའི་ངེས་ཚིག་དང་། རང་བཞིན་རྒྱས་པར་བཤད་པའོ། །དེ་ལ་གཉིས་ཏེ། ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་གཉིས་སྤྱིར་བསྟན་པ་དང་། ནང་པ་སྔགས་ཀྱི་ཐེག་པ་བྱེ་བྲག་ཏུ་བཤད་པའོ། །དེ་ལ་གསུམ་སྟེ། བསྐྱེད་རྫོགས་གཉིས་ཀྱི་རང་བཞིན་བརྗོད་པ་དང་། ཨ་ཏི་གཉིས་སུ་མེད་པའི་རང་བཞིན་བསྟན་པ་དང་། དེ་ལ་ཐེག་པ་འོག་མ་དྲངས་པའི་ཕན་ཡོན་བཤད་པའོ། །དེ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །ལྔ་པ་སེམས་ཉིད་ལས་གཞན་པའི་སངས་རྒྱས་ལོགས་སུ་མ་གྲུབ་པའི་གཏན་ཚིགས་དོན་གྱི་ལེའུ་བརྒྱད་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དེ་ལ་གསུམ་སྟེ། སེམས་ཉིད་རང་བྱུང་གི་ཡེ་ཤེས་ལས་ཆོས་ཐམས་ཅད་བཀོད་པའི་ཚུལ་དང་། རྣལ་འབྱོར་བཞིའི་དབྱེ་བ་སྣང་ཚུལ། རྣལ་འབྱོར་གོང་འོག་གི་ཁྱད་པར་བསྟན་ཚུལ་ལོ། །དང་པོ་ལ་ལྔ་སྟེ། སྐུ་གསུམ་དུ་བཀོད་པའི་ཚུལ། དེས་བསྟན་པ་རྒྱུ་འབྲས་སོ་སོར་དབྱེ་བ། དེ་དག་ཀྱང་དབྱིངས་དེ་བཞིན་ཉིད་དུ་བསྟན་པ། དེ་བཞིན་ཉིད་ཀྱི་དབྱེ་བ། ངོ་བོ་གཅིག་གི་རང་བཞིན་ལས་རྣལ་འབྱོར་བཞི་ཇི་ལྟར་སྣང་ཚུལ་ལོ། །དང་པོ་ལ་གསུམ་སྟེ། སེམས་ཉིད་དེ་བཞིན་ཉིད་ཕུན་སུམ་ཚོགས་པར་ཡེ་ནས་བཀོད་ཚུལ། སྐུ་གསུམ་གྱི་རྣམ་པར་དབྱེ་བ། ཐུགས་རྗེ་རང་བྱུང་གི་ཡེ་ཤེས་འཁོར་འདས་གཉིས་སུ་སྣང་ཚུལ་ལོ། །གཉིས་པ་རྣལ་འབྱོར་བཞིའི་དབྱེ་བ་ལ་གསུམ་སྟེ། རྣལ་འབྱོར་བཞི་སེམས་ཉིད་གཅིག་ལས་དབྱེ་བ། དབྱེ་བ་བཞིའི་རང་བཞིན་ངེས་པར་བྱ་བ། དེའི་དོན་དབྱེ་བ་བཞི་བཞིས་རྒྱ་ཆེར་བཤད་པའོ། །གཉིས་པ་ལ་གཉིས་ཏེ། ཡོ་ག་མ་ཧཱ་ཨ་ནུ་གསུམ་གྱིས་རྣལ་མའི་དོན་མི་རྟོགས་པར་བཤད་པ་དང་། ཨ་ཏིས་མ་བཅོས་རྣལ་དུ་འབྱོར་པའི་ངོ་བོར་བསྟན་པའོ། །གསུམ་པ་ལ་བཞི་སྟེ། སེམས་དཔའ་རྣལ་འབྱོར། རྣལ་འབྱོར་ཆེན་པོ། ཡོངས་སུ་རྣལ་འབྱོར། ཤིན་ཏུ་རྣལ་འབྱོར་གྱི་དོན་རྣལ་འབྱོར་བཞི་ལྡན་དུ་རྒྱ་ཆེར་བཤད་པའོ། །གསུམ་པ་རྣལ་འབྱོར་གོང་འོག་གི་ཁྱད་པར་བཤད་པ་ལ་གཉིས་ཏེ། རྣལ་འབྱོར་གོང་མ་གསུམ་གྱིས་སེམས་ཉིད་རྣལ་མའི་དོན་གཅིག་ཆར་དུ་མི་རྟོགས་པ་དང་། ཨ་ཏིས་རྟོགས་པའི་ཚུལ་བསྟན་པའོ། །དྲུག་པ་སེམས་ཉིད་སྐྱོན་ཡོན་ལས་འདས་པས་གོལ་སྒྲིབ་གཞི་ནས་དག་པའི་ལེའུ་དགུ་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དེ་ལ་བདུན་སྟེ། གཤིས་སེམས་ཉིད་ཀུན་བྱེད་ཉིད་སྦྱངས་བགྲོད་སྤངས་གཉེན་ལས་འདས་པས་གོལ་སྒྲིབ་གདོད་ནས་དག་པའི་རང་བཞིན་བསྟན་པ། དེ་ཉིད་མ་རྟོགས་པའི་རྩོལ་སྒྲུབ་ཅན་ལ་གོལ་སྒྲིབ་བྱུང་ཚུལ། རྣལ་མའི་དོན་ལ་གོལ་སྒྲིབ་མེད་པའི་འཐད་པ། རྩོལ་སྒྲུབ་ཅན་ལ་གོལ་སྒྲིབ་འབྱུང་བའི་རྒྱུ་མཚན། བྱང་ཆུབ་ཀྱི་སེམས་རྩོལ་སྒྲུབ་ཀུན་ལས་འདས་ཚུལ། རང་བཞིན་བཅུས་རྩོལ་བའི་ཉེས་པ། རྩོལ་སྒྲུབ་ཀུན་ལས་འདས་པའི་རང་བཞིན་བཤད་པའོ། །གཉིས་པ་ལ་གསུམ་སྟེ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །གཉིས་པ་ལ་གཉིས་ཏེ། སེམས་དཔའ། ཀྲི་ཡ། ཨུ་པ། ཡོ་ག་བཞིས་སྒྲིབ་པ་དང་། མ་ཧཱ། ཨ་ནུ་གཉིས་ཀྱིས་གོལ་བ་རྒྱས་པར་བཤད་པའོ། །གསུམ་པ་ལ་གཉིས་ཏེ། སོ་སོའི་ཐེག་པ་དྲུག་པོ་གོལ་སྒྲིབ་ཡིན་པའི་རྒྱུ་མཚན་དང་། མཐར་འཛིན་བྱེད་པས་གཉིས་བཅས་ཐམས་ཅད་གོལ་སྒྲིབ་ཉིད་དུ་བཤད་པའོ། །བདུན་པ་ལ་བཞི་སྟེ། ཡེ་ནས་གང་དུའང་དམིགས་པ་ཐམས་ཅད་ལས་འདས་པ། གཟུང་འཛིན་གཉིས་བཅས་ལས་འདས་པས་ཡེ་ནས་བྱ་བཙལ་མེད་པར་ལ་བཟླ། གོལ་སྒྲིབ་ཀྱི་ངེས་ཚིག་བཤད་པ། ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་བསྟན་པའོ། །དང་པོ་ལ་ལྔ་སྟེ། སེམས་ཉིད་ལྟ་སྒོམ་ལས་འདས་པ། བསྲུང་སྡོམ་རྩོལ་སྒྲུབ་ལས་འདས་པ། སྒྲིབ་མེད་སྦྱང་བགྲོད་ལས་འདས་པ། གཞི་བྲལ་ངེས་བཟུང་ལས་འདས་པ། མཆོག་གསང་སྤྲོས་པ་ལས་འདས་པའོ། །གསུམ་པ་ལ་བཞི་སྟེ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ། དེ་ཉིད་སྤང་བར་གདམས་པའོ། །དེ་ལ་གཉིས་ཏེ། ངོ་བོ་རང་སེམས་ཡིན་པས་ཡེ་བདེ་གོལ་སྒྲིབ་ལས་འདས་པ་དང་། དེ་ཉིད་བྱ་བཙལ་ལས་འདས་པར་བཞག་པས་གོལ་སྒྲིབ་གང་ཡང་མེད་པར་བསྟན་པའོ། །བདུན་པ་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་འདུས་ཤིང་སེམས་ལ་སྣང་བའི་ལེའུ་བཅུ་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དེ་ལ་གཉིས་ཏེ། ཕུན་སུམ་ཚོགས་པའི་རང་བཞིན་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དེ་ལ་གཉིས་ཏེ། ཀུན་བྱེད་ཀྱི་རང་བཞིན་ལས་ཕུན་སུམ་ཚོགས་པར་བྱུང་བར་བསྟན་པ་དང་། ཀུན་བྱེད་ཉིད་ལ་ཕུན་སུམ་ཚོགས་པ་ཐམས་ཅད་ཚང་བར་བསྟན་པའོ། །དང་པོ་ལ་བདུན་ཏེ། སྟོན་པ། བསྟན་པ། འཁོར། གནས། ཞིང་ཁམས། དུས། བཤགས་ལུགས་ཕུན་སུམ་ཚོགས་པ་རྒྱ་ཆེར་བཤད་པའོ། །དང་པོ་ལ་གཉིས་ཏེ། དབྱེ་བ་དང་། རང་བཞིན་ནོ། །གཉིས་པ་ལ་གཉིས་ཏེ། མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དེ་ལ་གསུམ་སྟེ། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུའི་བསྟན་པ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། གསང་བ་གསུམ་སྤྱིར་བསྟན་པ་དང་། མ་ཧཱ། ཨ་ནུ། ཨ་ཏི་གསུམ་བྱེ་བྲག་ཏུ་བཤད་པའོ། །གཉིས་པ་ལོངས་སྐུའི་བསྟན་པ་བཤད་པ་ལ་གཉིས་ཏེ། ནང་པ་གསུམ་སྤྱིར་བསྟན་པ་དང་། ཀྲི་ཡ། ཨུ་པ། ཡོ་ག་གསུམ་བྱེ་བྲག་ཏུ་བཤད་པའོ། །གསུམ་པ་སྤྲུལ་སྐུའི་བསྟན་པ་བཤད་པ་ལ་བཞི་སྟེ། ཕྱི་པ་གསུམ་སྤྱིར་བསྟན་པ། གང་གིས་དོན་དུ་གསུངས་པའི་རྒྱུ་མཚན། འདུལ་བ། མདོ་སྡེ། མངོན་པ་གསུམ་གྱི་དབྱེ་བ། དོན་བསྡུ་བའོ། །དེ་ལ་ལྔ་སྟེ། གྲངས། ཐེག་པ། གསུང་རབས། རྒྱུ་འབྲས། གང་གིས་གསུངས་པའི་དོན་བསྡུ་བའོ། །གསུམ་པ་འཁོར་ཕུན་སུམ་ཚོགས་པ་རྒྱ་ཆེར་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་གསུམ་གྱི་འཁོར་རྒྱས་པར་བཤད་པའོ། །བཞི་པ་གནས་ཕུན་སུམ་ཚོགས་པ་རྒྱ་ཆེར་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་གསུམ་གྱི་གནས་རྒྱས་པར་བཤད་པའོ། །ལྔ་པ་ཞིང་ཁམས་ཕུན་སུམ་ཚོགས་པ་རྒྱ་ཆེར་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་གསུམ་གྱི་ཞིང་ཁམས་རྒྱས་པར་བཤད་པའོ། །བདུན་པ་བཤད་ལུགས་ཕུན་སུམ་ཚོགས་པ་རྒྱ་ཆེར་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་གསུམ་གྱིས་རྒྱས་པར་བཤད་པའོ། །གཉིས་པ་ལ་ཀུན་བྱེད་ཉིད་ལ་ཕུན་སུམ་ཚོགས་པ་ཚང་བར་བསྟན་པ་ལ་གསུམ་སྟེ། ཕུན་སུམ་ཚོགས་པའི་ཚང་ཚུལ་རྒྱུ་མཚན་དང་བཅས་པས་མདོར་བསྟན། སྣང་ཚུལ་དབྱེ་བ་དང་བཅས་པས་རྒྱས་པར་བཤད། བཀོད་ཚུལ་རང་བཞིན་དང་བཅས་པས་དོན་བསྡུ་བའོ། །དང་པོ་ལ་གསུམ་སྟེ། ཕུན་སུམ་ཚོགས་པ་གསུམ་གྱི་ཚང་ཚུལ། ཐ་དད་དུ་སྨོས་ཀྱང་གཅིག་ཏུ་འདུ་བའི་རྒྱུ་མཚན། དེ་དག་གི་དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང་། སྟོན་པ། བསྟན་པ། འཁོར་གྱི་རང་བཞིན་རྒྱས་པར་བཤད་པའོ། །གཉིས་པ་ལ་གསུམ་སྟེ། སྟོན་པ་གསུམ་གྱི་སྣང་ཚུལ། སྐུ་གསུམ་མཛད་པའི་འཕྲོ་ཚུལ། དཀོན་མཆོག་གསུམ་གྱི་ཚང་ཚུལ་ལོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང་། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་གསུམ་དུ་སྣང་བས་རྒྱས་པར་བཤད་པའོ། །གཉིས་པ་ལ་བཞི་སྟེ། འཁོར་གྱི་སྣང་བ་དང་མཐུན་པར་སྟོན་པའི་སྣང་ཚུལ། དེའི་བློ་དང་མཐུན་པར་བསྟན་པའི་སྣང་ཚུལ། སྐུ་གསུམ་གང་ལ་སྣང་བའི་རང་བཞིན། ཕྲིན་ལས་གང་དུ་འཇུག་བའི་དུས་ཚིགས་སོ། །གསུམ་པ་བཀོད་ཚུལ་རང་བཞིན་དང་བཅས་པས་མཇུག་བསྡུ་བ་ལ་གཉིས་ཏེ། སྟོན་པ། བསྟན་པ། འཁོར་གསུམ་གྱི་བཀོད་ཚུལ་དང་། ཀུན་བྱེད་ཉིད་ཀྱི་རང་བཞིན་ནོ། །དེ་ལྟར་མངོན་དུ་ཕྱུང་བའི་མདོ་ལུང་ཆེན་པོ་བཅུ་དགོས་པ་དང་བཅས་པས། ཆོས་ཐམས་ཅད་ཀྱི་རང་བཞིན་ངོ་བོ་ཐུགས་རྗེ་གསུམ་གྱི་གནས་ལུགས་ཇི་ལྟ་བ་ཉིད་གསལ་བར་སྟོན་པས། དམུས་ལོང་མིག་ཕྱེ་བ་ལྟར་བཤད་པ་ཡིན་ནོ། །དོན་གཉིས་པ་ཆོས་ཉིད་སྒྲིབ་བསལ་ལས་འདས་པར་བཤད་པ་ལ་ཀུན་འདུས་རིན་པོ་ཆེའི་ལེའུ་སུམ་ཅུས་བསྟན་པ་ལ་གསུམ་སྟེ། དེ་ཉིད་ངེས་པའི་ལེའུ་བཅུ། རྒྱུ་འབྲས་འདས་པའི་ལེའུ་བཅུ། མ་བཙལ་རྫོགས་པའི་ལེའུ་བཅུའོ། །དང་པོ་ལ་བཅུ་ལས། དང་པོ་ཆོས་ཐམས་ཅད་ཀུན་བྱེད་ཉིད་དུ་ངེས་པའི་ལེའུ་བཅུ་གཅིག་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དེ་ལ་གསུམ་སྟེ། ཐམས་ཅད་ཀུན་བྱེད་ཉིད་དུ་འདུ་ཚུལ་མདོར་བསྟན། དེའི་རང་བཞིན་རྒྱས་པར་བཤད། དོན་བསྡུའོ། །གཉིས་པ་ལ་གསུམ་སྟེ། སྟོན་པ། དུས་དང་། ཆོས་ཉིད་ཀུན་བྱེད་ཉིད་དུ་བཤད་པ། རྣལ་འབྱོར་ཁམས་གསུམ། རྒྱུད་དྲུག་ཀུན་བྱེད་ཉིད་དུ་བཤད་པ། སྐུ་གསུམ་དུས་གསུམ་སངས་རྒྱས། བྱང་ཆུབ་སེམས་དཔའ་ཀུན་བྱེད་རྒྱལ་པོ་ཉིད་དུ་བཤད་པའོ། །དོན་གཉིས་པ་སེམས་ཉིད་ཀུན་བྱེད་རྒྱལ་པོ་རྒྱུད་ལུང་ཀུན་གྱི་རྩ་བ་ཡིན་པའི་ལེའུ་བཅུ་གཉིས་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དེ་ལ་གསུམ་སྟེ། ཀུན་གྱི་ལུང་ཁུང་ཀུན་བྱེད་ཉིད་དུ་སྤྱིར་བསྟན་པ། དེའི་རང་བཞིན་རྒྱས་པར་བཤད་པ། ཀུན་བྱེད་ཉིད་དུ་འདུ་བས་དོན་བསྡུ་བའོ། །གཉིས་པ་ལ་བདུན་སྟེ། ལུང་ཆེན་ཀུན་གྱི་རྒྱལ་པོར་བསྟན་པ། མན་ངག་ཀུན་གྱི་རྩ་བར་བཤད་པ། མདོ་རྒྱུད་ཀུན་གྱི་སྤྱི་འགྲེལ་ཡིན་པ། བསྟན་པ་ཀུན་གྱི་ཡང་རྩེར་བརྗོད་པ། ཐེག་པ་ཀུན་གྱི་སྙིང་ཁུར་གསུངས་པ། ཡེ་ཤེས་ཆེན་པོའི་སྣང་བ་མཆེད་པ། ཀུན་རྟོག་ཉོན་མོངས་དྲྭ་བ་གཅོད་པའོ། །དོན་གསུམ་པ་སེམས་ཉིད་ཀུན་བྱེད་ངེས་པར་བཤད་པའི་ལེའུ་བཅུ་གསུམ་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དེ་ལ་བཞི་སྟེ། འཆད་ཚུལ་ལྔའི་རྣམ་གྲངས་བསྟན་པ། གོ་རིམ་བརྗོད་པ། དགོས་ཆེད་བཤད་པ། ངེས་ཚིག་སྨོས་པའོ། །གསུམ་པ་ལ་ལྔ་སྟེ། ལོ་རྒྱུས། རྩ་བ། ཡོ་ག །དགོས་ཆེད། ཚིག་གི་དོན་གྱིས་དགོས་ཆེད་བཤད་པའོ། །བཞི་པ་ལ་ལྔ་སྟེ། ལོ་རྒྱུས། རྩ་བ། ཡོ་ག །དགོས་ཆེད། ཚིག་གི་དོན་གྱི་ངེས་ཚིག་སྨོས་པའོ། །དོན་བཞི་པ་སེམས་ཉིད་ཀུན་བྱེད་རྒྱུ་འབྲས་བྱ་རྩལ་ལས་འདས་པའི་དོན་སྣོད་མིན་ལ་ངེས་པར་གསང་བའི་ལེའུ་བཅུ་བཞི་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དེ་ལ་བཞི་སྟེ། ཀུན་བྱེད་བྱང་ཆུབ་ཀྱི་སེམས་གསང་བར་གདམས་པ། སྒྲ་ཇི་བཞིན་པ་བསྟན་པ་ཉེས་པ། གསང་མི་གསང་གི་ཁྱད་པར་བསྟན་པ། དབང་པོ་ཡང་རབ་ལ་མི་གསང་བར་བསྟན་པའོ། །གཉིས་པ་ལ་བཞི་སྟེ། སྐུ་གསུམ་སྟོན་པ་མེད་པས་ཕུན་སུམ་ཚོགས་པར་མི་འགྱུར་བ། སྟོན་གསུམ་ཐུགས་རྗེ་མེད་པས་འགྲོ་དོན་མི་འབྱུང་བ། སྟོན་གསུམ་བསྟན་པ་མེད་པས་ཐེག་པའི་ཁྱད་པར་མེད། ཐེག་གསུམ་ཉམས་ལེན་མེད་པས་འཁོར་བའི་སྡུག་བསྔལ་ལས་མི་གྲོལ་བའོ། །དོན་ལྔ་པ་ཀུན་བྱེད་མངོན་དུ་ཕྱུང་ནས་ཆོས་ཐམས་ཅད་འགྲེལ་བའི་ལེའུ་བཅོ་ལྔ་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དེ་ལ་གསུམ་སྟེ། སྟོན་པ་འཁོར་དང་བསྟན་པ་གསུམ་མངོན་དུ་ཕྱུང་སྟེ་གདན་པ། དེ་ཉིད་རང་སེམས་ཀུན་བྱེད་ལས་གཞན་དུ་མི་ཚོལ་བར་སྒྲགས་པ། དེ་ཐམས་ཅད་སེམས་ཉིད་དེ་བཞིན་ཉིད་ཀུན་བྱེད་ཉིད་ཀྱི་རང་བཞིན་དུ་བསྟན་པའོ། །དང་པོ་ལ་གསུམ་སྟེ། ཕུན་སུམ་ཚོགས་པ་གསུམ་མངོན་དུ་ཕྱུང་བ། ཇི་ལྟར་བྱུང་ཚུལ་བསྟན་པ། དེ་ཉིད་གཞན་ལ་བསྟན་པར་གདམས་པའོ། །དང་པོ་ལ་གཉིས་ཏེ། མངོན་དུ་ཕྱུང་ཚུལ་མདོར་བསྟན་པ་དང་། དབྱེ་བས་རྒྱས་པར་བཤད་པའོ། །དེ་ལ་གསུམ་སྟེ། རྣམ་གྲངས་རང་བཞིན་དང་བཅས་པས་སྟོན་པ་མངོན་དུ་ཕྱུང་ཚུལ། ངོ་བོ་དབྱེ་བ་དང་བཅས་པས་འཁོར་ཉིད་མངོན་དུ་ཕྱུང་ཚུལ། ངོ་བོ་རང་བཞིན་ཐུགས་རྗེ་དང་བཅས་ངེས་པའི་དོན་ཉིད་མངོན་དུ་ཕྱུང་ཚུལ་ལོ། །གཉིས་པ་དེ་ཉིད་རང་སེམས་ལས་གཞན་དུ་མི་འཚོལ་བར་འཁོར་གྱིས་བསྒྲགས་པ་ལ་གསུམ་སྟེ། ཕུན་སུམ་ཚོགས་པ་ཐམས་ཅད་སེམས་ཉིད་དུ་བསྟན་པ། སེམས་ལས་གཞན་དུ་བཙལ་བའི་ཉེས་པ། རང་བཞིན་རྫོགས་པ་ཆེན་པོ་ཡང་རབ་པའི་གང་ཟག་ལ་སྣང་ཚུལ་ལོ། །གཉིས་པ་ལ་དྲུག་སྟེ། གཉིས་མེད་བྱང་ཆུབ་ཀྱི་སེམས་ལ་སྤང་གཉེན་རང་མཚན་དུ་ཞེན་པས་ཉན་ཐོས་པས་རྣལ་མའི་དོན་མི་མཐོང་བ། དགག་སྒྲུབ་གཉིས་མེད་ཀྱི་སེམས་ལ་སྤོང་འགེགས་མཚན་མར་ཞེན་པ་རང་རྒྱལ་ཆོས་ཉིད་ལས་རིང་བ། སེམས་ཉིད་སྒྲུབ་བསལ་ལས་འདས་པ་སྦྱོང་བགྲོད་བྱ་བཙལ་དུ་གནས་པའི་བྱང་སེམས་སྐྱེ་མེད་དང་རིང་བ། ཆོས་ཉིད་དག་གྲོལ་ལས་འདས་པ་ཕྱི་ནང་དག་པར་སྦྱོར་བའི་ཀྲྀ་ཡ་གནས་ལུགས་དང་འགལ་བ། བླང་དོར་གཉིས་མེད་ཀྱི་དོན་ལ་ཏིང་ངེ་འཛིན་བླང་དོར་དུ་ཞེན་པའི་ཡོ་ག་གཉིས་མེད་ལས་རིང་བ། ལྷུན་གྲུབ་རྩལ་སྒྲུབ་འདས་པའི་ཀུན་བྱེད་བྱ་རྩོལ་བསྐྱེད་རྫོགས་ལ་ཞེན་པའི་མ་ཧཱ་ཨ་ནུ་བ་སྙིང་པོ་ཡེ་ཤེས་ལས་རིང་བའོ། །གསུམ་པ་དེ་ཐམས་ཅད་སེམས་ཉིད་དེ་བཞིན་ཉིད་ཀུན་བྱེད་ཉིད་ཀྱི་རང་བཞིན་དུ་བསྟན་པ་ལ་བཞི་སྟེ། རྒྱུ་འབྲས་ཀྱི་ཐེག་པས་མི་རྟོགས་པ། ཇི་བཞིན་པའི་གནས་ལུགས་བཤད་པ། ཕུན་སུམ་ཚོགས་པའི་རང་བཞིན་མངོན་དུ་ཕྱུང་ཚུལ། དེའི་འཐད་པ་རྒྱ་ཆེར་བཤད་པའོ། །གཉིས་པ་ལ་བརྒྱད་དེ། སེམས་ཉིད་རྩོལ་སྒྲུབ་ལས་འདས་པས་ཡེ་ནས་བྱང་ཆུབ་ཏུ་བསྟན་པ། གང་ལྟར་བརྟགས་པ་རང་བཞིན་གྱིས་སྟོང་པས་ཐེག་པ་འོག་མ་མིང་གིས་འཁྲུལ་བ། རེ་དོགས་རྩོལ་སྒྲུབ་ལས་འདས་པས་ཐ་མལ་བཟོ་མེད་དུ་བཞག་པ། སངས་རྒྱས་རང་སེམས་ཡིན་པས་གཞན་དུ་མི་བཙལ་བར་གདམས་པ། བཙལ་ན་དེ་ཉིད་གོལ་བས་འཚོལ་མཁན་དོན་མེད་དུ་བསྟན་པ། རྩེ་གཅིག་སེམས་གནས་ལ་ཞེན་པ་འཆིང་བའི་ཐག་པར་བརྗོད་པ། རྣལ་དོན་བློ་ཆུང་ལ་བསྟན་ན་ཆོས་སྤང་སྒྲོ་བསྐུར་ལ་གནས་པ། རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པས་རང་སེམས་ཆོས་སྐུར་བསྟན་པའོ། །གསུམ་པ་ལ་གཉིས་ཏེ། མངོན་དུ་ཕྱུང་ཚུལ་མདོར་བསྟན་པ་དང་། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་གསུམ་གྱི་ཕྱུང་ཚུལ་རྒྱས་པར་བཤད་པའོ། །བཞི་པ་ལ་བརྒྱད་དེ། རང་བཞིན་གཅིག་ལས་ཆོས་ཐམས་ཅད་སྣང་བ་ཉིད་བཤད་པ། གཉིས་མེད་ལས་གཞན་དུ་རྟོགས་པ་ཉིད་ཐེག་པ་འོག་མར་བཞག་པ། སེམས་ཉིད་ཀྱི་དོན་ལ་དུ་མར་སྤྲོས་ཤིང་བརྗོད་ཀྱང་རང་བཞིན་གཅིག་ལས་མ་གཡོས་པར་བསྟན་པ། སེམས་ཉིད་སྒྲུབ་རྩལ་མེད་པའི་དོན་བསྟན་པས་ཆེ་བ་ལྷུན་རྫོགས་སུ་བཤད་པ། སྙིང་པོ་རང་སེམས་སུ་རྫོགས་པས་སྐུ་གསུམ་ལྷུན་གྲུབ་ཏུ་གནས་པ། སེམས་ཉིད་ཆོས་དབྱིངས་བཤད་པས་ཡོན་ཏན་ལྷུན་རྫོགས་སུ་བསྟན་པ། དཔེ་དོན་རྟགས་གསུམ་ཚང་བས་རང་སེམས་སངས་རྒྱས་སུ་བསྟན་པ། སེམས་ཉིད་དེ་བཞིན་ཉིད་དུ་བསྟན་པས་ཡོད་མེད་སྒྲོ་སྐུར་ལས་འདས་པའོ། །དོན་དྲུག་པ་ཕུན་སུམ་ཚོགས་པ་ཐམས་ཅད་སེམས་ཉིད་ཀུན་བྱེད་དུ་ཡེ་ནས་གྲུབ་ཟིན་པས་རྩོལ་སྒྲུབ་རྒྱུ་འབྲས་ལས་འདས་པའི་ལེའུ་བཅུ་དྲུག་པ་ཉིད་བཤད་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གསུམ་སྟེ། ཕུན་སུམ་ཚོགས་པ་ལྔ་སེམས་ཉིད་ཀུན་བྱེད་ལ་ཡེ་ནས་ལྷུན་གྲུབ་ཏུ་རྫོགས་པས་ཇི་བཞིན་བཟོ་མེད་ལྷུག་པར་བཞག་པར་གདམས་པ་དང་། སེམས་རང་བྱུང་དུ་གྲུབ་པས་རྩོལ་སྒྲུབ་རྒྱུ་འབྲས་ཀྱིས་མི་འགྲུབ་བར་ལུང་བསྟན་པ་དང་། ཇི་བཞིན་ཀུན་བྱེད་རྟོགས་པའི་རྣལ་འབྱོར་པ་ཉིད་རང་བྱུང་ཡེ་ཤེས་ལས་མི་འདའ་བས་དུས་ཀུན་ཆོས་ཉིད་ཀྱི་འཁོར་ལོར་བསྟན་པའོ། །དོན་བདུན་པ་སེམས་ཉིད་བྱ་བརྩལ་མེད་པའི་དོན་རྒྱལ་བའི་སྐུ་གདུང་ཡིན་པས་རྟོགས་པའི་དོན་ལས་མི་འདའ་བར་གོམས་པ་གྱིས་ཤིག་པའི་ལེའུ་བཅུ་བདུན་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་ལྔ་སྟེ། སེམས་ཉིད་སྒྲུབ་བསལ་མེད་པའི་སྐུ་གདུང་བཟུང་ཤིག་པར་གདམས་པ། དེའི་དོན་ཇི་ལྟར་བཟུང་ཞུ་བ། སྐུ་གདུང་གི་རང་བཞིན་བཤད་པ། ཇི་ལྟར་མཆོད་ཅིང་ཡོན་ཏན་དྲིས་པ། རྟོགས་པ་སེམས་ཉིད་ཀྱི་དོན་ལ་མ་ཡེངས་པར་མཆོད་པས་ཀུན་བྱེད་བྱ་བཙལ་མེད་པའི་རྒྱལ་པོ་འགྲུབ་པར་བསྟན་པའོ། །དོན་བརྒྱད་པ་ཆོས་ཐམས་ཅད་སེམས་ཉིད་ཀུན་བྱེད་དེ་བཞིན་ཉིད་དུ་བསྟན་པའི་ལེའུ་བཅོ་བརྒྱད་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་དྲུག་སྟེ། སེམས་ཉིད་ཀུན་བྱེད་ཉིད་ལས་སྐུ་གསུམ་རྩོལ་མེད་དུ་གྲུབ་པས་གཞན་དོན་འབད་མེད་དུ་འབྱུང་ཚུལ། སྐུ་གསུམ་སེམས་ཉིད་ཀྱི་ངང་དུ་ཡེ་ནས་ལྷུན་གྱིས་གྲུབ་པས་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་ཚུལ། ཡེ་ནས་ལྷུན་གྱིས་གྲུབ་པས་བཙལ་མི་དགོས་པ་དང་། གང་བཙལ་སྐྱོན་དུ་ཆེ་བས་རྩོལ་སྒྲུབ་རེ་དོགས་ལས་འདས་ཚུལ། རྒྱུ་འབྲས་རྩོལ་སྒྲུབ་ཀྱིས་མི་འགྲུབ་པ་དང་། བཙལ་བས་འགྲུབ་པར་སྟོན་པ་ཉིད་དྲང་དོན་ཡིན་པས་མ་བཙལ་བཤིག་པར་གདམས་ཚུལ་ལོ། །དོན་དགུ་པ་སེམས་ཉིད་སྐུ་གསུམ་དུ་གནས་པས་ཡོན་ཏན་ལྷུན་གྱིས་གྲུབ་པའི་ལེའུ་བཅུ་དགུ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་བཞི་སྟེ། སེམས་ཉིད་དོན་གྱི་སངས་རྒྱས་ནམ་མཁའ་བཞིན་དུ་བཙལ་བས་མི་འགྲུབ་པར་བསྟན་པ། དེའི་རང་བཞིན་མ་བཙལ་ཡང་ད་ལྟ་ཉིད་ནས་སྐུ་གསུམ་ལྷུན་གྱིས་གྲུབ་ཚུལ། སྣང་སྲིད་འཁོར་འདས་ཐམས་ཅད་སེམས་ཀྱི་རོལ་པར་འདུ་ཚུལ། སེམས་ཀྱི་རང་བཞིན་གང་དུ་ཡང་མི་དམིགས་པས་སྨྲ་བསམ་བརྗོད་ལས་འདས་པའོ། །དོན་བཅུ་པ་སེམས་ཉིད་ཀུན་བྱེད་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་ལེའུ་ཉི་ཤུ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གསུམ་སྟེ། ཆོས་ཐམས་ཅད་ཀུན་བྱེད་ཡིན་པར་བསྟན་པ། ཕུན་སུམ་ཚོགས་པ་ཐམས་ཅད་ཀུན་བྱེད་ཉིད་ལས་བྱུང་ཡང་དེ་བཞིན་ཉིད་ལས་མ་གཡོས་པ། ཐམས་ཅད་དབྱིངས་གཅིག་ཀུན་བྱེད་དུ་བཤད་པའོ། །དང་པོ་ལ་གཉིས་ཏེ། ཡིན་ཚུལ་མདོར་བསྟན་པ་དང་། དེ་ཉིད་རྒྱས་པར་བཤད་པའོ། །གཉིས་པ་ལ་གསུམ་སྟེ། སྐུ་གསུམ་བྱུང་ཚུལ་མདོར་བསྟན་པ་དང་། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་གསུམ་གྱི་བྱུང་ཚུལ་རྒྱས་པར་བཤད་པ། བསྟན་པ་དང་འཁོར་གཡོས་པ་མེད་པ་དང་། རྒྱུ་འབྲས་སུ་རྩོལ་བས་དེ་བཞིན་ཉིད་ཀྱི་རང་བཞིན་མི་རྟོགས་པས་དོན་བསྡུ་བའོ། །གསུམ་པ་ལ་གཉིས་ཏེ། ཕུན་སུམ་ཚོགས་པ་ཐམས་ཅད་སེམས་ཉིད་ཀུན་བྱེད་ཉིད་ཡིན་པ་ལ་ཐེ་ཚོམ་ཟ་བ་སྤང་བ། སེམས་ཉིད་བྱང་ཆུབ་ཏུ་ཡེ་ནས་བསྟན་པའོ། །དེ་ལྟར་ངེས་པར་བསྟན་པའི་མདོ་ལུང་བཅུ་དགོས་པ་དང་བཅས་པས། སེམས་ཉིད་ཕུན་སུམ་ཚོགས་པའི་རང་བཞིན་ཡིན་པ་ལ་ཡིན་པར་གཏན་ཚིགས་དཔེ་དོན་དང་བཅས་པས་བསྟན་པ་ཉིད། བདེན་པར་སྨྲ་བའི་སྐྱེ་བོས་བཀའ་ཕྲིན་བསྙད་པ་ལྟར་མ་ནོར་ངེས་པའི་དོན་ཡིད་ཆེས་པར་བསྟན་པའོ། །དོན་གཉིས་པ་རྒྱུ་འབྲས་འདས་པའི་ལེའུ་བཅུས་སེམས་ཉིད་ཀུན་བྱེད་རྒྱལ་པོ་ཡེ་ནས་བྱ་བཙལ་མེད་པར་བསྟན་པ་ལ་ལེའུ་བཅུ་ལས། དང་པོ་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་གཅིག་པས་ངོ་བོ་གཅིག་ལ་རྒྱུ་འབྲས་མེད་པའི་ལེའུ་ཉེར་གཅིག་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གསུམ་སྟེ། སེམས་ཉིད་རང་བྱུང་གི་ཡེ་ཤེས་ཉིད་ཀུན་ལ་ཁྱད་དུ་འཕགས་པས་རྒྱུ་འབྲས་སྩོལ་སྒྲུབ་ལས་འདས་ཚུལ་མདོར་བསྟན་པ་དང་། དེ་ཉིད་གཏན་ཚིག་ལས་འདས་ཚུལ་རྒྱས་པར་བཤད་པ་དང་། སེམས་ཉིད་སྤྲོས་བརྗོད་ལས་འདས་པས་རྒྱུ་འབྲས་བྱ་བཙལ་མི་དགོས་པའི་དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། ཕུན་སུམ་ཚོགས་པ་ཀུན་ཡེ་ལྡན་ལྷུན་གྲུབ་ཏུ་བྱས་པས་ཕྱི་ནས་བྱ་བཙལ་རྒྱུ་འབྲས་ལ་མི་ལྟོས་པ་དང་། སེམས་ཉིད་སྐྱེ་འགག་གནས་གསུམ་ལས་གྲོལ་བས་སྐུ་གསུམ་ལྷུན་རྫོགས་གཏན་ཚིགས་ལྔ་ལྡན་དུ་བཤད་པའོ། །གཉིས་པ་ལ་ལྔ་སྟེ། ཚུལ་གཉིས་མདོར་བསྟན་པ་དང་། ཀུན་བྱེད་བྱང་ཆུབ་ཀྱི་སེམས་སྐུ་གསུམ་སྟོན་པ་གསུམ་གྱི་བཤད་ཚུལ་གཉིས་རྒྱས་པར་བཤད་པ་དང་། ལོ་རྒྱུས་དོན་གྱི་བཤད་ལུགས་དང་། རྩ་བ་དོན་གྱི་བཤད་ལུགས་དང་། ཡོ་ག་དོན་གྱི་བཤད་ལུགས་དང་། དགོས་ཆེད་དོན་གྱི་བཤད་ལུགས་དང་། ཚིག་གི་དོན་གྱི་བཤད་ལུགས་སོ། །དང་པོ་ལ་གཉིས་ཏེ། བཤད་ཚུལ་གཉིས་མདོར་བསྟན་པ་དང་། ཀུན་བྱེད་བྱང་ཆུབ་ཀྱི་སེམས་སྐུ་གསུམ་སྟོན་པ་གསུམ་གྱིས་བཤད་ཚུལ་གཉིས་ཀྱིས་རྒྱས་པར་བཤད་པའོ། །དོན་གཉིས་པ་སེམས་ཉིད་མཐའ་གང་དུའང་མ་གནས་ཤིང་དམིགས་པའི་ཡུལ་མེད་པས་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའི་དོན་རྒྱུ་འབྲས་དག་གྲོལ་དུ་འཛིན་པས་མི་རྟོགས་པ་གསང་བ་དམ་པའི་ལེའུ་ཉེར་གཉིས་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གསུམ་སྟེ། སེམས་ཉིད་ནམ་མཁའ་ལྟ་བུ་བཅོས་བསྒྱུར་གཉེན་པོ་ལས་འདས་པའི་དོན་མདོར་བསྟན། དེའི་རང་བཞིན་རྒྱས་པར་བཤད། ཐམས་ཅད་སེམས་ཉིད་ཀྱི་རོལ་པ་སྤང་བླང་ལས་འདས་པའི་སྙིང་པོ་ཀུན་ལ་ཁྱབ་ཚུལ་གྱིས་དོན་བསྡུ་བའོ། །གཉིས་པ་ལ་བཞི་སྟེ། སེམས་ཉིད་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའི་དོན་ཐེག་པ་བརྒྱད་ཀྱིས་མི་རྟོགས་པའི་ཚུལ་རྒྱས་པར་བཤད་པ། སེམས་ཉིད་ཨ་ཏི་རང་གནས་ཆོས་སྐུ་དེ་བཞིན་ཉིད་དགོངས་པ་རང་ལ་ཡེ་ནས་གནས་པའི་ཚུལ་རྒྱས་པར་བཤད་པ། ཐེག་པ་བརྒྱད་པོ་ཨ་ཏིར་འཇུག་པའི་ཐབས་སུ་ཆེ་འབྲིང་གཉེན་པོའི་རིམ་པས་གསུང་ཚུལ་རྒྱས་པར་བཤད་པ། སེམས་ཉིད་ཨ་ཏི་ཀུན་བྱེད་ཉིད་མ་བཅོས་རྣལ་དུ་བཞག་ཐབས་འབྲས་བུ་དང་བཅས་པ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། ཐེག་བརྒྱད་སོ་སོའི་ལམ་གྱིས་སྙིང་པོའི་དོན་མི་མཐོང་བར་བྱེ་བྲག་ཏུ་བཤད་པ་དང་། དེ་ཐམས་ཅད་རྒྱུ་འབྲས་རྩོལ་བའི་ནད་ཀྱིས་སེམས་ཉིད་ཇི་བཞིན་པའི་ལུས་གདུངས་པ་སྤྱིར་བཤད་པའོ། །དང་པོ་ལ་བརྒྱད་དེ། སེམས་ཉིད་གདོད་ནས་དག་པའི་སྙིང་པོ་ལ་རྟེན་འབྲེལ་འབྱུང་ལྡོག་གིས་བསྒོམས་ཀྱང་གསར་དུ་དག་པའི་འབྲས་བུ་མི་ཐོབ་སྟེ་ཡེ་ནས་ཆོས་སྐུར་རང་ལ་གནས་པའི་ཚུལ་དང་། ཉན་ཐོས་པས་བཟུང་ཡུལ་དངོས་པོ་དང་འཛིན་བྱེད་ཤེས་པ་རྡུལ་ཕྲན་ཆ་མེད་དང་སྐད་ཅིག་མ་དོན་དམ་དུ་གཞལ་ནས་བདག་མེད་དུ་བསྒོམ་ཀྱང་སེམས་ཉིད་ཡེངས་པའི་དོན་མི་མཐོང་བའི་ཚུལ་དང་། བྱང་ཆུབ་སེམས་དཔའ་ཡུལ་བདག་མེད་དུ་བསྒོམས་ཀྱང་དེ་ཉིད་ལས་ལོག་པའི་དོན་མངོན་སུམ་དུ་མི་མཐོང་བའི་ཚུལ་དང་། ཀྲི་ཡས་སེམས་ལས་གཞན་པའི་ལྷ་ཐ་དད་དུ་བསྒོམས་ཀྱང་དེ་ཉིད་སེམས་ཡིན་པས་དབྱིངས་ཐུག་མེད་དུ་གནས་པའི་ཚུལ་དང་། ཨུ་པས་གཉིས་བཅས་སུ་བསྒོམ་ཀྱང་སེམས་ལས་ལྷག་པའི་ཡེ་ཤེས་གཞན་ན་མེད་པའི་ཚུལ་དང་། ཡོ་གས་བདག་དམ་ཚིག་པ་ལ་ཡེ་ཤེས་སེམས་དཔའ་གཞན་ནས་བསྟིམ་ནས་དབྱེར་མེད་དུ་བསྒོམས་ཀྱང་སྒོམ་བྱ་སྒོམ་བྱེད་གཉིས་སུ་མི་མཐོང་བའི་ཚུལ་དང་། མ་ཧཱས་སྣང་བཅས་བསྐྱེད་པའི་རིམ་པས་རང་བྱུང་གི་ཡེ་ཤེས་གཅིག་ལ་ལྷ་དང་གཞལ་ཡས་ཁང་དུ་རྟོགས་ཀྱང་ལུས་དང་གྲིབ་མ་ལྟར་གཉིས་བཅས་མི་དག་པའི་ཚུལ་དང་། ཨ་ནུས་བདེ་སྟོང་རྫོགས་རིམ་གྱི་ཡེ་ཤེས་དབྱིངས་ལས་རང་བྱུང་དུ་བསྒོམ་ཀྱང་རྗེས་ཆགས་རྩོལ་སྒྲུབ་ལས་མ་འདས་པའི་ཚུལ་ལོ། །གཉིས་པ་དེ་ཐམས་ཅད་རྒྱུ་འབྲས་རྩོལ་བའི་ནད་ཀྱིས་གདུངས་པ་ལ་གསུམ་སྟེ། ཇི་སྲིད་ལམ་དུ་འཛིན་པ་ཐམས་ཅད་ཆགས་ཞེན་དུ་བསྟན་པ། ཇི་ཙམ་འབད་པ་འཁོར་བའི་རྒྱུ་འབྲས་སུ་བཤད་པ། མེད་སྣང་འཁྲུལ་པའི་ལམ་བརྒྱད་ཀྱི་མི་རྙོགས་པའི་དཔེའོ། །གཉིས་པ་སེམས་ཉིད་ཨ་ཏིའི་དགོངས་པ་ཡེ་ནས་རང་ལ་གནས་ཚུལ་བཤད་པ་ལ་གསུམ་སྟེ། གཞི་ལྷུན་གྱིས་གྲུབ་པས་ནོར་བུ་ལྟར་ཡོན་ཏན་གཞན་ནས་བཙལ་དུ་མེད་པ། བཏང་བཞག་མེད་པའི་དོན་རང་གི་རིག་པས་དགེ་བའི་བཤེས་གཉེན་དུ་ཤར་བ། དེའི་ངང་ལས་མི་གཡོ་བ་བརྗོད་མེད་ཆོས་སྐུའི་ངོ་བོ་ཡེ་ནས་རང་ལ་གནས་པའོ། །གསུམ་པ་ཐེག་པ་བརྒྱད་ཨ་ཏིར་འཇུག་ཐབས་ལ་གཉིས་ཏེ། ཐེག་བརྒྱད་རང་ལམ་གྱི་ངོ་བོ་རྣལ་དོན་མཐར་ཐུག་མ་ཡིན་པས་འཇུག་དགོས་པ་དང་། འཇུག་ཚུལ་ཉིད་བཤད་པའོ། །དེ་ལ་གཉིས་ཏེ། ཐེག་པ་བརྒྱད་ཀྱི་དབྱེ་བ་དང་། རྫོགས་པ་ཆེན་པོའི་ལམ་དུ་འཇུག་པའི་རིམ་པ་ཆུང་འབྲིང་ཆེ་གསུམ་དུ་བསྟན་ནས་ཞུགས་སོ། །བཞི་པ་སེམས་ཉིད་ཨ་ཏི་མ་བཅོས་རྣལ་དུ་བཞག་ཐབས་འབྲས་བུ་དང་བཅས་པ་ལ་གསུམ་སྟེ། ཁྱུང་ནམ་མཁར་ལྡིང་བའི་དཔེས་ཐ་མལ་ཤེས་པའི་རང་འགྲོས་བཏང་བཞག་མེད་པར་བཞག་ཚུལ། དེ་ཉིད་གོམས་པ་ལས་གནས་སྐབས་སྤྱན་དང་མངོན་ཤེས་ལ་སོགས་པའི་དྲོད་རྟགས་འཆར་ཚུལ། ཤིན་ཏུ་གོམས་པ་ལས་སེམས་ཉིད་གཞི་ཐོག་ཏུ་ཕེབས་ཚུལ་ལས་ཆོས་སྐུ་ཏིང་ངེ་འཛིན་གྱི་རྒྱལ་པོ་དང་ལོངས་སྤྲུལ་སྣང་བའི་རྒྱ་མཚོ་ཀུན་ཏུ་བཟང་པོའི་ཐོབ་ཚུལ་ལོ། །གསུམ་པ་དོན་བསྡུ་བ་ལ་བཞི་སྟེ། ཐེག་བརྒྱད་ཀྱི་རང་བཞིན་སྤང་བླང་དུ་བསྟན་པ། རྫོགས་ཆེན་རོ་གཅིག་ཏུ་རྟོགས་པ་ལ་དགེ་སྡིག་ཆོས་ཉིད་དུ་འཆར་ཚུལ་དྲན་བསམ་སྐྱོ་མེད་དུ་བསྒོམ་པས་རྣལ་དོན་ཆོས་ཉིད་མི་མཐོང་བ། སེམས་ཉིད་ཆོས་སྐུ་ཡིན་པས་ཀུན་ལ་ཁྱབ་ཀྱང་མ་རྟོགས་པ་ཉིད་རྫོགས་ཆེན་སྤྱོད་པའི་རྣལ་འབྱོར་པ་ལ་རང་བཞིན་མངོན་སུམ་དུ་སྣང་བའི་ཚུལ་ལོ། །ལེའུ་འདི་ཅུང་གོ་དཀའ་བས་ས་བཅད་སྣ་སྲིངས་པ་ཡིན་ནོ། །དོན་གསུམ་པ་སེམས་བྱ་བཙལ་མེད་པས་ལྟ་བའི་ཡུལ་ལས་འདས་པས་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའི་ལེའུ་ཉེར་གསུམ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་བཞི་སྟེ། སྣང་སྲིད་སེམས་ཀྱི་ཆོ་འཕྲུལ་ཡིན་པས་བརྟགས་ན་ཡུལ་མེད་ནམ་མཁར་ལྟར་གནས་པ། ཡུལ་ལྔར་སྣང་དུས་རང་གསལ་རྟོག་པ་མེད་པས་ཡུལ་མེད་ནམ་མཁའ་ལྟར་གནས་པ། ཚིག་དང་ཡི་གེ་བཏགས་པ་ཐམས་ཅད་ཀྱང་སེམས་ཡིན་པས་ཡུལ་མེད་ནམ་མཁའ་ལྟར་གནས་པ། རྣལ་དོན་སྨྲ་བསམ་བརྗོད་དུ་མེད་པས་ནམ་མཁའི་དགོངས་པར་བསྟན་པའོ། །དོན་བཞི་པ་ཀུན་བྱེད་རྒྱལ་པོ་ཆོས་ཐམས་ཅད་ལ་ཡེ་ཁྱབ་འགྱུར་བ་མེད་པར་བཞུགས་པས་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའི་ལེའུ་ཉེར་བཞི་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གསུམ་སྟེ། རང་བཞིན་འཕོ་འགྱུར་མེད་པའི་བཞུགས་ཚུལ་མདོར་བསྟན། དེ་ཉིད་རྒྱས་པར་བཤད། དོན་བསྡུ་བའོ། །གཉིས་པ་ལ་བཞི་སྟེ། གཉིས་མེད་གདོད་ནས་དག་པའི་ངོ་བོ་ཉིད་བྱང་ཆུབ་སེམས་ཀྱི་བཞུགས་ཚུལ། གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་ཆོས་ཀྱི་སྐུའི་བཞུགས་ཚུལ། ཡུལ་སེམས་སྣང་བ་མ་འགགས་པ་ལོངས་སྤྱོད་རྫོགས་སྐུའི་བཞུགས་ཚུལ། རིག་རྩལ་སྣ་ཚོགས་སུ་ཤར་གྲོལ་སྤྲུལ་སྐུའི་བཞུགས་ཚུལ་ལོ། །གསུམ་པ་དོན་བསྡུ་བ་ལ་གཉིས་ཏེ། ཐམས་ཅད་ཇི་བཞིན་པར་གདོད་ནས་ལྷུན་གྲུབ་ཏུ་གནས་པས་རྩོལ་སྒྲུབ་བཅོས་སླད་བྱ་མི་དགོས་པ་དང་། བྱས་ན་ཚི་ཆད་པས་ནམ་ཡང་གྲུབ་པ་མེད་པའོ། །དོན་ལྔ་པ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཀུན་བྱེད་རང་གི་སེམས་ཉིད་ལ་སྣང་བ་སྣང་དུས་ཉིད་ནས་སྤྲོས་པའི་མཐའ་བྲལ་དེ་བཞིན་ཉིད་དུ་སྟོན་པ་ཅིར་སྣང་སྟོན་པར་ཤར་བའི་ལེའུ་ཉེར་ལྔ་པ་ལ་གཉིས་ཏེ། བསྟན་པ་དང་བཤད་པའོ། །དེ་ལ་གསུམ་སྟེ། འབྱུང་ལྔར་སྣང་དུས་དེའི་ངོ་བོ་མཉམ་ཉིད་མི་རྟོག་པའི་རང་བཞིན་རང་གི་སེམས་ལ་སྟོན་པར་ཤར་བ་ངོ་ཤེས་པར་གྱིས་ཤིག་པར་གདམས་པ། དེའི་རང་བཞིན་རྒྱས་པར་གདམས་པ། དེ་ལྟར་མཉམ་ཉིད་གཟུང་འཛིན་བྲལ་བའི་དོན་གོམས་པ་མཐར་ཕྱིན་པ་ན་བདག་གཞན་འཁོར་འདས་སུ་སྣང་བ་ཆོས་ཉིད་དུ་གྲོལ་བར་གདམས་པའོ། །གཉིས་པ་ལ་གསུམ་སྟེ། འབྱུང་ལྔར་སྣང་དུས་མི་རྟོག་པ་མཉམ་པ་ཉིད་ཀྱི་སྟོན་པ་ཡིན་པར་མདོར་བསྟན། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའི་རྣམ་པར་སྣང་དུས་ཉིད་ནས་མི་རྟོག་པ་མཉམ་པ་ཉིད་དུ་རྒྱས་པར་བཤད་པ། འབྱུང་ལྔའི་རང་བཞིན་ལས་སྣང་སྲིད་སྣ་ཚོགས་སུ་སྣང་ཡང་ངོ་བོ་ཡེ་ནས་མ་སྐྱེས་པ་ཀུན་བྱེད་ཉིད་དུ་དོན་བསྡུ་བའོ། །དོན་དྲུག་པ་སེམས་ཉིད་སྒོམ་དུ་མེད་པས་རྒྱུ་འབྲས་བྱ་བཙལ་ལས་འདས་པའི་ལེའུ་ཉེར་དྲུག་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གཉིས་ཏེ། གཞི་ལམ་འབྲས་བུ་གསུམ་གྱིས་མཚོན་ཏེ་བསྟན་པ་དང་། དེ་དག་ཐམས་ཅད་ཐིག་ལེ་གཅིག་ཏུ་དབྱེར་མེད་དུ་བསྟན་པའོ། །དང་པོ་ལ་བཞི་སྟེ། ལྟ་བ། སྒོམ་པ། སྤྱོད་པ། འབྲས་བུའོ། །དང་པོ་ལྟ་བ་ལ་བཞི་སྟེ། སེམས་ཉིད་རང་བཞིན་གྱིས་དག་པའི་ངོ་བོ་ལྟ་བར་བསྟན་པ། དེ་ཉིད་ཡོན་ཏན་གྱི་འབྱུང་ཁུངས་ཡིན་པ། དེའི་རང་བཞིན་སྤྲོས་པའི་མཐའ་དང་བྲལ་བ་རྩེ་གཅིག་འཛིན་པའི་སེམས་གནས་ཙམ་གྱིས་མི་རྟོགས་པར་བཤད་པའོ། །བསྒོམ་པ་ལ་གཉིས་ཏེ། ཏིང་ངེ་འཛིན་གྱི་རྒྱལ་པོ་དང་། གསལ་ལ་རྙོག་པ་མེད་པའི་ཞི་གནས་དང་། ཆོས་སྐུ་དྲི་མ་མེད་པའི་སྤྱན་སྣང་ཡུལ་འགག་མེད་དུ་གསལ་བའི་ལྷག་མཐོང་ངོ་། །སྤྱོད་པ་ལ་གསུམ་སྟེ། ངོ་བོ་ཆོས་ཉིད་ལས་མི་འགྱུར་བ་ཅི་སྣང་སྐྱེ་མེད་དུ་གྲོལ་བ་རང་བཞིན་ཤུགས་ཀྱི་སྤྱོད་པ་དང་། ཉོན་མོངས་ཡེ་ཤེས་སུ་གྲོལ་བ་སྣ་ཚོགས་ཐབས་ལམ་གྱི་སྤྱོད་པ་དང་། ཐེག་པ་གཞན་ལྟར་བླང་དོར་དུ་སྤྱོད་པའི་ཚུལ་དགག་པའོ། །འབྲས་བུ་ལ་གཉིས་ཏེ། སེམས་ཇི་བཞིན་པ་མ་བཅོས་པར་བཞག་པ་དེ་བཞིན་ཉིད་རང་བྱུང་གི་ཡེ་ཤེས་སུ་ལྷུན་གྱིས་གྲུབ་ཚུལ་དང་། དེ་ལྟར་བཞག་པས་རྩོལ་སྒྲུབ་ཞེན་པའི་སྡུག་བསྔལ་ལས་གྲོལ་བའོ། །གཉིས་པ་ཐིག་ལེ་ཉག་གཅིག་གི་རང་བཞིན་དབྱེར་མེད་དུ་བསྟན་པ་ལ་གཉིས་ཏེ། ཇི་བཞིན་པའི་སེམས་ཉིད་རང་གནས་སུ་གནས་པ་ལ་སྐྱེ་འགག་གནས་གསུམ་གྱི་ཞེན་པ་མེད་པས་ལྟ་སྒོམ་སྤྱོད་འབྲས་སུ་དབྱེ་བ་དང་། རྣལ་དོན་ནམ་མཁའ་བཞིན་དུ་གྲུབ་བསལ་སྨྲ་བསམ་ལ་འདས་པའོ། །དོན་བདུན་པ་སེམས་ཉིད་ཀུན་བྱེད་དབྱིངས་རང་བཞིན་གྱིས་དག་པས་རྒྱུ་འབྲས་བྱ་བཙལ་ལས་འདས་པའི་ལེའུ་ཉེར་བདུན་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་བདུན་ཏེ། སེམས་ཉིད་ཀུན་བྱེད་ཡེ་ནས་དག་པའི་དབྱིངས་སུ་བསྟན་པ། སྣང་སྲིད་ཆོས་ཉིད་ཀྱི་རོལ་པ་ཡིན་པས་འཁོར་འདས་བླང་དོར་དུ་བྱེད་པའི་ལམ་མ་གྲུབ་པ། ཆོས་དབྱིངས་སྨོན་པ་མེད་པས་སེམས་ལས་གཞན་པའི་སངས་རྒྱས་བསྒྲུབ་ཏུ་མེད་པ། སྲིད་གསུམ་ཡེ་གྲོལ་དུ་རྟོགས་པས་འཁོར་བ་སྤང་དུ་མེད་པ། རྩོལ་སྒྲུབ་རྒྱུ་འབྲས་ཀྱི་ལམ་གྱིས་ནམ་ཡང་སངས་རྒྱས་མི་འགྲུབ་པ། རྩོལ་སྒྲུབ་རྒྱུ་འབྲས་སྟོན་པའི་སློབ་དཔོན་སྤང་བ། འབད་མེད་ཡེ་གྲོལ་དུ་འཆད་པའི་བླ་མ་བསྟེན་ཚུལ་ལོ། །དོན་བརྒྱད་པ་སེམས་ཉིད་ཀུན་བྱེད་འགྱུར་བ་མེད་པས་ཡེ་ནས་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའི་ལེའུ་ཉེར་བརྒྱད་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གསུམ་སྟེ། སེམས་ཉིད་རང་བྱུང་གི་ཡེ་ཤེས་དཔེ་དོན་རྟགས་གསུམ་གྱིས་མི་འགྱུར་བའི་རང་བཞིན་བསྟན་པ་དང་། སྐུ་གསུམ་སྟོན་པས་འགྱུར་བར་བསྟན་ཚུལ་དང་། དེ་ཉིད་དྲངས་པའི་ལུང་དུ་བསྟན་པས་རྣལ་དོན་མི་འགྱུར་བ་ཉིད་དུ་བསྡུ་བའོ། །གཉིས་པ་ལ་བདུན་ཏེ། སོར་བཞག་ལྷ་མིའི་ཐེག་པས། ཆུང་ངུ་ཉན་རང་གི། བྱང་ཆུབ་སེམས་དཔའི། འབྲིང་ཀྲི་ཡའི། ཡོ་གའི། ཆེན་པོ་མ་ཧཱའི། ཨ་ནུའི་ཐེག་པས་སེམས་ལ་བགྲོད་པས་བསྒྱུར་བའི་སྐྱོན་ནོ། །གསུམ་པ་དེ་ཉིད་དྲང་ལུང་དུ་བསྟན་པས་རྣལ་དོན་མི་འགྱུར་བ་ལ་གསུམ་སྟེ། དབྱིངས་མི་འགྱུར་བའི་དོན་ལ་རྩོལ་སྒྲུབ་བྱ་བར་སྟོན་པའི་ལུང་ཐམས་ཅད་དྲང་དོན་དུ་བསྟན་པ་དཔེ་དོན་རྟགས་གསུམ་གྱིས་མི་འགྱུར་བར་བསྟན་པ། རྩོལ་སྒྲུབ་རྒྱུ་འབྲས་ཀྱིས་སྒྲུབ་པའི་ཐེག་པ་རྣམས་ལ་ངལ་བ་དོན་མེད་པར་བསྟན་པའོ། །དོན་དགུ་པ་སེམས་ཉིད་གཞི་བཞག་ཆེན་པོ་རྒྱུ་འབྲས་བྱ་རྩོལ་ལས་འདས་པས་མ་བཅོས་རྣལ་དུ་བཞག་པའི་ལེའུ་ཉེར་དགུ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གསུམ་སྟེ། ཆོས་ཀུན་ཡེ་ནས་རྣལ་བཞག་གཅིག་ཏུ་མདོར་བསྟན། དེའི་རང་བཞིན་བཤད་ཚུལ་ལྔ་རྒྱས་པར་བཤད། རྣལ་བཞག་གཅིག་ཏུ་དོན་བསྡུ་བའོ། །གཉིས་པ་ལ་ལྔ་སྟེ། ལོ་རྒྱུས། རྩ་བ། ཡོ་ག །དགོས་ཆེད། ཚིག་གི་དོན་གྱི་བཤད་ལུགས་སོ། །དང་པོ་ལ་གཉིས་ཏེ། ཕུན་སུམ་ཚོགས་པ་ལྔའི་རང་བཞིན་སྤྱིར་བསྟན་པ། སྟོན་པ། གནས། དུས། ཆོས་བཞི་བྱེ་བྲག་ཏུ་བཤད་པའོ། །རྩ་བ་དོན་གྱི་བཤད་ལུགས་ལ་གསུམ་སྟེ། ཆོས་ཐམས་ཅད་ཕུན་སུམ་ཚོགས་པ་ལྔར་བསྟན་ཚུལ། དེ་ཉིད་སེམས་ཉིད་རྣལ་བཞག་གཅིག་ཏུ་འདུས་པས་གྲོལ་ཚུལ། གྲོལ་བ་དེ་ཉིད་རྟོགས་པའི་རྣལ་འབྱོར་བས་བསྐྱེད་རྫོགས་རྩོལ་སྒྲུབ་ཀྱི་དོན་ལ་བརྟེན་མི་དགོས་པར་གདམས་པའོ། །ཡོ་ག་དོན་གྱི་བཤད་ལུགས་ལ་གསུམ་སྟེ། སེམས་ཉིད་ཡེ་ནས་རྣལ་བཞག་བྱར་མེད་པ་ཐེག་པ་འོག་མས་དེ་ཉིད་མ་ཤེས་པའི་ཚུལ་མདོར་བསྟན། ཉན་རང་། སེམས་དཔའ། ཡོ་ག །མ་ཧཱ། ཨ་ནུ་རྣམས་ཀྱིས་མ་ཤེས་པའི་སྐྱོན་རྒྱས་པར་བཤད། ཨ་ཏི་ཡོ་གར་ཤེས་པའི་དོན་བསྡུ་བའོ། །ལྔ་པ་ཚིག་གི་དོན་གྱིས་བཤད་ལུགས་ལ་གཉིས་ཏེ། ཨ་ཏི་ཡོ་གའི་ངེས་ཚིག་སོ་སོར་བཤད་པ་དང་། དོན་གཉིས་སུ་མེད་པས་རྒྱུ་འབྲས་སྒྲོ་སྐུར་ལས་འདས་པར་བཤད་པའོ། །དོན་བཅུ་པ་ཡེ་ནས་ལྷུན་གྱིས་གྲུབ་པའི་སེམས་ཉིད་རྡོ་རྗེ་སེམས་དཔའི་རང་བཞིན་ཆོས་ཉིད་མི་ནུབ་པའི་རྒྱལ་མཚན་དུ་གནས་པས་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའི་ལེའུ་སུམ་ཅུ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་དགུ་སྟེ། ཀུན་གྱི་སྔ་རོལ་ན་གདོད་མའི་ཀུན་བྱེད་འོད་གསལ་བའི་སེམས་ཉིད་ལ་ལྷུན་གྱིས་གྲུབ་པའི་གསང་མདོ། རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའི་སེམས་ཉིད་ཇི་བཞིན་ལྷུན་གྲུབ་ཏུ་བཞག་པའི་གལ་མདོ། ཆགས་སྡང་དུག་ལྔར་སྣང་བ་མ་སྤང་ཆོས་ཉིད་དུ་གྲོལ་བས་རྟོག་མེད་མཉམ་ཉིད་དུ་གནས་པའི་སྤྱོད་མདོ། གསང་བ་དམ་པ་མཆོག་ཏུ་བསྔགས་ཤིང་ཐེག་པ་གཞན་གྱི་ལམ་གྱིས་མི་འགྲུབ་པའི་མཆོག་མདོ། འོད་གསལ་དབྱིངས་ཀྱི་སེམས་ཉིད་ཇི་བཞིན་ཀུན་ཁྱབ་ཏུ་བསྟན་པས་བཟང་ངན་བླང་དོར་མེད་པའི་དབྱིངས་མདོ། ཐེག་པ་གཞན་གྱིས་རྩོལ་སྒྲུབ་དམིགས་བཅས་བསྐྱེད་རྫོགས་སུ་བཙལ་བས་ཇི་བཞིན་པའི་ཆོས་ཉིད་མི་མཐོང་བའི་ངེས་མདོ། ལྷུན་རྫོགས་ཇི་བཞིན་པར་གནས་པས་རྣལ་དོན་མ་བཙལ་བར་གྲུབ་པའི་རྣལ་མདོ། གཞི་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ལས་སྣང་སྲིད་འཁོར་འདས་རང་སྣང་དུ་ཇི་ལྟར་བཀོད་ཚུལ་གྱི་གཞི་མདོ། མ་བཅོས་དེ་བཞིན་ཉིད་དུ་བཞག་པའི་ལམ་ཆེན་ལ་ཐེག་པ་གཞན་གྱི་ལེགས་པའི་ལམ་གྱིས་མི་འགྲུབ་པའི་གྲངས་མདོའོ། །དང་པོ་ལ་དྲུག་སྟེ། སེམས་ཉིད་དབྱིངས་ཀྱི་རང་བཞིན་ལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཆོས་ཉིད་ཇི་ལྟར་གནས་པ་བསྟན་པས་ཡེ་སངས་རྒྱས་པ་ཆེ་བའི་མདོ། ཚོར་བ་མཉམ་ཉིད་དུ་གནས་པས་གཉིས་མེད་ཡོན་ཏན་དུ་ཡེ་གྲུབ་རིན་ཆེན་འབྱུང་ལྡན་གྱིས་ཆེ་བའི་མདོ། རྣམ་ཤེས་གསལ་སྟོང་དུ་ཡེ་གནས་མི་བསྐྱོད་རྡོ་རྗེའི་ཆེ་མདོ། གཟུང་འཛིན་ཆོས་དབྱིངས་སུ་ཤར་བ་རྣམ་པར་སྣང་མཛད་ཀྱི་ཆེ་མདོ། འདུ་ཤེས་བདེ་ཆེན་དུ་ཤར་བས་ཀུན་རྟོག་སྣང་མཐར་གྲོལ་བ་ཐབས་ཤེས་གཉིས་མེད་ཀྱི་ཆེ་མདོ། འདུ་བྱེད་རང་གྲོལ་དུ་སྣང་བས་ཡེ་ནས་བྱ་གྲུབ་ཏུ་ཤར་བ་དོན་ཡོད་གྲུབ་པའི་ཆེ་མདོའོ། །གཉིས་པ་རྒྱུ་འབྲས་རྩོལ་སྒྲུབ་འདས་པའི་སེམས་ཉིད་ཇི་བཞིན་བཞག་པའི་གལ་མདོ་ལ་བརྒྱད་དེ། སེམས་ཉིད་སྤྲོས་པའི་སྣང་བ་མེད་པར་བཞག་པའི་གལ་མདོ། དེ་ཉིད་སྨྲ་བསམ་བརྗོད་དུ་མེད་པའི་གལ་མདོ། བདེ་སྡུག་སེམས་ཉིད་རོལ་པ་ཡིན་པས་གང་ཤར་གཉིས་མེད་ནམ་མཁའ་ལྟ་བུར་བཞག་པའི་གལ་མདོ། བདེ་སྡུག་རང་བྱུང་གི་ཡེ་ཤེས་སུ་ཤར་བ་ཉིད་སྤང་བླང་སྔོན་གྱི་ལས་སུ་འདོད་པ་དགག་པའི་གལ་མདོ། སེམས་ཉིད་སྤྲོ་བསྡུ་མེད་པའི་རང་བཞིན་རྡོ་རྗེ་ལྟར་འཇིག་འབྲལ་མེད་པས་གདོད་ནས་སྙིང་པོ་བྱང་ཆུབ་ཏུ་བསྟན་པའི་གལ་མདོ། བསམ་གཏན་ཆེན་པོའི་རང་བཞིན་གང་ལས་སྐྱེ་བའི་ངོ་བོ་བསྟན་པའི་གལ་མདོ། ཕྲ་བའི་ཡེ་ཤེས་དེ་ཉིད་སྒོམ་པ་གཉིས་གང་ཡང་རུང་བར་བརྟེན་མི་དགོས་པའི་གལ་མདོ། རྒྱུ་འབྲས་གཞི་ནས་གྲོལ་བས་མ་བྱས་སྐུ་གསུམ་དུ་གྲུབ་པའི་གལ་མདོའོ། །གསུམ་པ་ཆགས་སྡང་དུག་ལྔར་སྣང་བ་མ་སྤངས་ཆོས་ཉིད་དུ་གྲོལ་བ་ཡེ་ཤེས་རང་ཤར་གྱི་སྤྱོད་མདོ་ལ་བཞི་སྟེ། བདེ་སྡུག་རོ་མཉམ་དུ་གཅིག་པ་བླང་དོར་མེད་པའི་སྤྱོད་མདོ། འདོད་ཡོན་ཆགས་སྡང་དུ་སྣང་བ་ཀུན་སྤྱོད་རྒྱན་གྱིས་སྤྱོད་མདོ། ཅི་སྣང་ཆགས་མེད་དུ་སྤྱད་པས་མཉམ་ཉིད་ནམ་མཁར་འཆར་བའི་སྤྱོད་མདོ། གྲགས་སྟོང་སྐྱེ་མེད་དུ་སྤྱད་པས་གསུང་དབྱངས་ལྷུན་གྲུབ་ཏུ་སྣང་བའི་སྤྱོད་མདོའོ། །བཞི་པ་གསང་བ་དམ་པ་མཆོག་ཏུ་བསྔགས་ཤིང་ཐེག་པ་གཞན་གྱིས་མི་གྲུབ་པའི་མཆོག་མདོ་ལ་དགུ་སྟེ། སེམས་གསང་རྫོགས་པ་ཆེན་པོ་བྱ་བཙལ་ལས་འདས་པའི་མཆོག་མདོ། ལམ་ལ་བགྲོད་དུ་མེད་པའི་མཆོག་མདོ། དེ་ཉིད་རྟོགས་པས་རྩལ་མེད་རང་ལ་གྲུབ་པའི་མཆོག་མདོ། ལམ་ཆེན་ཡངས་པ་དུས་གསུམ་ཀུན་ཏུ་བཟང་པོ་ཐམས་ཅད་ཀྱིས་ཡིན་པའི་མཆོག་མདོ། དེ་ཉིད་ཕྱོགས་བྲལ་ཀུན་གྱི་སྣང་བྱེད་ལ་ཕྱོགས་ཆ་ངེས་བཟུང་དུ་བལྟས་པས་མི་འགྲུབ་པའི་མཆོག་མདོ། རྣམ་དཔྱོད་དུས་ལ་ལྟོས་པའི་འབྲས་བུ་ཅན་གྱི་ལམ་སྤང་བར་གདམས་པའི་མཆོག་མདོ། ནམ་མཁའ་ལྟར་དུས་གསུམ་གཅིག་ཏུ་གནས་པས་སྔ་ཕྱི་བཟང་ངན་མེད་པར་བྱང་ཆུབ་རང་ལ་གནས་པའི་མཆོག་མདོ། འཁོར་བ་གདོད་ནས་དག་པས་སྲིད་གསུམ་སྒྱུ་མར་སྣང་བའི་མཆོག་མདོ། སྨོན་ལམ་སྙིང་རྗེ་ལ་སོགས་པ་མཚན་བཅས་རྒྱུ་འབྲས་སུ་ཞེན་པས་ད་ལྟའི་སེམས་ལས་ཕྱིས་བཟང་དུ་འགྲུབ་པར་འདོད་པ་ལ་ནམ་མཁའ་སྔ་ཕྱི་མེད་པ་བཞིན་མི་འགྲུབ་པར་བསྟན་པའི་མཆོག་མདོའོ། །ལྔ་པ་འོད་གསལ་དབྱིངས་ཀྱི་སེམས་ཉིད་ཀུན་ཁྱབ་བཟང་ངན་མེད་པའི་དབྱིངས་མདོ་ལ་བཞི་སྟེ། ནམ་མཁའ་ལྟ་བུའི་སེམས་ལ་རྒྱུ་འབྲས་བྱ་བཙལ་གྱི་ཆོས་ཀྱིས་གོས་པ་མེད་པའི་དབྱིངས་མདོ། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་བློས་བཀོད་པ་ཙམ་ལས་དེ་བཞིན་ཉིད་དུ་ཡོད་མ་མྱོང་བའི་དབྱིངས་མདོ། ཐ་སྙད་སྣ་ཚོགས་སུ་བཏགས་པའི་ཆོས་ཐམས་ཅད་དོན་ལ་མིང་དུའང་གྲུབ་པ་མེད་པའི་དབྱིངས་མདོ། སྒོ་གསུམ་རྩོལ་སྒྲུབ་དང་བྲལ་བ་སྐུ་གསུམ་ཇི་བཞིན་པའི་དགོངས་པར་ཕྱིན་པས་ཀུན་ཏུ་བཟང་པོ་མཆོག་ཏུ་མི་འགྱུར་བའི་བཀའ་བཏགས་ཀྱི་ཕྱག་རྒྱར་བསྟན་པའི་དབྱིངས་མདོའོ། །དྲུག་པ་ཐེག་པ་གཞན་གྱི་བསྐྱེད་རྫོགས་ཀྱིས་ཇི་བཞིན་པའི་དོན་མི་མཐོང་བར་བསྟན་པའི་ངེས་མདོ་ལ་བཞི་སྟེ། རྒྱུའི་ཐེག་པས་ཚོགས་གཉིས་ཐབས་ཤེས་སུ་རྩོལ་བས་སྐུ་གཉིས་གྲུབ་པར་འདོད་པའི་ལོག་རྟོག་དགག་པའི་ངེས་མདོ། ཀྲི་ཡ། ཨུ་པ། ཡོ་ག་གསུམ་གྱི་སྔགས་དང་དཀྱིལ་འཁོར་གྱིས་དེ་བཞིན་ཉིད་སྣང་ལ་རང་བཞིན་མེད་པར་བསྒོམས་ཀྱང་མི་འགྲུབ་པར་བསྟན་པའི་ངེས་མདོ། མ་ཧཱས་བསྐྱེད་རིམ་ཐབས་དང་། ཨ་ནུས་བདེ་སྟོང་རྫོགས་རིམ་བསྒོམས་ཀྱང་མི་འགྲུབ་པར་བསྟན་པའི་ངེས་མདོ། དེ་ལྟར་ཐེག་པ་སོ་སོའི་ལམ་བསྒོམས་པས་ཡོན་ཏན་ཅུང་ཟད་སྐྱེ་བ་ལྟར་སྣང་ཡང་རྟོག་པ་གོམ་རྗེས་སུ་བྱས་པས་རེ་ཤིག་སྣང་ཡང་རྟག་མི་ཐུབ་པས་མཚན་མ་མེད་པའི་དེ་ཉིད་མི་འགྲུབ་པར་བསྟན་པའི་ངེས་མདོའོ། །བདུན་པ་ཨ་ཏི་ལྷུན་རྫོགས་ཇི་བཞིན་པ་མ་བརྩལ་ལྷུན་གྱིས་གྲུབ་པའི་རྣལ་མདོ་ལ་བཞི་སྟེ། ཇི་བཞིན་མ་བཅོས་རྣལ་དུ་འཇོག་པ་རྣལ་འབྱོར་པས་དོན་གཉིས་ལྷུན་གྱིས་གྲུབ་པའི་རྣལ་མདོ། དགོངས་པ་དེ་ཉིད་ནམ་མཁའ་ལྟར་ཡངས་ཤིང་ཡོན་ཏན་ལྷུན་རྫོགས་ཆེན་པོར་ངང་གིས་གནས་པའི་ལྷུན་མདོ། དེ་ཉིད་ཇི་བཞིན་བཅོས་བསླད་མེད་པའི་སེམས་ཉིད་སོ་སོ་རང་གི་རིག་པའི་ཡེ་ཤེས་ལ་འཆར་བའི་རྣལ་མདོ། བྱ་རྩོལ་རྒྱུ་འབྲས་ལ་མི་ལྟོས་པར་རང་སེམས་ཆོས་སྐུར་གྲུབ་པའི་དོན་རྟོགས་པའི་རྣལ་འབྱོར་པ་ལ་སླ་ཞིང་གཞན་ལ་དཀའ་བ་ཉིད་སྨྲ་བསམ་བརྗོད་མེད་དུ་བསྟན་པའི་སྣང་མདོའོ། །བརྒྱད་པ་གཞི་ལྷུན་གྲུབ་ཆེན་པོ་ལས་སྣང་སྲིད་འཁོར་འདས་ཀྱི་བྱུང་ཚུལ་བསྟན་པའི་གཞི་མདོ་ལ་བཅུ་གཉིས་ཏེ། ཀུན་གྱི་སྔ་རོལ་ན་གཞི་ལྷུན་གྲུབ་ཆེན་པོ་ཇི་ལྟར་གནས་པའི་གཞི་མདོ། དེ་ཉིད་ཀྱི་ངང་ལས་གཞི་སྣང་རང་བྱུང་གི་ཡེ་ཤེས་སྐུ་གསུམ་རང་ལ་རང་ཤར་ཚུལ་གྱིས་གཞི་མདོ། གཞི་དེ་ཉིད་ཀུན་ལ་ཤར་ཡང་སེམས་ཅན་གྱིས་རང་ངོ་མ་ཤེས་པས་འཁྲུལ་གཞིར་ཤར་ཚུལ་གྱི་གཞི་མདོ། ཀུན་ལ་དེ་ལྟ་བུའི་དོན་གནས་པར་གོ་བ་ལ་བསྟོད་པའི་གཞི་མདོ། གཞི་དེ་ཉིད་ཀྱི་ངང་ལས་འོད་ལྔར་ཤར་བ་རིག་མ་རིག་གིས་སངས་རྒྱས་ཀྱི་ཞིང་སྣང་དང་སེམས་ཅན་གྱི་ཡུལ་སྣང་དུ་གྲུབ་ཚུལ་གྱི་གཞི་མདོ། དེའི་རིགས་དང་ཁ་དོག་གི་ཁྱད་པར་ལས་རིག་མ་རིག་གི་རིགས་ལྔའི་སངས་རྒྱས་དང་རྒྱུད་ལྔའི་སེམས་ཅན་སྣང་ཚུལ་གྱི་གཞི་མདོ། གདོད་མའི་ངང་ལས་ཤར་བའི་འོད་ཁང་གཙོ་ཆེན་ཡིན་པའི་གཞི་མདོ། གཞི་དེ་ཉིད་དུས་གསུམ་ཐ་སྙད་ལ་བརྟེན་པའི་དོན་ཆོས་མ་ཡིན་པས་གཤིས་ཀུན་ཁྱབ་ཆེན་པོར་གནས་ཚུལ་གྱིས་གཞི་མདོ། དེ་ལྟར་འཁོར་འདས་རང་བྱུང་གི་ཡེ་ཤེས་ལ་ཤར་བ་དེ་ཉིད་ཡེ་ཤར་ཡེ་གྲོལ་དུ་སྣང་བས་རྒྱུ་རྐྱེན་མེད་པར་ཆོས་ཉིད་ཀུན་བྱེད་ཉིད་ཀྱི་ངང་ནས་རང་བཀོད་པའི་གཞི་མདོ། དེ་ལྟར་རང་སྣང་དག་པའི་གཞི་དེ་ཉིད་རང་སྣང་དུ་རིག་པ་ཙམ་གྱིས་གྲོལ་བའི་གཞི་དེ་ཉིད་ལ་མཐར་ཕྱིན་པ་བདུད་རྩི་ཆེན་པོའི་གཞི་མདོ། དེ་ལྟར་སྣང་དུས་དབང་པོ་དང་སྣང་ཡུལ་ལྟར་གཟུང་འཛིན་གཉིས་སུ་མ་གྲུབ་པའི་གཞི་མདོ། རང་སྣང་གི་གཞི་སྣང་དུ་རིག་པའི་སྐད་ཅིག་ལ་གྲོལ་ནས་ཆོས་སྐུ་མཉམ་བཞག་ཆེན་པོ་གཅིག་ཏུ་བདེ་ཀློང་འཁྱིལ་པའི་གཞི་མདོའོ། །དགུ་པ་མ་བཅོས་པ་དེ་བཞིན་ཉིད་དུ་བཞག་པའི་ལམ་ཆེན་ལ་ཐེག་པ་གཞན་གྱི་ལམ་གྱིས་མི་འགྲུབ་པའི་ཚུལ་གྱི་གྲངས་མདོ་ལ་ལྔ་སྟེ། གཞི་དེ་ཉིད་ད་ལྟའི་དུས་ནས་སེམས་ཅན་ཐམས་ཅད་ལ་ཁྱབ་པས་སྐུ་གསུམ་འདུ་འབྲལ་མེད་པའི་དམ་ཚིག་ཆེན་པོར་བཀོད་ཚུལ་གྱི་གྲངས་མདོ། བླ་མ་དམ་པའི་བརྡ་དང་ཐབས་ཀྱིས་གར་སྟབས་བསྐྱོད་པས་སྣང་ཚུལ་གྱི་གྲངས་མདོ། སྒོ་གསུམ་རྩོལ་མེད་ལྷུག་པར་གནས་པས་གཞི་ལྷུན་གྲུབ་ཆེན་པོའི་ངང་ལས་ད་ལྟ་ཉིད་ནས་གནས་ཚུལ་གྱི་གྲངས་མདོ། ཀུན་སྤྱོད་ཐམས་ཅད་ཆགས་མེད་རང་གྲོལ་དུ་བྱ་བར་གདམས་པའི་གྲངས་མདོ། དེ་ལྟར་སྐུ་གསུམ་ཡེ་ནས་གྲུབ་པར་མ་རྟོགས་པར་རྒྱུ་འབྲས་རྩོལ་བས་འགྲུབ་པའི་དུས་མི་སྲིད་པར་བསྟན་པའི་གྲངས་མདོའོ། །དེ་ལྟར་མཆོག་གསང་རྨད་དུ་བྱུང་བའི་མདོ་ཆིངས་ལྔ་བཅུ་རྩ་དྲུག་གིས་ཤིན་ཏུ་དཀའ་བའི་གནས་བསྟན་པ། མི་ནུབ་རྒྱལ་མཚན་གྱི་ལེའུ་མདོ་རྒྱུད་ཀུན་གྱི་རྩ་བ་ཐེག་པ་ཀུན་གྱི་ཡང་རྩེ། མན་ངག་ཀུན་གྱི་བདུད་རྩི་ཆེན་པོ་བསྟན་ཟིན་ཏོ། །ལེའུ་འདི་ནི་འཕགས་པའི་སྤྱོད་ཡུལ་ཤིན་ཏུ་རྟོགས་དཀའ་བའི་གནས་བསྟན་པའོ། །ཁོ་བོས་ནི་མཆོག་གསང་གོང་མ་ཨ་ཏི་སྙིང་པོའི་དོན་བླ་མ་དམ་པའི་དྲིན་གྱི་མཐོང་ནས་ལེགས་པར་བཀོད་པ་ཡིན་ནོ། །དེ་ལྟར་རྒྱུ་འབྲས་འདས་པའི་མདོ་ལུང་བཅུ་དགོས་པ་དང་བཅས་པས། སེམས་ཉིད་འཕོ་འགྱུར་གྲུབ་གསལ་མེད་པ། ནམ་མཁའི་དབྱིངས་ཀྱི་རང་བཞིན་ལྟ་བུར་བཤད་པའོ། །དོན་གསུམ་པ་མ་བཙལ་རྫོགས་པའི་ལེའུ་བཅུ་ལས། དང་པོ་སེམས་ཉིད་ཀུན་བྱེད་བྱར་མེད་ཡེ་ནས་དག་པའི་དབྱིངས་ལ་མ་བྱས་ལྷུན་གྱིས་གྲུབ་པའི་ལེའུ་སོ་གཅིག་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པ་དང་། དེ་ལ་བཞི་སྟེ། གཉིས་མེད་སྤྲོས་བྲལ་གྱི་ལྟ་བ། མ་བཅོས་བློ་འདས་ཀྱི་སྒོམ་པ། བླང་དོར་རྩོལ་མེད་ཀྱི་སྤྱོད་པ། མ་བཙལ་ལྷུན་གྲུབ་ཀྱི་འབྲས་བུའོ། །དོན་གཉིས་པ་གང་སྣང་སེམས་ཉིད་དུ་གཅིག་པས་སྤང་བླང་རྒྱུ་འབྲས་ཀྱིས་བྱ་མི་དགོས་པར་ཆོས་སྐུ་ད་ལྟར་ལྷུན་གྲུབ་ཏུ་གནས་པའི་ལེའུ་སོ་གཉིས་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གསུམ་སྟེ། ཅིར་སྣང་ཆོས་ཉིད་ཀྱི་རང་བཞིན་དུ་བསྟན་པ། སྣང་དུས་འཛིན་མེད་གསལ་སྟོང་དུ་བཞག་པ། དེ་ཉིད་མི་རྟོག་ཆོས་སྐུར་བསྟན་པའོ། །དོན་གསུམ་པ་སེམས་ཉིད་རང་བྱུང་གི་ཡེ་ཤེས་མདོ་རྒྱུད་ཀུན་གྱི་རྩ་བ་ཡིན་པས་ལུང་གཞན་ནས་བཙལ་མི་དགོས་པར་ཡེ་ནས་རྫོགས་པའི་ལེའུ་སོ་གསུམ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་བཞི་སྟེ། སྟོན་པས་དྲིས་པ། འཁོར་གྱིས་ལན་ཞུས་པ། དགྱེས་ཏེ་མཚན་བཏགས་པས་སྒྲ་བཞིས་དོན་ཇི་ལྟར་རིག་གི་དྲི་ལན་དང་། དོན་གྱིས་སྒྲ་བཞི་རིག་པའི་རྟོགས་པ་ཕུལ་བ། དགྱེས་ཏེ་མཚན་བཏགས་པས་སྒྲ་དོན་ཤན་སྦྱར་བ། འཁོར་གྱིས་སྐུ་གསུམ་གྱིས་བསྟན་པའི་ཆོས་རྣམས་ཇི་ལྟར་རིག་དྲིས་པ། ལྡེམ་པོ་དང་། དྲང་ལུང་ཡིན་པར་ལན་ཞུས་པས་དྲང་དོན་གྱི་དྲིས་ལན་དང་། སེམས་ཉིད་ཇི་བཞིན་པ་བཅོས་བསླད་མེད་པ་ཉིད་ངེས་པའི་དོན་ཡིན་པས་ཡོན་ཏན་ལྷུན་གྱིས་གྲུབ་པ་དང་། རྣལ་དོན་སྒྲོ་སྐུར་བྲལ་བའི་དེ་བཞིན་ཉིད་ལས་གཞན་དུ་སྟོན་པ་དྲང་དོན་ཡིན་པར་གསུངས་པས་ངེས་དོན་སྙིང་པོའི་རང་བཞིན་བཤད་པའོ། །དོན་བཞི་པ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་བྱ་བཙལ་གཉིས་སུ་མེད་པར་བསྟན་པའི་རང་བཞིན་སེམས་ཉིད་རང་བྱུང་གི་ཡེ་ཤེས་སུ་འདུས་པའི་ལེའུ་སོ་བཞི་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གསུམ་སྟེ། ཀུན་བྱེད་སེམས་ཉིད་རང་བྱུང་གི་ཡེ་ཤེས་སུ་རྒྱལ་བའི་དགོངས་པ་འདུས་ཚུལ་མདོར་བསྟན། དྲིས་ལན་དང་ས་ཚུལ་དང་བཅས་པས་རྒྱས་བཤད། བཟང་ངན་བླང་དོར་མེད་པའི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་སུ་ཐམས་ཅད་འདུ་ཚུལ་གྱིས་དོན་བསྡུ་བའོ། །གཉིས་པ་ལ་གསུམ་སྟེ། འདུས་ཚུལ་ཞུས་པ་དང་། དེའི་ལན་གསུངས་པ། དངངས་ནས་བརྒྱལ་བའོ། །གཉིས་པ་ལན་ལ་གསུམ་སྟེ། སྤྱི་འདུས་དཔེ་དོན་རྟགས་གསུམ་དང་། སྔ་མའི་མདོར་བསྡུ་ཞིང་ཕྱི་མའི་མདོར་བསྟན་ཚུལ་དང་། སྒོ་འདུས་རྣམ་པ་ལྔའོ། །དང་པོ་སྤྱི་འདུས་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དེ་ལ་གསུམ་སྟེ། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུའི་དགོངས་པ་ནམ་མཁའི་རང་བཞིན་དུ་འདུས་པས་དཔེ་དང་། སྐུ་གསུམ་སྐྱེ་འགག་མེད་པའི་ངོ་བོ་སེམས་ཉིད་དུ་འདུས་པས་དོན་དང་། རང་བཞིན་སྟོང་གསལ་ངོ་བོ་ཐུགས་རྗེའི་གདངས་སྣ་ཚོགས་སུ་འཆར་བའི་རིག་པ་ཉིད་སྐུ་གསུམ་རང་ལ་ཚང་བའི་རྟགས་སོ། །གསུམ་པ་སྒོ་འདུས་རྣམ་པ་ལྔ་ལས། དབྱིངས་ཆོས་སྐུ། ངོ་བོ་ལོངས་སྐུ། སྣང་བ་ཀུན་བཟང་། སྟོང་པ་རྡོར་སེམས། སྤྲུལ་སྐུ་ཀུན་ཁྱབ་ཀྱི་རང་བཞིན་རང་བྱུང་གི་ཡེ་ཤེས་སུ་འདུས་པའོ། །གསུམ་པ་བཟང་ངན་བླང་དོར་མེད་པའི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་སུ་འདུ་ཚུལ་གྱིས་དོན་བསྡུ་བ་ལ་གཉིས་ཏེ། མ་བྱས་པའི་ཆོས་ཉིད་མི་འབྱུང་བ་དང་། ཕྱིན་ཅི་ལོག་ཏུ་སྣང་བ་ཡང་འདུས་སམ་ཞེས་པ་གཉིས་ཀྱི་དངངས་པའི་ཚུལ་དུ་ཞུས་པ་དང་། ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་རོལ་པར་སྣང་བས་བླང་དོར་བཟང་ངན་མེད་པའི་དགོངས་པ་ཉིད་དུ་འདུས་པར་བསྟན་པའོ། །དོན་ལྔ་པ་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཡེ་ནས་རྒྱུ་འབྲས་བྱ་བཙལ་ལས་འདས་པས་རང་བཞིན་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པའི་ལེའུ་སོ་ལྔ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པས་ཆོས་ཉིད་བྱ་བཙལ་ལས་འདས་པའི་དོན་བརྒྱད་ཀྱི་རང་བཞིན་བསྟན་པ་དང་། རྒྱུ་འབྲས་ཀྱི་ཐེག་པས་ཇི་བཞིན་པའི་དོན་མི་རྟོགས་པར་བསྟན། རྩོལ་སྒྲུབ་ཉིད་རྣལ་མའི་དོན་ལ་བསླུ་བས་སྡིག་ཆེ་བར་བརྗོད། འོན་ཀྱང་སྐལ་ངན་འཁྲིད་པའི་ཐབས་སུ་གསུངས་པས་གནས་ལུགས་རྫོགས་པ་ཆེན་པོ་ཀུན་གྱི་སྤྱོད་ཡུལ་མ་ཡིན་པར་བསྟན་པའོ། །དོན་དྲུག་པ་སེམས་ཀྱི་གནས་ལུགས་ཀུན་བྱེད་རྒྱལ་པོར་ཐམས་ཅད་འདུས་ཤིང་ཇི་ལྟར་བྱས་པའི་ཚུལ་རང་བཞིན་ངོ་བོ་ཐུགས་རྗེ་གསུམ་སྐུ་གསུམ་དུ་བཀོད་པས་སྣང་བའི་དོན་ལ་བྱ་རྩོལ་མེད་པར་ལྷུན་གྱིས་རྫོགས་པའི་ལེའུ་སོ་དྲུག་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གསུམ་སྟེ། རང་བྱུང་གི་ཡེ་ཤེས་སྟོང་གསལ་འགག་མེད་ཀྱི་རྩལ་ལས་སྣང་སྲིད་འཁོར་འདས་སུ་སྣང་བའི་བྱས་ཚུལ་མདོར་བསྟན། སྐུ་གསུང་ཐུགས་སུ་བྱས་ཚུལ་དྲི་བ་དང་། ལན་སྤྱིར་བསྟན་པ་དང་། སྣང་བ་སྐུའི་དཀྱིལ་འཁོར། གྲགས་པ་གསུང་གི་དཀྱིལ་འཁོར། དྲན་རིག་ཡུལ་ལྔར་སྣང་བའི་ངོ་བོ་མི་རྟོག་མཉམ་པ་ཉིད་ཐུགས་ཀྱི་དཀྱིལ་འཁོར་བྱེ་བྲག་ཏུ་གསུངས་པའི་ལན་གྱིས་རྒྱས་པར་བཤད། དེ་ཉིད་ལུང་མ་བསྟན་ན་ཀུན་བྱེད་མི་འཕྲད་པའི་སྐྱོན་དང་། མ་འཕྲད་ན་རང་གི་རང་བཞིན་ཆོས་སྐུ་མི་མཐོང་ཞིང་ངལ་བ་དོན་མེད་དུ་འགྱུར་བས་ལུང་སྟོན་ཅིག་པར་གདམས་པས་འཇུག་བསྡུ་བའོ། །དོན་བདུན་པ་སེམས་ཉིད་རང་བཞིན་གྱིས་དག་པའི་དོན་ལ་ཡེ་ནས་བསྒོམ་མེད་ལྷུན་གྱིས་གྲུབ་པའི་ལེའུ་སོ་བདུན་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་བཞི་སྟེ་སེམས་ཉིད་བསྒོམ་དུ་མེད་པའི་ངོ་བོ་སྤྱིར་བསྟན། དེ་ལ་བསྒོམས་པས་གོལ་བའི་རང་བཞིན་བྱེ་བྲག་ཏུ་བཤད། ཇི་བཞིན་པའི་སེམས་ཉིད་བཅོས་བསླད་དང་བྲལ་བའི་བཞག་ཐབས་ལེགས་པར་བསྟན། སེམས་ཉིད་ཇི་བཞིན་བཞག་པའི་ངོ་བོས་བྱང་ཆུབ་གྲུབ་ཚུལ་ལོ། །གཉིས་པ་ལ་གཉིས་ཏེ། རྒྱུ་འབྲས་སྟོན་པས་རྩོལ་སྒྲུབ་ཀྱི་བསྒོམ་པ་མདོར་བསྟན་པ་དང་། ཉན་རང་གི་སྤངས་པའི་སྐྱོན། བྱང་སེམས་ཀྱི་སྦྱངས་པའི་སྐྱོན། ཀྲི་ཡོག་གི་བྱིན་གྱིས་བརླབས་ཤིང་བསྒོམ་པའི་སྐྱོན། ནང་པ་གཉིས་ཀྱི་བཙལ་ཞིང་བསྒྲུབ་པའི་སྐྱོན། རྩོལ་སྒྲུབ་ཀྱི་སྒོམ་ཅི་བྱས་ཀྱིས་རང་སེམས་སྤངས་པའི་སྐྱོན་གྱིས་རྒྱས་པར་བཤད་པའོ། །དོན་བརྒྱད་པ་གདོད་ནས་རྣམ་པར་དག་པའི་སེམས་ཉིད་ལ་ཐེག་པ་འོག་མས་ལྟ་སྒོམ་སྤྱོད་པས་བཙལ་བས་གོལ་སྒྲིབ་ཏུ་གྱུར་པའི་ཚུལ་ཨ་ཏིས་རྟོགས་པར་བྱ་བའི་ལེའུ་སོ་བརྒྱད་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གཉིས་ཏེ། གོལ་སྒྲིབ་དངོས་བསྟན་པ་དང་། དེ་ཉིད་རྫོགས་པ་ཆེན་པོར་ལ་བཟླ་བའོ། །དང་པོ་ལ་གསུམ་སྟེ། གོལ་སྒྲིབ་ཀྱི་རང་བཞིན་མདོར་བསྟན་པ་དང་། གོལ་ས་གཙོ་ཆེར་བསྟན་པས་རྒྱས་པར་བཤད་པ་དང་། སྒྲིབ་པ་གཙོ་ཆེར་བསྟན་པས་དོན་བསྡུ་བའོ། །གཉིས་པ་ལ་གསུམ་སྟེ། ཐེག་པ་དྲུག་གི་རང་བཞིན་སྤྱིར་བསྟན། མདོ་སྡེ་ཀྲི་ཡ། ཨུ་པ། ཡོ་ག །མ་ཧཱ། ཨ་ནུ་དྲུག་གིས་དབྱེ་བ་རྒྱས་པར་བཤད། མཇུག་བསྡུ་བའོ། །གསུམ་པ་སྒྲིབ་པ་གཙོ་ཆེར་བསྟན་པས་མཇུག་བསྡུ་བ་ལ་དྲུག་སྟེ། མདོ་སྡེ། ཀྲི་ཡ། ཨུ་པ། ཡོ་ག །མ་ཧཱ། ཨ་ནུས་རྣལ་དོན་བླང་དོར་མེད་པ་ལ་སྒྲིབ་ཚུལ་ལོ། །གཉིས་པ་ལ་ཟླ་བ་ལ་གསུམ་སྟེ། སེམས་ཉིད་ནམ་མཁའ་ལྟ་བུའི་དོན་མདོར་བསྟན། མེད་པ་ལྔས་རྒྱས་པར་བཤད། ཡེ་ཤེས་ཆེན་པོས་མཇུག་བསྡུ་བའོ། །གཉིས་པ་མེད་པ་ལྔ་ལ། ལྟ་བ་ཞེན་འཛིན་མེད་པ། དམ་ཚིག་ལ་བསྲུང་མཚམས་མེད་པ། ཕྲིན་ལས་རྩལ་དུ་མེད་པ། ས་ལ་སྦྱང་དུ་མེད་པ། ཆོས་ཉིད་བསྒོམ་དུ་མེད་པའོ། །དོན་དྲུག་པ་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཡེ་ནས་དག་པའི་སྙིང་པོ་མ་བྱས་ལྷུན་གྱིས་གྲུབ་པའི་ལེའུ་སོ་དགུ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གསུམ་སྟེ། སྙིང་པོའི་རང་བཞིན་བསྟན་པ་དང་། རྒྱལ་བའི་རྒྱུ་མཚན་དགོད་པ་དང་། དེ་གཉིས་ཀའི་དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། ཀུན་གྱི་སྙིང་པོ་ཡིན་ཚུལ་མདོར་བསྟན་པ་དང་། སྐུ་གསུམ། དུས་གསུམ་སངས་རྒྱས། རིག་འཛིན་ས། ཁམས་གསུམ་སེམས་ཅན། སྣང་སྲིད་སྣོད་བཅུད་ཀུན་གྱི་སྙིང་པོ་ཡིན་ཚུལ་རྒྱས་པར་བཤད་པའོ། །གཉིས་པ་རྒྱལ་བའི་རྒྱུ་མཚན་དགོད་པ་ལ་གཉིས་ཏེ། དམ་བཅའ་བཞག་པ་དང་། གཏན་ཚིགས་དགོད་པའོ། །དེ་ལ་གཉིས་ཏེ། བྱང་ཆུབ་སེམས་ཀྱི་བསྟན་པ་བཀོད་ཚུལ་མདོར་བསྟན་པ་དང་། ཆོས་ལ་བྱར་མེད་པ་བལྟ་བ་བསྒོམ་དུ་མེད་པ། དམ་ཚིག་བསྲུང་དུ་མེད་པ། ཕྲིན་ལས་ལ་བཙལ་དུ་མེད་པ། ས་ལ་སྦྱང་དུ་མེད་པ། ལམ་ལ་བགྲོད་དུ་མེད་པ། ཆོས་ཉིད་བལྟར་མེད་པའི་བཀོད་ཚུལ་རྒྱས་པར་བཤད་པའོ། །གསུམ་པ་དོན་བསྡུ་བ་ལ་གཉིས་ཏེ། གཞི་གནས་ཀྱི་ཡེ་ཤེས་ངོས་བཟུང་བ་དང་། དེ་ཉིད་རྒྱལ་བའི་སྙིང་པོ་ཡིན་པར་བསྟན་པའོ། །དོན་བཅུ་པ་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཡེ་ནས་སངས་རྒྱས་པས་འཁོར་འདས་བྱ་བཙལ་ལས་འདས་པའི་ལེའུ་བཞི་བཅུ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གསུམ་སྟེ། སེམས་ཉིད་རང་བྱུང་གི་ཡེ་ཤེས་ཡེ་ནས་སངས་རྒྱས་པས་འཁོར་ས་དང་འཁོར་མཁན་གཉིས་སུ་མ་གྲུབ་པའི་ངོ་བོ་མདོར་བསྟན། རྒལ་ལན་གྱི་ཚུལ་གྱིས་རང་བཞིན་རྒྱས་པར་བཤད། དེ་བཞིན་ཉིད་ཀྱི་སེམས་ཉིད་ད་ལྟའི་རིག་པ་ལས་གཞན་པ་མ་ཡིན་པས་དོན་བསྡུ་བའོ། །གཉིས་པ་ལ་གཉིས་ཏེ། སེམས་ཉིད་ཡེ་ནས་སངས་རྒྱས་སུ་གྲུབ་ནས་འཁོར་བར་སེམས་ཅན་འཁོར་བར་མི་རིགས་པའི་རྒོལ་བ། དེ་ཉིད་མ་རྟོགས་པས་བྱ་བཙལ་གྱི་དོན་ལ་ཇི་ཙམ་འབད་པ་དེ་ཙམ་དུ་འཁོར་བ་ལས་མ་འདས་པར་བསྟན་པའི་ལན་ནོ། །དེ་ལ་དྲུག་སྟེ། ཉན་ཐོས་ཀྱིས་སྤངས་པས། རང་རྒྱལ་གྱིས་བཀག་པས། སེམས་དཔས་སྦྱངས་པས། ཀྲི་ཡས་དག་པར་བལྟས་པས། ཡོ་ག་བས་བླང་དོར་བྱས་པས། ནང་པས་ཆེད་དུ་བསྒྲུབ་པས། འཁོར་བར་བསྟན་པའོ། །གསུམ་པ་དེ་བཞིན་ད་ལྟའི་སེམས་ལས་གཞན་མ་ཡིན་པར་དོན་བསྡུ་བ་ལ་བཞི་སྟེ། ད་ལྟའི་སེམས་མ་དག་པར་རློམ་པའི་ཆོས་ཅན་འདི་ཉིད་སྤངས་པའི་ཕ་རོལ་ན་ཆོས་ཉིད་རང་བྱུང་གི་ཡེ་ཤེས་མྱ་ངན་ལས་འདས་པ་མེད་པར་བསྟན་པ་དང་། དེ་བཞིན་ཉིད་ཀྱི་ངེས་ཚིག་བསྟན་པ་དང་། དེའི་རང་བཞིན་རྣལ་བཞག་གཅིག་ཏུ་བསྟན་པ་དང་། བཅོས་བསླད་བྱས་ན་འཁོར་བ་སྒྲུབ་པར་བསྟན་པའོ། །དེ་ལྟར་བྱར་མེད་རྫོགས་པའི་མདོ་ལུང་བཅུ་དགོས་པ་དང་བཅས་པས། སེམས་ཉིད་རང་བྱུང་གི་ཡེ་ཤེས་ལ་ཡོན་ཏན་བཙལ་མི་དགོས་པར་ཡེ་ནས་རང་ཆས་སུ་ལྷུན་གྱིས་གྲུབ་པས། འབད་མེད་རྣལ་བཞག་ཆེན་པོར་བཅོས་བསླད་དང་བྲལ་བའི་དགོངས་པ་གཅིག་པུ་ལ་བཞག་པས་འགྲུབ་པའི་ཆེ་བ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་བཤད་པ་ཡིན་ནོ། །དོན་གསུམ་པ་བྱ་བཙལ་མཚན་མའི་ཡུལ་ལས་གྲོལ་བ། ལྷུན་གྲུབ་རིན་པོ་ཆེའི་ལེའུ་བཅུ་གསུམ་གྱིས་བསྟན་པ་ལ་གཉིས་ཏེ། ངེས་པ་གཏན་འབེབས་ཀྱི་ལེའུ་བཅུ་དང་། དགོངས་པ་ཀུན་འདུས་ཀྱི་ལེའུ་གསུམ་མོ། །དང་པོ་ལ་བཅུ་ལས། དང་པོ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་སེམས་ཉིད་ཀུན་བྱེད་ཉིད་དུ་འདུས་ཤིང་ངོ་བོ་གཅིག་པའི་ཚུལ་གཏན་ལ་འབེབས་པའི་ལེའུ་ཞེ་གཅིག་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གསུམ་སྟེ། སེམས་ཉིད་རང་བྱུང་གི་ཡེ་ཤེས་སུ་འདུས་ཚུལ་མདོར་བསྟན། དེའི་རང་བཞིན་རྒྱས་པར་བཤད་པར་བཤད། ཆོས་ཐམས་ཅད་གཉིས་མེད་གཅིག་ཏུ་དོན་བསྡུ་བའོ། །གཉིས་པ་ལ་གསུམ་སྟེ། སྤྱིར་བསྟན་པ། བྱེ་བྲག་ཏུ་བཤད་པས། དུས་གསུམ་སངས་རྒྱས་ཀྱི་སྙིང་པོར་བསྟན་པ་དང་། རྟེན་པ་སེམས་ཅན་གྱི་ཁམས་ལ་ཁྱབ་ཅིང་དེ་ཉིད་རང་བྱུང་གི་ཡེ་ཤེས་སུ་གཅིག་ཚུལ་དང་། འབྱུང་ལྔའི་ངོ་བོ་ཡེ་ནས་སངས་རྒྱས་པར་བསྟན། དེའི་རང་བཞིན་ཉི་ཤུ་རྩ་ལྔར་དབྱེ་བས་རྟེན་སྣང་སྲིད་ཀྱི་འཇིག་རྟེན་རང་བྱུང་གི་ཡེ་ཤེས་ལས་མ་འདས་པར་བསྟན་པའོ། །དོན་གཉིས་པ་རང་སེམས་གཞི་ནས་དག་པའི་སངས་རྒྱས་བཅོས་བསྒྱུར་སྤངས་གཉེན་ལས་འདས་པའི་ངོ་བོར་གཏན་ལ་འབེབས་པའི་ལེའུ་ཞེ་གཉིས་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གཉིས་ཏེ། སྐུ་གསུམ་སེམས་ལས་གཞན་ན་མེད་པ་དང་། དུས་གསུམ་གྱི་སངས་རྒྱས་སེམས་ལས་གཞན་མེད་པ་དང་། ད་ལྟར་གྱི་སེམས་ཉིད་བཅོས་བསླད་མེད་པ་གསུམ་སྙིང་པོ་བྱང་ཆུབ་ཏུ་བསྟན་པ་དང་། བཅོས་པས་མི་འགྲུབ་པ་དངོས་དང་། དེའི་ཉེས་པ་བསྟན་པ་དང་། འཆོས་པར་བྱེད་པའི་ཆོས་ཚུལ་ཐམས་ཅད་དྲང་དོན་ཡིན་པར་བསྟན་པ་གསུམ་གྱིས་སེམས་ཉིད་བཅོས་སུ་མེད་པའི་འཐད་པ་དགོད་པའོ། །དོན་གསུམ་པ་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀུན་གྱི་སྔ་རོལ་ནས་དག་པའི་ཡེ་ཤེས་ཆེན་པོར་གནས་པས་དང་པོའི་སངས་རྒྱས་ཡིན་ལ། དེ་ཉིད་རྟོགས་པས་གློ་བུར་དྲི་བྲལ་གྱི་སངས་རྒྱས་ཕུན་སུམ་ཚོགས་པ་ཀུན་གྱི་བདག་ཉིད་ཆེན་པོར་སྣང་བ་ཡང་གཞི་རང་བཞིན་རྣམ་དག་གི་སངས་རྒྱས་ཀྱི་ཆོས་ལ་ལྟོས་པས། དེའི་རང་བཞིན་གཏན་ལ་འབེབས་པའི་ལེའུ་ཞེ་གསུམ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གསུམ་སྟེ། ཕུན་སུམ་ཚོགས་པ་གསུམ་གྱི་རང་བཞིན་མདོར་བསྟན། དེའི་ངོ་བོ་རྒྱས་པར་བཤད། ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་དོན་བསྡུ་བའོ། །གཉིས་པ་ལ་བཞི་སྟེ། སྐུ་གསུམ་གྱི་སྟོན་པ་སྤྱིར་བསྟན་པ་དང་། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་གསུམ་གྱི་སྟོན་པ་བྱེ་བྲག་ཏུ་བཤད་པ་དང་། མཇུག་བསྡུ་བ་དང་གསུམ་གྱིས་སྟོན་པའི་ངོ་བོ་རྒྱས་པར་བཤད་པ། བསྟན། བཤད། དོན་བསྡུ་བ་གསུམ་གྱིས་འཁོར་གྱི་ངོ་བོ་རྒྱས་པར་བཤད་པ། ཞུས་པ་དང་། ལན་གྱིས་བསྟན་པའི་ངོ་བོ་རྒྱས་པར་བཤད་པའོ། །དེ་ལ་གསུམ་སྟེ། སེམས་ཉིད་དེ་བཞིན་ཉིད་ཀྱི་ངོ་བོར་བསྟན་པ། དེ་ལ་བཅོས་བསླད་བསྒོམ་པས་མི་རྟོགས་པ། སྣང་སྲིད་ཐམས་ཅད་དབྱིངས་གཅིག་སེམས་ཉིད་དེ་བཞིན་ཉིད་ལས་གཞན་ནས་མི་རྙེད་པ་གསུམ་གྱིས་ཆོས་སྐུའི་ལན་བཤད་པ། ཡུལ་ལྔ་དབང་ཤེས་ལ་སྣང་བ་རྟོག་བྲལ་དེ་བཞིན་ཉིད་ཀྱི་ངོ་བོར་བསྟན་པ་དང་། དེ་ཐོག་ཏུ་བཅོས་བསླད་གཉིས་འཛིན་མེད་པར་བཞག་པས་ཡུལ་ལྔ་འཛིན་ཞེན་གྱི་ཚུལ་གྱིིས་སྤྱད་བྱ་སྤྱོད་བྱེད་དུ་མ་གྲུབ་པར་བསྟན་པས་ལོངས་སྐུའི་ལན་བཤད་པ། རྗེས་སྣང་རྣམ་རྟོག་ཡུལ་ལ་དཔྱོད་པ་ཐ་དད་ལ་སེམས་ཅན་གྱི་བསམ་པར་བརྗོད་པ་དང་། དེ་ཉིད་སྣང་སྟོང་གྲག་སྟོང་རིག་སྟོང་ལ་སོགས་དྲུག་ཏུ་ལ་བཟླ་བ་དཔེ་དོན་རྟགས་གསུམ་རྒྱལ་བའི་སྐུ་གསུང་ཐུགས་སུ་བརྗོད་པས་སྤྲུལ་སྐུའི་བསྟན་པའི་ལན་རྒྱ་ཆེར་བཤད་པའོ། །གསུམ་པ་དོན་བསྡུ་བ་ལ་གཉིས་ཏེ། ཐམས་ཅད་ཀྱི་ངོ་བོ་རྟོག་བྲལ་རང་བྱུང་གི་ཡེ་ཤེས་སུ་བསྟན་པ་དང་། མདོ་དང་། རྒྱས་པ་དེའི་རང་བཞིན་བཤད་པའོ། །དོན་བཞི་པ་རང་བྱུང་གི་སེམས་ཉིད་ཡེ་ནས་བྱ་བཙལ་ལས་འདས་པས་བྱ་རྩོལ་རྒྱུ་འབྲས་ཀྱིས་འབད་མི་དགོས་པའི་རང་བཞིན་གཏན་ལ་འབེབས་པའི་ལེའུ་ཞེ་བཞི་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་ལྔ་སྟེ། ཡེ་ནས་ཆོས་ལ་བྱར་མེད་པ། བྱས་ན་བློ་བྱས་འཆིང་བར་འགྱུར་བ། ཇི་བཞིན་པ་ལ་བཅོས་སུ་མེད་པ། ཡེ་བཞིན་མ་བཅོས་ཡོན་ཏན་བཤད་པ། སྐལ་མེད་གཞན་ལ་གདམས་ཚུལ་བསྟན་པའོ། །དང་པོ་ལ་གཉིས་ཏེ། བྱར་མེད་བྱས་ཟིན་ལྷུན་གྱིས་གྲུབ་པ། དེ་ཉིད་མ་བཅོས་རྣལ་དུ་བཞག་པའོ། །གཉིས་པ་ལ་ལྔ་སྟེ། བསྒོམ་བསྒྲུབ་བཅོས་བསྒྱུར་འཆིང་བར་བསྟན་པ། འཛིན་ཞེན་དམིགས་པའི་ཡུལ་ལས་འདས་པ། ཐམས་ཅད་ཆོས་ཉིད་ཀུན་བྱེད་ཡིན་པས། དེ་ལ་སྤང་བླང་འབྲས་བུ་མེད་པ། སྤང་བླང་དེ་ཉིད་ཆོས་སྐུར་བཤད་པའོ། །གསུམ་པ་ཇི་བཞིན་པ་ལ་བཅོས་སུ་མེད་པ་ལ་ལྔ་སྟེ། ཆོས་རྣམས་དངོས་པོ་མཚན་མར་མེད་པ། ཡེ་ནས་མ་ནོར་རྩོལ་སྒྲུབ་འདས་པ། བྱ་རྩོལ་བྱང་ཆུབ་གེགས་སུ་ཆེ་བ། རྣལ་བཞག་ཆོས་ཀྱིས་སྙིང་པོར་བསྟན་པ། ཀུན་འདུས་གསང་བའི་མཆོག་ཏུ་གྱུར་པའོ། །བཞི་པ་ཡེ་བཞིན་མ་བཅོས་ཡོན་ཏན་བཤད་པ་ལ་གསུམ་སྟེ། མཆོག་དོན་སྐྱེ་མེད་དུ་ཡེ་ནས་བྱས་པས་སངས་རྒྱས་གདོད་ཀྱིས་སྒྲུབ་མི་དགོས་པའི་ཡོན་ཏན། དོན་ལྔ་ཡེ་ནས་ལྷུན་གྱིས་རྫོགས་པས་ད་གདོད་འབད་པས་སྒྲུབ་མི་དགོས་པའི་ཕན་ཡོན། ཡེ་ནས་ཕུན་སུམ་ཚོགས་པར་གྲུབ་པས་ད་གཟོད་རྩོལ་བས་བསྒྲུབ་མི་དགོས་པའི་ཕན་ཡོན་ནོ། །ལྔ་པ་སྐལ་མེད་གཞན་ལ་གདམས་ཚུལ་བསྟན་པ་ལ་གཉིས་ཏེ། སྐལ་བ་མེད་པའི་རྒྱུ་མཚན་དང་། དེ་ལ་རྒྱུ་འབྲས་ཀྱི་དོན་སྤྱོད་ལ་ཆོས་སྐུ་སྙིང་པོའི་དོན་ལ་དར་ཅིག་མ་རེ་ཅིག་བར་གདམས་པའོ། །དོན་ལྔ་པ་སེམས་ཉིད་ཇི་བཞིན་པ་སྒོམ་བྱ་བསྒོམ་བྱེད་ལས་འདས་པར་གཏན་ལ་འབེབས་པའི་ལེའུ་ཞེ་ལྔ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་ལྔ་སྟེ། ལོ་རྒྱུས། ཡོ་ག །དགོས་ཆེད། རྩ་བ། ཚིག་གི་དོན་གྱིས་བཤད་པའོ། །དང་པོ་ལ་གཉིས་ཏེ། དབྱིངས་རང་བཞིན་བསྒོམ་དུ་མེད་པའི་གནས་ལུགས་བསྟན་པ་དང་། སྟོན་པ་སྐུ་གསུམ་གྱི་འཁོར་ལ་བདེ་སྡུག་བླང་དོར་དུ་ཇི་ལྟར་བསྟན་པའི་ཚུལ་ལོ། །གཉིས་པ་ཡོ་ག་ལ་ལྔ་སྟེ། ཉན་རང་། སེམས་དཔའ། ཀྲི་ཡ། ཡོ་ག །ནང་པ་གཉིས་ཀྱི་བསྒོམ་པའི་སྐྱོན་ནོ། །གསུམ་པ་དགོས་ཆེད་ལ་དྲུག་སྟེ། ཇི་བཞིན་པའི་སེམས་ཉིད་ཡེ་བཞིན་མ་བཅོས་པར་བཞག་པ་རྒྱུ་རྐྱེན་བྱ་བཙལ་མི་དགོས་པའི་དགོས་པ། བསྒོམ་བྱེད་གཉེན་པོ་མི་དགོས་པའི་དགོས་པ། སྤང་བླང་སྦྱང་བགྲོད་མེད་པའི་དགོས་པ། ཐམས་ཅད་གཞི་ནས་དག་པས་རྩོལ་སྒྲུབ་ཅན་གྱིས་མི་འགྲུབ་པའི་དགོས་པ། སྤྱོད་ཡུལ་ཀུན་ལས་འདས་པས་སྣ་ཚོགས་རོ་གཅིག་ཏུ་མཐོང་བའི་དགོས་པ། གཉིས་མེད་རྫོགས་པ་ཆེན་པོ་རྟོགས་པའི་སྐལ་མེད་ལ་དྲང་ལུང་བསྟན་པས་ཆོས་སྤོང་གིས་ལས་མི་བསོག་ཅིང་སྒྲོ་བསྐུར་མི་འབྱུང་བའི་དགོས་པའོ། །བཞི་པ་རྩ་བ་དོན་ལ་བཞི་སྟེ། སེམས་ཉིད་གདོད་ནས་དག་པ་ཐིག་ལེ་ཉག་གཅིག་ཏུ་བསྟན་པ། ཇི་བཞིན་བཞག་པས་རྩོལ་སྒྲུབ་ལྟ་བསྒོམ་ལས་འདས་པར་བསྟན་པ། སེམས་ཉིད་བདེ་ཆེན་བརྡལ་བ་ཆེན་པོའི་ཀླུང་དུ་དྲན་རིག་རྣམ་རྟོག་བསམ་ཡུལ་ལས་འདས་པར་བཞག་པས་ཐམས་ཅད་ཆོས་ཉིད་བདེ་བ་ཆེན་པོར་འདུས་པར་བསྟན་པ། སྒོམ་བསྒྲུབ་འབད་རྩོལ་ནང་དུ་ཆེ་བས་གནས་ལུགས་གཉུག་མ་བསྒོམ་མེད་ཆེན་པོར་བསྟན་པའོ། །ལྔ་པ་ཚིག་གི་དོན་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དོན་དྲུག་པ་སེམས་ཉིད་གདོད་མ་ནས་ངོ་བོ་ཉིད་མེད་པའི་དོན་ལ་བསྲུང་བྱ་བསྲུང་བྱེད་གཉིས་སུ་མེད་པའི་དོན་གཏན་ལ་འབེབས་པའི་ལེའུ་ཞེ་དྲུག་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གསུམ་སྟེ། ཇི་བཞིན་པའི་སེམས་ཉིད་རང་བྱུང་གི་ཡེ་ཤེས་བསྲུང་མཚམས་ལས་འདས་པའི་ངོ་བོ་བསྟན་པ། ཐེག་པ་འོག་མའི་སྲུང་མཚམས་ཅན་དགག་པ། ཨ་ཏི་ཡོ་ག་ལྷུན་གྱིས་གྲུབ་པའི་དགོངས་པ་བསྟན་པའོ། །དང་པོ་ལ་གཉིས་ཏེ། དོན་གྱི་ངོ་བོ་དང་། མིང་གི་རྣམ་གྲངས་སོ། །གཉིས་པ་ལ་བཞི་སྟེ། ཉན་རང་། བྱང་སེམས། སྔགས་ཕྱི་པ་གསུམ། ནང་པ་གཉིས་ཀྱི་བསྲུང་མཚམས་ཅན་དགག་པའོ། །དང་པོ་ལ་གཉིས་ཏེ། བསྟན་པ་དང་། བཤད་པས་ལུགས་དགོད་པ་དང་། དེ་དགག་པའོ། །གཉིས་པ་ལ་གཉིས་ཏེ། ལུགས་དགོད་པ་དང་། དེ་དགག་པའོ། །གསུམ་པ་ལ་གཉིས་ཏེ། ལུགས་བརྗོད་པ་དང་། དེ་དགག་པའོ། །བཞི་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དེ་ལ་གཉིས་ཏེ། རྩ་བ་དང་། ཡན་ལག་གི་དམ་ཚིག་གོ། །དང་པོ་ལ་གཉིས་ཏེ། ལུགས་དགོད་པ་དང་། དེ་ཉིད་དགག་པའོ། །གཉིས་པ་ཡན་ལག་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་ལྔ་སྟེ། ལུགས་བརྗོད། དེ་དགག་པས་ཤེས་པར་བྱ་བ་དང་། འདོད་པ་དགོད། དེ་དགག་པས་སྤྱད་པར་བྱ་བ་དང་། ཁས་བླངས་བརྗོད། དེ་དགག་པས་དང་དུ་བླང་བ་དང་། འདོད་པ་བརྗོད། དེ་དགག་པས་མི་སྤང་བ་དང་། རྣམ་གྲངས་བཤད། དེ་དགག་པས་གྲུབ་པར་བྱ་བའི་དམ་ཚིག་རྣམ་པ་ལྔས་བསྟན་པའོ། །གསུམ་པ་ཨ་ཏི་ཡོ་ག་ལྷུན་གྱིས་གྲུབ་པའི་དགོངས་པ་བསྟན་པ་ལ་ལྔ་སྟེ། ངོ་བོ་མཚན་མ་མེད་པའི་བསྲུང་མཚམས་ལས་འདས་པ་དང་། མིང་གིས་ངེས་ཚིག་བཤད་པ་དང་། ལས་ཀྱི་ཕན་གནོད་མེད་པ་དང་། རྩོལ་སྒྲུབ་རྒྱུ་འབྲས་ཀྱིས་མི་འགྲུབ་པར་བསྟན་པ་དང་། བདེན་པ་གཉིས་ཀྱི་ཡུལ་ལས་འདས་པའོ། །དེ་ལ་བཞི་སྟེ། བདེན་གཉིས་ཀྱིས་གཞལ་བྱ་ལས་འདས་པ། བདེན་གཉིས་ཐེ་ཚོམ་ཅན་གྱི་ལུང་དུ་བསྟན་པ། བདེན་གཉིས་ཀྱི་ཚད་མ་དེ་ཉིད་ཀྱང་འཇལ་བྱེད་མངོན་སུམ་རྗེས་དཔག་གི་ཚད་མས་འཇལ་དགོས་པས་རྟོག་གེའི་རླུང་གིས་དཀྲུགས་ཤིང་སྙིང་པོའི་དེ་ཉིད་མི་མཐོང་བ། སེམས་ཉིད་ཀུན་བྱེད་བསམ་བརྗོད་ལས་འདས་པས་བདེན་གཉིས་རྣམ་འབྱེད་བློ་ཡིས་བཏགས་པ་ལས་འདས་པར་བསྟན་པའོ། །དོན་བདུན་པ་ཇི་བཞིན་གདོད་ནས་ཡོན་ཏན་རྫོགས་པའི་སེམས་ཉིད་ལ་རྩོལ་བའི་ཆོས་ཀྱི་ཕྲིན་ལས་རྣམ་བཞི་སྒྲུབ་ཏུ་མེད་པའི་ཆོས་ཉིད་གཏན་ལ་འབེབས་པའི་ལེའུ་ཞེ་བདུན་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་བཞི་སྟེ། རང་བྱུང་ཡེ་ཤེས་ལ་ཡེ་ནས་ལྷུན་གྱིས་གྲུབ་པས་ཕྲིན་ལས་རྩལ་དུ་མེད་པར་བསྟན་པ། རྒྱུ་འབྲས་ཅན་ལ་སྐུ་གསུམ་སྟོན་པས་བསྟན་པ་ཉིད་རྣལ་མའི་དོན་དང་འགལ་བ། དཔེ་འགལ་བ་ཕྱིན་ཅི་ལོག་ལ་དཔགས་ནས་བསྒྲུབ་ཀྱང་བསྐལ་བར་བྱང་ཆུབ་མི་འགྲུབ་པ། རང་བཞིན་རྫོགས་པ་ཆེན་པོའི་དོན་ངེས་ཚིག་དང་བཅས་པ་བཤད་པའོ། །གཉིས་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གསུམ་སྟེ། སྤྲུལ་སྐུ། ལོངས་སྐུ། ཆོས་སྐུས་བསྟན་པའི་ཕྲིན་ལས་རྣལ་དོན་དང་འགལ་བའོ། །གསུམ་པ་དཔེ་འགལ་བ་ལ་བདུན་ཏེ། རྫོགས་པ་ཆེན་པོ་ནམ་མཁའ་བཞིན་དུ་མཚན་མ་ལས་འདས་པ་རྒྱུ་འབྲས་ཀྱིས་མི་འགྲུབ་པར་བསྟན་པ། དོན་དེ་ལ་མི་སྤྱོད་པར་དྲང་དོན་ཙམ་བསྟན་པའི་ལུང་ལ་བདེན་པར་ཞེན་པས་རྩོལ་སྒྲུབ་བྱེད་པར་བསྟན་པ། རྒྱུ་རྐྱེན་ལ་བརྟེན་ནས་ཨུད་པ་ལ་སྐྱེ་འཇིག་རྩོལ་བས་གྲུབ་པའི་དཔེ་ནམ་མཁའ་སྐྱེ་འཇིག་རྩོལ་བས་འགྲུབ་པར་དཔོག་པ་ཉིད་དཔེ་འཁྲུལ་པར་བསྟན་པ། དེ་ཉིད་དྲང་བའི་དོན་ཡིན་པར་བསྟན་པ། རང་བྱུང་ཡེ་ཤེས་བཅོས་བསླད་མེད་པ་གོམས་ནས་ཕུན་སུམ་ཚོགས་པ་ཇི་སྙེད་མངོན་དུ་སྣང་གིས་མཚན་མའི་ཆོས་ཀྱིས་རང་བྱུང་ཡེ་ཤེས་བསྒྱུར་དུ་མེད་པར་བསྟན་པ། སེམས་ཉིད་དངོས་པོ་མེད་པར་རང་གདངས་ཇི་བཞིན་པར་བཞག་པས་ཡོན་ཏན་རང་ལ་འཆར་བ་ཆུ་དང་རྙོག་ལྟ་བུ་འཇིག་རྟེན་སྐྱེ་འགག་གི་དངོས་པོའི་དཔེ་མ་ལེན་ཤིག་པར་གདམས་པ། ད་ལྟ་མ་དག་པའི་སེམས་དག་པར་བྱ་བའི་ཕྱིར་རྩོལ་སྒྲུབ་བཅོས་བསླད་ཀྱིས་སྦྱངས་པའི་རྗེས་ལ་རྣམ་དག་སངས་རྒྱས་ཀྱི་འབྲས་བུ་འགྲུབ་པར་འདོད་པས་ནམ་ཡང་མི་འགྲུབ་པར་བསྟན་པའོ། །བཞི་པ་རང་བཞིན་རྫོགས་ཆེན་པོའི་དོན་ངེས་ཚིག་དང་བཅས་པ་བཤད་པ་ལ་གསུམ་སྟེ། ཆོས་ཐམས་ཅད་བཞག་ན་ཟིན་པས་སྒོ་གསུམ་རྩོལ་བསྒྲུབ་དང་བཅས་བཅོས་མ་བྱེད། སེམས་ཇི་བཞིན་དུ་བཞག་པའི་ངང་དྭངས་ཆོས་སྐུ་འགྱུར་མེད་ཀྱི་དགོངས་པ་ཡིན་པས་མ་བཅོས་རྣལ་བཞག་ཆེན་པོའི་ངང་ལ་ཞོག །དེ་ཉིད་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཡིན་པས་དེའི་ངེས་ཚིག་བཤད་པའོ། །དོན་བརྒྱད་པ་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཆོས་ཐམས་ཅད་ཀྱི་དབྱིངས་སམ་གཞི་ཡིན་པར་གཏན་ལ་འབེབས་པའི་ལེའུ་ཞེ་བརྒྱད་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གསུམ་སྟེ། ཀུན་བྱེད་ཆོས་ཐམས་ཅད་ཀྱི་གཞིར་བསྟན་པ། རྩོལ་བསྒྲུབ་བཅོས་མའི་གཞི་དྲུག་གིས་དེ་བཞིན་ཉིད་མི་མཐོང་བར་བསྟན་པ། མ་བཅོས་རྣལ་མའི་གཞི་དྲུག་གིས་དེ་བཞིན་ཉིད་ལྷུན་གྲུབ་ཏུ་བསྟན་པའོ། །དང་པོ་ལ་གཉིས་ཏེ། རང་བཞིན་གསུམ་གྱི་ངོ་བོ་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །གཉིས་པ་ལ་གསུམ་སྟེ། བསྟན། བཤད། དོན་བསྡུ་བའོ། །གཉིས་པ་ལ་དྲུག་སྟེ། ལྟ་བ་ཡུལ་དུ་བལྟས་པས་དེ་བཞིན་ཉིད་མི་མཐོང་བ། དམ་ཚིག་རིགས་ཅན་དུ་བསྲུངས་པས་དེ་བཞིན་ཉིད་ལས་ཉམས་པ། ཕྲིན་ལས་གཟའ་གཏད་ཀྱིས་བཙལ་བས་དེ་བཞིན་ཉིད་མི་འགྲུབ་པ། ལམ་གོང་འོག་ཏུ་བགྲོད་པས་དེ་བཞིན་ཉིད་དུ་མི་ཕྱིན་པ། ས་གོང་འོག་ཏུ་སྦྱངས་པས་དེ་བཞིན་ཉིད་མི་འབྱོངས་པ། ཡེ་ཤེས་ཡུལ་དུ་བལྟས་པས་མི་མཐོང་བའོ། །གསུམ་པ་མ་བཅོས་རྣལ་མའི་གཞི་དྲུག་གིས་དེ་བཞིན་ཉིད་ལྷུན་གྲུབ་ཏུ་བསྟན་པ་ལ་དྲུག་སྟེ། ཆོས་ཉིད་རང་ལས་མེད་པས་ལྟ་བ་ལ་སྒོམ་དུ་མེད་པ། སེམས་ཉིད་བསྲུང་མཚམས་ལས་འདས་པས་དམ་ཚིག་བསྲུང་དུ་མེད་པ། ཡོན་ཏན་ལྷུན་གྱིས་གྲུབ་པས་ཕྲིན་ལས་བཙལ་དུ་མེད་པ། རང་བཞིན་གདོད་ནས་དག་པས་ལམ་ལ་བགྲོད་དུ་མེད་པ། དྲི་མ་ཡེ་ནས་མེད་པས་ས་ལ་སྦྱང་དུ་མེད་པ། སེམས་ལས་གཞན་དུ་མེད་པས་ཡེ་ཤེས་ཡུལ་ལས་འདས་པའོ། །དོན་དགུ་པ་སེམས་ཉིད་ཀུན་གྱི་ཆོས་དབྱིངས་ལྷུན་གྲུབ་རིན་པོ་ཆེའི་སར་གཏན་ལ་འབེབས་པའི་ལེའུ་ཞེ་དགུ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་བཞི་སྟེ། སེམས་ཉིད་དབྱིངས་ཀྱི་ས་ལ་ཐམས་ཅད་གནས་ཚུལ་དང་། དེ་ལ་བཅོས་པས་མི་འབྱོངས་པའི་ཚུལ་གཉིས་ཀྱིས་ཀློང་ཆེན་སེམས་ཀྱི་སྤྱིས་བསྟན་པ། ས་མདོ་སྤྱིར་བསྟན་པ་དང་། སྐྱེད་པ། སྤྱོད་པ། སྒྲུབ་པའི་ས་མདོ་བྱེ་བྲག་ཏུ་བཤད་པས་ས་ལ་སྦྱང་བགྲོད་བྱས་པའི་སྐྱོན་བསྟན་པ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པས་སེམས་ཉིད་རང་བྱུང་གི་ཡེ་ཤེས་ལས་རྣམས་ཀྱི་དགོངས་པ་ལྷུན་གྱིས་གྲུབ་ཚུལ་བསྟན་པའོ། །དེ་ལ་གསུམ་སྟེ། ཀུན་ཏུ་འོད། པདྨ་ཅན། རྡོ་རྗེ་འཛིན་པ། སྟུག་པོ་བཀོད་པ། འཁོར་ལོ་ཚོགས་ཆེན། རྡོ་རྗེ་འཆང་དབྱེ་བ་མེད་པ་དྲུག་གིས་གྲུབ་པའི་ས་དང་། སྤྱོད་པའི་ས་དང་། སྒྲུབ་པའི་སའམ་སྐྱེད་པའི་ས་བཤད་པའོ། །དོན་བཅུ་པ་རང་བྱུང་གི་ཡེ་ཤེས་སྒྲིབ་པ་མེད་པའི་ངོ་བོ་ལ་ཅི་སྣང་གདོད་ནས་དག་པའི་རང་བཞིན་གཏན་ལ་འབེབས་པའི་ལེའུ་ལྔ་བཅུ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གསུམ་སྟེ། ཨ་ཏི་སྙིང་པོའི་དོན་ཆོས་ཉིད་རང་བྱུང་གི་ཡེ་ཤེས་གཞི་བཞུགས་ཆེན་པོ་ཡུལ་ལ་མི་ལྟོས་པར་ཡེ་ནས་བཞུགས་གཅིག་ཏུ་བསྟན་པ། དེའི་ནང་ལས་ཤར་བའི་དབང་ཤེས་ཡུལ་ལ་འཇུག་པ་སྐུ་གསུམ་འཁོར་གྱི་ཡེ་ཤེས་རིག་བྱེད་ཕྱིར་གནས་ཀྱི་རྣམ་པར་བཤད་པ། དེ་གཉིས་ཀྱི་ཁྱད་པར་བསྟན་པ། ངོ་བོ་གཞི་གནས་ཀྱི་ཡེ་ཤེས་རྒྱལ་བའི་དགོངས་པ་ལས་དང་བག་ཆགས་ལས་འདས་ཚུལ་བཤད་པ། རང་བྱུང་ཡེ་ཤེས་དྲན་བསམ་ལས་འདས་ཚུལ་བསྟན་པ། དེ་ཉིད་རྩེ་གཅིག་ཙམ་དུ་འཛིན་པའི་བློ་ལས་འདས་པས་ཁམས་གོང་མར་སྐྱེ་བའི་བག་ཆགས་མི་གསོག་པར་བསྟན་པ། གདངས་ཀྱི་ཡེ་ཤེས་ཤར་བ་ལ་དགག་སྒྲུབ་མེད་པའི་རིག་པ་རང་བབས་བཅོས་བསླད་མེད་པ་ཉིད་རང་བྱུང་ཡེ་ཤེས་ལ་ལྷུན་གྲུབ་ཏུ་འབྲལ་མ་མྱོང་བས་ཏིང་ངེ་འཛིན་ཞི་གནས་ཕྱམ་གཅིག་པའི་བག་ཆགས་མི་སོག་པར་བསྟན་པ། དེ་ལྟ་བུའི་གནས་ལུགས་རྒྱལ་བའི་དགོངས་པར་བསྟན་པ། སྒོ་ལྔའི་སྣང་ཡུལ་རྟོག་བྲལ་མ་འཁྲུལ་བའི་རང་དུས་གཉིས་འཛིན་ཞེན་པའི་བློ་མེད་པས་སྣང་སེམས་དེ་ཉིད་གཉིས་མེད་ཀྱི་ཡེ་ཤེས་སུ་བསྟན་པ་དང་། དགུས་རང་བྱུང་གི་ཡེ་ཤེས་དངོས་བཤད་པ། ཡུལ་དྲུག་ལ་འཕྲོས་པའི་ཤེས་པ་ཕྱིར་ལྟས་དྲུག་དྲན་པ་མ་ཡེངས་པར་བཟུང་བའི་རྟོག་པ་ལུ་གུ་རྒྱུད་རང་བྱུང་གི་ཡེ་ཤེས་སུ་འདོད་པ་འཁྲུལ་བར་བཤད་པ། རང་བྱུང་གི་ཡེ་ཤེས་གཅིག་ལ་མིང་དུ་མར་བཏགས་པའོ། །དེ་ལ་གསུམ་སྟེ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །དེ་ལྟར་གཏན་ལ་འབེབས་པའི་མདོ་ལུང་བཅུ་དགོས་པ་དང་བཅས་པ། ཐེག་པ་འོག་མའི་གྲུབ་མཐའ་ངན་པའི་བྲག་རི་མཐོན་པོར་གྱུར་པ་རྣམས་འཇིག་ཅིང་རང་གི་གནས་ལུགས་ཕྱིན་ཅི་མ་ལོག་པའི་དགོངས་དོན་གསལ་བར་བྱེད་པས་རྡོ་རྗེ་ཕ་ལམ་དང་། གཟི་ལྡན་ཉི་མའི་སྙིང་པོ་ལྟར་བཤད་པ་ཡིན་ནོ། །དོན་གཉིས་པ་དགོངས་པ་ཀུན་འདུས་ཀྱི་ལེའུ་ལ་གསུམ་ལས། དང་པོ་སེམས་ཉིད་དོན་གྱི་སངས་རྒྱས་མ་བཙལ་ལྷུན་གྱིས་གྲུབ་པ་ད་ལྟ་ཉིད་ནས་རང་ཆས་སུ་རང་ལ་གྲུབ་པས་ལམ་ལ་བགྲོད་དུ་མེད་པའི་ལེའུ་ང་གཅིག་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་དྲུག་སྟེ། ནམ་མཁའ་ལྟ་བུའི་སེམས་ཉིད་ལ་ཡོན་ཏན་ལྷུན་གྱིས་རྫོགས་པས་ལམ་ལ་བགྲོད་མི་དགོས་པར་བསྟན་པ། བགྲོད་པས་མི་ཕྱིན་པའི་རྒྱུ་མཚན་དགོད་པ། མ་བགྲོད་ལྷུན་གྱིས་གྲུབ་པའི་དོན་ལ་གདམས་པ། བགྲོད་དུ་མེད་པའི་ལམ་ལ་བགྲོད་པའི་སྐྱོན་བཤད་པ། འབྲས་བུ་བསྒྲུབ་ཏུ་མེད་པས་སྙིང་པོ་ཆོས་ཉིད་དུ་ལ་བཟླ་བ། རྩོལ་སྒྲུབ་ཅན་དྲང་བའི་ལུང་གིས་གཉིས་མེད་དོན་གྱི་དགོངས་པ་མི་རྟོགས་པའོ། །དང་པོ་ལ་གཉིས་ཏེ། སྐུ་གསུམ་སེམས་ཉིད་ཀྱི་ངང་ལ་ལྷུན་གྱིས་གྲུབ་ཚུལ་དང་། མཐར་ཐུག་གི་བགྲོད་པ་དེ་ཉིད་ལས་གཞན་ན་མེད་པར་བསྟན་པའོ། །གཉིས་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གཉིས་ཏེ། མཚན་ཉིད་ཀྱིས་ལམ་ལྔ་བགྲོད་པས་གོལ་བ་དང་སྔགས་ཀྱི་ལམ་གསུམ་བགྲོད་པས་གོལ་བའོ། །གསུམ་པ་མ་བགྲོད་ལྷུན་གྱིས་གྲུབ་པའི་དོན་ལ་གདམས་པ་ལ་གསུམ་སྟེ། སེམས་ཉིད་སྤྲོས་བྲལ་གྱི་ངང་ན་སྐུ་གསུམ་ལྷུན་གྲུབ་ཏུ་བཞུགས་ཚུལ། དུས་གསུམ་སངས་རྒྱས་ཀྱི་བཞུགས་ཚུལ། དེ་ཉིད་དུས་གསུམ་སངས་རྒྱས་ཡིན་ཚུལ། བཞི་པ་བགྲོད་མེད་ཀྱི་དོན་ལ་བགྲོད་པའི་སྐྱོན་ལ་གཉིས་ཏེ། སེམས་ཉིད་སྤྲོས་པ་དང་བྲལ་བའི་བགྲོད་པས་མི་ཕྱིན་པའི་སྐྱོན། བཙལ་དུ་ཡོད་པའི་གཞི་དྲུག་གིས་འབད་ཅིང་བཙལ་བའི་སྐྱོན་ནོ། །ལྔ་པ་ལ་བཟླ་བ་ལ་གསུམ་སྟེ། གསལ་བ་རྩེ་གཅིག་པའི་ཏིང་ངེ་འཛིན་གྱིས་གཉིས་མེད་ཀྱི་དོན་མི་མཐོང་སྟེ་དེ་ཉིད་བློས་བཟུང་བས་གཟུགས་ཁམས་སུ་སྐྱེ་བའི་ལས་སུ་བསྟན་པ། གཉིས་མེད་རང་གནས་ཀྱི་དགོངས་པ་ལས་དང་བག་ཆགས་ལས་འདས་པས་བསྒྲུབ་བྱ་བསྒྲུབ་བྱེད་དང་བྲལ་བར་བསྟན་པ། འབྲས་བུ་ཐོབ་བྱར་མེད་པས་སངས་རྒྱས་མིང་ཙམ་དུ་བསྟན་པའོ། །དྲུག་པ་དྲང་ལུང་གི་དོན་གྱིས་དགོངས་པ་མི་རྟོགས་པ་ལ་གཉིས་ཏེ། འབྲས་བུ་ཐོབ་བྱར་བསྟན་པ་དྲང་ལུང་དུ་བསྟན་པ་དང་། སྐུ་གསུམ་སྟོན་པས་དཀོན་མཆོག་གསུམ་དང་འཁོར་བ་བླང་དོར་རང་ཚན་དུ་བསྟན་པ་དྲང་ལུང་སྤྱད་པས་ཀུན་བྱེད་ཀྱི་དོན་ལས་རིང་བའོ། །དོན་གཉིས་པ་གཞི་གདོད་ནས་དག་པའི་སངས་རྒྱས་རང་ལ་ལྷུན་གྱིས་གྲུབ་པ་ཉིད་བཏང་བཞག་རྩོལ་སྒྲུབ་ལས་འདས་པས། བསྒྲུབ་འདོད་བྱ་རྩོལ་གྱིས་མི་འགྲུབ་པའི་རང་བཞིན་ཡེ་རྫོགས་ལྷུན་གྱིས་གྲུབ་པའི་ལེའུ་ང་གཉིས་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་ལྔ་སྟེ། ཆོས་ལ་བྱར་མེད་པས་ཞེན་འཛིན་དང་སྒྲུབ་བློ་སྤང་བ། གཉིས་སུ་བཟུང་བའི་སྐྱོན། གཉིས་མེད་ཀྱི་འཐད་པ། ཡེ་ཤེས་ཀྱི་ཁྱད་པར་བསྟན་པ། ཆོས་ཐམས་ཅད་སེམས་ཉིད་རང་བྱུང་གི་ཡེ་ཤེས་སུ་བསྟན་པའོ། །དང་པོ་ལ་བཅུ་གཅིག་སྟེ། ཞེན་འཛིན་སྤང་བ། ཞེན་འཛིན་བྱས་པའི་ཉེས་པ། རྒྱུ་འབྲས་འདས་ཚུལ། ཞེ་འདོད་ཡོད་མེད་ཀྱི་སྐྱོན་ཡོན། བསྒོམ་པ་སེམས་ཆགས་སུ་བསྟན་པ། སངས་རྒྱས་བྱས་པས་མི་འགྲུབ་པར་བསྟན་ཚུལ། བསྒྲུབ་འདོད་ཐར་བའི་གེགས་སུ་བཤད་པ། མ་བཅོས་སངས་རྒྱས་ཀྱི་དགོངས་པར་བསྟན་པ། དགོངས་པ་ཐུན་མཚམས་ལས་འདས་པའི་རང་བཞིན་བཤད་པ། དེ་ཉིད་གང་གིས་འགྲུབ་པའི་རང་བཞིན་བསྟན་པ། འཛིན་མེད་བཏང་བཞག་བྲལ་བའི་ཆོས་སྐུར་བསྟན་པའོ། །གཉིས་པ་གཉིས་སུ་བཟུང་བའི་སྐྱོན་ལ་གསུམ་སྟེ། ཐབས་ཚུལ་དུ་མར་བསྒོམས་པ་ཉིད་ཀྱི་གནས་ལུགས་མི་རྟོགས་པའི་སྐྱོན། འཁོར་འདས་བླང་དོར་དུ་བཟུང་བས་རྣལ་དོན་མི་རྟོགས་པའི་སྐྱོན། བདེ་སྡུག་བླང་དོར་དུ་ཤེས་པས་སེམས་ཉིད་མི་རྟོགས་པའི་སྐྱོན་ནོ། །གསུམ་པ་གཉིས་སུ་མེད་པའི་འཐད་པ་ལ་ལྔ་སྟེ། བདེ་སྡུག་གཉིས་ཀ་གདོད་ནས་དག་པའི་བྱང་ཆུབ་ཏུ་གཅིག་པ། འཁོར་འདས་སེམས་ཀྱི་རང་བཞིན་དུ་གཅིག་པ། སྣང་སྲིད་ཆོས་ཀྱི་ངོ་བོར་གཅིག་པ། བདེན་རྫུན་བློའི་རོལ་པར་གཅིག་པ། གཉིས་འཛིན་སྡུག་བསྔལ་གྱི་རྩ་བར་བསྟན་པའོ། །བཞི་པ་ཡེ་ཤེས་ཀྱི་ཁྱད་པར་ལ་གཉིས་ཏེ། རང་བྱུང་རྟོག་མེད་ཀྱི་ཡེ་ཤེས་ལས་དང་བག་ཆགས་ཀྱིས་མི་གོས་པ་དང་། རྐྱེན་བྱུང་ཚོགས་དྲུག་གི་རྟོག་པ་ལས་དང་བག་ཆགས་ཀྱིས་གསོག་བྱེད་དུ་བསྟན་པའོ། །ལྔ་པ་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་བསྟན་པ་ལ་ལྔ་སྟེ། ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་བསྟན་པ། སྣང་སྲིད་སྣ་ཚོགས་སུ་སྣང་བ་གནས་ལུགས་གཅིག་གི་རོལ་པར་བསྟན་པ། འཁོར་འདས་ཆོས་ཉིད་དུ་གཅིག་པ་སངས་རྒྱས་ཀྱི་དགོངས་པར་བསྟན་པ། སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀུན་གྱི་སྔ་རོལ་ནས་ལྷུན་གྱིས་གྲུབ་པ་རྒྱལ་བས་བསྟོད་ཚུལ་བསྟན་པ། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་རྩ་བ་བྱང་ཆུབ་ཀྱི་སེམས་སུ་འདུས་པར་བསྟན་པའོ། །དོན་གསུམ་ཆོས་ཉིད་དེ་བཞིན་ཉིད་ལས་མ་གཡོས་པའི་རང་བཞིན་གཞི་གདོད་ནས་དག་པའི་ལེའུ་ང་གསུམ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གསུམ་སྟེ། སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བ་དམ་པ་སྤྱིར་བསྟན། དེའི་རང་བཞིན་གཉིས་མེད་བཅོས་བསླད་དང་བྲལ་བས་རྒྱས་པར་བཤད། ཐམས་ཅད་སེམས་ཉིད་དུ་དག་པས་འཁོར་འདས་བཟང་ངན་མེད་པའི་དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ལས་གཡོས་པ་མེད་པ་ཉིད་བསྟན་པ་དང་། དེ་ཉིད་རྒྱལ་བའི་སྙིང་པོ་ཡིན་པས་ཆེས་གསང་བར་བསྟན་པའོ། །དེ་ལ་དྲུག་སྟེ། ངོ་བོ་རྒྱུ་འབྲས་ལས་འདས་པས་གསང་བ་སྐྱེ་མེད་བསམ་ཡུལ་ལས་འདས་པས་གསང་བ། མ་འགགས་ཀུན་གསལ་དུ་གནས་པས་གསང་བ། མ་བྱས་ཆོས་ཉིད་དུ་གྲོལ་བས་གསང་བ། འབྱུང་ལྔ་ཡེ་ཤེས་སུ་སྣང་བས་གསང་བ། དུག་གསུམ་སྐུ་གསུམ་དུ་གནས་པས་གསང་བའོ། །གཉིས་པ་དེའི་རང་བཞིན་གཉིས་མེད་བཅོས་བསླད་དང་བྲལ་བ་རྒྱས་པར་བཤད་པ་ལ་གཉིས་ཏེ། རང་གསལ་གདོད་ནས་དག་པའི་སེམས་ཉིད་ཇི་བཞིན་པ་ལས་གཡོས་པ་མེད་པའི་ངོ་བོ་སྤྱིར་བསྟན། བྱེ་བྲག་ཏུ་བཤད་པའོ། །དེ་ལ་གསུམ་སྟེ། རྒྱུ་འབྲས་སྒྲོ་སྐུར་ལས་འདས་པ་མ་བཙལ་ལྷུན་གྲུབ་ཆེན་པོ་གྲུབ་གསལ་སྤྲོས་པ་ལས་འདས་པས་ཚིག་ཙམ་དུ་བཏགས་པ། མཐའ་བྲལ་མཉམ་པའི་སེམས་ཉིད་དག་པ་སྒྲོ་སྐུར་འཛིན་པའི་ཡུལ་ལས་འདས་པའི་ཇི་བཞིན་མ་བཅོས་རྣལ་བཞག་བསྟན་པ། གནས་ལུགས་སྨྲ་བསམ་བརྗོད་ལས་འདས་པས་མཐོང་ཐོབ་རྙེད་པའི་ཡུལ་ལས་འདས་པའོ། །དང་པོ་རྒྱུ་འབྲས་སྒྲུབ་པ་ལས་འདས་པའི་དོན་ལ་གསུམ་སྟེ། རྩོལ་སྒྲུབ་ཀྱི་ཆོས་དྲང་དོན་དུ་བསྟན་པ། འདོད་མེད་རྣལ་བཞག་ཆེན་པོས་རང་བཞིན་འགྲུབ་པ་གྲུབ་པའི་ཚིག་ཀྱང་དོན་ལ་མེད་པས་ཐ་སྙད་དུ་བསྟན་པའོ། །གཉིས་པ་མཐའ་བྲལ་མཉམ་པའི་སེམས་ཉིད་དག་པ་ལ་བཞི་སྟེ། མཉམ་ཉིད་ཀྱི་དགོངས་པ་རྟོགས་པས་མཐར་འཛིན་གྱི་སྒྲོ་སྐུར་འཇིག་པ། དགོངས་པ་དེ་ཉིད་ལས་ལྷག་པ་དུས་གསུམ་སངས་རྒྱས་ཀྱིས་མ་གསུངས་པ། ཆོས་སོ་ཅོག་གསུངས་ཚད་མཉམ་པ་ཉིད་ཀྱི་དོན་ལས་མི་འདའ་བ། མཉམ་པ་ཉིད་ཀྱི་རང་བཞིན་བཤད་པའོ། །གསུམ་པ་གནས་ལུགས་མཐོང་ཐོབ་མེད་པ་ལ་བརྒྱད་དེ། ད་ལྟའི་སེམས་ཉིད་བསྒོམ་པའི་འོག་ཏུ་དེ་བས་ལྷག་པའི་ཆོས་ཉིད་མངོན་སུམ་ཐོབ་པར་འདོད་པས་མི་འགྲུབ་པར་བསྟན་པ། བཙལ་ཞིང་བསྒྲུབ་པས་སེམས་ཀྱི་སེམས་ཚོལ་བས་མི་རྙེད་པར་བསྟན་པ། བཙལ་ན་ཕྱི་ནང་གང་ནས་ཀྱང་མི་རྙེད་པར་བསྟན་པ། ནམ་མཁའ་ལྟ་བུའི་སེམས་ཉིད་གང་དུའང་མ་གྲུབ་པས་མི་རྙེད་པའི་འཐད་པ་དགོད་པ། སེམས་ཉིད་ཇི་ལྟ་བར་ཆོས་ཐམས་ཅད་ཀྱང་རང་བཞིན་མི་རྙེད་པས་ཅིར་སྣང་འཛིན་མེད་དུ་ལ་བཟླ། བསྐྱེད་རྫོགས་སེམས་འཛིན་གྱི་དོན་ལ་ཇི་ལྟར་བསྒོམས་ཀྱང་གཤིས་ཀྱི་གནས་ལུགས་ཇི་ལྟར་ཡིན་པ་དེ་ཉིད་ལས་དུས་གསུམ་འཕོ་འགྱུར་མེད་པས་བསྒོམ་མཁན་ངལ་བ་དོན་མེད་དུ་བསྟན་པ། བསྒོམས་པས་མ་དག་པ་དག་པར་བསྒྱུར་ནུས་ན་རྟོག་མེད་གཅིག་གམ་སངས་རྒྱས་ཀྱི་ཏིང་ངེ་འཛིན་ཐུན་རེས་འཁོར་བ་ཡུལ་སྟོངས་པར་ཐལ་བ། ཆོས་ཐམས་ཅད་བཅོས་བསླད་མེད་པའི་རང་བཞིན་ཆེན་པོར་དོན་བསྡུ་བའོ། །དེ་ལྟར་ངེས་པར་བསྟན་པའི་ལེའུ་གསུམ་གྱིས་སྙིང་པོའི་དོན་སེམས་ཉིད་གཅིག་ཏུ་བསྡུ་བ། བདུད་རྩི་ལྟ་བུར་བསྟན་པ་ཡིན་ནོ། །དོན་གསུམ་པ་ཚིག་དོན་བསྡུས་ཏེ་འགྲེལ་བ་ལ་གཉིས་ཏེ། བརྗོད་བྱེད་ལེའུའི་གཞུང་འགྲེལ་བ་དང་བརྗོད་བྱ་དོན་གྱི་སྙིང་པོ་འགྲེལ་བའོ། །དང་པོ་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀུན་བྱེད་རྒྱལ་པོའི་རང་བཞིན་ཇི་བཞིན་པའི་གནས་ལུགས་དེ་བཞིན་ཉིད་དུ་སྟོན་པའི་བརྗོད་བྱེད་ཚིག་གི་རིམ་པ་རྣམས་ཀྱི་དོན་རྒྱ་ཆེར་འགྲེལ་པའི་ལེའུ་ང་བཞི་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གསུམ། སྤྱིར་བསྟན། བྱེ་བྲག་ཏུ་བཤད། དེ་དག་གི་དོན་བསྡུ་བའོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། གྲངས་ངེས་པའི་ངོ་བོ། གོ་རིམ་ངེས་པའི་བྱེ་བྲག །དགོས་ཆེད་ངེས་པའི་རྒྱུ་མཚན་ནོ། །དང་པོ་ལ་གསུམ་སྟེ། ལྔ་ཚན་ལྔ་སོ་སོར་དབྱེ་བའི་གྲངས་ངེས། གཅིག་ཏུ་བསྡུ་བའི་གྲངས་ངེས། ལྷག་མ་བདུན་གྱི་གྲངས་ངེས་སོ། །དང་པོ་ལ་ལྔ་སྟེ། མངོན་དུ་ཕྱུང་བ་དང་། མ་ནོར་ངེས་པ། རྒྱུ་འབྲས་འདས། བྱ་མེད་རྫོགས་པ། གཏན་ལ་འབེབས་པའི་མདོ་ལུང་བཅུའི་གྲངས་ངེས་པའོ། །གཉིས་པ་གོ་རིམ་ངེས་པའི་བྱེ་བྲག་ལ་ལྔ་སྟེ། མངོན་དུ་ཕྱུང་བ། མ་ནོར་ངེས་པ། རྒྱུ་འབྲས་འདས་པ། བྱ་མེད་རྫོགས་པ། གཏན་ལ་འབེབས་པའི་མདོ་ལུང་བཅུའི་གོ་རིམ་ངེས་པའི་བྱེ་བྲག་གོ། །གསུམ་པ་དགོས་ཆེད་ལ་ངེས་པའི་རྒྱུ་མཚན་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་ལྔ་སྟེ། དགོས་པ་དང་ཉིང་དགོས་གཉིས་ཀྱིས་མངོན་དུ་ཕྱུང་བའི། དགོས་པ་དང་ཉིང་དགོས་གཉིས་ཀྱིས་མ་ནོར་ངེས་པ། དགོས་པ་དང་ཉིང་དགོས་གཉིས་ཀྱིས་རྒྱུ་འབྲས་ལས་འདས་པ། དགོས་པ་དང་ཉིང་དགོས་གཉིས་ཀྱིས་བྱ་མེད་རྫོགས་པ། དེ་དག་གིས་གནས་ལུགས་ཇི་ལྟར་བ་ཉིད་གཏན་ལ་འབེབས་པའི་མདོ་ལུང་བཅུ་རྒྱུ་མཚན་དང་བཅས་པ་བསྟན་ཏོ། །དེ་ལ་གཉིས་ཏེ། གཏན་ལ་འབེབས་པའི་མདོ་ལུང་སྤྱིར་བསྟན་པ། མདོ་རྩ་རྒྱས་པར་བཤད་པའོ། །དེ་ལ་གཉིས་ཏེ། དུས་གསུམ་སངས་རྒྱས། ཁམས་གསུམ་སེམས་ཅན། སྣང་སྲིད་སྣོད་བཅུད་ཀྱི་དོན་བཤད་པ་གསུམ་གྱིས་གཏན་ལ་དབབ་བྱ་དང་། ཀུན་བྱེད་རྒྱལ་པོའི་རང་བཞིན་ལྔས་འབེབས་བྱེད་རྒྱས་པར་བཤད་པའོ། །གསུམ་པ་དོན་བསྡུ་བ་ལ་གཉིས་ཏེ། མདོ་ལུང་ལྔ་སེམས་དཔའ་རྡོ་རྗེས་རྟོགས་ཚུལ་མདོར་བསྟན་པས་ཡིད་ཆེས་པའི་ཚུལ་གྱིས་རྟོགས་པ་ཕུལ་བ་དང་། རྒྱས་པའི་ཚུལ་གྱིས་རྟོགས་པ་ཕུལ་བའོ། །དེ་ལ་ལྔ་སྟེ། ཆོས་ཀྱི་སྙིང་པོ་ཡིན་པར། ཐེ་ཚོམ་སོམ་ཉི་མེད་པར། རང་བྱུང་ཡེ་ཤེས་ཡིན་པར། མ་བཙལ་ལྷུན་གྲུབ་ཡིན་པར། བསྟན་པའི་སྒྲོན་མེ་ཡིན་པར་ཡིད་ཆེས་ནས་རྟོགས་པ་ཕུལ་བའོ། །གཉིས་པ་བརྗོད་བྱ་དོན་གྱི་སྙིང་པོ་འགྲེལ་བ་ནི། ཆོས་ཐམས་ཅད་མ་བཙལ་ལྷུན་གྱིས་གྲུབ་པའི་བྱང་ཆུབ་སེམས་སུ་འདུ་བས། མདོ་ལུང་ཀུན་གྱི་སྙིང་པོ་གཅིག་ཏུ་བསྡུས་པ་སེམས་ཉིད་རང་བྱུང་གི་ཡེ་ཤེས་ལ། སྤང་བླང་དང་བཅོས་བསླད་མ་བྱེད་པར་ཇི་བཞིན་པའི་སེམས་ཉིད་ཡེ་བཞིན་པར་བཞག་པས། མ་བཙལ་ལྷུན་གྱིས་གྲུབ་པའི་ཡོན་ཏན་དང་། ད་ལྟ་ཉིད་ནས་རང་ལ་གནས་པའི་དགོངས་པ་ནང་ནས་འཆར་བའི་ལེའུ་ང་ལྔ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གསུམ་སྟེ། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་བསྟན་པ། ཐེག་པ་འོག་མ་བས་མ་རྟོགས་པའི་སྐྱོན་བཤད་པ། དེ་ཉིད་ལུང་བསྟན་པར་གདམས་པའོ། །དང་པོ་ལ་གསུམ་སྟེ། ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་བསྟན་པ། དེ་ཉིད་རྟོགས་པས་འཁོར་བ་མྱང་འདས་སུ་མཉམ་པར་གྲོལ་བ། རང་བྱུང་ཡེ་ཤེས་དངོས་བསྟན་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དེ་ལ་གསུམ་སྟེ། ཀུན་གྱི་འབྱུང་གནས་ཆོས་དབྱིངས་དང་། ནམ་མཁའི་ཁམས་སུ་བསྟན་པ། དེ་ལས་སྣང་བའི་འབྱུང་ལྡན་ནམ་མཁའ་སེམས་སུ་བསྟན་པ། ཁམས་གསུམ་དང་སྐུ་གསུམ་སེམས་སུ་བསྟན་པའོ། །དེ་ལ་གཉིས་ཏེ། མདོར་བསྟན་པ་དང་། ཁམས་གསུམ། སྐུ་གསུམ། རིགས་དྲུག་གསུམ་གྱིས་རྒྱས་པར་བཤད་པའོ། །གསུམ་པ་རང་བྱུང་ཡེ་ཤེས་དངོས་བསྟན་པ་ལ་གསུམ་སྟེ། ཡུལ་མི་རྟོག་པས་ལས་དང་བག་ཆགས་བཟང་ངན་གང་ཡང་མི་སོག་པར་བསྟན་པ། ངོ་བོ་དབྱིངས་ལས་མ་གཡོས་པས་སྤང་བླང་འཕོ་འགྱུར་མེད་པར་བསྟན་པ། རང་བྱུང་གི་ཡེ་ཤེས་ཉིད་རིག་མ་རིག་གི་འཁོར་འདས་ཀུན་གྱི་གོ་འབྱེད་པ་དོན་གྱི་ནམ་མཁའ་ཆེན་པོར་བསྟན་པའོ། །གཉིས་པ་ཐེག་པ་འོག་མས་མ་རྟོགས་པའི་སྐྱོན་བཤད་པ་ལ་བཞི་སྟེ། ཉན་རང་གིས་སྤོང་འགེགས་བྱས་པས་མ་རྟོགས་པའི་སྐྱོན། བྱང་སེམས་ཀྱིས་བདེན་གཉིས་སོ་སོས་སྦྱངས་པས་མ་རྟོགས་པའི་སྐྱོན། ཕྱི་ཐུབ་པ་རྒྱུད་གསུམ་གྱིས་ཏིང་ངེ་འཛིན་ཆོ་གའི་རིམ་པས་བསྒོམས་པས་མ་རྟོགས་པའི་སྐྱོན། ནང་པ་སྔགས་ཀྱི་རྒྱུད་སྡེ་གཉིས་ཀྱིས་ཐབས་ཤེས་བསྐྱེད་རྫོགས་ཀྱི་རྩོལ་བས་མ་རྟོགས་པའི་སྐྱོན་ནོ། །གསུམ་པ་དེ་ཉིད་ལུང་བསྟན་ཅིག་པར་གདམས་པ་ལ་གསུམ་སྟེ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །གཉིས་པ་ལ་གཉིས་ཏེ། རྒྱུ་འབྲས་ཀྱི་ལམ་ངལ་བ་དོན་མེད་ལ་འབད་པས་བསྐལ་པར་རང་བྱུང་ཡེ་ཤེས་དང་རིང་བའི་སྐྱོན་བསལ་བའི་ཕྱིར་གདམས་པ་དང་། རྩོལ་མེད་དུ་བསྟན་པས་ཡོན་ཏན་ལྷུན་གྱིས་གྲུབ་པའི་སྒོ་ནས་གདམས་པའོ། །དེ་ལ་གསུམ་སྟེ། རྩོལ་མེད་སྙིང་པོའི་ལམ་དང་འཕྲད་པས་བགྲོད་མི་དགོས་པའི་ཡོན་ཏན་བསྒོམ་མེད་ཆོས་སྐུའི་རང་བཞིན་མཐོང་བས་བསྐྱེད་རྫོགས་སེམས་འཛིན་གྱི་ནད་ལས་གྲོལ་བའི་ཡོན་ཏན། མ་བཙལ་ལྷུན་གྲུབ་ཀྱི་དགོངས་པ་རྙེད་པས་སེམས་བསྐྱེད་སྦྱང་བགྲོད་ཀྱི་བསྲུང་མཚམས་ལས་འདས་པའི་ཡོན་ཏན་ནོ། །དེ་ལྟར་ཚིག་དོན་འགྲེལ་བའི་ལེའུ་གཉིས་ཀྱིས་རྩ་རྒྱུད་སྙིང་པོའི་དོན་རབ་ཏུ་གསལ་བར་བསྡུས་ཏེ་གསུངས་པ་ཡིན་ནོ། །དོན་གསུམ་པ་སྙིང་པོ་ཕུན་སུམ་ཚོགས་པའི་ཚུལ་གྱིས་དོན་བསྡུ་བ་ལ་གཉིས་ཏེ། འཁོར་གྱིས་ཇི་ལྟར་རྟོགས་པའི་དོན་སྒྲགས་པ་དང་། སྟོན་པས་ལེགས་སོ་བརྗོད་པས་བསྟན་པ་གཏད་པའོ། །དང་པོ་ནི། སེམས་ཉིད་རང་བྱུང་གི་ཡེ་ཤེས་ཉིད་ཆོས་ཐམས་ཅད་ཀྱི་རང་བཞིན་ཀུན་བྱེད་དུ་བསྟན་པའི་ལེའུ་ང་དྲུག་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གསུམ་སྟེ། སྤྱིར་བསྟན། བྱེ་བྲག་ཏུ་བཤད། དོན་བསྡུ་བའོ། །གཉིས་པ་ལ་དྲུག་སྟེ། ཆོས་སྐུ་ལོངས་སྐུའི་བཞུགས་གནས་ཀུན་བྱེད་དུ་བསྟན་པ། སྐུ་གསུམ་ཀུན་བྱེད་ཉིད་དུ་བསྟན་པ། ཁམས་གསུམ་གྱི་སེམས་ཅན་ཀུན་བྱེད་རྒྱལ་པོར་བསྟན་པ། དུས་གསུམ་སངས་རྒྱས་ཀུན་བྱེད་དུ་བསྟན་པ། རྣལ་འབྱོར་རྣམ་བཞི་ཀུན་བྱེད་རྒྱལ་པོར་བསྟན་པ། སྣང་སྲིད་སྣོད་བཅུད་ཀུན་བྱེད་རྒྱལ་པོར་བསྟན་པའོ། །གཉིས་པ་སྟོན་པས་ལེགས་སོ་བརྗོད་ཅིང་བསྟན་པ་གཏད་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གསུམ་སྟེ། གདམས་ཤིང་གཏད་པའི་ཚུལ། དེ་ཉིད་གཞན་ལ་ཇི་ལྟར་བཤད་པའི་ཚུལ། བསྟན་པ་གཉིས་ཀྱི་ཁྱད་པར་ངོས་བཟུང་བའོ། །དང་པོ་ལ་གཉིས་ཏེ། བཟུང་ཤིག་པར་གཏད་པ་དང་། གྱིས་ཤིག་པར་གདམས་པའོ། །དང་པོ་ལ་གསུམ་སྟེ། ངའི་རང་བཞིན་ལྔ་བཅུ་རྩ་བདུན། དེ་ལས་བྱུང་བའི་སྐུ་གསུམ་སྟོན་པ། བྱང་ཆུབ་ཀྱི་སེམས་རྒྱུ་འབྲས་ལས་འདས་པའི་རང་བཞིན་བཟུང་ཞིག་པར་གཏན་པའོ། །གཉིས་པ་ལ་གཉིས་ཏེ། སྨྲ་བའི་སེང་གེ་གྱིས་ལ་ཕུན་སུམ་ཚོགས་པས་བསྡུས་པའི་ཆོས་ཐམས་ཅད་ཀུན་བྱེད་རྒྱལ་པོས་བྱས་པར་ལུང་སྟོན་ཅིག་པར་གདམས་པ། ང་བཞིན་ཀུན་གྱི་མེས་པོ་གྱིས་ལ་ཆོས་ཐམས་ཅད་ཤར་གནས་སེམས་དཔའ་རྡོ་རྗེ་དང་ཀུན་བྱེད་ཉིད་ལས་གཞན་ཡིན་དུ་ལུང་མ་སྟོན་ཅིག་པར་གདམས་པའོ། །དོན་གསུམ་པ་བསྟན་པ་གཉིས་ཀྱི་ཁྱད་པར་ངོས་ཟུང་ཞིག་པ་ལ་གཉིས་ཏེ། སངས་རྒྱས་དང་སེམས་ཅན་གཉིས་ཕྱེ་ནས་སེམས་ཅན་གྱི་སེམས་མ་དག་པ་སྦྱངས་བགྲོད་དག་པར་བྱས་པས་སངས་རྒྱས་གདོད་ནས་འགྲུབ་པར་འདོད་པ་རྒྱུ་འབྲས་སྐལ་ངན་གྱི་ཐེག་པར་བཞག་པས་གོལ་སར་བསྟན་པ་དང་། ད་ལྟར་གྱི་སེམས་ཉིད་རང་བྱུང་གི་ཡེ་ཤེས་སྐུ་གསུམ་ལྷུན་གྲུབ་ཀྱི་སངས་རྒྱས་སུ་ཡེ་ནས་གྲུབ་ཟིན་པས་ད་གདོད་རྒྱུ་འབྲས་འབད་རྩོལ་ལ་མི་ལྟོས་པར་རང་སེམས་ཆོས་སྐུ་འགྱུར་མེད་ཀྱི་དོན་དུ་བསྟན་པའོ། །དེ་ལྟར་སྙིང་པོའི་ལེའུ་གཉིས་ཀྱིིས་ཆོས་ཀུན་རང་བྱུང་གི་ཡེ་ཤེས་གཅིག་གི་རོལ་པ་ལས་གཞན་དུ་མ་ཡེངས་པར་བསྟན་པ་ཡིན་ནོ། །དེ་དག་གིས་ཀུན་བྱེད་རྩ་བའི་རྒྱུད། དབང་པོ་ཡང་རབ་འབད་མེད་དུ་གྲོལ་བ། ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་དོན་གཏན་ལ་ཕབ་པ་རྫོགས་པར་བསྟན་པ་ཡིན་ནོ། །སྤྱི་དོན་གཉིས་པ་ཕྱི་མ་བསམ་བྱུང་གི་ཤེས་རབ་ལ་གདམས་པ་ལ་གསུམ་སྟེ། ཆོས་ཐམས་ཅད་སྐྱེ་བ་མེད་པར་བྱང་ཆུབ་ཀྱི་སེམས་ཀུན་བྱེད་ཉིད་དུ་རོ་གཅིག་པས་ཆོས་ལ་བྱ་རྒྱུ་མེད་པའི་དོན་མདོར་བསྟན་པ། དེའི་དོན་རང་བཞིན་བཅུ་ལ་བསྒོམ་དུ་མེད་པའི་དབྱེ་བ་རྒྱས་པར་བཤད། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀུན་བྱེད་བྱ་རྩོལ་མེད་པའི་ངང་ལ་འདུས་ཤིང་གཉིས་མེད་དོན་གྱི་རང་བཞིན་ཆེན་པོར་བསྒྲགས་ཤིང་བསྟོད་པས་མཇུག་བསྡུ་བའོ། །དང་པོ་ལ་གཉིས་ཏེ། རྟོགས་པ་གླེང་བའི་གཞི་ཕུན་སུམ་ཚོགས་པ་ལྔའི་ངོ་བོ་ཆོས་ཉིད་དེ་བཞིན་ཉིད་ཀྱིས་དགོངས་པ་ལ་བཞུགས་ཚུལ་དང་། རྟོགས་པའི་རང་བཞིན་གླེང་བསླང་བ་དངོས་ཕུན་སུམ་ཚོགས་པའི་ཆོས་ཉིད་སྐྱེ་བ་མེད་པའི་དབྱིངས་སུ་བསྟན་པའོ། །དེ་ལ་གཉིས་ཏེ། ཇི་ལྟར་རྟོགས་ཚུལ་འཁོར་གྱིས་དྲིས་པ་དང་། དེའི་ལན་སྟོན་པས་རྒྱ་ཆེར་གསུངས་པའོ། །དེ་ལ་གཉིས་ཏེ། གང་གསུངས་པ་བཤད་བྱའི་ཆོས་སྤྱིར་བསྟན་པ་དང་། ཇི་ལྟར་གསུངས་པ་རྟོགས་པའི་ཆོས་བྱེ་བྲག་ཏུ་བཤད་པའོ། །དེ་ལ་གསུམ་སྟེ། ཕུན་སུམ་ཚོགས་པའི་རང་བཞིན་སྐྱེ་མེད་གཅིག་གི་ངོ་བོར་སྟོན་པ་ཉིད་ཀྱིས་རྟོགས་པའི་ཚུལ། དེ་གཞན་ལ་གདམས་པའི་ཚུལ། ཀུན་དོན་སྐྱེ་བ་མེད་པའི་དབྱིངས་སུ་དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། ཕུན་སུམ་ཚོགས་པས་མཚོན་པའི་ཆོས་རྣམས་སོ་སོར་རྟོགས་པས་ཀུན་བྱེད་སྐྱེ་བ་མེད་པའི་རང་བཞིན་ལ་རྟོགས་པར་མཁྱེན་ཚུལ་དང་། གཟུགས་བརྙན་སྣ་ཚོགས་མེ་ལོང་གི་ངོས་སུ་རོ་གཅིག་པ་ལྟར་ཕུན་སུམ་ཚོགས་པས་མཚོན་པའི་ཆོས་རྣམས་སྐྱེ་བ་མེད་པའི་ཆོས་ཉིད་གཅིག་ཏུ་རྟོགས་ཚུལ་དངོས་བཤད་པའོ། །དེ་ལ་གཉིས་ཏེ། ཆོས་ཉིད་གཅིག་གི་རང་བཞིན་སྐྱེ་བ་མེད་པར་བསྟན་པ་དང་། ཆོས་ཅན་སྣ་ཚོགས་སྐྱེ་བ་མེད་པའི་རང་བཞིན་དུ་བསྟན་པའོ། །གཉིས་པ་དེ་གཞན་ལ་གདམས་པའི་ཚུལ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དེ་ལ་གཉིས་ཏེ། སྣ་ཚོགས་སུ་སྣང་བ་ཉིད་སྐྱེ་མེད་གཅིག་ཏུ་མ་རྟོགས་ན་ཆོས་ཉིད་ཀྱི་དོན་ལ་རྨོངས་པར་གདམས་པ་དང་། རྨི་ལམ་སྣ་ཚོགས་གཉིད་ཀྱི་ངང་དུ་གཅིག་པ་ལྟར་ཕུན་སུམ་ཚོགས་པས་མཚོན་ནས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྐྱེ་བ་མེད་པའི་ངང་དུ་རོ་གཅིག་པར་གདམས་པའོ། །གསུམ་པ་དོན་བསྡུ་བ་ལ་གཉིས་ཏེ། ཆོས་ཀུན་སྐྱེ་མེད་དུ་བསྟན་པ་དང་། དེ་ཉིད་རྟོགས་པས་དབྱིངས་སྐྱེ་མེད་དུ་ཕྱིན་པའོ། །གཉིས་པ་དེའི་རང་བཞིན་བཅུ་ལ་བསྒོམ་དུ་མེད་པའི་དབྱེ་བས་རྒྱས་པར་བཤད་པ་ལེའུ་བཅུ་ཉིད་དོན་གསུམ་གྱིས་བཅིངས་ནས་འཆད་དེ། ཡེ་ནས་དག་པའི་སེམས་ཉིད་སྦྱང་གཞིར་མ་གྲུབ་པས་ལྟ་བ་དཀྱིལ་འཁོར་དབང་ལ་སོགས་པས་མ་སྨིན་པ་སྨིན་པར་བྱེད་པའི་གཞི་ལོག་པར་བསྟན་པ། སྒྲུབ་བསལ་ལས་འདས་པའི་སེམས་ཉིད་བཟང་ངན་བླང་དོར་དུ་མ་གྲུབ་པས་སྦྱང་བགྲོད་སྐྱེད་རྫོགས་ལ་སོགས་པའི་བསྒོམས་པས་སྨིན་པ་གྲོལ་བར་བྱེད་པའི་ལམ་འཁྲུལ་པར་བསྟན་པ། སྐུ་གསུམ་ལྷུན་གྱིས་གྲུབ་པའི་སེམས་ཉིད་ཐོབ་བྱ་ཐོབ་བྱེད་དུ་མ་གྲུབ་པས་སངས་རྒྱས་ཕྱི་ནས་འདོད་པའི་འབྲས་བུ་མེད་པར་བསྟན་པའོ། །དང་པོ་ལ་ལེའུ་ལྔ་ལས། དང་པོ་རང་བྱུང་གི་སེམས་ཉིད་བློ་འདས་དམིགས་སུ་མེད་པ་ལྟ་བྱ་ལྟ་བྱེད་ལས་འདས་པ་ལྟར་མེད་བརྗོད་བྲལ་ཆེན་པོ་རྟོགས་པར་འདོད་པའི་སྐལ་ཆད་སྙིང་པོའི་དོན་དང་འགལ་བར་བསྟན་པའི་ལེའུ་ང་དགུ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གསུམ་སྟེ། སེམས་ཉིད་ལྟར་མེད་པའི་ངོ་བོ་མདོར་བསྟན། དེའི་རང་བཞིན་རྒྱས་པར་བཤད། ལྟ་བ་ཡུལ་མེད་ཀུན་གསལ་ཆེན་པོར་དོན་བསྡུ་བའོ། །གཉིས་པ་ལ་གསུམ་སྟེ། སེམས་ཉིད་ཀུན་བྱེད་རྟོགས་པར་འདོད་པས་ཆོས་ཀུན་མ་སྐྱེས་ལྟར་མེད་དུ་སྤྱིར་གདམས་པ། ཀུན་བྱེད་ཡུལ་མེད་ལྟ་བ་ལས་འདས་པ་ལས་གཞན་པའི་ལུང་ལ་མ་བརྟེན་ཤིག་པར་གདམས་པ། ཨ་ཏི་གཉིས་མེད་ལྟ་ཡུལ་ལས་འདས་པ་མཐོང་བ་མེད་པའི་དོན་ལ་གདམས་པའོ། །གཉིས་པ་ལུང་གཞན་ལ་མ་བརྟེན་པར་གདམས་པ་ལ་དྲུག་སྟེ། སྐུ་གདངས་སྟོན་པའི་དྲང་ལུང་ཀུན་བྱེད་དང་འགལ་བ། ཀུན་བྱེད་མ་རྟོགས་ན་གློ་བུར་དྲི་བྲལ་གྱི་སངས་རྒྱས་མི་འབྱུང་བས་དུས་གསུམ་སངས་རྒྱས་ཀྱི་རྟོགས་སུ་མེད་པ། ཀུན་བྱེད་དམིགས་བསམ་ཡུལ་འདས་ཆེན་པོར་རྟོགས་ནས་དྲི་བྲལ་གློ་བུར་གྱི་སངས་རྒྱས་ཀྱིས་ཀྱང་དོན་དེ་གཞན་ལ་སྟོན་པར་ནུས་པ། ཀུན་བྱེད་བྱར་མེད་ཡེ་ནས་དག་པའི་གནས་ལུགས་མེད་ན་ཇི་ལྟར་འབད་ཀྱང་འཁོར་བ་ལས་མི་གྲོལ་བས་འབད་པ་དོན་མེད་པ། དེ་ཉིད་གཞན་ལ་ལུང་སྟོན་ཅིག་པར་གདམས་པ། མ་བསྟན་ན་གཏན་དུ་འཁོར་བར་འཁྱམས་པའི་ཉེས་པ་བཤད་པའོ། །གསུམ་པ་ཨ་ཏིའི་དོན་ལ་གདམས་ཚུལ་ལ་གཉིས་ཏེ། རྒྱུ་འབྲས་ཀྱི་ཐེག་པས་ལྟས་ཤིང་ལྟ་བའི་རྣམ་རྟོག་མཆེད་པས་ལྟར་མེད་རྣལ་བཞག་ཆེན་པོའི་དོན་མི་མཐོང་བ་ལ་མ་བརྟེན་ཅིག་པར་གདམས་པ་དང་། བལྟས་ཤིང་མི་མཐོང་བས་མ་བལྟས་ཀྱང་མི་མཐོང་བར་གནས་པའི་ཕྱིར་རྣལ་དོན་མཐོང་མེད་གཅིག་ཏུ་གདམས་པའོ། །གསུམ་པ་ལྟ་བ་ཡུལ་མེད་ཀུན་གསལ་ཆེན་པོའི་དོན་བསྡུ་བ་ལ་གཉིས་ཏེ། རང་སེམས་ཇི་བཞིན་པའི་ངོས་ལ་སྣང་སེམས་སྐྱེ་བ་མེད་པའི་གཟུགས་བརྙན་སྣ་ཚོགས་སུ་འཆར་བས་གསལ་བའི་མེ་ལོང་དུ་བསྟན་པ་དང་། སྣང་དུས་དེ་ཉིད་ནས་འཛིན་མེད་གསལ་སྟོང་དུ་ཤར་བ་ཀུན་ཁྱབ་ཕྱོགས་བྲལ་གྱི་ལྟ་བར་བསྟན་པའོ། །དོན་གཉིས་པ་སེམས་ཉིད་གཟོད་ནས་མ་སྐྱེས་པ་ནམ་མཁའི་རང་བཞིན་ལ་བསྲུང་སྡོམ་སྤང་གཉེན་མེད་པའི་ཆོས་ཉིད་བསྟན་པའི་ལེའུ་དྲུག་ཅུ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གསུམ་སྟེ། དམ་ཚིག་བསྲུང་མཚམས་ལས་འདས་པའི་དོན་སྤྱིར་བསྟན། དེའི་རང་བཞིན་རྒྱས་པར་བཤད། བསྲུང་མེད་གཅིག་ཏུ་དོན་བསྡུ་བའོ། །གཉིས་པ་ལ་དགུ་སྟེ། བསྲུང་དང་མི་བསྲུང་ཕྱོགས་བྲལ་དུ་རྟོགས་པས་ཀུན་བྱེད་ཀྱི་དམ་ཚིག་རྟོགས་ཚུལ་བསྟན་པ། དམ་ཚིག་སེམས་ལས་གཞན་དུ་མེད་པས་དེ་ཉིད་ཕྱོགས་བྲལ་བསྲུང་མཚམས་ལས་འདས་པར་བསྟན་པ། སེམས་ཉིད་ནམ་མཁའ་ལྟར་རྟོགས་པས་ཀུན་བྱེད་སྐྱེ་བ་མེད་པའི་དམ་ཚིག་རྟོགས་པར་བསྟན་པ། དམ་ཚིག་བསྲུང་དུ་མེད་པའི་སེམས་ཉིད་ཡེ་ནས་དག་པའི་དོན་ལ་མོས་པས་ཀུན་བྱེད་ཀྱི་དམ་ཚིག་རྟོགས་པའི་ཚུལ་བསྟན་པ། སེམས་ཉིད་འཕོ་འགྱུར་མེད་པས་དུས་གསུམ་བསྲུང་མཚམས་མེད་པར་བསྟན་པ། དམ་ཚིག་གི་ངོ་བོ་བསྲུང་མེད་གཅིག་གི་རང་བཞིན་དུ་འདུ་བའི་དཔེ་བསྟན་པ། དམ་ཚིག་གི་རྣམ་གྲངས་བསྟན་པ། སེམས་ཉིད་སྐྱེ་མེད་བསྲུང་མཚམས་ལས་འདས་པའི་དོན་རྟོགས་མ་རྟོགས་ཀྱིས་དམ་ཚིག་བསྲུང་དུ་ཡོད་མེད་ཀྱི་ས་མཚམས་བསྟན་པ། བསྲུང་མེད་རྟོགས་མ་རྟོགས་སྙིང་པོའི་དོན་མཐོང་བ་དང་འགལ་བར་བསྟན་པའོ། །གསུམ་པ་དོན་བསྡུ་བ་ལ་གཉིས་ཏེ། བསྲུང་མཚམས་ཅན་གྱིས་དམ་ལ་གནས་པས་བསྐལ་པར་སྙིང་པོའི་དོན་མི་མཐོང་བར་བསྟན་པ། བསྲུང་དུ་མེད་པའི་དམ་ཚིག་ལ་གནས་པར་གྱིས་ཤིག་པར་གདམས་པའོ། །དོན་གསུམ་པ་རང་བྱུང་གི་ཡེ་ཤེས་ལ་དོན་གཉིས་ཡེ་ནས་ལྷུན་གྱིས་གྲུབ་པས་ད་གཟོད་འབད་རྩོལ་གྱིས་བསྒྲུབ་པའི་ཕྲིན་ལས་བཙལ་དུ་མེད་པར་བསྟན་པའི་ལེའུ་རེ་གཅིག་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གསུམ་སྟེ། ཕྲིན་ལས་རྩོལ་སྒྲུབ་ཅན་གྱིས་རྒྱལ་བའི་ཕྲིན་ལས་མི་འགྲུབ་པར་བསྟན་པ། རྩོལ་མེད་ཡེ་ནས་རྫོགས་པའི་ཕྲིན་ལས་ཉིད་བཤད་པ། དེ་ཉིད་རྟོགས་པས་ཀུན་བྱེད་ཀྱི་དགོངས་པ་མཆོག་ཏུ་གྲུབ་ཚུལ་ལོ། །གཉིས་པ་ལ་བརྒྱད་དེ། ཡེ་ནས་བྱ་བཙལ་མེད་པ། དོན་གཉིས་ལྷུན་གྱིས་གྲུབ་པ། བྱས་དང་མ་བྱས་མེད་པ། སྒོ་གསུམ་རྩོལ་སྒྲུབ་མེད་པ། བྱར་མེད་རྟོགས་པར་གདམས་པ། ལས་བཞི་དྲང་དོན་བསྟན་པ། བརྩལ་མེད་ཡེ་ཤེས་འཆར་བ། བྱར་མེད་དོན་ལ་གདམས་པའོ། །ཀུན་བྱེད་ཀྱི་དགོངས་པར་གྲུབ་ཚུལ་ལ་གསུམ་སྟེ། བྱ་བཙོལ་མཚན་མའི་ལམ་དུ་བསྟན་པ། བྱར་མེད་རྟོགས་པ་ཀུན་བྱེད་དུ་བསྟན་པ། སྒོ་གསུམ་རྩོལ་བྲལ་དུ་རྟོགས་པས་སངས་རྒྱས་ཉིད་ཀྱི་དགོངས་པར་བསྟན་པའོ། །དོན་བཞི་པ་མ་སྐྱེ་གཞི་ནས་རྫོགས་པའི་སེམས་ཉིད་དོན་གྱི་དཀྱིལ་འཁོར་ལྷུན་གྲུབ་ཆེན་པོའི་གནས་ལུགས་ལ་རྟེན་དང་བརྟེན་པ་གཉིས་སུ་མེད་པས་སྐྱེད་དང་མ་སྐྱེད་གཞི་ནས་དག་པའི་ངོ་བོ་བསྟན་པའི་ལེའུ་རེ་གཉིས་པ་ལ་གཉིས་ཏེ། བསྟན་པ་དང་བཤད་པའོ། །དེ་ལ་གསུམ་སྟེ། ཏིང་ངེ་འཛིན་གསུམ་ལ་སོགས་པས་དཀྱིལ་འཁོར་བསྐྱེད་པ་ཉིད་མཚན་མ་གྲངས་ལ་འཆེལ་བས་ངལ་ལ་འབྲས་བུ་བསྟན་པ་མ་སྐྱེད་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཉིད་བཤད་པ། སེམས་ཀྱི་རྩལ་ཉོན་མོངས་པ་ལྔ་རང་བྱུང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་བསྟན་པའོ། །དང་པོ་ལ་གཉིས་ཏེ། མཚན་མར་འཛིན་པའི་དཀྱིལ་འཁོར་དགོད་པ་དང་། དེ་ཉིད་ཀྱི་ཡང་དག་པའི་དོན་མི་མཐོང་བར་བསྟན་པའོ། །གཉིས་པ་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཉིད་བཤད་པ་ལ་གསུམ་སྟེ། མ་བཅོས་ལྷུན་གྲུབ་ཆེན་པོའི་དཀྱིལ་འཁོར་མདོར་བསྟན། དེའི་དོན་རྒྱས་པར་བཤད། སྐྱེད་དུ་མེད་པའི་དོན་བསྡུ་བའོ། །གཉིས་པ་དེའི་དོན་བཤད་པ་ལ་བདུན་ཏེ། དཀྱིལ་འཁོར་གྱི་ངོ་བོ། ངེས་ཚིག །དགོས་པ། རང་བཞིན། མཐོང་ལུགས། འབྲས་བུ། གདམས་ཚུལ་ལོ། །དོན་ལྔ་པ་སེམས་ཉིད་རང་བྱུང་གི་ཡེ་ཤེས་དངོས་པོ་དང་མཚན་མར་མེད་པས་རྣམ་རྟོག་གྲངས་ཀྱིས་བཏགས་པའི་དབང་བཞི་བསྐུར་དུ་མེད་པ་སྐྱེ་མེད་རིག་པའི་རྩལ་དབང་ཆེན་པོར་བསྟན་པའི་ལེའུ་རེ་གསུམ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གསུམ་སྟེ། ཞེན་ཆགས་མཚན་མའི་དབང་གིས་སེམས་ཉིད་རང་བཞིན་གྱིས་དག་པའི་དོན་མི་མཐོང་བར་བསྟན། ལྷུན་གྲུབ་རིག་པའི་དབང་གིས་བཤད། སྤྲོས་པ་གྲངས་ཀྱི་དབང་ལམ་བརྟེན་ཅིག་པར་དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། གང་གིས་བསྟན་པ་མཚན་མའི་དབང་དང་། དེ་ལ་བརྟེན་པས་དངོས་གྲུབ་ཉམས་པའོ། །གཉིས་པ་རིག་པའི་དབང་ཉིད་བཤད་པ་ལ་དྲུག་སྟེ། རིག་པའི་རང་བཞིན་གཉིས་སུ་མེད་པར་བསྟན་པ། དབང་གཉིས་ཀྱི་རིམ་པ་བསྟན་པ། དོན་གྱི་དབང་ལ་བསྐུར་ཐོབ་མེད་པར་བསྟན་པ། བསྐུར་ཐོབ་མེད་པའི་དོན་རྟོགས་ནས་མཚན་མའི་དབང་ལ་བརྟེན་མི་དགོས་པར་བསྟན་པ། མཚན་མའི་དབང་ནི་སྒྲིབ་པའི་རང་བཞིན་དུ་བསྟན་པ། སྐྱེ་མེད་རིག་པའི་རྩལ་དབང་ལུང་བསྟན་པའི་ཚུལ་གྱིས་ཕྱི་རབས་མཚན་མའི་དབང་ལ་མ་བརྟེན་ཅིག་པར་གདམས་པའོ། །གསུམ་པ་དོན་བསྡུ་བ་ལ་གཉིས་ཏེ། ཐམས་ཅད་སྐྱེ་མེད་རང་བྱུང་གི་དབང་དུ་ཡེ་ནས་བསྐུར་ཟིན་པས་ད་གཟོད་མཚན་མའི་དབང་ཞུ་མི་དགོས་པར་གདམས་པ་དང་། སེམས་ཉིད་བསྐུར་ཐོབ་མེད་པའི་དབང་ལ་བརྟེན་ལ་མཚན་འཛིན་ཞེན་པའི་དབང་མ་བླངས་ཤིག་པར་གདམས་པའོ། །དོན་གཉིས་པ་གྲུབ་བསལ་ལས་འདས་པའི་སེམས་ཉིད་བཟང་ངན་བླང་དོར་དུ་མ་གྲུབ་པས་སྦྱང་བགྲོད་བསྐྱེད་རྫོགས་ལ་སོགས་པའི་སྒོམས་པས་སྨིན་པ་གྲོལ་བར་བྱེད་པའི་ལམ་འཁྲུལ་པར་བསྟན་པ་ལ་གསུམ་སྟེ། ལམ་གྱི་ངོ་བོ། རང་བཞིན། ཁྱད་པར་རོ། །དང་པོ་ལམ་གྱི་ངོ་བོ་སེམས་ཉིད་རང་བྱུང་གི་ཡེ་ཤེས་དངོས་པོ་དང་མཚན་མ་མེད་པའི་རང་བཞིན་སྐུ་གསུམ་ལྷུན་གྲུབ་ཆེན་པོ་ཉིད་དུ་ད་ལྟ་ནས་གནས་པས། དེ་ཉིད་དེ་ལས་གཞན་དུ་བགྲོད་དུ་མེད་པར་བསྟན་པའི་ལེའུ་རེ་བཞི་པ་ལ་གཉིས་ཏེ། བསྟན་པ་དང་བཤད་པའོ། །དེ་ལ་གསུམ་སྟེ། ལམ་བགྲོད་དུ་ཡོད་པར་བསྟན་པ་སྐལ་ཆད་རྗེས་སུ་བཟུང་བའི་ཐབས་སུ་བཤད་པ། བགྲོད་དུ་མེད་པའི་རང་བཞིན་བསྟན་པ། ཀུན་བྱེད་བྱང་ཆུབ་སེམས་ཀྱི་ལམ་ལ་བགྲོད་མེད་གཅིག་ཏུ་དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། བགྲོད་དུ་ཡོད་པར་བསྟན་པ་དྲང་དོན་དུ་གསུངས་པ་དང་། ལམ་ལ་བགྲོད་པས་ཇི་ཙམ་བགྲོད་པ་དེ་སྲིད་སངས་རྒྱས་ཀྱི་འབྲས་བུ་མི་ཐོབ་པར་བསྟན་པའོ། །གཉིས་པ་བགྲོད་དུ་མེད་པའི་རང་བཞིན་བསྟན་པ་ལ་བདུན་ཏེ། ངོ་བོ་སྤྲོས་པ་ལས་འདས་པས་ལམ་ལ་བགྲོད་དུ་མེད་པ། མཚན་མའི་ཡུལ་ལས་འདས་པས་ལམ་ལ་བགྲོད་དུ་མེད་པ། དབྱིངས་གཅིག་ཐིག་ལེ་ཆེན་པོའི་ལམ་ལ་བགྲོད་དུ་མེད་པ། མ་བགྲོད་བཞག་པས་ཕྱིན་པའི་རང་བཞིན། ནམ་མཁའ་ལྟ་བུའི་དཔེས་ལམ་ལ་བགྲོད་པ་ངལ་བ་དོན་མེད་དུ་བསྟན་པ། དེ་ཉིད་གཞན་ལ་ལུང་སྟོན་ཅིག་པར་གདམས་པ། ལུང་བསྟན་པ་བཞིན་རྟོགས་པའི་ཕན་ཡོན་ནོ། །གསུམ་པ་དོན་བསྡུ་བ་ལ་གཉིས་ཏེ། ཐམས་ཅད་ཀུན་བྱེད་དུ་གདམས་པ་དང་། བགྲོད་པ་སྐྱོན་དང་བཅས་པས་མ་བགྲོད་ཅིག་པར་གདམས་པའོ། །དོན་གཉིས་པ་ལམ་གྱི་རང་བཞིན་སེམས་ཉིད་གདོད་མ་ནས་སྐྱེ་བ་མེད་པའི་ས་ལ་སྦྱང་དུ་མེད་པའི་ལེའུ་རེ་ལྔ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གསུམ་སྟེ། སའི་རང་བཞིན་སྦྱང་དུ་མེད་པར་མདོར་བསྟན། དེའི་རང་བཞིན་རྒྱས་པར་བཤད། དོན་བསྡུ་བའོ། །གཉིས་པ་ལ་བདུན་ཏེ། སྤྱིར་བསྟན། བྱེ་བྲག་ཏུ་བཤད་པ་ལ་གཉིས་ཀྱིས་བགྲོད་དུ་མེད་པའི་མཚན་མ་གྲངས་ཀྱི་ངོ་བོར་བསྟན་པ། ཀུན་བྱེད་བྱང་ཆུབ་སེམས་ཀྱི་ས་ལ་རྣམ་དབྱེ་མེད་པར་བསྟན་པ་དབྱེ་བ་མེད་པའི་ས་མ་རྟོགས་ན་ཀུན་ཏུ་བཟང་པོའི་གོ་འཕང་མི་ཐོབ་པར་བསྟན་པ། མ་བཅོས་རིག་པ་ལྷུན་རྫོགས་ཀྱི་ས་ལ་སྦྱང་བགྲོད་མེད་པས་དུས་གཅིག་རྫོགས་པར་བསྟན་པ། སྐྱེ་མེད་བྱང་ཆུབ་སེམས་ཀྱི་ས་ལ་བགྲོད་དུ་མེད་པའི་དགོངས་པས་གྲོལ་བར་བསྟན་པ། སེམས་ཉིད་སའི་རང་བཞིན་དག་པས་མཐོ་དམན་གོ་རིམ་ཀུན་ལས་འདས་པར་བསྟན་པ། སེམས་ཉིད་གདོད་ནས་དག་པའི་ཀུན་བྱེད་འཁོར་འདས་ལ་རང་ཆས་གནས་པ་ཉིད་མངོན་དུ་ཕྱུང་ཡང་རྒྱུ་འབྲས་རྩོལ་བསྒྲུབས་ཀྱི་ཆོས་ལ་ཞེན་པའི་སྐལ་ཆད་རྣམས་ཀྱིས་མི་མཐོང་བར་བསྟན་པའོ། །གསུམ་པ་དོན་བསྡུ་བ་ལ་གསུམ་སྟེ། དྲང་དོན་གྱི་ས་ལམ་འབྲས་བུའི་བསྟན་ཚུལ་དང་། དེས་སྙིང་པོའི་དོན་མི་མཐོང་ཞིང་ཡང་དག་གི་ལམ་དང་མི་འཕྲད་པར་བསྟན་པ་དང་། ཀུན་བྱེད་སྣང་མེད་བྱང་ཆུབ་སེམས་ཀྱི་ས་རྟོགས་པར་གྱིས་ཤིག་པར་གདམས་པའོ། །དོན་གསུམ་པ་ལམ་གྱི་ཁྱད་པར་སེམས་ཉིད་དོན་གྱི་གནས་ལུགས་ལ་གཉིས་སུ་མེད་པས་སྤྱོད་པ་ལ་སྤྱད་དུ་མེད་པའི་ལེའུ་རེ་དྲུག་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གསུམ་སྟེ། ཐེག་པ་འོག་མས་གཉིས་བཅས་སུ་སྤྱད་པའི་ཉེས་པ། གཉིས་མེད་ཀུན་བྱེད་རྒྱལ་པོའི་སྤྱོད་པ་བཤད་པ། ནམ་མཁའ་ལྟ་བུའི་སྤྱོད་པ་ལུང་བསྟན་པ་དགོས་ཆེད་དང་བཅས་པས་དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། ཐེག་པ་སོ་སོའི་སྤྱོད་པས་དོན་མ་རྟོགས་པའི་རང་བཞིན་བསྟན་པ་དང་། དེ་ཉིད་སྤང་གཉེན་གྱི་རྟོག་པ་བྱང་བ་ལས་བླང་དོར་མེད་པའི་དོན་མི་རྟོགས་པར་བསྟན་པའོ། །གཉིས་པ་ལ་དྲུག་སྟེ། གཉིས་སུ་མེད་པའི་སྤྱོད་པ་ཉིད་བསྟན་པ། གང་སྤྱད་སྐྱེ་མེད་ཀྱི་རང་བཞིན་ལས་མི་འདའ་བ། ཕྱོགས་བྲལ་ནམ་མཁའི་རང་བཞིན་དུ་བསྟན་པ། སྣང་སྲིད་དུག་ལྔར་སྣང་བ་སྐྱེ་མེད་ཀྱི་སྤྱོད་པར་བསྟན་པ། དེ་ཉིད་འཁོར་ལ་ལུང་སྟོན་ཅིག་པར་གདམས་པ། ཀུན་བྱེད་བླང་དོར་མེད་པའི་སྤྱོད་པ་མ་རྟོགས་པའི་སྐྱོན་བསྟན་པའོ། །གསུམ་པ་དོན་བསྡུ་བ་ལ་བཞི་སྟེ། ལུང་སྟོན་ཅིག་པར་གདམས་པ་དངོས། དེའི་དགོས་པ་དེའི་ཕྱིར་ལུང་སྟོན་པར་གདམས་པ། དེའི་ཉིང་དགོས་བསྟན་པའོ། །དོན་གསུམ་པ་སྐུ་གསུམ་ལྷུན་གྱིས་གྲུབ་པའི་སེམས་ཉིད་ཐོབ་བྱ་ཐོབ་བྱེད་དུ་མ་གྲུབ་པས་སངས་རྒྱས་ཕྱི་ནས་འདོད་པའི་འབྲས་བུ་སད་ཁྱེར་དུ་བསྟན་པ་ལ་གཉིས་ཏེ། རང་བྱུང་གི་ཡེ་ཤེས་ལ་སྒྲིབ་པ་བསལ་ནས་དག་པའི་ཆོས་སྐུ་སྔར་མེད་གསར་བྱུང་མི་འཐད་པར་བསྟན་པ་དང་། ཡེ་ནས་རྫོགས་པའི་སེམས་ཉིད་ལ་ལམ་གྱིས་བསྒྲུབ་པའི་ཚོགས་གཉིས་དག་པས་བསྐྱེད་པའི་གཟུགས་སྐུ་སྔར་མེད་གསར་བྱུང་མི་འཐད་པར་བསྟན་པའོ། །དང་པོ་ནི། སེམས་ཉིད་ཡེ་ནས་དག་པས་དྲི་མས་སྒྲིབ་ཏུ་མེད་པའི་ཡེ་ཤེས་རང་ཆས་སུ་བསྟན་པའི་ལེའུ་དྲུག་ཅུ་རྩ་བདུན་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གསུམ་སྟེ། སེམས་དང་སྒྲིབ་པ་ཐ་དད་དུ་ཕྱེ་བའི་དྲི་མ་བསལ་ནས་ཡེ་ཤེས་བསྒྲུབ་པས་ནམ་ཡང་མི་འགྲུབ་པར་བསྟན་པ། སྒྲིབ་པ་མེད་པའི་ཡེ་ཤེས་ཉིད་བཤད་པ། རང་བྱུང་གི་ཡེ་ཤེས་སྣང་བ་ཆེན་པོ་རང་གསལ་ཡེ་ཤེས་ཀྱི་རྒྱལ་པོར་བསྟན་པས་དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། སྒྲིབ་པ་བསལ་ཞིང་ཡེ་ཤེས་བསྒྲུབ་པར་གང་གིས་བསྟན་པའི་ཚུལ། དེ་ཉིད་དྲང་དོན་དུ་བཀོད་པས་སྙིང་པོའི་ཡེ་ཤེས་མི་མཐོང་བར་བསྟན་པའོ། །གཉིས་པ་ཡེ་ཤེས་ཉིད་བཤད་པ་ལ་དྲུག་སྟེ། ཆོས་ཀུན་མ་སྐྱེས་དེ་བཞིན་ཉིད་དུ་གནས་པས་སྒྲིབ་པ་གཞི་ལ་དག་ཚུལ། གྲངས་དང་དཔང་གཉེན་གཉིས་འཛིན་འདས་པས་བསམ་བརྗོད་དམིགས་པའི་ཡུལ་ལས་འདས་ཚུལ། ཆོས་དབྱིངས་ཀུན་གསལ་འགག་པ་མེད་པས་དེ་ལས་སྣང་བ་གྲངས་ལས་འདས་ཚུལ། སེམས་ཉིད་རབ་ཞི་མཁའ་ལྟར་དག་པ་གཡོ་བྱེད་སྤྲོས་པའི་མཐའ་དང་བྲལ་ཚུལ། གཡོ་མེད་མཉམ་བཞག་ངང་ལ་གནས་དུས་སྒོ་ལྔའི་སྣང་ཡུལ་སོ་སོར་གསལ་ལ་འཛིན་མེད་རྟོག་བྲལ་གང་གིས་གོམས་པ་ཤིན་ཏུ་རྣལ་འབྱོར་པ་ཡི་གང་ཟག་ཏུ་བསྟན་ཚུལ། སྟོན་པས་ཇི་ལྟར་རྟོགས་པ་དེ་ཉིད་རྟོགས་པར་གྱིས་ཤིག་པའི་དོན་ལ་འདོམས་འཚལ་ལོ། །གསུམ་པ་དོན་བསྡུ་བ་ལ་གསུམ་སྟེ། རང་གསལ་གྱི་དེ་ཉིད་རྟོགས་པས་ཡོན་ཏན་གསུམ་ཚང་དུ་བསྟན་པ། ཐམས་ཅད་རང་བྱུང་ཡེ་ཤེས་སུ་བཀོད་པས་ཡེ་ཤེས་ཀྱི་རྒྱལ་པོ་ཆེན་པོར་བསྟན་པ། མ་སྤངས་རང་སར་གྲོལ་བ་ཀུན་བྱེད་རྟོགས་པ་ལ་འདོམས་ཚུལ་བསྟན་པའོ། །དོན་གཉིས་པ་ཡེ་ནས་རྫོགས་པའི་སེམས་ཉིད་ལ་ལམ་ཚོགས་གཉིས་དག་པས་བསྒྲུབ་པའི་འབྲས་བུས་གཟུགས་སྐུ་སྔར་མེད་གསར་བྱུང་དུ་བྱུང་བ་མི་འཐད་པ་ནི། རང་བྱུང་གི་སེམས་ཉིད་ལ་ཡེ་ནས་ལྷུན་གྱིས་གྲུབ་པས་རྩོལ་བས་བྱས་པའི་ཡོན་ཏན་གསར་པ་མེད་པར་བསྟན་པའི་ལེའུ་རེ་བརྒྱད་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གསུམ་སྟེ། མ་བཙལ་ལྷུན་གྱིས་གྲུབ་པའི་དོན་བསྟན་པ་དང་། དེའི་རང་བཞིན་གཞན་གྱིས་མི་རྟོགས་པར་བསྟན་པ། ལྷུན་གྲུབ་ཀྱི་ཡེ་ཤེས་དངོས་བསྟན་པའོ། །གཉིས་པ་ལ་གཉིས་ཏེ། མ་རྟོགས་པའི་རང་བཞིན་དང་། དེའི་ཉེས་པའོ། །དང་པོ་ལ་གསུམ་སྟེ། སྤྱིར་བསྟན་པ། བྱེ་བྲག་ཏུ་བཤད། དོན་བསྡུ་བའོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་བརྒྱད་དེ། ཉན་ཐོས། རང་རྒྱལ། སེམས་དཔའ། ཀྲི་ཡ། ཨུ་པ། ཡོ་ག །མ་ཧཱ། ཨ་ནུས་མ་རྟོགས་པའི་རང་བཞིན་བཤད་པའོ། །གཉིས་པ་དེའི་ཉེས་པ་ལ་གཉིས་ཏེ། ཀུན་བྱེད་ཡེ་ནས་ཁྱབ་ཀྱང་རང་བཞིན་གསང་བས་མ་རྟོགས་པའི་ཉེས་པ་དང་། རྩོལ་སྒྲུབ་སྒྲོ་སྐུར་ལ་ཞེན་པས་ཡང་ཡང་སྲིད་པ་བརྒྱུད་མར་འཁོར་བའི་མཐར་མཐོ་རིས་སུ་སྐྱེས་ཀྱང་དེའི་ཡོན་ཏན་མེད་ཅིང་སྙིང་པོའི་དོན་ལས་རིང་བའི་ཉེས་པའོ། །གསུམ་པ་ལྷུན་གྲུབ་ཀྱི་ཡེ་ཤེས་དངོས་བསྟན་པ་ལ་བཞི་སྟེ། ལྷུན་གྲུབ་ནམ་མཁའ་ལྟ་བུར་བསྟན་པ། དེ་ཉིད་རྩོལ་སྒྲུབ་འདས་པར་གཞན་ལ་ལུང་སྟོན་ཅིག་པར་གདམས་པ། ལུང་བསྟན་པས་ཀུན་བྱེད་རྟོགས་པའི་དགོས་པ་བརྗོད་པ། འབད་རྩོལ་བསྐལ་པར་སྦྱངས་པས་དུབ་པ་ལ་འབད་མེད་ལུང་བསྟན་པར་གདམས་པའོ། །ཐེག་པ་གཞན་གྱིས་གཞི་ལོག་པ་ར་གན་གསེར་དུ་བཟུང་བ་ལྟ་བུ། ལམ་འཁྲུལ་པ་ཤར་དུ་བགྲོད་པ་ལ་ནུབ་ཏུ་འགྲོ་བ་ལྟ་བུ། འབྲས་བུ་མེད་པ་བྱེ་མ་བཙིར་བ་ལས་འབྲུ་མར་འདོད་པ་ལྟ་བུ། རང་གཞན་ངལ་བ་དོན་མེད་པའི་རྣམ་གྲངས་བཀག་ནས། བསྒོམ་དུ་མེད་པའི་གཞི་བྱ་བཙལ་རྒྱུ་འབྲས་ལས་འདས་པར་བསྟན་པ་ཡིན་ནོ། །དོན་གསུམ་པ་གཉིས་སུ་མེད་པའི་དོན་བསྒྲགས་ཤིང་བསྟོད་པའི་ལེའུ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གཉིས་ཏེ། འཁོར་གྱིས་བསྟོད་པ་དང་། སྟོན་པས་བསྒྲགས་པའོ། །དང་པོ་ལ་བརྒྱད་དེ། ཀུན་གྱིས་བྱེད་པ་པོར་བསྟོད་པ། ཕུན་སུམ་ཚོགས་པ་ཐམས་ཅད་བཀོད་པའི་ཚུལ་ལ་བསྟོད་པ། མདོ་ལུང་བསྟན་པའི་སྒྲོན་མེར་བསྟོད་པ། རྒྱལ་བ་ཀུན་གྱི་ཕ་མར་བསྟོད་པ། ཐུགས་ཉིད་དྲི་མེད་ནམ་མཁའི་རང་བཞིན་དུ་བསྟོད་པ། སྐུ་ཉིད་ཡིད་འོང་པདྨ་ལྟ་བུར་བསྟོད་པ། གསུང་ཉིད་སྙིང་པོ་མཚན་མ་མེད་པར་བསྟོད་པ། རང་གིས་རྟོགས་པ་དྲིན་ལན་གྱི་ཚུལ་དུ་བསྟོད་པའོ། །གཉིས་པ་སྟོན་པས་བསྒྲགས་པ་ལ་གཉིས་ཏེ། གང་གིས་གང་ལ་བསྒྲགས་ཚུལ་མདོར་བསྟན་པ་དང་། ཇི་ལྟར་བསྒྲགས་ཚུལ་རྒྱས་པར་བཤད་པའོ། །དེ་ལ་གསུམ་སྟེ། འཁོར་གྱི་ཡོན་ཏན་བསྒྲགས་པ། བསྟན་པ་གཏད་ཚུལ་གྱིས་རྒྱལ་ཚབ་ཏུ་བཀོད་པ། ཕྱི་རབས་ཀྱི་སྐལ་ལྡན་ལ་ལུང་སྟོན་ཅིག་གདམས་པའོ། །དེ་དག་གིས་ཕྱི་མའི་རྒྱུད་དབང་པོ་འབྲིང་བསམ་པས་གནད་མཐོང་ཚུལ་གྱིས་གྲོལ་བའི་ཤེས་རབ་ལ་གདམས་པ་བསྟན་ཟིན་ཏོ། །སྤྱི་དོན་གསུམ་པ་ཕྱི་མའི་ཕྱི་མ་སྒོམ་བྱུང་གི་ཤེས་རབ་ལ་གདམས་པའི་རྒྱུད་ལ་གསུམ་སྟེ། རང་བཞིན་བཅུས་བསྒོམ་དུ་མེད་པའི་དོན་ལ་མ་བཅོས་རྣལ་དུ་བཞག་པའི་རང་བཞིན་བསྟན་པ་དང་། རྒྱུད་ཀྱི་ཚིག་དོན་དགྲོལ་བའི་རྣམ་གྲངས་བརྗོད་པ་དང་། རྗེས་གང་ལ་གདམས་པ་མཚན་གྱི་རྣམ་གྲངས་དང་བཅས་པའོ། །དང་པོ་ལ་གཉིས་ཏེ། སྒོམ་དོན་གླེང་གཞིའི་ཚུལ་གྱིས་མ་བཅོས་རྣལ་བཞག་ཆེན་པོའི་སྒོམ་པ་མདོར་བསྟན་པ་དང་། དེའི་དོན་རང་བཞིན་བཅུས་གཉིས་མེད་དོན་གྱི་བསྒོམ་པ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། གླེང་བའི་གཞི་དང་། གླེང་བསླང་བའོ། །དང་པོ་ལ་གཉིས་ཏེ། ཕུན་སུམ་ཚོགས་པ་ལྔའི་ཆོས་ཉིད་དུ་སྟོན་པས་དགོངས་པ་དོན་གྱི་གནས་ལུགས་ལ་མཉམ་པར་བཞག་པ་དང་། དགོས་དོན་གཉིས་སུ་མེད་པའི་ངང་དུ་སེམས་དཔའ་རྡོ་རྗེས་མཉམ་པར་བཞག་ཚུལ་བསྟན་པའོ། །གཉིས་པ་གླེང་བསླང་བ་ལ་གསུམ་སྟེ། འདུས་པ་ཕལ་མོ་ཆེས་སེམས་དཔའ་རྡོ་རྗེ་ལ་ཇི་ལྟར་བསྐུལ་བ་དང་། སེམས་དཔའ་རྡོ་རྗེས་ཚིག་དོན་གཉིས་མ་དགོངས་ཏེ་ལན་གཉིས་སུ་སྟོན་པ་ལ་ཇི་ལྟར་ཞུས་པ་དང་། སྟོན་པས་དེའི་ལན་ཇི་ལྟར་གསུངས་པའོ། །གཉིས་པ་སེམས་དཔའ་རྡོ་རྗེས་ཞུས་པ་ལ་གཉིས་ཏེ། དོན་ལ་དགོངས་པ་ཞུས་པས་བརྗོད་དུ་མེད་པའི་ངང་ལ་བཞུགས་པ་དང་། ཕུན་སུམ་ཚོགས་པའི་ཚིག་དོན་དངོས་ཇི་ལྟར་སྒོམ་ཚུལ་ཞུས་པའོ། །གསུམ་པ་སྟོན་པས་དེའི་ལན་གསུངས་པ་ལ་གསུམ་སྟེ། མ་སྒོམས་རྣལ་བཞག་ཆེན་པོའི་ངང་ནས་འཕྲོ་གནས་གཉིས་སུ་མེད་པའི་ཆོས་ཉིད་བཏང་བཞག་མེད་པ འི་བསྒོམ་པ་དངོས་བསྟན་པ་དང་། མཚན་མ་གྲངས་ཀྱི་སྒོམ་པ་སྐུ་གསུམ་སྟོན་པས་གསུངས་ཚུལ་དང་། ཕུན་སུམ་ཚོགས་པའི་རང་བཞིན་རིག་པ་ལྷུན་རྫོགས་ཀྱི་སར་འདུ་བས་མ་སྒོམས་རང་བཞིན་བཞག་པའི་ཚུལ་བསྟན་པའོ། །གཉིས་པ་བསྒོམ་དུ་མེད་པའི་དོན་ལ་མ་བཅོས་རྣལ་དུ་བཞག་པའི་རང་བཞིན་བསྟན་པ་ལ་གསུམ་སྟེ། ཕྱོགས་བྲལ་གདོད་ནས་དག་པའི་གཞི། བསྒོམ་མེད་རྣལ་བཞག་ཆེན་པོའི་ལམ། ལྷུན་གྲུབ་རང་གནས་ཆེན་པོའི་འབྲས་བུའི་དོན་ཇི་ལྟར་བསྒོམ་པའི་ཚུལ་ལོ། །དང་པོ་ལ་ལྔ་སྟེ། ལྟ་བ་སྒོམ་དུ་མེད་པ། དམ་ཚིག་བསྲུང་དུ་མེད་པ། ཕྲིན་ལས་བཙལ་དུ་མེད་པ། དཀྱིལ་འཁོར་བསྐྱེད་དུ་མེད་པ། དབང་ལ་བསྐུར་ཐོབ་མེད་པའི་དོན་ལ་ཇི་ལྟར་བསྒོམ་པའི་ཚུལ་བསྟན་པའོ། །དང་པོ་ནི། སེམས་ཉིད་རང་བྱུང་གི་ཡེ་ཤེས་དམིགས་བསམ་འཛིན་པའི་ཡུལ་ལས་འདས་པའི་དོན་ལ་ལྟ་བྱ་ལྟ་བྱེད་དུ་མ་གྲུབ་པའི་དགོངས་པ་རྣལ་བཞག་ཆེན་པོའི་ལེའུ་དོན་གཅིག་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གསུམ་སྟེ། མཚན་མ་གྲངས་ཀྱི་བསྒོམ་ལ་ཀུན་བྱེད་ཀྱི་གོལ་ས་ངོས་བཟུང་། སྒོམ་དང་མི་སྒོམ་མེད་པའི་ཆོས་ཉིད་རྣལ་བཞག་ཆེན་པོའི་དགོངས་པ་བཤད། སྒོམ་མེད་ནམ་མཁའ་ལྟ་བུའི་དོན་ལ་གོམས་པའི་ཡོན་ཏན་བསྟན་པའོ། །དང་པོ་ལ་གསུམ་སྟེ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །གཉིས་པ་རྒྱས་པར་བཤད་པ་ལ་བརྒྱད་དེ། ཉན་ཐོས། རང་རྒྱལ། སེམས་དཔའ། ཀྲི་ཡ། ཨུ་པ། ཡོ་ག །མ་ཧཱ། ཨ་ནུའི་བསྒོམ་པའོ། །གཉིས་པ་རྣལ་བཞག་ཆེན་པོའི་དགོངས་པ་བཤད་པ་ལ་བཞི་སྟེ། སྣང་བ་རང་སར་བཞག་པའི་བསྒོམ་པ། ཚིག་དོན་བློ་ལས་འདས་པའི་བསྒོམ་པ། ཡེངས་མེད་སྤྲོས་དང་བྲལ་བའི་བསྒོམ་པ། གཉིས་མེད་བསམ་ཡུལ་འདས་པའི་བསྒོམ་པའོ། །གསུམ་པ་གོམས་པའི་ཡོན་ཏན་ལ་གཉིས་ཏེ། སྒོམ་མེད་ཆུ་བོ་རྒྱུན་གྱི་རྣལ་འབྱོར་དང་། རྣལ་བཞག་ཀུན་ཏུ་བཟང་པོའི་གོ་འཕང་ཐོབ་པ་ལ་གནས་པའོ། །གཉིས་པ་དམ་ཚིག་བསྲུང་དུ་མེད་པའི་དོན་ལ་ཇི་ལྟར་བསྒོམ་པའི་ལེའུ་དོན་གཉིས་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གཉིས་ཏེ། བསྲུང་མཚམས་ཅན་གྱི་དམ་ཚིག་གོལ་སར་བསྟན་པ་དང་། བསྲུང་མེད་དོན་གྱི་དགོངས་པ་བཞག་ཐབས་བསྟན་པའོ། །དེ་ལ་གསུམ་སྟེ། སེམས་ཉིད་ནམ་མཁའ་ལྟ་བུའི་རང་བཞིན་བསྲུང་མཚམས་ལས་འདས་པ་མདོར་བསྟན། དེའི་རང་བཞིན་རྒྱས་པར་བཤད། བསྲུང་དང་མི་བསྲུང་ལས་འདས་པའི་ངོ་བོས་དོན་བསྡུ་བའོ། །གཉིས་པ་ལ་གཉིས་ཏེ། ལྷུན་གྲུབ་འདའ་ཉམས་མེད་པས་བསྲུང་མཚམས་མེད་པའི་དོན་ལ་གནས་ཚུལ། གང་ཤར་རང་སར་གྲོལ་བས་བསྲུང་མཚམས་མེད་པའི་ངང་ལ་གནས་ཚུལ། ཡེངས་མེད་དབང་བསྒྱུར་ཐོབ་པས་བསྲུང་མཚམས་འདས་པའི་ངང་ལ་གནས་ཚུལ་བསྟན་པ་གསུམ་གྱི་གོམས་ཚུལ་དང་། གོམས་པའི་ཕན་ཡོན་བཤད་པའོ། །གསུམ་པ་དོན་བསྡུ་བ་ལ་གཉིས་ཏེ། སྒོ་གསུམ་བྱ་བྲལ་ཆེན་པོར་གློད་པ་དང་། དེ་ཉིད་བསྲུང་མཚམས་འདས་པར་བསྟན་པའོ། །གསུམ་པ་ཕྲིན་ལས་བཙལ་དུ་མེད་པའི་དོན་ལ་ཇི་ལྟར་བསྒོམ་པའི་ལེའུ་དོན་གསུམ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གསུམ་སྟེ། བྱ་བཙལ་མེད་པའི་ཕྲིན་ལས་མདོར་བསྟན། དེའི་རང་བཞིན་རྒྱས་པར་བཤད། ཡེ་ནས་ལྷུན་གྲུབ་ཆེན་པོར་དོན་བསྡུ་བའོ། །གཉིས་པ་ལ་བདུན་ཏེེ། སེམས་ཉིད་རྒྱུ་རྐྱེན་དང་བྲལ་བས་རྩོལ་མེད་ལྷུག་པར་བཞག་པ། དམིགས་མེད་ཤར་གྲོལ་དུ་སྣང་བས་སྒོ་གསུམ་རྩོལ་མེད་དུ་བཞག་པ། བྱུང་ཚོར་སྐྱེ་མེད་དུ་གྲོལ་བས་མ་བཅོས་རྣལ་དུ་བཞག་པ། རང་གྲོལ་ཡེངས་པ་མེད་པས་ཚོགས་དྲུག་ལྷུག་པར་བཞག་པ། ཆོས་ཀུན་ཡེ་ནས་མཉམ་པས་སྒོ་གསུམ་ཇི་བཞིན་དུ་བཞག་པ། ཡུལ་སེམས་སྤྲོ་བསྡུ་མེད་པས་རང་བྱུང་འོད་གསལ་གྱི་ངང་ལ་བཞག་པ། ཇི་བཞིན་བསྒོམ་དུ་མེད་པས་རང་བཞིན་ལྷུག་པར་བཞག་པའོ། །བཞི་པ་དཀྱིལ་འཁོར་བསྐྱེད་དུ་མེད་པའི་དོན་ལ་ཇི་ལྟར་བསྒོམ་པའི་དོན་ལེའུ་དོན་བཞི་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གསུམ་སྟེ། སེམས་ཉིད་རང་བྱུང་གི་ཡེ་ཤེས་ལ་བསྐྱེད་དུ་མེད་པའི་དོན་མདོར་བསྟན། དེའི་རང་བཞིན་རྒྱས་པར་བཤད། རྣལ་བཞག་གཅིག་ཏུ་དོན་བསྡུ་བའོ། །གཉིས་པ་ལ་གསུམ་སྟེ། རྩོལ་བྲལ་རང་སར་གྲོལ་བའི་དཀྱིལ་འཁོར་སྤྱིར་བསྟན། སྣང་སྟོང་སྐུའི། གྲགས་སྟོང་གསུང་གི། རིག་སྟོང་ཐུགས་ཀྱི་དཀྱིལ་འཁོར་གསུམ་བྱེ་བྲག་ཏུ་བཤད། རྣལ་བཞག་གསུམ་གྱིས་སྒོ་གསུམ་གྱི་དཀྱིལ་འཁོར་གསུམ་དུ་མཇུག་བསྡུ་བའོ། །གསུམ་པ་རྣལ་བཞག་གཅིག་ཏུ་དོན་བསྡུ་བ་ལ་གཉིས་ཏེ། སྒོ་གསུམ་ལྷག་པའི་ཆོས་ཉིད་རྒྱལ་བའི་དགོངས་པར་བསྟན་པས་རྣལ་དུ་བཞག་པ་དང་། རྣལ་བཞག་དོན་གྱི་ཡེ་ཤེས་སོ་སོ་རང་གི་ཡེ་ཤེས་སུ་བསྟན་པས་རྣལ་བཞག་གཅིག་ཏུ་གདམས་པའོ། །ལྔ་པ་དབང་ལ་བསྐུར་ཐོབ་མེད་པའི་དོན་ལ་ཇི་ལྟར་བསྒོམ་པའི་ལེའུ་དོན་ལྔ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གསུམ་སྟེ། རིག་པ་ལྷུན་རྫོགས་ཀྱི་དབང་མདོར་བསྟན། དེའི་རང་བཞིན་རྒྱས་པར་བཤད། དབང་བསྒྱུར་རིག་པའི་ཡེ་ཤེས་ཀུན་བྱེད་ཉིད་དུ་དོན་བསྡུ་བའོ། །གཉིས་པ་ལ་གསུམ་སྟེ། གཞི་རིག་པའི་རྩལ་དབང་འཕྲོ་གནས་སྐྱོན་ཡོན་ལས་འདས་པའི་རང་བཞིན་བསྟན་པ། ལམ་རྣལ་བཞག་ཆེན་པོ་དམིགས་བསམ་མཚན་མ་ལས་འདས་པ། འབྲས་བུ་རེ་དོགས་གཉིས་མེད་ཤིན་ཏུ་རྣལ་འབྱོར་ལ་གདམས་པའོ། །དངོས་གཞི་རྩལ་དབང་ལ་གཉིས་ཏེ། ལྷུན་གྲུབ་རིག་པའི་རྩལ་དབང་དང་། དབང་བསྒྱུར་རིག་པའི་རྩལ་དབང་ངོ་། །གསུམ་པ་ཀུན་བྱེད་དུ་དོན་བསྡུ་བ་ལ་ལྔ་སྟེ། ཐ་མལ་རང་གའི་ཤེས་པ་དང་། རྩོལ་སྒྲུབ་རེ་དོགས་ཀྱི་རིག་པས་ཀུན་བྱེད་ཀྱི་དོན་ལ་གོལ་བར་བསྟན། རྣལ་བཞག་རང་བབས་ཀྱི་སེམས་ཉིད་གོལ་ས་བཅད་ནས་ཀུན་བྱེད་ཀྱི་དགོངས་པར་གྲུབ་ཚུལ། དགོངས་པ་དེ་ལ་གནས་པ་འཁོར་འདས་ཀྱི་མཐའ་ལ་གནས་ཚུལ། འཕྲོ་གནས་རང་གྲོལ་ཅོག་བཞག་ཀུན་བྱེད་རྒྱལ་པོའི་དགོངས་པར་བསྟན་པའོ། །དོན་གཉིས་བསྒོམ་མེད་རྣལ་བཞག་ཆེན་པོའི་ལམ་ཇི་ལྟར་བསྒོམ་ཚུལ་ལ་གསུམ་སྟེ། ལམ་ལ་བགྲོད་དུ་མེད་པ། ས་ལ་སྦྱང་དུ་མེད་པ། སྤྱོད་པ་བླང་དོར་མེད་པའི་དགོངས་པ་ལ་ཇི་ལྟར་གནས་པའོ། །དང་པོ་ལམ་ལ་བགྲོད་དུ་མེད་པའི་དགོངས་པ་ལ་གནས་པའི་ལེའུ་དོན་དྲུག་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གསུམ་སྟེ། བགྲོད་མེད་དོན་གྱི་ངོ་བོ་སྤྱིར་བསྟན། དེའི་རང་བཞིན་བྱེ་བྲག་ཏུ་བཤད། གདམས་ཚུལ་ཡོན་ཏན་གྱི་རིམ་པས་དོན་བསྡུ་བའོ། །གཉིས་པ་ལ་བཞི་སྟེ། སྙིང་པོ་དོན་གྱི་སེམས་ཉིད་ཡེངས་པ་མེད་པའི་ངོ་བོར་བསྟན་པ། ཡེངས་མེད་སྤྲོས་དང་བྲལ་བའི་དོན་ལ་མ་སྦྱངས་ན་མཚན་མའི་ལམ་གྱིས་བསླུ་བར་བཤད་པ། མ་ཡེངས་རྣལ་དུ་བཞག་པ་དུས་གསུམ་རྒྱལ་བའི་དགོངས་པར་བརྗོད་པ། དགོངས་པ་དེ་ཉིད་སྤྱོད་པ་དོན་གྱི་ས་ལ་གནས་པའོ། །གསུམ་པ་དོན་བསྡུ་བ་ལ་གཉིས་ཏེ། རྟོགས་དོན་གོམས་པར་བྱེད་པ་ལས་གཞན་པའི་ལམ་མེད་པར་ལུང་བསྟན་པ་དང་། ཐམས་ཅད་བྱང་ཆུབ་ཀྱི་སེམས་སྐྱེ་བ་མེད་པར་བྱས་པས་བགྲོད་མེད་རྩོལ་སྒྲུབ་ལས་འདས་ཏེ་ཀུན་བྱེད་རྒྱལ་པོར་རང་གྲོལ་བའོ། །གཉིས་པ་ས་ལ་སྦྱང་དུ་མེད་པའི་དགོངས་པ་ལ་གནས་པའི་ལེའུ་དོན་བདུན་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གསུམ་སྟེ། སའི་རྣམ་གྲངས་སྤྱིར་བསྟན་པ། རྩོལ་སྒྲུབ་ཅན་འཁོར་བའི་ས། བདེ་ཆེན་གོམས་པའི་ས། སྙིང་པོ་རྟོགས་པའི་ས་གསུམ་གྱི་དབྱེ་བ་རྒྱས་པར་བཤད། གཉིས་མེད་དོན་གྱིས་གཅིག་པར་དོན་བསྡུ་བའོ། །སྙིང་པོ་རྟོགས་པའི་ས་ལ་བདུན་ཏེ། མཉམ་ཉིད་སྐྱེ་བ་མེད་པའི་ས་དང་སྒྲིབ་པ་གཉིས་སུ་མེད་པའི་སྙིང་པོར་བསྟན་པ། དུས་གསུམ་གཉིས་སུ་མེད་པས་དངོས་པོ་མཚན་མ་མེད་པའི་སྙིང་པོར་བསྟན་པ། ཡོད་མེད་སྤྲོས་བརྗོད་ཀྱི་ཡུལ་ལས་འདས་པའི་ཚིག་དང་ཐ་སྙད་མེད་པའི་སྙིང་པོར་བསྟན་པ། སེམས་ཉིད་སྐྱེ་མེད་ཀྱི་རང་བཞིན་རྟོགས་པས་གང་ཤར་དེའི་ངང་དུ་གྲོལ་བའི་སྙིང་པོར་བསྟན་པ། དེ་ཉིད་ཆོས་ཀྱི་སྙིང་པོ་ཡིན་པས་གཞན་ཡང་དེ་ལ་གཟུད་པར་གདམས་པའི་སྙིང་པོར་བསྟན་པ། སྙིང་པོའི་རང་བཞན་གཉིས་སུ་མེད་པས་དེ་ཉིད་མ་ཡེངས་སྙིང་པོར་བསྟན་པ། གནས་ལུགས་སྨྲ་བསམ་བརྗོད་དུ་མེད་པས་རྩོལ་སྒྲུབ་རྒྱུ་འབྲས་འདས་པའི་སྙིང་པོར་བསྟན་པའོ། །གསུམ་པ་མཇུག་དོན་བསྡུ་བ་ལ་གཉིས་ཏེ། གཉིས་སུ་མེད་པས་སྤྲོས་བརྗོད་འདས་པ་དང་། དེ་ཉིད་གཞན་ལ་གདམས་པར་བསྟན་པའོ། །གསུམ་པ་སྤྱོད་པ་བླང་དོར་མེད་པའི་དགོངས་པ་ལ་གནས་པའི་ལེའུ་དོན་བརྒྱད་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གསུམ་སྟེ། རྣལ་བཞག་བླང་དོར་མེད་པའི་སྤྱོད་པ་མདོར་བསྟན། དེའི་རང་བཞིན་རྒྱས་པར་བཤད། མ་བཙལ་ལྷུག་པ་གཉིས་མེད་དུ་དོན་བསྡུ་བའོ། །གཉིས་པ་ལ་གསུམ་སྟེ། བླང་དོར་གཉིས་སུ་མེད་པའི་ངོ་བོ་སྤྱིར་བསྟན། བློའི་ཡུལ་ལས་འདས་པས་བླང་དོར་མེད་པ་དང་། ཐམས་ཅད་སེམས་ཉིད་བཏང་བཞག་མེད་པར་གཅིག་པས་བླང་དོར་མེད་པ་དང་། སེམས་དང་ཆོས་ཉིད་མཁའ་ལྟར་དག་པས་བླང་དོར་མེད་པ་དང་གསུམ་གྱིས་རང་བཞིན་བྱེ་བྲག་ཏུ་བཤད། སྤང་གཉེན་གཉིས་སུ་མེད་པས་སྒོ་གསུམ་རྣལ་བཞག་ཆེན་པོར་དོན་བསྡུས་ཏེ་བསྟན་པའོ། །དོན་གསུམ་པ་ལྷུན་གྲུབ་རང་གནས་ཆེན་པོའི་འབྲས་བུ་རང་ལ་གནས་པའི་དོན་ལ་ཇི་ལྟར་བསྒོམ་པའི་ཚུལ་ལ་གཉིས་ཏེ། ཡེ་ཤེས་སྒྲིབ་པ་མེད་པ་དང་། ལྷུན་གྲུབ་རེ་དོགས་ལས་འདས་པའི་དོན་ལ་ཇི་ལྟར་བསྒོམ་པའོ། །དང་པོ་རང་བྱུང་གི་ཡེ་ཤེས་གདོད་ནས་འོད་གསལ་བས་སྒྲིབ་པ་བསལ་དུ་མེད་པའི་ལེའུ་དོན་དགུ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་གསུམ་སྟེ། སེམས་ཉིད་སྒྲིབ་པ་མེད་པའི་ངོ་བོ་མདོར་བསྟན། རང་བཞིན་རྒྱས་པར་བཤད། ཐུགས་རྗེ་སྒྲིབ་མེད་གཅིག་ཏུ་དོན་བསྡུ་བའོ། །གཉིས་པ་ལ་བདུན་ཏེ། སེམས་ཉིད་གཅིག་ལ་སྒྲིབ་མི་སྒྲིབ་སེམས་དེ་ཉིད་ཀྱིས་བྱེད་པར་འདོད་པ་མི་འཐད་པར་བསྟན། རྣལ་བཞག་རང་བཞིན་འོད་གསལ་གཅིག་ཏུ་བསྟན། ཡེ་ཤེས་རང་བྱུང་གི་ངེས་ཚིག་བསྟན། ཡེ་ཤེས་ནང་གསལ་ཡིན་པས་ཡུལ་ལ་མི་སྤྱོད་པར་བསྟན། ཆོས་ཀུན་རང་བཞིན་ཀུན་བྱེད་དུ་འདུ་བར་བསྟན། དེ་ཉིད་ཀྱི་དོན་ལ་གོམས་པས་བསམ་མི་ཁྱབ་པའི་དགོངས་པ་ལ་གནས་པར་བསྟན། ཆོས་ཀུན་ཡེ་ནས་གཉིས་སུ་མེད་པ་དེའི་ངང་ལ་མ་ཡེངས་རེ་དོགས་ཆད་པའི་ཚུལ་དུ་བསྟན་པའོ། །གསུམ་པ་དོན་བསྡུ་བ་ལ་གཉིས་ཏེ། སྣང་གྲགས་ཀྱིས་བསྡུས་པའི་ཆོས་རྣམས་ཀུན་བྱེད་མཚོན་པའི་ཐབས་སུ་ཡེ་ནས་ཤར་བས་དེའི་དོན་དང་མི་འགལ་བར་གདམས་པ་དང་། འཁོར་འདས་སྤང་བླང་མེད་པར་དོན་བསྡུ་བའོ། །གཉིས་པ་ལྷུན་གྲུབ་རེ་དོགས་ལས་འདས་པའི་ལེའུ་བརྒྱད་བཅུ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དེ་ལ་བཅུ་སྟེ། ཆོས་རྣམས་སེམས་ཀྱི་རང་བཞིན་དུ་བསྟན་པ། སེམས་རང་བཞིན་ལྷུན་གྲུབ་གཞི་རྩ་ལས་འདས་པར་བསྟན་པ། ལྷུན་གྲུབ་རྟོག་དཔྱོད་འཛིན་པ་ལས་འདས་པར་བསྟན་པ། རྟོག་དཔྱོད་འཛིན་པ་ལས་འདས་པ་བློའི་ཡུལ་ན་མེད་པས་ཕྱོགས་འཛིན་ཞེན་པར་འཛིན་པས་ལྷུན་གྲུབ་མི་མཐོང་བར་བསྟན་པ། སྣང་བ་དེར་འཛིན་མ་ཞུགས་པས་གྲོལ་བར་བསྟན་པ། ཆོས་ཀུན་མ་སྐྱེས་རོ་གཅིག་རྟོགས་པས་སྐྱེ་བར་འཛིན་པ་འཁྲུལ་པར་བསྟན་པ། སྐུ་གསུམ་སྟོན་པའི་ལུང་གིས་སྐྱེ་མེད་མི་རྟོགས་པར་བསྟན་པ། གང་སྣང་ཆོས་ཉིད་དུ་གྲོལ་བ་སྐྱེ་མེད་ཀུན་བྱེད་ཀྱིི་དགོངས་པ་བསྟན་པ། ཆོས་ཐམས་ཅད་སྐྱེ་མེད་དུ་རྟོགས་པའི་རྣལ་འབྱོར་པས་རང་བཞིན་བཅུ་ལ་བརྩལ་དུ་མེད་པར་བསྟན་པ། གང་ལའང་གཉིས་འཛིན་མ་ཞུགས་པའི་རིག་པ་ཀུན་བྱེད་ཉིད་དུ་ལྷུན་གྱིས་གྲུབ་པར་བསྟན་པའོ། །དེ་ལྟར་རང་བཞིན་བཅུའི་ལེའུས་སྒོམ་མེད་དོན་གྱི་དགོངས་པ་གོམས་སྟོབས་ཀྱིས་དབང་པོ་ཐ་མ་གྲོལ་བའི་ཚུལ་བཤད་ཟིན་ཏོ། །དེ་ཡང་འདིའི་དབང་པོ་གསུམ་ནི་ཡང་རབ་པའི་གང་ཟག་གསུམ་ཡིན་ཏེ། ཁ་ཅིག་སེམས་ཉིད་ཀྱི་ངོ་བོ་མཐོང་གྲོལ་དུ་འབྱུང་བས་བསམ་བསྒོམ་ལ་མི་ལྟོས། ལ་ལ་མཉམ་པའི་དོན་ལ་བསམ་པའི་གནད་ཀྱིས་གཞིག་གྲོལ་གོམས་པ་ལ་མི་ལྟོས། འགའ་ཞིག་དོན་དེ་ཉིད་ཡང་དང་ཡང་དུ་གོམས་པའི་ཁྱད་པར་གྱིས་གྲོལ་བ་དེའི་བྱེ་བྲག་བསྟན་པ་ཡིན་ནོ། །ཞེས་བཻ་རོ་ཙ་ནས་བཞེད་དོ། །དོན་གཉིས་པ་རྒྱུད་ཀྱི་ཚིག་དོན་འགྲེལ་པའི་རྣམ་གྲངས་བརྗོད་པ་ལ་གཉིས་ཏེ། རྒྱུད་གསུམ་སོ་སོར་བསྟན་པའི་རིམ་པས་བརྗོད་བྱེད་ཚིག་གི་དོན་འགྲེལ་པ་དང་། ཀུན་དོན་སེམས་ཉིད་དུ་བཀོད་པས་བརྗོད་བྱ་དོན་གྱི་ངོ་བོ་འགྲེལ་པའོ། །དང་པོ་རྒྱུད་གསུམ་པོ་སོ་སོའི་ཆིངས་བསྟན་པ་ལེའུ་གྱ་གཅིག་པ་ལ་གཉིས་ཏེ། ཞུ་བའི་སྐབས་དབྱེ་བ་དང་། ཞུས་ཚུལ་རྒྱས་པར་དབྱེ་བ་གཉིས་ཀྱིས། ཀུན་བྱེད་ཀྱི་རང་བཞིན་འཁོར་གྱིས་ཞུས་པ་དང་། སྟོན་པས་དེའི་ལན་གསུངས་པའོ། །དེ་ལ་གསུམ་སྟེ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །གཉིས་པ་ལ་གསུམ་སྟེ། འཁོར་ལ་གདམས་པ། གདམས་ཚུལ་མདོར་བསྟན་པ། དེའི་རང་བཞིན་རྒྱས་པར་བཤད་པའོ། །དེ་ལ་གསུམ་སྟེ། རྩ་བའི་རྒྱུད། ཕྱི་མའི་རྒྱུད། ཕྱི་མའི་ཕྱི་མའི་རྒྱུད་རྒྱས་པར་བཤད་པའོ། །དང་པོ་རྩ་རྒྱུད་ལ་གསུམ་སྟེ། གྲངས་ངེས་པའི་དོན། གོ་རིམ་ངེས་པའི་དོན། དབྱེ་བ་ངེས་པའི་དོན་ནོ། །དེ་ལ་དྲུག་སྟེ། མངོན་དུ་ཕྱུང་བའི་མདོ་ལུང་བཅུ་དགོས་པ་དང་བཅས་པ་དང་། ངེས་པར་བསྟན་པའི་མདོ་ལུང་བཅུ་དགོས་པ་དང་བཅས་པ་དང་། རྒྱུ་འབྲས་ལས་འདས་པའི་མདོ་ལུང་བཅུ་དགོས་པ་དང་བཅས་པ་དང་། བྱར་མེད་རྫོགས་པའི་མདོ་ལུང་བཅུ་དགོས་པ་དང་བཅས་པ་དང་། གཏན་ལ་འབེབས་པའི་མདོ་ལུང་བཅུ་དགོས་པ་དང་བཅས་པ་དང་། ལེའུ་ཐ་མ་གཉིས་ཀྱི་དོན་བཤད་པ་དང་བཅས་པའོ། །གཉིས་པ་ཕྱི་མ་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། །གསུམ་པ་ཕྱི་མའི་ཕྱི་མ་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། རང་བཞིན་བཅུར་ངེས་པའི་དོན་དང་། དེ་ཉིད་སྐྱེ་མེད་དུ་བསྡུས་ཏེ་བསྟན་པ་གཉིས་ཀྱིས་རྒྱས་པར་བཤད། ཐམས་ཅད་ཀུན་བྱེད་ཉིད་དུ་འདུ་བས་གདམས་ཚུལ་བསྟན་པས་དོན་བསྡུ་བའོ། །གསུམ་པ་དོན་བསྡུ་བ་ལ་གཉིས་ཏེ། མདོ་ལུང་རྟོགས་པ་ཀུན་བྱེད་དུ་བསྟན་པ་དང་། དེའི་དོན་གཞན་ལ་སྟོན་ཅིག་པར་གདམས་པའོ། །གཉིས་པ་ཀུན་དོན་སེམས་ཉིད་དུ་བཀོད་པ་བརྗོད་བྱ་དོན་གྱི་ལེའུ་གྱ་གཉིས་པ་ལ་གཉིས་ཏེ། སྟོན་པ་ཉིད་ལ་འཁོར་གྱི་སེམས་དཔའ་རྡོ་རྗེ་ཉིད་གུས་པས་ཀུན་དོན་གཉིས་སུ་མེད་པར་བསྟོད་པ་དང་། དེའི་དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། གང་ལ་གང་གིས་ཇི་ལྟར་བསྟོད་པའི་ཚུལ་མདོར་བསྟན་པ་དང་། བསྟོད་པ་དངོས་རྒྱས་པར་བཤད་པའོ། །དེ་ལ་དགུ་སྟེ། རྒྱལ་བའི་རང་བཞིན་ཐུགས་རྗེ་ཕྱོགས་རིས་མེད་པར་བསྟོད་པ། དུས་གསུམ་སངས་རྒྱས་ཀྱི་བྱེད་པ་པོར་བསྟོད་པ། སྣང་སྲིད་སྣོད་བཅུད་ཀྱི་བྱེད་པ་པོར་བསྟོད་པ། སྐུ་གསུམ་སྟོན་པའི་བྱེད་པ་པོར་བསྟོད་པ། ཕུན་སུམ་ཚོགས་པའི་བྱེད་པ་པོར་བསྟོད་པ། འཁོར་དང་བསྟན་པའི་བྱེད་པ་པོར་བསྟོད་པ། ཤེས་རབ་གསུམ་གྱིས་སྣང་བ་བྱེད་པ་པོར་བསྟོད་པ། ཀུན་འདུས་རིན་པོ་ཆེར་བསྟོད་པ། གཟི་ལྡན་ཉི་མའི་སྙིང་པོ་ལྟར་བསྟོད་པའོ། །གཉིས་པ་དོན་བསྡུ་བ་ལ་བཞི་སྟེ། སེམས་ཉིད་ཀུན་བྱེད་རང་བྱུང་གི་ཡེ་ཤེས་ཇི་བཞིན་མཐའ་དབུས་མེད་པར་དོན་བསྡུ་བ་དང་། ངོ་བོ་སྐྱེ་འགག་དམིགས་སུ་མེད་པར་བསྡུ་བ་དང་། བཟང་ངན་བླང་དོར་ལས་འདས་པར་དོན་བསྡུ་བ་དང་། ཀུན་བྱེད་རྟོགས་པ་རྩོལ་སྒྲུབ་ལས་འདས་པར་དོན་བསྡུ་བའོ། །དོན་གསུམ་པ་རྗེས་གང་ལ་གདམས་པ་མཚན་གྱི་རྣམ་གྲངས་དང་བཅས་པ་ལ་གཉིས་ཏེ། ཀུན་བྱེད་བསྟན་པའི་སྣོད་བསྟན་པ་དང་། ཀུན་བྱེད་ཉིད་ཀྱི་མཚན་གྱི་རྣམ་གྲངས་བསྟན་པའོ། །དང་པོ་སེམས་ཉིད་རྒྱུ་འབྲས་བྱ་བཙལ་ལས་འདས་པའི་ངོ་བོ་གསང་བའི་སྙིང་པོ་རྨད་དུ་བྱུང་བ་འདི་གང་ལ་བསྟན་པའི་ལེའུ་གྱ་གསུམ་པ་ལ་གསུམ་སྟེ། གང་གི་རྗེས་ལ་ཞུ་བའི་དམིགས་དབྱེ་དང་། ཞུ་བ་དངོས་ཀྱི་འཁོར་གྱིས་ཞུས་པ་དང་། སྟོན་པས་ལན་རྒྱ་ཆེར་གསུངས་པའོ། །དེ་ལ་གཉིས་ཏེ། གང་གསུངས་པ་དང་། ཇི་ལྟར་གསུངས་པའོ། །དེ་ལ་གསུམ་སྟེ། མདོ་ལུང་ངོས་བཟུང་བ། དེ་ཉིད་སྦྱིན་མི་སྦྱིན་གྱི་སྣོད་བསྟན་པ། སྣོད་བརྟག་པའོ། །གཉིས་པ་ལ་གཉིས་ཏེ། སྐལ་ལྡན་བྱང་ཆུབ་སྙིང་པོའི་སྣོད་དང་། སྐལ་མེད་བློ་ངན་དམ་ཉམས་ཀྱི་སྣོད་བསྟན་པའོ། །དང་པོ་ལ་བཞི་སྟེ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་གཉིས་དང་ལྡན་པ་ལ་བྱིན་པར་བསྟན་པ། དེས་ཀྱང་བླ་མའི་བཀའ་བཞིན་དམ་བཅའ་ལ་གནས་ན་བྱིན་པ། ཁྱད་པར་འཚོའི་བར་དུ་བཀའ་བཞིན་བསྒྲུབ་པའི་མནའ་སྐྱལ་དུས་མདོ་ལུང་ཡོངས་སུ་རྫོགས་པར་བྱིན་པ། གཏོང་ཕོད་ཆེ་བ་སྣོད་ལྡན་གྱི་ཡོ་བྱད་སློབ་མའི་ཚོགས་གཉིས་རྫོགས་པའི་དོན་དུ་བླང་བར་བསྟན་པའོ། །གཉིས་པ་སྣོད་མིན་ལ་བསྟན་པ་ལ་གཉིས་ཏེ། སྣོད་ཀྱི་སྐྱོན་དང་། དེ་ལ་གསང་བར་གདམས་པའོ། །གསུམ་པ་སྣོད་བརྟག་པ་ལ་བཞི་སྟེ། སྔོན་དུ་བརྟག་པ། སྣོད་ངན་ལ་མི་བྱིན་པ། མ་བརྟགས་པར་བྱིན་པའི་ཉེས་པ་མང་བས་སྐལ་ཆད་ལ་གསང་བ། ལེགས་པར་བརྟགས་ནས་ཡོ་བྱད་བླངས་ཏེ་སྐལ་ལྡན་ལ་ཀུན་བྱེད་བྱང་ཆུབ་སྙིང་པོའི་རྒྱུད་བསྟན་ཞིང་བྱིན་པའོ། །གཉིས་པ་མཚན་གྱི་རྣམ་གྲངས་བསྟན་པའི་ལེའུ་བརྒྱད་ཅུ་རྩ་བཞི་པ་ལ་གཉིས་ཏེ། འཁོར་གྱིས་ཞུས་པ་དང་། སྟོན་པས་ལན་གསུངས་པའོ། །དེ་ལ་གཉིས་ཏེ། གང་གསུངས་པའི་ཚུལ་མདོར་བསྟན་པ་དང་། ཇི་ལྟར་གསུངས་པའི་དོན་རྒྱས་པར་བཤད་པའོ། །དེ་ལ་བཞི་སྟེ། མཚན་དོན་བསྟན་པ་དང་། སྙིང་པོའི་རང་བཞིན་དྲི་མ་མེད་པས་བྱང་ཆུབ་ཀྱི་སེམས་སུ་ཡོངས་སུ་བསྟན་པ། རྒྱུ་རྐྱེན་མེད་པར་ཡེ་ནས་བྱུང་བས་རང་བྱུང་གི་ཡེ་ཤེས་སུ་བསྟན་པ། ཆོས་རྣམས་ཇི་བཞིན་པའི་ངང་དུ་སྟོན་པས་ཆོས་ཀྱི་མེ་ལོང་དུ་བསྟན། ཆེ་བའི་ཡོན་ཏན་བརྗོད་པ། དེའི་དོན་འཛིན་པའི་གང་ཟག་གིས་འགྲུབ་པར་བསྟན་པ། ཀུན་ལས་འཕགས་པའི་ཀུན་བྱེད་ཀུན་གྱི་སྙིང་པོའི་རྒྱུད་སྐལ་མེད་ལ་མི་འཕེལ་ཞིང་སྐལ་ལྡན་ལ་སྣང་བའི་དོན་དུ་སེམས་དཔའ་རྡོ་རྗེ་ལ་གཏད་པའི་ཚུལ་ལོ། །དང་པོ་ལ་བཅུ་སྟེ། ལྷུན་གྱིས་གྲུབ་པས་ཀུན་བྱེད་རྒྱལ་པོར་བསྟན་པ། སྙིང་པོའི་རང་བཞིན་དྲི་མ་མེད་པས་བྱང་ཆུབ་ཀྱི་སེམས་སུ་བསྟན་པ། རྒྱུ་རྐྱེན་མེད་པར་ཡེ་ནས་བྱུང་བས་རང་བྱུང་གི་ཡེ་ཤེས་སུ་བསྟན་པ། ཆོས་རྣམས་ཇི་བཞིན་པའི་ངང་དུ་སྟོན་པས་ཆོས་ཀྱི་མེ་ལོང་དུ་བསྟན་པ། འཁོར་འདས་གཉིས་སུ་མེད་པས་སྙིང་པོ་དོན་གྱི་ཐེག་པར་བསྟན་པ། དུས་གསུམ་རྒྱལ་བའི་དགོངས་པ་གཟུགས་འཛིན་ལས་འདས་པས་ལྟ་བའི་མེ་ལོང་དུ་བསྟན་པ། སྨྲ་བསམ་བརྗོད་དུ་མེད་པས་རྒྱལ་བའི་ཡུམ་དུ་བསྟན་པ། མ་བཙལ་ལྷུན་གྱིས་གྲུབ་པས་རྒྱུད་ཀྱི་རྒྱལ་པོར་བསྟན་པ། རྣལ་བཞག་སྒྲོ་སྐུར་དང་བྲལ་བས་མ་བཅོས་དོན་གྱི་ལུང་དུ་བསྟན་པ། ཐམས་ཅད་བྱང་ཆུབ་སྙིང་པོར་རོ་གཅིག་པས་མདོ་དོན་བསྡུས་པར་བསྟན་པའོ། །གཉིས་པ་ཆེ་བའི་ཡོན་ཏན་བརྗོད་པ་ལ་གཉིས་ཏེ། མུན་པ་སེལ་ཞིང་སྣང་བ་མཆེད་པའི་ཡོན་ཏན། སྡུག་བསྔལ་གཅོད་ཅིང་དེ་ཉིད་གོམས་པའི་ཡོན་ཏན་ནོ། །གསུམ་པ་དེའི་འཛིན་པས་འགྲུབ་པར་བསྟན་པ་ལ་གཉིས་ཏེ། སྐྱེ་མེད་རྟོགས་པའི་རང་བཞིན་བྱ་བཙལ་མེད་པར་གྲོལ་བ་དང་། རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་ཡིད་ཆེས་པར་བཞག་པས་བཅོས་བསྒྱུར་མེད་པའི་ངོ་བོ་ཀུན་བྱེད་ཉིད་མཐོང་བར་བསྟན་པའོ། །བཞི་པ་ཀུན་བྱེད་སྙིང་པོའི་རྒྱུད་སྐལ་མེད་ལ་གསང་ཞིང་སྐལ་ལྡན་ལ་སྣང་བའི་དོན་དུ་སེམས་དཔའ་རྡོ་རྗེ་ལ་གཏད་པ་ལ་གསུམ་སྟེ། སྐུ་གསུམ་སྟོན་པས་དུས་གསུམ་དུ་མ་གསུངས་པའི་དོན་ཀུན་བྱེད་སྟོན་པས་གསུངས་པའི་ཚུལ། སྐལ་མེད་ལ་མི་སྤེལ་ཞིང་སྐལ་ལྡན་ལ་སྣང་བས་མི་ནུབ་པའི་རྒྱལ་མཚན་ཀུན་བྱེད་སྙིང་པོའི་རྒྱུད་ངེས་པར་གཏད་པའི་ཚུལ་ལོ། །སྤྱི་དོན་གསུམ་པ་ཡོངས་སུ་རྫོགས་པའི་དོན་ལ་གཉིས་ཏེ། གང་ཡོངས་སུ་རྫོགས་པའི་རྒྱུད་དང་། གང་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །དང་པོ་ལ་བཞི་སྟེ། མཚན་གྱི་ཁྱད་པར། དོན་གྱི་ངོ་བོ། དབྱིངས་ཀྱི་རང་བཞིན། གྲངས་ཀྱི་དབྱེ་བའོ། །གཉིས་པ་གང་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ལ་གསུམ་སྟེ། པཎྜི་ཏ་གང་གིས་བསྒྱུར་བ། ལོ་ཙཱ་བ་གང་གིས་ཞུས་པ། ཆོས་གང་གཏན་ལ་ཕབ་པའོ། །དེ་ལ་གསུམ་སྟེ། རྒྱ་དཔེ་ལས་བོད་དཔེར་བསྒྱུར་བ་དང་། བོད་དཔེ་ལས་རྒྱ་དཔེར་ཞུས་པ་དང་། སླར་རྒྱ་དཔེ་ལས་བོད་དཔེར་གཏན་ལ་ཕབ་ནས་ཤིན་ཏུ་དག་པར་བྱས་པའོ།། །།དེ་ལྟར་ཀུན་བྱེད་བྱང་ཆུབ་སྙིང་པོའི་རྒྱུད། །མཐའ་དང་དབུས་མེད་ནམ་མཁའ་ལྟ་བུའི་དོན། །དེང་སང་བདག་གིས་ཕྱེ་བའི་བསོད་ནམས་དེས། །འགྲོ་ཀུན་ཀུན་བྱེད་རྒྱལ་པོའི་གནས་ཐོབ་ཤོག །ད་ནི་རྒྱལ་བའི་བསྟན་པའང་ནུབ་ཏུ་ཉེ། །ཟབ་མོའི་ཆོས་ཚུལ་རྒྱ་མཚོ་འགྲིབས་ལ་ལྟོས། །སྙིགས་དུས་སྐྱེ་བོ་ཤིན་ཏུ་འདུལ་དཀའ་བས། །ངེས་དོན་སྙིང་པོའི་དོན་ལ་མོས་པ་ཉུང་། །སྔོན་གྱི་སྐྱེས་བུ་དམ་པའི་བཀའ་དྲིན་གྱིས། །རྒྱུད་རྒྱལ་ཉི་མ་དྲི་མེད་ཤར་ན་ཡང་། །དངངས་ཤིང་སྐྲག་ལ་ལོག་ལྟས་འདོར་བ་མང་། །དངོས་པོ་མཚན་མར་ཞེན་པ་སྙིང་རེ་རྗེ། །བདག་གཞན་གཉིས་སུ་འཛིན་པའི་ཆོས་རྣམས་ཀྱིས། །ནམ་ཡང་སྲིད་ལས་མི་ཐར་སྐྱོ་བ་འཕེལ། །སྙིང་པོའི་སེམས་ཉིད་མངོན་སུམ་ལྟར་ཡོད་ཀྱང་། །སྐལ་མང་དུས་ལ་ལྟོས་པ་སྙིང་རེ་རྗེ། །དེ་འདྲའི་འགྲོ་ལ་ཟབ་མོའི་ཆོས་རྣམས་ཀྱིས། །དེ་ཉིད་རྟོགས་པའི་རང་བཞིན་སྐལ་བ་ཆད། །དེ་དག་མཐོང་ནས་སྙིང་རྗེའི་རླབས་གཡོས་པས། །དེ་དོན་བདག་གིས་ནམ་ཞིག་བྱེད་པར་ཤོག །སྐྱེ་བ་སྔོན་ནས་སྦྱངས་པའི་ལས་འཕྲོ་ཅན། །སྐལ་བཟང་སློབ་མ་དམ་པས་བསྐུལ་བའི་ངོར། །ཀུན་བྱེད་རྒྱུད་དོན་གསལ་བའི་རྣམ་བཤད་འདི། །གངས་རི་ཐོད་དཀར་མགུལ་དུ་ལེགས་པར་བཀོད། །ཀུན་བྱེད་རྒྱལ་པོའི་རྒྱུད་ཀྱི་བསྡུས་དོན་ཉི་ཟླའི་དྲ་བ་ཞེས་བྱ་བ་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་སྦྱར་བ་རྫོགས་སོ།། །།དགེའོ། །དགེའོ། །དགེའོ།། །།

རྫོགས་ཆེན་སེམས་སྡེའི་ཁྲིད་ཡིག་ཉང་ལུགས།

རྫོགས་ཆེན་སེམས་སྡེའི་ཁྲིད་ཡིག་བཞུགས་སོ། །ཉང་ལུགས་སོ། །ན་མོ་གུ་རུ་བྷྱཿ ཁྱབ་བདག་ཐོག་མའི་སྟོན་པ་ཀུན་ཏུ་བཟང་། །གདུལ་བྱའི་དོན་དུ་ཐ་མལ་ཚུལ་བཟུང་ནས། །སྐལ་ལྡན་བྱང་ཆུབ་ལམ་ལ་འགོད་མཛད་པ། །བླ་ཆེན་ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །རང་སེམས་གདོད་ནས་དག་པའི་སངས་རྒྱས་དེ། །བློ་བུར་འཁྲུལ་པའི་དྲི་མས་འཁོར་བར་འཁྱམས། །སྡུག་བསྔལ་འཁོར་བའི་མཚོ་ལས་ཐར་སླད་དུ། །གསང་ཆེན་ཁྲིད་ཀྱི་རིམ་པ་འདིར་བརྗོད་བྱ། །དེ་ལ་འོ་སྐོལ་རྣམས་ཀྱི་སེམས་ཞེས་བྱ་བའི་རིག་རིག་ཏུར་ཏུར་པོ་འདི། ཀུན་ཏུ་བཟང་པོ་དང་དུས་མཉམ་དུ་དང་པོ་ཉིད་དུ་བྱུང་བ་ཡིན་ཀྱང་། ཀུན་ཏུ་བཟང་པོས་རང་དུ་མཁྱེན་པས་གྲོལ། རང་རེ་སེམས་ཅན་རྣམས་ཀྱིས་ངོ་མ་ཤེས་པར་འཁོར་བ་མཐའ་མེད་དུ་འཁྱམས། རིགས་དྲུག་གི་ལུས་གྲངས་ལས་འདས་པ་བླངས། བྱས་པ་ཐམས་ཅད་དོན་མེད་དུ་སོང་། ད་རེས་མི་ལུས་བརྒྱ་ལ་ལན་གཅིག་ཐོབ་པའི་དུས་འདིར་འཁོར་བ་ངན་སོང་དུ་མི་སྐྱེ་བའི་ཐབས་ཤིག་མ་འགྲུབ་ན། ཤི་ནས་གར་སྐྱེ་ངེས་པ་མེད་ཅིང་། འགྲོ་བ་རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག་བསྔལ་ལས་མ་འདས་ཏེ། དམྱལ་བ་ལ་ཚ་གྲང་གི་སྡུག་བསྔལ། ཡི་དྭགས་ལ་བཀྲེས་སྐོམ་གྱི་སྡུག་བསྔལ། དུད་འགྲོ་ལ་བཀོལ་སྤྱོད་དང་གླེན་ཞིང་རྨོངས་པའི་སྡུག་བསྔལ། མི་ལ་སྐྱེ་རྒ་ན་འཆི་དང་ཡོད་པོ་འཚོ་སྐྱོང་། མེད་པོ་བྲེལ་ཕོངས། དགྲ་སྡང་བ་དང་འཕྲད་ཀྱི་དོགས་པ། གཉེན་བྱམས་པ་དང་བྲལ་གྱི་དོགས་པ་ལ་སོགས་པའི་སྡུག་བསྔལ་བསམ་ལས་འདས་ཤིང་། ལྷ་མ་ཡིན་ལའང་འཐབ་རྩོད་ཀྱི་སྡུག་བསྔལ། ལྷ་ལ་འཕོ་ལྟུང་གི་སྡུག་བསྔལ་ཏེ་རྒྱས་པར་བླ་མས་ཞིབ་ཏུ་འཆད། མདོ་ལས་ཀྱང་། འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་རོ། །མི་ལུས་འདི་ཡང་ཐོབ་པས་མི་ཆོག་སྟེ། ནམ་འཆི་ཆ་མེད་པས། ད་ལྟ་ཉིད་དུ་ཆོས་གཤའ་མ་གཅིག་བྱེད་དགོས་ལ། དེ་ཡང་། འཆི་ཁར་མི་འགྱོད་པ་རང་གིས་རང་ལ་མི་ཁྲེལ་བ་རྗེ་བཙུན་མི་ལ་ལྟ་བུ་གཅིག་དགོས་ཏེ། ང་མི་ལ་རས་པའི་ཆོས་ལུགས་ལ། །རང་གིས་རང་ལ་མ་ཁྲེལ་བ། །ཞེས་པ་དང་། རྒྱལ་བ་ཡང་དགོན་པས། མི་སྙིང་ཅན་ཀུན་རང་ལ་ཕྱི་ཐག་སྲིངས། །རང་མི་བསླུ་ན་སྙིང་ནས་ཆོས་གཅིག་གྱིས། །ཞེས་གསུངས་པས། ནམ་འཆི་ཆ་མེད་དྲན་པས་དགྲ་འདུལ་གཉེན་སྐྱོང་ལ་སོགས་པ་འཇིག་རྟེན་གྱི་བྱ་བ་ལ་ཞེན་པ་ལོག་པ། ལྟོ་གོས་གཏམ་གསུམ་འཇིག་རྟེན་ཆོས་བརྒྱད་སོགས་ལ་མ་ཆགས་པ་རྩེ་གཅིག་ཏུ་ཆོས་ལ་བློ་སྒྲིལ་བ་གཅིག་དགོས་ཏེ། འཆི་བ་སྙིང་ཟུག་གི་དབེན་གནས་སུ། །ཞེན་པ་གཏིང་ལོག་གི་སྒྲུབ་པ་པོ། །ཚེ་འདི་བློས་བཏང་གི་སྐུ་མཚམས་བཅད། །སེམས་ཆོས་བརྒྱད་ཀྱི་མི་དང་མཇལ་འཕྲད་མེད། །ཅེས་རྒྱལ་བ་ཡང་དགོན་པ་ལྟ་བུ་ཞིག་བྱེད་དགོས། དེ་བྱེད་པ་ལ་ཁྲིད་སྒོམ་བྱེད་དགོས། ཁྲིད་དེ་ཡང་ཚིག་ཤེས་པའི་ཚིག་ཁྲིད། དོན་ཤེས་པ་དོན་ཁྲིད། ཉམས་མྱོང་སྐྱེས་པ་ཡོན་ཏན་གྱི་ཁྲིད། མཐར་ཕྱིན་པ་འབྲས་བུའི་ཁྲིད་དང་བཞི་ཡིན་ལ། མཐར་ཕྱིན་པ་འབྲས་བུ་ནི་སངས་རྒྱས་ཡིན་པས། དེ་མ་ཐོབ་ཀྱི་བར་དུ་བསྒོམ་དགོས། དེ་སྒོམ་པར་བྱེད་པ་ལ་དོན་གསུམ་སྟེ། གཞི་སེམས་བསྐྱེད་ཀྱིས་བཟུང་ནས་སྐྱབས་འགྲོ་ལ་འབད་དགོས་ཏེ། སྐྱབས་ཡུལ་མདུན་གྱི་ནམ་མཁར་དམིགས་ནས། རང་དང་སེམས་ཅན་ཐམས་ཅད་ཀྱིས་སྐྱབས་འགྲོ་བྱེད་པར་བསམ་ནས་སྐྱབས་འགྲོ་སྟོང་དང་ཁྲི་ལ་སོགས་པ་བྱས། མཐར་དབང་བཞི་བླངས་ཏེ་དེ་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ། དེའི་ངང་ལ་རྣམ་རྟོག་གང་ཤར་དེ་སྤང་ཡང་མ་སྤང་། རྗེས་སུ་ཡང་མི་འཕྲོ། ཁོ་རང་གི་ཐོག་ཏུ་ཀློད་ལ་བཞག་པས་ཡལ་འགྲོ་ཞིང་། ཡང་། རྣམ་རྟོག་གཅིག་སྐྱེ། དེ་ལ་ཡང་གོང་ལྟར་བྱ། མདོར་ན་རྣམ་རྟོག་གང་སྐྱེས་ཀྱང་དེ་ཁའི་ཐོག་ཏུ་བཞག །གཞན་ནས་གཞུག་རྒྱུ་རང་མེད། དེ་རང་ངོ་ཤེས་ཙམ་གྱི་ངང་ལ་ཀློད་དེ་འཇོག་གོ། །སྐྱབས་འགྲོ་དང་ཀློད་ནས་འཇོག་པ་འདི་གཉིས་རེས་མོས་སུ་བྱས་ལ་ཞག་གསུམ་མམ་ལྔའམ། བདུན་ལ་སོགས་པ་གནད་དང་བསྟུན་པར་བྱའོ། །དེ་ནས་སྡིག་སྒྲིབ་འདག་པར་བྱེད་པ་ཡི་གེ་བརྒྱ་པའི་བཟླས་སྒོམ་གྱི་ཁྲིད་ནི། རྡོ་རྗེ་སེམས་དཔའ་སྤྱི་བོར་བསྒོམ་པའི་ཞབས་ཀྱི་མཐེ་བོང་ནས་བབ་པའི་བདུད་རྩིས་རང་གི་སྡིག་སྒྲིབ་ཐམས་ཅད་དེད་ནས་ས་རིམ་པ་དགུའི་འོག་ཏུ་སོང་། ལུས་བདུད་རྩི་དཀར་པོས་གང་། ཡི་གེ་བརྒྱ་པ་བརྒྱ་རྩ་སོགས་སོང་ནས། རྡོ་རྗེ་སེམས་དཔའ་ལ་དབང་བཞི་བླངས་ཏེ། འོད་དུ་ཞུ་རང་ལ་བསྟིམས་ནས། གོང་ལྟར་ངལ་གསོ་ཞིང་རྣམ་རྟོག་ལ་བལྟ་ལུགས་དང་ཞག་གྲངས་གོང་དང་འདྲ། གསུམ་པ་ཚོགས་བསགས་མཎྜལ་གྱི་ཁྲིད་ནི། མདུན་གྱི་ནམ་མཁར་བླ་མ་ཡི་དམ་དཀོན་མཆོག་རྣམས་སྐྱབས་འགྲོའི་སྐབས་ལྟར་གསལ་བཏབ་ལ་མཎྜལ་ཚོམ་བུ་སོ་བདུན་མ་དང་། ས་གཞི་སྤོས་བྱུགས་སོགས་དང་། སྨན་གྱི་མཎྜལ། འབྲུའི་མཎྜལ། རིན་པོ་ཆེའི་མཎྜལ་ལ་སོགས་པ་ཕྱི་ཀུན་རྫོབ་རྫས་ཀྱི་མཎྜལ། ནང་དོན་དམ་རྡོ་རྗེ་ལུས་ཀྱི་མཎྜལ། གསང་བ་ཟུང་འཇུག་སེམས་ཀྱི་མཎྜལ། ཡང་གསང་སྐུ་གསུམ་གྱི་མཎྜལ་ལ་སོགས་པ་གང་ཤེས་ཁམས་ཀྱིས་ལྕོགས་ཚད་ཕུལ་ལ། ཐུན་མཚམས་སུ་དབང་བཞི་བླངས་ནས་ངལ་གསོ་ཞིང་རྣམ་རྟོག་ལ་བལྟ་བ་གོང་ལྟར་བྱ། ཞག་གྲངས་ཀྱང་འདྲའོ། །བཞི་པ་བྱིིན་རླབས་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་ནི། རང་ཡི་དམ་གང་ཡིན་གྱི་སྤྱི་བོར་སེང་ཁྲི་དང་པད་ཟླའི་སྟེང་དུ། ངོ་བོ་ཆོས་འདི་སྟོན་པའི་བླ་མ་ཡིིན་པ་ལ་རྣམ་པ་ཨོ་རྒྱན་ཡབ་ཡུམ་མམ། ཀུན་ཏུ་བཟང་པོ་ལ་སོགས་པ་རང་གང་མོས་ཤིག་བསྒོམས་ལ་དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། རང་གི་སྔར་འདས་པའི་བླ་མ་ཐམས་ཅད་དང་། ད་ལྟ་ཆོས་འབྲེལ་ཞུས་ཤིང་མོས་གུས་ཚུགས་པ་རྣམས་དང་། མ་འོངས་པ་ན་རང་ཉིད་སངས་མ་རྒྱས་ཀྱི་བར་དུ་འབྱོན་རྒྱུའི་བླ་མ་ཐམས་ཅད་སྤྱན་དྲངས་ནས། དེ་ལ་བསྟིམས་པས་བླ་མ་ཀུན་འདུས་ཀྱི་ངོ་བོར་བསམ། ཡང་འོད་ཟེར་འཕྲོས། ཡི་དམ་དཀྱིལ་འཁོར་ལྷ་ཚོགས་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ནས། དེ་ལ་བསྟིམས་པས་ཡི་དམ་ཀུན་འདུས་ཀྱི་ངོ་བོ་བསམ། ཡང་འོད་ཟེར་འཕྲོས་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་སྤྱན་དྲངས། དེ་ལ་བསྟིམས་པས་བླ་མ་ཀུན་འདུས་ཡིད་བཞིན་ནོར་བུ་རིན་པོ་ཆེར་བསམ་ནས་མོས་གུས་མཆི་མ་འཁྲུགས་པ་མ་བྱུང་བར་དུ་བྱས་ལ་བླ་མ་དེ་རང་གི་སྐུ་བསྟོད་དམ། མེད་ན་བླ་མ་སྐུ་གསུམ་མ་ལྟ་བུའི་ཤམ་བུར། ཀ་དག་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །གང་ཤར་རང་ངོ་ཤེས་པར་བྱིན་གྱིས་རློབས། །འཁྲུལ་སྣང་རང་སར་གྲོལ་བར་བྱིན་གྱིས་རློབས། །རྒྱུན་གྱི་ཏིང་ངེ་འཛིན་སྐྱེ་བར་བྱིན་གྱིས་རློབས། །ཚེ་འདིར་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས། །ཞེས་མ་ཡེངས་པའི་ངང་ནས་བརྒྱ་རྩ་བརྒྱད་ཀྱི་བར་དུ་གསོལ་བ་བཏབ། མཐར་བླ་མ་ལས་དབང་བཞི་བླང་། བླ་མ་འོད་དུ་ཞུ་ནས་བསྟིམས་ཏེ་གོང་ལྟར་མཉམ་པར་བཞག །མཐར་དགེ་བ་བསྔོའོ། །བླ་མའི་རྣལ་འབྱོར་འདི་ནི་སྔོན་འགྲོའི་དུས་སུ་ཞག་གྲངས་གོང་ལྟར་བྱ། དངོས་གཞི་ནས་ཐུན་གྱི་མགོ་དང་ཁྲིད་ཐོན་ནས་ཀྱང་དུས་རྣམ་ཀུན་ཏུ་མ་ཆགས་པ་གྲངས་སུ་བཅད་ནས་བྱེད་པ་གལ་ཆེ་སྟེ། སྒོམ་རྒྱུད་ལ་མ་སྐྱེས་པའི་མི་དེས་ཀྱང་། བླ་མའི་རྣལ་འབྱོར་ཞག་རེ་ལ་ཚར་ལྔ་མ་ཆགས་པར་བྱས་ན། འཕོ་བ་འདེབས་མི་དགོས་ཏེ་རང་ཤུགས་ལ་ཐེབས་ཡོང་། ཞེས་རྒྱལ་བ་རྒོད་ཚང་པས་གསུངས། བླ་མའི་རྣལ་འབྱོར་མོས་གུས་དང་འབྲེལ་བར་མ་བྱས་ན་སྒོམ་སྐྱེ་བ་བུལ། ཅུང་ཟད་སྐྱེས་ཀྱང་གེགས་ལྡང་། རྟོགས་པ་རྒྱུད་ལ་སྐྱེ་མི་བཏུབ་པས་བཅོས་མིན་གྱི་མོས་གུས་བྱུང་ན་རབ། མེད་ན་ངའི་བླ་མ་འདི་སངས་རྒྱས་དངོས་ཡིན་སྙམ་དུ་ཞེ་ཐག་པ་ནས་བསམ་ལ་ངག་ཏུ་ཡང་བརྗོད། ལུས་གྲིམས་ཀྱིས་བསྒྲིམ། ཐལ་མོ་སྦྱར་ལ། གདུང་ཤུགས་དྲག་པོས་གསོལ་བ་བཏབ་པས། ཇི་ཞིག་ནས་བཅོས་མིན་གྱི་དད་པ་རང་ཤུགས་ལ་སྐྱེའོ། །དེའང་མོས་གུས་རབ་ལ་བྱིན་རླབས་རབ། མོས་གུས་འབྲིང་ལ་བྱིན་རླབས་འབྲིང་། མོས་གུས་ཐ་མ་ལ་བྱིན་རླབས་ཐ་མ། མོས་གུས་གཏན་ནས་མེད་ན་བྱིན་རླབས་ཀྱང་མི་འབྱུང་བས་མོས་གུས་ཁོ་ན་གལ་ཆེ་སྟེ། ཕ་དམ་པ་བྱིན་རླབས་ཤིག་ཞུ་དང་ཞུས་པས། བུ་ལྷོད་པོ་མོས་གུས་གཅིག་ཞུ་དང་གསུངས་སྐད། དེ་ལྟར་གནས་སྐབས་ཐམས་ཅད་དུ་བྱས་པའི་ཡོན་ཏན་གྱིས་རྟོགས་པ་ཁྱད་པར་ཅན་ཚིག་གིས་བརྗོད་དུ་མི་ནུས་པ་རང་གི་ནང་ནས་སྐྱེ་སྟེ། བླ་མ་ཞང་རིན་པོ་ཆེས། གནས་པ་བསྐྱང་བ། ཉམས་མྱོང་བསྐྱང་བ། ཏིང་ངེ་འཛིན་བསྐྱང་བ་ལ་སོགས་པ་མང་བར་གདའ་སྟེ། མོས་གུས་ཀྱི་སྟོབས་ལས་བླ་མའི་བྱིན་རླབས་ཀྱིས་ནང་ནས་སྐྱེ་བ་འདི་དཀོན་པར་གདའ། ཞེས་དང་། ཨོ་རྒྱན་རིན་པོ་ཆེས། སྤྱི་བོའི་རྒྱན་དུ་ང་ཉིད་རྒྱུན་དུ་བསྒོམ། །བསླུས་ན་པད་འབྱུང་ཞན་ནོ་རྗེ་འབངས་རྣམས། །ཞེས་གསུངས་པས་རང་གིས་སྒོམ་ནུས་ན་བླ་མས་མི་བསླུ་ངེས་ཏེ། རྒན་མོའི་མོས་གུས་ཀྱིས་ཁྱི་སོ་ལས་འོད་བྱུང་བ་བཞིན་ནོ། །དེ་ལྟར་སྔོན་འགྲོ་ནན་ཏན་གལ་ཆེ་སྟེ། རྫོགས་པ་ཆེན་པོའི་དོན་རྒྱུད་ལ་སྐྱེ་བ་སྔོན་འགྲོ་ལ་རག་ལས་པ་ཡིན་ནོ། །རྗེ་འབྲི་གུང་པས་ཆོས་གཞན་དངོས་གཞི་ཟབ་པར་བྱེད་དེ། ངེད་འདིར་སྔོན་འགྲོ་ཟབ་པར་བྱེད། ཅེས་གསུངས་པའི་དགོངས་པ་ཡང་དེ་ལྟར་ཡིན་པར་གདའོ། །རང་རྒྱུད་ལ་ནང་ནས་མ་སྐྱེས་ན། བླ་མས་བསྟན་པའི་ཆོས་རྣམས་ཚིག་གི་ལྟ་སྒོམ་ཡིན་པས་དོན་སྤྱི་ཙམ་ལས་མ་འདས། ནང་ནས་རང་རྒྱུད་ལ་སྐྱེ་བ་ནི། སྒོམ་ཐོག་ནས་ལྟ་བ་འཚོལ་བ་ཞེས་བྱ་སྟེ། རྫོགས་པ་ཆེན་པོའི་ཁྱད་ཆོས་ཡིན། གསང་སྔགས་ཀྱི་ལྟ་བ་བདེ་སྟོང་ཡིན་ཞེས་ཇོ་བོ་རྗེས་གསུངས་པ་དེ་ཡང་འདི་ཡིན། ཕྱག་ཆེན་མན་ཆད་ལྟ་ཐོག་ནས་སྒོམ་འཚོལ་བ་ཡིན། དེ་བས་ན་བླ་མའི་རྣལ་འབྱོར་ལ་བརྩོན་པ་ཤིན་ཏུ་གལ་ཆེ། སྤྱིར་དེང་སང་སྙིགས་མ་ལྔ་བདོའི་དུས་འདིར། གང་ཟག་བཅུ་ཚུན་ཆད་ལ་ཆོས་སྟོན་ཅིང་། དོན་བྱེད་པའི་བླ་མ་དེ་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་ཡིན། ཞེས་ཨོ་རྒྱན་ཆེན་པོས་གསུང་གུ་རུ་རྣོན་རྩེའི་གཏེར་ལུང་དུ་འདུག་གོ། །སྒོམ་གྱི་སྐལ་བ་མེད་པ་གཅིག་གིས་ཀྱང་། མོས་གུས་ཀྱིས་གསོལ་བ་འདེབས་ནུས་ན། སྐྱེ་བ་དང་ཚེ་རབས་སུ་ངན་སོང་གསུམ་དུ་མི་འཁྱམས་ཏེ། ཇི་སྐད་དུ། གདམས་པ་རྒྱ་མཚོ་ཁོང་དུ་མ་ཆུད་ཀྱང་། །སྤྱི་བོར་བླ་མ་བསྒོམ་ཞིང་དད་པ་ཡིས། །མིག་ནས་མཆི་མ་འཁྲུགས་ཤིང་གསོལ་འདེབས་པ། །ངན་འགྲོའི་སྐྱེ་སྒོ་གཅོད་པའི་སྒོམ་ཆེན་ཡིན། །ཞེས་ས་སྐྱ་པཎ་ཆེན་གསུངས། བླ་མ་ནི་མི་རང་དུ་འདུག །མི་ཡིས་མི་ལ་གསོལ་བ་བཏབ་པས་བྱིན་རླབས་ཨི་ཡོང་ངམ་སྙམ་པ་མི་འཚལ་ཏེ། སྔགས་གསར་མའི་གཞུང་ལས་ཀྱང་། བླ་མ་ལས་ནི་ཡོན་ཏན་དང་། །མཐོ་རིས་བདེ་བ་ཐམས་ཅད་ཐོབ། །བླ་མས་དམན་པའི་སྐྱེ་བོ་ལས། །དངོས་གྲུབ་མཆོག་ནི་འབྱུང་བ་མིན། །ཞེས་པས། བླ་མ་མི་ཐ་མལ་པར་འདུག་ཀྱང་། གསོལ་བ་བཏབ་ན་མཆོག་གི་དངོས་གྲུབ་སངས་རྒྱས་མྱུར་དུ་ཐོབ་པར་གསུངས་ལ། ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཞེས་གསང་སྔགས་བླ་མེད་ལས་གཞན་དུ་མ་གྲགས་སོ། །ད་ནི་དངོས་གཞི་ལ་གང་ཟག་གི་རིགས་བརྟགས་དགོས་ཏེ། དབང་པོ་རབ་འབྲིང་ཐ་གསུམ་ལས། རབ་ཀྱི་རབ། རབ་ཀྱི་འབྲིང་། རབ་ཀྱི་ཐ་མ། དེ་བཞིན་དུ་འབྲིང་ལ་གསུམ། ཐ་མ་ལ་ཡང་གསུམ་སྟེ་དགུའོ། །དེ་དག་ལ་ཡང་གཅིག་ཅར་བ་ནི། སྒོམ་བསྟན་པ་ཙམ་གྱིས་རྟོགས་གྲོལ་དུས་མཉམ་པ་ཡིན་ཏེ། རྒྱ་གར་དུ་ས་ར་ཧ་དང་། བོད་དུ་གླིང་རས་ལས་མ་བྱུང་ཞེས་གྲགས། ཞིག་པོ་བདུད་རྩིས། ཤང་སྟོད་བྱ་རུ་གསུམ་མདོ་ནས། ཀླུང་ཤོད་འབྲི་གུང་ཡན་ཆད་དུ་གཟིགས་ཀྱང་མ་རྙེད། ཡོད་ནི་ལོས་ཡོད་ཞེས་གསུངས། དེ་འདྲའི་རིགས་ལ་སྒོམ་བཏབ་མ་ཐག་རྒྱུད་ལ་སྐྱེ། གེགས་སེལ་བོགས་འདོན་ཀྱང་མི་དགོས་པ་ཡིན་པར་གདའ། ཐོད་རྒལ་བ་ནི་རེས་སྒོམ་རང་ཤུགས་ལ་ཡོང་། རེས་མི་ཡོང་། ཡ་འུད་ཅན་ཡིན་པས་འདི་ལས་རིམ་སྐྱེས་པ་དགའ་ཞེས་རྒྱལ་བ་ཡང་དགོན་པས་གསུངས། འོན་ཀྱང་བར་དུ་འདི་ས་ཆོད་ཆེ་བར་བཤད། རིམ་སྐྱེས་པ་ནི་ནས་ཀྱི་མྱུ་གུ་ལྟར་རིམ་པར་སྐྱེ་བ་ཡིན། དེ་གསུམ་དང་གང་ཟག་རིགས་དགུ་ཡང་ཡིན་པར་ངོ་ཤེས་ན་སོ་སོའི་རིགས་དང་གོ་ལུགས་བསྟན་ནས་བཤད། འོན་ཏེ་ངོ་ཤེས་པར་དཀའ་བས་སྔོན་འགྲོའི་སྐབས་ཀྱི་མཉམ་བཞག་གི་སེམས་ཀྱི་གནས་ཆ་ཆེ་ན་ཞི་གནས་ཡིན་པས་དེ་ཐོག་ཏུ་ལྷག་མཐོང་བསྟན། གནས་ཆ་ཆུང་ཞིང་འཕྲོ་རྒོད་ཆེ་ན། དེ་ཡང་སྒོམ་སྐྱེས་པ་ཡིན་ཏེ། འཕྲོ་རྒོད་མང་པོ་དེ་དེ་སྔ་ནས་ཡོད་ཀྱང་། མཉམ་པར་མ་བཞག་པས་མ་ཚོར་བ་ཡིན། ད་མཉམ་པར་བཞག་པས་ཚོར་བ་ཡིན། ཉམས་དང་པོ་རི་གཟར་གྱི་ཆུ་བྱ་བ་དེ་ཡིན། ད་གནས་པའི་དུས་དང་འགྱུར་བའི་དུས་གཉིས་ཀྱི་སེམས་ཀྱི་ངོ་བོ་གཅིག་ལས་འདུག་གམ་མི་འདུག་ལྟོས་དང་བྱས་ལ་ཞག་གསུམ་ལ་སོགས་པ་བལྟ་རུ་བཅུག །དེ་གཉིས་མི་གཅིག་པར་འདུག་ཟེར་ན། ཡང་བསྐྱར་ལ་ཞིབ་ཏུ་བལྟར་བཅུག །གཅིག་པར་འདུག་ཟེར་ན་བྱུང་གནས་འགྲོ་གསུམ་རྩད་གཅོད་དུ་བཅུག་ནས་ངོ་སྤྲད་དེ་རྒྱུན་བསྐྱང་བར་བྱའོ། །གལ་ཏེ་དེ་ལྟར་མ་བྱུང་བའམ་གང་ཟག་བློ་རིག་གང་ཡིན་ཡང་རུང་སྟེ། སོ་སོའི་བློ་ཚོད་དང་བསྟུན་ནས་བླ་མ་ཉམས་མྱོང་ཅན་གྱིས་ཁྲིད་ཤེས་པར་བྱ་བ་ནི་ཀུན་ཏུ་གཅེས་སོ། །ད་ནི་དབང་པོ་རབ་ལ་ཁྲིད་ཚུལ་མདོ་ཙམ་སྨོས་ན་ཁྱོད་རང་སྔོན་འགྲོའི་མཉམ་བཞག་ལྟར་དུ་རྣམ་རྟོག་གང་ཤར་དེ་ལ་རྩེ་གཅིག་ཏུ་མ་ཡེངས་པ་རང་གྱིས་ལ་སྒོམས། གལ་ཏེ་ཡེངས་འགྲོ་ཡི་འདུག་ན་རྣམ་རྟོག་ཐོལ་ཏེ་སྐྱེས་པ་དང་རྦད་དེ་ཆོད་ལ་མ་ཡེངས་པར་གྱིས་ལ་རྣམ་རྟོག་གང་ཡང་སྐྱེ་རུ་མ་བཅུག་པར་རིག་པ་སྒྲིམས། སེམས་ཀྱི་མཁར་སྒོ་འདིར་གཉེན་པོའི་མདུང་ཐུང་གཅིག་བཟུང་ནས་ཁོ་སྒྲིམ་ན་ང་སྒྲིམ། ཁོ་ལྷོད་ན་ང་ལྷོད་བྱ་བ་དེ་ཡིན། འོན་ཀྱང་སྔར་རྣམ་རྟོག་མང་དྲགས་པའི་སྐྱོན་བྱུང་འདུག་པས། རྣམ་རྟོག་དགག་གང་ཐུབ་གྱིས། འགྱུ་བའི་འགྲོ་འོང་རྦད་ཀྱིས་ཆོད། གླང་ཆེན་ལོབ་ནས་སེམས་ཚགས་ཚུད་པ་ལྟར། །འགྲོ་འོང་བཅས་ན་ངང་གིས་དལ་བ་སྟེ། །འདི་ལྟར་རྟོགས་སུ་ང་ལ་ཆོས་ཅི་དགོས། །ཞེས་པ་དང་། ཐ་མལ་རྣམ་རྟོག་མ་རྟོགས་པ། །དེ་ལྟར་འདི་ནི་མངོན་དགག་སྟེ། །ཞེས་གསུངས་པས་རྣམ་རྟོག་དགག་གང་ཐུབ་ཀྱིས། རྣམ་རྟོག་དགག་མ་ཐུབ་ན་སྒོམ་མི་ཡོང་བ་འདུག་གོ་བྱས་ལ་སྡིག་རི་བསྐུར། ཞག་གསུམ་ལ་སོགས་པ་ཤ་ཐང་ཆད་ཆད་ནན་ཏན་བྱེད་དུ་བཅུག་པས་རྣམ་རྟོག་དགག་མ་ཐུབ་པ་དང་། ད་འོ་ན་རྣམ་རྟོག་གང་སྐྱེས་དེ་འཕྲོ་བས་མི་ཆོག་འཕྲོ་བ་དེ་མུ་ལ་མུ་མཐུད་ཀྱིས་འཕྲོ་བ་རྒྱ་ཆེ་རུ་རང་ཆུག་ལ། འཕྲོ་གང་ཐུབ་མ་གཏོགས་རྣམ་རྟོག་མེད་པ་སྐད་ཅིག་ཙམ་ཡང་མ་བྱེད་པར་འཕྲོ་རུ་རང་ཆུག །སེམས་ལ་དལ་བ་སྐད་ཅིག་ཀྱང་མ་སྡོད་པར་བློས་འཆོས་ཀྱིན་འཕྲོ་རུ་ཆུག་བྱས་ལ་སྔར་ལྟར་ཞག་གསུམ་བྱ། དེས་འཕྲོ་བ་འཕྲོ་རུ་མ་བཏུབ་པར་གང་ཤར་དུ་རྟོག་མེད་དུ་གནས་པ་གཅིག་འོངས་ཀྱང་། འདི་ཡིན་ངོས་བཟུང་རྒྱུ་མེད་པ་གཅིག་འོང་། ད་དེ་གཉིས་གཅིག་གམ་མི་གཅིག་བསྒྲིམ་སྟེ་ལྟོས་ལ་ཤོག་བྱས་ལ། གཅིག་མི་གཅིག་གང་དུ་ཡང་འཛིན་ངོ་མ་ཤེས་པའི་ཧད་ཧད་པོ་ཏི་ཆལ་བ་ཞིག་ལྷག་འོང་། དེ་ལྟར་བྱུང་བ་དང་དེ་ནས་སེམས་འཚོལ་བྱ་སྟེ། འདས་རྗེས་ལས། དང་པོ་སེམས་ཀྱི་བྱུང་ས་བཙལ། །ཞེས་སོགས་གསུངས་པས། ཁྱོད་རང་གི་སེམས་འདི་དང་པོ་ཀུན་ཏུ་བཟང་པོ་དང་དུས་མཉམ་པ་ནས་བཟུང་ད་ལྟ་ཕན་ཆད་དུ་འཁོར་བ་ནས་འཁོར་བར་འཁྱམས། སྡུག་བསྔལ་སྣ་ཚོགས་མྱོང་མཁན་མི་བྱེད་དགུ་བྱེད་མི་དྲན་དགུ་དྲན་འདི་ལ་དང་པོ་བྱུང་ས་གཅིག་ཡོད་ངེས་པས་ག་འདྲ་ཞིག་ནས་བྱུང་ཚོལ་ཅིག །ཀུན་ཏུ་བཟང་པོ་དང་མཉམ་དུ་བྱུང་ན། །བྱུང་བའི་བྱུང་ལུགས་ག་འདྲ་ཞིག་འདུག །ཡང་དེའི་སྔོན་དུ་ཨེ་བྱུང་ཡང་ཚོལ་ཕྱི་ནས་བྱུང་ངམ་ནང་ནས་བྱུང་། སྟེང་འོག་བར་གསུམ་ཕྱོགས་བཞི་མཚམས་བཞི་གང་ནས་བྱུང་ཚོལ་ལ་ཤོག་བྱས་ལ་ནན་ཏན་བྱེད་དུ་འཇུག །དེ་ལྟར་ཚོལ་དུ་ཕྱིན་པ་དང་། འདི་ཡིན་གང་དུ་ཡང་བརྗོད་མི་ཤེས་པའི་ཧོན་ནེ་བ་གཅིག་འདུག་ཟེར་ན་དེས་ཆོག །གཞན་ཟེར་ན་ཕུག་མ་ཆོད་པས་ཡང་ཡང་བསྐྱར་ནས་དོན་ལ་ཕེབས་པ་དང་། ད་སེམས་འདི་ག་ན་གནས། ལུས་ཀྱི་ནང་ན་གནས་སམ་ཕྱི་དང་བར་ག་ན་གནས་འདུག །དེ་བཞིན་སྟེང་འོག་ཕྱོགས་མཚམས་ག་ན་གནས་ལྟོས་ལ་ཤོག་བྱས་ལ་ནན་ཏན་བྱེད་དུ་བཅུག །ནང་ན་འདུག་ཟེར་ན་ནང་གི་ག་ན་འདུག་བལྟ། སྙིང་གི་ནང་ན་འདུག་ཟེར་ན། འོ་ན་སྙིང་ལ་བུག་པ་མེད་པས། ཤི་ནས་སྙིང་མ་ཞིག་བར་དུ་དེ་ཀ་རུ་ཡོད་དགོས་ཏེ། རོ་ལ་སེམས་མེད་པས་དེ་འདྲ་མ་ཡིན་ད་དུང་ལྟོས་ཤིག །ཕྱི་ན་འདུག་ཟེར་ན། ཕྱིའི་སྟེང་འོག་ཕྱོགས་མཚམས་ག་ན་འདུག །དབྱིབས་དང་ཁ་དོག་ཅི་འདྲ་གཅིག་འདུག་པ་ལྟར་བཅུག །འདི་འདྲ་ཞིག་འདུག་ཟེར་ན། མི་འདུག་ཚུལ་ཞིབ་ཏུ་བཤད། ལར་ནས་ལ་མི་འདུག་ཟེར་ན། འོ་ན་མི་འདུག་ཟེར་མཁན་ཅིག་འདུག་པ་ཚོལ་ཤོག་བྱས་པས། འདི་འདྲ་ཞིག་འདུག་ཟེར་ན་དེ་ལྟར་མ་ཡིན་པའི་ཚུལ་ཞིབ་ཏུ་བཤད། ཟེར་རྒྱུ་ཅི་འདུག་ཀྱང་དེའི་ངོ་བོ་རྩད་བཅད་ལ་ངོས་བཟུང་མེད་པའི་སངས་སངས་ཡལ་ཡལ་ལར་བརྗོད་མི་ཤེས་པ་གཅིག་འདུག་ཟེར་ན་དེས་ཆོག །ད་ཁྱོད་རང་གི་སེམས་དེ་སྣ་ཚོགས་སུ་འཆར་ཞིང་འགྱུ་བ་གཅིག་འདུག་པའི་མཐའ་ཕུག་ག་རུ་འགྲོ་ཡི་འདུག །འགྲོ་ན་འགྲོ་མཁན་ཨི་འདུག །འགྲོ་ས་དེ་ཡང་ག་འདྲ་ཞིག་འདུག་ཞིབ་ཏུ་རྟོག་ལ་ཤོག་བྱས་ལ་བཏང་། འགྲོ་ས་འདུག་ཟེར་ན། འདུག་པའི་འདུག་ལུགས་རྩད་བཅད་དུ་བཅུག །མི་འདུག་ཟེར་ན་དགེ་བ་བྱས་པས་མཐོ་རིས་སུ་འགྲོ། སྡིག་པ་བྱས་པས་ངན་སོང་དུ་འགྲོ། འགྲོ་མཁན་ནི་སེམས་ཡིན་པས་འགྲོ་བའི་འགྲོ་ལུགས་ག་འདྲ་ཞིག་འདུག་འགྲོ་མཁན་རང་ག་འདྲ་ཞིག་འདུག་ཚོལ་ལ་ཤོག་བྱའོ། །དེ་ལྟར་འགྲོ་ས་དང་འགྲོ་མཁན་ཡོད་ཐང་པ་ལ་བལྟ་རུ་ཕྱིན་ནས་ཡལ་འགྲོ་བས་གང་ཡང་མེད་པ་ཞིག་འདུག་ཟེར་ན་ངོ་སྤྲད་པ་ནི། འོ་དེ་ལྟར་ཡིན་ཏེ་ཁྱོད་ཀྱི་སེམས་ལ་བྱུང་ས་མ་རྙེད་པ་དེ། སྐྱེ་བ་མེད་པ་ཆོས་ཀྱི་སྐུ་བྱ་བ་ཡིན། སེམས་ལ་ངོ་བོ་དང་ངོས་བཟུང་གང་ཡང་མེད་པས་སྟོང་པ་ཡིན། དེ་ལ་བྱུང་ས་ག་ལ་འོང་། དེ་སྐྱེ་བ་མེད་པ་ཆོས་ཀྱི་སྐུ་བྱ་བ་ཡིན། དེ་ནས་སེམས་ཀྱི་གནས་ས་མ་རྙེད་པ་ནི། བཅོམ་ལྡན་འདས་ཀྱིས་མདོ་ལས། རབ་འབྱོར་སེམས་ནི་ཕྱི་ན་ཡང་མི་གནས། ནང་ན་ཡང་མི་གནས། གང་དུའང་གནས་པ་མ་ཡིན་ནོ་ཞེས་གསུངས་པ་དེ་ཡིན་ཏེ། སངས་རྒྱས་ལོངས་སྤྱོད་རྫོགས་སྐུའི་གཞི་ཡིན། ཐ་མ་འགྲོ་ས་མ་རྙེད་པ་ནི། དང་པོ་འོང་ས་མེད། བར་དུ་གནས་ས་མེད་པ་ལ། ཐ་མ་འགྲོ་བ་ག་ལ་ཡོད། དེ་ནི་སྤྲུལ་པའི་སྐུའི་གཞི་རུ་བརྗོད་པ་ཙམ་ཡིན། དེ་ལྟར་སེམས་དངོས་པོ་དང་མཚན་མ་གང་དུ་ཡང་མ་གྲུབ་པས། ཡེ་གདོད་མ་ནས་སྟོང་ཞིང་བདག་མེད་པ་ཡིན་ནོ། །འདས་རྗེས་ལས། དང་པོ་སེམས་ཀྱི་བྱུང་ས་བཙལ། །མ་རྙེད་ཆོས་ཀྱི་སྐུ་དང་འཕྲད། །བར་དུ་སེམས་ཀྱི་གནས་ས་བཙལ། །མ་རྙེད་ལོངས་སྤྱོད་སྐུ་དང་འཕྲད། །ཐ་མ་སེམས་ཀྱི་འགྲོ་ས་བཙལ། །མ་རྙེད་སྤྲུལ་པའི་སྐུ་དང་འཕྲད། །ཅེས་གསུངས་པ་ལྟར་ཡིན་ལ། དེ་ལྟར་སེམས་དེ་གློ་བུར་གྱི་དྲི་མས་བསྒྲིབས་པ་མ་གཏོགས། ཡེ་གདོད་མ་ནས་སངས་རྒྱས་པ་ཡིན་ཏེ། རྫོགས་ཆེན་ལས། ཡེ་སངས་རྒྱས་ཤིག་ཡིིན་པ་ལ། །ཡང་སངས་རྒྱས་ཤིག་འདོད་པ་འཁྲུལ། །ཅེས་གསུངས་སོ། །དེ་ལྟར་གློ་བུར་གྱི་དྲི་མ་དང་བྲལ་བའི་སེམས་དེ་ངོ་བོ་སྟོང་པ་ཡིན་ཀྱང་། རང་བཞིན་གསལ་བ་དང་། དམིགས་པ་མེད་པའི་ཐུགས་རྗེ་དང་ལྡན་པས་ཆོས་སྐུ་དེ་ཡང་སྟོང་པ་ཅང་མེད་རི་བོང་གི་རྭ་ལྟ་བུའམ། མུ་སྟེགས་ཆད་ལྟ་བ་ལྟ་བུ་ནི་མ་ཡིན་པས། རྫོགས་ཆེན་ལས། ཆོས་སྐུ་ཅི་ཡི་ངོ་བོར་མ་གྲུབ་པ། །སེམས་ཅན་ཤེས་རབ་ཆུང་བས་མེད་པར་གོ། །ཞེས་པས། དངོས་པོ་གདོས་བཅས་སུ་མ་གྲུབ་ཀྱང་། སྟོང་པའི་གདངས་མ་འགགས་པ་ལས། ངོ་བོ་སྐུ་རུ་བཞུགས། རང་བཞིན་འོད་དུ་བཞུགས། ཐུགས་རྗེ་ཟེར་གྱི་ཚུལ་དུ་བཞུགས་པའོ། །དེའི་རྩལ་ལས་ལོངས་སྤྱོད་རྫོགས་སྐུར་ཤར་ཏེ། སར་གནས་ཀྱི་བྱང་ཆུབ་སེམས་དཔའི་དོན་མཛད། སྤྲུལ་པའི་སྐུས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པའོ། །དེ་ལྟར་དེ་རིང་ནས་སེམས་སངས་རྒྱས་སུ་ངོ་སྤྲད་པ་ཡིན་ཀྱང་། མཐར་ཕྱིན་ནས་བརྟན་པ་ཐོབ་པ་ལ་མ་ཤི་བར་བསྐྱང་དགོས་ཏེ། ཇི་ལྟར་བསྐྱང་ན། གོང་དུ་བརྡར་ཤ་བཅད་པ་བཞིན། སེམས་ཁོ་རང་གནས་རུང་སེམས་ཡིན། འགྱུ་རུང་སེམས་ཡིན། སེམས་སྟོང་པར་ཐག་ཆོད་ཕྱིན་ཆད། གནས་འགྱུ་གཉིས་ལ་ཁྱད་པར་ཅི་ཡང་མ་བྱུང་བས། རྣམ་རྟོག་གང་ཤར་གང་བྱུང་གང་སྣང་ཐམས་ཅད་ཡེ་ཤེས་ཀྱི་རོལ་པ་རྒྱལ་བའི་དགོངས་པ་ཟབ་མོ་སྟོང་པ་ཉིད་ཡིན། དེ་ལ་བཅོས་བསླད་གང་ཡང་མ་བྱེད་པར་དེ་ཀའི་ངང་ལ་ཞོག །གནས་སྐབས་སུ་རྣམ་རྟོག་རང་ག་མར་འདུག་ནའང་། ངམ་ངམ་ཤུགས་ཀྱིས་གྲོལ་ཡོད་པས་ཏིང་ངེ་འཛིན་འབའ་ཞིག་ཡིན། ཆོས་སྐུ་ཡིན། རང་བྱུང་ཡེ་ཤེས་ཡིན། ཕྱག་རྒྱ་ཆེན་པོ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིིན་པ་ཡིན། དཔེ་ཐག་པ་མེས་ཚིག་པ་དང་འདྲ། དེས་འཆིང་མི་ནུས། དེ་བཞིན་དུ་ཁོ་རང་གི་ངོ་བོ་སྟོང་པ་ཡིན། རྣམ་རྟོག་ལྟར་སྣང་བ་དེ་བཞིན་ནི། སྟོང་པའི་གདངས་ཤར་བ་ཡིན། རྣམ་རྟོག་དང་སྟོང་པ་ལ་ཁྱད་མི་འདུག་པ་འདི་ལ་ཨོ་རྒྱན་ཆེན་པོས། རྣམ་རྟོག་ངོ་བོ་སྟོང་པའི་ཆོས་སྐུར་གོ། །ཞེས་གསུངས་པ་དེ་ཡིན། བསྒོམ་ན་བློ་ཡིན་པས་བསྒོམ་རྒྱུ་ཅི་ཡང་མེད། རྣམ་རྟོག་རང་ག་མར་ཞོག །དེ་ལ་བཅོས་བསླད་བྱས་ན་རྣམ་རྟོག་རང་རྒྱུད་པ་འཁྲུལ་པ་ལུ་གུ་རྒྱུད་ཡིན་པས་བཅས་བཅོས་གང་ཡང་མི་བྱེད། རང་ཐོག་ཏུ་འཇོག་པ་དེ་ལས་ཡེངས་ནས་འཁྲུལ་པ་དངོས་ཡིན་པས་མ་ཡེངས་པ་དགོས་ཏེ་དེ་གཅིག་པོས་ཆོག །སྔོན་རྗེ་ཟུར་ཆུང་པ་ལ་རྨ་ཐོག་བྱང་འབར་གྱིས་རྩོད་པ་ན། ཁྱོད་རྫོགས་ཆེན་པ་བྱ་བ་སྒོམ་རང་བྱེད་ཀྱི་ཡོད་པ་འདྲ་བྱས་པས། འོ་ང་དམིགས་པ་གང་ལ་གཏད་འདུག་གསུངས། འོ་ན་མི་སྒོམ་མམ་བྱས་པས། འོ་ང་གང་ལ་ཡེངས་འདུག་གསུངས། དེ་ལྟ་བུ་གཅིག་དགོས་པ་ལགས། རྫོགས་ཆེན་གུ་རུ་བཞི་པ་ལས། སྒོམ་མ་མྱོང་དང་འབྲལ་མ་མྱོང་། །མི་སྒོམ་དོན་དང་མི་འབྲལ་བ། །ཞེས་པ་གང་ཤར་སྒོམ་ཡིན་པས་ན། བློ་བཅོས་པའི་བསྒོམ་རྒྱུ་མེད་པས་སྒོམ་མ་མྱོང་། ཡེངས་ན་དོན་མེད་འཆལ་པ་ཡིན་པས་རང་ཐོག་ཏུ་འཇོག་པ་དེ་དང་འབྲལ་མ་མྱོང་། མི་སྒོམ་པའི་དོན་དེ་ལྟ་བུ་དང་རྒྱུན་དུ་མི་འབྲལ་བ་གྱིས་ཞེས་པའི་དོན་ཏེ། འདི་ལ་དབང་པོའི་ཁྱད་པར་གྱིས་ཞག་བདུན་བཅུ་བཞི་དང་ཟླ་བ་གཅིག་ནས་ཆེད་འཛིན་གྱིས་མ་ཡེངས་པ་དེ་མི་དགོས་པར་གང་ཤར་རྩོལ་མེད་དུ་འཇོག་ཐུབ་པ་ཞིག་ཡོང་། འདི་ལ་རྫོགས་ཆེན་པ་ཡེ་གྲོལ་ཀློང་ཡངས་ཀྱི་དགོངས་པ་ཟེར། ཕྱག་རྒྱ་ཆེན་པོ་རང་གསལ་གྱི་དྲན་པ་ཟེར་བར་གདའ། དེའི་རྒྱུན་བར་མ་ཆད་པར་བསྐྱངས་པས། རྣམ་པ་ཐ་མལ་གྱི་ཤེས་པ་འཇིག་རྟེན་པའི་རྣམ་རྟོག་རང་ག་མ་དང་ཁྱད་པར་སྤུ་ཙམ་ཡང་མེད་ལ། ངོ་བོ་དེར་འཛིན་མེད་པའི་ས་ལེ་ཧྲིག་གེ་བ་མཉམ་བཞག་ཡུལ་ཕུད། རྗེས་ཐོབ་རྐང་སྟོང་། བག་ཆགས་གཡའ་དག་པའི་ཤེས་པ་ངོས་བཟུང་དང་བྲལ་ཀྱང་རྣམ་རྟོག་ལྟར་སྣང་བ་ཞིག་ཡོད། དེ་ཆོས་སྐུ་དངོས་ཡིན། རྫོགས་ཆེན་སེམས་ཕྱོགས་པས། རྣམ་རྟོག་མི་མངའ་ཅི་ཡང་ས་ལེར་མཁྱེན། །བྱ་བའང་འདི་ལ་ཟེར་ཏེ། དེང་སང་ནི་སྒོམ་ཆེན་པ་ཚོ་འདིའི་ཟུར་ཐོས་ན་སྙིང་འགས་ལ་ཐུག་པ་ཙམ་བྱེད་ཀྱིན་གདའ་སྟེ། གྲུབ་ཆེན་མི་ཏྲ་ཛོ་ཀིས། ཅིར་སྣང་རང་སོར་བཞག་ན་བྱ་བྲལ་ལྷུན་གྱིས་གྲུབ། །ཅེས་གསུངས་པ་ལགས། དེ་ལྟར་འཛིན་པའི་རྣམ་རྟོག་རང་གིས་རང་གྲོལ་བས་ན། ཕྱི་གཟུང་བའི་ཡུལ་གཟུགས་སྒྲ་ལ་སོགས་པ་དག་ཀྱང་རང་གྲོལ་ལ་ཤུགས་ཀྱིས་འགྲོ་ལ་མིག་གི་ཡུལ་དུ་གཟུགས་ལེགས་ཉེས། རྣ་བའི་ཡུལ་དུ་སྒྲ་སྙན་མི་སྙན། སྣ་ལ་དྲི་ཞིམ་མི་ཞིམ། ལྕེ་ལ་རོ་ཞིམ་མངར། ལུས་ལ་རེག་བྱ་འཇམ་རྩུབ། སེམས་བདེ་སྡུག །ཆགས་སྡང་། དགྲ་གཉེན། ས་ཆུ་མེ་རླུང་ལ་སོགས་པ་མདོར་ན་གང་ཤར་གང་སྣང་དེ་ཁ་ལ་བཟོ་བཅོས་མེད་པར་འཇོག་པ་ཡིན་ཏེ། རྫོགས་ཆེན་ལས། སྒོ་ལྔའི་རྣམ་ཤེས་གསལ་བ་ལ། །ཡིད་ཀྱི་ཞེན་རྟོག་མ་ཞུགས་ན། །རྒྱལ་བའི་དགོངས་པ་དེ་ཀ་རང་། །ཞེས་དང་། ཞི་བྱེད་པས། དོན་གོ་རྟོག་པའི་མཚང་རིག་ན། །རྣམ་རྟོག་ཤར་ཆེ་གནས་པ་ཆེ། །ཉོན་མོངས་རགས་ཆེ་ཡེ་ཤེས་གསལ། །ཅེས་བཞེད་དོ། །དེ་བས་ན་རྫོགས་ཆེན་གྱི་དགོངས་པ་ནི། གང་ཤར་དེ་སྤོང་ཡང་མི་སྤོང་། དེའི་རྗེས་སུ་ཡང་མི་འབྲང་། དེ་ཀ་ལ་བཅས་བཅོས་མི་བྱེད་པར་འཇོག་པ་འདི་ཀ་ཡིན་ནོ། །དེ་ཡིན་པས་དེ་ལ་སྤང་བྱ་མེད། གཉེན་པོ་མེད། དགག་སྒྲུབ་བླང་དོར་ལ་སོགས་པ་བློས་བྱས་ཀྱི་ཆོས་གང་ཡང་མེད་པས་ན། བློ་འདས་ཆོས་སྐུ་དེ་བཞིན་ཉིད། །ཅེས་པའང་དེ་ཡིན། དེ་དག་ནི་དབང་པོ་རབ་ཀྱི་དབང་དུ་བྱས་པ་ཡིན་པས། རབ་ཀྱི་རབ་འབྲིང་ཐ་གསུམ་ལ་སོ་སོའི་བློ་ནུས་དང་སྦྱར་ཏེ་ཁྲིད་པར་བྱའོ། །ད་ནི་དབང་པོ་འབྲིང་གསུམ་ཞི་ལྷག་ཟུང་འབྲེལ་གྱི་སྒོ་ནས་ཁྲིད་པར་བྱ་སྟེ། དེ་ཡང་ཀུན་བཟང་དགོངས་འདུས་ལས། ཞིར་མ་གནས་ན་ལྷག་མི་མཐོང་། །ལྷག་གེར་མ་མཐོང་ཞི་མི་གནས། །ཞེས་གསུངས་པས། དེ་གཉིས་དུས་མཉམ་དུ་འོང་བ་ཞིག་བྱེད་དགོས་ལ། དེའི་དཔེ་ཡང་། བྱ་མེད་སྒོ་ང་གང་ལས་བྱུང་། །སྒོང་མེད་བྱ་དེ་གང་ལས་བྱུང་། །བྱ་དང་སྒོ་ང་གང་སྔའོ། །ཞེས་པས། སྔ་ཕྱི་མེད་པས་དུས་མཉམ་པ་དགོས་པ་བྱུང་། དེ་ལ་རྒྱལ་བ་ཡང་དགོན་པའི་མགུར་ལས། ཆོས་རྫོགས་ཆེན་ཟེར་བའི་སྒྲ་བོ་ཆེ། །སྤྲང་གོ་བའི་ལེན་ཕྱོགས་ཀྱང་དེ་ལ་བགྱིས། །གཅིག་ཆར་གྱི་རྟོགས་པའང་དེ་ལས་འཁྲུངས། །ཞེས་ཁོང་གི་རྟོགས་པ་རྫོགས་ཆེན་ལས་འཁྲུངས་པར་བཞེད་ལ། རྗེ་དེས་ཇི་ལྟར་བསྒོམ་པ་ནི། མགུར་ལས། ཡེ་བསྒོམ་ལ་བློ་ཡིས་མ་བསྒོམ་མཛོད། །རང་བབ་ལ་བཟོ་ཡིས་མ་བཅོས་མཛོད། །བློ་རྟོག་པ་ལ་སྐྱོན་དུ་མི་བལྟ་ཞིང་། །མི་རྟོག་པ་ཆེད་དུ་མ་བསྒོམ་པར། །སེམས་རང་ལུགས་སུ་ཞོག་ལ་རྒྱང་སོ་ཚུགས། །སྒོམ་ཞི་གནས་ཀྱི་མཐིལ་དུ་ཕེབས་འདི་ལ་དྲན་པ་སླེབ་ན་ཞི་ལྷག་ཟུང་འབྲེལ་ཡིན། པ་ཞིག་འོང་གི། །ཞེས་པ་གོ་སླ་ལ། དེ་ཀ་ལྟར་གོམས་འདྲིས་བྱེད་དུ་བཅུག་ལ་གཉུག་བསྲིངས་པས་ཇི་ཞིག་ན་འགྱུ་བ་ཇེ་ཉུང་ལ་སོང་། སེམས་ཀྱི་གནས་པ་ཇེ་བརྟན་ལ་འགྲོ། ཞི་གནས་འཐུག་པོ་འདོད་ན་དེ་ཀའི་རྒྱུན་བསྐྱངས་ནས་བསྒོམས་པས། རྣམ་རྟོག་ཕྲ་རགས་འགག་སྟེ་ཏིང་ངེ་འཛིན་གྱི་ངོ་བོ་གང་དུ་ཡང་མ་གྲུབ་པའི་སྟོང་པ། གསལ་ལ་རྟོག་པ་མེད་པར་ལུས་སེམས་ཡོད་དུ་མི་ཚོར་ལ། ཏིང་ངེ་འཛིན་དེ་དང་འབྲལ་མི་ཕོད་པའི་བདེ་ཉམས་ཅན་ཅིག་འཆར། མུ་མཐུད་ནས་བསྒོམས་པས་སྤྱན་ལྔ་དང་། མངོན་པར་ཤེས་པའི་ཡོན་ཏན་ཀྱང་འབྱུང་སྟེ་བསམ་གཏན་ཟེར་བ་ཡིན། སྒོམ་ན་འཕར་བས་བསམ་གཏན་བཞི་དང་སྐྱེ་མཆེད་མུ་བཞིའི་སེམས་གནས་རྩེ་གཅིག་པ་སྟེ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཟེར། དགུ་པོ་འདི་མུ་སྟེགས་ལའང་ཡོད་པས་ཕྱི་ནང་ཐུན་མོང་གི་ལམ་ཡིན་ཀྱང་རྣམ་རྟོག་འཕྲོ་དྲགས་ནས་ཁ་ཕྲི་མ་ཐུབ་པ་དེ་ལ་ཞི་གནས་དགོས་པ་བྱུང་བས་ན། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་སྤོང་བ་ཤེས་བྱས་ནས། །ཐོག་མར་ཞི་གནས་བཙལ་བྱ་ཞེས་སོགས་གསུངས་པ་ཡིན། ལྷག་མཐོང་མེད་ན་འདིས་ས་ལམ་མི་བགྲོད་པས་སེམས་ཀྱི་གནས་པ་ཆ་ཙམ་རྙེད་དམ་རྣམ་རྟོག་འདི་མ་འཕྲོས་ན་དགའ་བ་སྙམ་པའི་དུས་དེར། རྣམ་རྟོག་དེ་རང་ངོ་ཤེས་ཙམ་བྱས་ལ་ཁོ་རང་གི་ངོ་བོ་ལ་བལྟས་པས་ཡལ་ཏེ། གནས་པ་དང་གཅིག་ཏུ་སོང་བ་ནི་ཞི་ལྷག་ཟུང་འབྲེལ་བྱ་བ་ཡིན། དྭགས་པོ་བཀའ་བརྒྱུད་པ་གནས་འགྱུའི་བར་ལག་འགྱེལ་བ་ཟེར། ངོ་བོ་བློས་བྱས་པའི་སྒོམ་ཡིན། འདི་ལ་ངོ་ཤེས་ཀྱི་དྲན་པ་དང་མ་བྲལ་བ་དགོས་པས་བཀའ་བརྒྱུད་པ་སྟོང་ཉིད་གཟུང་དྲན་ཟེར། འདི་ཀ་རྒྱུན་བསྐྱངས་ནས་བསྒོམས་པས། གཟུང་དྲན་དེ་རང་གསལ་གྱི་དྲན་པ་རུ་འགྲོ། མ་ཡེངས་པ་རང་བྱས་ན་འདི་ཡང་ཁ་གཟེ་མོ་ཞིག་ཡིན་ཏེ། ཟླ་བ་གཅིག་ཙམ་ནས་ཉིན་སྣང་འདྲེས་ཐུབ། རྒྱལ་བ་རྒོད་ཚང་པས། སྣང་བ་ཐམས་ཅད་སྟོང་པར་ཡང་མི་བསྒོམ། མི་སྟོང་པར་ཡང་མི་བསྒོམ། གང་ཤར་དེ་ལ་དྲན་པས་གཟུང་ན་ཟླ་བ་གཅིག་རང་གིས་ཆོག་སྟེ། སྤྲོས་བྲལ་དང་པོ་རང་གནས་འོང་། །ཞེས་གསུངས། ཧྲིལ་བསྒྲིལ་ན། སྔར་གྱི་ཞི་གནས་ཀྱི་ཏིང་ངེ་འཛིན་དེ་རང་ངོ་ཤེས་པས་ཞི་ལྷག་ཟུང་འབྲེལ་ལམ། ཕྱག་རྒྱ་ཆེན་པོའམ། རྫོགས་པ་ཆེན་པོ་ཞེས་ཟེར་ཏེ། སྔར་གྱི་མགུར་དེའི་འཕྲོ་ལས། བློ་རྟོག་པ་འགྱུ་བ་གནས་ལུགས་ཀྱི་སྒོ། །རང་ངོ་ཤེས་པ་ཉམས་ལེན་གྱི་གནད། །ཞེས་གསུངས་པ་ལ་འདུའོ། །འདི་ལ་འབྲིང་གི་འབྲིང་། ཐ་མ་གཉིས་ཀྱིས་རྣམ་རྟོག་རང་ག་མ་དེ་སྒོམ་ཡིན་པར་ཡིད་ལ་མ་འབྱེད་ན། རྣམ་རྟོག་གང་ཤར་དེ་ལ་བལྟས་པས། གང་ཤར་ཐམས་ཅད་སྟོང་པར་ཡལ། ཡལ་བ་དེའི་ངང་ནས་གཅིག་སྟེང་ལ་གཅིག་འཆར། དེ་ལ་ཡང་བལྟས་པས་སྔར་ལྟར་ཡལ། དེ་ཀ་རྒྱུན་སྐྱོང་བ་ཡིན་ཏེ། མགུར་ལས། སེམས་ངོས་བཟུང་མེད་པ་སྟོང་པའི་དབྱིངས། །སྣ་ཚོགས་སུ་འཆར་བ་རིག་པའི་སྒོ། །བློ་བྲལ་གྱི་གསལ་སྟོང་རྗེན་པ་འདི་ལ། །ངང་ལ་བཞག་གིན་དབྱིངས་ལ་ལྟོས་དང་། །སྒོམ་ལྷག་མཐོང་གི་མཐིལ་དུ་ཕེབས་པ་ཞིག་འོང་གི། །ཞེས་གསུངས་པ་བཞིན་བྱེད་དུ་འཇུག །འདི་ན་མི་ཏྲ་ཛོ་ཀིའི་གསུང་གིས། གང་ཤར་ངོ་ཡིས་བཟུང་ན་རིག་པར་རང་སར་གྲོལ། །ཞེས་པས། ལས་སླ་ལ་འཆུན་ཆེ་བ་ཞིག་ཡིན་ནོ། །རབ་འབྲིང་གསུམ་གའི་ཐུན་མོང་དུ་བསྒོམ་ལུགས་ནི། མགུར་ལས། མ་ཡེངས་པའི་དྲན་པ་སོ་མ་ཤོར། །མ་བསྒོམ་པའི་གནས་ལུགས་བཟོ་མ་བྱས། །བསམ་མེད་ཀྱི་རིག་པ་སྨྲ་མ་འདོད། །རྟག་ཆད་ཀྱིས་མ་བསླད་ཁ་ཡན་དུ་སྐྱོང་དང་། །སྒོམ་ཞི་ལྷག་ཟུང་དུ་ཆུག་པ་ཞིག་འོང་གི། །ཞེས་གསུངས་པ་གོ་སླ་ཡང་། དྲན་པ་མ་ཡེངས་པས་གང་ཤར་ལ་བཟོ་བཅོས་མི་བྱེད། ཤར་ཡང་ཡོད་པར་མི་བལྟ། ཡལ་ཀྱང་མེད་པར་མི་འཛིན། རྣམ་རྟོག་གི་སྣ་མི་བསྐྱིལ་བར་འཕྲོ་རུ་བཅུག་ནས་ངོ་ཤེས་ཙམ་བྱེད་པའོ། །རྫོགས་ཆེན་སེམས་སྡེ་ལས། གདོད་ནས་དག་པ་དབྱིངས་ཀྱི་ངང་ཉིད་ནས། །རིག་པ་ཐོལ་སྐྱེས་སྐད་ཅིག་དྲན་པ་དེ། །རྒྱ་མཚོའི་གཏིང་ནས་ནོར་བུ་རྙེད་པ་འདྲ། །སུས་ཀྱང་མ་བཅོས་མ་བྱེད་ཆོས་ཀྱི་སྐུ། །ཞེས་གསུངས་པ་ལྟར་ངོ་སྤྲད་དོ། །ད་ནི་དབང་པོ་ཐ་མ་གསུམ་ལ་ཕལ་ཆེར་ལྷག་མཐོང་ལ་ཡིད་མི་ཆེས། ཞི་གནས་གཤའ་མ་ཡང་སྐྱེར་མི་བཏུབ་སྟེ། རེས་བྱིང་། རེས་རྒོད་ནས་བསྒོམ་མི་འཆར་བས། སྔོན་འགྲོ་ཕྱིན་རྫོགས་པ་དང་། སྟན་བདེ་བ་ལ་རབ་རྡོ་རྗེ་སྐྱིལ་ཀྲུང་། དེ་མིན་སྐྱིལ་ཀྲུང་ཕལ་པ་བཅའ། སྒལ་ཚིགས་བསྲང་ལ་ལག་པ་མཉམ་བཞག་བྱ། དཔུང་པ་ཡིད་ཙམ་ཕྱིར་དགྱེ། མགྲིན་པ་ཡིད་ཙམ་བཀུག །ལྕེ་ཡ་རྐན་ལ་སྦྱར། མིག་གཉིས་སྣ་རྩེ་ལ་ལྟ་བ་སྟེ་རྣམ་སྣང་ཆོས་བདུན་བྱ། རླུང་རོ་སྣ་བུག་གཡས་གཡོན་གཉིས་ནས་གསུམ་གསུམ་དང་། གཉིས་ཀ་ནས་གསུམ་སྟེ་དགུ་རྒྱང་རིང་དུ་བུས། སྤྱི་བོའམ་སྙིང་གར་བླ་མ་བསྒོམས་ནས་གསོལ་བ་བཏབ། ལུས་སེམས་ལྷོད་ཅིང་ལྷོད་པའི་ངང་ནས། རྣམ་རྟོག་གང་ཤར་དེ་ཀ་ལ་བལྟས་ནས་དེ་རང་གི་ཐོག་ཏུ་ལྷོད་ཀྱིས་གློད། ཡང་ཤར་བ་དེའི་ཐོག་ཏུ་སྔར་ལྟར་གློད། ཡལ་ནས་སྟོང་པར་སོང་བ་དེས་དགའ་བྲོད་མི་བྱ། རྣམ་རྟོག་མང་པོར་སོང་བ་ལ་སྐྱོན་དུ་མི་བལྟ། བསྒོམ་ཡོང་དུ་རེ་བ་དང་། མ་བྱུང་གི་དོགས་པ་གཉིས་ཀ་མི་བྱ། གང་ཤར་གྱི་སྟེང་དུ་ལྷོད་དེ་འཇོག །གློད་དྲགས་པ་རྣམ་རྟོག་མེད་པའི་མི་རྟོག་པ་འདྲ་མོ་འགྱུ་དྲན་གང་ཡང་མེད་པ་ཞིག་འོང་བས། དེ་དྲན་པས་ཧྲིལ་གྱིས་བསྒྲིམས་ཏེ་ངོ་ཤེས་པ་མ་བྱས་ན། རང་གིས་མི་ཚོར་ལ་རྟོག་པ་འོག་འགྱུ་ཕུབ་མའི་འོག་གི་ཆུ་དོང་ལྟ་བུ་གཅིག་ཡོང་། དེས་འཕྲལ་དུ་མི་གནོད་པ་ལྟར་ལ་ཕུགས་སུ་ཁོ་རྒྱས་ནས་བསྒོམ་ཡོང་དུ་མི་སྟེར་བས་བསྒྲིམ་དགོས། རྟོག་པ་ཁ་འགྱུ་ནི་ངོས་ཟིན་པའི་འགྱུ་དྲན་གཙོ་བོ་ཡིན་པས་དེའི་ཐོག་ཏུ་གློད་ནས་འཇོག །ཇི་ཞིག་ནས་རྣམ་རྟོག་མང་དུ་སོང་བས་རང་ཚིག་པ་ཟ། ང་ལ་བསྒོམ་མི་འོང་བ་འདུག་སྙམ་དུ་འོང་སྟེ་སྐྱོན་མེད། ཉམས་དང་པོ་རི་གཟར་གྱི་ཆུ་ལྟ་བུ་བྱ་བ་དེ་དེ་ཡིན། བཀའ་བརྒྱུད་པ་རྩེ་གཅིག་རྟོག་པའི་རྦ་ལ་གཡེང་ཟེར་ཏེ་རྩེ་གཅིག་ཆུང་ངུའི་སྐབས་ཡིན། དེ་ཀ་ལ་བསྲན་སྐྱེད་དེ་མཐུད་པས་སྐབས་རེ་འདུག །སྐབས་རེ་མི་གནས་པས་ན་བྱེའུ་ཙི་ཏི་མུ་ཆུ་ལ་རེས་འཛུལ་རེས་ཐོན། སྐབས་རེ་རྡོ་སྟེང་དུ་བག་རེ་སྡོད་པ་དང་འདྲ། ཉམས་གཉིས་པའི་སྐྱེ་ལུགས་ཡིན། ཡང་མུ་མཐུད་པས་རེ་ཞིག་ན་སྐབས་རེ་འཕྲོ། ཤས་ཆེར་གནས་པ་འདྲ་ཞིག་འོང་། དཔེ་རྒན་པོ་དང་འདྲ་སྟེ་གནས་པ་ཤས་ཆེ། ཉམས་གསུམ་པའི་སྐྱེ་ཚུལ་ཡིན། ཡང་རྒྱུན་མཐུད་པས་རེ་ཞིག་ན་སྦུབས་ནང་ངམ་ཡུར་བའི་ཆུ་ལྟར་འགྲོ་བ་མི་མངོན་པར་འོང་། འདི་དུས་ཀྱང་དྲན་པ་ཅུང་ཟད་བསྒྲིམ་དགོས། ཉམས་བཞི་པའི་སྐྱེ་ལུགས་ཡིན། དེའི་རྒྱུན་མཐུད་པས། ཇི་ཞིག་ན་ཉིང་སེམས་གང་དུའང་མི་འཕྲོ་བར་ཉིན་མཚན་ཀུན་ཏུ་གནས་པ་ཟས་སྐོམ་དང་གོས་ཀྱི་སྲེད་པ་ཡང་མི་འབྱུང་ཞིང་། གཡོ་འགུལ་མེད་པར་ཞག་དང་ཟླ་བ་སྦྲེལ་བར་གནས་པས་དཔེ་རི་བོ་ལྟ་བུ་སྟེ། འདི་ཉེས་ནས་ཁ་ཐལ་ན་ཉན་ཐོས་འགོག་པར་འགྲོ། ལེགས་ན་ལུས་ཤིན་ཏུ་སྦྱངས་པ་ཐོབ་ནས་ཞི་གནས་ཕུལ་དུ་ཕྱིིན་པ་ཡིན། ཉམས་ལྔ་པའི་སྐྱེ་ལུགས་ཡིན་ནོ། །འདི་དག་ཀྱང་ཕལ་ཆེ་བའི་དབང་དུ་བྱས་ཀྱིས། གང་ཟག་སོ་སོའི་རྩ་ཁམས་དང་དབང་པོའི་རིམ་པས་མཐའ་གཅིག་ཏུ་མ་ངེས་པ་ཡང་སྲིད་དོ། །དེ་ཚོ་དབང་པོ་ཐ་མའི་རབ་ལ་རིམ་པས་ཡོང་མོད་ཀྱི་འབྲིང་ཐ་གཉིས་ལ་གནས་པ་སྐྱེ་དཀའ་བས། ལུས་གནད་སྔར་ལྟར་ལ་མདུན་དུ་སྨིན་མཚམས་ཀྱི་ཐད། འདོམ་གང་ཙམ་གྱི་སར་ཤིང་བུ་གཅིག་བཙུགས་ལ། དེ་ལ་ཡིད་མིག་རླུང་གསུམ་དྲིལ་ལ་གཏད་དེ། སེམས་མི་འཕྲོ་བའི་རྟེན་ཙམ་དུ་བྱས་ལ། བསྒྲིམ་དྲགས་ན་སུན་སྐྱེན། ལྷོད་དྲགས་ན་སྒོམ་འཆོར་བས་ཐུན་ཆུང་ལ་གྲངས་མང་བ་བྱ། དེ་ནས་རིམ་པས་ཐུན་ཆེ་ལ་གྲངས་ཉུང་དུ་བཏང་། སེམས་གནས་སུ་སོང་བ་དང་ཤིང་བུ་དེའི་རྩེ་མོར་ཨ་དཀར་པོ་གཅིག་བསམ་ལ་སྔར་བཞིན་བསྒོམ། དེ་ནས་ཐིག་ལེ་དཀར་པོ་དང་སེར་པོ་ལ་སོགས་པ་རིམ་པས་སྤོ་ཞིང་དམིགས་རྟེན་རེ་ལ་ཞག་གཅིག་གམ་གསུམ་ལ་སོགས་པ་མ་སུན་པར་བྱས་ལ་ཅི་རིགས་སུ་བསྒོམ། ཤིང་བུའི་མལ་ན་རྡེའུ་གཅིག་བཞག་ལ་སྔར་ལྟར་རིམ་པས་བསྒོམ། དེ་ནས་རང་གི་ལུས་ཀྱི་གནས་གསུམ་དང་། ནང་གི་མགྲིན་པ་དང་། སྙིང་ཁ་ལ་སོགས་པ་ཡིག་འབྲུ་དང་ཐིག་ལེ་སོགས་གང་རེད་ལ་དམིགས་རྟེན་བཅས་ཏེ་བསྒོམས་པས། རིམ་གྱིས་གནས་པ་བརྟན་པར་འགྱུར་རོ། །ཧྲིལ་དྲིལ་བས་རིམ་པས་གོམས་སུ་འཇུག་རྒྱུ་ཡིན་པས། དཔོན་སློབ་གཉིས་ཀས་ངང་བསྲིང་ནས། དལ་བུས་སློབ་ཅིང་མ་སུན་པར་བྱེད་པ་གནད་ཆེའོ། །ཞི་གནས་ཀྱི་སྐབས་འདིར། སྡུག་བཙིར་དུ་མ་སོང་བར་སྔར་གྱི་འཇོག་ལུགས་ལ་མ་ཡེངས་པ་རལ་སྐོར་མཁན་གཡུལ་དུ་ཞུགས་པ་ལྟ་བུ་བྱ། ཞེས་པ་ནི། རྒྱལ་པོའི་མདའ་མཁན་དང་རལ་སྐོར་མཁན་གཉིས་ཀྱི་བར་དུ་དངོས་པོ་སྤུངས་ནས་ད་སྟེ་ཉི་མ་གསུམ་གྱི་བར་དུ་རལ་སྐོར་གྱིས་ལ་མདའ་རྒྱོབ་ཅིག །མདའ་ཕོག་ན་དངོས་པོ་འདི་རྣམས་མདའ་མཁན་ཁྱེར། མ་ཕོག་ན་རལ་སྐོར་མཁན་ཁྱེར་ཅིག་བྱས་པས་ཉི་མ་དང་པོ་ལ་མདའ་འཕངས་ཚད་རལ་སྐོར་མཁན་གྱི་རལ་གྲི་ལ་ཕོག་ནས་ཁྱེར་སོང་། མདའ་མཁན་གྱི་ཆུང་མས་མདའ་ཕོག་གམ་བྱས་པས། མདའ་འཕངས་ཚད་རལ་གྲིས་བླངས་ནས་མ་ཕོག་ཟེར། མོ་ན་རེ། ཐབས་ཡོད་ཀྱིས་སང་མདའ་འཕངས་ཤིག་ཟེར་ནས་སང་ཉིན་མོས་ཁྲུས་བྱས། རྒྱན་གདགས་ཏེ། ཁོང་གཉིས་ཀྱི་ཐད་ནས་ཕར་འགྲོ་ཚུར་འགྲོ་མང་པོ་བྱས་པས་རལ་བསྐོར་མཁན་མོ་ལ་མིག་ཡེངས་ནས་མདའ་ཕོག་སྟེ། དེར་རལ་བསྐོར་མཁན་ན་རེ། མདའ་ཡིས་མ་ལེན་ཡེངས་པས་ལེན། །ཕྱིན་ཆད་རལ་སྐོར་མཁན་པོ་ཀུན། །སྐད་ཅིག་ཙམ་ཡང་མ་ཡེངས་ཤིག །ཡེངས་ན་ང་བཞིན་སྲོག་དང་འབྲལ། །ཟེར་ནས་ཤིའོ། །དཔེ་དེ་བཞིན་མ་ཡེངས་པར་རང་གལ་ཆེའོ། །ད་ནི་ལྷག་མཐོང་བསྟན་ཏེ། ལྷག་མཐོང་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དེ་ཡིན་པས། འདི་མེད་ན་ས་ལམ་མི་བགྲོད་པ་ནི། ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདིས། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །ཞེས་གསུངས་ལ། རྗེ་བཙུན་མི་ལ་ལ། རྗེ་སྒམ་པོ་པས་བདག་གིས་མཉམ་བཞག་གིས་ཞག་བདུན་ཐུབ་པ་བྱུང་། དེ་ལ་བཀའ་གདམས་པ་ཀུན་སྒོམ་བཟང་པོ་བྱེད་ཀྱིན་གདའ་ཞུས་པས། ཧ་ཧ་ཞེས་བཞད་མོ་ཆེན་པོ་མཛད་དེ། དེ་སྒོམ་ཡིན་ན་དང་། བསམ་གཏན་བཞི་པོའི་ལྷ་ཚོའི་དེ་ཡང་ཡིན་ཏེ། དེས་མ་བཏུབ། ཁྱོད་དང་ང་འཕྲད་པས་འཚེང་། མ་འཕྲད་ན་ལྷ་རུ་སྐྱེ་བ་ཡིན་གསུངས། མགུར་གཞན་དུ། མ་གི་ཤེད་ཡི་དྭགས་བསེ་རག་པ། །ཚེ་སྔོན་སྦྱིན་པ་མ་བཏང་བས། །ཞིམ་མངར་གྱི་ཟས་ལ་དགྲ་རུ་བལྟ། །སྙོམས་འཇུག་དྲན་མེད་བསྒོམ་དུ་འདོད། །ཞེས་དགག་བྱར་མཛད་དོ། །ལྷག་མཐོང་དེ་ལ་ཡང་གསུམ་སྟེ། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ལྷག་མཐོང་ཞེས་པ་ནི་མདོ་སྔགས་ཐམས་ཅད་ཀྱི་དགོངས་དོན་གང་ཡིན་པའི་ལྷག་མཐོང་ཕྱིན་ཅི་མ་ལོག་པ་ཤེས་པ་ལ་ཟེར། སེམས་རང་བཞིན་གྱིས་རྣམ་པར་དག་པའི་གནས་ལུགས་ཇི་ལྟ་བར་ཤེས་པའི་ལྷག་མཐོང་ཞེས་པ་ད་ལྟ་རང་རེ་ཚོས་བསྟན་ནས་བསྒོམ་པ་འདི་ཡིན། འདི་གོམས་པས་སེམས་རང་བཞིན་གྱིས་རྣམ་པར་དག་པའི་གནས་ལུགས་ཕྱིན་ཅི་མ་ལོག་པར་མངོན་དུ་གྱུར་པའི་ལྷག་མཐོང་འབྲས་བུ་སངས་རྒྱས་ཐོབ་པའི་དུས་དེར་འབྱུང་བ་ཡིན་པར་གདའ། ད་ཞི་གནས་ཀྱི་སྐབས་ལྟར་རྣམ་རྟོག་མཉམ་བཞག་ཏུ་འདུག་ཀྱང་། དེ་ངོ་ཤེས་ཙམ་ལ་བཞག་པས་ཆོག །རྣམ་རྟོག་སྣ་ཚོགས་སུ་འགྱུ་ན་ཡང་དེ་ངོ་ཤེས་ཙམ་གྱི་ངང་དུ་འཇོག །མདོར་ན་གང་ཤར་གང་བྱུང་ངོ་ཤེས་ཙམ་གྱི་ངང་ལ་འཇོག་པ་འདི་ཀ་ཡིན། བསྒོམ་ནས་བསྒོམ་རྒྱུ་ཅི་ཡང་མེད་དོ། །སེམས་ཕྱོགས་ཀྱི་ལུང་རབ་གསལ་ལས་ཀྱང་། འདི་བྲལ་རྣལ་འབྱོར་སྦུན་པ་པོ། །ཇི་ལྟར་འབད་རྩོལ་བརྩོན་བྱས་ཀྱང་། །འཁོར་བའི་འབྲས་བུ་ཉིད་འགྱུར་ཏེ། །རང་གཤིས་གནས་སུ་མ་ཕྱིན་པས། །རྩོལ་བས་ཐང་ཆད་སྡུག་བསྔལ་ལ། །བདེ་ཆེན་སྙིང་པོ་སྲོག་དང་བྲལ། །དེ་ལས་ངེས་པར་སྐྱོབས་པའི་ཐབས། །གྲངས་དང་རྩོལ་བའི་སྲུང་ཐབས་མིན། །དྲི་ཐོམ་ངང་དུ་གསོ་མ་ཤོར། །ཡིན་དོན་རྟོགས་སོ་མ་འདས་ཙམ། །འཁྲུལ་སྣང་འཛིན་པ་བཟློག་སྤང་མིན། །མི་མཐུན་པ་ཉིད་གཉེན་པོར་རྫོགས། །ཞེས་པས། ཏིང་ངེ་འཛིན་གྱི་མི་མཐུན་ཕྱོགས་ནི་རྣམ་རྟོག་ཡིན། དེ་སྤངས་མི་དགོས་པ་ཁོ་རེའི་ཐོག་ཏུ་ཁོ་རང་བཞག་པས་རང་དག་ལ་འགྲོ་བ་ཡིན་ནོ། །དབང་པོ་ཐ་མའི་ཐ་མས་དེ་ལྟར་བྱང་ཀྱང་སེམས་ལས་སུ་མ་རུང་ན་རྣམ་རྟོག་གང་སྐྱེས་དེ་ངོས་བཟུང་ནས་དེ་ཇི་ལྟར་འདུག་དང་ག་རུ་འགྲོ་བ་བལྟས་པས་རང་དག་ལ་འགྲོ་ཞིང་། དེའི་རྒྱུན་བསྐྱངས་པས་ཕྱིས་ཆེད་དུ་རྩད་གཅོད་མི་དགོས་པར་རྣམ་རྟོག་ཁོ་རེས་ཁོ་རང་གྲོལ་བར་བྱེད་དེ་རང་བྱུང་གི་ཡེ་ཤེས་ཞེས་བྱའོ། །འགྱུ་བའི་རྩ་བརྡར་བཅད་ན་དྲན་རྟོག་ཐོག་དབྱིངས་སུ་ཡལ། ཞེས་པའི་དོན་ཏོ། །སྤྱིར་ན་ཐ་མལ་གྱི་ཤེས་པ་ཞེས་བྱ་བ་རྣམ་རྟོག་གང་ཤར་གྱི་ངོ་བོ་ལ་བཟོ་བཅོས་མི་བྱེད་པ་འདི་ལ་མ་ཡེངས་ན་དེ་གཅིག་པོས་ཆོག་སྟེ། དབང་པོ་ཐ་མས་དེ་ལྟར་མི་ཡོང་བས་རྩོལ་བཅས་ཀྱི་མཉམ་བཞག་སྐྱོང་བ་ཡིན། རྣམ་རྟོག་གང་ཤར་ལ་བལྟས་ཀྱང་ཞི་མ་ནུས་པར་འཕྲོ་དྲགས་ན་ལུས་གནད་བཤིག་འཕྲོ་མཁན་ཁོ་འཕྲོ་རུ་རང་བཅུག་ནས་ཁོའི་ངང་དེ་ལ་བལྟས་པས་ཞི་མལ་གྱིས་འགྲོ། འཕྲོ་བ་དང་གནས་པ་གཉིས་ཀ་སེམས་ཡིན་པས་རང་མལ་དུ་གཅིག་ཏུ་འགྱུར་ཏེ། བསྒོམ་བསྲན་བསྐྱེད་པས་གདིང་ཚུགས་པར་འགྱུར་རོ། །དེ་ཡང་། ཇི་ལྟར་གཟིང་ནས་ཕུར་བའི་བྱ་རོག་བཞིན། །བསྐོར་ཞིང་བསྐོར་ཞིང་སླར་ཡང་དེ་རུ་བབ། །ཞེས་པའི་དཔེ་ཡིས་སྟོན་པས། རྒྱ་མཚོའི་གཟིང་གི་བྱ་རོག་དེ་རི་དང་ཆུ་སྲིན་བརྟག་པའི་ཕྱིར་དུ་གསོ་དགོས་ལ། དེ་འཛམ་བུའི་གླིང་དང་ཐག་ཉེ་སར་རྐང་པར་ལྕགས་ཐག་ཕྲ་མོས་མ་བཏགས་ན་བྲོས་འགྲོ་ཞིང་། རྒྱ་མཚོའི་དབུས་སུ་སླེབས་པ་ན་གང་ཡང་མི་དགོས་ཏེ། ཡར་འཕུར་བས་ནི་གནམ་ལས་མ་འདས། ཕར་ཚུར་ལ་ནི་བར་སྣང་ལས་མ་འདས། མར་ལ་ནི་ཆུ་ལས་མ་འདས་པས་ཡས་མར་ཕྱོགས་མཚམས་གང་ལ་འཕུར་ཀྱང་འགྲོ་ས་དང་སླེབ་ས་མ་རྙེད་པས། གཟིང་ལ་སྔར་ཤུལ་དུ་འབབ་པ་བཞིན་དུ། རྣམ་རྟོག་ཁོ་རང་འཕྲོ་རུང་སྟོང་པ། མི་འཕྲོ་རུང་སྟོང་པ། གནས་རུང་འགྱུ་རུང་སྟོང་པ་ལས་མ་འདས་པས། ཁོ་རང་གང་ཟག་དེ་ཀའི་ངང་དུ་བབས་པས་དབང་པོ་ཐ་མས་ཀྱང་རབ་ཀྱི་སོར་འཇོག་ཏུ་འགྱུར་བས་ནན་ཏན་ལྟར་ཟབ་པས་ན་འདི་ལ་བསླབ་ན་ལེགས་སོ། །དེ་ལྟར་དབང་པོ་རབ་འབྲིང་ཐ་གསུམ་དགུ་ཕྲུགས་སུ་ཕྱེ་ནས་ཉམས་སུ་ལེན་ཚུལ་བསྟན་པ་སྟེ། སློབ་དཔོན་རྡོ་རྗེ་བཞད་པས་མཛད་པའི་རྫོགས་ཆེན་སྙན་བརྒྱུད་ཐུགས་ཀྱི་ཉིང་ཁུ་ལས། རབ་དབང་པོ་ལྟ་ཐོག་ནས་སྒོམ་ནུས། འབྲིང་སྒོམ་ཐོག་ནས་སྒོམ་ནུས་པ། ཐ་མ་སྤྱོད་ཐོག་ནས་སྒྲུབ་ནུས་པའོ། །ཞེས་གསུངས་པའི་དགོངས་པའོ། །འདི་དག་གི་ལུང་རྒྱབ་དགོས་ན། རྒྱུད་ཀུན་བྱེད་རྒྱལ་པོ། སེམས་སྡེ་བཅོ་བརྒྱད་དང་། བདག་གིས་བྱས་པའི་ཁྲིད་རྒྱབ་ཆེ་ཆུང་གཉིས་བཤད། སྒོམ་ལ་སྙིང་རུས་བྱེད་དུ་བཅུག་སྟེ། ཆོས་ཟབ་ཀྱང་མ་བསྒོམས་ན་གདམས་ངག་ཟབ་མོ་དཔེ་ཆའི་ལོགས་ལ་ལུས་ཟེར་བ་དེ་ཡིན་མོད། ད་རེས་སྒོམ་རྒྱུད་ལ་ཐེབས་ཀྱང་དུས་རྒྱུན་དུ་མ་བསྒོམས་ན་བློ་དྲེད་ཆོས་དྲེད་ཉམས་ལེན་དྲེད་ནས་འཆི་དུས་སུ་མི་ཕན་པས་གཟབ་དགོས། རྒྱལ་བ་རྒོད་ཚང་པས་ཕྱི་མཚམས་རི་ཁྲོད་དུ་སྡོད་ཚུགས་པ། ནང་མཚམས་སྤྱིལ་པོར་སྡོད་ཚུགས་པ། གསང་མཚམས་མལ་དུ་སྡོད་ཚུགས་པ། གཉིས་མེད་ལྟ་བའི་སྟེང་དུ་སྡོད་ཚུགས་པ། ཡེངས་མེད་སྒོམ་པའི་སྟེང་དུ་སྡོད་ཚུགས་པ། ཆགས་མེད་སྤྱོད་པའི་སྟེང་དུ་སྡོད་ཚུགས་པ་དང་དྲུག་ཚང་དགོས་གསུངས། སྤྱིར་སྒོམ་ལ་ཕར་འཇུས་དང་ཚུར་འཇུས་གཉིས་ཡིན། སེམས་ལས་སུ་མ་རུང་བ་ལ་ཕར་འཇུས་བྱེད་དགོས་པས་དྲན་པ་དང་མི་བྲལ། དེ་ནས་རྣམ་རྟོག་ཁོ་རང་གི་ཚུར་འཇུས་གང་ཤར་ཐམས་ཅད་སྒོམ་དུ་འགྲོ་བ་ཡིན། དེ་ཡང་ཐ་མལ་གྱི་ཤེས་པ་ཁོ་རེས་ཁོ་རང་ལ་འཛིན་པ་མེད་པའི་ངང་ལ་འགྲོ་བ་ཡིན་ནོ། །སྒོམ་ཆེན་པས་བསྒོམ་བཏང་ཡང་། སྒོམ་གྱིས་སྒོམ་ཆེན་པ་མི་གཏོང་བའི་དུས་ཟེར། དེ་ཡོང་བ་ལ་བར་མ་ཆད་དུ་བསྒོམ་དགོས། མ་བསྒོམ་ན་ད་ལྟ་ཉམས་མྱོང་ཕྲན་བུ་སྐྱེས་ཀྱང་ཡལ་འགྲོ་བས་སྒོམ་འཇའ་ཚོན་མ་བྱ་བ་ཡིན། ལྕགས་ཀྱུ་མ་བྱ་བ་དྲན་པས་ཟིན་དུས་ཡོད་ལ། མ་ཟིན་ན་མེད་པ་ཡིན། དེ་ལ་མ་ཡེངས་པའི་བྱ་ར་བསྒྲིམ་དགོས། ཡ་བྲལ་མ་བྱ་བར་དྲན་པ་ཡོད་ལ་སྙིང་རྗེ་དང་མ་འབྲེལ་བ་ཡིན། དེ་ལ་ཐུན་མགོར་སེམས་ཅན་གྱི་དོན་དུ་བསྒོམ་མོ་སྙམ་པར་བྱ། ཐུན་མཐར་དགེ་བ་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཐོབ་པར་གྱུར་ཅིག་པར་བསྔོ། ཨོ་རྒྱན་ཆེན་པོས། སྙིང་རྗེ་མེད་ན་ཆོས་ཀྱི་རྩ་བ་རུལ། །ཞེས་གསུངས་པས་གལ་ཤིན་ཏུ་ཆེ། བདག་མེད་མ་བྱ་བ་བསྒོམ་སྐྱེས་ནས་མ་བསྐྱངས་པར་བོར་བ་ལ་ཟེར། བློ་ནང་དུ་བཀུག་ནས་བསྒོམ་དུ་བཅུག །རེས་འཇོག་མ་བྱ་བ་རེས་བསྒོམ་ཡོང་། རེས་མི་ཡོང་བ་ཡིན། དེ་ལ་བྱུང་མ་བྱུང་ཁྱད་མེད་པའི་ཐོག་ཏུ་འཇོག་ཅིང་ཉམས་སུ་བླང་། འཁོར་ཡུག་མ་བྱ་བ་ཉིན་མོའི་དྲན་པ་མཚན་མོ་ཡང་ཡོང་བ་དེ་ཡིན། འདི་སྒོམ་གྱིས་ཚུར་འཇུས་པའི་དུས་དེ་ཡིན། རྣལ་འབྱོར་མཆོག་ཅེས་པ་རྫོགས་པ་ཆེན་པོ་བྱ་རྩོལ་དང་བྲལ་བའི་དུས་ཞེས་བྱ་བ་དེ་ཡིན། ཕྱག་རྒྱ་ཆེན་པོ་སྒོམ་མེད་ཟེར་བ་ཡིན་ནོ། །ཡང་གང་ཟག་རིགས་ཆད་ཅེས་པ་ཁྲེགས་ཆོད་དང་ཐོད་རྒལ་གྱི་སྣོད་དུ་མ་གྱུར་པ་དག་ཀྱང་ཡོད་པས། དེ་འདྲའི་རིགས་ལ་དབང་བསྐུར་རྩ་རླུང་སྦྱངས་ནས་ལས་ཀྱི་ཕྱག་རྒྱ་གཏད། དབང་པོ་གཉིས་སྦྱོར་གྱི་དགའ་བཞིའི་འགྲོས་འདེད་ཀྱིས་བདེ་བའི་ངོ་བོ་སྟོང་པར་ངོ་སྤྲད་དེ་གོང་བཞིན་སེམས་ཁྲིད་ལ་འཇུག་པར་གསུངས་ལ། དེ་ལྟར་མི་ནུས་པ་དག་ནི་བཏགས་གྲོལ་མཐོང་གྲོལ་དང་མྱང་གྲོལ་ལ་སོགས་པའི་ཐབས་ཀྱིས་རིམ་གྱིས་གྲོལ་བར་འགྱུར་པའི་ཚུལ་ལ་འཇུག་པར་བྱའོ། །སྤྱིར་སེམས་ཕྱོགས་དང་ཕྱག་རྒྱ་ཆེན་པོ་ནི། ཡེ་ཤེས་སྤྱིར་གསལ་ཞེས་བྱ་སྟེ། བརྟན་པ་མ་ཐོབ་བར་དུ་ཡིད་དཔྱོད་འཛིན་པའི་ལྟ་བ་ཞེས་བཤད། འོན་ཀྱང་རྫོགས་ཆེན་དེ་ངོ་སྤྲོད་ནས་བསྒོམ་ན་ཕྱི་སྣང་བའི་ཡུལ་དང་། ནང་འཛིན་པའི་སེམས་ཀྱི་འཕྲོ་གནས་ཐམས་ཅད་ཡེ་ཤེས་སུ་འཆར་བས། རྫོགས་ཆེན་རང་སྣང་རིས་མེད་ཀྱི་དགོངས་པ་ཟེར་ཏེ་གཡེར་པོ་ཆེར་བྱེད། གང་ལྟར་ཡང་རུང་སྟེ། སེམས་ངོ་འཕྲོད་ཕྱིན་ཆད་ནས་ནང་གི་ཐོག་ཏུ་ཉམས་ལེན་སྐྱོང་བ་ལས། ཐོད་རྒལ་ལ་ཞུགས་ཏེ་མུན་ཁྲིད་དམ། སྣང་ཁྲིད་བྱས་ནས་འོད་གསལ་སྟོང་གཟུགས་ཀྱི་ཐོག་ཏུ་ཉམས་ལེན་བསྐྱང་ན་རང་བྱུང་གི་ཡེ་ཤེས་མངོན་སུམ་དུ་འགྱུར་ཏེ། ཆོས་ཉིད་ཀྱི་བར་དོ་ལ་གྲོལ་བ་ཐོབ་པ་ལ་ཐེ་ཚོམ་མེད་དོ། །འདིར་སྨྲས་པ། བདག་ལྟ་བུ་སྒོམ་པའི་ཉམས་མྱོང་ནི་མེད། ཕྱག་རྫོགས་ཀྱི་ཆོས་མང་པོ་ཐོབ་ཀྱང་བརྗེད། གོང་འོག་གི་ཚིག་རིས་རྣམས་ཀྱང་མྱོག་སེ་བ་ཞིག་ལས་མ་བྱུང་བས་ན། རྗེ་འབར་ར་བས། སྒོམ་པའི་ཉམས་མྱོང་མེད་པའི། །ཡིག་ནག་དཔེ་ཆའི་སྟེང་ནས། །སྒོམ་ཁྲིད་འདེབས་བློ་བྱས་ཀྱང་། །ལམ་ལོག་གོལ་སར་བསྐྱུར་རོ། །ཞེས་གསུངས་པས་སྔོན་ཆད་ཡི་གེར་འགོད་མ་ནུས། འོན་ཀྱང་སྔར་གྱི་ལུང་དེའི་འཕྲོ་ལས། ས་ཐོབ་ཡོན་ཏན་མེད་ཀྱང་། །བཟོད་ཐོབ་ལས་བཞི་འགྲུབ་ཅིང་། །སྙིང་རྗེའི་རྩ་བ་བརྟན་ནས། །གཞན་དོན་བྱས་པས་ཆོག་གོ། །ཞེས་གསུངས། བཟོད་པ་མ་ཐོབ་ཀྱང་རྒྱུད་ལ་སྙིང་རྗེ་ཅུང་ཟད་ཅིག་མཆིས་པ་དང་། ཁྱད་པར་དུ་སེམས་དང་ཆོས་སུ་འདྲེས་ཤིང་། ཏིང་འཛིན་ལས་སུ་རུང་བ་དང་། རིག་པ་ཀློང་ནས་ཤར་བ། སྐུ་ལུས་མི་རུ་འདུག་ཀྱང་། ཐུགས་སངས་རྒྱས་ཀྱི་དགོངས་པ་དང་ལྡན་པའི་བླ་མ་དམ་པ་རྣམས་ཀྱི་གསུང་རྒྱུན་ཅུང་ཟད་དྲན་པ་རྣམས་ཡི་གེར་བཀོད་དེ་རིག་པ་ཀློང་དུ་གྱུར་པས་འཁོར་འདས་རང་སར་གྲོལ་བ་རྫོགས་ཆེན་རྣལ་འབྱོར་གྱི་དབང་ཕྱུག་རྗེ་རིན་པོ་ཆེ་ཕྱག་རྡོར་བའི་བཀའ་ནན་ཆེས་པས་ཕུལ་བ་ལགས། གང་གིས་བརྟེན་ན་ལོ་ཟླ་ཞག་ཙམ་གྱིས། །སངས་རྒྱས་ཞིང་དུ་ངེས་པར་བགྲོད་ནུས་པའི། །ཐེག་མཆོག་རྩེ་མོའི་རྫོགས་པ་ཆེན་པོའི་ཁྲིད། །ཇི་བཞིན་བཀོད་པས་འགྲོ་རྣམས་གྲོལ་བར་སྨོན། །འོན་ཀྱང་ནོངས་ན་བླ་མ་ལྷ་ལ་བཤགས། །རྒྱ་བོད་པཎ་གྲུབ་བགྲོད་པ་གཅིག་པའི་ལམ། །འདི་ཕྱི་བར་དོ་གསུམ་དུ་གྲོལ་བྱེད་པའི། །ཞིག་པོ་བདུད་རྩིའི་ལུགས་བཟང་འདི་སོག་ཟློག་པ་བློ་གྲོས་རྒྱལ་མཚན། བཀོད་པས། །འགྲོ་ཀུན་རྣམ་དག་ལམ་དུ་འཇུག་པར་ཤོག །མངྒ་ལཾ།། ༈ །།ཡང་སློབ་དཔོན་ཆེན་པོ་ཤྲཱི་སི་ཧས། དང་པོ་ཐུག་སར་གཏུགས། བར་དུ་བཞག་སར་ཞོག །ཐ་མ་འགྲོ་སར་ཐོང་། ཞེས་སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་གསུམ་གསུངས་པ་ལས། དང་པོ་ཐུག་སར་གཏུགས་པ་ནི། ཁྲིད་སྟོན་ཤེས་པའི་བླ་མ་མཚན་ཉིད་དང་ལྡན་པ་གཅིག་ལ་གཏུགས་ནས། སེམས་ཀྱི་བྱུང་གནས་འགྲོ་གསུམ་རྩད་བརྡར་བཅད་དེ་ཞུ་གཏུགས་བྱེད་པའོ། །བར་དུ་གཞོག་སར་བཞག་པ་ནི། གང་ཤར་ལ་བཟོ་བཅོས་མེད་པར་འཇོག་པའོ། །ཐ་མ་འགྲོ་སར་གཏོང་བ་ནི། ཉམས་མྱོང་ཏིང་ངེ་འཛིན་གྱི་རོ་ལ་ཞེན་པ་མེད་པར་འཛིན་མེད་དུ་གཏོང་བའོ། །སྙན་བརྒྱུད་ཚིག་གསུམ་བཀའ་འགྲེལ། ཨཐྎ། སརྦ་མངྒ་ལཾ།། །།

སྙན་བརྒྱུད་རིན་པོ་ཆེའི་ཁྲིད་ཀྱི་མན་ངག་མཁའ་དབྱིངས་སྙིང་པོའི་བདེ་ཁྲིད། མཁའ་སྤྱོད་པ།

སྙན་བརྒྱུད་རིན་པོ་ཆེའི་ཁྲིད་ཀྱི་མན་ངག་མཁའ་དབྱིངས་སྙིང་པོའི་བདེ་ཁྲིད་བཞུགས་སོ། །རྫོགས་པ་ཆེན་པོ་སེམས་སྡེ་ཨ་རོ་ལུགས་སོ། །རྒྱལ་བ་སྐུ་གསུམ་གྱི་རང་བཞིན་དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །འདི་ནི་བླ་མེད་ཐེག་པའི་གསང་ཆེན་གནད ། །ཞལ་ལས་སྙན་བརྒྱུད་བདེ་གཤེགས་ཀུན་གྱི་ཐུགས། །གེགས་མེད་ཉེ་ལམ་གཉུག་མའི་དེ་ཁོ་ན། །ཉེ་བར་སྣང་གི་བསྒྲུབ་ལ་མོས་པ་དག །ཚེ་འདིར་ཆགས་པའི་རྣམ་བཞག་རྣམས་དོར་ནས། །རྒྱལ་བ་དགོངས་པའི་གསང་བ་སྙིང་པོའི་དོན། །ཡི་གེ་མེད་པའི་སྙན་བརྒྱུད་འདི་ཟུངས་ལ། །གདོད་ནས་གནས་པ་གདོད་མའི་སར་བརྙེས་མཛོད། །དེ་ལ་རེ་ཞིག་རྗེ་བཙུན་རྣམ་པར་སྣང་མཛད་ཞབས་ཀྱི་མན་ངག་གི་སྙིང་པོ་སྙན་བརྒྱུད་རིན་པོ་ཆེའི་ལག་ཁྲིད་ལ་དང་པོའི་ཏིང་ངེ་འཛིན། བར་གྱི་ཏིང་ངེ་འཛིན། ཐ་མའི་ཏིང་ངེ་འཛིན་ཞེས་སྒོམ་རིམ་གསུམ་ལས། དང་པོ་ལ། བསགས་པའི་དང་། སྦྱོང་བའི་དང་། སྒྲུབ་པ་ཞེས་བྱའོ། །དང་པོ་ནི། སྟན་ལ་ཅི་བདེར་གནས་པས་མི་རྟག་པ་དྲན་པ་སོགས་འཇུག་རིམ་སྔོན་དུ་བཏང་ལ། སྐྱབས་སེམས་དང་ལྡན་པས་ཕྱག་རྒྱའི་དཀྱིལ་འཁོར་བསྒོམ་པར་བྱའོ། །འདི་ལྟར་རང་བཞིན་རྣམ་པར་དག་པའི་དབྱིངས་ཚད་མེད་པར་བཻ་ཌཱུརྻའི་མཎྜལ་དྲི་མ་མེད་པ་ལྟ་བུ། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་ཡེ་ཤེས་ཀྱི་རང་བཞིན་རྩིབས་སྟོང་དང་ལྡན་པའི་གསེར་གྱི་འཁོར་ལོ་དང་། མེ་ལོང་ཡེ་ཤེས་ཀྱི་ངོ་བོ་བཻ་ཌཱུརྻའི་རྡོ་རྗེ་དང་། མཉམ་པ་ཉིད་ཀྱི་རང་བཞིན་ནོར་བུ་རིན་པོ་ཆེ་དང་། སོ་སོར་རྟོག་པའི་རང་བཞིན་པདྨ་འདབ་མ་བརྒྱ་པ་དང་། བྱ་བ་གྲུབ་པའི་རང་བཞིན་སྣ་ཚོགས་རྡོ་རྗེ་དང་རེ་རེ་ཞིང་ཡང་རྒྱ་ཁྱོན་ཚད་མེད་པ། ལྷ་དང་མིའི་སྐྱེ་བོ་དུ་མ་དག་གིས་བརྟེན་གནས་སུ་གྱུར་པ་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པའི་བཀོད་པས། ཕྱོགས་ཀྱི་ཁོང་མ་ལུས་པ་ཀུན་ཏུ་གང་བ་གསལ་བར་དམིགས་ལ། དེར་རྒྱལ་བའི་དཀྱིལ་འཁོར་མ་ལུས་པ་སྤྱན་དྲངས། དེ་ཡང་ནམ་མཁའི་མཐིལ་དུ་རྒྱལ་བ་ཀུན་བཟང་ཡེ་ཤེས་ཀྱི་སྐུ། ཤར་དུ་རང་བྱུང་རིག་པའི་སྐུ། ལྷོར་ཆོས་དབྱིངས་སྟོང་པའི་སྐུ། ནུབ་ཏུ་ལྷུན་གྱིས་གྲུབ་པའི་སྐུ། བྱང་དུ་འགག་མེད་གསལ་བའི་སྐུ་རྣམས་ཡང་དག་པར་བཀོད་ལ། སྔར་བཀོད་པའི་རྫས་དེ་དག་དབུལ་ཞིང་བསོད་ནམས་སུ་བྱ་བ་མཐའ་དག་ཞིབ་ཏུ་བསྒོམ་ཞིང་དམིགས་མེད་དུ་བསྡུ་བའོ། །སླར་ཡང་སྤྱི་མགྲིན་སྙིང་ཁར་ༀ་ཨཱཿཧཱུྃ་ཞེས་རབ་ཏུ་བཀོད་དེ་སེམས་བཟུང་ལ། ཧཱུྃ་གི་འོད་ཀྱིས་ཕྱི་ནང་ཐམས་ཅད་ནམ་མཁའ་ལྟར་བྱས་ནས་ཡི་གེ་གསུམ་གྱི་ལུས་སུ་བལྟའོ། །དེ་བཞིན་དུ་ཨཱཿཡི་འོད་ཀྱིས་བརྟན་པ་དང་གཡོ་བ་མཐའ་དག་རབ་ཏུ་གསལ་བར་གྱུར་པ་དང་། ༀ་གྱི་འོད་ཀྱིས་ཤིན་ཏུ་རྣམ་པར་དག་པའི་དངོས་ཉིད་དུ་བྱས་ལ། ༀ་བཛྲ་ས་ཏྭ་ༀ་ཞེས་རང་ཉིད་རྡོ་རྗེ་སེམས་དཔའ། སྤྱི་བོའི་ནང་ཁོངས་སུའང་དེ་དང་ལྡན་པར་བལྟའོ། །ༀ་བཛྲ་སཏྭ་ཨཱཿཞེས་འཇིག་རྟེན་མཐའ་དག་སྔགས་ཀྱི་སྒྲས་བཀང་སྟེ། མགྲིན་པར་རྡོ་རྗེ་སེམས་དཔའ་དམར་པོ་དང་། ༀ་བཛྲ་ས་ཏྭ་ཧཱུྃ་ཞེས་སྙིང་གར་རྡོར་སེམས་སྔོན་པོ་དང་། ཟླ་བ་རྡོ་རྗེ་སྔོན་པོ་ཧཱུྃ་ལྔ་ལྡན་བསྒོམས་ལ། དེ་སོ་སོའི་འོད་ཀྱིས་འགྲོ་བ་མ་ལུས་པའི་ལུས་ངག་ཡིད་གསུམ་གྱི་དྲི་མ་སྦྱངས་ཏེ་རིགས་གསུམ་རྡོ་རྗེ་སེམས་དཔར་གྱུར་པ་དང་། ཡི་གེ་བརྒྱ་པའི་སྒྲ་དབྱངས་ཀྱི་དང་། དབྱིངས་ཡེ་ཤེས་རོ་མཉམ་ཉིད་ཀྱི་དོན་ལ་སེམས་བཞག་རྣམས་བྱ་ཞིང་སྔགས་བཟླ། བསྡུ་བའི་རིམ་པས་སྡུད་པའོ། །དེ་ནས་མདུན་གྱིི་ནམ་མཁར་འདབ་རྒྱས་པདྨོའི་ཟེའུ་འབྲུར་ཟླ་བ་ཉི་མ་ལ། བླ་མ་ཡི་དམ་རྗེ་བཙུན་རྣམ་པར་སྣང་མཛད་ཀུན་ཏུ་བཟང་པོ་ཉ་རྒྱས་ཟླ་བ་ལས་ལྷག་པར་དཀར་བའི་སྐུ། མཉམ་བཞག་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་རྒྱན་དུ་མ་དང་ལྡན་པ་ལ་རིགས་བཞིའི་ཀུན་བཟང་སོགས་བདེར་གཤེགས་དུ་མས་བསྐོར་བ་དམིགས་ལ་མཆོད་པས་མཆོད་དེ་གསོལ་བ་དྲག་ཏུ་གདབ་པར་བྱའོ། །དེའི་སྨིན་མཚམས་ནས་འོད་ཟེར་བྱེ་བ་ཁྲག་ཁྲིག་བསམ་གྱིས་མི་ཁྱབ་པ་བྱུང་། རང་གི་ལུས་མཐའ་དག་ཏུ་ཐིམ། སྒྲིབ་པ་དག །དབང་ཐོབ། ཡེ་ཤེས་མངོན་དུ་བྱས། ཟེར་ཟེར་ཕྲན་འཇིག་རྟེན་མཐའ་དག་ཁྱབ། ཐམས་ཅད་མཆོག་ཏུ་དྲི་མ་མེད་པར་བྱས་ཞེས་ངེས་པ་རབ་ཏུ་བརྟན་པར་བཀོད་དེ། བསྔོ་བ་སྨོན་ལམ་བྱས་ལ། ཅི་བདེར་མཆོད་དོ་ཞེས་བྱ་བ་ནི་རྣམ་པ་གཅིག་ལ། ངེས་པ་བརྟན་པ་ཉིད་ཀྱིས་ཏིང་ངེ་འཛིན་ཕྱི་མ་ལ་འཇུག་གོ་ཞེས་བྱ་བ་ནི་གཞན་ནོ། །མདོར་ན་དེ་དག་ནི་དང་པོའི་ཏིང་ངེ་འཛིན་ཏེ། རྡོ་རྗེ་སེམས་དཔའི་སྒྲུབ་པ་རྒྱས་པ་དང་། པདྨ་དབྱིངས་ཕྱུག་མ་སྒྲུབ་པ་དང་། ལས་རྒྱ་མཚོའི་རིམ་པ་རྣམས་གཞན་དུ་རྟོགས་པར་བྱ་ཡི། ལས་དང་པོ་པའི་ཁྲིད་རིམ་དང་མ་འབྲེལ་ཞིང་དབང་རྣོན་ངོ་སྤྲོད་པའང་། དང་པོར་མཁོ་བ་མ་ཡིན་ནོ་ཞེས་ཤེས་པར་བྱོས་ཤིག །ད་ནི་བར་གྱི་ཏིང་ངེ་འཛིན་དངོས་ཀྱི་རང་བཞིན་ལ་རེ་ཞིག་རྣམ་པ་བཞི་སྟེ། ལྟ་བ་ཐབས་ཀྱིས་བཟུང་བ། ལྟ་བ་ཉམས་སུ་མྱོང་བ། ལྟ་བ་ལམ་དུ་སློང་བ། ལྟ་བ་ངོ་སྤྲོད་པ་ཞེས་བྱའོ། །དང་པོ་ལ་གཉིས། རྒྱུ་ཚོགས་ལ་གནས་པར་བྱ་བ་དང་། རྣལ་འབྱོར་གྱི་ཟས་བདུན་བརྟེན་པའོ། །དང་པོ་ནི། སྒོ་གསུམ་རྣམ་པར་གཡོ་བའི་རྐྱེན་ལས་འཁོར་བར་འཁྲུལ་ཏེ། གཡོ་བ་མེད་པ་ལས་རང་གི་དེ་ཁོ་ན་ཉིད་རྟོགས་པར་འགྱུར་རོ། །དེ་བས་ན་རྐྱེན་དང་བྲལ་བར་ལྷུར་བླངས་ཏེ། ལུས་འགུལ་བ་མེད་པ་དང་། ངག་སྨྲ་བ་མེད་པ་དང་། སེམས་དྲན་བསམ་མེད་པ་ཡུན་རིང་དུ་གནས་པར་བྱ་དགོས་པས། ལུས་བསམ་གཏན་གྱི་ཆོས་དང་ལྡན་པ་ལ། རླུང་བཏང་བཟུང་མེད་པ་དང་། སེམས་སྤྲོ་བསྡུའི་རྒྱུན་གཅོད་ལ་གནས་པར་བྱའོ། །ཟླ་བ་ལྔའམ་ཞག་ཉེར་གཅིག་ལ་སོགས་པའི་བར་དུ་བསྒོམ་པར་བྱ་སྟེ། འདི་ནི་ཚོགས་གནས་སོ། །རྣལ་འབྱོར་གྱི་ཟས་བརྟེན་པ་ནི། ཁམས་རེག་གཉིད་སེམས་རྣམ་པར་ཤེས། །ཏིང་འཛིན་ཚངས་སྤྱོད་རྣམ་པ་བདུན། །ཞེས་པའི་དང་པོ་ནི་དུག་ཏུ་འགྱུར་བ་སྤངས་ཏེ་མཐུན་པ་བསྟེན་པའོ། །གཉིས་པ་ནི། འཇམ་ཡང་ལ་སོགས་པ་བསྟེན་ནོ། །གསུམ་པ་ནི། ཉིན་སྤངས་ཏེ་མཚན་བསྟེན་ནོ། །བཞི་པ་ནི། ཡིད་དུ་འོང་བ་དག་གོ། །ལྔ་པ་ནི། འདོད་པའི་ཡོན་ཏན་ལྷག་མ་སྔ་མ་བཞིན་ལམ་དུ་བྱེད་པའོ། །དྲུག་པ་ནི། སེམས་གཏད་སོ་ཅུང་ཟད་ཀྱང་མེད་པར་ཕྱད་དེ། ལྷོད་དེ། ཕྱམ་མེ། ཝལ་ལེ་བཞག་པའོ། །བདུན་པ་ནི། ལོག་པ་བགྲོད་པ་སྤང་བ་སྟེ། འདི་ལྟར་ཟས་ཀྱིས་ཁམས་གསོ་ཞིང་ཚོགས་ལ་གནས་པ་ནི་བསྒྲུབ་བྱ་དངོས་སོ། །དེ་ལས་དང་པོ་གཡོ་བའི་ཉམས་སྣ་ཚོགས་འཆར། དེ་ནས་ཐོབ་པའི་ཉམས་སྣ་ཚོགས་འཆར། སླར་གནས་པ་དེ་གོམས་པས་ཉམས་ཡུན་དུ་སྡོད་པ་འབྱུང་། དེ་ནས་བརྟན་པའི་ཉམས་ཅི་ཙམ་འདོད་འདོད་དུ་གནས་པ་འབྱུང་སྟེ། ཉམས་རྣམ་པ་བཞི་པོ་འདི་ཉམས་སུ་མྱོང་ན་ལྟ་བ་ཉམས་སུ་མྱོང་བ་ཞེས་བྱའོ། །ལམ་དུ་སློང་བ་ནི། ཏིང་ངེ་འཛིན་དུ་མའི་སྒོ་ནས་དང་། རླུང་གི་སྒོ་ནས་ཏེ། ཏིང་ངེ་འཛིན་མཚན་བཅས་འཕྲོད་པའི་རིགས་ཀྱིས་ཟླུམ་པོ་དཀར་པོ། གྲུ་བཞི་སེར་པོ། ཟུར་གསུམ་དམར་པོ། ཟླ་གམ་ལྗང་གུ། སྔོ་སང་ཟླུམ་པོ་རྣམས་དང་། འཁོར་ལོ། རིན་ཆེན། པདྨ། རྒྱ་གྲམ། རྡོ་རྗེ་རྣམས་དང་། ༀ་ཨཱཿཧཱུྃ་སྭཱ་ཧཱ་སོགས་ལ་སེམས་གཏད་པའོ། །མཚན་མེད་འཕྲོད་པའི་རིགས་ཀྱིས་ཅི་ལའང་མི་སེམས་པར་བཞག་པའོ། །བསྐྱེད་རིམ་འཕྲོད་པའི་རིགས་ཡོད་དོ། །རླུང་ནི་འཇམ་རླུང་དང་། རྩུབ་པ་ལ། ལྟེ་བའམ། སྙིང་གར་མར་མེ་ལྟ་བུ་བསྒོམ་པ། མར་མེའི་སྙིང་པོ་ལྟ་བུ་ལ་བསྒོམ་པ་དང་། སྤྱི་གཙུག་གམ། སྙིང་། ལྟེ་བར་པ་ཝ་སངས་ལྟ་བུའི་ཐིག་ལེ་བསྒོམ་པ་རླུང་སེམས་འདྲེས་པའི་ཐིག་ལེ་ལ་བཟུང་བ་དང་། སྟེང་འོག་གི་རླུང་ལྕགས་ཀྱུ་གྲོལ་མདུད་ལྟར་བྱ་ལ། སྦྲུལ་མདུད་ལྟ་བུ་ལ་བཟུང་བ་རྣམས་སྟེང་འོག་གི་རླུང་འཇམ་པོ་བདེ་ལུགས་དང་། འགོགས་མེད་དང་སྦྱར་བ་དང་བཞིའོ། །སྐྱིལ་ཀྲུང་ས་གནོན་ལ་རླུང་དྲག་ཏུ་བཟུང་། ནམ་མཁར་རང་ཉིད་གདུགས་དཀར་གྱི་སྟེང་ན་གནས་པ་འཁོར་བར་བསྒོམ་པ་དང་། འཁོར་ལོ་ལ་ཡང་དེ་ལྟར་བྱ་བས། གདུགས་ལ་བརྟེན་པ་དང་། འཁོར་ལོ་ལ་བརྟེན་པ་ཞེས་རྩུབ་པའོ། །དེ་ལ་སོགས་པ་ཐབས་དུ་མས་བསླང་ངོ་། །སྐབས་འདིའམ། ཐབས་བཟུང་གི་སྐབས་སུ། བརྡལ་བ་ནམ་མཁའ་བཞིན། བཏང་བ་སྤྲེའུ་བཞིན། ཟིན་པ་ཕྱེ་བཞིན། རྙོགས་མེད་ཆུ་བཞིན། དྲན་པ་བཞིན། བོར་བ་བཞིན། སྙེགས་པ་བཞིན། བཅད་པ་བཞིན་ནོ། །ཞེས་བརྒྱད་པོ་བཞག་ཐབས་ཀྱི་རྣལ་འབྱོར་ཏེ། བཅད་ཅེས་བྱ་བ་ནི་མཐའི་དྲི་མ་བཅོ་བརྒྱད་བཅད་དེ། བཙལ་ན་སྟོར། བཀག་ན་ཉམས། བཅོས་ན་བསླད། བསྒོམ་ན་འཆལ། རྩོལ་ན་བྲལ། དགུག་ན་བྲོས། ལྟ་ན་ཡལ། དྲན་ན་ཡེངས། མྱང་ན་ཤོར། གཟོབ་ན་འདྲེས། བགྲོད་ན་འཁྱམས། ངའོ་སྙམ་ན་ལྟུང་། རྟོག་གོ་སྙམ་ན་སྟོང་། སེམས་ལ་རྣམ་རྟོག་ལངས་ན་ཕུང་། གཏང་འཛིན་བྱེད་ན་གནོད་ཅིང་བརླག །བྱུང་ཚོར་གྱི་རྗེས་སུ་འབྲེངས་ན་འཁོར། བྱིང་རྨུག་གི་དབང་དུ་སོང་ན་འཐིབ། སྤང་བླང་བྱེད་ན་འཛོལ་ཞེས་ཏེ་ཐ་མ་ཁོ་ནར་བསྡུས་སོ། །ལྟ་བ་ངོ་སྤྲད་པ་ནི། དང་པོར་གསེར་གྱི་བྲག་རི་གཡུ་ཡིས་བརྒྱན་པའི་རྩེར་གསེར་གྱི་མཆོད་རྟེན་འོད་གསལ་བ་བསྒོམ་སྟེ། ཡིད་ལ་གསལ་ན་དེ་ཕྱོགས་བཅུ་གང་ན་གནས་པ། དེ་ཕྱོགས་གང་ནས་དེར་འོང་། ཕྱོགས་གང་དུ་འགྲོ་ཞེས་དང་། ནང་ལུས་ཀྱི་ཕྱོགས་ལ་ཡང་དེ་ལྟར་ཏེ། ཤར་ན་གནས་སམ། ཤར་ནས་བྱུང་ངམ། ཤར་དུ་སོང་ངམ་ཞེས་གསུམ་གྱིས་ཕྱེ་བའམ། རྣམ་དབྱེ་དུ་མས་བཙལ་ལོ། །དེ་ནས་རྨི་ལམ་དུ་དེ་ལྟ་བུ་རྨིས་པ་དེ་ཞེས་སྔ་མ་ལྟར་བརྟགས་པ་དང་། དེ་དག་ཇི་ལྟ་བར་དངོས་སུ་གསེར་རི་མཆོད་རྟེན་གྱིས་བརྒྱན་པ་ཡང་ཞེས་བརྟག་གོ། །གསེར་རིས་མཚོན་ནས་ས་ཅི་སྙེད་པ་སྟེ། སྒོམ་སྣང་། གཉིད་སྣང་། དངོས་སྣང་གསུམ་ལས་རིམ་བཞིན་བལྟའོ། །དེ་བཞིན་དུ། ཆུ། མེ། རླུང་། མཁའ་དང་། དམྱལ་བ། ཡི་དྭགས། དུད་འགྲོ། མི། ལྷ་མིན། ལྷ་རྣམས་དང་། གཉེན་དགྲ་སོགས་ཀྱིས་མཚོན་ནས། འདོད་ཆགས། ཞེ་སྡང་། གཏི་མུག །ང་རྒྱལ། ཕྲག་དོག་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟའི་སངས་རྒྱས་རྣམས་དང་། གནས། དུས། སྟོན། འཁོར། ཆོས་རྣམས་ལ། སྒོམ། རྨི། དངོས་གསུམ་གྱིས་གཏན་ལ་དབབ་སྟེ། ངེས་པ་མཐོང་མཐོང་དུ་བྱའོ། །དེ་ཐམས་ཅད་བྱུང་སོང་གནས་པ་མེད་པས། རང་བཞིན་མེད་པས། མེད་ཀྱང་རྣམ་པར་སྣང་ཙམ། རྟག་ཆད་ཡོད་མེད་ཀྱི་འཛིན་པ་ལས་གྲོལ་བའི་མཐོང་བ་སྐྱེས་ན་ངོ་འཕྲོད་པ་སྟེ། སྤྲོད་འཕྲད་བྲལ་རླུང་ཞུགས་ཤེས་འབྱུང་ངོ་། །འབྱུང་ལྔ་རང་བྱུང་སྐྱེ་མེད་དུ་ངོ་སྤྲད། འགྲོ་དྲུག་རང་བྱུང་སྐྱེ་མེད་དུ་ངོ་སྤྲད། དུག་ལྔ་རང་བྱུང་། སངས་རྒྱས་རང་བྱུང་། ཕུན་ཚོགས་རང་བྱུང་སྐྱེ་མེད་དུ་ངོ་སྤྲོད་ཅེས་ལྔ་པོ་འདི་དང་། གཞན་ཡང་ཅི་རིགས་སུ་ཤེས་པར་བྱའོ། །ཡང་ན་སྣང་བ་སེམས། སེམས་སྟོང་པ། སྟོང་པ་གཉིས་མེད། གཉིས་མེད་རང་གྲོལ་ཞེས་ངོ་སྤྲད། ཡང་ན་འོག་གི་རྫོང་བཞིས་ངོ་སྤྲད་ཀྱང་རུང་སྟེ། གང་ལའང་ཡང་ཡང་འདྲིས་ཤིང་ཐག་བཅད་པར་བྱ་བ་ནི་གནད་དོ། །གནད་ཀྱིས་བཞག་པ་དང་། རང་གནས་པ་དང་། རང་འཕྲོ་བ་རྣམས་ཁྱད་མེད་དུ་གྲོལ་བར་མཐོང་ན་ངེས་པ་རྙེད་པ་ཞེས་བྱ་སྟེ། དེ་ལྟ་བུ་ནི་བར་གྱི་ཏིང་ངེ་འཛིན་ནོ། །མཐའི་ཏིང་ངེ་འཛིན་ནི། བསྲེ་བ་གསུམ་དང་མན་ངག་ཉི་ཤུ་སྟེ། ལུས་ངག་ཡིད་ཀྱི་ཀུན་སྤྱོད་འགྲོ་འདུག་སྨྲ་སེམས་མ་ལུས་པ་དང་སྦྱར་ཏེ་བསྒོམ་པ། ཉིན་པར་ལས་དང་བྱ་བ་དང་བསྲེ་བ་ཞེས་བྱའོ། །མཚན་བཅས་ལྟར་ན། སྙིང་ཁར་ༀ་ཨཱཿཧཱུྃ་སྭཱ་ཧཱ་སོགས་ལ་སྦྱར་ཏེ་བསྒོམ་པ་དང་། ལྟ་བ་མཐོང་བའི་ངང་ལས་མ་གཡོས་པར་གཉིད་པས་འོད་གསལ་ལམ། རྨི་ལམ་གྱིས་བསྒོམས་པས་འགྲུབ་སྟེ་མཚན་མོ་གཉིད་དང་རྨི་ལམ་དང་བསྲེ་ཞེས་བྱའོ། །འོད་ཀྱི་གོང་བུ་སོགས་འཕེན་འདུན་གྱིས་སྦྱོར་བའམ། སྐྱེ་འགག་མེད་པའི་གཤིས་ལ་བློ་དེས་པས་དོན་བསྒྲུབས་ལ། འཆི་དུས་ཤེས་རབ་ཕར་ཕྱིན་དང་བསྲེ་ཞེས་དེ་ལྟར་བསྲེ་བ་གསུམ་ལ་བསྒོམ་བདག་གཏོད་ཅེས་ཀྱང་བྱའོ། །དྲན་པ་གདོད་ནས་དྲན་མེད་དུ་གནས་པ་རང་གསལ་བ་དང་། ཤར་སྣང་ཇི་སྙེད་པ་དེ་ཉིད་དུ་ངེས་པ་དང་། ཤར་གྲོལ་མཉམ་པ་དང་། གདོད་མའི་བབས་རྣམས་ལ་རྫོང་ཞེས། དྲན་པ་གཞིར་བཞེངས་ལྟ་བའི་རྫོང་། །མཐོང་ཚེ་དེ་ཉིད་སྒོམ་པའི་རྫོང་། །ཐུག་འཕྲད་རང་གྲོལ་སྤྱོད་པའི་རྫོང་། །སྐྱེ་བ་མེད་དེ་འབྲས་བུའི་རྫོང་། །ཞེས་བྱ་བ་ཡིན་ནོ། །ཐམས་ཅད་དུ་དྲན་འཛིན་བརྟན་པ་དང་། ཉིན་མཚན་སྔ་ཕྱི་བར་གྱི་དུས་བཞིའམ། ཐུན་བཞིར་བསྒོམ་ལ་བརྩོན་པ་དང་། ལུས་ངག་ཡིད་གསུམ་ལྷུག་པ་ལས་མི་གཡོ་བ་དང་། ངོ་སྤྲོད་ཀྱི་ཚིག་བཞི་གནད་ལ་དབབ་པ་རྣམས་རྫོང་ལ་འཇུག་པའི་ལམ་འཕྲང་སྟེ། དང་པོ་ཉམས་ལེན་མཁན་གྱིས་དགོས་སོ་ཞེས། ཤེས་བྱ་རྩིས་ཟིན་ལྟ་བའི་འཕྲང་། །དུས་བཞི་མཉམ་སྦྱོར་སྒོམ་པའི་འཕྲང་། །སྒོ་གསུམ་རང་གྲོལ་སྤྱོད་པའི་འཕྲང་། །གབ་པའི་ཚིག་བཞི་འབྲས་བུའི་འཕྲང་། །ཞེས་བྱའོ། །ངོ་སྤྲོད་མཆོག་ཐོབ་པ་དེ་འཕྲང་དང་རྫོང་མི་དགོས་པར་སྣང་སྲིད་ཡངས་པ་ཆོས་སྐུའི་ཀློང་དུ་གྲོལ་ལོ་ཞེས། གཅིག་ཤེས་ཀུན་གྲོལ་ལྟ་བའི་ཀློང་། །ཟབ་མོ་ཉམས་དྲུག་སྒོམ་པའི་ཀློང་། །ཚོར་བ་རྗེས་མེད་སྤྱོད་པའི་ཀློང་། །བྱར་མེད་བློ་འདས་འབྲས་བུའི་ཀློང་། །ཞེས་སོ། །དེ་ལ་བརྟན་པ་ཐོབ་པས་གདིང་དུ་འགྱུར་ཏེ། རང་བྱུང་ཡེ་ཤེས་ལྟ་བའི་གདིང་། །ཡེ་ཤེས་རང་ས་བསྒོམ་པའི་གདིང་། །ཡེ་ཤེས་ཟང་ཐལ་སྤྱོད་པའི་གདིང་། ཡེ་ཤེས་སྤྱི་བླུགས་འབྲས་བུའི་གདིང་། །ཞེས་སོ། །དེ་ཉིད་ལྷ་བཞིར་གྲུབ་སྟེ། སྐྱེ་མེད་ཚིག་གཅིག་ལྟ་བའི་ལྷ། །ཤེས་བྱ་གཅིག་ཆོད་སྒོམ་པའི་ལྷ། །འདའ་ཀ་འཆི་བྲོད་སྤྱོད་པའི་ལྷ། །དབུལ་མོ་གཏེར་འཕྲད་འབྲས་བུའི་ལྷ། །ཞེས་བྱ་བ་རྣམས་ཡིན་ནོ། །འཇིགས་མེད་ཕྱོགས་མེད་ཀྱི་རིག་པ་ལ། །ཕྱོགས་འཛིན་གྱི་ལྟ་བས་ཅི་བགྱིས། །རང་སེམས་ཆོས་ཉིད་ཀྱི་དཀྱིལ་འཁོར་ལ། །དམིགས་གཏད་ཀྱི་སྒོམ་པས་ཅི་བགྱི། །ཅི་བྱེད་བྱང་སེམས་ཀྱི་ཆོ་འཕྲུལ་ལ། །བཟང་ངན་གྱི་སྤྱོད་པས་ཅི་བགྱི། །རྣམ་རྟོག་རང་བྱུང་གི་ཡེ་ཤེས་ལ། །སྤོང་འགེགས་ཀྱི་འཁྲུལ་པས་ཅི་བགྱི། །ཐམས་ཅད་ཡེ་དག་གི་ངོ་བོ་ལ། །སྒྲུབ་འདོད་ཀྱི་འཆིང་བས་ཅི་བགྱི། །རང་སེམས་སངས་རྒྱས་ཀྱི་རྒྱལ་པོ་ལ། །གསར་ཐོབ་ཀྱི་འབྲས་བུས་ཅི་བགྱི། །ཞེས་ཟབ་མོའི་ཚིག་དྲུག་སྟེ། དེ་ཉམས་སུ་མྱོང་བར་བྱའོ། །རིག་འཛིན་དཔའ་བོ་མཁའ་འགྲོའི་མཆོད་པ། སྣ་ཚོགས་བདུན། མཎྜལ་གསོལ་འདེབས་རྣམས་དང་ལྡན་པས། སྣང་བ་རྣམས་རང་གྲོལ་དུ་ངོ་སྤྲོད་པ་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་། སྔ་ཕྱི་བསྲེ་བའི་ཤེས་པ་སོགས་མེད་པར་རིག་པ་རང་གསལ་མར་མེའི་སྙིང་པོ་ལྟར་ངོ་སྤྲད་པ་རིག་པ་རང་གསལ་གྱི་དབང་། ནམ་མཁའ་ལྟ་བུ་ཡེ་ཇི་བཞིན་པའི་ཆོས་ཉིད་བསམ་བྲལ་དུ་ངོ་སྤྲད་པ་ཡེ་ཤེས་སྤྱི་བླུགས་ཀྱི་དབང་སྟེ་གསུམ་པོ་ཆོ་གར་བྱས་ཀྱང་རུང་། ངོ་སྤྲོད་རྣལ་མ་ཐོབ་ནས་ངེས་ཤེས་སྐྱེས་ན་ཆོ་ག་མེད་ཀྱང་ཐོབ་སྟེ། བསྐུར་ཐོབ། མ་བསྐུར་ཐོབ་སོགས་མུ་བཞིས་ཤེས་སོ། །དེས་སྙན་བརྒྱུད་རིན་པོ་ཆེ་བསྡུས་ཏེ་ལག་ཏུ་ལེན་ཚུལ་ཡིན་ལ། རྒྱས་པར་གདབས་དཔུང་ཆ་ལག་དང་བཅས་པར་རྒྱས་པར་གསལ་བས་དེར་བལྟའོ། །རབ་ཡངས་ལྟ་བའི་མཁའ་ལ་སྤྱོད་འདོད་ན། །ཇི་བཞིན་ལྟ་བ་མངོན་དུ་བྱེད་པའི་གནད། །མགོན་པོ་རྣམ་པར་སྣང་མཛད་ཐུགས་ཀྱི་བཅུད། །ཡང་དག་ངེས་པའི་གསང་འདི་བསྒོམ་པར་མཛོད། །གང་དག་ཕྱོགས་ཞེན་དྲི་མས་སྦགས་བློ་ཅན། །ཟབ་མོའི་ཆོས་ལ་གཤེད་མ་ལྟར་མཐོང་བ། །དེ་འདྲའི་སྨྲ་བས་གྲོལ་བའི་སྒོ་འགེགས་ཏེ། །ཁྱེད་ཅག་འབད་དེ་བསམ་མི་ཁྱབ་དྲན་བྱའོ། །གང་འདི་སངས་རྒྱས་ཀུན་གྱིས་ཕྱག་མཛད་དེ། །ལེགས་པར་གྲུབ་པ་རིན་ཆེན་དམ་པའི་ཆོས། །ལོག་པར་མཐོང་སྨྲ་དམྱལ་བའི་ལྕགས་ཀྱུ་ཆེ། །གང་ལ་བསྣུན་པ་ཉམས་བྱེད་འཇིགས་སུ་རུང་། །ཕུང་ཁྲོལ་དབྱིག་བརྩེགས་དེ་འདྲ་མི་མཐོང་ཞིང་། །མི་ཐོས་མི་དྲན་ཡང་ན་དེ་ཡི་གཉེན། །སྨིན་གྲོལ་བླ་མེད་རབ་སྦྱིན་ཉིད་གྱུར་ཏེ། །འགྲོ་ཀུན་མཆོག་གི་ལྟ་ལ་སྦྱོར་གྱུར་ཅིག །སྙན་བརྒྱུད་རིན་པོ་ཆེའི་ཁྲིད་ཀྱི་མན་ངག་མཁའ་དབྱིངས་སྙིང་པོའི་བདེ་ཁྲིད་ཅེས་བྱ་བ། དཔལ་མཁའ་སྤྱོད་པས་ཆུ་བོ་གངྒཱ་གསེར་ལྡན་དང་ཉེ་བའི་ལྗོངས་སུ་བྲིས་པའོ། །རྣམ་པར་སྣང་མཛད། གཞོན་ནུ་ཡེ་ཤེས། ཨ་རོ་ཡེ་ཤེས་འབྱུང་གནས། བསོད་ནམས་སྙིང་པོ། དཔལ་དུས་གསུམ་ཤེས་བྱ་ཀུན་མཁྱེན། ལྡན་རིན་ཆེན་ཞེས་བྱ་བ་ནི་ཉེ་བརྒྱུད་དོ། །གཞན་ནི་སྣ་ཚོགས་སོ། །མངྒ་ལཾ།། ༈ །།བྱང་སེམས་སྙིང་པོའི་པྲ་ཁྲིད་བཞུགས་སོ། །ལྷུན་གྲུབ་བྱང་སེམས་བསྒོམ་པར་མོས་ན། སྔོན་འགྲོ་སྙན་བརྒྱུད་ཉིད་དང་མཐུན་ཏེ། དངོས་གཞི་ལ་པཎྜི་སྔོན་དུ་ཤེས་པས་མཐའ་བཅད་པ། ཏའི་ལུགས་དང་། ཀུ་སུ་ལུའི་སྒོམ་པ་ཁོ་ན། ལུགས་ལས་འདི་ཕྱི་མའོ། །དེ་ལ་སེམས་བཟུང་བ། སེམས་ལམ་དུ་བླང་བ། དང་པོ་ལ་བཟུང་ཐབས་ཟིན་རྟགས་ལས། དང་པོ་སྐྱིལ་ཀྲུང་ས་གནོན། རླུང་ཡིད་ཙམ་བཅིང་བའམ་རྒྱ་ཡན་ལ་སེམས་རྟེན་མེད་དུ་བཞག་ཅིང་། གདུགས་དང་འཁོར་ལོ་ཡང་འོག་རླུང་དྲག་དང་སྦྱོར་ལ་དྲག་ཏུ་བསྒོམས་ཏེ། ཞི་དྲག་གི་རྣལ་འབྱོར་རོ། །ལྕགས་སྦུབ་ཏུ་ཆུ་འདུས་པ་ལྟ་བུ། ལྟར་འདུས། མེ་སྟག་འཕྲོ་བ་ལྟ་བུ། ཤར་ཡལ། རྩ་མཆོག་སེར་བུས་གདུང་བ་ལྟ་བུ། ལུས་བདར། རུས་སྦལ་མཁར་གཞོང་ལྟ་བུ། འཕྲོ་མི་ནུས་པ། རྒུན་སྙེ་བ་ལ་བ་ལྟ་བུ། མེར་མེར་འཕྲོ། དྲི་བཞོན་དལ་གྱིས་ལྡང་བ་ལྟ་བུ་དང་དྲུག་གོ། །གཡོ་ཡང་མེད་པ་ལྟར་གསལ་ཡང་མི་འགྱུ་བ། སེམས་བཟུང་བའི་མན་ངག་གོ། །དྷ་ཐིམ། གཉིས་པ་ལ། གཞི་སྙིང་པོའི་དོན། ལམ་རྟོགས་པའི་དོན། འབྲས་བུ་རྫོགས་པའི་དོན་ལས། གཞི་ལ། ཡིན། སྣང་། ཤར་གསུམ། འདི་ལྟར་སྣང་སྲིད་འཁོར་འདས་སུ་སྣང་བ་འདི་ཐམས་ཅད་ཆོས་ཉིད་ཡིན། དེ་ཉིད་དུ་སྣང་། དེ་ཉིད་ཤར་ཞེས་རྒྱས་པར་ངོ་སྤྲོད་པའི་མན་ངག །དྷ་ཐིམ། ལམ་ལ་འཁོར་བ་ལུགས་འབྱུང་དང་ལུགས་ལྡོག་གཉིས་ལས། དང་པོར་རང་གིས་རང་བཅིངས། དར་སྲིན་ནམ་རྒྱལ་བུ་ལྟར་རང་གིས་རང་མ་རིག་སྟེ། རྒྱུ་ལྷན་སྐྱེས་ཀྱི་མ་རིག་པ། རྐྱེན་ཀུན་བརྟགས་ཀྱི་མ་རིག་པ། འབྲས་བུ་འགྲོ་བ་རིགས་དྲུག །ཉེས་པ་སྡུག་བསྔལ། རང་ངོ་མ་རྟོགས་པ་ཉིད། དཔེ་ཐག་སྦྲུལ་དར་སྲིན་སོགས་ཆོས་དྲུག་ལྡན་ལུགས་འབྱུང་སྟེ། གདམས་ངག་གིས་བཟློག་པར་བྱ་བ་ལ། གདམས་ངག་འདེབས་ཚུལ། བརྩོན་འགྲུས་ཅན་ཚེ་འདིར་བཏབ་པས་གྲོལ་བ་དང་། ལེ་ལོ་ཅན་འཆི་ཁར་བཏབ་པས་གྲོལ་བའོ། །དང་པོ་ལྟ། སྒོམ། སྤྱོད་པ་སྟེ། ལྟ་བ་གདིང་མེད་བྱ་སྒྲོ་རླུང་ཁྱེར་ལྟ་བུ། འཇུག་སྒོ་ལམ་བྲལ་ལག་རྡུམ་བྲག་འཛེགས། སྤྱོད་པ་གྲོགས་མེད་དམུས་ལོང་མཐར་འཁྱམས་གསུམ་སྤངས་ལ། ལྟ་བ་གདིང་ལྡན་ཁྱུང་ཆེན་མཁར་ལྡིང་། འཇུག་སྒོ་ལམ་ལྡན་གར་སྤྱིན་སྦྲང་འབྱར། སྤྱོད་པ་གྲོགས་བཅས་བྷི་ཤྭ་ཀརྨ་རྣམས་ཤེས་པར་བྱ། ལྟ་བ་བཀོལ་བཏུབ། སྒོམ་པ་ལམ་སློང་། སྤྱོད་པ་ཤུགས་འབྱུང་ཞེས་པ་དགོས་ལ། ལྟ་བ་ཁ་ཚིག །སྒོམ་པ་རྩབ་ཧྲལ། སྤྱོད་པ་ཚུལ་འཆོས་སུ་མ་ཤོར་བ་གལ་ཆེའོ། །ལྟ་སྒོམ་སྤྱིའི་གོ་དོན་ནོ། །དྷ་ཐིམ། འདི་ལྟར་སྣང་བའི་འདི་ཐམས་ཅད་ཕན་པ་ཕྱོགས་གཅིག་ཏུ་གྲུབ་པའང་མེད། གནོད་པ་ཕྱོགས་གཅིག་ཏུ་གྲུབ་པའང་མེད། སྣང་བ་ཕྱོགས་གཅིག །མུན་པ་ཕྱོགས་གཅིག །སྨན་ཕྱོགས་གཅིག །དུག་ཕྱོགས་གཅིག་ཏུ་གྲུབ་པའང་མེད། ས་མིག་ལ་གནོད་དེ། ས་བོན་ལ་ཕན། མིའི་སྣང་བ། འབྱུང་པོའི་མུན་པ། མིའི་དུག །རྨ་བྱའི་སྨན། དེ་བས་ན་ཆོས་ཐམས་ཅད་ཇི་ལྟར་སྣང་ཡང་རང་སེམས་ཞེས་བྱའོ། །རང་སེམས་དེ་གཟུགས་སྒྲ་དྲི་རོ་སོགས་མ་རྙེད་དེ་སྟོང་པ། སྟོང་པ་དེ་རང་བཞིན། སྣ་ཚོགས་དེ་རང་རྩལ། དེ་གཉིས་གདོད་ནས་གཉིས་མེད་རོ་མཉམ། གཉིས་མེད་དེ་ཡེ་ནས་རང་གྲོལ་བས་དེ་ཉིད་སངས་རྒྱས་ཆེན་པོ་ཞེས་བྱའོ། །འོད་གསལ་ཞེས་ཀྱང་བྱའོ། །མིང་སྣ་ཚོགས་སོ། །ལྟ་བ་བཞི་སྦྱོར་དུ་ངོ་སྤྲོད་པའི་མན་ངག་གོ། །བརྡ་ཐིམ། མན་ངག་གི་གནད་བཙལ་བའི་ཐོས་པ་བྱ་བ། གཡེང་བ་དོར་བ། འདུ་འཛི་སྤང་བ། མཐའ་གཉིས་སྤང་བ། ཟས་གོས། ཡོ་བྱད་བཅད་པ། ཕྱི་ནང་གི་དགོན་པ་བསྟེན་པ་སྟེ། སྔོན་འགྲོ་བཞིས་སྒོམ་ཆས་སུ་གཞུག་པའི་མན་ངག་གོ། །དྷ་ཐིམ། སྟན་ལ་ལུས་གནད་བཅས་ལ་ལྟ་ཐོག་ཏུ་བཞག་ལ་ལྟ་བས་མཚམས་སྦྱར་ཏེ་བསྒོམ་པ། ལུས་ཁོ་ན་སྲང་དུ་བཅུག་སྟེ་བྱ་བ་སྒོ་བཅད་པའི་མཚམས་སྦྱོར། ལུས་གནད། ངག་དབྱངས། སེམས་ལྟ་གསུམ་ཀ་དང་ལྡན། སྒོ་གསུམ་གྱི་མཚམས་སྦྱོར་ཞེས་རབ་འབྲིང་ཐ་མའི་མཚམས་སྦྱོར་གསུམ་གསུམ་མན་ངག་གོ། །དྷ་ཐིམ། ནམ་མཁའི་མཚན་ཉིད་དཔེ། སེམས་ཀྱི་མཚན་ཉིད་དོན། གཉིས་མེད་ཆོས་ཀྱི་ཆོས་ཉིད་དུ་ངོ་སྤྲད་པ་ཉིད་གསུམ་བསྲེ་བའི་མན་ངག་གོ། །བཏང་སྟེ་འགྲོ་སར། ལོག་ན་ལེགས་པར་བཙལ་བ་སེམས་འཚོལ་བ་རྗེས་མེད་ཀྱི་མན་ངག་གོ། །ཀུན་གཞི་སྒོ་ལྔ་རྟོག་མེད་དུ་བཞག་པ་ཡིད་ཕྲ་མ་མཁན་བསྐྱར་འདོན་གྱི་མན་ངག་གོ། །ལུས་བོར་ཐབས་སོ། །སེམས་ཡལ་ཐབས་ནི་བྱང་སེམས་ཅོག་བཞག་མའི་མན་ངག་སྟེ་ཟབ། མན་ངག་བཞིས་བསྒོམ་དངོས་ངོ་སྤྲད་པ། དྷ་ཐིམ། ཁྱུང་ཆེན་མཁའ་ལྡིང་། ཐི་བྱ་ཚང་འཇུག །བྱ་བཏང་སྐྱེས་བུ་གསུམ་ནི་བཞག་ཐབས་སོ། །བྱིང་རྒོད་བྱུང་ན། ཁྱིམ་སྟོང་གི་རྐུན་མ་ལྟར་བཅོས། སྔགས་གསད་དུག་ལྟར་བཅོས། ནམ་མཁའ་སྤྲིན་ལྟར་བཅོས་པ་རྣམས་རབ་ལྟ་བས་བཅོས་པ། གོས་ཟས་གནས་སོགས། འབྲིང་སྤྱོད་ལམ་གྱིས། ལུས་ལ་བདེ་བ་སྐྱེས་པ་རི་བོ་ཞགས་བཞི། ལྗོན་པའི་རྩེར་གནས། ནམ་མཁའ་ཡོངས་དག །སྟོང་པ་སྒོ་འབྱེད་བཞི་དང་། ངག་ལ་སྐྱེ་བ་གླུ་དབྱངས་སོགས། སེམས་ལ་སྐྱེ་བ་སྙིང་ཁའི་ཐིག་ལེ་དཀར་རྣམས་བྱིང་བ་བཅོས་པ། འཇུག་པའི་སྒོ་དགག །འགྲོ་བའི་ལམ་བཅད། གནས་པའི་ཕུག་རྡིབས་གསུམ། རྒོད་སེལ་ཏེ་ཁྱིའུས་འབྱིན་ལྟ་བུ། ཐ་མ་གདམས་ངག་གིས་བཅོས་པ་སྟེ། བཅོས་ཐབས་གསུམ་གྱི་མན་ངག་གོ། །རྟ་དམུ་རྒོད་ལྟར་གཅུན། རིན་ཆེན་གཏེར་ལྟར། རྒྱལ་པོའི་བཙུན་མོ་ལྟར་ཞེས་གཅུན་ཐབས་གསུམ་མོ། །མར་མེ། རྒྱ་མཚོ། ཤིང་བལ་གསུམ་ཚད་གསུམ་མོ། །ལུས། དབུགས། རྟོག་གསུམ་དུ་ཡོད་དུ་མི་ཚོར་དྲོད་གསུམ་མོ། ལུང་སྟོན། མངོན་ཤེས། སྣང་བ་ལམ་སློང་རྣམས་ཕྱི་ནང་གསང་བ་རྟགས་གསུམ་མོ། །དེ་ལྟར་བཞག་ཐབས་ནས་རྟགས་ཀྱི་བར་ཐབས་དྲུག་གིས་བསྒོམ་གྱི་གཞུང་སྲང་བའི་མན་ངག་གོ། །དྷ་ཐིམ། ལུས་སྟོང་པ་སྙམ་བྱེད། ཡེ་མེད་པ་སྙམ་བྱེད། དུམ་བུ་ཙམ་ལས་མེད་པ་སྙམ་བྱེད་ཕྱིའི་རྟགས་ཐབས་གསུམ། ས་ལེ་ཡོད་པ་སྙམ། སངས་ཀྱིས་སོང་བ་སྙམ། ཕྱད་ཀྱིས་སོང་བ་སྙམ་ནང་གི་གསུམ། མེར་མེར། ཆིལ་ཆིལ། དགའ་ཡ་ལེ་གསུམ་ནི་གསང་བའི། རིག་པ་རང་གྲོལ་བ་མཐར་ཐུག་གི་གཅིག་སྟེ་བསྒོམ་སྣང་བཅུས་བསྒོམ་ངོས་བཟུང་བའོ། །བརྡ་ཐིམ། གསུང་རབ་ལྟ་བ་སོགས་ལྟ་བས་བསྐྱེད་གདོན། དབེན་པར་སྔགས་སྤྱོད། བྱ་བ་གསང་སྤྱོད། གོམས་ནས་ཕྱག་རྒྱ་ལྷན་ཅིག་ཀུན་ཏུ་རྒྱུ་བ་རིགས་སྤྱོད་སྤྱོད་པས་བསྐྱེད་གདོན་པ། ཤ་ལྔ་སོགས་བསྟེན་པ་བདུད་རྩིས་བསྐྱེད་གདོན་པ་སྟེ་བོགས་འདོན་གསུམ་མོ། །བརྡ་ཐིམ། ཕུང་པོའི་བདུད་ལམ་གྱི་གཞི། ཉོན་བདུད་ལམ་དངོས། ལྷ་བུ་ལམ་གྲོགས། འཆི་བདག་ལམ་གྱི་རྒྱན་དུ་བྱ་བ་བདུད་བཞི་རྣམ་རྒྱལ། བརྡ་ཐིམ། ཉིན་པར་ལས་དང་བྱ་བ། མཚན་མོ་གཉིད་རྨི་ལམ་མཚམས་སུ་ཡེ་ཤེས་བཞི་སྦྱོར་དང་བསྲེ་ཞེས་བསྲེ་ཐབས་གསུམ། དྷ་ཐིམ། བྱིང་རྒོད་བཅོས་པས་སོ་སྐྱེའི་གོལ་ས་གཅོད། རྟག་ཆད་བྲལ་བས་མུ་སྟེགས་གོལ་ས་གཅོད། བློས་བྱས་ཞིག་པས་སྐྱེ་མཆེད་མུ་བཞིའི་གོལ་ས་གཅོད། ཐི་བྱ་ལྟར་རམ་ཐོས་བསམ་གྱིས་ཐེག་ཆེན་བསམ་གཏན་གྱི་གོལ་ས་གཅོད་དེ་གོལ་ས་བཞི་བཅད་པའོ། །བརྡ་ཐིམ། འཕྲལ་གྱི་ཕན་ཡོན། ཡུན་གྱི་ཕན་ཡོན། ཡོན་ཏན་ཐམས་ཅད་འདུས་པའི་ཕན་ཡོན། ཚེགས་ཆུང་དོན་ཆེའི་ཕན་ཡོན་ཏེ་ཕན་ཡོན་བཞིའོ། །དྷ་ཐིམ། དེ་ལྟར་སྒོམ་ཆས་སུ་གཞུག་པ། སྒོམ་མཚམས་སྦྱོར་བ། སྒོམ་དངོས་བསྟན་པ། སྒོམ་གཞུང་བསྲང་བ། སྒོམ་ངོས་བཟུང་བ། སྒོམ་བོགས་འདོན་པ། སྒོམ་བདུད་ལས་རྣམ་རྒྱལ། སྒོམ་དོན་ལ་བསྲེ་བ། སྒོམ་གོལ་ས་ཆད་པ། སྒོམ་དཔལ་ཡོན་ཕུན་ཚོགས་ཞེས་དོན་བཅུས། སྒོམ་ཞིབ་ཚགས་སུ་གདབ་པའོ། །དྷ་ཐིམ། གཏད་མེད་སྨྱོན་པ་ལྟ་བུ། ཞེན་བྲལ་བུ་ཆུང་ལྟ་བུ། ཆད་མེད་འོན་ལྐུགས་ལྟ་བུ་གསུམ་ཤེས་རབ་དང་མཐུན་པའི་སྤྱོད་པ། སྤང་བླང་འཇུག་ལྡོག་ཅི་ལྟར་རིགས་རིགས་སུ་བྱ་བ་ཐབས་དང་མཐུན་པའི་སྤྱོད་པ། གཡོ་སྒྱུ་ཟོལ་ཟོག་མེད། གནས་ལུགས་དང་སྒོ་གསུམ་རྒྱུན་གྱི་སྤྱོད་པ་སྟེ་རྣམ་གསུམ་སྤྱོད་པའི་འཁོར་ལོའོ། །དྷ་ཐིམ། ལྟ་བ་མཉམ་ཉིད་བཞི་སྦྱོར་ལ། སྒོམ་པ་ཆིངས་བཅུའི་རྒྱན་དང་ལྡན། །སྤྱོད་པ་ཡེ་ཤེས་གསུམ་སྐོར་གྱིས། །འཁོར་བ་བདེ་ཆེན་འཁོར་ལོ་བསྐོར། །ཞེས་སོ། །འཆི་ཚུལ་ཤེས་པར་བྱ་བ་འཆི་བ་རྗེས་དྲན། གང་ལའང་སྙིང་པོ་མེད་པར་ངེས་པ་སྐྱེས་པ་རྗེས་དྲན། འཆི་བ་སྐྱེས་པའི་ཆོས་ཉིད་དུ་ངེས་ནས་ཞེན་འཁྲིས་སྐྲག་སོགས་གཏང་བ་གཏོང་བ་རྗེས་དྲན། སྣང་བ་ཐམས་ཅད་སྣ་ཚོགས་གསལ་བའི་ལྷ། རང་རིག་བྱང་སེམས་བདེ་ཆེན་གྱི་ལྷ། འཁོར་བ་ཡེ་དག་སྙིང་པོའི་ལྷར་ངེས་པ་ལྷ་རྗེས་དྲན། ད་ལྟ་དངོས་ཀྱི་བར་དོ། འཆི་དུས་འཆི་ཀ་བར་དོ། ཤི་ནས་སྲིད་པ་བར་དོ་གསུམ་དབྱེར་མེད་དུ་ངེས་པ་བར་དོ་རྗེས་དྲན། སྔགས་བསྒོམ་པ། བར་དོ་ཤར་བ། དྲན་པ་ཡེ་ཤེས་གསུམ་གཅིག་ཏུ་འདྲེས་པ་དོན་གསུམ་གཅིག་དྲིལ་གྱི་མན་ངག་ཅེས་བྱ་སྟེ། ཆོས་ཉིད་རྗེས་དྲན་ནོ། །རྗེས་དྲན་དྲུག་གིས་འཆི་ཁར་བཏབ་གྲོལ་གྱི་མན་ངག་གོ། །བརྡ་ཐིམ། ད་ལྟ་གདབ་གྲོལ། འཆི་ཁར་གདབ་གྲོལ་གཉིས་ཀྱིས་ལམ་རྟོགས་པའི་དོན། དྷ་ཐིམ། བདེ་ཆེན་བྱང་ཆུབ་ཀྱི་སེམས་འདི་ཉིད་སངས་རྒྱས་ཀྱི་དངོས་གཞིའམ་ངོ་བོའོ། །དེ་ཡི་རྩལ་དག་སྣང་ཅན་ལ་ལོངས་སྐུ། འཁྲུལ་སྣང་ཅན་ལ་སྤྲུལ་སྐུ་དུ་མ་སྟེ་རྣམ་པའོ། །ཆོས་ཐམས་ཅད་དེ་ཉིད་དུ་རྟོགས་པ་མཐར་ཕྱིན་པ་ནི་ཐོབ་པའོ། །རབ་འདིར། འབྲིང་འཆི་ཁའི་བར་དོ། ཐ་མ་སྐྱེ་བ་གསུམ་མམ་བདུན་ཚུན་ངེས་པ་སྟེ་དུས་སོ། །དེ་ལྟར་སངས་རྒྱས་ཀྱི་ངོ་བོ། རྣམ་པ། ཐོབ་ཚུལ། དུས་མཚམས་བཞིས་འབྲས་བུ་རྫོགས་པའི་དོན་ནོ། །བརྡ་ཐིམ། གཞི་ནི་གཉུག་མ་སྙིང་པོའི་དོན། །ལམ་ནི་རང་གྲོལ་རྟོགས་པའི་དོན། །འབྲས་བུ་ཡེ་དག་རྫོགས་པའི་དོན། །དོན་གསུམ་སྙིང་པོ་བྱང་ཆུབ་ལམ། །ཞེས་བྱའོ། །དེ་ལྟར་མན་ངག་སྙིང་པོ་གནད་ལ་ཕབ་པ་སྟེ་ལམ་དུ་བྱའོ། །སེམས་ཉིད་ལམ་དུ་བྱེད་པ་ལ། །ཀུན་བཟང་བྱང་སེམས་སྙིང་པོའི་ལམ། །ལམ་རྣམས་ཀུན་གྱི་རྒྱལ་པོ་མཆོག །འདི་ནི་གསང་ཆེན་སྙིང་པོའི་བཅུད། །ཨེ་མ་ཧོ་གྲོགས་དག་བརྩོན་པའི་དཔལ། །ཧ་ཅང་འཕེལ་བ་དེ་ལྟ་ནའང་། །མཐོང་ཤེས་རྟོགས་པས་གྲོལ་མེད་པར། །གྲོལ་བ་རྣམས་སྦྱིན་འདིས་ཚིམ་བྱོས། །སྙན་བརྒྱུད་རིན་པོ་ཆེ་བྱང་སེམས་སྙིང་པོའི་པྲ་ཁྲིད་ཅེས་བྱ་བ་དཔལ་མཁའ་སྤྱོད་པས་རྩ་བ་དང་མཐུན་པར་གངས་ཅན་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྲིས་པའོ།། །།

སློབ་དཔོན་དགའ་རབ་རྡོ་རྗེ་ནས་བརྒྱུད་པའི་རྫོགས་པ་ཆེན་པོ་སེམས་སྡེའི་པྲ་ཁྲིད་ཀྱི་མན་ངག ནམ་མཁའ་རྡོ་རྗེ།

སློབ་དཔོན་དགའ་རབ་རྡོ་རྗེ་ནས་བརྒྱུད་པའི་རྫོགས་པ་ཆེན་པོ་སེམས་སྡེའི་པྲ་ཁྲིད་ཀྱི་མན་ངག་བཞུགས་སོ། །རྫོགས་པ་ཆེན་པོ་སེམས་སྡེ་ཁམས་ལུགས། ༀ་སྭ་སྟི། རང་བཞིན་སྐྱེ་མེད་ཆོས་ཀྱི་སྐུ། །རོལ་པ་འགག་མེད་སྤྲུལ་པའི་སྐུ། །མཚན་ཉིད་དབྱེར་མེད་ལོངས་སྤྱོད་སྐུ། །རིག་པ་རང་གྲོལ་ངོ་བོའི་སྐུ། །འཕོ་འགྱུར་མེད་པ་རྡོ་རྗེའི་སྐུ། །སྐུ་ལྔ་ཡོངས་རྫོགས་ཀུན་ཏུ་བཟང་། །བཀའ་བརྒྱུད་བླ་མར་བཅས་པ་ལ། །དབྱེར་མེད་རང་སྣང་འདུད་ཕྱག་འཚལ། །དེ་ལ་འདིར་ཐེག་པ་དགུའི་ཡང་རྩེ། རྒྱུད་སྡེ་བཞིའི་སྙིང་པོ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་ཏུ་གྱུར་པའི་ལམ། རྣལ་འབྱོར་པ་ཐམས་ཅད་ཀྱི་དོན་དུ་གཉེར་བྱའི་མན་ངག །སྤྲུལ་པའི་སྐུ་མཆོག་དགའ་རབ་རྡོ་རྗེས་མཛད་པའི་རྫོགས་པ་ཆེན་པོའི་པྲ་ཁྲིད་ཀྱི་མན་ངག་འདི་ལ་གཉིས་ཏེ། བླ་མ་བརྒྱུད་ཚུལ་གྱི་རིམ་པ་དང་། མན་ངག་དངོས་སོ། །དང་པོ་ལ་རིང་བརྒྱུད་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། རྒྱལ་བ་དགོངས་པའི་བརྒྱུད་པའོ། །དེ་ནས་སློབ་དཔོན་འཇམ་དཔལ་བཤེས་གཉེན། དྷ་ཧེ་ན་ཏ་ལོ། ཨིནྡྲ་བྷུ་ཏི། གོ་མ་དེ་བ། རབ་སྣང་བརྟན་མ། ཚོགས་ཀྱི་བདག་པོ། འཕགས་པ་ཀླུ་སྒྲུབ། རྡོ་རྗེ་ལེགས་པ་རྩལ། ཀུ་ཀུ་རཱ་ཛ། ཐོར་ཚུགས་དགུ་པ། མར་མེ་མཛད། ཤྲཱི་སིངྷ། བཻ་རོ་ཙ་ནའི་བར། རིག་འཛིན་རིག་པའི་བརྒྱུད་པའོ། །དེ་ནས་གཡུ་སྒྲ་སྙིང་པོ། གསལ་རབ་ཆེན་པོ། རྨ་དཔལ་གྱི་རྒྱལ་པོ། གཉན་བྱང་ཆུབ་ཤེས་རབ། ཡོན་ཏན་འབྱུང་གནས། ཅོག་རོ་སྒོམ་ཆུང་། བྱམས་པ་སྒོམ་ཆེན། བྱང་སྟོན་རྣམ་དག །དམ་པ་བདེ་གཤེགས། ཆོས་རྗེ་གཙང་པ། བྱམས་པ་ཆེན་པོ། སྤྱན་སྔ་བ། གཡན་པ་རིན་པོ་ཆེ། བོ་དྷི་ཤྲཱི། ཆོས་རྗེ་བཛྲ་ཤྲཱིའི་བར་གང་ཟག་སྙན་ནས་སྙན་དུ་བརྒྱུད་པའོ། །ཡང་བྱམས་པ་ཆེན་པོས། ཙ་སྡེ་སྤྱན་སྔ་བ། དྲུང་ཐུགས་རྗེ་ཡེ་ཤེས། སྟོན་པ་དབང་འབྱོར་དཔལ། དེས་བཛྲ་ཤྲཱི་སྟེ། གཡན་པ་དང་། བྱང་ཆུབ་དཔལ། སྟོན་པ་བ་གསུམ་ཀས། དཔལ་འབར་བ་ལ་གང་བྱོའི་ཚུལ་དུ་ཚིག་དོན་མ་ལུས་པ་གནང་བའོ། །ཉེ་བརྒྱུད་ནི། དམ་པ་ཆེན་པོ་ལ་དཔལ་རྡོ་རྗེ་སེམས་དཔས་དངོས་སུ་ཞལ་གཟིགས་ནས་ཡང་དག་པའི་དོན་མ་ལུས་པ་གནང་བའོ། །ཤིན་ཏུ་ཉེ་བརྒྱུད་ནི། རྩ་བའི་བླ་མ་ཉིད་སངས་རྒྱས་དངོས་ཡིན་པར་རྒྱུད་ཐམས་ཅད་ནས་གསུངས་སོ། །བརྒྱུད་པའི་བར་མ་ཆད་པ་ནི་རང་གི་སེམས་ཉིད་རྟོགས་ན་སྐུ་ལྔ་ལྷུན་གྲུབ་ཀྱི་སངས་རྒྱས་ཡིན་པར་གསུངས་སོ། །གཉིས་པ་བརྒྱུད་པ་དེ་ལས་བྱུང་བའི་མན་ངག་ལ་གསུམ་སྟེ། སྔོན་དུ་འགྲོ་བས་རྒྱུད་སྣོད་དུ་རུང་བར་བྱེད་པ་དང་། དངོས་གཞི་ཉམས་སུ་བླང་བའི་རིམ་པ་དང་། རྗེས་འབྲས་བུ་ཅི་ལྟར་ཐོབ་པའི་ཚུལ་བསྟན་པའོ། །དང་པོ་ལ་གསུམ་གྱི་ཐོག་མར་ཡི་གེ་བརྒྱ་པའི་བསྒོམ་བཟླས་དང་། བླ་མའི་རྣལ་འབྱོར་ཐུན་མོང་དུ་བྱ་བ་ནི། བདག་དང་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་ནས་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པ་ཞིག་དཀོན་མཆོག་དྲུག་པོ་འདི་མཁྱེན་སྙམ་པ་བྱས་ལ། བླ་མ་ཡི་དམ་མཁའ་འགྲོ་དང་སངས་རྒྱས་ཆོས་དང་དགེ་འདུན་རྣམས་ལ་སྐྱབས་སུ་འགྲོ་བ་མང་དུ་བྱའོ། །དེ་ནས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱིས། ཐོག་མ་མེད་པ་ནས་བདག་གི་ཕ་མ་བྱས་ཤིང་དྲིན་གྱིས་བསྐྱངས་པ་ཁོ་ན་ཡིན་པ་རྣམས་ད་ལྟ་རིགས་དྲུག་འཁོར་བའི་སྡུག་བསྔལ་མྱོང་བ་འདི་དག་བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ་ནས་སངས་རྒྱས་ཀྱི་ས་ལ་འགོད་པར་བྱེད་པ་ལ། ཐོག་མར་བདག་འཚང་རྒྱ་དགོས་ཏེ། དེའི་ཆེད་དུ་དགེ་སྦྱོར་བྱའོ་སྙམ་དུ་ངེས་པར་སེམས་བསྐྱེད། དེ་ནས་རིན་པོ་ཆེའི་ས་གཞི་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པའི་དབུས་སུ་པདྨ་ཉི་ཟླའི་སྟེང་དུ། རང་གི་སེམས་ཉིད་ཧཱུྃ་དཀར་པོ་ལས་འོད་འཕྲོས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་སྒྲིབ་པ་སྦྱངས་ནས་རྡོ་རྗེ་སེམས་དཔའི་གོ་འཕང་ལ་བཀོད་། འོད་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་བ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དང་དར་སྣ་ལྔའི་ཤམ་ཐབས་བྱས་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ཐུགས་ཀར་ཟླ་བའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བར་ཟླ་བའི་སྟེང་དུ་ཧཱུྃ་ལ་ཡི་གེ་བརྒྱ་པས་གཡས་སུ་འཁོར་བ། རང་གི་སྤྱི་གཙུག་ཉི་ཟླའི་སྟེང་དུ་རྩ་བའི་བླ་མ་དང་དབྱེར་མེད་པའི་རྡོ་རྗེ་སེམས་དཔའ་སྐུ་མདོག་སྔོན་པོ་ནམ་མཁའི་མདོག་ཅན། ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་བསྣོལ་མར་འཛིན་ཅིང་དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་དྲུག་གིས་བརྒྱན་པ། སྣང་ལ་རང་བཞིན་མེད་པ་འཇའ་ཚོན་གྱི་སྐུ་ལྟ་བུའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་བཅས་ཐམས་ཅད་རྡོ་རྗེ་སེམས་དཔའི་རྣམ་པར་བྱོན་ནས་སྤྱི་བོའི་བླ་མ་རྡོ་རྗེ་སེམས་དཔའ་ལ་ཐིམ་པ་ལན་བདུན། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་གཡས་སུ་བསྐོར་བ་དང་། སེ་གོལ་བཅས་པས་ལན་བདུན་ཡི་གེ་བརྒྱ་པ་ཚར་བདུན་བཟླ་བ་རིམ་བཞིན་སྤྲོད། དེ་ནས་བླ་མ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ལས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་བྱུང་ནས་རང་གི་སྤྱི་བོར་བབས། ལུས་ཀྱི་ནད་གདོན་སེམས་ཀྱི་སྡིག་སྒྲིབ་དམ་ཚིག་ཆག་ཉམས་ཐམས་ཅད་འོག་སྒོ་དང་། རྐང་ཞབས་སུ་བུད་ནས་སོང་བས། རང་ལུས་ཕྲུ་མ་ཕུས་བཏབ་པ་ལྟ་བུའི་ནང་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བར་བསམ་ཞིང་། ༀ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ ཞེས་གསལ་དག་ཏུ་བཟླས་ཤིང་། ཐུན་རྟིང་ལ་བདག་གི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བཤགས་སོ། །དག་པར་མཛད་དུ་གསོལ། ཞེས་བརྗོད་ལ་བླ་མ་རང་ལ་བསྟིམ། རང་ཐུགས་ཀའི་རྡོ་རྗེ་ལ། དེ་ཧཱུྃ་ལ། ཧཱུྃ་འཇའ་ཡལ་བ་ལྟར་སོང་ནས་ཆོས་ཀྱི་དབྱིངས་སུ་འདྲེས་པར་བསམ་པའི་ངང་ནས་དམིགས་མེད་དུ་བཞག་ལ་བསྔོ་སྨོན་བྱའོ། །དེ་ནས་རྟགས་ཐོན་པར་བྱེད་པ་གལ་ཆེ་སྟེ། རྟགས་ནི་སྔར་བས་དད་པ་ཆེ་བ། མི་རྟག་པ་རྒྱུད་ལ་སྐྱེ་བ། སེམས་དགའ་ཞིང་དགེ་སྦྱོར་ལ་བློ་འཇུག་པ། སེམས་ཅན་ལ་བྱམས་སྙིང་རྗེ་སྐྱེ་བ་དང་རྨི་ལམ་དུ་རི་དང་སྐས་ལ་སོགས་པར་གྱེན་ལ་འགྲོ་བ། ནམ་ལངས་པ། ཉི་ཟླ་ཤར་བ། ཁྲུས་བྱེད་པ། དར་ཕྱར་བ། དུང་འབུད་པ། ལྷ་ཆ་དཀྲོལ་བ། ལུས་ལས་འབུ་སྲིན་དང་ཁྲག་རྣག་བུད་པ། སྐྱུགས་སྦྱོང་དང་གོས་དཀར་པོ་གྱོན་པ། མེ་ཏོག་གི་གླིང་དུ་ཕྱིན་པ་ལ་སོགས་པ་རྨིའོ། །དགོངས་པ་ཚིག་གསུམ་པར། རྡོ་རྗེ་སེམས་དཔའ་བསྒོམས་ནས་ནི། །སྔགས་ཀྱང་རབ་ཏུ་ཟློ་བྱེད་པ། །དེ་ཡི་སྡིག་ཀུན་དག་ནས་ཀྱང་། །རྡོ་རྗེ་སེམས་དཔའ་འདྲ་བར་འགྱུར། །ཞེས་དང་། སྒོམ་པ་ལས། མདུན་དུ་ཐུགས་ཀྱི་ངོ་བོ་རྡོ་རྗེ་སེམས་དཔའ་ནི། །ནམ་མཁའི་མདོག་ཅན་རྡོ་རྗེ་དྲིལ་བུ་འཛིན་པའི་གནས་གསུམ་དུ། །སྐུ་གསུང་ཐུགས་ཀྱི་ཡིག་འབྲུ་འོད་ཟེར་ཅན། །བདག་གིས་ལུས་ལ་ཞུགས་པས་སྡིག་པ་དག་ནས་བྱིན་རླབས་འཇུག་པ་ཉིད། །ཅེས་གསུངས་སོ། །གཉིས་པ་ཚོགས་གཉིས་རྫོགས་ཤིང་བྱིན་རླབས་འཇུག་པར་བྱེད་པ་མཎྜལ་དང་བླ་མའི་རྣལ་འབྱོར་བསྒོམ་པ་ནི། སྐྱབས་འགྲོ་སེམས་བསྐྱེད་དང་། ཡི་གེ་བརྒྱ་པའི་བསྒོམ་བཟླས་སྔོན་དུ་སོང་བས། རང་ཡི་དམ་རྡོ་རྗེ་སེམས་དཔའི་སྨིན་མཚམས་ནས་བྷྲཱུྃ་སྤྲོས་པ་ལས་མདུན་གྱི་མཎྜལ་དེ་འོད་དུ་ཞུ་བས་རིན་པོ་ཆེ་ཁ་དོག་བརྒྱ་རྩ་བརྒྱད་ལ་མིག་མང་རིས་སུ་བསྡེབས་པའི་ས་གཞི་མནན་ན་ནེམ་པ་བཏེགས་ན་འཕར་བ། གཞི་མདོ་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་པའི་ཚོམ་བུས་སྤྲས་པ། མིག་གིས་བལྟར་མི་བཟོད་པའི་འོད་དང་ལྡན་པ་རྒྱ་ཆོས་དབྱིངས་ནམ་མཁའ་དང་མཉམ་པའི་དབུས་སུ། རིན་པོ་ཆེའི་ཁྲི་ཀ་བ་བརྒྱད་ཀྱིས་བཏེགས་པ་མཛོད་མིག་བདུན་བདུན་དང་ལྡན་པ། གདུང་མ་ཟུང་སྒྲིལ་དུ་འཁོར་བ་སེང་གེ་བརྒྱད་ཀྱིས་བཏེགས་ཤིང་རིན་པོ་ཆེའི་དྲྭ་བས་ཁྲི་ཁེབས་བྱས་པའི་སྟེང་དུ། པདྨ་སྟོང་ལྡན་དང་ཉི་མའི་གདན་ལ། རྩ་བའི་བླ་མ་དང་ཆོས་སྐུ་ཀུན་ཏུ་བཟང་པོ་དབྱེར་མེད་པ་ལ། བརྒྱུད་ཚུལ་གསུམ་གྱི་བླ་མ་རྣམས་ཀྱིས་བསྐོར་བ། དེའི་མདུན་དུ་གླང་ཆེན་བརྒྱད་ཀྱིས་བཏེགས་པའི་གདན་དྲུག་བརྩེགས་ལ། ཡི་དམ་རྒྱལ་བའི་ལྷ་ཚོགས་ལ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་བསྐོར་བ། བླ་མའི་གཡས་སུ་རྟ་མཆོག་བརྒྱད་ཀྱིས་བཏེགས་པའི་གདན་དྲུག་བརྩེགས་ལ། སངས་རྒྱས་དཀོན་མཆོག་སྐུ་གསུམ་གྱིས་བསྡུས་པ་རྣམས་དང་། རྒྱབ་ཕྱོགས་སུ་རྨ་བྱ་བརྒྱད་ཀྱིས་བཏེགས་པའི་གདན་དྲུག་བརྩེགས་ལ། ཆོས་དཀོན་མཆོག་རྒྱུ་འབྲས་ལམ་གསུམ་གྱིས་བསྡུས་པ་རྣམས་གསེར་གྱི་ཤོག་བུ་ལ་བཻ་ཌཱུརྻ་ཞུན་མས་རང་ནན་དུ་བྲིས་པའི་གླེགས་བམ་རང་སྒྲ་གྲགས་པ་རྣམས་དང་། གཡོན་ཕྱོགས་སུ་ཤང་ཤང་བརྒྱད་ཀྱིས་བཏེགས་པའི་གདན་ལ། དགེ་འདུན་དཀོན་མཆོག་རིག་པ་འཛིན་པ་རྣམས་ལ་ས་དང་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་རང་སངས་རྒྱས་ཉན་ཐོས་ཆེན་པོ་དགྲ་བཅོམ་པ་རྣམས་བཞུགས་པར་བསམ་ལ། རང་བཞིན་གྱི་གནས་དང་ཕྱོགས་བཅུའི་འཇིག་རྟེན་ནས། དེ་འདྲ་བ་ཐམས་ཅད་སྤྱན་དྲངས་ལ་སོ་སོར་བསྟིམ། དེ་དག་ལ་མཆོད་པའི་དངོས་པོ་ནམ་མཁའ་ཁྱབ་ཚད་ཀྱི་འཇིག་རྟེན་གྱི་ཁམས་ས་གཞི་དང་རི་དང་ཁང་པ་ཐམས་ཅད་ཀྱང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། རྩི་ཤིང་ནགས་ཚལ་ཐམས་ཅད་དཔག་བསམ་ཤིང་ལས་དགོས་འདོད་འབྱུང་བ། མཚོ་དང་ཆུ་ཐམས་ཅད་ཡན་ལག་བརྒྱད་ལྡན་གྱི་མཚོ་དང་རྫིང་བུ་གསེར་དངུལ་གྱི་བྱེ་མ་གདལ་བ། གཟུགས་སྒྲ་དྲི་རོ་རེག་བྱ་ཐམས་ཅད་མཆོད་རྫས་ཀྱི་བྱེ་བྲག་དངོས་པོ་བཟང་ལ་གྱ་ནོམ་པ། རང་གི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས། སྐྱེ་འགྲོ་ལྷའི་བུ་དང་བུ་མོ། གཟུགས་བྱད་མཆོག་ཏུ་གྱུར་པ། ངག་ཏུ་ཅི་སྨྲ་ཐམས་ཅད་དབྱངས་དང་བསྟོད་པ། རྐང་ལག་གི་འདུ་བྱེད་ཐམས་ཅད་བྲོ་དང་གར། ལུས་ཀྱི་རྒྱན་དང་གོས། ལག་ཏུ་གང་བཟུང་ཐམས་ཅད་ལྷའི་ན་བཟའ་དོ་ཤལ་དཔུང་རྒྱན་སེ་མོ་དོ་དང་། ཡེ་ཤེས་ཀྱི་བདུད་རྩི་ལ་སོགས་པའི་མཆོད་རྫས་སུ་གྱུར་པ་དང་། ནམ་མཁའ་བར་སྣང་ས་གཞི་ཐམས་ཅད་རིན་པོ་ཆེའི་སྤྲིན་ལས་དགོས་འདོད་ཆར་དུ་དབབ་པ་དང་། གདུགས་དང་རྒྱལ་མཚན་བ་དན་བླ་རེ་ཡོལ་བ་ལ་སོགས་པ་སྤྲིན་བཞིན་འཁྲིགས་པ། མེ་ཏོག་ཨུཏྤལ་དང་པདྨ་ལ་སོགས་དྲི་བསུང་ཕྱོགས་བཅུར་འཕྲོ་བ་རྣམས་རྩི་ཤིང་ལྟར་རྒྱས་པ། མདོར་ན་ཕྱོགས་བཅུ་རབ་འབྱམས་མུ་མེད་མཐའ་ཀླས་པ་ཐམས་ཅད། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལྟ་བུའི་མཆོད་པས་རྒྱས་པར་བཀང་སྟེ་འབུལ་བར་བསམ་ལ། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། །མཉེན་འཇམ་རེག་ན་བདེ་བ་ཡི། །སྣ་ཚོགས་རིན་པོ་ཆེ་ཡི་གཞིར། །མཛེས་པར་བྲེས་ཤིང་སྤྲས་པ་དང་། །ཀུན་འབྱུང་རིན་ཆེན་ཕུང་པོ་འབར། །དབྱིབས་ལེགས་རྫིང་བུ་བྲོ་མཆོག་བསིལ། །རིན་ཆེན་ཁང་པ་སྣ་ཚོགས་དང་། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །བླ་བྲེ་རྒྱལ་མཚན་ན་བཟའ་གདུགས། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །བཟའ་དང་བཏུང་བའི་མཆོག་རྣམས་ཀྱིས། །རང་ལ་མཛེས་པར་བརྒྱན་པ་ཡི། །ལྷ་དང་ལྷ་མོ་རྡུལ་སྙེད་ཀྱི། །བྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ཀུན་ལ་རྒྱས་པར་འབུལ། །ཅེས་དམིགས་པ་དང་བཅས་པས་བརྒྱ་རྩའམ་ཉེར་གཅིག་ལ་སོགས་ཐུན་རེ་ལ་བྱའོ། །དེ་ལྟར་སེམས་ཉིད་སྐྱེ་བ་མེད་པའི་ངང་ལས་འགག་པ་མེད་པའི་རྩལ་གྱི་རྣམ་པ་འཕྲུལ་བ་སྒྱུ་འཕྲུལ་ཆེན་པོའི་ཚུལ་དུ་མཆོད་པ་ནི་ལོངས་སྐུའི་ཞིང་སྒྲུབ་པའི་མཎྜལ་ཐུན་མོང་མ་ཡིན་པའོ། །དེ་ནས་སྤྲུལ་སྐུའི་ཞིང་སྒྲུབ་པ་ཐུན་མོང་གི་མཎྜལ་འབུལ་བ་ནི། རང་ཡི་དམ་རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས་ཏྲཱྃ་གཅིག་སྤྲོས་པ་འོད་དུ་ཞུ་བ་ལས། མཐའ་ཡི་རྒྱ་མཚོ་ཆེན་པོའི་དབུས་སུ་རི་བོ་མཆོག་རབ། ཤར་ཤེལ་དཀར་པོ་ལས་གྲུབ་པ། ལྷོ་བཻ་ཌཱུརྻ་སྔོན་པོ། ནུབ་པདྨ་རཱ་ག་དམར་པོ། བྱང་གསེར་ལས་གྲུབ་པ་སེར་པོ། སྟེང་སུམ་ཅུ་རྩ་གསུམ་ལྷའི་ལོངས་སྤྱོད། ཕྱི་རོལ་རྒྱལ་ཆེན་སྡེ་བཞིའི་ལོངས་སྤྱོད། ཁོང་གསེང་ལྷ་མ་ཡིན་གྱི་ལོངས་སྤྱོད། འོག་ཀླུའི་ལོངས་སྤྱོད་དང་བཅས་པ་གསེར་གྱི་རི་བདུན་རོལ་པའི་མཚོ་བདུན་གྱིས་བསྐོར་བ། དེའི་ཤར་ཕྱོགས་ཀྱི་གླིང་ལུས་འཕགས་པོ་དང་། གཡས་གཡོན་དུ་གླིང་གཡོགས་ལུས་དང་ལུགས་འཕགས་གཉིས། དེ་བཞིན་དུ་ལྷོ་འཛམ་བུ་གླིང་། རྔ་ཡབ་དང་རྔ་ཡབ་གཞན། ནུབ་བ་གླང་སྤྱོད། གཡོ་ལྡན་དང་ལམ་མཆོག་འགྲོ། བྱང་སྒྲ་མི་སྙན། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། གླིང་གི་ཕྱི་རོལ་ལྕགས་རི་མུ་ཁྱུད་ཀྱིས་བསྐོར་བ། གླིང་རྣམས་སུ་འཁོར་ལོ། ནོར་བུ། བཙུན་མོ། བློན་པོ། གླང་པོ། རྟ་མཆོག །དམག་དཔོན་ཏེ་རྒྱལ་སྲིད་སྣ་བདུན་དང་། གཏེར་ཆེན་པོའི་བུམ་པ། བཀྲ་ཤིས་རྫས་བརྒྱད་ལ་སོགས་པ་ལྷ་མིའི་ལོངས་སྤྱོད་དཔལ་འབྱོར་གྱིས་གང་བ་དང་། ནམ་མཁས་ཁྱབ་ཚད་ཀྱི་གླིང་བཞིའི་འཇིག་རྟེན་སྟོང་གསུམ་མུ་མེད་པ་ཐམས་ཅད། རིན་ཆེན་སྨན་དང་འབྲུ་ལ་སོགས་པ་བཀང་སྟེ། སྔར་གྱི་དམིགས་ཡུལ་ཚན་པ་ལྔ་པོ་ལ་འབུལ་བར་བསམ་ལ། ཏྲཱྃ། གླིང་བཞི་དཀྱིལ་འཁོར་རིན་ཆེན་ལྡན། །དཔག་བསམ་ཤིང་དང་རྫིང་བུ་མཛེས། །ལས་བཞི་བྱིན་རླབས་ལྷུན་གྲུབ་པ། །ལྷ་དང་ལྷ་མོའི་ལོངས་སྤྱོད་ལྡན། །ལྷག་པ་ཏིང་འཛིན་མཆོད་པར་འབུལ། །ཞེས་ཐུན་རེར་བརྒྱའམ་ཉེར་གཅིག་ཕུལ་ན། རྒྱུ་བསོད་ནམས་ཀྱི་ཚོགས་དེས་འབྲས་བུ་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་དེ། ཆོས་རྣམས་ཐམས་ཅད་འབྲས་བུ་ཡོངས་རྫོགས་པའི། །སངས་རྒྱས་རྣམས་ལ་མཎྜལ་འདི་ཕུལ་བས། །འབྲས་བུ་འཕགས་པའི་ནོར་བདུན་ལྷུན་གྲུབ་སྟེ། །ཏིང་འཛིན་འབུམ་ཕྲག་རྣམས་ལ་དབང་སྒྱུར་ཤོག །ཅེས་བསྔོའོ། །དེ་ནས་ཐལ་མོ་སྦྱར་ཏེ་ཡིད་ཀྱིས་མོས་གུས་གདུང་བ་ཞེ་ཐག་པ་ནས་གསོལ་བ་གདབ་པ་ནི། ན་མོ། ཕྱོགས་བཅུ་དུས་བཞིའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་དང་། ཡོན་ཏན་དང་། ཕྲིན་ལས་དང་། ཞིང་ཁམས་ཟག་པ་མེད་པ་ཟད་མི་ཤེས་པ་རྒྱན་གྱི་འཁོར་ལོའི་བདེན་པ་དང་། རྒྱལ་བ་རྒྱ་མཚོ། གསང་བ་རྒྱ་མཚོ། སྨིན་པ་རྒྱ་མཚོའི་བཀའ་བརྒྱུད་ཀྱི་བླ་མ་རིན་པོ་ཆེ་རྣམས་ཀྱི་བྱིན་རླབས་ཀྱིས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་མིང་རྡོ་རྗེ་ཆེ་གེ་མོ་ཞེས་བགྱི་བ་ལ། རྫོགས་པ་ཆེན་པོ་ཤིན་ཏུ་རྣལ་འབྱོར་གྱི་དོན་རང་བྱུང་གི་ཡེ་ཤེས་དེ་ཁོ་ན་ཉིད་ཀྱིས་གང་བ་དང་། ཤིན་ཏུ་གང་བ་དང་། རྒྱས་པ་དང་། ཤིན་ཏུ་རྒྱས་པ་དང་། སྨིན་པ་དང་། ཤིན་ཏུ་སྨིན་པ་དང་། གྲོལ་བ་དང་། ཤིན་ཏུ་གྲོལ་བ་རྒྱ་ཆེན་པོ་མཛད་དུ་གསོལ། ཞེས་ཐུན་རེ་ལ་ཉེར་གཅིག་ལ་སོགས་པས་གསོལ་བ་གདབ་ནས། དཀོན་མཆོག་རིགས་དྲུག་ཚན་ལྔ་པོ་དེ་འོད་དུ་ཞུ་ནས་རྩ་བའི་བླ་མ་ལ་ཐིམ། ཚོམ་བུ་བསྡུས་ལ་རང་གི་སྤྱི་བོར་བཞག །བླ་མ་བདག་ལ་ཐུགས་རྗེས་ཉེ་བར་དགོངས་ནས་སྤྱི་བོར་བྱོན་ཏེ། སྣ་ཚོགས་པདྨ་ཉི་མ་ཟླ་བའི་སྟེང་དུ་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོའི་སྐུ་ཞལ་གཅིག་ཕྱག་གཉིས་པ། རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་བས་ཡུམ་ལ་འཁྱུད་པ། རལ་པ་བཅིངས་པའི་ལྷག་མ་གྲོལ་བ། དར་སེར་པོའི་ཚངས་སྐུད་སེ་རལ་ཁར་ཐོགས་པ། ཡུམ་རྡོ་རྗེ་སྙེམས་མ་དམར་མོ་གཡས་ཡབ་ལ་འཁྱུད་ཅིང་། གཡོན་དྲིལ་བུ་སྙན་རྩར་འཁྲོལ་བ། ཡབ་ཡུམ་གཉིས་ཀ་ལ་རིན་པོ་ཆེའི་དབུ་རྒྱན། རྣ་རྒྱན། མགུལ་རྒྱན། དཔུང་རྒྱན། ཕྱག་གདུབ། དོ་ཤལ། སེ་མོ་དོ། སྐུ་རེག་ཐམས་ཅད་ཀྱིས་བརྒྱན་ཅིང་། དར་སྣ་ལྔའི་ཤམ་ཐབས་བྱས་པ། ཞབས་རྡོ་རྗེ་དང་པདྨའི་སྐྱིལ་ཀྲུང་དུ་བཞུགས་པ། སྣང་ལ་རང་བཞིན་མེད་པ། ཉི་མ་འབུམ་གྱི་གཟི་བརྗིད་དང་ལྡན་པའི་སྤྱི་བོ་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་བསམ། དེ་ནས་བདག་གི་ལུས་ལོངས་སྤྱོད་ཁ་རྗེ་དབང་ཐང་དུས་གསུམ་གྱི་དགེ་རྩ་བདེ་སྐྱིད་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་བླ་མ་དམ་པ་ལ་འབུལ་ལོ། །བཞེས་སུ་གསོལ་ལོ། །བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་པར་མཛད་དུ་གསོལ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་བླ་མ་དམ་པའི་རྟོགས་པ་ཁྱད་པར་ཅན་ད་ལྟ་ཉིད་དུ་བདག་གི་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། ཞེས་གདུང་སེམས་དྲག་པོས་བརྒྱ་རྩ་བརྒྱད་ལ་སོགས་པ་གསོལ་བ་བཏབ་པའི་རྗེས་ལ། བླ་མ་ཡབ་ཡུམ་མ་ཆགས་ཐབས་ཀྱི་རོལ་པའི་འོད་ཟེར་ཕྱོགས་བཅུར་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྒྱུད་བསྐུལ་བྱིན་རླབས་བསྡུས་བླ་མ་ཡབ་ཡུམ་ལ་ཐིམ། སྦྱོར་བ་མཛད་ནས་བྱང་སེམས་དཀར་དམར་བབས། བདག་གི་ལས་ཉོན་ཤེས་སྒྲིབ་ཐམས་ཅད་དག་ནས་རང་རྡོ་རྗེ་སེམས་དཔའ་ཉིད་དུ་གསལ་བ་ལ། བླ་མའི་དཔྲལ་བ་ནས་ༀ་དཀར་པོ་འོད་ཟེར་དང་བཅས་པ་བྱུང་བ་བདག་གི་སྤྱི་བོར་ཐིམ། ལུས་ཀྱི་སྒྲིབ་པ་དག །སྐུ་བུམ་པའི་དབང་ཐོབ། ལུས་སྤྲུལ་སྐུར་མངོན་དུ་བྱས་ཨང་སྙམ་པ་བྱའོ། །དེ་བཞིན་དུ་བླ་མའི་མགྲིན་པ་ནས་ཨཱཿདམར་པོ་འོད་ཟེར་དང་བཅས་པ་བྱུང་། རང་གི་ལྕེ་ཐོག་ཏུ་ཐིམ། ངག་གི་སྒྲིབ་པ་དག །གསུང་གསང་བའི་དབང་ཐོབ། ངག་ལོངས་སྐུར་གྲོལ། ཐུགས་ཀ་ནས་ཧཱུྃ་མཐིང་ག་འོད་ཟེར་དང་བཅས་པ་རང་གི་སྙིང་ནང་དུ་ཐིམ། ཡིད་ཀྱི་སྒྲིབ་པ་དག །ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སེམས་ཆོས་སྐུར་གྲོལ་བར་བསམ། དེ་ནས་བླ་མ་ཡབ་ཡུམ་དགྱེས་པའི་ཚུལ་གྱིས་ཚངས་བུག་ནས་མར་བྱོན། རང་གི་སྙིང་པདྨ་དམར་པོ་འདབ་མ་བརྒྱད་པ་ཞིག་ཏུ་གྱུར་པའི་དབུས་སུ། ཉི་ཟླ་པདྨའི་གདན་ལ་ཞལ་འཛུམ་མུལ་ལེ། སྤྱན་ཁྲ་ཟིམ་མེ། ཐུགས་དགའ་ཡལ་ལེ། ཡབ་ཡུམ་དཀར་དམར་ལྷམ་མེར་བཞུགས་པ་ལ་ཅི་ནུས་སུ་སེམས་གཏད། དེ་ནས་བླ་མ་ཡབ་ཡུམ་འོད་དུ་ཞུ་ནས། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་བླ་མ་དེའི་ཀཱ་ཝཱ་ཙི་དང་། རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་འདྲེས། སྒོ་གསུམ་ཐ་དད་ཀྱི་དྲི་མ་དག །ཡེ་ཤེས་རྡོ་རྗེའི་ཚིག་གིས་སྦྱིན་པའི་དབང་ཐོབ། ངོ་བོ་ཉིད་དང་གསང་བའི་སྐུ་མངོན་དུ་གྱུར་ཨང་སྙམ་པའི་རྗེས་ལ། དུས་གསུམ་གྱི་རྟོག་པ་བཅད་ནས་སེམས་མ་བཅོས་ལྷུག་པར་བཞག་པ་ཡུན་བསྲིང་། ཐུན་རྟིང་དགེ་བ་བསྔོ་སྟེ། བདག་གིས་དགེ་བའི་ལས་འདི་བགྱིས་པ་ཡིས། །འཇིག་རྟེན་རིང་པོར་མི་ཐོགས་སངས་རྒྱས་ནས། །དེ་ཀུན་འགྲོ་ལ་ཕན་ཕྱིར་དམ་ཆོས་ཀྱིས། །སེམས་ཅན་སྡུག་བསྔལ་ཚ་གདུང་སྒྲོལ་གྱུར་ཅིག །འདི་ལ་རྟགས་མ་བྱུང་བར་དུ་གཉུག་བསྲིང་བ་གལ་ཆེ་སྟེ། བྱིན་རླབས་མ་ཞུགས་ན་ཉམས་རྟོགས་མི་སྐྱེ་ཞིང་། བླ་མའི་བྱིན་རླབས་ཞུགས་ན་ཉམས་རྟོགས་བཙན་ཐབས་སུ་སྐྱེ་བར་གསུངས་སོ། །རྟགས་ནི་རབ་སྣང་སྲིད་ཆོས་སྐུར་རྟོགས་པ། འབྲིང་སྣང་སྲིད་བླ་མར་འཆར་བ། བདེ་གསལ་མི་རྟོག་པའི་ཉམས་གཅིག་ཅར་དུ་སྐྱེ་བ། ཐ་མས་འཁོར་བ་ལ་བློ་ལྡོག་ཅིང་། བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེ་བ་དང་། རྨི་ལམ་དུ་རིན་པོ་ཆེ་དང་སངས་རྒྱས་ཀྱི་ཞིང་ལ་སོགས་པ་དག་པའི་སྣང་བ་འབྱུང་། སྤྱིར་གསང་སྔགས་དབང་གིས་ཁྱད་པར་བྱས་པ་ཡིན་ཅིང་། དབང་ཐམས་ཅད་ལས་ཏིང་ངེ་འཛིན་གྱི་དབང་ཟབ། དེ་ལས་བླ་མ་ལ་དབང་བླང་བ་ཟབ་ཅིང་། བླ་མ་སྙིང་དབུས་སུ་བསྒོམས་པས་སྙིང་རླུང་ལ་སོགས་པའི་སྨྱོ་འབོགས་དང་། འབྱུང་བ་འཁྲུགས་པའི་ནད་ཐམས་ཅད་དང་། གདོན་གྱི་བར་ཆད་ཐམས་ཅད་མི་འབྱུང་ཞིང་། ཏིང་ངེ་འཛིན་གྱི་ཡོན་ཏན་རིན་པོ་ཆེ་མ་ལུས་པ་འབྱུང་བར་གསུངས་པ་ལ་རང་གིས་མྱོང་བའི་ངེས་ཤེས་ཡོད་པས། བཀའ་རྒྱ་ཡོད་ཀྱང་གཞན་ཕན་གྱི་བློ་ཁོ་ནས་བྲིས་པ་རྩ་གསུམ་ཚོགས་ལ་བཟོད་པར་གསོལ། གང་གིས་རྡོ་རྗེ་སློབ་དཔོན་ཉིད། །བཀུར་ཞིང་སྤྱི་བོར་སུས་སྒོམ་པ། །དེ་ལ་རྒྱལ་བས་བྱིན་གྱིས་རློབས། །རྒྱལ་བའི་དགོངས་པ་དེ་ཡིས་འཛིན། །ཞེས་པ་དང་། བླ་མ་དམ་པ་ཧེ་རུ་ཀ་ཡི་གཙུག་རྒྱན་ཉིད། །མོས་ཤིང་གུས་པ་ཡོན་ཏན་ཀུན་གྱི་གཞི། །ཞེས་སོགས་རྒྱུད་སྡེའི་ལུང་དཔག་ཏུ་མེད་དོ། །གསུམ་པ་བར་ཆད་བསྲུང་བའི་དོན་དུ་རང་ཡི་དམ་ཧེ་རུ་ཀ་ཡེ་ཤེས་ཀྱི་ཁྲོ་བོ་གང་རུང་བསྒོམས་པའི་ཐུགས་ཀར་ཧཱུྃ་མཐིང་ནག་གཅིག་བསམ་ལ། ཧཱུྃ་དེ་འདྲ་བ་གྲངས་མེད་པ་བྱུང་། སྣ་བུག་གཡས་ནས་ཕྱིར་ཐོན་ལོ་ཀའི་ཁམས་ཐམས་ཅད་ཧཱུྃ་སྒྲ་དང་བཅས་པས་གང་། སྣ་བུག་གཡོན་ནས་ཚུར་བྱུང་། ལུས་ཀྱི་ནང་ཐམས་ཅད་ཧཱུྃ་སྒྲ་དང་བཅས་པས་གང་བར་བསམ་ཞིང་། ངག་ཏུ་ཧཱུྃ་རིང་བགྲང་ངོ་། །དབུགས་ཕྱིར་འགྲོ་ཚུར་འོང་གང་ལ་ཡང་ཕྱི་ནང་གི་ཧཱུྃ་གིས་མགྲིན་པའི་བར་དུ་གང་བར་བསམ་པའོ། །བར་ཆད་བསལ་ཕྱིར་ཧཱུྃ་རིང་བགྲང་། །ཧཱུྃ་གི་སྦྱོར་བས་ཕྱོགས་མཚམས་བསྲུང། །ཞེས་གསུངས་སོ། །སྔོན་འགྲོ་འདི་རྣམས་དང་པོ་རེ་རེ་ནས་རྟགས་ཐོན་པར་བྱ་ཞིང་། ཕྱིས་ཀྱང་ཐུན་མགོ་ཐམས་ཅད་ལ་བྱའོ། །ཐུན་རིང་ཐུང་གང་ལ་ཡང་སྔ་མ་བསྐྱུར་ནས་ཕྱི་མ་ལ་འཇུག་པ་མ་ཡིན། སྐྱབས་འགྲོ་སེམས་བསྐྱེད་ནས་བཟུང་སྟེ་སྔ་མ་ལ་ཕྱི་མ་ཕྱི་མ་སྣོན་པའི་ཚུལ་དུ་བྱ་ཞིང་། ཐམས་ཅད་ཀྱི་ཐུན་རྟིང་དམིགས་མེད་དུ་བཞག་ལ་དགེ་བ་བསྔོ། གཉིས་པ་དངོས་གཞི་ལ་གཉིས་ཏེ། སྣོད་བཅུད་ཀྱི་མཚན་ཉིད་དང་། ཏིང་ངེ་འཛིན་གྱིི་རིམ་པའོ། །དང་པོ་ནི། རྩ་ཚིག་ལས། ངེས་པའི་ལུང་ལྡན་སློབ་དཔོན་གྱིས། །རྣལ་འབྱོར་པ་ཡི་དོན་ཆེད་དུ། །བྱང་ཆུབ་སེམས་ཀྱི་པྲ་ཁྲིད་ཀྱི། །སྒོམ་པའི་རིམ་པ་བསྟན་པའོ། །ཞེས་པས། བླ་མ་དང་སློབ་མ་གདམས་ངག་གི་མཚན་ཉིད་གསུམ་སྟོན་ཏེ། བླ་མ་ནི་ངེས་དོན་སྟོན་པའི་རྒྱུད་ལུང་མན་ངག་མཁྱེན་པ། ཀུན་ཏུ་བཟང་པོ་ནས་རིམ་པར་དབང་བཞིའི་ཆུ་བོ་མ་ནུབ་པ། བྱིན་རླབས་ཉམས་རྟོགས་ཀྱི་ཟམ་མ་ཆད་པ། སྙན་བརྒྱུད་གདམས་ངག་གི་གནད་མ་འཆུག་པ། རང་འདོད་མེད་པ་གཞན་རྗེས་སུ་བཟུང་ནུས་པའི་བླ་མ། སློབ་མའི་མཚན་ཉིད་འཁོར་བ་ལ་ངེས་འབྱུང་གི་བློ་སྐྱེས་པ། སྙན་གྲགས་ལ་སོགས་པ་ཚེ་འདིའི་བྱ་བ་རྒྱབ་ཏུ་དོར་བ། དཀོན་མཆོག་གསུམ་ལ་མི་ཕྱེད་པའི་དད་པ་དང་ལྡན་ཞིང་། ལས་རྒྱུ་འབྲས་ཁྱད་དུ་མི་གསོད་པ། དབང་ཐོབ་ཅིང་དམ་ཚིག་དང་ལྡན་པ། བླ་མ་ལ་སངས་རྒྱས་སུ་བལྟ་ཞིང་ལུས་ལོངས་སྤྱོད་གཏོང་ནུས་པ། གདམས་ངག་ལ་གཅེས་སྤྲས་སུ་བྱེད་ཅིང་ཕྱི་བཤོལ་མེད་པར་སྒྲུབ་པ། རྣལ་མ་དོན་དམ་པའི་ཆོས་ཉིད་ལ་བློ་འབྱོར་ནུས་པའི་ཤེས་རབ་དང་ལྡན་པའོ། །གདམས་ངག་གི་མཚན་ཉིད་ནི། ལས་ཐབས་སྣ་ཚོགས་པས་ཚེ་འདི་སྒྲུབ་པའི་ཐབས་དང་། རང་ཉིད་ཞི་བདེ་སྒྲུབ་པ་ཐེག་དམན་གྱི་ལམ་དང་། བསྐལ་པ་གྲངས་མེད་དུ་ས་ལམ་བགྲོད་པ་མཚན་ཉིད་ཀྱི་ལུགས་དང་། མཚན་བཅས་རྩོལ་སྒྲུབ་ལ་ལྟོས་པ་གསང་སྔགས་འོག་མའི་ཐབས་ཐམས་ཅད་ལས་ཁྱད་པར་འཕགས་པ། འཁོར་འདས་ངོ་བོ་གཅིག་པའི་དོན་བྱང་ཆུབ་ཀྱི་སེམས། ཆོས་སྐུ་མངོན་སུམ་དུ་རྟོགས་ཤིང་མངོན་དུ་བྱེད་པ་ལ་བརྡ་ཐབས་ལག་ལེན་གྱི་རིམ་པས་པྲ་ཐབས་སུ་ཁྲིད་པར་བྱེད་པ་འདི་བསྟན་པའོ། །གཉིས་པ་ཏིང་ངེ་འཛིན་གྱི་རིམ་པ་ནི། རྩ་ཚིག་ལས། དང་པོར་གནས་པའི་ཏིང་ངེ་འཛིན། །གཉིས་པ་ལ་ནི་མི་གཡོ་བ། །གསུམ་པ་མཉམ་པ་ཉིད་དུ་འགྱུར། །བཞི་པ་ཡེ་ཤེས་ལྷུན་གྱིས་གྲུབ། །ཅེས་པས། དཔེར་ན། སྐྱེས་བུ་རིམ་གྱིས་སྐྱེད་རྫོགས་པ་ལ། བྱིས་པ་དང་། གཞོན་ནུ་དང་། བར་པ་དང་། སྟོབས་རྫོགས་ནས་ཚེ་དང་ལུས་སྟོབས་མཐར་ཕྱིན་པ་བཞི་ཡོད་ཅིང་། ལོ་ཐོག་རིམ་གྱིས་སྐྱེས་པ་ལ་ཡང་ལྗང་བུ་དང་། སྙེ་མ་དང་། འབྲས་བུ་སྨིན་པ་དང་། རྔ་བཙས་ཟིན་ནས་མཐར་ཕྱིན་པ་བཞི་ཡོད་པ་ལྟར། གང་ཟག་བློའི་རིམ་གྱིས་ས་ལམ་བགྲོད་པ་ལ་ཡང་། དང་པོ་སེམས་ལས་སུ་རུང་བར་བྱེད་པ་ཞི་གནས་ཉམས་ཀྱི་དུས་དང་། གཉིས་པ་ལྷག་མཐོང་རྟོག་པ་མི་གཡོ་བའི་དུས་དང་། གསུམ་པ་ཞི་གནས་ཉམས་རྟོགས་གཅིག་ཏུ་འདྲེས་པ་མཉམ་པ་ཉིད་ཀྱི་དུས་དང་། བཞི་པ་ཡེ་ཤེས་ལྷུན་གྲུབ་ལམ་མཐར་ཕྱིན་པའི་དུས་ཀྱི་རྣལ་འབྱོར་དང་བཞིའོ། །དེ་ལ་དང་པོ་སེམས་ཞི་གནས་ཀྱིས་སེམས་ལས་སུ་རུང་བར་བྱེད་པ་ལ་བཞི་སྟེ། ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་ཐབས། དེ་ལས་སྐྱེས་པའི་ཏིང་ངེ་འཛིན་གྱི་དཔེ། དེའི་དྲོད་རྟགས། འབྲས་བུ་ཅི་ལྟར་ཐོབ་ཚུལ་བསྟན་པའོ། །དང་པོ་བཞག་ཐབས་ནི། འཁོར་བའི་འདུ་འཛི་སྤངས་ནས་སུ། །དགོན་པར་མཉམ་པར་བཞག་པའི་ཚེ། །རྐྱེན་གྱི་ཚོགས་རྣམས་མ་བྱུང་བར། །ཇི་སྲིད་གནས་ལ་གནས་ཞེས་བྱ། །ཞེས་པས། དང་པོར་འཇུག་པའི་འགལ་རྐྱེན་སྤང་ཞིང་མཐུན་རྐྱེན་བསྟེན་པ། མཉམ་པ་བཞག་ཐབས་དངོས། བར་དུ་ཏིང་ངེ་འཛིན་གྱི་སྐྱོན་ངོས་བཟུང་ཞིང་སྤང་བ། ཏིང་ངེ་འཛིན་གྱི་ངོ་བོ་བཞིས་སྟོན་ཏེ། སྤང་བྱ་ནི། ཚེ་འདིར་རང་ཉིད་གཉེན་འདུན་དང་བཅས་པ་བདེ་སྐྱིད་དཔལ་འབྱོར་འདོད་ཅིང་། དགྲའི་ཕྱོགས་འདུལ་བའི་དོན་དུ་མི་དགེ་བ་བཅུ་ལ་སོགས་སྡིག་པ་དང་། ཚོང་ཁེ་སྤོགས་སོ་ནམ་རྩོལ་སྒྲུབ་ཤེས་ཡོན་གྲོང་ཆོག་བཟོ་རྩིས་སྨན་བོན་ལ་སོགས་པའི་ལྟོ་གོས་དང་རྙེད་བཀུར་སྙན་གྲགས་སྒྲུབ་པ་ཐམས་ཅད་འདུ་འཛི་རྣམ་གཡེང་འཁོར་བའི་བྱ་བ་ཡིན་པས་རིང་དུ་སྤངས་ལ། བསྟེན་བྱ་ནི། གྲོང་ཡུལ་ལས་རིང་དུ་དཔག་པ་དགོན་པའི་གནས་མི་དང་མི་མ་ཡིན་པ་གཅན་གཟན་ལ་སོགས་པའི་འཇིགས་པ་མེད་པ། ཆུ་ཤིང་ལ་སོགས་མཐུན་རྐྱེན་བསྒྲུབ་སླ་བ། ཉམས་དགའ་ཞིང་དགེ་སྦྱོར་འཕེལ་བའི་གནས་སུ་མཚན་ཉིད་དང་ལྡན་པའི་བླ་མ་དང་། ཆོས་མཐུན་གྱི་གྲོགས་བཟང་པོ་བསྟེན་པར་བྱའོ། །གཉིས་པ་མཉམ་པར་བཞག་པའི་ཐབས་ནི། གསང་སྒྲོན་ལས། མ་ལུས་སེམས་ཅན་ཐམས་ཅད་ལ། །བྱང་ཆུབ་སྙིང་པོའི་རང་བཞིན་གནས། །དེ་དོན་རྟོགས་པར་བྱ་བའི་ཕྱིར། །མ་ཟིན་ཟིན་ཕྱིར་གནད་བཞི་བསྒོམ། །ཞེས་པས་བཅའ་བ་ལུས་ཀྱི་གནད་བསམ་གཏན་ཆོས་བདུན་བྱས་ཏེ། རྐང་པ་སྐྱིལ་ཀྲུང་བཅའོ། །སྒལ་པ་དྲང་པོར་བསྲང་། ལག་པ་མཉམ་བཞག་བྱས་ནས་དཔུང་པ་བརྒྱང་། མགྲིན་པ་དགུག །ལྕེ་ཡ་རྐན་ལ་སྦྱར། སོ་ཡར་མར་མ་རེག་ཙམ་བྱ། མཆུའི་བར་རླུང་འགྲིམ་པ་ཙམ་དུ་སྦྱར། ལྟོ་བ་གསུས་པོ་ཆེ་ཕྱིར་བརྒྱང་། མིག་སྣ་རྩེར་སྨིན་མཚམས་ནས་ཕར་ཐད་ཀྱི་ལག་པའི་སླེབ་སོ་ཙམ་དུ་མ་འགུལ་བར་གཏད་དེ། དམིགས་པ་ཡུལ་གྱི་གནད་ནི། དམིགས་པ་གཏད་ས་དེར་ཨ་དཀར་པོ་གསལ་ཞིང་འཚེར་བ་གཅིག་ལ་སྐད་ཅིག་ཀྱང་མ་ཡེངས་པར་གཏད་དོ། །རྒྱུ་བ་རླུང་གི་གནད་ནི། ཐུན་འགོ་ལ་རླུང་རོ་དྲག་པོ་ལན་དགུའམ་གསུམ་ལ་སོགས་པར་འབུད་ནས་དབུགས་རང་སར་ཀློད་ལ་བཞག །འཛིན་པ་སེམས་ཀྱི་གནད་ལ་དམིགས་བཅས་དང་དམིགས་མེད་གཉིས་ཀྱི་དང་པོ་ནི། ཨ་དེ་ལ་སེམས་ཟིན་ནས་གཞན་དུ་མི་འཕྲོ་བ་དང་། རྟོག་མེད་དུ་ལྷན་ནེ་གནས་པ་མ་བྱུང་གི་བར་དུ་ཞག་གཅིག་ཐུན་དྲུག་ལ་སོགས་པར་བྱས་ནས་སྐབས་སུ་ཁམས་བསེང་བྱ་ཞིང་བསྒོམ་མོ། །གསང་སྒྲོན་ལས། དང་པོ་དབེན་པར་ལུས་བསྡད་ནས། །བྱ་རྒོད་མཁའ་ལ་འཕུར་བ་བཞིན། །དམིགས་གཏད་བྱས་པའི་རིག་པ་གཏད། །རླུང་སེམས་གཅིག་ཏུ་བྱས་པ་དེས། །རྩོལ་བ་དྲག་ལ་ཐུན་དུ་བྱ། །དམིགས་པ་དག་ལ་བརྟེན་ནས་སུ། །མི་དམིགས་པ་དག་རབ་ཏུ་སྐྱེ། །ཞེས་སོ། །གཉིས་པ་དམིགས་མེད་ལ་སེམས་གཏད་ཐབས་གསུམ་གྱི། དང་པོ་ལུས་ངག་གི་གནད་སྔར་ལྟར་བྱས་ལ། ཡིད་ཀྱིས་འདས་མ་འོངས་ད་ལྟར་གྱི་བསམ་པ་ཅི་ཡང་མི་བྱེད་དེ། སྔར་གྱི་དམིགས་པ་གཏད་ས་ཨའི་མལ་དེར། ཡིད་མིག་རླུང་གསུམ་རྩེ་གཅིག་ཏུ་བསྒྲིམས་ལ་གཏད་ཅིང་ལོགས་སུ་སྐད་ཅིག་ཀྱང་ཡེངས་ལ་མ་ཤོར་བར་བྱས་ལ་རྟོག་པ་ཅི་བྱུང་ཏོལ་སྐྱེས་རྦད་ཆོད་དུ་བཏང་ངོ་། །གསང་སྒྲོན་ལས། སྔ་ཕྱི་རྗེས་འབྲང་འཁྲུལ་པའི་ལམ། །ད་ལྟའི་ཤེས་པ་མ་བཅོས་པ། །མདའ་མཁན་སྨྱུག་མ་སྲོང་བ་བཞིན། །དམིགས་པའི་རྩོལ་བ་དྲག་ཏུ་བསྒྲིམ། །ཞེས་སོ། །གཉིས་པ་རྟོག་པ་ངོས་ཟིན་ནས་བཅད་མི་ཐུབ་པ་ཞིག་འབྱུང་བའི་སྐབས་སུ་ལུས་སེམས་གཉིས་ཀ་ཁོང་ཀློད་ལ། སྒོམ་མི་སྐྱེ་དོགས་པའི་བློ་མི་བྱེད་ནས། རྣམ་རྟོག་བཟང་ངན་ཅི་བྱུང་ཡང་། སྔོན་བསུ་རྒྱབ་སྐྱེལ་མི་བྱེད་ནས། རང་མལ་དུ་ཀློད་ལ་ཀློད་ཐོག་དེར་བཞག་ཅི་ཉན་བྱའོ། །འཇམ་དཔལ་བཤེས་གཉེན་གྱིས། དེ་ལ་བཞག་ཐབས་བསྟན་པ་ནི། །ལུས་ངག་ཡིད་གསུམ་མི་བསྡོམ་པར། །སོས་དལ་ཁོང་ཀློད་བཞག་པ་ཡིན། །ཞེས་སོ། །གསུམ་པ་འགྱུ་བ་གནས་པ་གཉིས་སོ་སོར་ཤེས་ནས། ལུས་སེམས་གཉིས་ཀ་ཧ་ཅང་མི་བསྒྲིམས་མི་ཀློད། རན་མོར་བདེ་ཚོད་ཙམ་དུ་བྱས་ལ། རྣམ་རྟོག་བདེ་མི་བདེ་ཅི་བྱུང་ཡང་བཅས་བཅོས་མི་བྱེད་པར་ཁོ་རང་གང་བྱུང་དེ་ཉིད་ཀྱི་སྟེང་དུ་ཙན་ནེ་བཞག་ཅིང་འཚོ་ཤེས་པ་ལོགས་སུ་ཡན་མི་གཞུག་པ་གལ་ཆེའོ། །གསང་སྒྲོན་ལས། ཤེས་པ་སོ་མ་གཅིག་ཏུ་སྡོད། །དེ་བཞིན་གཤེགས་པའི་དགོངས་པ་ཡིན། །ཅེས་སོ། །གསུམ་པ་སྐྱོན་ངོས་བཟུང་ནས་བསལ་བ་ལ། དམ་པ་རིན་པོ་ཆེས་གོལ་སྒྲིབ་སུམ་ཅུར་གསུངས་པའི་ནང་ནས། ཏིང་ངེ་འཛིན་དང་པོར་མི་སྐྱེ་ཞིང་བར་དུ་མི་འཕེལ་བའི་སྐྱོན་དྲུག་དང་། བར་ཆད་བཅུ་དྲུག་གསུངས་ཏེ། དེ་ལ་སྐྱོན་ནི་རྣམ་པ་དྲུག །གློ་བུར་འདོད་ཆགས་ལྡང་བ་དང་། །ཞེ་སྡང་ཆེན་པོ་འབྱུང་བ་དང་། །ང་རྒྱལ་ཕྲག་དོག་སེམས་འཁྲུགས་དང་། །ལྟ་བ་ཁེངས་དང་དེ་དྲུག་གོ། །ལེ་ལོ་བྱ་བ་མང་བ་དང་། །སེམས་གཡེང་སེམས་རྒོད་དེ་དང་ནི། །སེམས་སྡུག་པ་དང་སེམས་རྗེས་འབྲང་། །སེམས་རྨུགས་པ་དང་རྟོག་པ་མང་། །རེ་བ་མང་དང་དོགས་པ་མང་། །འདོད་ཆགས་ཆེ་དང་བརྩོན་འགྲུས་ཆུང་། །གཉིད་དགའ་ཁ་ཏོན་ཀློག་འབྲི་དང་། །བྲེ་མོའི་གཏམ་དང་ཅལ་ཅོལ་སྨྲ། །བར་དུ་གཅོད་པ་བཅུ་དྲུག་སྟེ། །མཁས་པས་འདི་དག་སྤང་བར་བྱ། །ཞེས་གསུངས་པས། སྐྱོན་དེ་དག་ངོས་ཟིན་ནས་དྲན་ཤེས་བག་ཡོད་དང་ལྡན་པས་སྤང་བར་བྱའོ། །དེ་ཡང་ཏིང་ངེ་འཛིན་གྱི་སྐྱོན་ཐམས་ཅད་བྱིང་། རྨུགས། རྒོད། འཐོར་བཞིར་འདུས་ཏེ། བྱིང་བ་ནི་ཤེས་པ་ཧོན་ནས་ཅི་བྱས་མ་ཚོར་བའོ། །རྨུགས་པ་ནི་ཤེས་པ་མི་གསལ་བར་ནག་ཐིབས་སེ་བའོ། །རྒོད་པ་ནི་སེམས་ཅུང་རེ་གནས་ཀྱང་བསམ་བློ་ཙབ་ཙུབ་ཅུང་རེ་དྲན་པའོ། །འཐོར་བ་ནི་སྒོམ་བརྗེད་ནས་རྣམ་རྟོག་ཁ་འབྱམས་པའོ། །དེ་བསལ་བ་ལ་གཉིས་ཏེ། སྒོམ་པའི་ཤུགས་ལས་བྱུང་བ་དང་། རྐྱེན་གྱིས་བྱུང་བ་བསལ་བའོ། །དང་པོ་ནི། སྒོམ་དུས་བྱིང་ཞིང་རྨུགས་ན། མཐོ་ལ་བསིལ་བའི་སར་སྟན་སྲབ་མོ་ལ་བསྡད་ནས་ལུས་སེམས་ཧུར་བཏོན་ལ་ཤེས་པ་སེང་ངེ་ཡེ་རེ་ཧྲིག་གེ་ཅིག་བྱས་ལ་བསྒོམ། ཟས་བཅུད་ཅན་སྤང་ངོ་། །རྒོད་ཅིང་འཐོར་ན་དྲོ་ཞིང་དམའ་བ་དང་ནག་པའི་སར་སྟན་འབོལ་བ་ལ་བསྡད། ལུས་སེམས་ཁོང་ཀློད་ལ་ལྟ་སྟངས་སྨད་ལ་བསྒོམ་མོ། །ཟས་བཅུད་ཅན་དང་ཆང་བཟང་པོ་ཡོད་ན་ཉུང་ཙམ་བཏང་ངོ་། །གཉིས་པ་རྐྱེན་གྱི་འབྱུང་བ་ནི། སྔར་གྱི་གེགས་སམ་འཕྲལ་ལ་ཆགས་སྡང་གི་ཡུལ་ངན་གྱིས་ལྷོངས་ནས་བྱིང་རྒོད་བྱུང་ན། གསལ་སྒྲོན་ལས། ཆགས་སྡང་གཏི་མུག་དབང་གིས་ནི། །རྒོད་ཅིང་བྱིང་བར་གྱུར་པའི་ཚེ། །ཕྱི་ནང་གསང་བ་གསུམ་པོ་ལ། །སེམས་གཏོད་ནས་ནི་ཞི་བར་འགྱུར། །ཞེས་པས། ཕྱི་ནི་འཁོར་བའི་འཇིགས་པ་དང་། །མྱ་ངན་འདས་ཀྱི་ཡོན་ཏན་བསམ། །ནང་གི་ཤེས་པ་རྩེ་གཅིག་བསྡམ། །གསང་བ་ལྟ་བ་དྲན་པར་བྱ། །ཞེས་འབྱུང་ངོ་། །སྐབས་སུ་བསྒོམ་འཚེར་ལུས་རྨྱ་ཞིང་རྩུབ་པ། གཉིད་མི་ཕེབས་པ་བྱུང་ན་བཀུ་མཉེ་བྱ། ཟས་བཅུད་ཅན་བཏང་། སྤྱོད་ལམ་བག་ཡངས་བྱའོ། །འགྲོ་འདོད་པ་དང་སེམས་གཡེང་བ་དང་མགོ་བོ་སྟོད་ན་བ་བྱུང་ན། ལྟ་སྟངས་ས་ན་སྨད། འོག་རླུང་བསྡམ། རླུང་རོ་དྲག་ཏུ་འབུད་ནས་ལུས་ཀློད། ལུས་ལྗིད་ས་ལ་ཕབས་ནས་ཤེས་པ་ལྟེ་བར་གཏད་ཅིང་བསྒོམ་མོ། །ཉམས་སྒྲོན་ལས། སྐྱོན་དང་བཅོས་ཐབས་ལ་སོགས་ཀུན། །ཉམས་དང་ཁམས་ཀྱི་ཚོད་བཟུང་ནས། །སྐྱོན་བཅོས་སྒྲིམ་ཀློད་ཞལ་ལས་ཤེས། །ཞེས་པའི་དོན་ནོ། །བཞི་པ་ཏིང་ངེ་འཛིན་གྱི་ངོ་བོ་ལ་ལྔ་སྟེ། ཉམས་སྐྱེ་ཚུལ་གྱི་རིམ་པ། ཏིང་ངེ་འཛིན་རང་གི་ངོ་བོ། རྒྱུན་དུ་བཙའ་ཐབས། ཐུན་གྱི་ཚད། བོགས་འདོན་པ་སྟེ། དེ་དག་རེ་རེ་ལ་ཡང་གསུམ་གསུམ་མོ། །སྐྱེ་ཚུལ་ལ་གཡོ་ཐོབ་བརྟན་གསུམ་སྟེ། གཡོ་བའི་ཉམས་ནི། དང་པོ་བསྒོམས་པས་རྣམ་རྟོག་སྔར་བས་མང་དུ་སོང་། སྒོམ་མི་སྐྱེ་བར་འདུག་སྙམ་པ་འབྱུང་། དེ་ནི་རྣམ་རྟོག་ངོས་ཟིན་པ་ཡིན་པས། གོང་དུ་བསྟན་པ་ལྟར་སྐྱོན་དབང་དུ་མ་སོང་བར་བྱས་ལ། རྣམ་རྟོག་ཁོ་རང་གི་སྟེང་དུ་ཀློད་ཅིང་བཞག་པས། སྐབས་སུ་ཡོད་པ་སྙམ་པ་དང་། ཏུམ་མེ་རེ་བ་དང་། ལྷན་ནེ་གནས་པ་སྙམ་དང་། ཟ་ཡུན་ཐུང་བ་ཙམ་དུ་རྟོག་པ་འཕྲོ་བ་འབྱུང་ངོ་། །ཉམས་སྒྲོན་ལས། དེ་ཡང་དང་པོར་ཆུ་དྲག་བཞིན། རྣམ་རྟོག་མང་ཞིང་ཅུང་ཟད་གནས། །ཞེས་སོ། །གཉིས་པ་ཐོབ་པའི་ཉམས་ནི། ཐུན་གྱི་མགོ་རྐང་བར་གསུམ་དུ་མ་ངེས་པར། ཤེས་པ་སེང་ངེ་བའམ། བདེ་ལྷན་ནེ་བ། རྟོག་པ་མེད་པར་མེར་རེ་བའམ། ལྷམ་མེ་བའམ། བདེ་གསལ་མི་རྟོག་གསུམ་ཆར་དུ་སྐྱེ་བའོ། །ཉམས་སྒྲོན་ལས། དེ་ནས་དལ་དྲག་ཆུ་བོ་བཞིན། །རེས་འགའ་རེས་རྟོག་ཐུན་ཕྱེད་གནས། །ཞེས་སོ། །གསུམ་པ་བརྟན་པའི་ཉམས་ནི། ཐུན་རེའམ་ཉི་དྲོས་པའི་བར་ཙམ་མམ། ཕྱེད་སྐབས་ཙམ་དུ་ཡང་བྱིང་རྨུགས་རྒོད་འཐོར་མེད་པར་བདེ་གསལ་མི་རྟོག་གསུམ་ཀ་འཆར་རམ་ཤས་གང་ཆེ་མ་ངེས་པ་ལ་གནས་པ་འབྱུང་སྟེ། ཉམས་སྒྲོན་ལས། དེ་ནས་དལ་འབབ་ཆུ་བོ་བཞིན། །ཤེས་པ་དལ་ཞིང་ཐུན་དུ་གནས། །ཞེས་སོ། །གཉིས་པ་ཏིང་ངེ་འཛིན་གྱི་ངོ་བོ་ངོས་བཟུང་བ་ལ་གསུམ་སྟེ། རབ་ཀྱིས་མཉམ་བཞག་ཏུ་བདེ་གསལ་མི་རྟོག་པ་གསུམ་དུས་གཅིག་ཏུ་སྐྱེ་བ་དེ་ཡང་ཉམས་ཕྱི་ནང་འཆར་བ། སེམས་ནང་དུ་ཡོད་སྙམ་པ་ལྟ་བུ་མ་ཡིན་པར། རང་གི་སེམས་དེ་ཉིད་ངོ་བོ་ཉིད་ཀྱིས་བདེ་བ། རང་བཞིན་གསལ་བ་གཉིས་སུ་མེད་པར་ཐག་ཆོད་པའི་ངང་ལ། ཤེས་པ་རྩེ་གཅིག་ཏུ་གནས་པ་འབྱུང་བ་ནི། སྔར་ཐོས་བསམ་གྱི་བློ་དང་མི་འདྲ་བར། དོན་ཉམས་སུ་མྱོང་བའི་ངེས་ཤེས་ཀྱི་དགའ་སྤྲོ། དོན་གཉེར་མིས་དོན་གྲུབ་པ་ལྟ་བུ་འབྱུང་ངོ་། །སེམས་རང་བཞིན་འོད་གསལ་བའི་མཉམ་བཞག་ཚེ་ན་འབྱུང་བ་སྟེ། ཉམས་སྒྲོན་ལས། མཉམ་ཉིད་ཡུལ་བྲལ་ཏིང་འཛིན་ལ། །མ་ཡེངས་ངང་གིས་གནས་པར་བྱ། །སྐྱེས་བུ་རབ་ཀྱི་སྤྱོད་ཡུལ་ཡིན། །ཞེས་གསུངས་སོ། །འབྲིང་གསལ་དྭངས་སུ་འཆར་ཞིང་། དེ་ཉིད་རང་གི་སེམས་ཀྱི་རང་བཞིན་དུ་ཤེས་ཀྱང་རྣམ་རྟོག་དང་འོད་གསལ་སོ་སོར་འཛིན་པ་འབྱུང་ངོ་། །དམ་པས། འབྲིང་གིས་སེམས་ཉིད་འོད་གསལ་ལ། །ཡུལ་དང་ཤེས་པའི་ཚུལ་དུ་མཐོང་། །ཞེས་སོ། །ཐ་མ་ནི་ལུས་བདེ་སེམས་དགའ་བའི་ངང་ནས་ཤེས་པ་མི་འཕྲོ་བར་ལྷན་ནེ་གནས་པ་འབྱུང་སྟེ། དམ་པས། ཐ་མ་རྟོག་པའི་བསླད་བྲལ་བར། །མི་གཡོ་ཙམ་དུ་གནས་པ་ཉིད། །ཅེས་སོ། །རྗེས་ཐོབ་ཏུ་ནི། རབ་དྲན་པ་ཟིན་དུས་སེམས་རང་སྣང་ཡིན་པ་དང་། མ་ཟིན་དུས་ཀྱང་ཐ་མལ་གྱི་དངོས་འཛིན་ཆུང་བ། འབྲིང་དྲན་པ་ཟིན་དུས་སྒྱུ་མ་ལྟ་བུ་རང་བཞིན་མེད་པ་ཡིན་སྙམ་པ་དང་། མ་ཟིན་དུས་ཐ་མལ་དུ་འགྲོ། ཐ་མ་དངོས་འཛིན་རང་ག་མའོ། །ཉམས་སྒྲོན་ལས། རྗེས་ཤེས་དྲན་པ་མ་ཟིན་ནས། །ཐ་མལ་འཆོར་བ་བཏང་སྙོམས་གནས། །དྲན་ཟིན་ཐ་མལ་ཨ་འཐས་ལོག །གཟུང་འཛིན་ལོག་པར་འཕྲུལ་པ་ཤེས། །ཐུགས་འཕྲད་ཤར་དང་རང་ལོག་འབྱུང་། །ཞེས་སོ། །གསུམ་པ་མཉམ་བཞག་གི་ཏིང་ངེ་འཛིན་དེ་རྒྱུན་དུ་རང་གི་རྒྱུད་ལ་བཙའ་ཐབས་གསུམ་ནི། དཔེར་ན་ནོར་ཡོད་པའི་མིས་སྐྱོང་བྲན་དགོས་པ་དང་འདྲ་བས། རབ་ཀྱིས་ཟ་ཉལ་འགྲོ་འདུག་སྤྱོད་ལམ་རྣམ་བཞི་ཐམས་ཅད་དུ་ལྟ་བས་སྣང་སྲིད་ཐམས་ཅད་སེམས་སུ་ཐག་བཅད་ཅིང་། སྒོམ་པས་ཡུལ་སེམས་གཉིས་མེད་རིག་པ་རང་གསལ་གྱི་ངང་ལ་རྒྱུན་ཁྱེར་བྱའོ། །གསང་སྒྲོན་ལས། སྤྱོད་ལམ་རྣམ་བཞི་ཅི་སྤྱོད་ཀྱང་། །སེམས་ཀྱི་རྩི་ཡིས་ཟིན་པས་ན། །འདི་ནི་བཞག་ཐབས་དམ་པ་སྟེ། །དགོངས་པ་སངས་རྒྱས་ཐུགས་དང་མཉམ། །ཞེས་སོ། །འབྲིང་གིས་མཉམ་བཞག་དུས་ཀྱི་འོད་གསལ་དེ། ད་ལྟའི་རང་གི་ཤེས་རིག་གི་ངོ་བོ་གསལ་སྟོང་འདི་ཡིན་པ་ལ་འགྱུར་བ་མེད་པར་ངོས་བཟུང་ཞིང་། གང་ཤར་གྱི་སྟེང་དུ་མ་ཡེངས་པར་རིག་པ་ཅོག་བཞག་བྱའོ། །མ་ཡེངས་ལམ་དུ་ཁྱེར་དགོས་པས། ཉམས་སྒྲོན་ལས། དཔེར་ན་རྨུ་རྒོད་རྟ་འདུལ་ལྟར། །མ་ཡེངས་པར་ནི་བསྒོམ་པར་བྱ། །ཞེས་སོ། །ཐ་མས་ལུས་ངག་ཡིད་གསུམ་གྱི་གཡེང་བ་ཐམས་ཅད་བཙན་ཐབས་སུ་བོར་ཞིང་། ཡུན་རིང་ཐུང་ཆེ་ཆུང་ཅི་ནུས་པས་ཁོད་སྙོམས་སུ་མཉམ་པར་བཞག་པ་ལ་བརྩོན་པར་བྱའོ། །དམ་པས། ཕྱི་ནང་གཡེང་བས་མ་གོས་པའི། །གནས་སུ་ཡང་ཡང་བསྒོམ་པར་བྱའོ། །ཞེས་སོ། །བཞི་པ་ཐུན་ཚད་ལ་གསུམ་སྟེ། ཁམས་བདེ་ཞིང་ཏིང་ངེ་འཛིན་གསལ་བའི་དུས་སུ་ཐུན་རིང་བར་བྱ། ཁམས་ཉོག་ཅིང་མི་གསལ་བའི་དུས་སུ་ཐུན་ཆུང་ལ་གྲངས་མང་བར་བྱའོ། །ཉིན་མཚན་གྱི་གུང་གཉིས་དང་མཚམས་གཉིས་བྱིང་རྒོད་ཀྱི་དུས་ཡིན་པས་སྲོད་ཐོ་རེང་སྔ་དྲོ་ཕྱི་དྲོ་བཞི་ལ་བརྩོན་ནས་བསྒོམ་གོམས་ནས་སྤྱོད་ལམ་ལ་ཁྱེར་ནུས་པ་དང་། ཐུན་ལ་བཅད་དུ་མེད་པར་རྒྱུན་དུ་ཏིང་ངེ་འཛིན་དང་མི་འབྲལ་བར་བྱའོ། །ཉམས་སྒྲོན་ལས། ཐུན་ཚད་རབ་འབྲིང་གསུམ་དུ་བཅད། །ཁམས་བདེ་ཐུན་ནི་རིང་བར་བྱ། །མི་བདེ་ཐུན་བཞིར་བཅད་པར་བྱ། །ཐུན་ཆེན་གོམས་པའི་རྣལ་འབྱོར་བྱ། །ཞེས་སོ། །ལྔ་པ་བོགས་དབྱུང་བ་ལ་གསུམ་སྟེ། རབ་རྟོགས་པས་བོགས་དབྱུང་བ་ནི། སྣང་སེམས་ལ་བཟང་ངན་དང་བདེ་སྡུག་གི་འཆར་ཚུལ་ཅི་བྱུང་ཡང་། བློ་མ་བཅོས་པར་གང་ཤར་དེ་ཉིད་ཀྱི་ངོ་བོ་ལ་བལྟས་པས། མཚན་འཛིན་གྱི་རིག་པ་ཉིད་རང་བཞིན་སྐྱེ་མེད། རོལ་པ་འགག་མེད། མཚན་ཉིད་དབྱེར་མེད་དུ་གྲོལ་བས། སྣང་བ་དང་རང་རིག་དགེ་བའི་བཤེས་གཉེན་དུ་འགྱུར་རོ། །འབྲིང་གིས་སྤྱོད་ལམ་ལ་ལྟ་སྒོམ་གྱིས་རྒྱས་གདབ་ཅིང་། སྐབས་སུ་རྒྱུད་ལུང་ཟབ་མོའི་ལྟ་བ་དང་། བསྐྱེད་རིམ་དང་། ཐབས་ལམ་དང་། འཁྲུལ་འཁོར་ལ་སོགས་པས་བོགས་འདོན་ཏེ། མདོ་རྒྱུད་དགེ་བའི་བཤེས་གཉེན་དུ་འགྱུར་རོ། །ཐ་མས་འཆི་བ་མི་རྟག་པ་བསམ་ཞིང་། བླ་མ་ལ་ཡང་ཡང་ཞུ་གཏུགས་དང་། གྲོགས་པོ་ལ་གསལ་འདེབས་ཞུ་བ་དང་། ཏིང་ངེ་འཛིན་ལ་བརྩོན་འགྲུས་ཀྱིས་བོགས་འདོན་ཏེ། བླ་མ་དགེ་བའི་བཤེས་གཉེན་བསྟེན་པར་བྱའོ། །སྤྱིར་རབ་འབྲིང་ཐ་མ་གསུམ་ཀ་ལ་ཡང་། བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བསྐྱེད་ལ་རྒྱུན་དུ་གསོལ་བ་གདབ་པ་དང་། སེམས་ཅན་ཐམས་ཅད་ལ་ཉེ་རིང་མེད་པར་ཕ་མའི་འདུ་ཤེས་ཀྱིས་བྱམས་སྙིང་རྗེ་བསྒོམ་པ་དང་། ཉམས་སུ་བླངས་པའི་བརྩོན་འགྲུས་ཡེངས་པ་མེད་པ་དང་། ཚེ་འདིའི་བདེ་སྐྱིད་སྙན་གྲགས་ཟས་ནོར་ཉེ་དུའི་ཞེན་པ་ཐམས་ཅད་བཙན་ཐབས་སུ་བཅད་ན་མྱུར་དུ་ཡོན་ཏན་ཆེན་པོ་འོང་ངེས་སོ། །ཉམས་སྒྲོན་ལས། ལུང་ཟབ་བླ་མ་ཉམས་ཅན་སྤུན། །བལྟ་དང་ལྟ་འབུལ་ཉམས་བསྡུར་དང་། །མི་རྟག་འཆི་བསམ་བརྩོན་འགྲུས་བསྐྱེད། །གནས་ལུགས་དྲན་པའི་རྩིས་ཟིན་པས། །གསང་སྤྱོད་ཐབས་ལ་བསྟེན་པ་དང་། །རླུང་དང་བདེ་བའི་མན་ངག་དང་། །དམིགས་མེད་སྙིང་རྗེ་བསྒོམ་པ་དང་། །གདམས་པའི་གནད་དང་ཤེས་རབ་ཀྱིས། །རིག་པ་རྩལ་སྦྱང་ཉམས་བོགས་འདོན། །ཞེས་གསུངས་སོ། །གཉིས་པ་ཏིང་ངེ་འཛིན་སྐྱེས་པའི་དཔེ་ནི། དཔེར་ན་སྐྱེས་བུ་འཇིགས་བཅས་ཞིག །ལམ་ལ་བགྲོད་པར་གྱུར་པའི་ཚེ། །རང་ཡུལ་སྣང་བ་མཐོང་སླེབས་དང་། །འཇིགས་པའི་རྟོག་པ་མེད་དང་མཚུངས། །ཞེས་པས་ལྟ་སྒོམ་མཐར་ཕྱིན་ནས་རེ་དོགས་མེད་པའི་དཔེ་ནི་འདིར་མ་ཡིན་ལ། ཉམས་རྟོགས་སྐྱེས་པའི་གནས་སྐབས་སུ་དབུགས་དབྱུང་བའི་དཔེ་སྟེ། རབ་སྣང་སེམས་དབྱེར་མེད་ཆོས་སྐུར་རྟོགས་པས་ཐེག་པ་འོག་མའི་རྒྱུན་རྩོལ་བ་ལ་ལྟོས་པའི་འཇིགས་པ་མེད། འབྲིང་རིག་པ་རང་གསལ་དུ་གནས་པའི་བྱིང་རྨུགས་རྒོད་འཐོར་གྱི་འཇིགས་པ་མེད། ཐ་མ་ལུས་སེམས་དགའ་བདེའི་ངང་ལ་རྩེ་གཅིག་ཏུ་ལྷག་པར་གནས་པས་དབུགས་ཕྱིན་པའོ། །གསུམ་པ་ཏིང་ངེ་འཛིན་སྐྱེས་པའི་རྟགས་བསྟན་པ་ནི། རྩ་ཚིག་ལས། འཁོར་བའི་ཆོས་ལ་སྐྱོ་བ་དང་། །སེམས་ཅན་རྣམས་ལ་སྙིང་རྗེ་སྐྱེ། །རང་གི་གནས་ལ་མི་ཆགས་ཤིང་། །ཐག་རིང་གཞན་དུ་འགྲོ་བར་འདོད། །ཅེས་པས། དྲོད་རྟགས་ཕྱི་ནང་གསང་གསུམ་སྟེ། གསང་བའི་རྟགས་ནི། ཉམས་སྒྲོན་ལས། རླུང་གི་མཚན་མ་ལྔ་མཐོང་ནས། །ཤུགས་སྣང་བརྒྱད་སོགས་ཉམས་སྣང་དག །གཡོ་ཐོབ་ཙམ་དུ་འབྱུང་བ་སྲིད། །ཅེས་པ་ནི། སེམས་དང་རླུང་གཉིས་མེད་བརྟན་པ་ཡིན་པས་སེམས་གནས་པའི་ཚེ་རླུང་ཟིན་ཅིང་། རླུང་ལ་ས་ཆུ་མེ་རླུང་ནམ་མཁའི་རླུང་ལྔ་སྟེ། དེ་རྩ་རོ་རྐྱང་གཉིས་ལ། ལྔ་གཉིས་བཅུ་ནང་དུ་རྒྱུ་བ་དེ་ནང་དུ་ཟིན་པའི་རྟགས་སུ་རྣལ་འབྱོར་པའི་མཐོང་སྣང་དུ། དུ་བ་ལྟ་བུ་ཁ་དོག་མ་ངེས་པ་དང་། སྨིག་རྒྱུ་ལྟ་བུ་ཆུའི་རིགས་དང་། སྲིན་བུ་མེ་ཁྱེར་དང་། མེ་སྟག་ལྟ་བུ་མེའི་རིགས་དང་། མར་མེ་འབར་བ་ལྟ་བུ་གཅིག་ནས་མང་པོའི་བར་དང་། སྤྲིན་མེད་པའི་ནམ་མཁའ་ལྟ་བུ་རྒྱ་ཆེ་ཆུང་མ་ངེས་པ་དང་། དཀར་པོ་དམར་པོ་སེར་པོ་ལམ་ལམ་པ་དང་། སྣང་བ་མེད་པའི་མུན་ནག་ལྟ་བུ་དང་། ཉི་མ་དང་ཟླ་བའི་འོད་ཅན་དང་། འོད་མེད་དང་། ཕྱེད་པོ་དང་། བར་སྣང་སྦྲང་འདབ་ལྟ་བུ་སྐྱ་ཙིག་ཙིག་པས་གང་བ་དང་། འོད་ཀྱི་ཐིག་ལེ་ཁ་དོག་ལྔ་གང་རུང་ལ། འོད་ཟེར་གྱི་ཐག་པ་བརྒྱང་བ་ལྟ་བུ་དང་། འོད་སྣ་ལྔ་ཅི་རིགས་པ་མཐོང་སྟེ། ཉམས་སྒྲོན་ལས། རླུང་གི་མཚན་མ་རྣམ་ལྔ་ཡང་། །དུ་བ་ལྟ་བུའི་ལོང་ལོང་ལ། །སྨིག་རྒྱུ་ལྟ་བུའི་གྱ་གྱུ་དང་། །སྲིན་མེ་ལྟ་བུའི་དམར་འགྲོ་དང་། །མར་མེ་ལྟ་བུའི་དམར་ཀན་དང་། །མཁའ་ལ་ཉི་ཤར་ལྟ་བུར་སྣང་། །ཤུགས་སྣང་བརྒྱད་པོ་སྣང་བ་ཡང་། །གྲུར་ཞུགས་འགྲོ་བ་སྙམ་བྱེད་དང་། །སྣང་བ་མུན་པར་འགྱུར་བ་དང་། །ནམ་མཁའ་རྡུལ་གྱིས་གང་བ་དང་། །མཁའ་ལ་འོད་དུ་འབར་བ་དང་། །ལུས་དང་འབྱུང་བ་སྣང་མེད་པར། །སེམས་ཉིད་གསལ་སྟོང་དྭངས་པ་དང་། །མེ་ལོང་སྐར་མས་བརྒྱན་པ་མཐོང་། །ཞེས་སོ། །གཞན་ཡང་སེམས་ནི་འཁོར་འདས་ཐམས་ཅད་ཀྱི་ཀུན་གཞི་ཡིན་པས། ཐོག་མེད་དུས་ཀྱི་ཤེས་བྱའི་བག་ཆགས་ཐམས་ཅད་ཀུན་གཞི་ལ་ཡོད་པ་དང་། ཀུན་གཞི་དེས་བསྐྱེད་པའི་ལུས་འདི་ལ་སྣང་སྲིད་འཁོར་འདས་ཀྱི་ས་བོན་ཐམས་ཅད་རྩ་མདུད་ལ་ཡི་གེའི་ཚུལ་དུ་དོད་པའི་ནང་དུ་རླུང་སེམས་ཚུད་པའི་རྟེན་འབྲེལ་གྱིས། ཕྱི་སྣོད་ནང་བཅུད་སྐྱེ་འགྲོ་རིགས་དྲུག །བེམ་པོ་དང་རིག་པ་ཅན་ལ་སོགས་པའི་གཟུགས་དབྱིབས་ཁ་དོག་སྣ་ཚོགས་པ་ཞེས་བྱ་བ་ཅི་སྲིད་པ་གང་ཡང་སྣང་དུ་རུང་བ། རྣལ་འབྱོར་པའི་བསྒོམ་པའི་ཉམས་སྣང་ཡིན་པས་བཟང་ངན་གྱི་རྣམ་པ་གང་ལ་ཡང་ཆགས་སྡང་མི་བྱ་བར་ཉམས་སྣང་དེ་ཉིད་ཀྱི་སྟེང་དུ་སེམས་གཏད་ཅིང་སྣང་སེམས་བསྲེ་བར་བྱའོ། །ཉམས་སྒྲོན་ལས། འགྲོ་དྲུག་རྒྱ་གནས་རླུང་ཚུག་དང་། །ཐོག་མེད་བག་ཆགས་སྣ་ཚོགས་དང་། །སེམས་ཉིད་ཅིར་ཡང་འཆར་བའི་ཕྱིར། །འགྲོ་དྲུག་སྣང་ཚུལ་སྣ་ཚོགས་དང་། །ལྷ་དང་ལྷ་མོ་ལ་སོགས་དང་། །སྐྱེད་མོས་ཚལ་དང་ཞིང་ཁམས་སོགས། །ངན་སོང་གསུམ་གནས་སྡུག་བསྔལ་དང་། །འདོད་ཁམས་ལྷ་མིའི་སྣང་ཚུལ་དང་། །གཟུགས་ཁམས་གཟུགས་མེད་བསམ་གཏན་དང་། །པདྨའི་ཚལ་དང་སངས་རྒྱས་ཞིང་། །ཉམས་ཀྱི་སྣང་བ་ཅིར་ཡང་འཆར། །དེ་ཀུན་སེམས་ཉིད་རང་སྣང་ལ། །མི་གཡོ་དེ་བཞིན་མ་བཅོས་བཞག །ཅེས་སོ། །ནང་གི་དྲོད་རྟགས་ནི། ཉམས་སྒྲོན་ལས། དྲོད་ནི་བཟོད་པ་ཕྲ་ཐོབ་དང་། །ལུས་ཡང་བདེ་བ་འབྱུང་བ་དང་། །དབུགས་ཀྱི་རྒྱུ་བ་མི་ཚོར་དང་། །སེམས་ཉིད་རྣལ་དུ་ཕེབས་པ་ཡི། །གསལ་ལ་ཡུལ་མེད་མི་རྟོག་གནས། །ཞེས་སོ། །ཕྱི་རྟགས་ནི། ནོར་རྫས་གཉེན་འདུན་ལ་སོགས་པ། །ཚེ་འདིའི་བྱ་བ་ཐམས་ཅད་བློས་ཐོངས་ནས། །ཅི་ལ་ཡང་ཆགས་ཞེན་ཆུང་བ་སྟེ། །རྩ་ཚིག་ལྟར་རོ། །གཞན་ཡང་། ཕྱི་རྟགས་ལུས་ནི་ཡོད་མི་ཚོར། །ནང་རྟགས་དབུགས་ནི་རྒྱུ་མི་ཚོར། །གསང་རྟགས་དངོས་པོའི་ཞེན་པ་ཆུང་། །ཉམས་ནི་མིང་དུ་མི་ཐོགས་ཤིང་། །ཤེས་པ་ཁོང་ནས་དགའ་བ་འབྱུང་། །ལུས་ནི་འདར་ཞིང་སྤྲུགས་པ་དང་། །འཕགས་དང་རྒྱུག་པའི་ལས་རྣམས་བྱེད། །ངག་ནི་རྒོད་ཅིང་ངུ་བ་དང་། །ཁ་ནས་སྒྲ་སྐད་སྣ་ཚོགས་འབྱུང་། །སེམས་ནི་འཛིན་མེད་བཏང་དཀའ་ལ། །ཕྱི་ནང་ཤེས་པ་མི་རྒྱུ་བ། །ཞེས་པས། རྣལ་འབྱོར་པ་བསྒོམ་པའི་དུས་སུ་ལུས་ལ་འཕྲ་འདར་མཆོང་རྒྱུག་ཚ་བྲད་ན་བྲད་ཤ་འགུལ་སྣ་ཚོགས་དང་། ངག་ཏུ་རྒོད་པ་དང་ངུ་བ་དང་། གླུ་དབྱངས་ལ་སོགས་སྐད་སྣ་ཚོགས་དང་། སེམས་བདེ་སྡུག་གསལ་མི་གསལ་མེས་ཚིག་ཆུས་ཁྱེར་ཁྱི་དང་གཅན་སྦྲུལ་ལ་སོགས་ཀྱིས་གཙེས་པའི་སྣང་བ་ལ་སོགས་ཉམས་ལ་མི་འབྱུང་མེད་པ་མེད་ཅིང་། ལུས་ངག་ཡིད་གསུམ་ལ་ཅི་བྱུང་ཡང་ཉམས་ཡིན་པས་བཟང་བ་འདྲ་ལ་དགའ་བ་དང་། ངན་པ་འདྲ་ལ་མི་དགའ་བ་དང་ཐེ་ཚོམ་མི་བྱ་ལ། ཉམས་གང་བྱུང་དེ་ཉིད་ཀྱི་སྟེང་དུ་སེམས་བསྐྱང་ངོ་། །རྨི་ལམ་གྱི་རྟགས་མང་དུ་གསུངས་མོད་ཀྱི། རྣལ་འབྱོར་པ་བདེན་འཛིན་འཕེལ་བའི་རྒྱུ་ཡིན་པས་ཉམས་སྣང་ཐམས་ཅད་ཀྱང་བདེན་མེད་སྒྱུ་མ་ལྟ་བུར་ཤེས་དགོས་ན། རྨི་ལམ་ལ་བདེན་མེད་དུ་ཤེས་པར་བྱའོ། །གསང་སྒྲོན་ལས། གང་ལ་ཞེན་པ་མེད་ཅིང་ཆགས་པ་ཆུང་། །མ་ནོར་དོན་ལ་ཀུན་གཞི་འགྱུར་མེད་གསལ། །རྟགས་ཆེན་དེ་ཡོད་གཞན་གྱི་ཁར་མ་ལུས། །ཞེས་གསུངས་པས། ཚེ་འདིའི་བྱ་བ་ལ་སོགས་སྣང་བ་མངོན་ཞེན་ཆོད་ན་རྟགས་གཞན་མ་བྱུང་ཡང་བཟོད་ལ་རྟགས་ཐམས་ཅད་འཛོམ་ཡང་མངོན་ཞེན་ཆེ་ན་དུ་བ་བྱུང་རན་མེ་བསད་པ་དང་འདྲའོ། །བཞི་པ་འབྲས་བུ་བསྟན་པ་ནི། རྩ་ཚིག་ལས། རྣལ་འབྱོར་པ་དེ་འགག་པའི་ཚེ། །ངེས་པར་མི་ལུས་ཐོབ་ནས་སུ། །ཆོས་སྤྱོད་པ་དང་ལྡན་འགྱུར་ཏེ། །དེ་ཚེ་ཆོས་ཉིད་བདེན་པ་མཐོང་། །ཞེས་པ་ལ་གཉིས་ཏེ། རྒྱུ་མཐུན་གྱི་འབྲས་བུ་ནི། རྣལ་འབྱོར་པ་གནས་པའི་ཉམས་དེ་ཙམ་ན་ཚེ་འཕོས་ན་གོང་དུ་བསྟན་པ་ལྟར། ཏིང་ངེ་འཛིན་རབ་ལ་ཕྱིན་པ་དེ་བར་དོའི་འོད་གསལ་ངོས་ཟིན་ནས་ཏིང་ངེ་འཛིན་རྩལ་རྫོགས་ཏེ་སངས་རྒྱས། འབྲིང་སྒྱུ་ལུས་བར་དོར་ལྷའི་རིག་པ་འཛིན་པར་བརྫུས་ཏེ་སྐྱེས་ནས་ཏིང་ངེ་འཛིན་རྩལ་རྫོགས་པར་འགྱུར། ཐ་མ་མི་ལུས་ཐོབ་ནས་གདམས་ངག་ཟབ་མོ་དང་འཕྲད་ནས་ཆོས་ཉིད་བདེན་པའི་དོན་མཐོང་བར་གསུངས་ཏེ། ཉམས་སྒྲོན་ལས། རང་འབྲས་རྣལ་འབྱོར་འཕོ་བའི་ཚེ། །གདམས་པའི་གནད་དང་ཤེས་རབ་ཀྱིས། །འགགས་མེད་ཡེ་ཤེས་ཆོས་སྐུར་སྦྱོར། །འགགས་མེད་སྒྱུ་ལུས་བར་དོ་ནས། །ལྷ་མི་རིག་འཛིན་དེ་ནས་གྲོལ། །ཕལ་ཆེར་བག་ཆགས་རྟོག་པའི་མཐུས། །ངེས་པར་མི་ལུས་ཐོབ་ནས་སུ། །ཆོས་སྤྱོད་པ་དང་ལྡན་གྱུར་ཏེ། །དེ་ཚེ་ཆོས་ཉིད་བདེན་པ་མཐོང་། །ཞེས་སོ། །སྐྱེས་བུ་བྱེད་པའི་རྣམ་སྨིན་གྱི་འབྲས་བུ་ནི། གནས་པའི་ཏིང་ངེ་འཛིན་དེས་ཉོན་མོངས་པ་དང་གཟུང་འཛིན་གྱི་མཚན་མ་ཆེ་རགས་གྲོལ་ནས་མི་གཡོ་བའི་ཏིང་ངེ་འཛིན་ཐོབ་པར་གསུངས་ཏེ། ཉམས་སྒྲོན་ལས། རྟོགས་པའི་ངང་གནས་རྣལ་འབྱོར་པས། །གསལ་ལ་ཡུལ་མེད་གོམས་པ་ཡིས། །ཉོན་མོངས་ཀུན་བརྟགས་འབྲིང་བཅོམ་ནས། །བརྟན་པའི་ཆ་ལ་མི་གཡོ་ཐོབ། །ཅེས་སོ། །གཉིས་པ་ལྷག་མཐོང་རྟོགས་པ་མི་གཡོ་བའི་རྣལ་འབྱོར་ལ་བཞི་སྟེ། ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་ཐབས། ཏིང་ངེ་འཛིན་གྱི་དཔེ། དེའི་དྲོད་རྟགས་དང་། འབྲས་བུ་བསྟན་པའོ། །དང་པོ་ནི། རྩ་ཚིག་ལས། ཇི་སྲིད་མཉམ་པར་བཞག་པའི་ཚེ། །སྐྱོན་གྱི་རྣམ་པ་བཀག་ནས་ནི། །རང་བྱུང་ཡེ་ཤེས་འོད་དང་ལྡན། །ཉིན་མཚན་འདས་ཀྱི་བར་དུ་གནས། །ཞེས་པས། མཉམ་པར་བཞག་ཐབས། སྐྱོན་ངོས་བཟུང་ནས་ཡེ་ཤེས་སྦྱོར་ཐབས། རྟོག་པའི་ཡེ་ཤེས་ངོས་བཟུང་བ། ཏིང་ངེ་འཛིན་ལ་གནས་པའི་ཡུན་དང་བཞིས་སྟོན་ཏེ། བཞག་ཐབས་ནི། གསང་སྒྲོན་ལས། རྣམ་ཤེས་འདུ་བའི་གནས་དག་ཏུ། །བག་ཕེབས་ལུས་སེམས་ཀློད་པར་བྱ། །རྟོག་པ་བློ་ཡི་ཞེན་པ་བཟློག །ཕྲ་རགས་ཡུལ་ལ་བློ་མི་བཟུང་། །རང་སེམས་ཐབས་ཀྱིས་མཐོང་བྱས་ཏེ། །ཡང་དག་ཤེས་རབ་མིག་གིས་བལྟ། །ཞེས་པ་དེ་ལ་ཡང་གསུམ་སྟེ། དང་པོ་ཕྱི་ནང་གསང་བའི་རྣམ་གཡེངས་མེད་པའི་གནས་སུ་ལུས་ངག་ཡིད་གསུམ་བདེ་བར་བྱས་ལ་ཚོགས་དྲུག་གི་ཡུལ་ལ་ཤེས་པ་ཕྱིར་མི་འཕྲོ་བར་རང་གི་སེམས་ལ་ནང་དུ་ཡང་དག་པར་བལྟས་ཏེ། དེ་ཡང་ད་ལྟའི་སེམས་འདི་འགྱུ་བ་དང་། གནས་པ་དང་། གསལ་བ་དང་། བདེ་བ་ཅི་ལྟར་འདུག་བརྟག་ལ། གང་དུ་འདུག་པ་དེ་ལ་ལྟ་བའི་རྒྱས་འདེབས་དང་། འདི་ཡིན་གྱི་བློ་བཟོ་མི་བྱ་བར་བདེ་གསལ་མི་རྟོག་པའི་ངང་ལ་གནས་འདུག་ན། གང་ལྟར་འདུས་པ་དེ་ཉིད་ལ་བྱུང་ས། གནས་ས། འགྲོ་ས། ངོ་བོ། གཟུགས། དབྱིབས། ཁ་དོག་ཅི་སྣང་། སྒོམ་མཁན་གྱི་སེམས་དང་ཉམས་དེ་ལ་ཁྱད་པར་ཅི་སྣང་བརྟག་ཅིང་ཁོ་རང་གི་སྟེང་དུ་བཞག་གོ། །ཉམས་སྒྲོན་ལས། མ་སྐྱེས་རང་བྱུང་སྐྱེ་བ་མེད། །སྐྱེ་བ་མེད་པའི་ཆོས་ཉིད་ལ། །མ་བཅོས་རང་བྱུང་ལྷུག་པར་བཞག །ཞེ་འདོད་མི་བྱ་ཕྱལ་བར་བཞག །ཅེས་གསུངས་སོ། །དེའི་དོན་ཆོད་ན་ཆོད་ཚུལ་འོག་ནས་འབྱུང་། གནས་པ་ཡོན་ཏན་དུ་མི་ལྟ། འགྱུ་བ་སྐྱོན་དུ་མི་ལྟ་བར་རྣམ་རྟོག་འགྱུ་བ་གང་བྱུང་ངོས་བཟུང་ནས། ད་ལྟ་དྲན་བདོའི་རྣམ་རྟོག་དེ་ལ་བྱུང་གནས་འགྲོ་གསུམ། ངོ་བོ། དབྱིབས། ཁ་དོག་ཅི་བྱུང་ཅི་སྣང་། ཉམས་བདེ་གསལ་མི་རྟོག་པ་དང་། འགྱུ་བ་དེ་ལ་ཁྱད་ཅི་འདུག །རྒྱུ་རྐྱེན་གྱི་བྱས་མ་བྱས། དྲི་མ་ཡོད་མེད་ཁྱད་ཅི་སྣང་། སེམས་ཀྱི་ངོ་བོ་དེ་གང་བྱུང་བརྟག །སོ་སོར་ཕྱེས་ཤིང་བརྟག །གཅིག་ཏུ་བསྲེ་ཞིང་བརྟག །འགྱུ་གནས་གང་བྱུང་དེ་ཉིད་ཀྱི་སྟེང་དུ་འཚོ་ཞིང་བརྟགས་ཏེ། གསང་སྒྲོན་ལས། ཞི་གནས་བསྒོམས་པས་ལྷག་མཐོང་སྐྱེ། །རྣམ་པར་རྟོག་ལས་ཡེ་ཤེས་སྐྱེ། །སྟོང་པ་ཉིད་ལས་སྙིང་རྗེ་སྐྱེ། །ཞེས་སོ། །སེམས་ཀྱི་དོན་ཆོད་ན། གཉིས་པ་ནི། སྔར་བཤད་པའི་དྲོད་རྟགས་མེ། དུ་བ། སྨིག་རྒྱུ་ནས་བཟུང་སྟེ། སངས་རྒྱས་ཀྱི་ཞིང་ཁམས་སྐུ་གཟུགས་ལ་སོགས་མཐོང་སྣང་བཟང་ངན་ཅི་བྱུང་ཡང་དེ་ཉིད་ལ་སེམས་བསྲེ་ཞིང་འཚོ། ཉམས་སྣང་དེ་ལ་བྱུང་གནས་འགྲོ་གསུམ་དངོས་པོ་གྲུབ་མཐའ་ཅི་སྣང་ཡང་སེམས་དང་གཅིག་གམ་ཐ་དད་བརྟག་གོ། །གསང་སྒྲོན་ལས། ཟུང་དུ་འཇུག་པའི་ཡེ་ཤེས་ནི། །རྒྱུ་དང་རྐྱེན་ལ་རག་མ་ལུས། །ཐུགས་ཕྲད་ཤུགས་ཀྱིས་ལྷུག་པར་འཆར། །ཞེས་སོ། །འདིའི་དོན་ཆོད་ན། གསུམ་པ་ནི། གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པའི་ཡུལ་དུ་སྣང་བ་ཐམས་ཅད། ཉོན་མོངས་པ་དུག་ལྔ་དང་། བདེ་སྡུག་གི་ཚོར་བ་དང་། འཁོར་འདས་ལ་རེ་དོགས་ལ་སོགས་སེམས་ལ་བྱུང་ཚད་ཀྱི་སྟེང་དུ་བཞག་ཅིང་། ངོ་བོ་དབྱིངས་ཁ་དོག་བྱུང་གནས་འགྲོ་གསུམ་སེམས་དང་སེམས་བྱུང་ཁྱད་ཅི་སྣང་བརྟག་གོ། །ཉམས་སྒྲོན་ལས། ཆོས་སྐུ་སྤྲོས་བྲལ་རང་རིག་གསལ། །སྐུ་གསུམ་རང་ཆས་རྩོལ་མེད་ལས། །བྱར་མེད་སྐྱེས་བུ་ཅི་བཞིན་དུ། །ལུས་སེམས་ཁོང་ཀློད་གང་དགར་བཞག །ཅེས་སོ། །དེ་ལྟར་སེམས་ལ་གང་ཤར་གྱི་ཉམས་བསྐྱང་དགོས་པ་ཡང་། བང་མཛོད་ལས། འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་། །རྣམ་རྟོག་རླུང་གིས་མི་བསྐྱོད་ན། །དེ་ཉིད་རང་བྱུང་ཡེ་ཤེས་ཡིན། །རང་བྱུང་ཡེ་ཤེས་ཆེན་པོ་ཡང་། །རྣམ་རྟོག་རླུང་གིས་བསྐྱོད་པ་ན། །འདོད་ཆགས་ཞེ་སྡང་གཏི་མུག་ཡིན། །ཞེས་གསུངས་སོ། །གཉིས་པ་སྐྱོན་ངོས་བཟུང་ནས་ཡེ་ཤེས་སྦྱར་བ་ལ། དམ་པས། མི་མཐུན་ཕྱོགས་ཀྱི་སྐྱོན་བསྟན་པ། །གོལ་སྒྲིབ་སུམ་ཅུ་སོ་དྲུག་སྟེ། །ནོར་དུ་དོགས་པ་ལྔ་བཤད་ན། །ཆད་པར་དོགས་དང་རྟག་པར་དོགས། །ཕྱལ་བར་དོགས་དང་བྱིང་བར་དོགས། །མེད་པར་དོགས་དང་དེ་ལྔའོ། །སྒྲིབ་པ་ཆེན་པོ་བཅུ་བཤད་ན། །མི་གཡོ་གསལ་དང་བདེ་སྡུག་བསྔལ། །སེམས་ལ་ཤེས་འབྱུང་མངོན་ཤེས་དང་། །མཚན་མའི་རྫུ་འཕྲུལ་འབྱིན་པ་དང་། །འདི་ལ་བླ་མེད་མཆོག་འཛིན་དང་། །བདག་གི་ལྟ་བ་སྙེམས་པ་དང་། །གཞན་གྱི་ལྟ་བ་ཁྱད་དུ་གསོད། །འདི་དག་སྒྲིབ་པ་ཆེན་པོའོ། །མངོན་ཤེས་མཚན་མར་འཛིན་པ་བདུད། །མི་བཟད་དུག་འཐུང་འདྲ་སྟེ་སྐྱོན། །ཞེས་གསུངས་པས། ལྟ་སྒོམ་ལ་ཐུན་མོང་བའི་དྲི་མ་ལྔས་གཏིང་དུ་མི་ཕྱིན་ཅིང་། ཡོན་ཏན་ལ་མངོན་པར་རློམ་པ་བཅུས་གོང་དུ་མི་འཕེལ་བ་སྟེ། དེ་ལྟར་བཅོ་ལྔའོ། །རྣལ་འབྱོར་དང་པོར་བཤད་པའི་སྐྱོན་དྲུག །བར་དུ་གཅོད་པ་བཅུ་དྲུག་དང་སུམ་ཅུ་རྩ་བདུན་དུ་འགྱུར་ཡང་། སྐྱོན་དྲུག་སྒྲིབ་བཅུས་ལྟ་བ་སྙེམས་གཉིས་གཅིག་ཏུ་བརྩི་བས་གོལ་སྒྲིབ་སོ་དྲུག་པོ་དེ་དག་གིས་རྣལ་འབྱོར་དང་པོའི་ཏིང་ངེ་འཛིན་མི་སྐྱེ་མི་འཕེལ་བས་སྤང་བྱ་ཡིན་ལ། འདིར་སྣང་སྲིད་སེམས་སུ་རྟོགས་ཤིང་སེམས་ཉིད་ཆོས་སྐུར་རྟོགས་པའི་ཚེ། གོལ་སྒྲིབ་ཀྱི་སྐྱོན་དྲུག །སྒྲིབ་པ་བཅུ། དོགས་པ་ལྔ། བར་ཆད་བཅུ་དྲུག །བྱིང་རྨུགས་རྒོད་འཐོར་གང་བྱུང་ཡང་དེ་ཉིད་ཀྱི་སྟེང་དུ་བཞག་ཅིང་ངོ་བོ་ལ་བལྟས་པས། གོལ་སྒྲིབ་ཐམས་ཅད་རིག་པའི་རྩལ་མ་འགག་པ་ལས་ཅིར་ཡང་སྣང་ཞིང་། རིག་པ་ཉིད་གཞི་མེད་རྩ་བྲལ་དུ་སྐྱོན་ཡོན་གྱི་མཐའ་ལས་འདས་པར་རྟོགས་པས་སྐྱོན་ཐམས་ཅད་ཡེ་ཤེས་སུ་འཆར་བའོ། །སྐྱོབ་པས། ཐམས་ཅད་བདག་ཏུ་རྟོགས་པས་ཉོན་མོངས་སྐྱེ་ཡུལ་མེད། །བདག་ཉིད་བསམ་མི་ཁྱབ་པས་ཉོན་མོངས་སྐྱེ་མཁན་མེད། །ཉོན་མོངས་མ་བཅད་རང་ཆོད་སངས་རྒྱས་དགོངས་པ་ཡིན། །ཞེས་པ་དང་། དམ་པ་ཉིད་ཀྱིས་སྐྱོན་སེལ་གསུངས་པ། སྟོང་པ་ལྟ་མེད་ཆད་མ་སོང་། །ཐེར་ཟུག་ལྟ་མེད་རྟག་མ་སོང་། །བསམ་རྗེས་མ་འབྲངས་ཕྱལ་མ་སོང་། །རྨུགས་པ་མེད་ན་བྱིང་མ་སོང་། །རང་རིག་ཤེས་རབ་གསལ་ཡོད་པས། །མེད་པར་མ་སོང་དེ་དགའ་འོ། །ཞེས་སོ། །གསུམ་པ་རྟོག་པའི་ཡེ་ཤེས་ངོས་བཟུང་བ་ལ་བཞི་སྟེ། རྟོགས་པ་སྐྱེ་ཚུལ་གྱི་རིམ་པ་དང་། རྟོགས་པ་རང་གི་ངོ་བོ། དེ་རང་གི་རྒྱུད་ལ་བཙའ་ཐབས། གོང་དུ་བོགས་འདོན་པའོ། །དང་པོ་ནི། སེམས་ལ་འཆར་སྒོ་གང་བྱུང་གི་སྟེང་དུ་བཞག་ཅིང་། དེའི་ངོ་བོ་ལ་བལྟས་པས་མཉམ་པར་བཞག་ཐབས་གསུམ་ལས། རྣམ་རྟོག་སྐྱེ་ཚུལ་གསུམ་འབྱུང་སྟེ། དང་པོ་རྣམ་པར་རྟོག་པ་ཕྲ་རགས་གང་བྱུང་ཐམས་ཅད་རང་བྱུང་རང་ཞི་གསལ་སྟོང་དུ་གྲོལ་ནས། གསལ་སྟོང་དེ་ཉིད་རང་རིག་པའི་ཡེ་ཤེས་སུ་རྟོགས་པ་ནི། རྟོགས་པའི་ཡེ་ཤེས་མགོ་གཡོ་བ་ཞེས་སོ། །མཉམ་བཞག་རྟོག་པ་རང་གྲོལ་དང་། །གསལ་སྟོང་བདེ་ལ་མི་རྟོག་གནས། །ཞེས་སོ། །དེ་ནས་ངར་འཛིན་རྣམ་པར་རྟོག་པ་གྲྭ་མ་ཆག་ཟུར་མ་ཉམས་པ་དེ་ཉིད་རྒྱུན་ཆད་མེད་ཅིང་འདུས་མ་བྱས་པའི་རང་བྱུང་གི་ཡེ་ཤེས་དྲི་མེད་ཆོས་སྐུར་ལྷག་གིས་རྟོགས་པ་ནི་རྟོགས་པའི་ངོ་བོ་ཐོབ་པ་ཞེས་བྱའོ། །ཀློང་གསལ་ལས། རང་བྱུང་ཡེ་ཤེས་རང་ལས་བྱུང་། །དེ་ཤེས་ཡེ་ཤེས་ཙམ་དུ་བརྗོད། །ཅེས་སོ། །ཀུན་བྱེད་ལས། རང་བྱུང་རྒྱུ་རྐྱེན་མེད་པར་འབྱུང་བ་ཡིན། །ཡེ་ཤེས་འགག་པ་མེད་པར་གསལ་བ་ཡིན། །ཞེས་སོ། །དེ་ནས་ཉམས་སྣང་གང་བྱུང་བ་ཐམས་ཅད་རྒྱུན་ཆད་མེད་པར་འགག་མེད་རིག་པ་རང་སྣང་དུ་རྟོགས་ལ། གཞན་སྣང་སྲིད་ཤེས་བྱའི་ཆོས་ཐམས་ཅད་སེམས་ཉིད་རང་སྣང་དུ་རྟོགས་ཤིང་སྣང་སེམས་གཉིས་མེད་དུ་འདྲེས་ནས་ཡུལ་མེད་རང་གསལ་གྱི་ངང་དུ་གནས་པ་ནི། རྟོགས་པ་བརྟན་པོར་ཞུགས་པ་ན། །ཡུལ་མེད་རང་གསལ་ཉམས་ཀྱི་གཏིང་། །ཞེས་སོ། །ཆོད་ཚུལ་གསུམ་པོ་དེ་ལ། སེམས་ཉིད་འོད་གསལ་ཆེན་པོ་ལ། །ཇི་སྲིད་མཉམ་པར་བཞག་པའི་ཚེ། །རྣམ་པར་རྟོག་པ་སྔོན་ལ་འབྱུང་། །ཡེ་ཤེས་ཆེན་པོ་ཕྱི་ན་ཤར། །སྐྱོན་བཅོས་གཡོ་བའི་ཉམས་ཞེས་བྱ། །གསལ་བའི་ངང་ལ་རྟོག་པ་འབྱུང་། །འབྱུང་བ་དེ་ཉིད་དབྱིངས་སུ་རིག །སྐྱོན་བཅོས་ཐོབ་པའི་ཉམས་ཞེས་བྱ། །སྣང་གསལ་དྲན་རིག་ཡེ་ཤེས་ཀློང་། །ཅིར་སྣང་འགག་མེད་འཛིན་ཆགས་མེད། །གཉིས་མེད་རིག་པ་ལྷུན་གྱིས་གྲུབ། །རྟག་ཏུ་དེ་ལྟར་གནས་པ་ནི། །སྐྱོན་བཅོས་བརྟན་པའི་ཉམས་ཞེས་བྱ། །ཞེས་གསུངས་པས་མངོན་ནོ། །གཉིས་པ་རྟོགས་པ་རང་གི་ངོ་བོ་ལ་རབ་འབྲིང་ཐ་གསུམ་སྟེ། རབ་ཀྱི་མཉམ་བཞག་དུས་སུ་སེམས་ཉིད་སྐྱེ་བ་མེད་པ་གསལ་སྟོང་ཀ་དག་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་རྒྱ་མཚོ་ལ་གཟུགས་བརྙན་འཆར་བ་ལྟར། འགག་པ་མེད་པའི་རོལ་པ་ལས་ཤེས་བྱ་ཐམས་ཅད་མ་འདྲེས་ཡོངས་རྫོགས་ལྷུན་གྱིས་གྲུབ་པ་ལ་མ་སྐྱེས་མི་འགག་སྔ་ཕྱི་མེད་པར་མཚན་ཉིད་དབྱེར་མེད་དུ་ཉམས་སུ་མྱོང་ཞིང་། མྱོང་མཁན་གྱི་རིག་པ་ཉིད་གཏན་ཚིག་གསུམ་གྱི་ངོ་བོར་རང་གྲོལ་བ་ནི་སྐུ་གསུམ་དབྱེར་མེད་ཀྱི་དགོངས་པ་ཞེས་བྱའོ། །སྐྱོང་བ་ལས། མ་བཅོས་སྤྲོས་བྲལ་ཆོས་ཀྱི་སྐུ། །མ་འགག་རང་བྱུང་ལོངས་སྤྱོད་རྫོགས། །མཚན་ཉིད་སྣ་ཚོགས་སྤྲུལ་པའི་སྐུ། །སེམས་དང་ཆོས་སྐུར་འདྲེས་པ་ནི། །སྐུ་གསུམ་ངོ་བོ་དབྱེ་བ་མེད། །ཅེས་སོ། །རྗེས་ཐོབ་ནི། དྲན་པས་ཟིན་ཚད་ཀྱི་སྣང་བ་ཐམས་ཅད་སེམས་ཉིད་རང་སྣང་སྒྱུ་མར་འཆར་ཞིང་། མ་ཟིན་དུས་བཏང་སྙོམས་སུ་གནས་ཏེ་ཐ་མལ་གྱི་འཁྲུལ་སྣང་མེད་དོ། །ཉམས་སྒྲོན་ལས། དྲན་ཟིན་གཉིས་མེད་གསལ་འདེབས་ཤིང་། །རང་སྣང་སྒྱུ་མར་གསལ་བ་དང་། །རྩོལ་མེད་བཏང་སྙོམས་ཆེན་པོར་གནས། །ཞེས་སོ། །འབྲིང་གི་མཉམ་བཞག་ཏུ་སྣང་རིག་གི་ཆོས་ཐམས་ཅད་ཡུལ་མེད་རང་རིག་པ་རང་གསལ་རང་སྣང་དུ་གཅིག་པའི་ངང་དུ་གནས་པས་རེ་དོགས་གཉིས་འཛིན་ལ་སོགས་པའི་ལྟ་སྒོམ་གྱི་སྐྱོན་མི་མངའ་སྟེ། ཉམས་སྒྲོན་ལས། མཉམ་བཞག་མི་མཐུན་གཉེན་པོ་བྲལ། །མ་གཏད་ཡེངས་མེད་མི་གཡོ་གནས། །བདེ་གསལ་མི་རྟོག་སྤྲོས་དང་བྲལ། །ཞེས་སོ། །རྗེས་ཐོབ་ནི། དྲན་པ་ཟིན་དུས་རིག་པ་རང་སྣང་དུ་ཤེས་ཤིང་། མ་ཟིན་དུས་ཐ་མལ་དུ་འགྲོ་ཡང་འཕྲལ་དུ་ཟིན་ནོ། །ཉམས་སྒྲོན་ལས། རྗེས་ཤེས་དྲན་པས་མ་ཟིན་ན། །ཐ་མལ་འཆོར་དང་བཏང་སྙོམས་དང་། །སྐབས་སུ་རང་ལོག་ཐུག་འཕྲད་འབྱུང་། །ཞེས་སོ། །ཐ་མ་ནི། མཉམ་བཞག་ཏུ་རྣམ་པར་རྟོག་པ་ཉིད་རང་བྱུང་གི་ཡེ་ཤེས་སུ་རྟོགས་ཤིང་། རིག་པ་རང་གསལ་གྱི་ངང་ལ་གནས་པས་འགྱུ་གནས་གཉིས་ལ་ཁྱད་པར་མེད་ཅིང་། བང་མཛོད་ལས། རིག་པ་ཕྱི་ནང་མེད་པར་གསལ་བས་ལྷག་མཐོང་ཡིན། །གསལ་བའི་དོན་ལ་མ་ཡེངས་ཞི་གནས་ཡིན། །ཞེས་སོ། །རྗེས་ཐོབ་ནི། དྲན་པས་ཟིན་དུས་ཐ་མལ་གྱི་ཞེན་པ་མེད་པ་བཏང་སྙོམས་སུ་འདུག་ལ། མ་ཟིན་དུས་ཐ་མལ་འཁྲུལ་སྣང་དུ་འཆར་ཏེ། ཉམས་སྒྲོན་ལས། ཐ་མལ་འཆོར་དང་བཏང་སྙོམས་གནས། །ཞེས་སོ། །གསུམ་པ། ཉམས་རྟོགས་ཟུང་དུ་འབྲེལ་བ་དེ་རང་གི་རྒྱུད་ལ་སྦྱོར་ཞིང་བཙའ་ཐབས་ནི། བྱང་ཆུབ་སེམས་རྫོགས་པ་ཆེན་པོའི་དོན་སེམས་ཀྱི་རང་བཞིན་རྟོགས་པའི་དོན་ལ་ཏིང་ངེ་འཛིན་དང་ལྡན་ན། དེའི་བཙའ་ཐབས་ལ་རྣམ་པ་དྲུག་སྟེ། ཕྱི་ནང་གི་དམ་ཚིག་ཉམས་ན་གཡེང་བ་བྱུང་ནས་བསྒོམ་མི་ཁོམ་པ་དང་། འཇུག་དཀའ་བ་དང་། སེམས་གནས་མི་ཐུབ་པ་དང་། ལུས་སྡོད་མི་ཚུགས་པ་བྱུང་ན་ལྟ་བ་ཁ་འབྱམས་སུ་འགྲོ། ཏིང་ངེ་འཛིན་གྱི་དྲོད་རྟགས་ཐམས་ཅད་རྗེས་ཡལ་དུ་འགྲོ་བའི་མཐར་ངན་སོང་ཁ་བརྒྱུད་ནས་འགྲོ་བས། དམ་ཚིག་ཐམས་ཅད་མ་ཉམས་པར་བསྲུང་བ་གལ་ཆེ་སྟེ། ལུང་ལས། དེ་ལ་དམ་ཚིག་ཕྱི་དང་ནང་། །རང་བཞིན་ཕུང་པོ་ཁམས་བཞི་གནས། །ཞེས་སོ། །གཉིས་པ་ནི། སྒོམ་པའི་དུས་བསམ་དཔྱོད་དྲག་པོ་མང་ན་ཆུ་རྙོགས་པ་དང་འདྲ་སྟེ། ཡུན་དུ་བསྒོམས་ཀྱང་ཏིང་ངེ་འཛིན་གྱི་རྙོགས་མ་མི་དྭངས་པས་སེམས་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་ལ་མ་ཡེངས་བག་གིས་བལྟ་བར་བྱའོ། །ལུང་ལས། སྣང་བ་མེད་པའི་ཆོས་ཉིད་ནི། །མ་བཙལ་བཞག་ན་སྒོམ་པ་ཡིན། །དེ་དང་དེ་ནི་རྣམ་བཙལ་ན། །དེ་ལ་དེ་བཞིན་མི་སྣང་ངོ་། །གསུམ་པ་ནི། ཏིང་ངེ་འཛིན་ཤིན་ཏུ་གསལ་ཡང་ཡུན་རིང་ན་སྔར་གོམས་ཤས་ཆུང་བའི་དབང་གིས་བྱིང་རྒོད་བྱུང་ཡང་ངོས་མ་ཟིན་ཏེ། ངོས་བཟུང་བྲལ་བའི་རིག་པ་རྒྱས་འདེབས་སུ་སོང་ནས་བདེན་པ་མཐོང་དུ་མི་བཏུབ། ངེས་ཤེས་དང་བརྩོན་འགྲུས་ཆུང་དུ་འགྲོ་བས། ཏིང་ངེ་འཛིན་མ་དུབ་ཙམ་དུ་བཞག་ནས་ཁམས་གསོ་བར་བྱས་ལ་བསྒོམ་མོ། །བཞི་པ་ནི། རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་ཤུགས་དང་ལྟ་བའི་རླབས་མཐོང་བའི་དབང་གིས་སྣང་སྲིད་ཡེ་ཤེས་སུ་འཆར་ཞིང་མཐོང་སྒོམ་གྱི་དྲོད་རྟགས་ལྟར་དུ་འཆར་བའི་དུས་ན་ཉམས་དང་རྟོགས་པའི་ང་རྒྱལ་སྐྱེས་ནས། ད་ནི་བདག་ལ་ཏིང་ངེ་འཛིན་གྱི་འགལ་རྐྱེན་མེད་སྙམ་སྟེ། འཇིག་རྟེན་གྱི་ཁེ་དྲག་དང་། འདུ་འཛི་དང་། འདོད་ཡོན་དང་། བཀུར་སྟི་དང་། ཉེ་འཁོར་གྱི་རྗེས་སུ་འབྲངས་ནས། ཆོས་བརྒྱད་ཀྱི་མགོ་ཡང་མ་འཇིལ་བར་བདག་ཅག་རྣལ་འབྱོར་པ་ཡིན་ཟེར་ཞིང་སངས་རྒྱས་པར་གདོན་མི་ཟ་བར་སྐད་པ་དེ་ནི་ཤིན་ཏུ་འཁྲུལ་ཏེ། འབྱུང་བའི་ལྷག་མ་མ་ཟད་པས་ལུས་ལ་ཞེན་ཅིང་། འདུ་ཤེས་ཀྱི་ལྷག་མ་མ་ཟད་པས་ཆགས་སྡང་འབྱུང་བ་ཡིན་ཏེ། སླར་ཡང་དེའི་བག་ཆགས་ཀུན་གཞི་ལ་བསགས་ནས་མཐོ་རིས་ཀྱང་མི་ཐོབ་ན་ཐར་པ་ལྟ་སྨོས་ཅི་དགོས། དེས་ན་རྟག་ཏུ་དགོན་པ་བསྟེན་ཅིང་འཇིག་རྟེན་གྱི་འབྲེལ་བ་བཅད་དེ་ཆོས་བརྒྱད་ཀྱི་ཁུར་པོ་སྤང་བར་བྱའོ། །ལྔ་པ་རྣལ་འབྱོར་པ་ལ་མངོན་ཤེས་སམ་ཡོན་ཏན་ཕྲ་མོ་བྱུང་ནས་དེ་ལ་རང་ཡང་རློམ་པ་སྐྱེ་ཞིང་གཞན་ལ་ཡང་སྒྲོགས་པ་དེ་ནི། བདུད་ཀྱི་ལས་བར་ཆད་ཐམས་ཅད་འཇུག་པའི་རྒྱུ་ཡིན་པས། མངོན་ཤེས་རྫུ་འཕྲུལ་ཡོན་ཏན་ཅི་ཡོད་ཀྱང་ངོམས་པ་དང་། ངོམ་པོ་མི་བྱ་ལ་སྦེད་ཅིང་། ཡོན་ཏན་གོང་འཕེལ་ལ་བརྩོན་པར་བྱའོ། །དྲུག་པ་ནི། གདམས་ངག་དང་པོ་ཐེབས་ནས་སངས་རྒྱས་མ་ཐོབ་ཀྱི་བར་དུ་གདམས་ངག་གི་འདེབས་ལུགས། ཏིང་ངེ་འཛིན་གྱི་དམིགས་ཁྲིད། དབྱིངས་ཀྱི་སྣང་ལུགས། ཡེ་ཤེས་ཀྱི་འཇུག་ལུགས། ཉམས་རྟོགས་ཀྱི་མཚན་མ་ཐམས་ཅད་སྙིང་སྒོར་ཡང་དབྱུང་བར་མི་བསམ་ན་ཁར་དབྱུང་བ་ལྟ་སྨོས་ཀྱང་ཅི་དགོས། གལ་ཏེ་སྨྲས་ན་ལས་དང་པོ་པའི་ཉམས་དང་དྲོད་རྟགས་གཏན་ནས་མེད་པར་འགྱུར་ཞིང་། གདིང་ཐོབ་ནས་ཀྱང་སངས་རྒྱས་མྱུར་དུ་མི་ཐོབ་པར་བྱེད་དོ། །ལུང་ལས་ཀྱང་། རྒྱ་མཚོའི་མཇིང་གི་ཕ་བོང་བཞིན། །བསྐལ་པར་འཁྲུགས་ཀྱང་ཁར་མི་དབྱུང་། །ཞེས་སོ། །ཐོག་མ་ནས་ཐ་མའི་བར་དུ་བླ་མ་ནི་རྟག་ཏུ་ཡིད་ཀྱི་ཏིང་ངེ་འཛིན་དུ་བྱ་ཞིང་། ཡུད་ཙམ་ཡང་འབྲལ་བའམ། འཕྱ་བའམ། ངན་སེམས་སམ། མི་དགོས་པར་མི་བལྟའོ། །གལ་ཏེ་སྐྱོན་དེ་དག་བྱུང་ན་བསམ་གཏན་ཇེ་མེད་དུ་འགྲོ་ནས་ངན་སོང་གསུམ་དུ་ཁ་བརྒྱུད་པར་བྱེད་དོ། །ཞེས་གསུངས་པས། དེ་ལ་དང་པོར་གནས་ཞིང་ཟག་མེད་མངོན་དུ་མ་གྱུར་གྱི་བར་དུ་དྲན་ཤེས་བག་ཡོད་དང་ལྡན་པས་བརྩོན་པར་བྱའོ། །བཞི་པ་ཉམས་རྟོགས་བོགས་འདོན་པ་ལ་གསུམ་སྟེ། རབ་ཡོན་ཏན་གྱིས་ངོམས་ནས་འདི་བས་ཡོན་ཏན་གོང་ན་མེད་སྙམ་ནས། རློམ་པ་དང་ཁེངས་པས་བཅིངས་ཏེ་བོགས་མི་ཐོན་པ་ཡིན་ཏེ། རང་ལ་སྐྱོན་དེ་ལྟ་བུ་ཅི་འདྲ་འདུག་ཡང་ཡང་ངོས་བཟུང་ཞིང་། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མ་ལུས་པ་རང་སེམས་ལ་ཚང་ནས་ཡོད་པ་མངོན་དུ་མ་གྱུར་ཅིང་། ས་བཅུའི་བྱང་ཆུབ་སེམས་དཔའི་དགོངས་པ་ཡོན་ཏན་ཐམས་ཅད་སངས་རྒྱས་དང་མཉམ་པར་ཡོད་ཀྱང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་དང་ཤེས་སྒྲིབ་ཀྱི་བག་ལ་ཉལ་སྦྱང་དགོས་པ་ལ། རང་ལ་ད་ལྟ་ཟག་བཅས་ཀྱི་ཉམས་བན་བུན་སྐབས་རེ་ཡོད་ཀྱང་རྐྱེན་དང་འཕྲད་དུས་ཐ་མལ་རང་དུ་ཤོར་བ་འདི་ལ་ང་རྒྱལ་ནས་ཏིང་ངེ་འཛིན་ལ་མི་བརྩོན་པ་བདུད་དབང་དུ་སོང་ངེས་སྙམ་པ་བྱས་ལ། ང་རྒྱལ་དང་རློམ་པ་བྱེད་མཁན། ཉམས་སུ་མྱོང་མཁན། རྟོག་མཁན་དེ་ཚུར་སེམས་ལ་རྩད་བཅད་ཅིང་། རྟོགས་མཁན་གཞི་མེད་རྩ་བྲལ་དུ་ཡང་ཡང་དུ་གྲོལ་བ་གལ་ཆེའོ། །ཉམས་སྒྲོན་ལས། རྫུ་འཕྲུལ་སྣ་ཚོགས་སྟོན་མཛད་ཅིང་། །འཇིག་རྟེན་གྲགས་པ་སྒྲོགས་པ་དང་། །ལོངས་སྤྱོད་གཡེང་བས་བྲིད་པ་དང་། །དྲོད་རྟགས་བྱིན་རླབས་སྟོབས་སྐྱེས་ནས། །དགའ་བྲོད་རློམ་སེམས་ང་རྒྱལ་ན། །བདག་མེད་ཐར་བའི་བར་དུ་གཅོད། །དེ་ཀུན་སེམས་ཉིད་རང་སྣང་ལས། །མ་གཡོས་གཉིས་མེད་ངང་དུ་གཞོམ། །ཞེས་སོ། །འབྲིང་མཉམ་རྗེས་ཐུན་མཚམས་སོང་ནས་མཉམ་བཞག་དུས་སྣང་སེམས་ཕྱོགས་རེ་ལ་འདྲེས་ཀྱང་གདལ་ཁྱབ་ཏུ་མ་སོང་ཞིང་རྗེས་ཐོབ་ལྟ་སྒོམ་དང་མ་འདྲེས་ན་བོགས་མི་ཐོན་པས་མཉམ་རྗེས་ཐམས་ཅད་དུ་ཤེས་པ་ཧུར་བཏོན། སྣང་བ་རྒྱ་བསྐྱེད། རིག་པ་ངར་བསྐྱེད་ནས་སྤྱོད་ལམ་ཐམས་ཅད་དུ་ལྟ་སྒོམ་གྱིས་ཟིན་པར་བྱས་ལ་གཙང་བཙོག་དང་བདེ་སྡུག་ཐམས་ཅད་བླང་དོར་མེད་པར་ཚོགས་དྲུག་རོ་སྙོམས་རིག་པའི་རྩལ་སྦྱང་བར་བྱའོ། །དགོངས་པ་སྐྱེད་ཆུང་འཐས་པ་ན། །རྟོགས་པའི་ངང་ནས་མ་ཡེངས་པས། །གསང་སྤྱོད་སྤྱོད་པ་སྣ་ཚོགས་བྱ། །རྗེས་ཤེས་དྲན་པའི་ཐག་པ་ཡིས། །རྟ་རྒོད་བཞིན་དུ་བསྒྲིམས་ལ་བཙའ། །དེ་ལྟར་ལྟ་སྤྱོད་སྤེལ་མ་ཡིས། །མི་གཡོ་རྒྱུན་གོམས་བརྟན་པར་བྱ། །ཞེས་སོ། །ཐ་མ་ནི་ཉམས་རྟོགས་ཆ་རེ་ལ་ཆགས་ནས་བོགས་མི་ཐོན་པས། རིག་ངོར་བྱུང་ཚད་ཀྱི་ཤེས་བྱ་ཡུལ་སྣང་དང་། ཤེས་བྱ་ཡུལ་ལ་འཇུག་ཚད་ཀྱི་ཤེས་བྱེད་ཀྱི་རིག་པ་འཆར་ཚད་ལ་ཕར་བཞག་ཚུར་ལེན་མི་བྱེད་ནས་གང་ཤར་དེ་ཉིད་ཀྱི་སྟེང་དུ་མཉམ་པར་བཞག་ཅིང་། སྣང་སེམས་གཉིས་གཅིག་གམ་ཐ་དད་བྱུང་། གཅིག་ན་ཡུལ་སེམས་སོ་སོར་སྣང་ཞིང་དུས་གཅིག་ལ་ཡང་གཟུགས་སྒྲ་དྲི་རོ་རེག་བྱ་དུ་མར་སྣང་བ་ཅི་ཡིན། ཐ་དད་བྱུང་ན་གང་ཟག་གཅིག་ལའང་ཉམས་སྣང་ཉིན་སྣང་མཚན་རྨི་ལམ་སྣང་བ་དང་གནས་སྐབས་གསུམ་དུ་བརྗོད་ཀྱིས་མི་ལོང་བར་སྣང་བ་དེ། གཅིག་ཡོད་པའི་དུས་གཉིས་པོ་དེ་གང་དུ་སྣང་བརྟག་ཅིང་། སྣང་བ་རྣམ་པ་གསུམ་ལ་ཕྱིར་གྲུབ་པ་ཅི་སྣང་། འདས་པའི་སྣང་བ་ཐམས་ཅད་གང་དུ་སྣང་། མ་འོངས་གར་ཡོད། ད་ལྟའི་སྣང་བ་ལ་དངོས་པོ་ཅི་འདུག །སྣང་བའི་རིག་པ་ནང་དུ་གྲུབ་པ་ཅི་འདུག །འདས་པ་གར་སོང་། མ་འོངས་པ་གང་དུ་ཡོད། ད་ལྟ་བའི་རིག་པ་དེ་གང་དུ་གནས། གཞན་ཡང་འཁྲུལ་གྲོལ་ལམ་གསུམ་གང་ཟག་གཅིག་གི་སེམས་རྒྱུད་ལ་འཆར་བ་དེ་ཇི་ལྟར་བྱུང་། ད་ལྟ་ཡང་བདེ་སྡུག་ཐམས་ཅད་སོ་སོར་མ་འདྲེས་པར་མྱོང་བ་དེ་ཅི་ཡིན། ལེགས་པར་བརྟག་ཤིང་དཔྱད་པས། སྣང་བ་རྣམ་གསུམ་ཇི་ལྟར་སྣང་ཡང་། སེམས་འགག་མེད་ཀྱི་རོལ་པར་རང་སྣང་ཞིང་སེམས་ཉིད་གཞི་མེད་རྩ་བྲལ་གདོད་ནས་ཀ་དག་ཆེན་པོར་རྟོགས་པས་བོགས་དབྱུང་ངོ་། །དམ་པས། ལྷུན་གྲུབ་མངོན་དུ་མ་གྱུར་བར། །གོལ་སྒྲིབ་གདར་ཤ་བཅད་པ་གཅེས། །ཞེས་བསམ་གཏན་སྤྱི་འགྲེལ་དུ་སེམས་ཀྱི་གདར་ཤ་གཅོད་པའི་ཐབས་མང་དུ་གསུངས་པའི་དོན་ཡིན་ནོ། །བཞི་པ་ཏིང་ངེ་འཛིན་མཐར་ཕྱིན་པའི་ཚད་དང་ཡུན་ནི། རྟོགས་པ་རབ་འབྲིང་ཐ་མ་གང་རུང་གི་ངང་ལ། རབ་ཉིན་མཚན་འཁོར་བ་རེ་ཙམ། འབྲིང་ཉིན་རེ་ཙམ། ཐ་མ་ཐུན་རེ་ཙམ་དུ་བར་མི་ཆོད་པ་སྟེ། ཉམས་སྒྲོན་ལས། རང་བྱུང་ཡེ་ཤེས་དྲོད་དང་ལྡན། །རྒྱ་མཚོའི་གཏིང་ལྟར་མི་གཡོ་ལ། །ཉིན་ཕྱེད་ཉིན་དང་ཉིན་ཞག་ནས། །ཞེས་སོ། །གཉིས་པ་ཏིང་ངེ་འཛིན་དེའི་དཔེ་ནི། རྩ་ཚིག་ལས། མི་རྟོག་མི་དམིགས་ཐིག་ལེ་བདེ། །མི་བསྐྱོད་དྭངས་པའི་རྒྱ་མཚོ་ལྟར། །མི་གཡོ་གསལ་བའི་མར་མེ་འདྲ། །དེ་ནི་ཡེ་ཤེས་བདེ་བའི་དྲོད། །ཅེས་པའི་དཔེ་བཞི་སྟེ། དང་པོ་ནི། ཐིག་ལེ་གཅིག་ལ་གྲྭ་ཟུར་མེད་པའི་ཟླུམ་པོ་གཅིག་ཏུ་ཡོད་པ་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་ཅི་ལྟར་ཡང་ཡུལ་དུ་མི་རྟོག་སྟེ། སེམས་ཉིད་རང་བྱུང་གི་ཡེ་ཤེས་རང་སྣང་ཞིང་སེམས་ཐིག་ལེ་ཉག་གཅིག་ལ་བདེ་སྡུག་གཉིས་སུ་མི་དམིགས་པའི་ངང་དུ་གནས་པ་ངོ་བོ་ཉིད་ཀྱི་བདེ་བའོ། །ཀློང་ཆེན་ལས། ཐིག་ལེ་གཅིག་ལ་གྲྭ་ཟུར་མེད། །གདལ་བ་ཆེན་པོ་ཆོས་ཀྱི་སྐུ། །ཞེས་སོ། །གཉིས་པ་ནི། དཔེ་རྒྱ་མཚོ་ཆེན་པོ་རླུང་གིས་མ་བསྐྱོད་པ་ལ་གཟུགས་བརྙན་ཐམས་ཅད་མ་འདྲེས་ལ་གསལ་བ་ལྟར། སེམས་ཀྱི་ངོ་བོ་འོད་གསལ་བ་ལ་མཚན་མའི་རྟོག་པས་མ་བསྐྱོད་པར། སྣང་སྲིད་མ་འདྲེས་ཡོངས་རྫོགས་སུ་རང་སྣང་བའི་ངང་ལ་གནས་པའོ། །དཔེར་ན་རྒྱ་མཚོ་དྭངས་པ་ལ། །སྐར་ཚོགས་གཟུགས་བརྙན་མང་སྣང་ཡང་། །ཉིད་ལས་མི་གཞན་ས་ལེར་སྣང་། །དེ་བཞིན་སྣང་བས་ཆོས་རྣམས་ཀུན། །ཆོས་དབྱིངས་དྭངས་པའི་དཀྱིལ་འཁོར་ན། །མ་འདྲེས་ཡོངས་སུ་རྫོགས་པར་གསལ། །ཞེས་གསུངས་སོ། །གསུམ་པ་ནི། མར་མེ་ཕྱི་ནང་མེད་པར་གསལ་བ་ལྟར། ཆོས་ཐམས་ཅད་ཡུལ་མེད་རིག་པ་རང་གསལ་གྱི་ངང་ལ་གནས་པའོ། །ལྟ་མེད་རིག་པ་རང་གསལ་ནི། །ཡུལ་མེད་སྤྲོས་བྲལ་ཇི་བཞིན་ཉིད། །རང་སྣང་རིག་པའི་འཁོར་ལོ་ལ། །ཡུལ་མེད་རང་གསལ་རིག་པས་མཐོང་། །ཞེས་སོ། །བཞི་པ་ནི། དེས་དོན་གསུམ་པོ་དེ་གནས་པའི་ཉམས་རབ་འབྲིང་ཐ་གསུམ་དང་མི་གཡོའི་ཉམས་རབ་འབྲིང་ཐ་གསུམ་འདྲེས་པར་གྱུར་པའི་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པ་ནི། དཔེར་ན་མེ་དང་དྲོད་མཚུངས་པར་ལྡན་པ་བཞིན། རྟོགས་པའི་ཡེ་ཤེས་ཉམས་མྱོང་དང་མཚུངས་པ་ལྡན་པའོ། །གསུམ་པ་དྲོད་རྟགས་བསྟན་པ་ནི། རྩ་ཚིག་ལས། ཟས་དང་གོས་ཀྱི་འདུ་ཤེས་ཆུང་། །ཉོན་མོངས་ལ་སོགས་ཆགས་སྡང་ཆུང་། །སྙིང་རྗེ་ཕན་སེམས་རབ་ཏུ་ཆེ། །རྨི་ལམ་རྟགས་བཟང་རབ་ཏུ་འབྱུང་། །ཞེས་པས། ཕྱི་ནང་གསང་བ་གསུམ་སྟེ། གསང་བའི་དྲོད་རྟགས་ནི་གོང་དུ་དཔེ་བཞིས་བསྟན་པའི་ཉམས་རྟོགས་མཚུངས་ལྡན་དེ་ཉིད་དོ། །ནང་གི་དྲོད་རྟགས་ནི། ལུས་མངོན་ཞེན་ཆོད་པས་ན་ཚ་དྲག་པོ་ལ་སོགས་པའི་བདེ་སྡུག་རོ་སྙོམས་པ་དང་། ལུས་ཡང་ཞིང་བདེ་བར་གནས་པ་དང་། སེམས་ལས་སུ་རུང་བའི་ཏིང་ངེ་འཛིན་ལ་རྒྱུན་དུ་གནས་པས། ཉམས་སྒྲོན་ལས། དྲོད་ནི་ཤིང་བལ་ལྟར་ཡང་དང་། །ལུས་ཀྱིས་བཟོད་པ་ཆེར་ཐོབ་དང་། །ཁམས་སྙོམས་རང་ལུས་བདེ་བ་རྒྱས། །འགྱུ་བ་ཅན་དང་ཐེ་ཚོམ་བྲལ། །གསལ་བ་ཡུལ་ལ་མི་གཡོར་གནས། །ཞེས་སོ། །ཕྱི་རྟགས་ཆོས་ཐམས་ཅད་སེམས་ཉིད་རང་སྣང་དུ་རྟོགས་པས། གཟུང་འཛིན་རང་སར་གྲོལ་ཏེ། ཆགས་སྡང་གཞི་མེད་དུ་གྲོལ་ནས་རང་གི་ཟས་གོས་ཀྱི་ཞེན་པ་དང་། གཞན་ལ་ཕྱོགས་རིས་ཀྱི་རྩོད་འཐེན་དང་། ཁེ་གྲགས་དོན་དུ་གཉེར་བའི་ཆོས་བརྒྱད་ཀྱི་བྱ་བ་རང་རྒྱུད་ལ་མི་འབྱུང་ཞིང་། སེམས་ཅན་ལ་ཕྱོགས་རིས་མེད་པའི་སྙིང་རྗེ་དང་ཕན་སེམས་འབྱུང་ངོ་། །ཉམས་སྒྲོན་ལས། ཏིང་འཛིན་རླུང་ཟིན་དྲོད་ལྡན་པས། །ཟས་དང་གོས་ཀྱི་འདུ་ཤེས་ཆུང་། །ཉོན་མོངས་ངར་འཛིན་ཕྱོགས་ཆ་དང་། །ཆོས་བརྒྱད་ཆགས་སྡང་ཀུན་བརྟག་སོགས། །ཤིན་ཏུ་ཆུང་ཞིང་ཕྲ་རབ་གནས། །འཁྲུལ་པ་ཡ་མཚན་ཐུགས་བརྩེ་བའི། །ཚད་མེད་ཐུགས་རྗེ་ཆེན་པོ་འབྱུང་། །ཞེས་སོ། །རྨི་ལམ་དུ་ཡང་སྒྲེན་མོར་ཕྱུང་ནས་ཁྲུས་བྱེད་པ་ལ་སོགས་སྒྲིབ་པ་དག་པའི་རྟགས་དང་། མུན་ཁུང་དང་འདམ་རྫབ་ནས་ཐོན་པ་ལ་སོགས་ངན་སོང་ནས་ཐར་པའི་ལྟས་དང་། རང་ལས་འོད་བྱུང་ནས་སྣང་སྲིད་གསལ་བ་ལ་སོགས་བདེན་པ་མཐོང་བའི་ལྟས་དང་། ཡི་དམ་ལྷའི་ཞལ་མཐོང་གསུང་ཐོས་ལ་སོགས་འབྱུང་བར་བཤད་ཀྱང་དེ་ལ་དགའ་ཞིང་བདེན་པར་འཛིན་ན་བདུད་དུ་འགྲོ་བར་གསུངས་པས་རང་སྣང་སྒྱུ་མར་ཤེས་པར་བྱའོ། །གསང་སྒྲོན་ལས། ཐམས་ཅད་སེམས་སུ་ཤེས་པས་བདུད་ཀྱིས་གླགས་མི་རྙེད། ཅེས་སོ། །གཞན་ཡང་ཟག་མེད་མངོན་གྱུར་ནི་མ་ཐོབ། རྩ་ཁམས་ཉམས་སྣང་བཟང་པོ་ཡོད་པའི་རྣལ་འབྱོར་པ་ལ། ཉིན་དང་རྨི་ལམ་དུ་ཉམས་སྣ་ཚོགས་འབྱུང་བ་ལ་བཟང་ངན་དུ་ཞེན་ཅིང་བདེན་པར་འཛིན་ན་བདུད་ཀྱི་དབང་དུ་འགྲོ་ཞིང་། གང་ལ་ཡང་ཆགས་སྡང་མེད་པར་རང་སྣང་དངོས་མེད་དུ་ཤེས་ན་ལམ་རྟགས་ཡིན་ཏེ། དམ་པས། རྟགས་ནི་གཉིས་སུ་ཤེས་པར་བྱ་སྟེ། ཕྱི་རྟགས་བདུད་ཀྱི་མཚན་མ་བཅོ་བརྒྱད་དེ། སངས་རྒྱས་བྱང་སེམས་མཐོང་བ་དང་། འཁོར་དུ་བདག་གིས་ཆོས་ཉན་པ་དང་། རང་ཉིད་འཕགས་པའི་གཟུགས་སུ་སྣང་ནས་འཁོར་ལ་ཆོས་བཤད་པ་དང་། སྐད་ཅིག་མ་ལ་བསྐལ་པ་གྲངས་མེད་འགྱེད་ནུས་པ་དང་། རྒྱུད་སྡེ་ཐམས་ཅད་ཆགས་ཐོགས་མེད་པར་འཆད་ནུས་པ་དང་། རིགས་དྲུག་གི་སེམས་ཅན་མཐོང་བ་དང་། དེ་དག་གི་ཚེ་དང་ལས་བཟང་ངན་ཤེས་པ་དང་། དེ་ལ་སྙིང་རྗེའི་སེམས་སྐྱེ་ཞིང་དོན་བྱ་བར་འདོད་པ་དང་། རང་གི་ལུས་ལ་འོད་ཆེན་པོ་ཉིན་མཚན་མེད་པར་འབྱུང་བ་དང་། རི་དང་རྩིག་པ་ལ་མི་ཐོགས་པ་དང་། ནམ་མཁའ་ལ་འཕུར་བ་དང་། ཕྱོགས་བཅུའི་སངས་རྒྱས་ཀྱིས་ཕྱག་སྤྱི་བོར་འཇོག་ནས་དབང་བསྐུར་བ་དང་། ལུང་སྟོན་པ་དང་། ཕྱོགས་གར་འདོད་དུ་ཐོགས་ཆགས་མེད་པར་འགྲོ་ནུས་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྐད་དུ་ཆོས་སྟོན་ནུས་པ་དང་། ལྷ་ཀླུ་མཐུ་བོ་ཆེ་རྣམས་ཀྱིས་བདག་བཀུར་ཞིང་བཀའ་སྒྲུབ་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྐད་གོ་བར་འབྱུང་སྟེ། དེ་ལ་མཚན་མར་བཟུང་ན་བདུད་ཀྱི་ལས་ཡིན་ཏེ། ཅིའི་ཕྱིར་ན། མཚན་མར་འཛིན་པ་ལ་བདུད་ཀྱིས་སྐབས་ཚོལ་ལ། མི་འཛིན་པ་ལ་སྐབས་མི་རྙེད་དོ། །ནང་ཡོན་ཏན་གྱི་རྟགས་ཆེན་པོ་བརྒྱད་དེ། སངས་རྒྱས་དང་མཉམ་པར་གཏམ་ཡང་རློམ་པ་མེད་པ་དང་། འཇིག་རྟེན་གྱི་ཁམས་མ་ལུས་པ་སྐད་ཅིག་ལ་མཐོང་ཡང་ངོམ་པ་མེད་པ་དང་། བདུད་ཀྱི་རྒྱལ་པོ་འོང་ཡང་འཇིགས་སྐྲག་མེད་པ་དང་། ལྷ་ཡི་བུ་མོ་མཐོང་ཡང་ཆགས་སེམས་མེད་པ་དང་། ཆོས་ཉིད་བསམ་དུ་མེད་པའི་ངང་ལ་གནས་ཀྱང་ཆོས་སྤྱོད་བཅུའི་བར་མི་ཆད་པ་དང་། སྤྱོད་ལམ་ཐམས་ཅད་དུ་ཏིང་ངེ་འཛིན་དང་མི་འབྲལ་བ་དང་། འདོད་ཡོན་ལྔ་ལ་སྤྱོད་ཀྱང་ཞེན་ཆགས་མེད་པ་དང་། སྡུག་བསྔལ་གྱི་རྐྱེན་བྱུང་ཡང་ཏིང་ངེ་འཛིན་གྱི་གྲོགས་སུ་འགྲོ་བའོ། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །བཞི་པ་འབྲས་བུ་ནི། རྩ་ཚིག་ལས། དེ་ལྟ་བུ་ཡི་རྣལ་འབྱོར་པ། །འབྱུང་བ་ལྔ་པོ་ཞིག་པའི་ཚེ། །ལྷ་ཡི་རིག་འཛིན་ཆེན་པོ་ཐོབ། །དེ་ཚེ་དེ་ལ་སངས་རྒྱས་སོ། །ཞེས་པ་ལ་གཉིས་ཏེ། རྒྱུ་མཐུན་གྱི་འབྲས་བུ་ནི། རབ་གོང་དུ་བསྟན་པ་ལྟར་མི་གཡོ་བའི་ཉམས་རྟོགས་པ་མ་བྲལ་བར་དེ་མཐར་ཕྱིན་ནས་རྣལ་འབྱོར་པ་ཚེ་འཕོས་ན། བར་དོའི་འོད་གསལ་གྱིས་བསུ། ད་ལྟའི་འོད་གསལ་གྱིས་སྐྱེལ། འཆི་ཁའི་འོད་གསལ་གྱིས་མཚམས་སྦྱར་ནས་འོད་གསལ་མ་བུ་འདྲེས་ཏེ་སྐད་ཅིག་མ་ལ་འཚང་རྒྱའོ། །ཉམས་རྟོགས་འབྲིང་གི་ཚད་ནི། ཕུང་པོ་ལེན་པར་བྱེད་པའི་རྒྱུ་ལས་དང་ཉོན་མོངས་པ་རང་གྲོལ་ཏེ། སྐྱེ་བ་མི་ལེན་པར་ལྷའི་རིག་འཛིན། ཞེས་པ། ལྷ་ནི་གཉིས་འཛིན་བྲལ་བའི་རིག་པ་རྣམ་པར་དག་པ་ཡིན་ལ། འཛིན་པ་མི་གཏོང་བ་སྟེ། གཉིས་འཛིན་བྲལ་བའི་རིག་པ་དྲི་མེད་དེ་ཉིད་ཏིང་ངེ་འཛིན་དུ་ཤར་ནས་སྟོབས་རྫོགས་ཏེ། སངས་རྒྱས་ཞེས་ཆོས་རྗེ་གཙང་པས་འབྲུ་བསྣན་ཏོ། །ཐ་མ་ནི། ཞི་གནས་ཀྱི་སེམས་ཅུང་ཞིག་ལས་སུ་རུང་བས་འདོད་ཁམས་སུ་མ་སྐྱེས་ལ། གཟུགས་ཁམས་དང་གཟུགས་མེད་ཀྱི་ཁམས་གང་རུང་གི་རྟེན་ལ་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་མཐར་ཕྱིན་ཏེ། སངས་རྒྱས་སར་སེམས་སོ། །ཉམས་སྒྲོན་ལས། མི་གཡོ་ངང་ལ་རྣལ་འབྱོར་པས། །འབྱུང་བ་ལྔ་པོ་ཞིག་པ་དང་། །རབ་ནི་ཡེ་ཤེས་ཆོས་སྐུར་སྦྱོར། །འབྲིང་ནི་ཡེ་ཤེས་བར་དུ་གནས། །སྟོང་གསལ་སེམས་ལ་དབང་ཐོབ་ཅིང་། །ལྷ་ཡི་རིག་འཛིན་ཆེན་པོ་ཐོབ། །དེ་ཚེ་ཉིད་ལ་མངོན་སངས་རྒྱ། །ཞེས་སོ། །སྐྱེས་བུ་བྱེད་པའི་རྣམ་སྨིན་གྱི་འབྲས་བུ་ནི། མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་ཡིན་ཏེ། ཉམས་སྒྲོན་ལས། མི་གཡོ་ངང་གནས་རྣལ་འབྱོར་པའི། །ཐུགས་རྗེས་སྤྱོད་པ་སྣ་ཚོགས་དང་། །མི་རྟོག་ཐིག་ལེའི་ཀློང་གནས་པའི། །དགོངས་པ་ཉོན་མོངས་ཀུན་བརྟགས་སྒྲིབ། །ཕྲ་བ་བཅོམ་ནས་མཉམ་ཉིད་ཐོབ། །ཅེས་སོ། །གསུམ་པ་མཉམ་པ་ཉིད་ཀྱི་རྣལ་འབྱོར་ལ་བཞི་སྟེ། རང་གི་ངོ་བོ། དཔེ། དྲོད་རྟགས། འབྲས་བུ་བསྟན་པའོ། །དང་པོ་ངོ་བོ་ནི། རྩ་ཚིག་ལས། འཁོར་དང་མྱ་ངན་འདས་པའི་ཆོས། །ཇི་ལྟ་བུ་ཡང་མི་གཟིགས་ཏེ། །ཐམས་ཅད་མཁྱེན་པ་ཉིད་དུ་གསལ། །ལོ་ཟླ་འདས་ཀྱང་དེ་བཞིན་གནས། །ཞེས་གསུངས་སོ། །གོང་གི་རྣལ་འབྱོར་གཉིས་པོའི་ཞི་ལྷག་ཉམས་རྟོགས་གཅིག་ཏུ་འདྲེས་ན་མཐར་ཕྱིན་པའི་འབྲས་བུ་ཡིན་པས། འཁོར་འདས་སྣང་སྲིད་སྣོད་བཅུད་བཟང་ངན། རྟག་ཆད། ཡོད་མེད། བདེ་སྡུག །རེ་དོགས། ཡིན་མིན་ལ་སོགས་པ་གཉིས་འཛིན་གྱི་མཚན་མ་ཐམས་ཅད་རང་གྲོལ་ཏེ། ཡུལ་ཕར་སྣང་གི་རྟོག་པ་མེད་པར། རིག་པ་རང་བྱུང་གི་ཡེ་ཤེས་ཉིད་ཆོས་ཐམས་ཅད་དུ་ལྷུན་གྱིས་གྲུབ་ཅིང་། ཡུལ་ཉིད་རིག་པའི་ངོ་བོར་ཀ་ནས་དག་པ་སྟེ། སྣང་སེམས་གཉིས་མེད་ཀྱི་མཉམ་བཞག་ཆེན་པོ་མངོན་དུ་གྱུར་བའོ། །འཁོར་བ་མྱ་ངན་འདས་པའི་ཆོས། །མ་སྐྱེས་རང་སྣང་དམིགས་མེད་ཕྱིར། །ཡུལ་མེད་རང་གྲོལ་ཅིར་མི་གཟིགས། །ཐམས་ཅད་མཉམ་པ་ཉིད་དུ་གསལ། །ཞེས་སོ། །དེ་ལྟར་མཉམ་བཞག་ཏུ་ཆོས་ཐམས་ཅད་མཉམ་པ་ཉིད་མངོན་དུ་གྱུར་པའི་ངོ་བོ་ལ། རབ་འབྲིང་ཐ་མའི་དབྱེ་བ་མེད་ཅིང་། བཞག་ཐབས། སྐྱེ་ཚུལ། བཙའ་ཐབས། བོགས་འདོན་རྣམས་ལ་འོག་མ་ལྟ་བུ་ཡུལ་ཡུལ་ཅན། མཚན་མའི་བརྟགས་དཔྱད་དང་ཉམས་ལེན་གྱི་རིམ་པ་མེད་ཀྱང་། ད་རུང་སྒོམ་པའི་ལམ་ཡིན་པས་རྗེས་ཐོབ་མཉམ་བཞག་ལ་ཁྱེར་དགོས་པ་ལ། མཉམ་རྗེས་འདྲེས་མ་འདྲེས་ཀྱི་རིམ་པ་ཡོད་དེ། མཉམ་ཉིད་ངང་ལ་མཉམ་རྗེས་ཐོབ། །ཅུང་མངའ་ཚུལ་བཟུང་རྩོད་པ་ཅན། །ཞེས་གསུངས་པས་མཉམ་བཞག་གིས་མ་ཟིན་པའི་སྤྱོད་ལམ་ཅི་འབྱུང་ངོས་བཟུང་ནས། རང་རིག་གི་འཆར་སྒོ། གཉིས་འཛིན་གྱི་རྟོག་པ་གང་བྱུང་ཁོ་རང་གི་སྟེང་དུ་མཉམ་པར་བཞག་སྟེ། གསང་སྒྲོན་ལས། ཏིང་འཛིན་རབ་ཏུ་གྱུར་པ་ན། །མ་བཅོས་སོ་མ་ལྷུག་པར་བཞག །ཅེས་སོ། །ཉིན་པར་མཉམ་རྗེས་མེད་ཀྱང་གཉིད་མ་གཉིད་ཀྱི་མཚམས་སུ་བག་ཆགས་ཀྱི་སྣང་བ་བན་བུན་འབྱུང་བ་དང་། གཉིད་དུས་སུ་རྨི་ལམ་གྱིས་མཉམ་བཞག་བར་ཆོད་མ་ཆོད་ཀྱི་ཚད་བཟུང་ཞིང་མ་ཡེངས་པའི་ངང་ལ་ཁྱེར། ཉིན་མཚན་དང་མཉམ་རྗེས་ཀྱི་དབྱེ་བ་མེད་པར་རྒྱུན་ཆགས་ནས་ཀྱང་མཉམ་པར་བཞག་མཁན་དང་། སྒོམ་པའི་བརྩོན་པ་བྱེད་མཁན། རྟོག་ཅིང་ཉམས་སུ་མྱོང་མཁན་ཁོ་རང་གི་སྟེང་དུ་བཞག་དགོས་ཏེ། རེ་ཞིག་ཡིན་ཚུལ་ཤེས་པས་མི་ཕན་ནོ། །གསང་སྒྲོན་ལས། གདགས་སུ་མེད་པའི་ཆོས་ཉིད་ལ། །མཚན་མར་བཏགས་པ་བློ་ཡིན་པས། །ཆོས་ཉིད་བློ་ལས་འདས་པ་ཡིན། །བློ་ཡི་བློ་གྲོས་ངོ་མཚར་ཆེ། །འདི་ནི་བློ་གྲོས་དམ་པའི་རྒྱུད། །ཅེས་སོ། །སྐྱེ་ཚུལ་གསུམ་ནི། ཟག་མེད་ཀྱི་རྟོགས་པ་དང་པོར་སྐྱེས་པ། བར་དུ་མཉམ་རྗེས་བསྲེ་བ། ཐ་མ་འདྲེས་པ་གསུམ་ལ་གཡོ་ཐོབ་བརྟན་གསུམ་དུ་ཕྱེའོ། །བཙའ་ཐབས་བོགས་འདོན་ནི། གོང་གི་ཁྱེར་ཐབས་དེ་བས་ལོགས་སུ་མེད་དོ། །སྐྱོན་སེལ་ནི་འདིར་མི་དགོས་ཏེ། ཉམས་སྒྲོན་ལས། ཁྱད་པར་རྣམ་རྟོགས་ཅིར་སྣང་ཡང་། །ཉོན་མོངས་རྩད་ཆོད་མཉམ་ཉིད་ཕྱིར། །བརྟགས་པའི་བྱེ་བྲག་འདི་ལ་མེད། །ཅེས་སོ། །ཏིང་ངེ་འཛིན་མཐར་ཕྱིན་པའི་ཚད་ནི་ལོ་ཟླ་གྲངས་ཀྱིས་བགྲངས་ཀྱང་མཉམ་བཞག་ལ་རྐྱེན་ཅིས་ཀྱང་མི་ཆོད། བརྒྱལ་ཞིང་ར་རོ་བ་དང་འདུ་ཤེས་ཐོམས་པ་མི་འབྱུང་། འབྱུང་བཞིས་བསྡུས་པའི་ལུས་ལ་འཕོ་འགྱུར་བྱུང་ཡང་ན་ཚ་ལ་སོགས་པའི་རྐྱེན་ཉིད་མཉམ་བཞག་གི་ཏིང་ངེ་འཛིན་དུ་འཆར་བར་གསུངས་སོ། །གསང་སྒྲོན་ལས། སྐྱེས་བུ་གོམས་པས་གར་རྒྱུག་ལྷུང་མེད་ལྟར། །སྐྱེ་མེད་རྟོགས་ཤིང་འདྲེས་པའི་རྣལ་འབྱོར་པས། །གང་ལྟར་སྤྱད་ཀྱང་མཉམ་པ་ཉིད་ཀྱི་ངང་། །ཞེས་སོ། །གཉིས་པ་དཔེ་བསྟན་པ་ནི། རྩ་ཚིག་ལས། མཉམ་ཉིད་མི་གཡོ་ཆོས་སྐུའི་ངང་། །བཟུང་བས་མི་ཟིན་ཆུ་ཟླ་འདྲ། །རྟོག་མེད་མཉམ་པ་དེ་ཉིད་ནི། །ཁྱུང་ཆེན་ནམ་མཁར་ལྡིང་དང་མཚུངས། །ཞེས་པས། དགོངས་པ་རང་གི་ངོ་བོ་དང་། རྩོལ་བ་མེད་པ་སངས་རྒྱས་ཀྱི་ས་ལ་ཕྱིན་པའི་དཔེ་གཉིས་སྟོན་ཏེ། རང་གི་ངོ་བོ་ནི་དཔེར་ན་ཆུ་དྭངས་པའི་ནང་དུ་ཟླ་བའི་གཟུགས་བརྙན་སྣང་ཡང་ཆུ་ཉིད་ལས་མ་གཡོས་པ་ལྟར། མཉམ་ཉིད་ཀྱི་དགོངས་པ་ལ་ཆོས་ཐམས་ཅད་ཡེ་ཤེས་རང་སྣང་དུ་ལྷུན་གྱིས་གྲུབ་པའོ། །གཉིས་པ་ནི། དཔེར་ན་ནམ་མཁའ་ལྡིང་ལ་བྱ་བྲན་ལྟ་བུའི་རྩོལ་བ་དང་། ངམ་གྲོག་ལྟ་བུའི་གཡང་ས་ལ་དོགས་པ་དང་། འགྲོ་སར་མི་ཕྱིན་དོགས་པའི་འདུ་ཤེས་མེད་པར་ཡུད་ཙམ་གྱིས་གར་འདོད་ཕྱིན་པ་ལྟར། མཉམ་ཉིད་རྟོགས་པའི་རྣལ་འབྱོར་པས། རྣལ་འབྱོར་འོག་མ་ལྟ་བུའི་རྩོལ་བ་དང་། འོག་མར་ལྟུང་གིས་དོགས་པ་དང་། འཚང་མི་རྒྱ་དོགས་པའི་འདུ་ཤེས་མེད་པར་རྩོལ་མེད་ཀྱི་ངང་ནས་སངས་རྒྱས་ཀྱི་ས་ལ་གཤེགས་པའོ། །གསུམ་པ་དྲོད་རྟགས་བསྟན་པ་ནི། རྩ་ཚིག་ལས། ཡོ་བྱད་འདུ་ཤེས་ཐམས་ཅད་འགོག །དགེ་དང་མི་དགེ་རྣམ་རྟོག་མེད། །ཉོན་མོངས་སྒྲིབ་པ་རྣམ་པར་དག །ཉམས་ཀྱི་རྨི་ལྟས་སྣ་ཚོགས་འབྱུང་། །ཞེས་པས། ཕྱི་ནང་གསང་བ་གསུམ་ལས། གསང་བའི་དྲོད་རྟགས་ནི། ཉོན་མོངས་དང་ཁམས་དང་སྐྱེ་གནས་ཀྱི་ཟག་པ་གསུམ་དང་བྲལ་བ། དགེ་སྡིག་གཉིས་ཀྱི་འབྲས་བུ་བདེ་སྡུག་གཉིས་ལ་རེ་དོགས་གཉིས་མེད། སྐྱེ་རྒ་ན་འཆིའི་ཆུ་བོ་བཞི་བརྒལ། བདུད་བཞི་བཅོམ་ནས་ཟག་མེད་མཉམ་ཉིད་ཀྱི་ཏིང་ངེ་འཛིན་རྒྱུན་ཆད་མེད་པར་རང་ངོ་ཤིན་ཏུ་རྣམ་པར་དག་གོ། །ཉམས་སྒྲོན་ལས། མཉམ་ཉིད་ཀུན་བྲལ་ཀུན་དངོས་ཕྱིར། །ཟག་མེད་ཟས་གོས་ཞེན་པ་གྲོལ། །ཀུན་བརྟགས་ཉོན་མོངས་ཆགས་སྡང་དང་། །ངར་འཛིན་ཕྱོགས་ཆ་རེ་དོགས་དང་། །ཆོས་བརྒྱད་ལ་སོགས་རྩད་ནས་ཆོད། །འཇིགས་པ་ལྔ་བྲལ་བདུད་བཞི་བཅོམ། །འདུ་འབྲལ་མེད་པའི་དགོངས་པ་ལ། །དུས་ཕྱེད་བཏང་སྙོམས་ཆེན་པོར་གནས། །ཞེས་སོ། །ནང་རྟགས་ནི། མངོན་པར་ཤེས་པ་སྤྱན་ལྔ་དང་དྲུག་སྟེ། མ་བསྒྲིབས་རང་གསལ་མཉམ་ཉིད་ཀྱི། །ཟག་མེད་ཤེས་རབ་སྤྱན་མངའ་བས། །མངོན་པར་ཤེས་པ་རྣམ་པ་དྲུག །གསལ་དང་རྒྱུན་གྱིས་ཁྱད་པར་འཕགས། །ཞེས་སོ། །ཕྱི་རྟགས་ནི། གཞན་སྣང་གི་རྫུ་འཕྲུལ་སྣ་ཚོགས་པས་འགྲོ་བ་འདུལ་བ་སྟེ། མཉམ་ཉིད་ངང་ལས་མ་གཡོས་བཞིན། །ཞིང་ཁམས་སྟོང་གསུམ་བརྒྱ་སྟོང་ཕྲག །ཐུགས་རྗེས་རང་བྱུང་སྤྲུལ་པ་ཡི། །རྔོན་དང་སྨད་འཚོང་ཤན་པ་དང་། །ལྷ་མིའི་བསོད་ནམས་ལྡན་ལ་སོགས། །གང་ལ་གང་ལྟར་འདུལ་བ་བཞིན། །མངོན་ཤེས་རྫུ་འཕྲུལ་སྣ་ཚོགས་དང་། །སྤྲུལ་པའི་ལུས་ཀྱིས་འདུལ་བར་བྱེད། །རང་བྱུང་ཆོ་འཕྲུལ་བཞིར་སྣང་བ། །ཉི་ཟླ་ཞོན་ནས་མཁའ་ལ་འགྲོ། །རི་བྲག་ལ་སོགས་ཐོགས་མེད་དང་། །ཆུ་ལ་མི་བྱིངས་མེས་མི་ཚིག །དུག་དང་མཚོན་དང་ནད་མི་ཚུགས། །ཆུ་རྒྱུན་བཟློག་དང་རླུང་མི་འགུལ། །སྲེག་པའི་བསྐལ་པ་གཞིལ་ལ་སོགས། །ཉི་མའི་དཀྱིལ་འཁོར་འབུམ་འབྱེད་དང་། །སྐམ་སར་ཆུ་ཕྱུང་བྱེ་མ་གསེར། །སོལ་བར་ལྗོན་ཤིང་དུག་ལ་སྨན། །མི་སྣང་བ་དང་མངོན་པར་སྤྲུལ། །རི་རབ་བཀྱག་ནས་གསོར་བ་དང་། །འཇིག་རྟེན་རྒྱང་མར་འཕེན་པ་དང་། །སྟོང་གསུམ་ཡུངས་འབྲུར་ཤོང་བ་དང་། །ཡུངས་འབྲུས་སྟོང་གསུམ་ཁེངས་པ་དང་། །གཞན་ཡང་ཇི་ལྟར་འདོད་པ་བཞིན། །ཚེ་དང་དུས་ལ་བསྲིང་བསྟུང་དང་། །འགུགས་དང་གཏད་དང་འཆིང་དང་དགྲོལ། །གསོ་གསད་ཕམ་རྒྱལ་ཐོགས་མེད་འགྲུབ། །རང་བྱུང་ཐུགས་རྗེས་བྱིན་གྱིས་བརླབ། །འགྲོ་བ་རིགས་དྲུག་མུ་སྟེགས་དང་། །ལམ་དང་ས་ལ་གནས་པ་དག །སོ་སོའི་སྐད་དང་ཆ་མཐུན་པས། །གང་ལ་གང་འཚམས་ཆོས་སྟོན་ནས། །རྣལ་འབྱོར་ཏིང་འཛིན་རྩལ་སྟོབས་ཀྱིས། །འཇིག་རྟེན་བརྒྱ་སྟོང་གཡོས་ནས་ཀྱང་། །ངོ་མཚར་ཆེར་སྐྱེད་དགའ་ཞིང་མགུ། །ནང་གཡོས་པ་ཡང་རིམ་གཡོ་བྱེད། །གསང་བ་སྔགས་ཀྱི་སྒྲ་བསྒྲགས་པས། །ཀུན་ཀྱང་རྨད་བྱུང་སྔགས་ཀྱི་སྒྲར། །གྲགས་པས་བདུད་འདུལ་ངན་སོང་སྦྱོང་། །ཐེག་ཆེན་ལམ་འཛུད་འགྲོ་དོན་མཛད། །ཅེས་སོ། །བཞི་པ་འབྲས་བུ་ནི། མཉམ་པ་ཉིད་ཀྱི་ངོ་བོ་ལ། །ལམ་དང་ས་ཡི་རིག་འཛིན་ཐོབ། །དེ་ཡང་བགྲོད་དུ་མེད་པ་སྟེ། །དེ་ཚེ་ཉིད་ལ་སངས་རྒྱས་ཐོབ། །ཅེས་པ་ལ། ལམ་དང་སའི་རིག་འཛིན་ཟག་མེད་ཀྱི་རྟོགས་པ་མངོན་གྱུར་མཐོང་ལམ་ཡིན་ཅིང་། སྒོམ་ལམ་ལ་གསང་སྔགས་ནང་པས་ལམ་གྱི་རིག་འཛིན་བཞི་དང་། ཕ་རོལ་ཏུ་ཕྱིན་པས་འཕགས་པའི་ས་བཅུར་བཞེད་པ་གང་ཡང་མཉམ་བཞག་ཏུ་ཆོས་ཉིད་མངོན་སུམ་དུ་རྟོགས་པ་དེའི་རྒྱུན་གོམས་པར་བྱེད་ནས། རྗེས་ཐོབ་ཏུ་ཤེས་སྒྲིབ་ཕྲ་རགས་མངའ་བ་དེ་སྦྱང་བའི་རིམ་པ་ཡིན་པ་ལྟར། འདིར་ཡང་ཟག་མེད་མཉམ་པ་ཉིད་མངོན་སུམ་དུ་རྟོགས་པའི་ངང་ལ་གོམས་པར་བྱེད་ཅིང་། རྗེས་ཕྲ་རགས་མཉམ་བཞག་ལ་བསྐྱལ་བ་ཡིན་པས། རང་གི་ངོ་བོ་ལམ་གྱི་རིག་འཛིན་བཞི་དང་འཕགས་པའི་ས་བཅུའི་ཐད་ཡིན་གསུངས། འོག་མའི་ས་ལམ་གྱི་རིག་འཛིན་དང་། འཕགས་པ་རྣམས་བསྐལ་པའི་གྲངས་དང་མི་ཚེའི་དུས་ལ་ལྟོས་ནས་ཤེས་སྒྲིབ་རིམ་གྱིས་སྦྱོང་བ་དང་མི་འདྲ་སྟེ། འདིར་ཤེས་སྒྲིབ་གཉིས་ཅན་གཟུང་འཛིན་གྱི་ཆོས་ཐམས་ཅད་གཉིས་མེད་རང་བྱུང་གི་ཡེ་ཤེས་སུ་རྟོགས་ཤིང་། དེའི་ངང་ལ་རྒྱུན་གོམས་པར་བྱེད་ཅིང་། རྗེས་ཤེས་མཉམ་བཞག་ལ་བསྐྱལ་བ་ཁོ་ན་ཡིན་ལ། འདི་ལ་རབ་འབྲིང་གཉིས་ཏེ། རབ་མཉམ་རྗེས་མེད་པ་ནི། རྒྱུ་མཐུན་དང་སྐྱེས་བུ་བྱེད་པའི་འབྲས་བུ་ཉིད་ཚེ་འདིར་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་ཐོབ་ནས། རང་ངོ་ལ་སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་བརྙེས་ནས་རྣམ་སྨིན་གྱི་འབྲས་བུ་སངས་རྒྱས་པའོ། །འབྲིང་མཉམ་བཞག་ཏུ་ཟག་མེད་ཀྱི་ཏིང་ངེ་འཛིན་ཡོད་ཀྱང་རྗེས་ཐོབ་ཏུ་མཚན་མའི་རྟོག་པ་ཡོད་པ་ཙམ་ལ་ཚེ་འཕོས་པ་ནི། འཆི་ཀའི་གནད་གཅོད་ལ་སོགས་པའི་རྐྱེན་གྱིས་བྱས་ཏེ། ཏིང་ངེ་འཛིན་ཅུང་ཞིག་བརྗེད་སོང་ཡང་ཕྱི་དབུགས་སོང་ནས་ནང་དབུགས་མ་སོང་གི་བར་རམ་ཐ་མ་ཡང་ལུས་སེམས་བྲལ་མ་ཐག་ཏུ་རྒྱུ་མཐུན་ནམ། སྐྱེས་བུ་བྱེད་པའི་འབྲས་བུ། རྗེས་སུ་དྲན་པ་དྲུག་འབྱུང་སྟེ། སྐབས་འདིར་བར་དོ་ཡིན་པར་དྲན་པ། དེར་བླ་མ་དམ་པ་དྲན་པ། དེས་བསྟན་པའི་གདམས་ངག་དྲན་པ། སྔར་གྱི་ཉམས་ལེན་རྟོགས་པ་དྲན་པ། དེ་མ་ཐག་ཏུ་ཆོས་ཉིད་མ་བུ་འདྲེས་པའི་སྐད་ཅིག་མ་དེ་ལ་གཟུང་འཛིན་རང་གྲོལ་ཀ་དག་ཆེན་པོར་སངས་རྒྱས་པ་དང་། སྤྱན་ལྔ་མངོན་ཤེས་དྲུག་ལ་སོགས་པའི་ཡོན་ཏན་མ་ལུས་རྫོགས་པ་ནི་རྣམ་སྨིན་གྱི་འབྲས་བུའོ། །ཉམས་སྒྲོན་ལས། མཉམ་ཉིད་ངང་གནས་དགོངས་སྤྱོད་དང་། །དགོངས་པའི་ངང་གནས་ཤེས་རབ་ཀྱིས། །ཤེས་སྒྲིབ་རགས་དང་འབྲིང་བཅོམ་ནས། །བཙལ་བ་མེད་པར་ལྷུན་འགྲུབ་ཐོབ། །ཅེས་པ་དང་། མཉམ་པ་ཉིད་ཀྱི་ངོ་བོ་ལ། །ཟག་པ་ཀུན་བྲལ་རིན་ཆེན་འཛིན། །སྐྱེ་འཆི་འཕོ་འགྱུར་མེད་པའི་ཕྱིར། །དེ་ཚེ་ཉིད་ལ་མངོན་སངས་རྒྱས། །ཞེས་པའི་ལུང་གཉིས་པོ་འདིར་རབ་འབྲིང་གཉིས་ཀའི་ལུང་ཐུན་མོང་མ་ཡིན་ནོ། །བཞི་པ་ཡེ་ཤེས་ལྷུན་གྲུབ་ལམ་མཐར་ཕྱིན་པའི་རྣལ་འབྱོར་ནི། རྩ་ཚིག་ལས། རང་གི་ངོ་བོ་ཆོས་ཀྱི་སྐུ། །དཔེ་ནི་དཔེ་མེད་ནམ་མཁའ་འདྲ། །རྟགས་ནི་སངས་རྒྱས་ཆོ་འཕྲུལ་འབྱུང་། །འབྲས་བུ་སངས་རྒྱས་དེ་ཉིད་དོ། །ཞེས་པས། ངོ་བོ་དང་། དཔེ་དང་། རྟགས་དང་། འབྲས་བུ་བཞིའོ། །དང་པོ་ངོ་བོ་ལ་གཉིས་ཏེ། རྣམ་པ་ནི། སྐུ་ལྔ་ལྷུན་གྲུབ་སངས་རྒྱས་ཀྱི་རྒྱལ་ཚབ་ཆེན་པོར་བཞུགས་པ་སྟེ། ལྷུན་གྲུབ་རིག་འཛིན་ཞེས་པའི་དོན་ནོ། །ཉམས་སྒྲོན་ལས། རང་བྱུང་ལྷུན་གྲུབ་ཆོས་ཀྱི་སྐུ། །རང་གི་རྒྱལ་ཚབ་སྟོན་པར་བྱེད། །ཅེས་སོ། །དགོངས་པ་ནི་རང་སྣང་ལྷུན་གྲུབ་ཆོས་ཀྱི་སྐུ་སྟེ། སྐྱེ་མེད་རང་བྱུང་མངོན་བྱས་པའི། །རྩོལ་མེད་བདེ་ཆེན་ལྷུན་གྲུབ་ལ། །མཐའ་དབུས་སྐྱེ་འགག་རྣམ་དག་དབྱིངས། །སྐུ་ལྔ་མ་འདྲེས་ཀུན་ཏུ་བཟང་། །ཞེས་སོ། །གཉིས་པ་དཔེ་ནི་ཆོས་ཅན་མཚན་མའི་དཔེས་མཚོན་མི་ནུས་ཏེ། ཆོས་ཉིད་ལྷུན་གྲུབ་ཀྱི་ནམ་མཁའ་ནི་མཐར་ལམ་ཆེན་པོ་དེ་ཉིད་དང་། སངས་རྒྱས་མ་གཏོགས་པ་གཞན་གང་གིས་ཀྱང་ཤེས་པར་མི་ནུས་པའོ། །ཕྱོགས་རེའི་ཆ་ནས་དགོས་འདོད་༡འབྱུང་། ཅི་བསམ་འགྲུབ༢། ཡེ་ཤེས་གསལ༣། མ་རིག་སེལ་༤བའི་དཔེ་དུ་མ་སྟེ། དེ་ཉིད་ལས། ནམ་མཁའི་དཔེ་ལྟར་མཚོན་དུ་མེད། །ཆ་ཙམ་དཔག་༡བསམ་རིན་ཆེན་༢ཤིང་། །མེ་༣ལོང་ཉི་མའི་༤སྙིང་པོ་འདྲ། །ཞེས་གསུངས་སོ། །གསུམ་པ་རྟགས་ཕྱི་ནང་གསང་གསུམ་ནི། སངས་རྒྱས་དང་མཚུངས་ཏེ། གསང་རྟགས་སྒྲིབ་གཉིས་བྲལ་བའི་ཡེ་ཤེས་རྒྱས། ནང་རྟགས་ཟག་མེད་ཀྱི་མངོན་ཤེས་དང་། རྫུ་འཕྲུལ་ཡོན་ཏན་མཐའ་ཡས་པ་ལ་དབང་འབྱོར། ཕྱིའི་རྟགས་སྐུའི་རྫུ་འཕྲུལ། གསུང་གི་ཆོས་བརྗོད། ཐུགས་རྗེས་སུ་བསྟན་པའི་ཆོ་འཕྲུལ་སྣ་ཚོགས་མཛད་བས་ནམ་མཁས་ཁྱབ་ཚད་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པའོ། །ཉམས་སྒྲོན་ལས། རྟགས་ནི་སངས་རྒྱས་རྫུ་འཕྲུལ་དང་། །ཡོན་ཏན་སྣ་ཚོགས་རང་བཞིན་རྫོགས། །མ་བསྒྲིབས་ཀུན་གསལ་མངོན་ཤེས་དྲུག །རྒྱུ་རྐྱེན་མེ་ལོང་ཚུལ་གཟིགས་པའོ། །ཡུལ་དང་མཁྱེན་ཚད་རྒྱལ་བ་དང་། །འདྲ་ལ་བག་ལ་ཉལ་བས་ཕྱེ། །ཞེས་སོ། །བཞི་པ་འབྲས་བུ་ནི། སངས་རྒྱས་དང་དགོངས་པ་ཡོན་ཏན་ཐམས་ཅད་འདྲ་ཡང་བག་ལ་ཉལ་ཡོད་མེད་ཀྱི་ཁྱད་ཡོད་དེ། འདི་འབྲས་བུ་དངོས་མ་ཡིན་མཐར་ལམ་ཡིན་པའི་དོན་གྱིས་བག་ལ་ཉལ་ཞེས་བྱ་བའི་ཕྲ་བ་གཉེན་པོ་ཡེ་ཤེས་དང་མི་འབྲལ་བ་དང་། གོང་དུ་བསྙེན་བཀུར་བའི་གནས་སངས་རྒྱས་དང་། མར་དོན་བྱ་བའི་གནས་སེམས་ཅན་དུ་སྣང་ཆ་ནམ་མཁའི་འཇའ་ལྟ་བུར་མཚན་མའི་སྒྲིབ་གཡོགས་མེད་ཀྱང་རང་སྣང་ཙམ་གཅིག་མངའ་བ་དེ། གཞན་རྐྱེན་ལ་མི་ལྟོས་པར་རང་རིག་པའི་ཡེ་ཤེས་ཆེན་པོས་སྐད་ཅིག་མ་ལ་རྟོགས་པ་གྲོལ་བ་དུས་མཉམ་སྟེ་སངས་རྒྱས་པས། གཡོ་ཐོབ་བརྟན་གསུམ་དུ་ཕྱེའོ། །ཉམས་སྒྲོན་ལས། ལྷུན་གྲུབ་ཆེན་པོའི་དགོངས་སྤྱོད་དང་། །མཐའ་བྲལ་འོད་གསལ་འདུས་མ་བྱས། །དམིགས་མེད་རང་རིག་ཤེས་རབ་ཀྱིས། །སྐད་ཅིག་ཉིད་ལ་ཐ་མ་ཡི། །བག་ལ་ཉལ་བཅོམ་དེ་བཞིན་གཤེགས། །ཞེས་སོ། །དོན་གསུམ་པ་རྗེས་སུ་འབྲས་བུ་ཐོབ་ཚུལ་ནི། རྣལ་འབྱོར་པས་གོང་དུ་བསྟན་པ་ལྟར་སྔོན་འགྲོ་རྣམས་ཀྱིས་རྒྱུད་སྣོད་དུ་རུང་བར་བྱས་ནས། དངོས་གཞི་རྣལ་འབྱོར་བཞི་ལ་གཡོ་ཐོབ་བརྟན་གསུམ་དུ་ཕྱེས་པས། རིམ་པ་དང་པོ་ཞི་གནས་ལ་མ་བརྟེན་ན། ཐོས་བསམ་གྱི་གོ་བ་བཟང་པོ་ཡོད་ཀྱང་སེམས་ལས་སུ་མི་རུང་བས། འགལ་རྐྱེན་སྤང་བ་ལ་སོགས་རྣལ་འབྱོར་དང་པོར་བསྟན་པའི་རིམ་པ་ལྟར་ཉམས་སུ་བླངས་པས་སེམས་ལས་རུང་བའི་ཞི་གནས་ཁྱད་པར་ཅན་རྙེད་ལ། དེ་ཡང་རང་རིག་རྟོགས་པའི་ཡེ་ཤེས་ཀྱིས་མ་ཁྱབ་ན་འཇིག་རྟེན་པའི་བསམ་གཏན་དུ་གོལ་བས། རྣལ་འབྱོར་གཉིས་པར་ཅི་ལྟར་བསྟན་པའི་རིམ་པ་སོ་སོར་དཔྱོད་པའི་ཤེས་རབ་ཀྱིས་སྣང་སྲིད་ཆོས་སྐུར་རྟོགས་པར་བྱེད་ཅིང་། དེ་ཡང་ཟག་མེད་མངོན་དུ་མ་གྱུར་ན་ཟག་བཅས་ཀྱི་ཉམས་རྟོགས་ཐམས་ཅད་མི་རྟག་ཅིང་འགྱུར་བས། རྣལ་འབྱོར་གསུམ་པར་ཅི་ལྟར་བསྟན་པ་བཞིན། ཡེངས་མེད་ཀྱི་ངང་ལས་མཉམ་གཞག་ཆེན་པོར་གོམས་པ་མཐར་བསྐྱལ་ཏེ། རྣལ་འབྱོར་བཞི་པའི་བག་ལ་ཉལ་གྱི་སྒྲིབ་པ་རང་གྲོལ་ནས་གཞི་སེམས་ཉིད་རང་བྱུང་གི་ཡེ་ཤེས་ལ་རང་སྣང་ལ་སྐུ་ལྔ་ལྷུན་གྱིས་གྲུབ་པ་མངོན་དུ་བྱས་ཏེ། རང་བཞིན་སྐྱེ་བ་མེད་པ་ཆོས་ཀྱི་སྐུ། རོལ་པ་འགགས་པ་མེད་པ་སྤྲུལ་པའི་སྐུ། མཚན་ཉིད་དབྱེར་མེད་ལོངས་སྤྱོད་རྫོགས་པའི་སྐུ། ཐམས་ཅད་རིག་པ་རང་བྱུང་གི་ཡེ་ཤེས་ལས་མ་གཡོས་པ་ངོ་བོ་ཉིད་ཀྱི་སྐུ། འཁྲུལ་གྲོལ་ལམ་གསུམ་དུ་འཕོ་འགྱུར་མེད་པ་རྡོ་རྗེའི་སྐུ། སྐུ་ལྔ་ཡོངས་རྫོགས་དཔལ་ཀུན་ཏུ་བཟང་པོ་མངོན་དུ་གྱུར་པའོ། །ཉམས་སྒྲོན་ལས། ཀུན་སངས་ཀུན་དངོས་རྫོགས་སངས་རྒྱས། །རང་བྱུང་ཡེ་ཤེས་མངོན་བྱས་པས། །སྤང་ཐོབ་གཉིས་མེད་དེ་བཞིིན་ཉིད། །སྐུ་དང་གསུང་ཐུགས་ཡོན་ཏན་ལས། །བསམ་གྱིས་མི་ཁྱབ་མ་འདྲེས་རྫོགས། །འབྲས་བུའི་ཀློང་དུ་ཤེས་པར་གྱིས། །ཉམས་རྟོགས་སྣ་ཚོགས་སྣང་བ་དང་། །མཐར་ཕྱིན་ཡོན་ཏན་ཀུན་རྫོགས་ཀྱང་། །ཆོས་དབྱིངས་འཕེལ་འགྲིབ་མེད་པའི་ཕྱིར། །གཞི་ལས་གཡོས་པ་རྡུལ་ཙམ་མེད། །ཅེས་སོ། །དེ་ལྟར་སྔོན་འགྲོ་དང་དངོས་གཞི་རྗེས་གསུམ་གྱིས་རྫོགས་པ་ཆེན་པོ་ཉམས་སུ་བླང་བའི་ཡི་གེ་འདི་ནི། རྩ་ཚིག་ཉམས་རིམ་བཞི་པ་དང་། དེའི་རྒྱབ་སྐྱོར་དགའ་རབ་རྡོ་རྗེ་ཉིད་ཀྱིས་མཛད་པའི་ཉམས་སྒྲོན་དང་། རྩ་ཚིག་གི་རབ་འབྱེད་འཇམ་དཔལ་བཤེས་གཉེན་གྱིས་མཛད་པར་བཞེད་པ་དང་། དམ་པ་བདེ་གཤེགས་པའི་ཡིག་ཆུང་ཉམས་ཀྱི་མན་ངག་གོལ་སྒྲིབ་སུམ་ཅུ་རྩ་དྲུག །བཙའ་ཐབས་དྲུག་པ། བསམ་གཏན་སྤྱི་འགྲེལ། ཆོས་རྗེ་གཙང་པས་མཛད་པའི་དོན་གསལ། རྟོགས་ལྡན་ཤཱཀ་རྡོར་པའི་ཐེག་སྤྱིའི་ནང་དུ་རིམ་སྐྱེས་པའི་ཉམས་ལེན་བཞིའི་སྐབས་རྣམས་ཀྱི་ཚིག་དོན་གང་མཁོ་སྐབས་སུ་མ་ནོར་བར་བླངས་ཤིང་། ཉམས་ལེན་གྱི་རིམ་པ་དངོས་གཞི་སྙན་བརྒྱུད་ཐོར་བུར་ཡོད་པ་རྣམས་ལེགས་པར་བསྒྲིགས་ཏེ། མན་ངག་གི་རྒྱུད་གཞན་ནས་ཀྱང་ལུང་གིས་ཁ་བསྐངས་ཤིང་རང་གིས་ཉམས་སུ་མྱོང་ཚུལ་ལ་བརྟེན་ནས། ངེས་པའི་དོན་ལ་བློ་གཅིག་ཏུ་གཞོལ་བའི་སྤྲང་པོ་ནམ་མཁའ་རྡོ་རྗེས་ཕྱི་རབས་ཀྱི་གང་ཟག་གདམས་ངག་ཉམས་སུ་ལེན་པ་རྣམས་ལ་ཕན་པའི་བློས། ཆུ་མོ་བྱ་ལོ་ཟླ་བ་ལྔ་པའིི་ཡར་ཚེས་ལ་བླ་མ་དམ་པའི་བཞུགས་གནས་དཔལ་གནམ་སྟེང་རི་ཁྲོད་དུ་སྦྱར་བ་འདིས། སེམས་ཅན་ཐམས་ཅད་བདེ་བླག་ཏུ་རང་གྲོལ་ནས། སྐུ་ལྔ་ལྷུན་གྱིས་གྲུབ་པ་དཔལ་ཀུན་ཏུ་བཟང་པོ་མངོན་དུ་བྱེད་པར་གྱུར་ཅིག །མངྒ་ལཾ།། །།

རྫོགས་ཆེན་སེམས་སྡེ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཀྱི་དགའ་སྟོན། སོག་ཟློག་པ་བློ་གྲོས་རྒྱལ་མཚན།

རྫོགས་ཆེན་སེམས་སྡེ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཀྱི་དགའ་སྟོན་བཞུགས་སོ། །ན་མོ་གུ་རུ་བྷྱ། ཡེ་ཤེས་རིག་པ་གཞན་དུ་མ་འཁྲུལ་པས། །ཐོག་མའི་གཞི་ལམ་མངོན་པར་བྱང་ཆུབ་པ། །དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །དག་པའི་དབྱིངས་ལས་ཐུགས་རྗེ་རོལ་པའི་སྐུར། །མངོན་པར་སྣང་བ་བདེ་ཆེན་ལོངས་སྤྱོད་རྫོགས། །ཁྱབ་བདག་སྟོན་པ་རྡོ་རྗེ་སེམས་དཔའ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །རང་སྣང་མ་འགགས་གཞན་སྣང་དེར་སྟོན་པ། །འགྲོ་བའི་གཉེན་གཅིག་སྐལ་ལྡན་ཡོངས་ཀྱི་མགོན། །མཆོག་གི་སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །སྦྱངས་པ་མཐར་སོན་པཎ་ཆེན་ལྔ་བརྒྱའི་གཙོ། །ལས་འཕྲོ་བཟང་པོས་ཐེག་པའི་རྩེ་རྒྱལ་རྙེད། །སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཤེས་བྱ་ཀུན་གཟིགས་ཀུན་མཁྱེན་གཉིས་པར་གྲགས། །རྫོགས་ཆེན་དགོངས་པ་རིས་མེད་མངོན་དུ་གྱུར། །པཎ་ཆེན་གྲུབ་པའི་དབང་ཕྱུག་ཤྲཱི་སེང་། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཡང་དག་བཅུ་གཅིག་དོན་ལྡན་ལོ་ཙཱ་བ། །ལྟ་དགོངས་མཐར་ཕྱིན་སྣང་སྲིད་ཟིལ་གྱིས་མནན། །མཁས་པ་པ་གོར་བཻ་རོ་ཙ་ན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །སྦྱངས་པའི་འཕྲོ་སད་ཆོས་ཀུན་ཐུགས་སུ་ཆུད། །བཻ་རོས་རྗེས་བཟུང་མཆོག་གི་དངོས་གྲུབ་ཐོབ། །གྲུབ་ཆེན་རྒྱལ་མོ་གཡུ་སྒྲ་སྙིང་པོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཆུ་བོ་བཞི་འདུས་མཉམ་མེད་ལོ་ཙཱ་བ། །སྐད་ཅིག་གཅིག་ལ་ས་བདུན་མངོན་དུ་མཛད། །སློབ་དཔོན་གཉགས་སྟོན་ཛྙཱ་ན་ཀུ་མཱ་རར། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །རིང་ནས་སྦྱངས་པའི་སྐལ་ལྡན་ལས་འཕྲོ་ཅན། །བླ་མས་རྗེས་བཟུང་མཁའ་སྤྱོད་གནས་སུ་གཤེགས། །སྐྱེས་མཆོག་སོག་པོ་དཔལ་གྱི་ཡེ་ཤེས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །མི་ལོ་བརྒྱ་དང་བཅུ་བཞི་རྒྱ་བོད་དུ། །བསྐྱེད་རྫོགས་སྦྱངས་པ་མཐར་ཕྱིན་གྲུབ་པ་ཐོབ། །བླ་ཆེན་གནུབས་བན་སངས་རྒྱས་ཡེ་ཤེས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །མདོ་རྒྱུད་ཀུན་ལ་ཐོགས་མེད་མཁྱེན་པ་རྒྱས། །མཆོག་དང་ཐུན་མོང་དངོས་གྲུབ་དུས་གཅིག་ཐོབ། །ཁུ་ལུང་གནུབས་སྟོན་ཡོན་ཏན་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །དོགས་ལ་ཤངས་ཀྱི་གཙུག་ལག་ཁང་ཆེན་པོར། །བསྐྱེད་རྫོགས་གསུམ་སྟོན་སྙིང་པོའི་བསྟན་པ་སྤེལ། །ཉང་སྟོན་ཆེན་པོ་ཤེས་རབ་མཆོག་ལྡན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །བླ་མའི་ཐུགས་ཟིན་ཏིང་འཛིན་ལས་སུ་རུང་། །བསྐྱེད་རྫོགས་གསུམ་ལ་མཁས་པའི་གྲགས་པས་ཁྱབ། །ཆོས་ལུང་ཉང་སྟོན་ཡེ་ཤེས་འབྱུང་གནས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །འུག་པ་ལུང་གི་དབེན་རྩ་དམ་པ་རུ། །བཤད་སྒྲུབ་ཆུ་བོས་སྙིང་པོའི་བསྟན་པ་བཙུགས། །མཁས་གྲུབ་གཙང་སྒོམ་བདེ་གཤེགས་ཟུར་པོ་ཆེ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཟུར་གྱི་རིགས་འཁྲུངས་ཐོས་བསམ་མཐའ་རུ་ཕྱིན། །ལྟ་དགོངས་རྩེར་སོན་བསྟན་པ་ཉི་འོད་བརྡལ། །ལྷ་རྗེ་ཆེན་པོ་ཟུར་ཆུང་ཤེས་རབ་གྲགས། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ལུང་རྟོགས་ཡོན་ཏན་རྒྱ་མཚོས་ཐུགས་རྒྱུད་གཏམས། །ཕྲིན་ལས་རྣམ་བཞིས་གསང་སྔགས་བསྟན་སྲོག་བཟུང་། །སྐྱོ་སྟོན་སྔགས་འཆང་ཤཱཀྱ་ཡེ་ཤེས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །གདུགས་ཐོགས་སྟོང་གིས་གང་ཞབས་གུས་མཆོད་ཅིང་། །རྒྱ་ཆེ་རྒྱུན་མི་འཆད་པའི་ཕྲིན་ལས་ཅན། །གསང་བདག་དངོས་བྱོན་ལྷ་རྗེ་སྒྲོ་ཕུག་ཤཱཀྱ་སེང་གེ་པར། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །གསུང་རབ་ཀུན་ལ་མཁས་པའི་ཕུལ་དུ་གྱུར། །དགོངས་པ་མངོན་གྱུར་ཚེ་གཅིག་བྱང་ཆུབ་བརྙེས། །ལྕེ་རྒྱ་ནག་སྟོན་ལྷ་རྗེ་དཀྱིལ་མཁར་ལྷ་ཁང་པར། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཏིང་འཛིན་མངོན་གྱུར་ཐོག་གིས་མི་ཚུགས་ཤིང་། །རི་གཟར་རྦབ་ཀྱང་གྱེན་ལ་བཟློག་པར་མཛད། །མཚུངས་མེད་གྲུབ་ཆེན་དབུས་པ་ཞིག་པོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །བསམ་ཞིང་འགྲོ་བའི་དོན་ལ་བྱོན་པའི་མཐུས། །ཕྲིན་ལས་རྒྱ་མཚོ་འབད་མེད་ལྷུན་གྱིས་གྲུབ། །ཞིག་པོ་བདུད་རྩི་སེམས་ཕྱོགས་བསྟན་པའི་བདག །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །གསར་རྙིང་ཆོས་ལ་མཁས་ཤིང་གྲུབ་པའི་མཆོག །གཡོ་རུ་སྟོད་དུ་བསྟན་པའི་སྲོལ་བཟང་གཏོད། །ཨ་མེས་ཆེན་པོ་རྟ་སྟོན་ཇོ་ཡེ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །མདོ་དང་སྒྱུ་འཕྲུལ་སེམས་ཕྱོགས་མཐའ་དག་ལ། །བཤད་པས་ཕན་བཏགས་སྒྲུབ་པའི་ས་སྡེ་བཙུགས། །སྔགས་འཆང་ཆེན་པོ་རྟ་སྟོན་གཟི་བརྗིད་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །བགྲང་ཡས་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་སོན། །སེམས་སྡེ་བཅོ་བརྒྱད་བསྟན་པའི་སྒྲོན་མེ་སྦར། །འཁྲུལ་ཞིག་སྐྱེ་མེད་དམ་པ་སངས་རྒྱས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །གཞོན་ནུ་ཉིད་ནས་ཏིང་འཛིན་དུས་འདའ་ཞིང་། །ཡི་དམ་ཞལ་གཟིགས་བཤད་སྒྲུབ་བསྟན་པ་སྤེལ། །སྐྱེས་མཆོག་མཉམ་མེད་སྤྲུལ་སྐུ་ཆེན་པོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །འཇམ་པའི་དབྱངས་དང་གཉིས་སུ་མ་མཆིས་པས། །སྐད་ཅིག་གཅིག་ལ་ཆོས་རྣམས་ཐུགས་སུ་ཆུད། །ཟུར་སྟོན་ཆེན་པོ་བྱམས་པ་སེང་གེ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །སྦྱངས་པ་མཐར་ཕྱིན་ཏིང་འཛིན་གདིང་དང་ལྡན། །འཁོར་བའི་སྐྱོན་སྤངས་རང་བཞིན་རྣལ་འབྱོར་མ། །མ་གཅིག་ཟུར་མོ་མཁས་བཙུན་སངས་རྒྱས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །མཁས་གྲུབ་རིག་འཛིན་རྒྱ་མཚོའི་གཙུག་གི་རྒྱན། །རིམ་གཉིས་བསྟན་པའི་རྒྱལ་མཚན་སྲིད་མཐར་བསྒྲེངས། །འཇམ་དབྱངས་སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཡོངས་རྫོགས་བསྟན་པའི་མངའ་བདག་དགེ་བའི་བཤེས། །འཆད་རྩོད་རྩོམ་པས་བསྟན་པ་ཕྱོགས་བཅུར་སྤེལ། །སྒྲོལ་ཆེན་ཆོས་རྗེ་སངས་རྒྱས་རིན་ཆེན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི། །ཏིང་འཛིན་དགོངས་པས་ཉིན་མཚན་དུས་འདའ་བ། །ཤངས་མདའི་རྒྱལ་སྲས་རྡོ་རྗེ་ཐུགས་མཆོག་རྩལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཐུབ་བསྟན་ཡོངས་སུ་རྫོགས་པའི་དགེ་བའི་བཤེས། །བརྒྱ་ཕྲག་ཏིང་འཛིན་སྒོ་ལ་དབང་འབྱོར་བ། །ཀུན་མཁྱེན་གྲུབ་མཆོག་གྲགས་པ་དཔལ་འབྱོར་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཐོས་བསམ་སྒྲོ་འདོགས་ཆོད་པའི་བློ་གྲོས་ཅན། །རབ་གསལ་རིག་རྩལ་འབྱོངས་པའི་ཉམས་རྟོགས་འཁྲུངས། །མཁན་ཆེན་འདྲེན་མཆོག་རྟ་ནག་ཐུབ་བསྟན་མཁན་པོ། བློ་གྲོས་རབ་ཡངས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཟབ་གསལ་ཏིང་འཛིན་སྒོ་མང་འབྱེད་པའི་མགོན། །མཁས་བཙུན་བཟང་པོས་གདུལ་བྱ་ཐར་ལམ་འདྲེན། །བླ་ཆེན་རྡོ་རྗེ་འཆང་དངོས་ཆོས་ཀྱི་རྗེ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །སྔོན་ནས་སྦྱངས་པས་བློ་གྲོས་ཕུན་སུམ་ཚོགས། །སྐྱེ་མེད་དོན་གྱི་གནས་ལུགས་མངོན་དུ་གྱུར། །ངེས་དོན་བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེང་། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །མཐའ་ཡས་ཤེས་བྱའི་གནས་རྣམས་མ་ལུས་གཟིགས། །གཞན་ཕན་བྱང་ཆུབ་སེམས་མཆོག་མངོན་དུ་གྱུར། །རྡོ་རྗེ་ཐེག་པའི་བསྟན་འཛིན་འཇིག་རྟེན་མིག །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །དམ་པས་རྗེས་བཟུང་སྙིང་པོའི་ལམ་ལ་ཞུགས། །གསུང་རབ་རྒྱ་མཚོའི་ལུང་གི་ཐོས་པས་ཕྱུག །སྙིང་སྟོབས་གྲུབ་པའི་དཔའ་བོ་རྡོ་རྗེ་འཛིན། །རིག་འཛིན་ཕྲིན་ལས་ལྷུན་གྲུབ། མཆན། གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཀ་དག་རང་རིག་དངོས་འཛིན་འཆིང་བ་གྲོལ། །བདེ་ཆེན་འགྱུར་མེད་མཆོག་གི་དངོས་གྲུབ་བརྙེས། །སྙིགས་དུས་འགྲོ་བའི་སྐྱབས་གཅིག་རྡོ་རྗེ་འཛིན། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །འདི་ཡན་ཤྭ་ལོ་ཀ་བཞི་བཛྲཱ་ཀྵ་རས་སོ། །སྨིན་གྲོལ་རྒྱ་མཚོའི་གླིང་དུ་ཐོས་བརྩོན་གྲུར། །ཞུགས་ནས་གདམས་ངག་ནོར་བུའི་མཛོད་འཛིན་པ། །ངག་གི་དབང་ཕྱུག་ཆོས་དཔལ་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །རིག་འཛིན་རྒྱལ་བའི་སྲས་སུ་མངོན་བྱང་ལྔས། །ལེགས་པར་བསྐྱེད་པ་བསྟན་པ་རྒྱ་མཚོའི་སྲོག །རིན་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེར། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ལུང་རྟོགས་དམ་ཆོས་པདྨའི་དགའ་ཚལ་དུ། །བཤད་སྒྲུབ་འོད་ཟེར་ཕྲེང་བ་རྒྱས་མཛད་པའི། །བསྟན་འཛིན་ཉིན་མོར་བྱེད་པའི་མགོན་པོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །འཕགས་པའི་བཞུགས་གནས་སྒོམ་རི་དམ་པ་རུ། །ཨོ་རྒྱན་བླ་མའི་རིང་ལུགས་འཛིན་མཛད་པའི། །རྣལ་འབྱོར་དབང་ཕྱུག་དགོངས་ཀློང་ཡངས་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །རྒྱལ་ཀུན་མཁྱེན་བརྩེའི་རང་གཟུགས་འོད་སྟོང་གཟིས། །འཇིགས་ཚོགས་མུན་པ་མཐའ་དག་ལྷག་མེད་དུ། །འཇོམ་མཛད་ཐར་གླིང་སྣང་བའི་འོད་ཟེར་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཀུན་བཟང་ཆོས་སྐུའི་ཞལ་སྐྱིན་རྡོ་རྗེ་འཆང་། །གཞན་ཕན་ཐུགས་རྗེའི་མངའ་བདག་རིན་པོ་ཆེ། །སྙིགས་མའི་དུས་ཀྱི་སངས་རྒྱས་གཉིས་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །མི་འགྱུར་གཞི་དབྱིངས་ནམ་མཁའི་རྡོ་རྗེ་ལས། །ཚེ་དབང་གྲུབ་པའི་རྒྱལ་སར་མངའ་བསྒྱུར་བ། །ཐུགས་རྗེའི་རྩལ་འཆང་མཆོག་གི་སྤྲུལ་པའི་སྐུར། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །རྒྱལ་བའི་སྲས་ཀྱི་སྤྱོད་པ་ལྷུར་བླངས་ཏེ། །སྣ་ཚོགས་ཐབས་ཀྱིས་གཞན་ལ་ཕན་མཛད་པ། །མཐའ་ཡས་འགྲོ་བའི་སྐྱབས་གནས་ཆོས་ཀྱི་རྗེར། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །འདི་ཡན་ཤྭ་ལོ་ཀ་བརྒྱད་བཙུན་པ་གཞན་ཕན་པས་སོ། །འཇམ་དབྱངས་བླ་མའི་དགོངས་བརྒྱུད་འཕོས་པ་ལས། །མཁྱེན་བརྩེ་ནུས་པའི་དབང་པོ་ཐམས་ཅད་མཁྱེན། །བི་མ་ལ་དངོས་རྡོ་རྗེ་གཟི་བརྗིད་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཀུན་མཁྱེན་ཡེ་ཤེས་བློ་གྲོས་རྒྱ་མཚོའི་གཏེར། །མཐའ་ཡས་འགྲོ་ལ་སྨིན་གྲོལ་ཆར་དུ་འབེབས། །བཻ་རོ་དངོས་སྣང་པདྨ་གར་དབང་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །རྒྱལ་དབང་པདྨའི་ཕྲིན་ལས་ཕོ་ཉ་བ། །མི་འཇིགས་བྱམས་པའི་དཔལ་གྱི་འབྱུང་གནས་ཆེ། །ལང་གྲོ་དངོས་བྱོན་ནམ་མཁའི་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །འདི་ཡན་ཤྭ་ལོ་ཀ་གསུམ་ཛྙཱ་ནས་སོ། །ལས་འབྲས་བདེན་པའི་དོན་ལ་ཡིད་ཆེས་ནས། །དགེ་སྡིག་བླང་དོར་ཚུལ་བཞིན་བྱེད་པ་དང་། །འཆི་བ་སྙིང་ལ་ཟུག་པའི་བརྩོན་འགྲུས་ཀྱིས། །རང་དྲིན་རང་ལ་ཆེ་བར་བྱིན་གྱིས་རློབས། །འགྲོ་ཀུན་ཕ་མར་ཤེས་པའི་སྙིང་སྟོབས་དང་། །དམིགས་མེད་ཟུང་དུ་འཇུག་པའི་ཉམས་ལེན་གྱིས། །མྱུར་དུ་བྱང་ཆུབ་སེམས་གཉིས་འབྱོངས་ནས་ཀྱང་། །འཁོར་བ་དོང་ནས་སྤྲུགས་པར་བྱིན་གྱིས་རློབས། །ཡེ་ཤེས་སྟོན་པའི་དྲིན་ཆེན་བླ་མ་ལ། །སངས་རྒྱས་ཀུན་ལས་ལྷག་པའི་མོས་གུས་ཀྱིས། །ཉམས་རྟོགས་ཕུན་ཚོགས་རྒྱུད་ལ་སྐྱེ་བ་དང་། །གེགས་དང་གོལ་ས་ཆོད་པར་བྱིན་གྱིས་རློབས། །གང་ལྟར་སྣང་ཡང་ཐམས་ཅད་རང་གི་སེམས། །སེམས་ཉིད་གང་ཡང་མ་གྲུབ་སྟོང་པ་ཉིད། །མ་བཅོས་རྣལ་མར་འཇོག་པའི་ཉམས་ལེན་གྱིས། །འཁྲུལ་པ་རང་ཐོག་གྲོལ་བར་བྱིན་གྱིས་རློབས། །ངོ་སྤྲོད་དོན་ལ་ངེས་ཤེས་བརྟན་པོ་ཡིས། །ཡེངས་མེད་རྒྱུན་དུ་གོམས་པ་མཐར་ཕྱིན་ཏེ། །ཆུ་བོ་ལྟ་བུར་རྒྱུན་ཆད་མེད་པ་ཡི། །མཉམ་བཞག་བརྟན་པ་ཐོབ་པར་བྱིན་གྱིས་རློབས། །གང་ཤར་རང་ངོ་ཤེས་པའི་ཟབ་གནད་ཀྱིས། །རྫོགས་ཆེན་རང་སྣང་རིས་མེད་མངོན་གྱུར་ཏེ། །བྱས་ཆོས་ཐམས་ཅད་དབྱིངས་སུ་ནུབ་པ་དང་། །རང་བྱུང་ཡེ་ཤེས་འཆར་བར་བྱིན་གྱིས་རློབས། །ནམ་ཡང་བསྒོམ་མ་མྱོང་བའི་རང་བབ་གཤིས། །འདི་ལ་ཀུན་ཏུ་འབྲལ་བར་མི་བྱེད་ཅིང་། །བསྒོམ་མེད་དོན་ལ་གནས་པའི་བརྩོན་འགྲུས་ཀྱིས། །ཉིན་མཚན་ཀུན་ཏུ་འདའ་བར་བྱིན་གྱིས་རློབས། །རྒྱ་ཆེན་ཆོས་ཀྱི་ཕུང་པོ་མཐའ་ཡས་པ། །བརྒྱད་ཁྲི་བཞི་སྟོང་དག་ཏུ་བསྟན་པ་ཡང་། །འདི་དོན་རྟོགས་སླད་གསུངས་པའི་ཚུལ་རིག་སྟེ། །འབྲལ་མེད་རྩེ་གཅིག་སྐྱོང་བར་བྱིན་གྱིས་རློབས། །སེམས་ཉིད་ཡིད་བཞིན་ནོར་བུ་རིན་པོ་ཆེ། །ལས་དང་བག་ཆགས་ཉོན་མོངས་དྲི་ཕྱིས་ཏེ། །རྣམ་དག་སྐུ་བཞིའི་རྒྱལ་མཚན་རྩེར་བཀོད་ནས། །འགྲོ་ལ་འདོད་དགུའི་ཆོས་ཆར་འབེབས་པར་ཤོག །རྫོགས་པ་ཆེན་པོ་སེམས་ཕྱོགས་ཀྱི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་བྱིན་རླབས་ཀྱི་དགའ་སྟོན་ཅེས་བྱ་བ། རྗེ་བཙུན་བླ་མ་དེ་དག་ལ་མི་ཕྱེད་པ་དང་། དང་བ་དང་། འདུན་པ་སྟེ། དད་པ་གསུམ་དང་ལྡན་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས་སྦྱར་བའོ།། ༈ །།སྤྱིར་སེམས་སྡེ་ལ། པཎ་ཆེན་བི་མ་ལས་བསྒྱུར་བའི་ཕྱི་འགྱུར་བཅུ་གསུམ་དང་སེམས་སྡེ་ཉེར་གཅིག །དེ་དག་ཏུ་མ་འདུས་པའི་རྒྱུད་དང་རྒྱ་གཞུང་མཐའ་ཡས་པ་ཡོད་ཅིང་། སྔ་འགྱུར་ལྔ་ལ་སོགས་པ་བཻ་རོ་ནས་བརྒྱུད་པ་ལའང་། བརྒྱུད་ཚུལ་སྔ་ཕྱི་བར་གསུམ་བྱུང་། བོད་འདིར་བསྟན་པ་སྔ་དར་དང་། ཕྱི་དར། ཕྱི་སྐེད་བུ་སྟོན་ཐམས་ཅད་མཁྱེན་པ་དང་། ས་སྐྱའི་དཔལ་ལྡན་བླ་དམ་པའི་དུས་ཡན་ཆོད་ལ་ཤིན་ཏུ་དར། མངའ་རིས་མདོ་ཁམས་ཡན་ཆད་དུ་སོ་སོར་བརྒྱུད་ལུགས་མཐའ་ཡས་ཡོད་མོད་ཀྱང་། ཡོངས་གྲགས་ལ་རྩ་བརྒྱུད། དབུས་བརྒྱུད། དབུས་གཙང་འདྲེས་མ་དང་གསུམ་དུ་བཞག་པ་ལས། འདི་ནི་དབུས་གཙང་འདྲེས་མ་ཡིན། །བདག་གིས་ཐོས་པའི་གཙང་བརྒྱུད་ལ་ཡང་བརྒྱུད་ལུགས་བཞི་ལྔ་ཡོད་པ་ཟུར་ན་གསལ། ཡང་དབུས་གཙང་འདྲེས་མའི་བརྒྱུད་ལུགས་གཅིག་ལ་ཟུར་ཆུང་ནས་གླན་ཤཱཀྱ་བཟང་པོ། མདའ་ཤཱཀྱ་འཕེལ། རྟོགས་ལྡན་ཤཱཀྱ་སེང་གེ། ཀྱི་སྟོན་ཤཱཀ་ཡེ། མཉམ་མེད་དམ་པ་ཤཱཀ་རྒྱལ། བླ་མ་ལྷ་རྗེ་ཆེན་པོ། ཞིག་པོ་བདུད་རྩི། སངས་རྒྱས་སྨྱོན་སྟོན་བླ་མ། སྨྱོན་སྟོན་ཤཱཀ་འབུམ། སྐྱེ་མེད་དམ་པ་སངས་རྒྱས། སྐྱེས་མཆོག་སྤྲུལ་སྐུ་ཆེན་པོ། ཆོས་རྒྱལ་མངའ་རིས་པཎ་ཆེན། ཀུན་སྤངས་རི་ཁྲོད་པ། མཁན་ཆེན་མཛེས་པའི་རྒྱལ་མཚན། རྟོགས་ལྡན་ཆོས་དཔལ་བཟང་པོ། མཁན་ཆེན་བློ་གྲོས་རྟ་ནག་ཐུབ་བསྟན་གྱི་མཁན་པོ། རབ་ཡངས། བླ་ཆེན་རྡོ་རྗེ་འཆང་དབང་། དེས་བདག་ལའོ། ༼སོག་ཟློག་པ་བློ་གྲོས་རྒྱལ་མཚན།༽ དེ་མན་ཆོད་གོང་གི་གསོལ་འདེབས་ལྟར་དང་། བརྒྱུད་ཚུལ་གཞན་ཐོབ་ཡིག་ལྟར་རོ། །མངྒ་ལཾ།། །།

རྩ་བའི་རྒྱུད་ཀྱི་སྤྱི་དོན་གསལ་བར་བྱེད་པའི་ཁོག་དོན་སྣང་བའི་འོད་ཟེར། བན་དྷེ་ཤེར་འབྱུང་།

རྩ་བའི་རྒྱུད་ཀྱི་སྤྱི་དོན་གསལ་བར་བྱེད་པའི་ཁོག་དོན་སྣང་བའི་འོད་ཟེར་ཞེས་བྱ་བ་བཞུགས་སོ། །གང་ཞིག་སྲིད་དང་ཞི་བ་ལམ་གྱི་ཆོས། །སྔ་ཕྱིའི་བྱ་བྱེད་བྲལ་བར་རང་བྱུང་ཉིད། །གདོད་ནས་ལྷུན་རྫོགས་ངང་ལས་མི་གཡོ་བ། །གང་དུའང་རག་ལས་མེད་ཕྱིར་གཉིས་མེད་འདུད། །ཐར་དཀའ་སྲིད་པའི་རྒྱ་མཚོ་མཐའ་རིང་ལ། །དགག་སྒྲུབ་རྩོལ་བའི་རྦ་ལ་གཡེངས་གྱུར་པ། །གང་དེ་མི་སྤོང་རྩལ་མེད་ཐབས་མཆོག་གིས། །ཀུན་སྒྲོལ་སྟན་པའི་རྒྱལ་པོ་རིན་པོ་ཆེ། །སྨྲ་བའི་སེང་གེ་གཞུང་གི་དོན་རབ་འབྱེད། །ལེགས་རྟོགས་རིགས་པའི་གསུང་གི་དབྱངས་བསྐད་པས། །ལོག་རྟོག་བརྒྱུད་པའི་ཝ་ཚོགས་སྐྲག་བྱེད་པའི། །མི་ཕམ་དགེ་བའི་བཤེས་གཉེན་ཉི་ཕུག་པ། །བླ་མའི་ཞབས་རྡུལ་ཉི་མ་འབུམ་བདལ་བ། །བདག་བློའི་པདྨོས་འདུད་དོ་གསལ་དོན་གང་། །རྒྱུད་རྒྱལ་དགོངས་པ་ཟབ་སྒྲམ་དཔག་དཀའ་བའི། །ཁོག་དོན་གསོལ་འདེབས་དོན་དུ་ཅི་ནུས་བརྩམས། །དེ་ལ་ལུང་ཐམས་ཅད་ཀྱི་རྒྱལ་པོ་མན་ངག་ཐམས་ཅད་རྩ་བ། རྒྱུད་དང་མདོ་སྡེ་ཀུན་གྱི་སྤྱི་འགྲེལ། བསྟན་པ་ཐམས་ཅད་ཀྱི་ཡང་རྩེ། ཐེག་པ་ཐམས་ཅད་ཀྱི་སྙིང་ཁུ། བཀའ་ཐམས་ཅད་ཀྱི་འགྲེལ་པ། ལྟ་བ་ཐམས་ཅད་ཀྱི་མེ་ལོང་། རྒྱལ་བ་ཐམས་ཅད་ཀྱི་ཡུམ། ཆོས་མ་ལུས་པ་ཀུན་གྱི་མདོ། མ་རིག་པའི་མུན་པ་སེལ་བར་བྱེད་པ། ཡེ་ཤེས་ཆེན་པོའི་སྣང་བ་མཆེད་པར་བྱེད་པ། རྣམ་པར་རྟོག་པའི་དྲ་བ་འདྲལ་བར་བྱེད་པ། ཉོན་མོངས་པའི་ཕྲེང་ཐག་གཅོད་པར་བྱེད་པ། སྡུག་བསྔལ་གྱི་རྒྱ་མཚོ་འགྲོལ་བར་བྱེད་པ། མ་བཅོས་དོན་གྱི་ལུང་། སྐལ་ལྡན་ཐམས་ཅད་འབད་མེད་དུ་གྲོལ་བར་བྱེད་པའི་མདོ། བཀའ་དྲི་མ་མེད་པ། ཡིད་བཞིན་གྱི་ནོར་བུ་ཆེན་པོ་ཆེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་རྒྱུད་འདི་ལ། མཚོན་བྱ་དོན་གྱི་ཀུན་བྱེད་རྒྱལ་པོ་དང་། མཚོན་བྱེད་ཚིག་གི་ཀུན་བྱེད་རྒྱལ་པོའོ། །དང་པོ་ནི། སེམས་ཅན་རང་རང་གི་རིག་པ་བྱང་ཆུབ་ཀྱི་སེམས་གནས་ལུགས་རྒྱུ་རྐྱེན་གྱིས་མ་བསྐྱེད་པ་མཉམ་པ་ཉིད་ཀྱི་ཕྱོགས་རིས་ལས་གྲོལ་བའི་སྟོང་གསལ་ནམ་མཁའ་ལྟ་བུ། ད་ལྟའི་ཤེས་རིག་ཝ་ལེ་ཁྱུག་གེ་བ་འདི་ཉིད་དོ། །འདི་ཉིད་ཡེ་གདོད་མ་ནས་རང་ལ་རང་ཆས་སུ་སྒྲུབ་ཏུ་གནས་ཀྱང་། ངོ་མ་ཤེས་ཀྱི་རྟོག་པས་སྒྲིབས་འཁྲུལ་བས་ང་བདག་ཏུ་བཟུང་རིགས་དྲུག་སྡུག་བསྔལ་གྱི་སྣང་བ་གཉིས་འཛིན་དུ་འཁྲུལ་པ་འདི་ལ་མཚོན་བྱེད་ཚིག་གི་ཀུན་བྱེད་རྒྱལ་པོ་མདོ་ལུང་བརྒྱད་ཅུ་རྩ་བཞི་པའི་བདག་ཉིད་ཅན་འདིས་མཚོན་ཅིང་གཏན་ལ་འབེབས་པར་བྱེད་པ་ལ་སྤྱི་དོན་གསུམ་སྟེ། དང་པོ་དོན་གྱི་ཁོག་དབུབ་པ་དང་། བར་དུ་དཀྱུས་ཀྱི་ས་བཅད་པ་དང་། ཐ་མ་ཚིག་གི་འབྲུ་གཞོམ་པའོ། །དང་པོ་ལ་གཉིས་ཏེ་བསྟན་པ་སྤྱི་ལྟར་ཁོག་དབུག་པ་དང་། རྒྱུད་འདི་ཉིད་ཀྱི་གནས་ཚུལ་ལོ། །དང་པོ་ལྔ་སྟེ། བགྲང་ངོ་དེ་ཡང་གསུམ་དུ་འདུད་དེ་གནས་ལུགས་འཁྲུལ་ལུགས་འཁྲུལ་བ་ཟློག་ཐབས་སོ། །དེ་ལས་དང་པོ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་རང་བྱུང་གི་ཡེ་ཤེས་སུ་སངས་རྒྱས་པར་བསྟན་པ་ནི། འདི་ཉིད་ཀྱི་ཞེ་གཉིས་པ་ལས། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཁོ་ནར་སངས་རྒྱས་པ་འདི་གསུངས་སོ། །ཞེས་པ་དང་། ཡང་གསུམ་པ་ལས། འདོད་པའི་ཁམས་ཀྱི་རང་བྱུང་ཡེ་ཤེས་ཡིན། །གཟུགས་ཀྱི་ཁམས་ཀྱང་རང་བྱུང་ཡེ་ཤེས་ཡིན། །གཟུགས་མེད་ཁམས་ཀྱང་རང་བྱུང་ཡེ་ཤེས་ཡིན། །ཀུན་བྱེད་རྒྱལ་པོ་ང་ཡིས་བྱེད་པའི་ཕྱིར། །ང་བྱས་ཐམས་ཅད་ཡེ་ཤེས་ངོ་བོར་བཤད། །ཅེས་པ་དང་། ཡང་བཞི་བཅུ་པ་ལས། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །རིག་འཛིན་བྱང་ཆུབ་སེམས་དཔའ་དང་། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན། །རྩོལ་དང་སྒྲུབ་པ་མ་བྱས་པར། །ཡེ་ནས་སངས་རྒྱས་ལུང་བསྟན་པས། །ཞེས་པ་དང་། ཡེ་ཤེས་གསང་བ་ལས། འཁོར་བའི་ཆོས་དང་འདས་པའི་ཆོས། །ཐམས་ཅད་རང་བྱུང་ཡེ་ཤེས་སུ། །དབྱེར་མེད་ངང་དུ་ཡེ་སངས་རྒྱས། །དེ་ལ་དགག་སྒྲུབ་ཅི་ཡང་མེད། །ཅེས་པ་ལ་སོགས་པ་གསུངས་པས་འཁོར་བ་དང་འདས་པ་ལམ་གྱིས་བསྡུས་པའི་ཆོས་ཐམས་ཅད་སྣང་བ་དང་སྟོང་པ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་རྒྱུ་རྐྱེན་ལ་རག་མ་ལས་ཤིང་སྒྲིབ་གཡོགས་དང་བྲལ་བའི་ངང་དུ་ཡེ་ནས་སངས་རྒྱས་པའོ། །དེ་ཡང་རང་གི་ཡེ་ཤེས་དེ་ལ། སྤྱི་མདོ་ལས། འདི་དག་རེས་འགའ་ཆ་བཞི་སྟེ། །གང་དུ་དགོས་པ་གང་ངེས་པ། །ངོ་བོ་དམིགས་དང་བཅས་པའོ། །ཞེས་པས། གསང་སྔགས་ཀྱི་སྤྱི་ཐེམས་ཆེན་པོ་བཞི་འཆད་དེ། གང་ཞེ་ན། ངོ་བོ་དང་། ངེས་ཚིག་དང་། དམིགས་གཟུང་བའོ། །དང་པོ་ལ་གཉིས་ཏེ། གཞན་སེལ་དང་། དོན་གཉེར་རོ། །དང་པོ་ནི། སྣང་བ་ལ་སྐྱོན་དུ་ལྟ་འདི་ཆོས་ཉིད་དང་སངས་རྒྱས་གཞན་དུ་ཚོལ་བའི་ཞེན་པ་ཁྲོལ་བ་གཞན་སེལ་བ་སྟེ། བཅོ་ལྔ་པ་ལས། ཡིན་པའི་ངོ་བོ་སྣང་བ་འདི་ཡིན་ཏེ། །འདི་མིན་སྙམ་པའི་རྒྱུ་འབྲས་ཐེག་ཆེན་ལས། །སྤོངས་འགེགས་སྦྱོང་བ་བྱིན་རླབས་སྣ་ཚོགས་ཀྱིས། །རང་སེམས་ཆོས་ཉིད་བྱ་མེད་དེ་ལས་གོལ། །རང་གམ་བཞག་ནས་གཞན་མ་རྒྱང་དུ་ཚོལ། །བྱ་མེད་བདེ་བོར་རྩོལ་བ་དང་དུ་ལེན། །ཚི་ཆད་པ་ཡི་ནང་དུ་དེ་ལས་མེད། །ཅེས་པའོ། །གཉིས་པ་དོན་གཉེར་བ་ནི། ཅིར་སྣང་རང་བྱུང་ཡེ་ཤེས་རྟོགས་པས་ཆོས་ཉིད་དང་སངས་རྒྱས་གཞན་དུ་ཚོལ་བའི་རྩོལ་བ་ལས་གྲོལ་བ་རྩིག་གཉེར་བའོ། །དེ་ཡང་བཅུ་གསུམ་པ་ལས། དགོས་ནི་ཁམས་གསུམ་སེམས་ཅན་ཀུན། །རང་སེམས་དེ་བཞིན་ཉིད་དེ་མཐོང་གྱུར་ན། །སངས་རྒྱས་ཚིག་གི་ས་ལ་མི་གནས་ཏེ། །ད་ལྟ་ཉིད་ནས་ཤིན་ཏུ་རྣལ་འབྱོར་ཐོབ། །ཅེས་སོ། །གཉིས་པ་ངོ་བོ་ནི། གཉིས་མེད་ཡེ་ཤེས་ཆེན་པོའོ། །ང་གཉིས་པ་ལས། ཀྱེ་སེམས་དཔའ་ཆེན་པོ་གཅིག་ལ་གཉིས་དུ་མ་འབྱེད་ཅིག །བདེ་བ་སྡུག་བསྔལ་བྱང་ཆུབ་གཅིག །སངས་རྒྱས་སེམས་ཅན་གཉིས་སུ་གཅིག །ཅེས་པ་ནས། ཀུན་གསལ་དེ་ལ་རྟོག་མེད་པས། །དེ་ནི་རང་བྱུང་ཡེ་ཤེས་ཡིན། །ཞེས་སོ། །རང་གི་ཤེས་རྒྱུད་ལ་སྦྱར་ན་ཐ་མལ་གྱི་ཤེས་པ་འདི་ཉིད་དོ། །གཉིས་པ་ལས། ཞེ་སྡང་རང་བྱུང་ཡེ་ཤེས་ཆེན་པོ་དང་ཞེས་པ་ལ་སོགས་པས་གསལ་ལོ། །གསུམ་པ་ངེས་ཚིག་ནི། སེམས་ཉིད་ལ་རྒྱུ་རྐྱེན་གྱིས་མ་བསྐྱེད་ཅིང་འགག་པ་མེད་པའམ་སྒྲིབ་གཡོག་མེད་པའོ། །གསུམ་པ་ལས། རང་བྱུང་རྒྱུ་རྐྱེན་མེད་པར་བྱུང་བ་ཡིན། །ཡེ་ཤེས་འགག་པ་མེད་པར་གསལ་བ་ཡིན། །ཞེས་པ་དང་། གྱ་བཞི་པ་ལས། ཀྱེ་མ་བྱས་གདོད་ནས་གྲུབ་པའི་ཆོས་ཉིད་ལ། རྒྱུ་དང་རྐྱེན་མེད་བརྩལ་མེད་སྙིང་པོ་ནི། མ་སྒྲིབས་ཀུན་ལ་ཕྱོགས་རིས་མེད་གསལ་བས། །རང་བྱུང་ཡེ་ཤེས་ཞེས་སུ་བསྟན་པ་ཡིན། །ཞེས་སོ། །བཞི་པ་དམིགས་བཟུང་བ་གསུམ་སྟེ། བགྲང་། དང་པོ་གཏན་ཚིགས་ཀྱི་གཏན་ལ་ཕབ་སྟེ་དོན་གྱི་དམིགས་བཟུང་བ་ནི། ཡེ་ཤེས་གསང་བ་ལྟར་ན། ངང་རང་བཞིན་བདག་ཉིད་ཆེན་པོ་གསུམ་གྱིས་གཏན་ལ་དབབ་སྟེ་ངང་གི་གཏན་ཚིགས་ཀྱིས་ཆོས་ཐམས་ཅད་ངོས་བཟུང་དང་བྲལ་བར་གསལ་བ། རང་བཞིན་གྱི་ཧེ་དུས་འཛིན་མེད་ཀྱི་རིག་པ་དེ་ཉིད་ཅིར་ཡང་སྣང་བ། བདག་ཉིད་ཆེན་པོའི་ཧེ་དུས་ཐ་མི་དད་དེ་གཉིས་མེད་ཀྱི་རང་བྱུང་ཡེ་ཤེས་སུ་གཏན་ལ་དབབ་པའོ། །དེ་ཡང་དེ་ཉིད་ལས། ཡེ་ཤེས་གསང་བའི་རང་བཞིན་ནི། །ཧེ་དུ་གསུམ་གྱིས་ཤེས་པར་བྱ། །ངང་གི་རིག་པ་གསལ་བ་ལ། །རང་བཞིན་རིག་པ་ཅིར་ཡང་སྣང་། །བདག་ཉིད་སྣང་སྟོང་ཐ་དད་མེད། །དེ་ཡང་སྐྱེ་བ་མེད་པའི་ངོས་ནས་འཁོར་བ་ལམ་དུ་ངོས་ཤིང་བཟུང་དུ་མེད་དེ་ཆོས་ཐམས་ཅད་འདི་ཕྱིར་ན་འདི་ཡིན་ངེས་བཟུང་དང་བྲལ་བར་བཏག་ལ་དབལ་རང་བཞིན་འགག་མེད་ཀྱི་ངོས་ནས་འཁོར་བ་ལམ་དགུ་འདུ་རང་སྣང་སྟེ་སྐྱེ་མེད་ཉིད་ཐམས་ཅད་དུ་མ་འགག་པར་རང་སྣང་བར་དབབ། བདག་ཉིད་ཆེན་པོའི་ངོས་ནས་དེ་གཉིས་གཉིས་སུ་མེད་དེ་རང་ཡེ་ནས་སེམས་ཉིད་སྣང་སྟོང་གཉིས་མེད་གཅིག་ཏུ་གཏན་ལ་དབབ་ཅིང་དམིགས་བཟུང་ངོ་། །ཞེས་སོ། །འདི་ཉིད་ལྟར་ན་བྱང་ཆུབ་སེམས་ཀྱི་ཧེ་དུས་སྐྱེ་འགག་དབྱེར་མེད་དུ་གཏན་དབབ་སྟེ། ཞེ་ལྔ་པ་ལས། བྱང་པ་གཟུང་དུ་ཡོད་པ་མ་ཡིན་ལ། །ཆུབ་པ་ཀུན་གྱི་སྙིང་པོས་སྙིང་པོར་ཆུབ། །སེམས་ནི་རང་བྱུང་ཡེ་ཤེས་ཀུན་ཏུ་སེམས། །ཞེས་པ་ལ་སོགས་པའོ། །གཉིས་པ་རྣམ་གྲངས་རྣམ་པར་ཕྱེ་སྟེ་དམིགས་གཟུང་བ་ནི་གཉིས། ཐེག་པ་ཐུན་མོང་གི་ཡེ་ཤེས་གཞན་དབང་དུ་བསྟན་པ་དང་། ཨ་ཏི་ཐུན་མོང་མིན་པའི་ཡེ་ཤེས་རང་འབྱུང་ཡེ་ཤེས་སུ་བསྟན་པའོ། །དང་པོ་ནི། རྒྱུ་འབྲས་ཀྱི་ཐེག་པ་བ་རྣམས་ལ་རང་རང་གི་གཞུང་གི་ཡེ་ཤེས་རེ་ཡོད་པ་དེ་ཡིན་ཏེ་དེ་དག་ཡུལ་ཤེས་བྱ་ཆོས་ཀྱི་དབྱིངས་རེ་ལ་ཤེས་བྱེད་རིག་པའི་ཡེ་ཤེས་རེ་དམིགས་ནས་སྐྱེ་བས་རིག་བྱེད་ཀྱི་ཡེ་ཤེས་ཞེས་བྱ་སྟེ། ལྔ་བཅུ་པ་ལས། འཁོར་གྱི་སྟོན་པའི་ཡེ་ཤེས་ཉིད། །ཡུལ་ལ་རྟོག་པའི་ཡེ་ཤེས་ཏེ། །གང་སུ་ཡུལ་ལ་རྟོག་བྱེད་པ། །དེ་ནི་རིག་བྱེད་ཡེ་ཤེས་ཡིན། །ཞེས་སོ། །དེ་བས་དེ་དག་རང་འབྱུང་གི་ཡེ་ཤེས་མ་ཡིན་ཏེ། དེ་ཉིད་ལས། ཡུལ་ལ་རྟོག་པའི་ཡེ་ཤེས་དེ། །ཡུལ་ལས་བྱུང་བས་རང་བྱུང་མིན། །ཡུལ་མེད་ཙལ་ན་གསལ་མི་བྱེད། །ཅེས་པ་དང་། ཡང་། རང་འབྱུང་ཡེ་ཤེས་གཅིག་ལས་མེད་པ་ལ། ང་ལས་བྱུང་བའི་འཁོར་གྱི་སྟོན་པ་ཡིས། །ཡུལ་ལ་བརྟེན་ནས་ཡེ་ཤེས་མི་བཏགས་པ། །རྣམ་པ་གྲངས་ཀྱི་ཡེ་ཤེས་བྱུང་བ་ནི། །རྣམ་པ་བཏགས་པའི་ཡེ་ཤེས་གཅིག་གིས་ནི། །ཡུལ་གཅིག་རང་བཞིན་སོ་སོར་སྣང་བ་ལ། །ཡུལ་ཅན་ལ་ནི་ཡུལ་གྱིས་མིང་བཏགས་པ། །དེ་ནི་ངེས་པ་མ་ཡིན་འཁྲུལ་པས་བཏག །ཀུན་བྱེད་རང་བྱུང་ཡེ་ཤེས་མིན། །ཞེས་སོ། །གཉིས་པ་ཨ་ཏི་ཐུན་མོང་མ་ཡིན་པའི་རང་འབྱུང་ཡེ་ཤེས་སུ་བསྟན་པ་ནི། ཤེས་བྱ་ཆོས་ཀྱི་དབྱིངས་ལ་ཤེས་བྱེད་རིག་པའི་ཡེ་ཤེས་དམིགས་ནས་སྐྱེས་པ་མ་ཡིན་ཏེ། ཡེ་ནས་ཡུལ་ཤེས་དབྱེར་མེད་དུ་གསལ་བས་རང་འབྱུང་ཡེ་ཤེས་སོ། །དེ་ཉིད་ལས། ཡུལ་དེ་ཡེ་ནས་ཡེ་ཤེས་ཡིན་པའི་ཕྱིར། །ཡུལ་དང་ཡེ་ཤེས་གཉིས་སུ་ངས་མ་བསྟན། །དེས་ན་ཡུལ་ཡང་རང་བྱུང་ཡིན། །ཞེས་སོ། །གསུམ་པ་གོལ་སྒྲིབ་གདར་ཤ་གཅད་དེ་དམིགས་བཟུང་བ་ནི། དེ་ལྟར་ཐེག་པ་ཐུན་མོང་གི་ཡེ་ཤེས་དེ་དག་རང་གི་ཕྱོགས་མཐོང་ལ་ཇི་བཞིན་པར་བཟུང་ནས་རང་འབྱུང་གི་ཡེ་ཤེས་ཕྱོགས་མེད་ལྷུན་གྲུབ་ལས་གོལ་ཞིང་དེ་མ་མཐོང་བས་སྒྲིབས་ཏེ། ང་ལྔ་པ་ལས། རང་འབྱུང་ཡེ་ཤེས་ཆོས་ཉིད་ཡུལ་གཅིག་ལ། ། ཆོས་གཞན་མཐོང་ནས་ཡེ་ཤེས་དེ་སྤོང་བྱེད། །རང་འབྱུང་ཡེ་ཤེས་དེ་དང་འཕྲད་མི་འགྱུར། །སྤོང་འགེགས་ཡུལ་ཅན་དག་ལ་མིང་མི་གྲགས། །ཞེས་པ་དང་། སུམ་ཅུ་པ་ལས། ཀུན་གྱི་མཉམ་ཉིད་ཡིན་པ་ལ། །ཕྱོགས་སུ་བལྟས་པས་གྲུབ་པ་མེད། །ཅེས་པ་ལ་སོགས་པས་གསལ་ལོ། །དེ་ཡང་གོལ་སྒྲིབ་དེ་དག་རང་གི་བློའི་སྟེང་དུ་གདར་ཤ་བཅད་ནས་ཨ་ཏི་རང་འབྱུང་ཡེ་ཤེས་གཤིས་ཇི་བཞིན་པ་གཅིག་ཏུ་དམིགས་འཛིན་པའོ། །སུམ་ཅུ་པ་ལས། ད་ལྟའི་བདེ་དང་ཕྱི་མའི་བདེ། །མངོན་སུམ་པ་དང་རྒྱབ་ནས་འབྱུང་། །དེ་ཡང་རྣམ་པའི་སྐྱོན་ཡིན་པས། །དེ་ལ་བརྟེན་པར་མི་བྱའོ། །ཞེས་པ་དང་། དོན་དགུ་པ་ལས། ཀུན་བྱེད་རྒྱལ་པོས་འཁོར་ལ་ལུང་བསྟན་པ། །ཡེ་ཤེས་སྒྲིབས་མེད་གསལ་བའི་དོན་དུ་བསྟན། །རང་འབྱུང་རྒྱུ་རྐྱེན་མེད་པའི་སྙིང་པོར་གནས། །རྟོག་པ་སྒྲོ་སྐུར་འདས་པའི་དགོངས་པ་ཡིན། །ཞེས་སོ། །འོ་ན་གཤིས་དེ་དབྱེར་མེད་ལ་ཡེ་སངས་རྒྱས་པར་བརྗོད་པ་ཅི་ཞེ་ན། དེ་ནི་དགོས་དགོངས་ཀྱི་བརྗོད་པ་སྟེ་རྒྱུ་ཐེག་པ་སེམས་ཉིད་སངས་རྒྱས་ཀྱི་རྒྱུར་འདོད་ཅིང་སངས་རྒྱས་གཞན་དུ་ཚོལ་བའི་ཞེན་པ་དགྲོལ་བའི་ཆེད་དུ། ངོ་བོ་ལ་སྐྱེད་བོགས་དབྱུང་དུ་མེད་པ་ལ་དགོངས་ནས་ཡེ་སངས་རྒྱས་པར་བཤད་དུ་ཟད་ཀྱིས། གནས་ལུགས་སངས་རྒྱས་སེམས་ཅན་སོགས་དབྱེར་མེད་ཅིང་གང་གིས་ཕྱོགས་སུ་ལྟུང་བ་མེད་དོ། །དེ་ནི་རང་བཞིན་གན ས་ལུགས་ཀྱི་རྫོགས་པ་ཆེན་པོ་ཞེས་ཀྱང་བྱ། གཞི་རྫོགས་པ་ཆེན་པོ་ཞེས་ཀྱང་བྱ་སྟེ་དངོས་པོ་རྣམས་ཀྱི་གནས་ལུགས། ཤེས་བྱ་རྣམས་ཀྱི་གཤིས་སམ་འདུག་ཚུལ་ལོ། །སྤྱི་དོན་གཉིས་པ། དེ་ལྟར་སངས་རྒྱས་ཀྱང་ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱིས་རྒྱུ་མཚན་གསུམ་གྱི་སྒོ་ནས་མ་རྟོགས་ཏེ་འཁྲུལ་པའི་ཚུལ་བསྟན་པ་ནི། གཞན་དག་ལས། གཉིས་མེད་ངང་དུ་ཡེ་ནས་སངས་རྒྱས་ཀྱང་། །ལས་དང་ཉོན་མོངས་མ་རིག་རྒྱུ་གཉིས་ཀྱིས། །དུས་གསུམ་རྒྱུན་དུ་འཁྲུལ་བའི་སྤྱོད་ཡུལ་སྣང་། །ཞེས་པ་དང་། རེ་གཉིས་པ་ལས། ཡེ་ནས་སངས་རྒྱས་པའི་བདག་ཉིད་མངོན་སུམ་གནས་པ་ལ་གྲིབ་མ་གཟུགས་ཀྱི་དཔེ་བཞིན་དེ་ལ་རྟོག་པ་འབྱུང་། ཞེས་པས། རྒྱུ་མཚན་གསུམ་གྱིས་འཁྲུལ་ཏེ། ལྷན་ཅིག་སྐྱེས་པའི་མ་རིག་པས་ཡེ་སངས་རྒྱས་པ་ཡིན་པ་ལ་ཡིན་པར་ངོ་མ་ཤེས་པ་དང་། ཀུན་ཏུ་རྟགས་པའི་མ་རིག་པས་དེར་མ་ཟད་ཕྱིན་ཅི་ལོག་ཏུ་བརྟགས་པ་དང་། ཡང་དག་པའི་ལམ་དང་བྲལ་བས་མ་རྟོགས་དེ་འཁྲུལ་པའོ། །དེ་ཡང་། དཔེར་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་གཅིག་ལ་སྲས་རྒྱལ་ས་ཟིན་པ་གཅིག་ཡོད་པ་ལ། ཡང་རྒྱལ་བུ་གཅིག་མཐོང་བས། རྒྱལ་མི་མཆེད་རྗེ་མི་སྤུན་བྱ་བ་ཡིན་གསུངས་ནས། རྒྱལ་བུ་དེའི་བླ་གཡས་པ་ལ་བཙད་ཀྱི་མེ་བཙའ་པན་ལྟ་བུ་གཅིག་བཏབ་ཀྱང་ཟེར། ཡང་ན་གསེར་གྱི་གཡུང་དྲུང་རིས་གཅིག་བཏབ། ཕྲག་གོང་གཡས་གཡོན་དུ་ཉི་ཟླའི་གཟུགས་བརྙན་བཀོད་ནས་ནང་བློན་པ་གློ་བ་ཉེ་བ་གཅིག་ལ་བསྐུར་ནས་རྒྱལ་ཁམས་ཐག་རིང་གཅིག་ཏུ་སྤྲུགས་པས་དང་པོ་རང་ཉིད་རྒྱལ་བུ་ཡིན་པ་ལ་ཡིན་པར་ངོ་མ་ཤེས་པ་དང་འདྲ་བར། ལྷན་ཅིག་སྐྱེས་པའི་མ་རིག་པས་ཡེ་སངས་རྒྱས་པ་ཡིན་པ་ལ་ཡིན་པར་ངོ་མ་ཤེས་པ་སྟེ། སོ་དྲུག་པ་ལས། རྒྱུད་དྲུག་གནས་པའི་སེམས་ཅན་ཐམས་ཅད་ཀྱིས། རང་གི་རང་བཞིན་རང་གིས་ངོ་མ་ཤེས། ཞེས་པ་དང་། བཅུ་གཉིས་པ་ལས། བྱང་ཆུབ་དེ་བཞིན་ཉིད་དུ་མ་རིག་སྟེ། །མ་རིག་རྟོག་པའི་མུན་པ་འཐིབས་པ་ལ། །ཞེས་པ་དང་། ནམ་མཁའ་དང་མཉམ་པའི་རྒྱུད་ལས། འཁོར་བ་ཐོག་མ་མེད་པ་ནས། །ལྷན་ཅིག་སྐྱེས་པའི་མ་རིག་པས། །ཀུན་ནས་སློང་བའི་ས་བོན་བྱས། །ཞེས་སོ། །གཉིས་པ་ཀུན་ཏུ་བརྟགས་པའི་མ་རིག་པ་ནི། དཔེར་ན་རྒྱལ་བུ་དེས་ངོ་མ་ཤེས་ཀྱིས་མི་མོད་དེ་རང་ཉིད་དམངས་མ་ཡིན་པ་ལ་དམངས་སུ་སྒྲོ་བཏགས་པ་ལྟར་ལྷན་སྐྱེས་ཀྱིས་ངོ་མ་ཤེས་ཀྱིས་མི་མོད་དེ་ཀུན་ཏུ་བརྟགས་པའི་མ་རིགས་པས་རང་རིག་ལ་བདག་ཏུ་སྒྲོ་བཏགས། རང་སྣང་ལ་བདག་དང་བདག་གི་དང་གཞན་དུ་སྒྲོ་བརྟགས་ཏེ་བདག་ལས་གཞན་འདྲ་གཅིག་ལས་གཉིས་འཛིན་དུ་འཁྲུལ་བའོ། །དེ་ཡང་བདུན་པ་ལས། མ་རིག་ལོག་རྟོག་གཟུང་འཛིན་གྱིས། །ཡུལ་དྲུག་ཆོས་ལ་ངེས་བརྟགས་པས། །འཇིག་པ་དྲུག་དང་རྟེན་པ་དྲུག །འཇིག་རྟེན་ཞེས་སུ་བཤད་པ་ཡིན། །ཞེས་པ་དང་། ཡེ་ཤེས་གསང་བ་ལས། སྣང་མེད་བདེ་ཆེན་རང་སྣང་ལས། །བརྟག་པའི་སྣང་བས་གཉིས་སུ་མཐོང་། །ཞེས་པ་དང་། ནམ་མཁའ་མཉམ་པ་ལས། ལས་དང་ཉོན་མོངས་རྐྱེན་བྱས་ནས། །ཀུན་བརྟགས་མ་རིག་པ་ཡིས་འཁོར། །ཞེས་སོ། །གསུམ་པ་ཡང་དག་པའི་ལམ་དང་བྲལ་བ་ནི། དཔེར་ན་རྒྱལ་བུ་རྐང་འཁྱམས་དེ་ལ་ཁྱོད་རྒྱལ་པོའི་སྲས་ཡིན་ཡབ་མེས་དང་མངའ་ཐང་དང་ཆབ་སྲིད་འདི་ཡིན་ནོ་ཞེས་ལོ་རྒྱུས་སྐོད་མཁན་མེད་པས་ཀྱང་ངོ་མ་ཤེས་ཏེ་རྒྱལ་བུ་དམངས་སུ་འཁྱམས་པ་ལྟར། མ་རིག་པ་གཉིས་ཀྱིས་སྒྲིབས་པ་དེ་ལ་ཡང་དག་པའི་ལམ་དང་བྲལ་བས་ཀྱང་ངོ་མ་ཤེས་ཏེ་འཁྲུལ་བའོ། །དེ་ཡང་ཁུ་བྱུག་གི་རྒྱུད་ལས། སོ་སོའི་སྐྱེ་བོས་མི་ཤེས་པ། །ཤེས་པ་གསུམ་པོ་སྤངས་པའི་ཕྱིར། །སྐུ་གསུམ་ལས་ནི་རིང་དུ་གྱུར། །ཞེས་སོ། །འོ་ན་ཡང་དག་པའི་ལམ་རང་གང་ཡིན་ཞེ་ན། གོང་ལྟར་ཤེས་པར་གསུམ་ཡིན་ལ། འདི་ཉིད་ཀྱི་གསུམ་པ་ལྟར་ན་ཡང་དག་པའི་དུག་ལྔ་ལ་བཞག་སྟེ། འདི་སྐད་དུ། སྐུ་གསུམ་སྟོན་པ་དེའི་འཁོར་རྣམས་ལ། །རྣམ་པར་ཐར་པའི་ལམ་ནི་རྣམ་ལྔ་སྟེ། །དུས་གསུམ་སངས་རྒྱས་ཀུན་གྱི་ལམ་དུ་བསྟན། །རང་བྱུང་ཡེ་ཤེས་ལྔ་ཡི་ལམ་ལྔ་ནི། །འདོད་ཆགས་དང་ནི་ཞེ་སྡང་གཏི་མུག་དང་། །ང་རྒྱལ་དང་ནི་ཕྲག་དོག་རྣམ་ལྔ་སྟེ། །རང་བྱུང་ཡེ་ཤེས་རྣམ་ལྔ་ཀུན་གྱི་ལམ། །ཞེས་སོ། །དེ་རང་ཇི་ལྟར་ཞེ་ན། ཡང་དེ་ཉིད་ལས། འདོད་པ་ཆོས་རྣམས་བདག་ཏུ་འདོད་པ་ཡིན། །ཆགས་པ་བདག་ཏུ་འདོད་པ་དེ་ལ་ཆགས། །ཞེ་བ་སྐྱེ་བ་མེད་པའི་རང་བཞིན་ལས། །སྡང་བ་ཆོ་འཕྲུལ་སྣ་ཚོགས་དེ་ལ་སྡང་། །གཏི་མུག་མི་རྟོག་པ་ཡི་ཏིང་འཛིན་གྱིས། །ཆོས་ཉིད་མཉམ་པ་ཉིད་ལ་དབྱེ་བསལ་མེད། །ང་ནི་མ་ནོར་བ་ཡི་བྱང་ཆུབ་སེམས། །དེ་བཞིན་ཉིད་དུ་ཡེ་ནས་རྒྱལ་བར་བྱེད། །ཐམས་ཅད་དེ་བཞིན་ཉིད་དུ་གཅིག་པ་ལ། །ཡིན་མིན་སྒྲོ་སྐུར་འདེབས་ལ་ཕྲག་དོག་བྱེད། །ཅེས་པས། དོན་ཆོས་ཉིད་རྟོག་པ་དང་འདུ་འབྲལ་མེད་པའི་ཡང་དག་པའི་འདོད་ཆགས། གཉིས་མེད་རྟོག་པས་མཚན་མ་སྣ་ཚོགས་ལ་སྡང་བའི་ཞེ་སྡང་། ཆོས་ཉིད་མཉམ་པ་ཉིད་ཀྱི་ངང་ལ་གང་ཡང་དབྱེ་བསལ་མེད་པའི་གཏི་མུག །དེ་བཞིན་ཉིད་རྟོག་པ་ལས་གཞན་དུ་མི་འགྱུར་བའི་ང་རྒྱལ། ལྟ་སྤྱོད་དམན་པ་འདིའི་ཁོག་ཏུ་མི་ཚུད་པའི་ཕྲག་དོག་ལྔ་པོ་དེ་ཡང་དག་པའི་ལྟ་སྣོལ་ཡིན་པ་དང་བྲལ་ནས་ཕྱི་སྲིད་པ་དང་སྲིད་པའི་ཡོ་བྱད་ལ་ཚ་ལ་དང་གར་སྤྱིན་ལྟར་ལྷག་པར་ཞེན་ཅིང་ཆགས་པའི་འདོད་ཆགས་ལ་སོགས་པའི་ལོག་པའི་དུག་ལྔ་ལ་སྤྱད་པས་འཁོར་བར་འཁྱམས་པས་སྡུག་བསྔལ་གྱི་ཉམ་ཐག་པ་སྟེ། ང་ལྔ་པ་ལས། དམྱལ་བ་ལ་སོགས་འགྲོ་བ་རིས་དྲུག་གིས། །ཆ་གྲང་བཀྲེས་སྐོམ་གླེན་ལྐུགས་ལྟུང་འགྱུར་རྣམས། །ཞེས་པ་དང་། བཤད་རྒྱུད་ལས། རྐམ་ཆགས་ལྔ་ཡི་རྣམ་སྨིན་གྱིས། །ལམ་སྒོར་ལྔ་རུ་ཞུགས་ཕྱིན་ནས། །མི་བདེ་སྡུག་བསྔལ་ལྔ་ལ་སྤྱོད། །ཅེས་སོ། གསུམ་པ་དེ་ལྟར་སྡུག་བསྔལ་གྱིས་ཉམ་ཐག་པ་དེ་དག་རྒྱལ་བ་ཀུན་ཏུ་བཟང་པོའི་ཐུགས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས་པའི་ཚུལ་ནི། བཤད་རྒྱུད་ལས། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེས་འཁོར་རྣམས་ཡོངས་སུ་འདུན་པ་དེ་གཟིགས་ནས། ཞེས་པས། དེ་ལ་གསུམ་སྟེ། གཟིགས་པའི་རྒྱུ་མཚན་དང་གཟིགས་པའི་ཚུལ་དང་། བརྩད་པའི་སྐྱོན་སྤང་ངོ་། དང་པོ་ནི། གེགས་སེལ་ལས། རང་རྒྱུད་དག་པའི་རྒྱལ་བ་ཐམས་ཅད་ཀྱི། །དེ་དང་དེར་ནི་དབྱེར་མེད་དེ་ཉིད་དུ། །མངོན་བྱས་ཕྱིར་དང་ཉིད་ལས་མི་གཞན་ཕྱིར། །ཉིད་ཀྱི་ལོག་རྟོག་དག་ཕྱིར་ཐམས་ཅད་མཁྱེན། །ཞེས་པས། ཡེ་ཤེས་ཀྱི་དབྱིངས་ལས་མི་གཞན་པའི་དོན་མངོན་དུ་བྱས་པ་དངས། བདག་ཉིད་གཅིག་པའི་ལས་དང་ཐུགས་རྗེའི་འབྲེལ་བ་ཡོད་པ་དང་ཉིད་ཀྱི་ལོག་རྟོག་རྩ་བ་ནས་དག་པའི་ཕྱིར་གཟིགས་པའོ། །དེ་ཡང་རྒྱུད་གཞན་དག་ལས། ལོག་པར་རྟོག་བརྟགས་རྣམ་དག་ཅིང་། །ཡེ་ཤེས་དབྱིངས་ལས་མི་གཞན་ཕྱིར། །ཐུགས་རྗེ་ཆེན་པོས་འབྲེལ་བས་ན། །འགྲོ་དྲུག་དུས་གནས་མ་ལུས་སྣང་། །ཞེས་སོ། །ཚུལ་ལ་གསུམ་སྟེ། བྱང་པའི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་ཅིར་ཡང་མ་དམིགས་པར་གཟིགས་པ་དང་། ཆུབ་པའམ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱིས་ཅིར་ཡང་མ་འགག་པར་གཟིགས་པ་དང་། སེམས་སམ་དབྱེར་མེད་མཁྱེན་པའི་ཡེ་ཤེས་ཀྱིས་ཐམས་ཅད་དབྱེར་མེད་དུ་གཟིགས་པའོ། །གསུམ་པ་བརྩད་པ་སྤང་བ་ནི་གཉིས་ཏེ། སྤྱིའི་བརྩད་སྤང་དང་། བྱེ་བྲག་ཇི་སྙེད་པའི་ཡེ་ཤེས་ཀྱི་བརྩད་སྤང་ངོ་། །དང་པོ་ལ་གཉིས་ཏེ། བརྒལ་བ་དང་། ལན་ནོ། །དང་པོ་ནི། འོ་ན་རྒྱལ་བས་གདུལ་བྱ་གཟིགས་པ་དེ་ཡུལ་དུ་བྱས་ནས་གཟིགས་སམ། ཡུལ་དུ་མ་བྱས་པར་གཟིགས་སམ། ཡུལ་ཡུལ་ཅན་དབྱེར་མེད་དུ་གཟིགས། དང་པོ་ལྟར་ན། རྒྱལ་བ་གཟུང་འཛིན་ཅན་དུ་འགྱུར། །ཡུལ་དང་ཡུལ་ཅན་གཉིས་འདུས་པའི་ཕྱིར། །དཔེར་ན་མིག་ཤེས་དང་གཟུགས་བཞིན་ནོ། །གཉིས་པ་ལྟར་ན་གཟིགས་པར་མི་རིགས་ཏེ་ཡུལ་དུ་མ་བྱས་པའི་ཕྱིར་དཔེར་ན་མིག་ཤེས་ཀྱི་སྒྲ་བཞིན་ནོ། །གསུམ་པ་ལྟར་ན། གཟིགས་པའི་སྒྲ་མི་འཇུག་སྟེ། གཟིགས་བྱ་གཟིགས་བྱེད་དུ་མ་གྲུབ་པའི་ཕྱིར། དཔེར་ན་མིག་གིས་མིག་བཞིན་ནོ་ཞེ་ན། ལན་ལ་གཉིས་ཏེ། སྐད་ཡངས་པར་བཀྱེ་བ་དང་། དོག་པར་ལན་གདབ་པའོ། །དང་པོ་ནི་ཡུལ་དུ་བྱས་ནས་ཀྱང་གཟིགས། ཡུལ་དུ་མ་བྱས་པར་ཡང་གཟིགས། ཡུལ་ཡུལ་ཅན་དབྱེར་མེད་དུའང་གཟིགས་ཞེས་བྱ། དང་པོ་ནི། ཆུབ་པའམ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱི་ངོས་ནས་གཟིགས་བྱའི་ཡུལ་དང་གཟིགས་བྱེད་ཀྱི་མཁན་པོ་ལྟར་ཡང་མ་འགགས་པར་གཟིགས་ཏེ། བཤད་རྒྱུད་ལས། ཀུན་བཟང་ཡེ་ཤེས་མཆོག་ཐུགས་ལ། །སྔ་མ་འགགས་ལ་ཕྱིས་མི་སྒྲིབ། །རྣམ་པའི་ཁྱད་པར་དུས་བཞིན་དུ། །ཡེ་ཤེས་སོ་སོར་གསལ་ཁྱད་མེད། །ཅེས་སོ། །འོ་ན་གཟུང་འཛིན་ཅན་དུ་འགྱུར་རོ་ཞེ་ན། མི་འགྱུར་ཏེ་གཟིགས་བྱ་གཟིགས་བྱེད་ཀྱི་སྣང་བ་མ་འགག་ལ་དེ་གཉིས་ཀྱིས་མཐས་མ་རེག་པར་ཐུགས་སུ་ཆུད་པའི་ཕྱིར་རོ། །དེ་ཡང་སྤྱི་མདོའི་ཞེ་གཉིས་པ་ལས། ལང་ཀའི་བདག་པོ་གང་དམ་པ་རྣམས་དེ་ཁོ་ན་ཉིད་ལས་མ་གཡོས་པར་སེམས་ཅན་གྱི་ཁམས་འདུ་ཤེས་མཐའ་ཐུགས་པ་མེད་པ་དང་། སྒྲ་དང་གཟུངས་དང་སྤྱོད་པ་མཐའ་ཐུགས་པ་མེད་པ་རྣམས་མི་མཁྱེན་པ་དང་། མ་གསན་པ་དང་། མི་གཟིགས་པ་དང་། མི་འགྲེལ་བ་ནི་གང་ཡང་མེད་དོ། །ཞེས་པ་དང་། ཆོས་སྐུ་སྐྱེ་མེད་རིག་པའི་རྒྱུད་ལས། རྣམ་པར་རྟོག་མེད་ཡེ་ཤེས་ཐུགས། །ཅིར་ཡང་ས་ལེ་ཐམས་ཅད་མཁྱེན། །ཞེས་སོ། །བརྒྱུད་མཐའ་ལས། བྲམ་ཟེ་མོ་དང་མཚང་ཅན་གྱིས། །རྔོན་པའི་གཡོག་པོ་མཐོང་བ་ལ། །རེ་དང་དོགས་པའི་སེམས་འབྱུང་བ། །དཔོན་གྱིས་ལེགས་པར་མཐོང་བ་བཞིན། །དེ་བཞིན་འགྲོ་བ་ཁྱོད་ཀྱིས་གཟིགས། །ཞེས་པའི་གཏམ་རྒྱུད་ཀྱང་གསུང་ངོ། །ཡུལ་དུ་མ་བྱས་པར་ཡང་གཟིགས་ཏེ། བྱང་པའི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱི་ངོས་ནས་ཡུལ་དང་ཡུལ་ཅན་མ་དམིགས་ལ་མ་དམིགས་པར་མཁྱེན་པའོ། །དེ་ཡང་བདུན་ཅུ་པ་ལས། དེ་ནས་བྱང་ཆུབ་སེམས་དམ་ཀུན་བྱེད་རྒྱལ་པོ་དེས། ཆོས་ཐམས་ཅད་སྐྱེ་བ་མེད་པར་མཉམ་པ་ལ་གཟིགས་ཤིང་དགོངས་ནས་ཅི་ཡང་མི་གསུང་པར་བཞུགས་སོ། །ཞེས། འོ་ན་གཟིགས་པ་རང་དུ་མི་རིགས་ཞེ་ན། ཡུལ་མེད་པ་ལ་མེད་པར་གཟིགས་པ་མི་འགལ་ཏེ། ཡང་དག་རྫོགས་སངས་རྒྱས་ཀྱིས་ཀྱང་། །ཡེ་ཤེས་ཡུལ་མེད་ཅང་མི་གཟིགས། །ཞེས་སོ། །གསུམ་པ་ལ། ཡུལ་ཡུལ་ཅན་དབྱེར་མེད་དུ་ཡང་གཟིགས་ཏེ། སེམས་སམ་དབྱེར་མེད་མཁྱེན་པའི་ཡེ་ཤེས་ཀྱི་ངོས་ནས་གཟིགས་བྱ་གཟིགས་བྱེད་དབྱེར་མེད་དུ་གཟིགས་པའོ། །དེ་ཡང་གཞན་དག་ལས། ཉིད་ལས་མི་གཞན་དོན་ཉིད་ཀྱིས། །མེ་ལོང་ཚུལ་དུ་གཟིགས་པར་འགྱུར། །ཞེས་སོ། །འོ་ན་གང་གིས་གང་གཟིགས་ཏེ་གཟིགས་པ་རང་གི་སྒྲ་མི་འཇུག་གོ་ཞེ་ན། གཤིས་ལ་ཡུལ་ཤེས་ལ་སོགས་པ་ཆོས་ཐམས་ཅད་དབྱེར་མེད་ཡིན་པ་ལ་ཡིན་པ་བཞིན་དུ་གཟིགས་པ་ནི་ཤིན་ཏུ་ཡང་གཟིགས་པའི་མཆོག་ཡིན་པས་སྒྲ་འཇུག་སྟེ། ཉེར་དྲུག་པ་ལས། མངོན་སུམ་མཐོང་བས་མཐོང་མེད་མངོན་སུམ་མཐོང་བའི་མིག །དེ་ཕྱིར་ཐམས་ཅད་མཁྱེན་པའི་སྤྱན་ཞེས་ཀྱང་ནི་དེ་ལ་བྱ། ཞེས་སོ། །གཉིས་པ་སྐད་དོག་པར་བཀྱེར་ན། ཡུལ་དུ་བྱས་ནས་གཟིགས་ཞེས་སྒྲོ་མི་འདོགས། ཡུལ་དུ་མ་བྱས་ཞེས་སྐུར་པ་མི་འདེབས་ཏེ་ཡུལ་ཡུལ་ཅན་གྱི་ཐ་སྙད་ལས་གྲོལ་ཏེ་དབྱེར་མེད་པར་གཟིགས་པ་ཁོ་ནའོ། །དེ་ཡང་གོང་དུ་བཤད་པ་དང་། ངེས་དོན་འདུས་པ་ལས། ཆོས་སྐུ་སྟོན་པ་ཀུན་བཟང་ངས། །མ་ལུས་ཡེ་ཤེས་ཆེན་པོར་མཁྱེན། །ཞེས་སོ། །གཉིས་པ་བྱེ་བྲག་ཇི་སྙེད་པའི་བརྩད་སྤང་ནི། ཁ་ཅིག་འདི་སྐད་དུ། སངས་རྒྱས་ཀྱིས་ངན་སོང་གསུམ་གྱི་སྡུག་བསྔལ་ལ་སོགས་པ་མཁྱེན་ཅིང་གཟིགས་པ་དེ་ཉམས་སུ་མྱོང་ནས་མཁྱེན་ནམ་མ་མྱོང་ནས་ཡང་མཁྱེན། དང་པོ་ལྟར་ན་རྟོག་བཅས་སུ་ཐལ་བ་དང་། གཉིས་པ་ལྟར་ན་མི་རུང་སྟེ། སྔར་མ་ཟོས་པའི་ཟས་ཀྱི་རོ་མི་ཤེས་པ་བཞིན་ནོ་ཞེ་ན། ལན་ནི། ཁ་ཅིག་དག་འཁོར་བའི་སྡུག་བསྔལ་སངས་རྒྱས་ཀྱི་ཉམས་སུ་མ་མྱོང་ཡང་མཁྱེན་དུ་བཏུབ་སྟེ་དཔེར་ན་སྨན་པ་མཁས་པས་ལུས་ཀྱི་རྩ་ཆུ་ལ་བརྟེན་ནས་ནད་ཇི་ལྟར་གནས་པ་ལྟར་ཤེས་ལ། དེ་ལྟར་ཤེས་ཀྱང་སྨན་པས་ནད་སྡུག་བསྔལ་ཉམས་སུ་མྱོང་མི་དགོས་པ་བཞིན་ནོ་ཞེས་འགོ་སྙོམ་པར་བྱེད་དོ། །འདི་ལ་རུ་ཤངས་པའི་ཞལ་ནས་དེ་ལྟར་ན་རྗེས་དཔག་གིས་སྤྱི་རྣམས་ལས་མི་མཁྱེན་པར་ཐལ་ལོ། །དེས་ན་བརྩད་པ་དང་སྤང་བ་གཉིས་ཀ་འཁྲུལ་བའི་རྣམ་བཞག་ཡིན་ཏེ། ཉམས་སུ་མྱོང་མ་མྱོང་བའི་ཐ་སྙད་དེ་ཟག་བཅས་ཚོགས་སྦྱོར་བ་མན་ཆད་ལ་བཙི་བ་ཡིན་གྱིས། ཟག་མེད་མཐོང་སྒོམ་མན་ཆད་ན་ཆོས་ཉིད་མངོན་སུམ་དུ་གྱུར་པའི་ཕྱིར་ཉམས་སུ་མྱོང་མ་མྱོང་གི་རྩོད་པ་དང་བྲལ་བས་སངས་རྒྱས་ལ་ལྟ་མི་སྨོས་པས་རང་རིག་གིས་ཁྲེལ་བའི་རྩོད་སྤང་དུ་ཟད་དོ། །རྒྱུ་ཉིད་ལྟར་ན། རྟོག་མེད་དུ་གཟིགས་པ་ཡིན་པས་དེ་ལ་ཉམས་སུ་མྱོང་མ་མྱོང་གི་རྩིས་གདབ་དང་ཐ་སྙད་ལས་འདས་པའི་ཚུལ་གྱིས་མཁྱེན་ཅིང་གཟིགས་ཏེ་དཔེར་ན་དྲང་སྲོང་མངོན་ཤེས་ཅན་གྱིས་དྲུང་གི་རྨི་ལམ་གྱི་སྡུག་བསྔལ་གྱིས་གདུང་བའི་སེམས་རྒྱུད་ཤེས་པ་བཞིན་ནོ། །དེ་ཡང་དཀོན་བརྩེགས་ལས། ཇི་ལྟར་བུ་མོའི་རྨི་ལམ་ན། །བུ་གཅིག་བྱུང་བ་ཤི་འཕོས་ན། །དགའ་དང་སྡུག་བསྔལ་ཚོགས་བྱུང་བ། །དེ་བཞིན་འགྲོ་བ་ཁྱོད་ཀྱིས་གཟིགས། །ཞེས་འབྱུང་ངོ་གསུངས། དེ་ནི་གོང་མའི་ལ་སྐྱོན་བཀལ་བ་ཟད་མོད་ཀྱི་རང་ལུགས་དབུ་མར་གོལ་བ་མ་ཚོགས་པར་འདུག་བསམ་སྟེ་བླ་མའི་གསུང་ཡིན་པས་བརྟགས་ལ་སྙིང་པོ་བླང་ངོ་། །སྤྱིར་ན་སངས་རྒྱས་ཀྱི་ཡེ་ཤེས་ཐམས་ཅད་ཇི་ལྟ་བ་དང་ཇི་སྙེད་པ་གཉིས་སུ་འདུས་སོ། །དང་པོ་ནི། ཤེས་བྱའི་གཤིས་ཇི་ལྟ་བར་མཁྱེན་པ་སྟེ། གཤིས་ལ་གཟིགས་བྱའི་ཡུལ་སེམས་ཅན་དང་གཟིགས་བྱེད་ཀྱི་མཁན་པོ་རྒྱལ་བ་གཉིས་སུ་མེད་པ་ཡིན་ལ་དེ་ཀ་རྒྱལ་བས་མཁྱེན་པའོ། །གཉིས་པ་ནི། གནས་ལུགས་ལ་དེ་ལྟར་ཡིན་མོད་ཀྱང་སེམས་ཅན་རྣམས་ཀྱིས་དེ་ལྟར་མ་རྟོགས་པའི་དབང་གིས་སྡུག་བསྔལ་གྱིས་ཉམ་ཐག་པ་དེ་གཟིགས་པའོ། །དེ་བས་ན་དེ་ལ་ཐུགས་རྗེ་ཡང་སྐྱེ་བའོ་གསུང་སྐད་དེ། སྤྱིར་གསང་སྔགས་དེ་ལས་ཀྱང་རྫོགས་པ་ཆེན་པོའི་གཞུང་གིས་རང་འབྱུང་གི་ཡེ་ཤེས་གཅིག་ལ་ཡོན་ཏན་གྱི་ཆ་ནས་མིང་གི་ཐ་སྙད་ཇི་ལྟར་བཏགས་ཀྱང་ཐམས་ཅད་དབྱེར་མེད་དུ་མཁྱེན་ཅིང་དབྱེར་མེད་དུ་གཟིགས་པ་ཁོ་ན་ལས་སྤྲོས་པ་གཞན་གྱིས་ཕེབས་པར་དཀའོ། །སྤྱི་དོན་བཞི་པ་གཟིགས་ནས་ཐུགས་རྗེ་སྐྱེ་ཚུལ་བསྟན་པ་ནི། བདུན་པ་ལས། ང་ནི་ཐུགས་རྗེའི་ངོ་བོ་སྟེ། ཞེས་པ་དང་། བཤད་རྒྱུད་ལས། ཐུགས་རྗེ་ཡེ་ཤེས་ཀྱི་འོད་ཟེར་བསྐུལ་བ་སྤྲོས་པས། ཞེས་པས། དེ་ལ་གསུམ་སྟེ། ཐུགས་རྗེའི་རྒྱུ་རྐྱེན་དངས། སྐྱེ་ཚུལ་དང་། རྣམ་གྲངས་སོ། །དང་པོ་ནི་རྒྱུ་ནི་སྟོན་པ་ལྷུན་གྲུབ་ཀྱི་མཛད་པ་མི་འགོག་པ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་སྟེ། ཡེ་ཤེས་གསང་བ་ལས། འོད་གསལ་དབྱིངས་ལ་བཞུགས་བཞིན་དུ། །ཐུགས་རྗེའི་མཛད་པ་ཕྱོགས་བཅུར་བདལ། །གདུལ་བྱའི་བསམ་བཞིན་རེ་བ་སྐོངས། །ཡིད་བཞིན་ནོར་བུ་ལྟ་བུར་སྣང་། །ཞེས་སོ། །རྐྱེན་ནི་གདུལ་བྱ་ལས་དག་པ་བརྒྱ་བྱིན་དང་འཇོག་པོ་ལྟ་བུ་གསུང་སྟེ། ལས་མ་དག་པ་ལ་ཡང་གང་འཚམས་སུ་འབྱུང་སྟེ་ཡོད་པ་ཉིད་ཀྱིས་འཆར་རོ། །ཡང་དེ་ཉིད་ལས་འགྲོ་བ་གང་གི་ངོ་དག་ཏུ། །གང་ལ་འཚམས་པའི་ཐུགས་རྗེ་འབྱུང་། །སྐལ་ལྡན་གདུལ་བྱ་མཆིས་པ་ན། །ཐུགས་རྗེ་གདུལ་བྱ་བཞིན་དུ་འབྱུང་། །གདུལ་བྱ་གང་ཡང་མི་གནས་ན། །ཐུགས་རྗེའི་མཛད་པ་གང་ལ་འཆར། །ཞེས་སོ། །གཉིས་པ་ནི། ངོ་བོ་གཉིས་མེད་ཡིན་པའི་སྐྱེ་བྱ་སྐྱེ་བྱེད་གཉིས་མེད་ཀྱང་གདུལ་བྱའི་ངོ་ལ་སྐྱེ་བ་ལྟར་སྣང་བའོ། །དེ་ཡང་། སངས་རྒྱས་སེམས་ཅན་དབྱེར་མེད་གཅིག་བཏབ་པས་རྟོགས་ན། ཐུགས་རྗེ་ཆེན་པོ་སྐྱེ་ཞེས་དེ་ལ་བྱ། །ཞེས་སོ། །གསུམ་པ་ནི། གཞན་དག་ལས། ཐུགས་རྗེ་ཆེན་པོ་གདུལ་བྱ་ལ། །རྟག་རྒྱུན་རང་བཞིན་ཤུགས་གསོལ་དང་། །ཡུལ་དང་འཕྲད་པར་འབྱུང་བར་སྣང་། །ཞེས་སོ་དང་། ཐེག་སྒྲོན་ལས། རྟག་རྒྱུན་རང་བཞིན་ཤུགས་ཕྲད་གསོལ། སྣང་དང་རྣམ་པ་བཞི། ཞེས་པས། བཞི་སྟེ་བགྲངས། དང་པོ་རྟག་པ་རྒྱུན་གྱི་ཐུགས་རྗེ་སྐྱེ་བ་ཆུ་བོ་ཆེན་པོའི་གཞུང་ལྟ་བུ་ནི། སྟོན་པ་ཀུན་བྱེད་རྒྱལ་པོས་དུས་གསུམ་རྒྱུན་དུ་སྐལ་ལྡན་ལ་འབད་མེད་གྲོལ་བའི་ལུང་ངེས་པར་སྟོན་པ་སྟེ། གྱ་བཞི་པ་ལས། ཀུན་བྱེད་རྒྱལ་པོ་འཕོ་འགྱུར་མི་མངའ་བས། །སྔ་བར་གསུངས་ཤིང་ཕྱི་པར་གསུང་འགྱུར་ལ། །ད་ལྟར་བྱུང་བར་གསུང་པས་སྐལ་ལྡན་ལ། །ངེས་པར་བསྟན་པས་འབད་མེད་གྲོལ་བའི་ལུང་། །ཞེས་སོ། །འདི་ལ་སྐྱེ་ས་དང་སྐྱེ་མཁན་གཉིས་སུ་གསུང་ཡང་སེམས་ཅན་རྣམས་ཀྱི་སེམས་ཉིད་རང་འབྱུང་ཡེ་ཤེས་དུས་གསུམ་དུ་འཕོ་འགྱུར་མེད་པ་དེ་ཉིད་པས་དེ་ལ་གཉིས་སུ་དབྱེར་མེད་བསམ། གཉིས་པ་རང་བཞིན་ཤུགས་ཀྱི་སྐྱེ་བའི་ཐུགས་རྗེ་ཉི་མའི་འོད་ལྟ་བུ་ནི། ཀུན་བྱེད་རྒྱལ་པོའི་རང་བཞིན་ལས་མ་བརྩལ་བར་ལྷུན་གྱི་གྲུབ་པའི་སྐུ་གསུམ་གྱི་ཐུགས་རྗེ་རྩོལ་བ་མེད་པར་ཤུགས་ལ་སྐྱེ་བ་སྟེ། བཅུ་དགུ་པ་ལས། ཀུན་བྱེད་བྱང་ཆུབ་ང་ཡི་རང་བཞིན་ལས། །མ་བརྩལ་རང་བཞིན་ལྷུན་གྱི་གྲུབ་པ་ཡི། །རྒྱལ་བ་ཀུན་གྱི་སྙིང་པོ་སྐུ་གསུམ་སྟེ། །ཞེས་པ་དང་། ཡེ་ཤེས་གསང་བ་ལས། སྐུ་གསུམ་རིག་པའི་དཀྱིལ་འཁོར་ལ། །ཐུགས་རྗེ་ཉི་མའི་ཟེར་ཤར་ནས། །འགྲོ་འདུལ་སྤྱོད་པ་ཅི་བདེར་སྤྱོད། །ཐབས་ཀྱི་རིག་པ་རང་ཤར་ནས། །ཡེ་ཤེས་གསལ་བས་འགྲོ་དོན་མཛད། །ཡེ་ཤེས་རང་བཞིན་འདྲེན་སྐུར་ཤར། །ཞེས་སོ། །གསུམ་པ་ཡུལ་དང་ཕྲད་པའི་ཐུགས་རྗེ་སྐྱེ་བ་ཡུལ་སྡུག་བསྔལ་ཕུང་པོ་དང་འཕྲད་པས་སྙིང་རྗེ་སྐྱེ་བ་ལྟ་བུ་ནི། ཕྱི་འགྱུར་ལས། མ་རིག་རྣམས་ལ་སྙིང་རྗེ་ཡོངས་ཀྱི་སྐྱེ། །ཞེས་པས། སྤྱིར་ཀུན་ལ་སྐྱེ་ཡང་ཁྱད་པར་དུ་ཨ་ཏི་ཡོ་གའི་ལམ་འདི་སྤོང་ཞིང་ལམ་གཞན་མ་ནོར་བ་ཡིན་ནོ་ཞེས་སྟོན་ཅིང་སྤྱོད་པ་དེ་ལ་ཐུགས་རྗེ་སྐྱེ་སྟེ། རྡོ་ལ་གསེར་ཞུན་ལས། ལམ་འདི་སྤོང་ཞིང་མཐའ་དང་ལམ་གཞན་ལམ་དུ་བལྟས་ནས་མ་ནོར་ལམ་ཞེས་སྟོན་པ་དེ། དེ་དག་རྡོ་ལ་གསེར་བཞིན་ཐུགས་རྗེ་རང་བྱུང་ཞིང་ཐུགས་རྗེའི་ཤུགས་ཀྱི་ཀྱེ་མ་འཕྲོགས་པ་ཡིན། ཞེས་སོ། །བཞི་པ་སྐུལ་ཞིང་གསོལ་བ་བཏབ་པས་སྐྱེ་བའི་ཐུགས་རྗེ་སྡུག་ཕོངས་ཀྱིས་ཕོས་པས་སྙིང་རྗེ་སྐྱེ་བ་ལྟ་བུ་ནི་གཉིས་ཏེ། རང་དོན་དུ་གསོལ་བ་བཏབ་པས་སྐྱེས་པ་དང་། གཞན་དོན་དུ་གསོལ་བ་བཏབ་པས་སྐྱེས་པའོ། །དང་པོ་ནི། དོན་གྱི་ཕྱོགས་གཅིག་དཔེར་བྱ་ན། ཡི་དམ་ལྷ་ལ་མཆོད་པ་ཕུལ་བཟླས་བརྗོད་བྱས་ནས་གསོལ་བ་བཏབ་པས་འཁོར་བའི་དུ་ཁ་ལས་གྲོལ་ཞིང་དངོས་གྲུབ་ཐོབ་པ་ལྟ་བུའོ། །གཉིས་པ་ནི་རང་དོན་དུ་ཞུ་མི་དགོས་ཀྱང་གཞན་དོན་དུ་གསོལ་བ་བཏབ་པས་ཐུགས་རྗེ་སྐྱེས་པ་སྟེ་སྔོན་འབྱུང་སུམ་ཅུ་རྩ་གསུམ་དུ་ལྷའི་བུ་སེམས་ལྷག་ཅན་གྱི་དོན་དུ་སྤྲུལ་པའི་བརྒྱ་བྱིན་གྱིས་ཕྱོགས་བཅུའི་རྒྱལ་བ་རྣམས་ལ་བསྐུལ་བ། གསུང་གི་མངའ་བདག་ཐམས་ཅད་ཀྱིས། རྩོལ་བའི་ཐེག་པ་མཐར་བཏོན་ན། རྩོལ་མེད་ཐེག་པ་མི་གསུང་པ། །ཐུགས་རྗེ་ཆེན་པོ་ཡལ་ལམ་ཅི། །སྐལ་ལྡན་གདུལ་བྱ་མཆིས་པ་ན། །ལྷུན་གྲུབ་ཐེག་པ་གསུང་དུ་གསོལ། །ཞེས་གསོལ་བ་བཏབ་པ་ལས་ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱིས་སེམས་དཔའ་རྡོ་རྗེ་ལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུའི་རང་བཞིན་ཁྱོད་ཡིན་པས། །རྨད་བྱུང་རོལ་པའི་སྐུ་རུ་ཤར། །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །གསུང་གི་བདག་ཉིད་རིག་པའི་གསུང་། །རྨད་བྱུང་རོལ་པའི་གསུང་དུ་ཤར། །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །ཐུགས་ཀྱི་རང་བཞིན་ཁྱོད་ཡིན་པས། །སངས་རྒྱས་ཀུན་གྱི་མཛད་པ་ཤར། །གསུང་གི་མངའ་བདག་ཐམས་ཅད་ཀྱི། །ཡེ་ཤེས་རང་བཞིན་ཁྱོད་ཡིན་པས། །ཐམས་ཅད་བྱང་ཆུབ་སེམས་སུ་གསལ། །ཚིག་གཅིག་དོན་ཀུན་རྫོགས་པའི་བདག །རིན་ཆེན་འཕྲུལ་གྱི་སྙིང་པོའི་སྒོ། །སྐལ་ལྡན་རྣམས་ལ་བསྟན་དུ་གསོལ། །རིན་ཆེན་འཕྲུལ་གྱི་ཐབས་ལྡན་པས། །གང་འདོད་མཐུན་པའི་སྒོ་དེ་ནས། །རྩོལ་མེད་དབྱིག་དང་འཕྲད་པར་གྱིས། །ཞེས་པ་ལ་སོགས་པས་བསྐུལ་ཏེ། དེས་ཐུགས་ཀ་ནས་ཕྱག་ན་རྡོ་རྗེ་ཕྱུང་ནས་རིན་པོ་ཆེ་རབ་འབར་གྱི་འཁོར་ལོ་ཕྱག་ཏུ་གཏད་ནས། གཉིས་མེད་ཡེ་ཤེས་གསང་བའི་དོན། །བྱ་མེད་མི་རྩོལ་ཡེ་སངས་རྒྱས། །དབུ་མ་ཆེན་པོ་དྲང་པོའི་ལམ། །འདུས་པའི་ཚོགས་ལ་བསྟན་པར་གྱིས། །ཞེས་ཁྱོད་ཀྱིས་རྩོལ་མེད་ཀྱི་ཐེག་པ་སྟོན་ཅིག་པར་བསྐུལ་བས། དེས། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། །ཚིག་གི་སྤྱོད་ཡུལ་མ་ཡིན་པས། །བདག་གི་འགྲོ་བར་ཤིན་ཏུ་དཀའ། །མ་རྟོགས་པ་ལ་ཚིག་སྒོ་ནས། །མཚོན་ནས་རྟོགས་པར་བྱ་བའི་ཕྱིར། །ཅི་རིག་པར་ནི་རྣམ་པར་འགྲོ། །གསུང་ནས། ཕྱོགས་བཞིར་རིགས་བཞིའི་རྒྱལ་བ་ལ་དྲི་བ་བཞིས་དྲིས་ཤིང་ཐེ་ཚོམ་བཅད་དེ་བཀའ་བགྲོས་ནས་རྡོ་ཨར་མོ་ལི་ཀའི་སྟེང་ན་གསེར་གྱི་མཆོད་རྟེན་བང་རིམ་བཞི་པ་སྲོང་ཞིང་རྡོ་རྗེ་རྩེ་དགུ་པ་ཅན་གྱི་སྟེང་དུ། འོད་ཟེར་གྱི་ཞགས་པས་སེམས་ལྷག་ཅན་དྲངས་ནས་འཁོར་ལོའི་སྟེང་དུ་ནི་བཞག །ཕྱག་གཡས་པ་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་དེ་གདུགས་སུ་ཕུབ་ནས། རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར་སྲུང་བྲལ་རིག་པའི་དམ་ཚིག་ཕོག །རྣ་བརྒྱུད་སེམས་ཀྱི་དོན་བསྟན། དུས་མཐའི་སྐད་ཅིག་ལ་ཀློང་དགུ་བམ་པོ་ཉི་ཁྲི་གསུངས་པ་ལྟ་བུའོ། །དེ་ཡང་འདི་ཉིད་ཀྱི་དབང་། དེ་ནས་སེམས་དཔའ་རྡོ་རྗེས་ཞུས་པས། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །སྟོན་པ་ཉིད་ཀྱང་ཐིག་ལེ་སྤྲོས་མེད་དམ། །ཞེས་པ་ནས། དུས་དང་གནས་ནི་གཅིག་པ་ཇི་ལྟ་བུ། །ཞེས་ཞུས་སོ། །ཞེས་པའི་བར་ཚིག་དགུ་ཞུས་པས། དེ་ནས་བྱང་ཆུབ་སེམས་ཀུན་བྱེད་རྒྱལ་པོ་དེས། སེམས་དཔའ་རྡོ་རྗེ་ལ་འདི་སྐད་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཡིད་སྒྲ་ལ་ཆུག་ཤིག །ངས་དོན་སྒྲར་བཤད་ཀྱིས། ཞེས་པ་ནས་ཞེས་གསུངས་སོ། །ཞེས་པའི་བར་གྱིས་སྟོན་པས་དེ་དག་ཐམས་ཅད་ཐིག་ལེ་ཉག་གཅིག་ཡིན་པར་ལེའུ་དང་པོར་ལན་བཏབ། སྟོན་པ་ཅི་སྟོན་དང་འཁོར་དུ་འཁོར་བའི་དོན་ཅི་ལ་འཁོར་བ་ལ་སོགས་པའི་ལན་ལེའུ་གསུམ་པར་སྟོན་ཏེ་ཞེས་ཞལ་གྱིས་བཞེས་པའོ། །གསུངས་སྐད། སྤྱི་དོན་ཐ་མ་ཐུགས་རྗེ་སྐྱེས་ནས་འགྲོ་བའི་དོན་མཛད་ཚུལ་ནི། བདུན་པ་ལས། ང་ནི་ཐུགས་རྗེའི་ངོ་བོ་སྟེ། །གང་ལ་དགའ་བའི་དུས་སུ་ནི། །གང་དགའ་བ་ཡི་དོན་བྱའི་ཕྱིར། །ང་ཡིས་བྱས་པའི་དོན་བསྟན་གྱིས། །སེམས་དཔའ་རྡོ་རྗེ་ཁྱོད་ཉོན་ཅིག །ཅེས་པས། བཞེད་ལུགས་གསུམ་སྟེ། རྟེན་ཅན་གྱི་དོན་མཛད་པར་འདོད་པ་དང་། རྟེན་མེད་ཀྱིས་དོན་མཛད་པར་འདོད་པ་དང་། ངོ་བོ་ཉིད་ཀྱིས་དོན་མཛད་པར་འདོད་པའོ། །དང་པོ་ནི། སངས་རྒྱས་བྱ་བ་ནི། ཞིང་ཁམས་དང་གཞལ་ཡས་ཁང་དང་སྐུ་གསུང་ཐུགས་ཡོན་ཏན་དང་ཕྲིན་ལས་ལ་སོགས་པ་ཀུན་རྫོབ་ཙམ་དུ་ཡོད་ལ། གདུལ་བྱའི་དོན་ཡང་དེ་ཉིད་དམ་དེ་ལ་བརྟེན་ནས་མཛད་པར་འདོད་པ་སྟེ། བྲམ་ཟེ་མཆོད་སྡོང་གྲུབ་པ་ལྟ་བུའོ། །དེ་ནི་རྒྱ་གར་ན་སློབ་དཔོན་སེང་གེ་བཟང་པོ་དང་བོད་ཀྱི་ཞང་ཤེས་པར་བླ་མའི་བཞེད་དོ། །གཉིས་པ་རྟེན་མེད་ནི། དོན་དམ་དུ་འབྲས་བུ་མཐར་ཐུག་སངས་རྒྱས་ཀྱི་ས་ན་གཟུགས་སྐུའི་བཀོད་པ་ཕུན་པ་དང་ཨ་ཅང་ཆོས་ཀྱི། ཐ་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཙམ་ཡང་མ་གྲུབ་སྟེ་ཡེ་ཤེས་རྒྱུན་ཆད་པར་བཞེད་དོ། །ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ཙམ་ལ་སངས་རྒྱས་ཞེས་འདོགས་སོ། །དེ་ཡང་རྡོ་རྗེ་ཅོད་པན་ལས། གང་གིས་ང་ལ་གཟུགས་སུ་མཐོང་། །གང་གིས་ང་ལ་སྒྲར་ཤེས་པ། །ལོག་པར་སྤོང་ལ་ཞུགས་པ་སྟེ། །སྐྱེ་བོ་དེ་ཡིས་ང་མི་མཐོང་། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་གང་ཡིན་སངས་རྒྱས་ལྟ། །ཞེས་སོ། །འོན་ཀྱང་འགྲོ་བའི་དོན་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་གོ་ཕྱེ་བས་དང་། གདུལ་བྱ་རང་གི་རྒྱུད་ལ་དཀར་པོའི་ཕྱོགས་ཀྱི་བག་ཆགས་ཡོད་པ་དང་། སྔོན་གྱི་སྨོན་ལམ་གྱི་དབང་གིས་གཟུགས་སྐུར་སྣང་ནས་དོན་མཛད་པ་སྟེ། དྲང་སྲོང་དམོད་པ་གྲུབ་པ་ལྟ་བུའོ། །དེ་ནི་རྒྱ་གར་ན་རྒྱུ་ཀླུ་སྒྲུབ་དང་། བོད་ཀྱི་རེང་སྒོམ་ཆོས་བཟང་གིས་བཞེད་དོ། །གསུམ་པ་ངོ་བོ་ཉིད་ཀྱི་དོན་བྱེད་པར་འདོད་པ་ནི། སངས་རྒྱས་སྐུ་དང་ཡེ་ཤེས་ཡོད་ཆོས་སུ་སྒྲོས་མི་འདོགས། མེད་ཆོས་སུ་སྐུར་པ་མི་འདེབས་ཏེ་སྒྲོ་སྐུར་གྱི་མཐའ་དང་བྲལ་བར་དབྱེར་མེད་ལྷུན་གྲུབ་ཆེན་པོ་སངས་རྒྱས་ཞེས་བྱ་སྟེ། དེ་ལ་དོན་བྱ་མི་བྱའི་རིས་མེད་ཀྱང་ལྷུན་གྲུབ་ཀྱི་མཛད་པ་མི་འགོག་པའི་ཆ་ནས་གདུལ་བྱའི་དོན་ཕྱོགས་མེད་དུ་མོས་པ་བཞིན་འཆར་བ་སྟེ། དཔེར་ན་ནམ་མཁའ་ཚོན་ལ་དབྱིབས་རིས་མེད་ཀྱང་ལུང་པའི་རྐྱེན་གྱིས་སྣ་ཚོགས་སུ་འཆར་བ་བཞིན་ནོ། །འདི་ཉིད་ཀྱི་བརྒྱད་པ་ལས། མ་སྒྲིབ་རང་བྱུང་ཡེ་ཤེས་ནི། །རྒྱུ་འབྲས་སྟོན་པ་སྐུ་གསུམ་སྣང་། །ལ་ལར་རྒྱུའི་སྟོན་པར་སྣང་། །ལ་ལར་འབྲེལ་བའི་སྟོན་པར་སྣང་། །ལ་ལར་འབྲས་བུའི་སྟོན་པར་སྣང་། །ཞེས་པ་དང་། ཡེ་ཤེས་གསང་བ་ལས། བསམ་གྱིས་མི་ཁྱབ་འོད་གསལ་སེམས། །འགྱུར་མེད་དབྱིངས་ལས་མ་གཡོས་ཀྱང་། །རང་སྣང་ལྷུན་གྲུབ་བྱིན་རླབས་ལས། །སྐལ་ལྡན་བསམ་པ་ཇི་བཞིན་དུ། །འགྲོ་འདུལ་ཐབས་ཀྱི་སྤྱོད་པ་མཛད། །རང་སེམས་པདྨ་ལྟར་གནས་ལ། །གཞན་དག་ཇི་ལྟར་ཆོས་བཞིན་མཛད། །གཡེམ་པར་འདོད་ལ་གཡེམ་པ་ཉིད། །ཞེ་སྡང་མནར་སེམས་ང་རྒྱལ་ཉིད། །ཐབས་ཉིད་གསང་བའི་ལམ་དུ་བསྟན། །གང་སེམས་གང་འཐད་སྒོ་དང་བསྟུན། །ཞེས་པ་དང་། སྤྱི་མདོ་ལས། མ་བཅོས་དེ་བཞིན་ཉིད་འདི་ལས། །ཡིད་བཞིན་ཅིར་ཡང་འབྱུང་བ་ནི། །ཆོ་འཕྲུལ་སྣང་བའི་སེམས་ཅན་རྣམས། །ཇི་ལྟར་འདུས་པའི་མཐོང་ཐོས་སྣང་། །ཞེས་སོ། །དེ་ནི་རྒྱ་གར་ན་རྒྱལ་པོ་ཛ་དང་བོད་ན་ཤེས་རབ་གྲགས་པའི་བཞེད་དོ། །དེ་ཡང་ད་རེས་ཐ་མ་འདོད་པའོ། །དོན་མཛད་ཚུལ་དངོས་ལ་གཉིས་ཏེ། བློ་རབ་ཅིག་ཆར་བ་རྣམས་ལ་ཀུན་བཟང་གིས་རྒྱུ་འབྲས་འདས་པའི་ཐེག་པས་དོན་མཛད་པ་དང་། བློ་ཆུང་རིམ་གྱིས་པ་རྣམས་ལ་སྐུ་གསུམ་གྱིས་རྒྱུ་འབྲས་ཀྱི་ཐེག་པས་དོན་མཛད་པའོ། །དེ་ཡང་གང་དུ་བཤད་པས་མངོན་ནོ། །དང་པོ་ནི། སྟོན་པ་ཀུན་བཟང་ཉིད་ཀྱིས་རྒྱུ་འབྲས་གཉིས་ལས་འདས་པའི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་ཇི་ལྟ་བ་བསྟན་ནས་དོན་མཛད་པ་སྟེ། བདུན་པ་ལས། གཅིག་ལ་དགའ་བ་དེ་ལ་ནི། །ཆོས་རྣམས་གཅིག་ཏུ་འདུས་པའི་ཕྱིར། །བྱང་ཆུབ་སེམས་ཀྱི་ངོ་བོ་སྟེ། །སེམས་ཀྱི་ངོ་བོ་ཀུན་བྱེད་བསྟན། །ཞེས་འབྱུང་བས། གནས་ནི་ཆོས་ཉིད་མཉམ་པ་ཉིད་ཀྱི་དབྱིངས་ཉིད་དུ། དུས། དུས་གསུམ་དབྱེར་མེད་བསམ་གྱིས་མི་ཁྱབ་པའི་དུས་སུ་སྟོན་པ་རང་བཞིན་གྱི་སྟོན་པ་ཀུན་ཏུ་བཟང་པོ་རང་འབྱུང་གི་བཅོམ་ལྡན་འདས་སེམས་ཉིད་རང་འབྱུང་གི་ཡེ་ཤེས་བདེ་བ་ཆེན་པོ་དེས། དོན་གྱི་འཁོར་རང་འབྱུང་ཡེ་ཤེས་སྣང་བ་ཉིད་ལས་མི་གཞན་པ་སངས་རྒྱས་སེམས་ཅན་མ་ལུས་པ་རྣམས་ལ་བསྟན་པ་ནི། མ་བཅོས་དེ་བཞིན་ཉིད་ཀྱི་དོན་རང་ཆས་སུ་ཡོད་པའི་རོ་རང་རང་གི་བློ་ལ་གསལ་བ་བཀའ་ལ་བཤད་ཅེས་བྱའོ། །དེ་ཡང་བཅུ་དྲུག་པ་ལས། ང་ནི་ཡེ་ནས་ཀུན་བྱེད་རྒྱལ་པོ་ཡིན། །སྟོན་པ་བསྟན་པ་འཁོར་དུས་ངས་བྱས་ནས། །སྟོན་པའི་སྟོན་པ་ཡང་ནི་ང་ཡིས་བྱེད། །བསྟན་པ་ང་ཡིས་རང་བཞིན་དེ་སྟོན་ལ། །འཁོར་ཡང་ང་ཡི་ངོ་བོ་དེ་ཕྱུང་ནས། །དུས་གནས་ང་ཡི་རང་བཞིན་དེ་རུ་ནི། །ཀུན་བྱེད་ང་ཡི་རང་བཞིན་བསྟན་པ་ལས། །ང་མིན་ཆོས་ནི་གཅིག་ཀྱང་བསྟན་པ་མེད། །ཅེས་པ་དང་། བཤད་རྒྱུད་ལས། ཀུན་བཟང་རྒྱལ་བ་མཆོག་གི་ལྷ། །བྱང་ཆུབ་སེམས་ཀྱི་སྙིང་པོ་ཡིན། །ཀུན་གྱི་སྟོན་པ་བྱང་ཆུབ་སེམས། །བསྟན་པ་བྱང་ཆུབ་སྙིང་པོ་ཡིན། །ཆོས་ཉིད་དབྱིངས་ཀྱི་གནས་ཆེན་དུ། །སངས་རྒྱས་སེམས་ཅན་འཁོར་བསོགས་ནས། །སྔ་ཕྱི་མེད་པར་བསྟན་པ་ནི། །རང་འབྱུང་ཡེ་ཤེས་རིག་པའི་རྒྱལ། །ཞེས་སོ། །དེ་ཡང་འདི་ཉིད་ཀྱི་རང་གཞུང་བསྟོན་པ་ཆོས་སྟོན་ཏེ་གཙོ་སོ་ལྔ་པ་དང་གཏན་ལ་འབེབས་པའི་མདོ་ལུང་གཙོ་ཆེ་ཡང་དོན་དབུ་ཞབས་ཐམས་ཅད་ནས་སྟོན་པར་བྱེད་དོ། །གཉིས་པ་སྐུ་གསུམ་སྟོན་པའི་རྒྱུ་འབྲས་ཀྱིས་ཐེག་པས་དོན་མཛད་པ་ནི། དེ་ཉིད་ལས། མཚན་མ་གྲངས་ལ་དགའ་བ་ལ། ཀུན་བྱེད་རྒྱལ་པོས་བྱས་པ་ཡི། །སྣ་ཚོགས་བརྗོད་ཀྱིས་མི་བསྟན་པ། །ཞེས་པས ། དེ་ཉིད་ཚིག་ཆོད་དུ་མི་གོ་བ་རྣམས་ལ་ཀུན་བྱེད་རྒྱལ་པོའི་རང་བཞིན་གསུམ་ལས་སྐུ་གསུམ་དུ་ཤར་ནས་རྒྱུ་འབྲས་ཀྱི་ཐེག་པ་རྣམས་གང་ལ་གང་འཚམ་དུ་གསུངས་པ་སྟེ། བཅོ་བརྒྱད་པ་ལས། སྐུ་གསུམ་སྣ་ཚོགས་བྱུང་ནས་ནི། །ཐེག་པ་གསུམ་གྱི་ངོ་ཡང་སྟོན། །རྒྱུ་འབྲས་ཅན་ནི་དེས་ཚིམ་བྱེད། །ཅེས་པ་དང་། བཤད་རྒྱུད་ལས། རྫོགས་ཆེན་སྐྱེ་མེད་ཆོས་སྐུ་ལས། །སྐྱེ་བའི་ཆོ་འཕྲུལ་ཚུལ་བྱུང་བ་། །ལོངས་སྤྱོད་རྫོགས་སྐུ་སྤྲུལ་པའི་སྐུ། །སུམ་བརྒྱུད་དགུ་ཕྲུགས་རྣམས་སྤྲུལ་པ། །ཚིག་དང་ཡི་གེ་དགུར་གྲགས་ཏེ། །ཐེག་པ་རྣམ་པ་དགུ་རུ་བསྟན། །ཞེས་སོ། །དེ་ཡང་བློ་རབ་རྣམས་ལ་ཆོས་སྐུས་བསྐྱེད་རྫོགས་གསུམ། འབྲིང་ལ་ལོངས་སྐུས་ཕྱི་རྒྱུད་གསུམ། ཐ་མ་ལ་སྤྲུལ་སྐུས་མཚན་ཉིད་སྡེ་གསུམ་གསུངས་པ་སྟེ། དེ་ཡང་བཅུ་པ་ལས། སྟོན་པ་ཆོས་སྐུའི་བསྟན་པ་འདི་ལྟར་ཏེ། གསང་བ་གསུམ་གྱི་རང་བཞིན་བསྟན་པ་སྟེ། །གཞི་མ་ཆོས་ཉིད་དག་གི་རང་བཞིན་ལས། །གསང་བ་བསྐྱེད་དང་གསང་བ་རྫོགས་པ་དང་། །གསང་བ་རྫོགས་པ་ཆེན་པོའི་རང་བཞིན་གསུམ། །ཀུན་གྱི་སྤྱོད་ཡུལ་མ་ཡིན་གསང་བར་བཤད། ཅེས་པ་དང་། སྟོན་པ་ལོངས་སྤྱོད་རྫོགས་སྐུའི་བསྟན་པ་ནི། བྱ་བ་བྱེད་པའི་ཕྱི་བ་སྡེ་གསུམ་སྟེ། ཞེས་པ་དང་། སྟོན་པ་སྤྲུལ་པ་སྐུ་ཡི་བསྟན་པ་ནི། ཉན་ཐོས་རང་རྒྱལ་ཐེག་ཆེན་མདོ་སྡེ་གསུམ། ཕྱི་ཞེས་མཚན་ཉིད་ཕྱི་པ་ཞེས་སུ་བཤད། །ཅེས་སོ། །བཤད་རྒྱུད་ལས། བསྐྱེད་དང་རྫོགས་དང་རྫོགས་ཆེན་གསུམ། །ཆོས་ཀྱི་སྐུ་ཡི་གསུང་དུ་བཤད། །ཀྲི་ཡ་ཡོ་ག་ཕྱི་ནང་གསུམ། །ལོངས་སྤྱོད་རྫོགས་པའི་གསུང་དུ་གྲགས། །ཉན་ཐོས་རང་རྒྱལ་མདོ་སྡེ་གསུམ། །སྤྲུལ་པ་སྐུ་ཡི་གསུང་དུ་གྲགས། །ཞེས་སོ། །འདི་ཉིད་ཀྱི་བཅུ་པ་དང་། བཅོ་ལྔ་པ་དང་། བཤད་རྒྱུད་ཀྱི་དགུ་མདོས་སྟོན་ཏེ། དངོས་སུ་ཨ་ནུ་མན་ཆད་ཀྱི་སྡེ་སྣོད་ཚོ་ཡིན་ནོ། །དེ་དག་གི་བཤད་ལུགས་ནི། ཉེར་གཅིག་པ་ལས། སྐུ་གསུམ་སྟོན་པ་གསུམ་གྱི་བཤད་ལུགས་ནི། །ཕུན་སུམ་ཚོགས་པ་རྣམ་པ་ལྔ་ནང་དུ། །ཆོས་ཀྱི་སྐུ་ནི་བྱིན་གྱིས་རླབས་ཀྱིས་བཤད། །ལོངས་སྤྱོད་རྫོགས་པ་རང་གི་ངོ་བོས་སྟོན། །སྤྲུལ་པའི་སྐུ་ནི་དོན་རྣམས་ཚིག་ཏུ་བསྡེབ། །སྐུ་གསུམ་སྟོན་པའི་བཤད་ལུགས་རྣམ་གསུམ་ཡིན། །ཞེས་པས་གསུམ་སྟེ། བགྲང་། དང་པོ་ཆོས་སྐུ་བྱིན་གྱིས་རླབས་ཀྱིས་བཤད་པ་ནི། ཕུན་སུམ་ཚོགས་པ་རྣམ་པ་ལྔ་ནང་དུ། །ཟེར་བས། སྟོན་པ་ཕུན་སུམ་ཚོགས་པ་ཆོས་སྐུ་རྡོ་རྗེ་འཆང་། འཁོར་ཕྱོགས་བཅུའི་སངས་རྒྱས། བསྟན་པ་བསྐྱེད་རྫོགས་གསུམ། གནས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་། དུས་སྟོན་འཁོར་འཛོམ་པའི་དུས་སུ་བྱིན་གྱིས་རླབས་ཀྱིས་བཤད་པའོ། །གཉིས་པ་ནི། སྟོན་པ་ལོངས་སྐུ་ཀུན་རིག་རྣམ་པར་སྣང་མཛད། འཁོར་ས་ལ་གནས་པའི་བྱང་སེམས། བསྟན་པ་ཀྲི་ཡོག་སྡེ་གསུམ། གནས་འོག་མིན་གྱི་གནས་རི་རབ་རི་ཡི་རྩེ་མོར། དུས་སྟོན་འཁོར་འཛོམ་པའི་དུས་སུ། རང་གི་ངོ་བོས་བཤད་པའོ། །གསུམ་པ་ནི། སྟོན་པ་སྤྲུལ་སྐུ་ཤཱཀྱ་ཐུབ། འཁོར་ཉན་ཐོས་སྡེ་བཞི། བསྟན་པ་མཚན་ཉིད་སྡེ་གསུམ། གནས་བྱ་རྒོད་ཕུང་པོའི་རི་ལ་སོགས་པར། དུས་སྟོན་འཁོར་འཛོམ་པའི་དུས་སུ། ཚིག་དང་དོན་དུ་སྡེབ་ནས་བཤད་པའོ། །དེ་ཡང་བཅུ་པ་ལས། ཆོས་སྐུ་ཡེ་ཤེས་སྐུ་དང་ཐུགས་རྗེའི་སྐུ། །སྐུ་གསུམ་གང་གིས་འདུལ་བའི་སྟོན་སྐུ་ལ། །ཉིད་དང་མཐུན་པའི་གནས་འཁོར་ཕུན་སུམ་ཚོགས། །ཞེས་སོ། །དེ་ལྟར་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་རྣམས་ཀྱིས་གསུངས་པའི་ཆོས་དེ་དག་ཀྱང་བསྡུ་ན་རྣམ་པར་གཉིས་སུ་འདུས་ཏེ། རྒྱུ་འབྲས་ལས་འདས་པའི་ཆོས་དང་། རྒྱུ་འབྲས་ཀྱི་ཆོས་སོ། །ཉེར་གཅིག་པ་ལས། བྱང་ཆུབ་སེམས་ནི་ཡེ་ནས་རྫོགས་པ་ཆེ། །རྫོགས་པ་ཆེན་པོ་ཡེ་ནས་རྒྱུ་འབྲས་འདས། །རྒྱུ་འབྲས་འདས་པའི་བཤད་ལུགས་བསྟན་པ་དང་། །ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །སྐུ་གསུམ་སྟོན་པ་བྱུང་བའི་བཤད་ལུགས་དང་། །རྣམ་པ་གཉིས་ཀྱིས་བཤད་ལུགས་བསྟན་པའོ། །ཞེས་སོ། །དེ་ལས་དང་པོ་རྒྱུ་འབྲས་འདས་པའི་ཐེག་པ་ལ་དབྱེ་བ་མེད་དེ། དེར་ཐེག་པ་ཐམས་ཅད་རོ་གཅིག་པའི་ཕྱིར་རོ། །གཉིས་པ་རྒྱུ་འབྲས་ཀྱི་ཆོས་ལ་དབྱེ་ན་གཉིས་ཏེ། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་རྡོ་རྗེའི་ཐེག་པའོ། །དེ་ཡང་བཤད་རྒྱུད་ལས། མྱ་ངན་འདས་པའི་ཐེག་པ་ལ། །རྣམ་པ་གཉིས་སུ་དབྱེ་བར་བྱ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེ་ཐེག་པའོ། །ཞེས་སོ། །རྒྱུ་ཐེག་པ་ལ་གསུམ་སྟེ། དེ་ཉིད་ལས། མཚན་ཉིད་རྒྱུ་ལ་རྣམ་པ་གསུམ། །སྡུག་བསྔལ་སྤོང་བའི་ཉན་ཐོས་དང་། །ཤེས་པ་འགེགས་པའི་རང་རྒྱལ་དང་། །རྣམ་རྟོག་སྦྱོང་བའི་སྡེ་པའོ། །ཞེས་སོ། །འབྲས་བུ་ཐེག་པ་ལ་དབྱེ་ལུགས་གཉིས་ལས། བཤད་རྒྱུད་ལྟར་ན་གསུམ་སྟེ། དེ་ཉིད་ལས། འབྲས་བུའི་ཐེག་པ་ལ་ནི་གསུམ། །བྱ་བའི་སྡེ་དང་གཉིས་ཀའི་སྟེ། །རྣལ་འབྱོར་བ་དང་རྣམ་པ་གསུམ། །ཞེས་སོ། །རྣལ་འབྱོར་པ་ལ་གཉིས་ཏེ། དེ་ཉིད་ལས། རྣལ་འབྱོར་པ་ལ་རྣམ་པ་གཉིས། །ཕྱི་པ་དང་ནི་ནང་པའོ། །ཞེས་སོ། །ནང་པ་ལ་བསྐྱེད་རྫོགས་གསུམ་སྟེ། དེ་ཉིད་ལས། ནང་པའི་རྣལ་འབྱོར་རྣམ་པ་གསུམ། །བསྐྱེད་དང་རྫོགས་དང་རྫོགས་ཆེན་གསུམ། །ཞེས་སོ། །གཉིས་པ་རྩ་རྒྱུད་ལྟར་ནང་འབྲས་བུའི་ཐེག་པ་ལ་གཉིས་ཏེ། ཕྱི་པ་དང་ནང་པའོ། །ཕྱི་པ་ལ་ཨུ་པ་ཞོར་ལ་བཏང་བས་ཀྲི་ཡོག་གཉིས་ཏེ། བདུན་པ་ལས། རྡོ་རྗེ་དེ་སྒྲིབ་ཕྱི་པ་གཉིས། །སྐུ་དང་གསུང་ཐུགས་ཡེ་ཤེས་ནི། །བླང་དོར་བྱས་པའི་སྒོ་ནས་ནི། །ཆུ་ཟླ་བཞིན་དུ་གྲུབ་པར་འདོད། །ཅེས་སོ། །ནང་པ་ལ་བསྐྱེད་རྫོགས་རྣམ་པ་གསུམ་སྟེ། བླང་དོར་མེད་པའི་ནང་པ་ནི། །རིམ་པ་གསུམ་དང་སྙིང་པོ་ཡིས། །བདག་ཉིད་དབྱིངས་དང་ཡེ་ཤེས་ལྟ། །གང་ལའང་མི་བརྟེན་བྱ་མེད་འདི། །ཀུན་གྱི་སྙིང་པོར་གྱུར་པས་ན། །བྱ་བ་མེད་པའི་ཕྲིན་ལས་འདས། །ཞེས་སོ། །དེ་ལྟར་རྒྱུ་འབྲས་ཀྱི་ཆོས་ལ་ཕྱེ་བས་ཐེག་པ་རིམ་པ་དགུར་བྱུང་སྟེ་བགྲང་། ལྔ་པ་ལས། བྱུང་ནི་ཐེག་པ་དགུ་རུ་བྱུང་། །ཞེས་སོ། །དེ་དག་ཀྱང་བསྡུ་ན་རྫོགས་པ་ཆེན་པོར་འདུ་སྟེ། དེ་ཉིད་ལས། འདུས་ནི་རྫོགས་པ་ཆེན་པོར་འདུས། །ཞེས་སོ། །རྫོགས་པ་ཆེན་པོ་ལ་རྒྱ་གར་དུ་གྲགས་ཚོད་དུ། །ངེས་པར་ཀློང་ཆེན་པོ་དགུ། ལེའུ་འབུམ་ཕྲག་ལྔ། བམ་པོ་བརྒྱད་ཁྲི་བཞི་སྟོང་དུ་གྲགས། འབྲིང་དུ་ཀློང་དགུ་བམ་པོ་ཉི་ཁྲིར་གྲགས། བསྡུས་པར། སྤྱི་རྒྱུད་བཛྲ་ཁ་ས་མནྟ་ནམ་མཁའ་དང་དང་མཉམ་པའི་ཡི་གེ་མེད་པའི་རྒྱུད་ཞེས་བྱ་བ་ཆེན་པོ་གཅིག་ལ། སྟོད་སེམས་ཉིད་མཐའ་དང་མཉམ་པ་བར་རིག་པ་མཐའ་དང་མཉམ་པ། སྨད་ཡེ་ཤེས་མཐའ་དང་མཉམ་པར་སྟོན་པ་གཅིག་བཞུགས་སྐད། དེ་ལས་གྱེས་པ་ལ། རྒྱལ་པོའི་རྒྱུད་དྲུག །རྨད་དུ་བྱུང་བ་དང་བདུན། བློན་པོའི་རྒྱུད་དྲུག །རྨད་དུ་བྱུང་བ་དང་བདུན། བྲམ་ཟེའི་རྒྱུད་དྲུག །རྨད་དུ་བྱུང་བ་དང་བདུན་དུ་བྱུང་བའོ། །གསུང་། འོན་ཀྱང་བོད་དུ་གྲགས་ཚོད་ཀྱི་དབང་བྱས་ན། བེ་རོ་ཙ་ནའི་སྐུ་དྲིན་ལ་བརྒྱུད་པ་དང་པོ་དང་། བར་པ་དང་། ཐ་མ་གསུམ་དུ་གྲགས་ཏེ། དེ་རྣམས་སོ་སོ་རང་རང་གི་ས་དབྱེ་སྒོ་མི་མཐུན་པ་ཐ་དད་པ་དུ་མ་ཡོད་ཀྱིས་ཀྱང་། ད་རེས་བརྒྱུད་པ་ཐ་མའི་དབང་དུ་དབྱེ་ན། སྤྱིར་རྫོགས་པ་ཆེན་པོ་ལ། ཆོས་སྡེ་ལྔ་ཡོད་དེ། རྒྱུད་སྡེའི་སྐོར་དང་། སེམས་སྡེའི་སྐོར་དང་། ཀློང་སྡེ་དང་། དབང་སྡེའི་དང་། བསམ་གཏན་གྱི་སྡེའོ། །དང་པོ་རྒྱུད་སྡེ་ལ་མར་པ་ཁྲོམ་རྒྱལ་གྱིས་སློབ་མ་མི་གསུམ་ལ་བཞེད་ལུགས་གསུམ་དུ་བྱུང་སྟེ། གསུམ་པ་དབང་ཚུལ་གྱི་བཞེད་པ་དང་། ན་རོག་སྟོན་པའི་བཞེད་པ་དང་། མར་ཆུང་ཤེས་རབ་འོད་བཞེད་དོ། །དང་པོ་ནི། གསང་རྫོགས་འོད་དང་གསུམ་པོ་ཏི་སེར་ཆུང་དང་བཞིའོ། །ན་རོག་སྟོན་པའི་བཞེད་ལྟར་ན་ལྔ་སྟེ། བཛྲ་ཁ་ས་མནྟ་ནམ་མཁའ་དང་མཉམ་པའི་རྒྱུད་དང་། རྡོ་རྗེ་སེམས་དཔའ་ནམ་མཁའ་མཉམ་ཀློང་གི་རྒྱུད་དང་། ནམ་མཁའ་ཆེ་རྒྱས་པའི་རྒྱུད་དང་། རྨད་དུ་བྱུང་བའི་རྒྱུད་དང་། ཁུ་བྱུག་རིག་པ་ཀུན་བཟང་མཛོད་ཀྱི་རྒྱུད་དོ། །དང་པོ་ལ་གཉིས་ཏེ། ལྟ་བ་མཐའ་དབུས་མེད་པ་ནམ་མཁའ་ལྟར་སྟོན་པའི་རྒྱུད་དང་། རྡོ་རྗེ་སྙིང་པོ་གཏན་ལ་འབེབས་པའི་རྒྱུད་དོ། དང་པོ་ལ་བཞི་སྟེ། རྩ་བའི་རྒྱུད་དང་རྒྱུད་ཕྱི་མ་དང་། ཕྱི་མའི་ཕྱི་མ་དང་། བཤད་པའི་རྒྱུད་དོ། །རྡོ་རྗེ་སྙིང་པོ་གཏན་ལ་འབེབས་པའི་རྒྱུད་ལ་གསུམ་སྟེ། རྩ་བའི་རྒྱུད་ཡེ་ཤེས་གསང་བ་དང་། ཡེ་ཤེས་རྫོགས་པའི་རྒྱུད་དང་། ཡེ་ཤེས་ཀློང་རྫོགས་ཀྱི་རྒྱུད་དང་། དེ་རྣམས་སྤྱིའི་བཤད་རྒྱུད་བཛྲ་ཁ་ས་མནྟ་ཆེན་མོའོ། །གཉིས་པ་རྡོ་རྗེ་སེམས་དཔའ་ནམ་མཁའ་མཉམ་ཀློང་གི་རྒྱུད་ལ་དབྱེ་བ་མེད་དོ། །གསུམ་པ་ནམ་མཁའ་ཆེ་རྒྱས་པའི་རྒྱུད་ལ་གཉིས་ཏེ། རྒྱས་པ་རྩ་བའི་རྒྱུད་དང་། རྒྱུད་ཕྱི་མའོ། །བཞི་པ་རྨད་དུ་བྱུང་བའི་རྒྱུད་སྡེ་ལ་སྤྱིར་ལེའུ་འབུམ་ཕྲག་གཅིག་བཞུགས་ནའང་། བོད་དུ་འགྱུར་བ་ལ་གསུམ་སྟེ། རྒྱས་པ་ལེའུ་བརྒྱད་ཅུ་རྩ་བཞི་པ་དང་། འབྲིང་པོ་ཞེ་གཉིས་པ་དང་། བསྡུས་པ་ཉེར་དྲུག་པའོ། །ལྔ་པ་ཁུ་བྱུང་རིག་པ་ཀུན་བཟང་མཛད་ཀྱི་རྒྱུད་ལ་གསུམ་སྟེ། སྤྱི་རྒྱུད་ཆེན་མོ་བཞི་དང་། བཤད་པའི་རྒྱུད་བཅོ་བརྒྱད་དང་། མན་ངག་གི་རྒྱུད་གཅིག་གོ། །དང་པོ་ནི། ནམ་མཁའ་དྲི་མ་མེད་པ་གསང་བའི་སྒོ་མངས་ཀྱི་རྒྱུད་དང་། འཁོར་ལོ་གཏིང་རྫོགས་རྒྱལ་པོའི་རྒྱུད་དང་། སྤྱོད་པ་བསྡུས་པ་སྒྲོན་མ་རྒྱལ་པོའི་རྒྱུད་དང་། ཉ་མོ་བག་ལ་ཉལ་གྱི་རྒྱུད་དོ། །མར་ཆུང་ཤེས་རབ་འོད་ཀྱི་བཞེད་པ་ལའང་ལྔ་སྟེ། ནམ་མཁའ་ཆེ་རྒྱས་པའི་རྒྱུད་སྡེ་གསང་བའི་སྙིང་པོ་ཡི་གེ་མེད་པའི་གདམ་ངག་དང་བཅས་པ་དང་། རྡོ་རྗེ་སེམས་དཔའ་མཁའ་མཉམ་ཀློང་གི་རྒྱུད་སྡེ་ནམ་མཁའ་དྲི་མ་མེད་པ་གསང་བ་སྒོ་མངས་ཀྱི་གདམས་ངག་དང་བཅས་པ་དང་། ཁུ་བྱུག་རིག་པ་ཀུན་བཟང་མཛོད་ཀྱི་རྒྱུད་སྡེ་རྩ་བ་བཅོ་བརྒྱད་ཀྱི་མན་ངག་དང་བཅས་པ་དང་། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའི་རྒྱུད་སྡེ་མ་བུ་སུམ་སྐོར་གྱི་གདམ་ངག་དང་བཅས་པ་དང་། བྱང་ཆུབ་ཀྱི་སེམས་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་སྡེ་མ་བུ་དགུ་སྐོར་གྱི་གདམ་ངག་དང་བཅས་པའོ། །དང་པོ་ལ་གཉིས་ཏེ། རྒྱས་པ་རྩ་བའི་རྒྱུད་དང་། རྒྱུད་ཕྱི་མ་གཉིས་ལ། ཡི་གེ་མེད་པ་ཞེས་བྱ་བའི་སྙན་རྒྱུད་ཀྱི་གདམ་ངག་དང་བཅས་པ་བཞུགས་སོ། །གཉིས་པ་ལ་དབྱེ་བ་ནི་རྒྱུད་ཆེན་པོ་གཅིག་བཞུགས་ཏེ། དེ་ལ་གདམས་ཀྱང་ལམ་དཀྱུས་མའི་གདམ་ངག་ལ་བརྟེན་ནས་འགྲོ་བ་ཕྱོགས་མེད་དུ་དྲང་པ་ཞེས་བྱ་སྟེ། གང་ཟག་ལྟ་བ་མ་རྟོགས་པ་བརྒྱ་ཐམ་པ་ལ་རྟོགས་ཐབས་བརྒྱ་ཐམ་པ། སེམས་མ་ཟིན་པ་བརྒྱ་ཐམ་པ་ལ་གཟུང་ཐབས་བརྒྱ་ཐམ་པ། སྐྱོན་བྱུང་བ་བརྒྱ་ཐམ་པ་ལ་བཅོས་ཐབས་བརྒྱ་ཐམ་པ་སྟོན་པ་བཞུགས་སོ། །གསུམ་པ་ནི། རྩ་བ་བཅོ་བརྒྱད་ལ་རྒྱབ་བརྟེན་གྱི་རྒྱུད་བཅོ་བརྒྱད་བཞུགས་ཏེ་མན་ངག་རྩ་བ་བཅོ་བརྒྱད་པ་ཉིད་དོ། །བཞི་པ་ལ་གསུམ་སྟེ། རྒྱས་པ་ལེའུ་བཞི་བཅུ་པ་དང་། འབྲིང་པོ་ཉེར་ལྔ་པ་དང་། བསྡུས་པ་བཅུ་གཅིག་པའམ་བཞི་པ་གསུམ་སྙན་རྒྱུད་ཀྱི་གདམ་ངག་དང་བཅས་པ་བཞུགས་སོ། །ལྔ་པ་ལ་གཉིས་ཏེ། རྡོ་རྗེ་སྙིང་པོ་གཏན་ལ་འབེབས་པའི་རྒྱུད་སྡེ་དང་། ལྟ་བ་ནམ་མཁའ་ལྟར་མཐའ་དབུས་མེད་པའི་རྒྱུད་སྡེའོ། །དང་པོ་ལ་ལྔ་སྟེ། མན་ངག་གི་རྩ་བའི་རྒྱུད་ཡེ་ཤེས་གསང་བ་དང་། དེའི་བཤད་པའི་རྒྱུད་བཛྲ་ཁ་ས་མནྟ་ནམ་མཁའ་དང་མཉམ་པའི་རྒྱུད་དང་། སྒོམ་པའི་རྒྱུད་ཡེ་ཤེས་རྫོགས་པ་དང་། བསམ་བསྟན་གྱི་རྙོག་མ་སེལ་བའི་རྒྱུད་ཨེ་ཨ་ར་ལི་རྙོག་མ་མེད་པའི་རྒྱུད་དང་། རྣལ་འབྱོར་གྱི་ཉམས་རྙེད་པའི་རྒྱུད་ཉ་མོ་བག་ལ་ཉལ་གྱི་རྒྱུད་སྡེའོ། །གཞན་ཡང་རྡོ་རྗེ་སྙིང་པོ་གཏན་ལ་འབེབས་པའི་རྒྱུད་ཀྱི་ཁོང་སུ་འགྲོ་བའི་ཡེ་ཤེས་བདུན་འབྱུང་གི་རྒྱུད་དང་། ཀློང་དགུའི་རྒྱུད་དང་། རིན་པོ་ཆེ་འཁོར་ལོ་ཡེ་ཤེས་རྫོགས་པའི་རྒྱུད་དང་། ཀུན་འདུས་འོད་ཀྱི་ཏནྟྲ་ལ་སོགས་པ་འགའ་བཞུགས་སོ། །གཞན་ཡང་རྡོ་རྗེ་སྙིང་པོ་གཏན་ལ་འབེབས་པའི་རྒྱུད་སྡེ་བཅུ་གསུམ། པདྨའི་སྙིང་པོ་གཏན་ལ་འབེབས་པའི་རྒྱུད་སྡེ་བཅུ་གསུམ། དེ་གཉིས་བསྡེབས་ནས་ཉམས་སུ་ལེན་པའི་སྙན་རྒྱུད་བཅུ་གསུམ་སྟེ། སོ་དགུ་པོ་དེ་རྣམས་ལ་རྒྱུད་མཐའི་མཐར་ཐུག་ཏུ་བྱེད་པ་ཡང་ཡོད་གསུང་སྐད་དོ། །གཉིས་པ་མཐའ་དབུས་མེད་འདི་རྒྱུད་ལ་དགུ་སྟེ། ཀུན་བྱེད་རྒྱལ་པོ་རྩ་བའི་རྒྱུད་དང་། རྒྱུད་ཕྱི་མ་དང་། ཕྱི་མའི་ཕྱི་མ་དང་། བཤད་པའི་རྒྱུ་དང་། སྤྱིའི་རྒྱུད་སྡེ་བཞི་ཞེས་བྱ་སྟེ་ནམ་མཁའ་དང་མཉམ་པ་ཡི་གེ་མེད་པ་དང་། རྒྱ་མཚོ་དང་མཉམ་པ་རྙོག་པ་མེད་པ་དང་། ཉི་ཟླ་དང་མཉམ་པ་དྲི་མ་མེད་པ་དང་། རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད་དོ། །ཕྱི་མ་གསང་བ་མཐའ་དང་མཉམ་པའི་རྒྱུད་དང་དགུའོ། །གཉིས་པ་སེམས་སྡེའི་སྐོར་ནི། ཡོངས་སུ་གྲགས་པའི་སེམས་སྡེ་བཅོ་བརྒྱད་དང་སེམས་ཕྲན་དྲུག་ཅུ་རྩ་བཞིའམ། བརྒྱད་ཅུ་རྩ་གཉིས་ལ་སོགས་པ་བཞུགས་སོ། །གསུམ་པ་ཀློང་སྡེ་སྐོར་ལ་གཉིས་ཏེ། བསྟན་པའི་ཀློང་དང་མན་ངག་གི་ཀློང་ངོས། དང་པོ་ནི་ཀློང་དགུ་ཕྲུགས་དང་། ལྔ་ཕྲུགས་དང་། སུམ་ཕྲུགས་དང་། ཀློང་དཀོར་དང་། ཐུགས་རྗེ་ཀློང་ནག་པོ་ལ་སོགས་པའོ། །མན་ངག་གི་ཀློང་ནི། རྩ་བ་རྒྱ་མཚོའི་ཀློང་ལ་ཨ་ཙ་ར་གསལ་བ་རྒྱན་གྱི་བཤད་འགྲེལ་དང་། བྷི་མ་ལའི་སྒོམ་འགྲེལ་གཉིས། སྙན་རྒྱུད་ཀྱི་གདམས་པ་དང་བཅས་པ་བཞུགས་སོ། །བཞི་པ་བསམ་བསྟན་གྱི་སྡེ་ནི། སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པའི་སྒོམ་པའི་ཡི་གེ་ཕྲག་བརྒྱད་ཅུ་སྟེ། རེ་རེས་ཀྱང་གང་ཟག་རེ་རེའི་ཆ་རྐྱེན་ཚང་བར་སྟོན་པ་བཞུགས་སྐད་དོ། །ལྔ་པ་དབང་གི་སྡེ་ནི། རིག་པ་རྩལ་གྱི་དབང་སྟོན་པའི་དབང་གི་ཆོས་སྡེ་རྣམ་པ་ལྔ་སྟེ། རྡོ་རྗེ་ཟམ་པ་དང་། ཟམ་ཆུང་དང་། ཡེ་ཤེས་སྤྱི་བླུགས་དང་། དབང་རྣ་བརྒྱུད་དོ། །དེ་ལྟར་ཆོས་སྡེ་ལྔ་ལས། དེ་རེས་རྒྱུད་སྡེར་ངོས་གཟུང་། རྒྱུད་སྡེ་རང་ལ་ལྔ་ཡོད་པ་ལས། འདི་བྱང་ཆུབ་ཀྱི་སེམས་ནམ་མཁའ་དང་མཉམ་པའི་རྒྱུད་སྡེ། དེ་ལའང་གཉིས་ལས། ལྟ་བ་མཐའ་དབུས་མེད་པ་ནམ་མཁའ་ལྟར་སྟོན་པའི་རྒྱུད་སྡེའོ། །དེ་ལའང་དགུ་ལས་རྩ་བའི་རྒྱུད་ཀུན་བྱེད་རྒྱལ་པོའི་རྒྱུད་དུ་ངོས་གཟུང་ངོ་། །དེ་དག་ནི་བསྟན་པ་སྤྱི་ལྟར་ཁོག་དབུབ་པ་དམ་པའི་ཆོས་ངོས་གཟུང་ཐབས་དང་བཅས་པ་ཞེས་བྱ་སྟེ། དཔེར་ན་སྨན་པ་འཚོ་བྱེད་གཞོན་ནུས་ལག་གི་རྩ་དང་ལུས་ཀྱི་ཆུ་ལ་བརྟེན་ནས་ལུས་མགོ་མཇུག་གི་ནད་ངོས་འཛི ན་ལྟ་བུའོ། །སྤྱི་དོན་གཉིས་པ་རྒྱུད་འདི་ཉིད་ཀྱི་གནས་ཚུལ་ལྟར་ཁོག་དབུབ་པ་ལ་གཉིས་ཏེ། རྒྱུད་འདི་གཞན་ལས་ཁྱད་པར་འཕགས་པའི་ཆེ་བ་དང་། ཆེ་བ་དང་ལྡན་པའི་རྒྱུད་དེ་ཇི་ལྟར་བཤད་པའི་ཐབས་ཀྱི་ཡན་ལག་གོ། །དང་པོ་ལ་དགུའམ་བདུན་ཏེ། ལུང་ཐམས་ཅད་ཀྱི་རྒྱལ་པོ་ཡིན་པར་ངེས་པའི་ཆེ་བ་རྒྱལ་པོའི་བཀའ་ལུང་ལྟ་བུ་དང་། སྤྱིར་ཨ་ནུ་མན་ཆད་ལའང་རང་རང་གི་ཐད་ཀའི་དོན་གཏན་ལ་འབེབས་ཤིང་སྒྲོ་སྐུར་དང་བྲལ་བའི་ལུང་རེ་ཡོད་པས་ན་རྒྱལ་པོ་མ་ལག་སྟེ་ཆ ོས་ཉིད་ཀྱི་ཕྱོགས་འགའ་ལས་གཏན་ལ་མ་འབེབས་པའི་ཕྱིར་རོ། །འདི་ནི་གནས་ལུགས་ཆད་ལྷག་མེད་པར་གཏན་ལ་འབེབས་པ་སྒྲོ་སྐུར་མཐའ་དག་དང་བྲལ་བས་གསུང་ཐམས་ཅད་ཀྱི་རྒྱལ་པོ་སྟེ་དཔེར་ན་རྒྱལ་པོའི་བཀའ་ལུང་ལ་གཞན་གྱིས་སྐྱོར་མི་ནུས་པ་ལྟ་བུའོ། །དེ་ཡང་བཅུ་གཉིས་པ་ལུང་ཁུང་བརྟན། དེ་ལས། ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་ང་ནི། །ལུང་ཆེན་ཀུན་གྱི་རྒྱལ་པོ་ང་ཡིན་པས། །སྟོན་པ་གསུམ་ཡང་དང་པོར་ང་ལས་བྱུང་། །ལུང་ཞེས་བྱ་བ་སྟོན་པའི་བཀའ་ལ་གདགས། །ཞེས་སོ། །མན་ངག་ཐམས་ཅད་ཀྱི་རྩ་བ་ཡིན་པར་ངེས་པའི་ཆེ་བ་གསེར་འགྱུར་གྱི་རྩི་ལྟ་བུ་དང་། སྤྱིར་ཨ་ནུ་མན་ཆད་ལའང་རང་རང་གི་ཚོགས་ཆུང་ཞིང་དོན་ཆེ་བའི་མན་ངག་རེ་ཡོད་ཀྱང་ཐམས་ཅད་སེམས་ཉིད་དུ་ལ་མ་ཟློས་པས་རྩ་བ་མིན་ལ་འདི་ནི་གནས་ལུགས་ཐབས་སུ་ཁྱེར་བས་ཚེགས་ཆུང་དོན་ཆེ་གནད་དུ་བརྡེག་པའི་ཕྱིར་ནའམ་ཐམས་ཅད་སེམས་ཉིད་དུ་ལ་ཟློས་པའི་ཕྱིར་མན་ངག་གི་རྩ་བ་ཞེས་བྱ་སྟེ་དཔེར་ན་གསེར་འགྱུར་གྱི་རྩིས་ལྕགས་མ་སྤངས་གསེར་དུ་འགྱུར་བ་ལྟ་བུའོ། །དེ་ཡང་འདི་ཉིད་ལས། མན་ངག་ཀུན་གྱི་རྩ་བ་ང་ཡིན་པས། །སེམས་ལས་མ་གཏོགས་པ་ཡི་ཆོས་ཉིད་ནི། །དུས་གསུམ་བུདྷ་ཁམས་གསུམ་སེམས་ཅན་ལ། །ཀུན་བྱེད་ང་ཡིས་ཡང་དག་བསྟན་པ་མེད། །ཅེས་སོ། །རྒྱུད་དང་མདོ་སྡེ་ཀུན་གྱི་སྤྱི་འགྲེལ་ཡིན་པར་ངེས་པའི་ཆེ་བ་འཕྲུལ་གྱི་མེ་ལོང་ལྟ་བུ་དང་། ཨ་ནུ་མན་ཆད་ནི་རང་རང་གི་འདོད་པ་ཚོ་དང་ཕྱོགས་སྔ་ཁ་ཡར་ལས་མི་ཁྲོལ་བས་སྤྱིའི་འགྲེལ་བ་མ་ཡིན་ལ། འདི་ནི་ཐེག་པ་མཐའ་དག་གི་དོན་གསལ་བར་འགྲེལ་བས་གསང་སྔགས་ཀྱི་རྒྱུད་སྡེ་དང་མདོ་སྡེ་མཚན་ཉིད་ཀྱི་ཐེག་པ་མཐའ་དག་གི་སྤྱིའི་འགྲེལ་བ་ཞེས་བྱ་སྟེ། དཔེར་ན་འཕྲུལ་གྱི་མེ་ལོང་གིས་ཀུན་གསལ་བར་མཐོང་བ་ལྟ་བུའོ། །དེ་ཡང་འདི་ཉིད་ལས། རྒྱུད་དང་མདོ་སྡེ་ཀུན་གྱི་སྤྱི་འགྲེལ་ཡིན། །རྒྱུད་དང་མདོ་སྡེ་སྟོན་པའི་སྟོན་པ་ཡང་། །ཀུན་བྱེད་ང་རང་རང་བཞིན་བྱུང་བ་ཡིན། །སྟོན་པ་དང་ནི་བསྟན་པ་གཉིས་ཀ་འགྲེལ། །ཞེས་སོ། །བསྟན་པ་ཐམས་ཅད་ཀྱི་ཡང་རྩེ་ཡིན་པར་ངེས་པའི་ཆེ་བ་རི་རྒྱལ་ལྷུན་པོའི་རྩེར་ཕྱིན་པ་ལྟ་བུ་དང་། སྐུ་གསུམ་གྱི་བསྟན་པ་རྩོལ་བཅས་ཐམས་ཅད་ཐེག་པ་བརྒྱད་པོའི་རྩེ་མོའི་རྒྱུད་ལུང་གཉིས་ཡིན་ལ་དེ་གཉིས་ཀྱི་ཡང་རྩེ་མོར་གྱུར་པ་ཨ་ཏི་ཡིན་འདི་ཉིད་གཞན་གྱི་སྤྱོད་ཡུལ་དུ་མ་གྱུར་ལ་ཁམས་འོག་ཏུ་ཀུན་ཆུབ་པས་ན་བསྟན་པ་ཐམས་ཅད་ཀྱི་ཡང་རྩེ་ཞེས་བྱ་སྟེ། དཔེར་ན་རི་རྒྱལ་ལྷུན་པོ་དེ་གསེར་གྱི་རི་བདུན་ལ་སོགས་པ་རི་ཕྲན་ཡོངས་ལས་འཕགས་པ་ལྟ་བུའོ། །དེ་ཡང་དེ་ཉིད་ལས། ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་ང་ནི། །བསྟན་པ་ཀུན་གྱི་རྒྱལ་པོ་ཡིན་པར་བཤད། །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །བསྟན་པ་མདོ་སྡེ་འདུལ་བ་མངོན་པ་དང་། །བསྟན་པ་སོ་སོའི་སྡེ་ནི་འབུམ་སྡེ་དང་། །བསྐྱེད་རྫོགས་གསང་བ་ལ་སོགས་རྩོལ་སྒྲུབ་ཅན། །ཀུན་ཀྱང་རྩོལ་སྒྲུབ་འདས་པ་ང་ལ་བཀྲོད། །རྩོལ་སྒྲུབ་ཉིད་ཀྱིས་འདས་པ་ང་མི་མཐོང་། །དེས་ན་བསྟན་པ་ཀུན་གྱི་ཡང་རྩེར་བཤད། །ཅེས་སོ། །ཐེག་པ་ཐམས་ཅད་ཀྱི་ཉིང་ཁུ་ཡིན་པར་ངེས་པའི་ཆེ་བ་མར་གྱི་ཡང་ཞུན་ལྟ་བུ་དང་། ཨ་ནུ་མན་ཆད་ལམ་འབྲས་བུ་དང་བཅས་པའི་ཐེག་པ་ཐམས་ཅད་ཡིན་ཡང་ཉིད་ཁུ་མ་ཡིན་ཏེ་དྲང་དོན་གཙོ་ཆེར་སྟོན་པའི་ཕྱིར་རོ། །འདི་ནི་ཐེག་པ་ཐམས་ཅད་ཀྱི་ཉིང་ཁུ་ཡིན་ཏེ་ཐམས་ཅད་ཀྱི་བཅུད་འདུས་པ་དང་ངེས་དོན་སེལ་མེད་དུ་སྟོན་པའི་ཕྱིར་རོ། །དཔེར་ན་མར་གྱི་ཡང་ཞུན་ནམ་ཆང་གི་ཉིང་ཁུ་ལ་སེལ་མེད་པ་ལྟ་བུའོ། །དེ་ཡང་དེ་ཉིད་ལས། ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་ང་ནི། །ཐེག་པ་ཀུན་གྱི་སྙིང་ཁུ་ཡིན་པར་བཤད། །སྟོན་པ་གསུམ་གྱི་གནས་པའི་ཐེག་པ་གསུམ། །ངེས་པར་གནས་པ་ཐེག་པ་གཅིག་ལས་མེད། །གཅིག་གི་ཀུན་བྱེད་བྱང་ཆུབ་སེམས་ཀྱི་སང་། །དེ་ནི་ཐེག་པ་ཀུན་གྱི་ཉིང་ཁུ་བཤད། །ཅེས་སོ། །མ་རིག་པའི་མུན་པ་སེལ་ཞིང་ཡེ་ཤེས་ཆེན་པོའི་སྣང་བ་མཆོད་པར་ངེས་པའི་ཆེ་བ་གཟི་ལྡན་ཉི་མའི་སྙིང་པོ་ལྟ་བུ་དང་། སྐྱེ་བ་དང་འགོགས་པའི་རྒྱུད་ལ་ཡོད་པའི་ལྷན་ཅིག་སྐྱེས་པའི་མ་རིག་པ་དང་རང་བཞིན་དང་ཆེད་དུ་བརྟགས་པའི་མུན་པ་ཐམས་ཅད་སྐྱེ་འགག་གཉིས་མེད་ཀྱི་ངང་དུ་རང་གྲོལ་དུ་ཞིང་ཅིར་སྣང་རང་ཡེ་ཡིན་པ་ལ་ཡིན་པར་རྟོགས་པའི་ཡེ་ཤེས་ཆེན་པོའི་སྣང་བ་གདུལ་བྱའི་བློ་ལ་མཆེད་པར་བྱེད་པ་སྟེ་དཔེར་ན་ཉི་ཟླའི་མཎྜལ་ཤར་བས་གླིང་བཞིའི་མུན་པ་སེལ་ཞིང་སྣང་བ་མཆེད་པ་ལྟ་བུའོ། །དེ་ཡང་དེ་ཉིད་ལས། ཀྱེ་ང་ནི་མ་རིག་པ་ཡི་མུན་བསལ་ནས། །ཡེ་ཤེས་ཆེན་པོའི་སྣང་བ་མཆེད་པར་བྱེད། །དེ་ཡང་། ཇི་ལྟ་བུ་ཞེས་བསྟན་ཞེ་ན། ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །བོ་དྷི་དེ་བཞིན་ཉིད་དུ་མ་རིག་སྟེ། །མ་རིག་རྟོག་པའི་མུན་པ་འཐིབས་པ་ལ། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །ཀུན་བྱེད་བྷོ་དྷི་ཙི་ཡིས་བྱས་པའི་ཕྱིར། །ཀུན་བྱེད་བྷོ་དྷི་ཙི་ཏར་རིག་བྱས་ནས། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །སོ་སོར་རྟོག་པའི་མུན་པ་བསལ་ནས་ཀྱང་། །རང་བྱུང་ཡེ་ཤེས་ཆེན་པོའི་སྣང་བ་མཆེད། །དེས་ན་མ་རིག་མུན་སེལ་སྣང་བ་མཆེད་ཅེས་བྱ། །ཞེས་སོ། །རྣམ་པར་རྟོག་པའི་དྲ་བ་འདྲལ་ཞིང་ཉོན་མོངས་པའི་ཕྲེང་ཐག་གཅོད་པར་ངེས་པའི་ཆེ་བ་རལ་གྲི་ཁ་མངས་ལྟ་བུའོ། །སྐྱེ་བོའི་དུས་གསུམ་གྱི་རྟོག་པ་མང་ལ་འགྲེལ་བའི་དྲ་བ་དང་དེར་ཡང་མ་ཟད་དེ་ཐེག་པའི་འདོད་ཡོན་དུག་ལྔ་ལ་སྤོང་འགེགས་སྦྱོང་སྐུར་ལ་སོགས་པའི་རྟོག་པ་མང་ལ་འབྲེལ་བའི་དྲ་བ་ཐམས་ཅད་འདིར་རང་གྲོལ་དུ་འདྲལ་ཞིང་། སྐྱེ་བོའི་འདོད་ཆགས་རྒྱུན་དང་བཅས་པ་ལ་སོགས་པའི་ཉོན་མོངས་པའི་ཕྲེང་ཐག་ཐམས་ཅད་དང་དེར་ཡང་མ་ཟད་དེ་ཐེག་པ་འོག་མ་རྣམས་དེ་ལྟར་སྤོང་འགེགས་སྦྱོང་སྒྱུར་ལ་སོགས་པའི་རྩོལ་བས་ཤེས་རྒྱུད་ཚི་ཆད་པའི་ཉོན་མོངས་པའི་ཕྲེང་ཐག་ཀྱང་གཤིས་རྩོལ་སྒྲུབ་བྱ་རྩོལ་ཐམས་ཅད་དང་བྲལ་བར་རྟོགས་པའི་རང་གྲོལ་དུ་གཅོད་པ་སྟེ་དཔེར་ན་རལ་གྲི་ཁ་མངས་ཀྱི་སོས་ཕྱོགས་མེད་དུ་གཅོད་པ་ལྟ་བུའོ། །དེ་ཡང་དེ་ཉིད་ལས། ཀྱེ་སེམས་དཔའ་ཆེན་པོ། རྣམ་པར་རྟོག་པའི་དྲ་བ་དྲལ་ནས་ནི། །ཉོན་མོངས་པ་ཡི་འཕྲེང་ཐག་གཅོད་པར་བྱེད། །ཇི་ལྟར་སྣང་བའི་ཆོས་འདི་ཐམས་ཅད་ལ། །རྒྱུ་དང་འབྲས་བུའི་ཐེག་པ་ཅན་རྣམས་ལ། །ལ་ལ་དུག་མཐོང་སྤོང་བའི་རྟོག་པ་བྱེད། །ལ་ལས་སེམས་ཆགས་པ་ཡི་ཡུལ་མཐོང་ནས། །བདེན་གཉིས་མ་ཆགས་པ་ཡི་རྟོག་པ་བྱེད། །ལ་ལས་རྣམ་དག་བྱ་བའི་ཡུལ་མཐོང་ནས། །དག་པ་གསུམ་དང་བྱིན་རླབས་ཆོ་འཁྲུལ་གྱིས། །རྗེ་དང་ཁོལ་གྱི་ཚུལ་དུ་རྟོག་པར་བྱེད། །ལ་ལས་རང་རྒྱུད་དག་པའི་མཎྜལར། །བསྙེན་སྒྲུབ་རྣམ་བཞིས་སྒྲུབ་འདོད་རྟོགས་བྱེད་པ། །ཐམས་ཅད་ཀུན་བྱེད་བྷོ་དྷི་ཙི་ཏ་ཡིས། །སེམས་ལས་གཞན་མ་ཡིན་རྟོག་དྲལ་ནས་ནི། །སོ་སོར་རྟོག་པའི་ཉོན་མོངས་ཕྲེང་ཐག་གཅོད། །ཅེས་སོ། །གཉིས་པ་ཆེ་བ་དེ་དང་ལྡན་པའི་རྒྱུད་ཀྱི་ཇི་ལྟར་བཤད་པའི་ཐབས་ཀྱི་ཡན་ལག་ནི། འདི་ཉིད་ཀྱི་བཅུ་གསུམ་པ་ལས། ང་ནི་ཆོས་ཀྱི་སྤྱི་ལུང་ཡིན་པའི་ཕྱིར། །གཏན་ཚིག་དོན་གྱི་བཤད་ལུགས་རྣམ་ལྔ་ནི། །སྤྱི་དོན་རྣམ་པ་ལྔ་ཡིས་བཤད་པ་སྟེ། །ལོ་རྒྱུས་དོན་གྱི་བཤད་ལུགས་བསྟན་པ་དང་། །རྩ་བ་དོན་གྱི་བཤད་ལུགས་བསྟན་པ་དང་། །ཡོ་ག་དོན་གྱི་བཤད་ལུགས་བསྟན་པ་དང་། །དགོས་པ་དོན་གྱི་བཤད་ལུགས་བསྟན་པ་དང་། །ཚིག་གི་དོན་གྱི་བཤད་ལུགས་བསྟན་པའོ། །ཞེས་འབྱུང་བས། སྤྱི་དོན་ལྔ་ཡིས་འཆད་དེ། བགྲང་། དེ་ལས་དང་པོ་བྱུང་ཚུལ་ལོ་རྒྱུས་ཀྱི་དོན་གྱིས་བཤད་པ་ནི། དེ་ཉིད་ལས། དང་པོར་ཡིད་ཆེས་པ་ཡི་ཁུངས་བསྟན་ཕྱིར། །ལོ་རྒྱུས་དོན་གྱི་བཤད་ལུགས་བསྟན་པར་བྱ། །ཞེས་པས། འདི་ལ་གསུམ་སྟེ། བཤད་རྒྱུད་ལས། ལོ་རྒྱུས་དོན་ལ་རྣམ་གསུམ་སྟེ། །བྱིན་གྱིས་རླབས་ཀྱིས་བཤད་པ་དང་། །རང་གི་ངོ་བོས་བཤད་པ་དང་། །ཚིག་སྡེབས་ལ་ལེགས་པའི་བཤད་པའོ། །ཞེས་སོ། །དེ་ལས་དང་པོ་བྱིན་གྱིས་རླབས་ཀྱིས་བཤད་པ་ནི། སྟོན་པ་ཀུན་ཏུ་བཟང་པོས་རྡོ་རྗེ་སེམས་དཔའ་ལ་བཤད་པ་ཡིན་ཏེ། དེ་ཉིད་ལས། བྱིན་གྱིས་རླབས་ཀྱིས་བཤད་པ་ནི། །རང་བཞིན་ཆོས་ཀྱི་གཞལ་ཡས་ན། །སྟོན་པ་ཀུན་ཏུ་བཟང་པོ་ཡང་། །མཚན་མའི་སྐུ་གསུང་མི་མངའ་བར། །ཆོས་ཉིད་སྐྱེ་བ་མེད་པ་དེ། །བཟང་ངན་བླང་དོར་མེད་པ་རུ། །ཀུན་བཟང་ཉིད་དུ་བྱིན་རླབས་ནས། །རྡོ་རྗེ་སེམས་དཔའ་ཐུགས་ལ་བརྒྱུད། །བྱིན་གྱིས་རླབས་ཀྱིས་བཤད་ཅེས་བྱ། །ཞེས་སོ། །གཉིས་པ་རང་གི་ངོ་བོས་བཤད་པ་ནི། སྟོན་པ་རྡོ་རྗེ་སེམས་དཔའ་དགའ་རབ་རྡོ་རྗེ་ལ་བཤད་པ་སྟེ། དེ་ཉིད་ལས། རང་གི་ངོ་བོས་བཤད་པ་ནི། །སྐྱེ་མེད་དབྱིངས་ཀྱི་ཕོ་བྲང་ན། །སྟོན་པ་རྡོ་རྗེ་སེམས་དཔའ་ཡང་། །མཚན་མའི་སྐུ་གསུང་མི་མངའ་བར། །ཆོས་ཉིད་སྐྱེ་བ་མེད་པ་དེ། །སྐྱེ་འཇིག་མེད་པའི་ངོ་བོ་དང་། །རྡོ་རྗེ་ང་ཡི་ངོ་བོ་རུ། །སྤྲུལ་པ་གང་ཟག་སྐལ་ལྡན་ལ། །རིག་པའི་འོག་མིན་གནས་སུ་བཤད། །རང་གི་ངོ་བོས་བཤད་ཅེས་བྱ། །ཞེས་སོ། །གསུམ་པ་ཚིག་སྡེབས་ལེགས་པའི་བཤད་པ་ནི། དགའ་རབ་རྡོ་རྗེས་འཇམ་དཔལ་བཤེས་གཉེན་ལ་སོགས་པ་ལ་ཚིགས་ཉུང་ལ་དོན་ཆེ་བར་བཤད་པ་སྟེ། དེ་ཉིད་ལས། ཚིག་སྡེབས་ལེགས་པའི་བཤད་པ་ནི། །འཛམ་གླིང་རྒྱུད་དྲུག་གནས་འདི་ན། །སྤྲུལ་པ་གང་ཟག་སྐལ་ལྡན་དེས། །ཆོས་ཉིད་སྐྱེ་བ་མེད་པ་དེ། །སྐྱེ་བ་མེད་པའི་ཚིག་བརྗོད་པས། །སྐྱེ་བ་མེད་པའི་དོན་རྟགས་སུ། །རིན་ཆེན་གསེར་གྱི་གླེགས་བམ་ལ། །བཻ་ཌཱུར་ཞུན་མའི་རང་ནན་གྱིས། །ཚིག་དང་ཡི་གེར་བྲིས་སྡེབས་ནས། །ཕྱི་རབས་རྣམས་ཀྱི་བཙས་སུ་བཞག །ཚིག་སྡེབས་ལེགས་པའི་བཤད་ཅེས་བྱ། །ཞེས་སོ། །འོ་ན་རྡོ་རྗེ་སེམས་དཔའ་དགའ་རབ་རྡོ་རྗེ་ལ་གནས་གང་དུ་བཤད་པ་ཡིན་ཞེ་ན། རྡོ་རྗེ་ཟམ་པ་ཆེ་ཆུང་དང་པོ་ཡེ་ཤེས་གསང་བ་ལ་སོགས་པ་ནས་སུམ་ཅུ་རྩ་གསུམ་དུ་བཤད་པར་གསལ་ཏེ། དེའང་སུམ་ཅུ་རྩ་གསུམ་གྱི་གནས་ན་དགའ་རབ་རྡོ་རྗེ་སྤྲུལ་པའི་སྐུ་དེ་ཉིད་ལྷའི་བུ་ཀུན་དགའ་སྙིང་པོ་སེམས་ལྷག་ཅན་དུ་བཞུགས་པའི་དུས་ན་སྤྲུལ་པའི་བརྒྱ་བྱིན་གྱིས་ཕྱོགས་བཅུའི་རྒྱལ་བ་རྣམས་ལ་བསྐུལ། རྒྱལ་བ་རྣམས་ཀྱི་སེམས་དཔའ་རྡོ་རྗེ་ལ་བསྐུལ། དེས་གསང་བདག་ཕྱུང་སྟེ་དེ་གཉིས་ཐ་དད་མེད་པས་ལྷའི་བུ་ཀུན་དགའ་སྙིང་པོ་ལ་བཤད་པ་སྟེ། ཞིབ་ཏུ་ཐུགས་རྗེ་སྐྱེ་ཚུལ་གྱི་སྐབས་ལྟར་རོ། །དེ་ཡང་རྣ་རྒྱུད་རྡོ་རྗེ་ཟམ་པ་ལས། དགའ་རབ་རྡོ་རྗེ་བདག་ཉིད་ཀྱང་། །དེ་བ་བཟང་སྐྱོང་བུ་ཐུ་བོ། །ཀུན་དགའ་སྙིང་པོ་བྱ་བ་ཡིན། །ཞེས་པ་དང་། ཡང་། སུམ་ཅུ་རྩགསུམ་ཡང་ཐོག་ཏུ། །སྲོག་ཤིང་རྡོ་རྗེ་རྩེ་དགུ་པར། །གསེར་གྱི་འཁོར་ལོ་འབར་བ་བཞག །གསང་བའི་གཏེར་འཛིན་བདག་པོར་གྲགས། །ཞེས་པ་དང་། ཡང་། དུས་མཐའི་སྐད་ཅིག་ཉིད་ལ་ནི། །རྒྱལ་ཐབས་སྤྱི་བླུགས་དབང་བསྐུར་ནས། །ཀློང་དགུ་བམ་པོ་ཉི་ཁྲི་གསུངས། །འཛམ་གླིང་རྒྱུད་དུ་རྒྱལ་ཐེབས་བྱས། །ཞེས་སོ། །དེ་ལྟར་ལྷའི་གནས་སུ་གྲགས་ནས་མི་ཡུལ་དུ་དགའ་རབ་རྡོ་རྗེས་བཤད་པ་སྟེ། དེ་ལ་སྤྱི་བླུག་སྲས་གཅིག་ལ་བརྒྱུད་པ་དང་། གསུམ་ལ་བརྒྱུད་པ་དང་། བདུན་ལ་བརྒྱུད་པ་དང་། ཉི་ཤུ་རྩ་གཅིག་ལ་བརྒྱུད་པའོ། །དང་པོ་ནི་འཇམ་དཔལ་བཤེས་གཉེན་ཁོ་ན་ལ་བཤད་པའོ། །གཉིས་པ་ནི་བྲམ་ཟེ་བདེ་མཆོག་སྙིང་པོ། རྒྱལ་པོ་དྷ་ཧེ་ན་ཏ་ལོ། བློན་པོ་གང་བ་བཟང་པོའི་བུ་ཨ་ཙཏྱ་ཨ་ལོ་ཀེ་དང་གསུམ་བཤད་པའོ། །གསུམ་པ་ནི། འཇམ་དཔལ་བཤེས་གཉེན་དང་། རྒྱལ་པོ་དྷ་ཧེ་ན་ཏ་ལོ་དང་། ཀླུའི་རྒྱལ་པོ་འཇོག་པོ་དང་། ཁྱིའི་རྒྱལ་པོ་ཀུ་ཀུ་ར་ཛ་དང་། ལྷའི་རྒྱལ་པོ་མ་ཧཱ་ར་ཙ་དང་། ཀླུ་སྒྲུབ་སྙིང་པོ་དང་། ཤྲཱི་སེང་ཧ་དང་བདུན་ལ་བཤད་པའོ། །བཞི་པ་ནི་འཇམ་དཔལ་བཤེས་གཉེན་ནས་གྲི་སེངྷའི་མ་བྷི་མ་ལ་ཡན་ཆད་ལ་དུས་གཅིག་ཏུ་བརྒྱུད་པའོ། །དེ་ལས་ད་རེས་ཀྱི་འདི་བདུན་ལ་བརྒྱུད་པའི་ལུགས་ཡིན་ཏེ། དེ་ཡང་གཞན་དྲུག་པོ་ནི་སྒོམ་ཆེན་དུ་དབང་བསྐུར་ལ། ཤྲཱི་སེངྷ་ནི་རྒྱལ་ཚབ་ཏུ་དབང་བསྐུར་རོ། །དེ་ཡན་ཆད་རྒྱ་གར་དུ་བརྒྱུད་པའི་ཚུལ་ལོ། །དེ་ནས་རྫོགས་པ་ཆེན་པོ་འདི་མངའ་རིས་བོད་ཀྱི་རྒྱལ་ཁམས་སུ་ཇི་ལྟར་དར་ཞིང་བརྒྱུད་པའི་ཚུལ་ནི། ཤྲཱི་སེངྷས་བཻ་རོ་ཙ་ན་ལ་བཤད་པ་སྟེ། དེ་ཡང་སྤྱིར་རྗེ་མེ་དབོན་རྣམ་པ་གསུམ་གྱི་སྐུ་དྲིན་ལ་དམ་པ་ཆོས་ཀྱི་དབུ་སྙེམས། སྲོལ་གཏོད་དར་ཞིང་རྒྱས་པར་མཛད་དེ། ལྷ་ཐོ་ཐོ་རིང་སྙན་ཤར་གྱི་སྐུ་རིང་ལ་བདེ་བར་གཤེགས་པའི་བྱིན་རླབས་ཀྱིས་བོད་མུན་པའི་གངས་བར་སྲིན་པོ་གདོང་དམར་གྱི་ཡུལ་འདིར། རྒྱ་ནག་གི་ཡུལ་ནས་པཾ་ཀོང་ཕྱག་རྒྱ་བ་རྙེད་ནས། དེ་ལ་བཀུར་སྟི་དང་རིམ་གྲོ་བྱས་པས་རྗེ་སྐུ་ཚེ་རིང་བ་དང་། འཁོར་བཀྲ་ཤིས་པ་དང་ཆབ་སྲིད་མཐོ་ཞིང་མངའ་ཐང་རྒྱས་པར་གྱུར་པའོ། །དེ་ནས་གདུང་རབས་འགའ་ཟུང་ནས་མངའ་བདག་སྲོང་བཙན་སྒམ་པོའི་སྐུ་དྲིན་ལ། ལོ་ཙཱ་བ་ཁ་ཆེ་ཨ་ནནྟ་ཞེས་བྱ་བས་སྒྲ་རང་འགྱུར་དུ་བསྒྱུར་ནས། དམ་པའི་ཆོས་དགེ་བ་བཅུ་དང་། གཟུངས་ཙིན་དྷ་མ་ནི་དང་། མདོ་པདྨ་དཀར་པོ་དང་། དཀོན་མཆོག་སྤྲིན་ལ་སོགས་པ་ཡང་བསྒྱུར་རོ། །དེ་ནས་གདུང་རབས་འགའ་ན་རྗེ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དྲིན་ལ། རྒྱ་གར་གྱི་མཁས་པ་བོ་དྷི་ས་ཏྭ་དང་ཨོ་རྒྱན་གྱི་མཁས་པ་པདྨ་སཾ་བྷ་བ་དང་། བལ་པོའི་མཁས་པ་ཀ་ཏུ་ན་པ་ཀྲི་དང་། རྒྱ་ནག་གི་མཁས་པ་ཧ་ཤང་མ་ཧཱ་ཡ་ན་ལ་སོགས་པ་པཎ་ཌི་ཏ་མཁས་པ་མང་པོ་ནི་སྤྱན་དྲངས། དམ་པའི་ཆོས་དཔག་ཏུ་མེད་པ་བསྒྱུར། ཐུགས་དམ་གྱི་རྟེན་དཔལ་བསམ་ཡས་དབུ་རྩེ་རིགས་གསུམ་ལ་སོགས་པ་གཙུག་ལག་ཁང་བརྒྱ་རྩ་བརྒྱད་ནི་བཞེངས་སུ་གསོལ། སློབ་དཔོན་པདྨ་འབྱུང་གནས་ལ་སོགས་པ་ལ། ལ་ཟློའི་ཆོས་ཞུས་པས་བློ་མ་ཁེངས་ནས། བློན་འབངས་རྣམས་ལ་རྒྱུ་འབྲས་ལ་ཟློ་བའི་ཆོས་ཚོལ་དུ་བཏང་བར་བཀའ་རྩལ་བའི་དུས་སུ། ཕ་བ་གོར་ཧེ་འདོད་ཅེས་བྱ་བ་དང་། མ་ཁྲི་ཞི་ཟ་སྒྲོན་སྐྱིད་གཉིས་ཀྱི་བུ་པ་གོར་ག་འཇག་ཏང་ཞེས་བྱ་བ་དང་། རྩངས་ཐེ་ལེན་ནེ་ལེན་ཏའི་བུ་རྩང་ལེ་གཉིས་ན་རེ། རྗེ་ཡིས་བཀའ་རྩལ་བའི་གོ་བདག་ཅག་གཉིས་ཀྱིས་དགུམ་ལགས་སོ་ཟེར་ནས། སྟག་གི་ལོ་དཔྱིད་ཟླ་ར་བའི་ཚེས་གསུམ་ལ་གཟའ་ཟླ་བ་ལ་གཏད་ནས། ལྷོ་ཕྱོགས་མེའི་ཐོག་ཏུ་ཕྱིན་ཏེ། དེ་ཡང་གསེར་ཕྱེ་བ་མེན་གྱི་ར་དོ། གསེར་གྱི་པ་ཏྲ་མཛུབ་གང་པ་རེ་ཁྱེར་ནས་ཨརྱ་པ་ལོའི་གླིང་དུ་སྤགས་སོ། །དེར་ཐུགས་རྗེ་ཆེན་པོའི་ལུང་ཐོབ་ནས། རྫུ་འཕྲུལ་ཐབས་ཀྱིས་འཕྲང་སྲུང་ལས་ཐར་ཏེ། ཟླ་བ་གཉིས་ཀྱིས་རྒྱ་གར་ཡུལ་དུ་རྡོལ་ཏེ། སྤྱིར་རྒྱ་གར་གྱི་ཡུལ་ན་ཆོས་ཀྱི་བབས་སོ་ཆེན་པོ་བཞི་ཡོད་པ་ལས། རྒྱ་གར་རྡོ་རྗེ་གདན་བྱ་རྒོད་ཕུང་པོའི་རི་དབུ་རྒྱན་རྡོ་རྗེའི་ཕུག །འབྲི་ཀ་མ་ལ་ཤཱི་ལའི་གཙུག་ལག་ཁང་དང་བཞི་གསུངས། ཤར་ཕྱོགས་བྷ་གྷ་ལ། ལྷོ་ཕྱོགས་བྷེ་ཏ། ནུབ་ཕྱོགས་ཨོ་རྒྱན། བྱང་ཕྱོགས་ས་ལའི་ཡུལ་དང་བཞིར་ཟུང་ངམས། འབྲི་ཀ་མ་ལ་ཤི་ལའི་གཙུག་ལག་ཁང་དུ་མི་རྣམས་ལ་ཞག་དུ་མར་དྲི་བ་བཞི་དྲིས་ཏེ། ཆོས་ནི་སུ་མཁས། མན་ངག་གི་སུ་ཆེ། གྲུབ་པ་ནི་སུ་སྙེམས། ཐུག་པ་ནི་གང་ཡིན་ཞེས་དྲིས་པས། ཐམས་ཅད་ན་རེ་མགྲིན་གཅིག་ཏུ་སློབ་དཔོན་ཤྲཱི་སིང་ཧ་ཞེས་བྱ་བ། མཁས་པ་ཉི་ཤུ་རྩ་ལྔ་ལ་གཏུགས་པ། འཇམ་དཔལ་གྱི་ཞལ་གཟིགས་པ། དགུང་ལོ་ལྔ་བརྒྱ་ལོན་པ། པཎྜི་ཏ་སྟོང་གི་སློབ་དཔོན་དུ་གྱུར་པ་ཞིག་བཞུགས་སོ་ཟེར་ནས། ཁོང་ད་ལྟ་གང་ན་བཞུགས་བྱས་པས། དྷ་ན་ཀོ་ཤའི་མཛོད། སེང་ལྡེང་བསིལ་བྱེད་ཀྱི་ཚལ། ཙནྡ་དྲི་ཞིམ་གྱི་ནགས། རིན་པོ་ཆེ་ཟ་མ་ཏོག་སྤུང་པའི་ཁབ་ན་བཞུགས་ཟེར་ཏེ། དེར་ཕྱིན་ནས། བྲམ་ཟེ་མོ་བློ་གྲོས་དྲི་མེད་བྱ་བ་ལ་འཕྲིན་བརྫངས་པ། ཐུགས་རྗེ་མ་སྨིན་སྨོན་ལམ་མ་དག་པས། །འཕགས་པའི་བཞུགས་གནས་སེམས་ཅན་གནས་སུ་འགྱངས། །སྡུག་པོ་འཐིབས་བསལ་འཕགས་པའི་ཉི་ཞལ་ཁུམ། །ཐུགས་རྗེས་ཉི་ཞལ་སྟོན་ལ་ཐུགས་རྗེའི་ཞགས་པས་གཟུང་དུ་གསོལ། ཞེས་བསྲིངས་བས། རྗེའི་ཞལ་ནས། འཕགས་པའི་འཕགས་པ་བསྟོད་པ་ཁྱེད་ཀྱི་གཉེར། དཀོན་མཆོག་བླ་མེད་རིན་ཆེན་མཆོད་གནས་ལ། བསྔགས་པ་མཐོང་བ་ཚོགས་རྣམས་སྐྱེ་བའི་རྒྱུ། སེམས་ཀྱི་རྒྱུས་པས་ཡན་ལག་ཐང་བཅད་ཅེས། དཀའ་བས་བྱོན་པས་བདག་ཀྱང་དགའ་བའི་མཆོག །ཤེས་རྒྱུད་སྦྱངས་ནས་ཁད་ཀྱིས་མཇལ་བར་བགྱིའོ། །གསུང་ནས་མཇལ་བ་དང་། གསེར་གྱི་མཎྜལ་བྱས། གསེར་ཕྱེ་ཡོན་དུ་ཕུལ། ཕྱག་དང་བསྐོར་བ་བྱས་ནས་ཞུས་པ། མ་སྐྱེས་སྤྲོས་མེད་བདེ་ཆེན་རང་གི་སེམས། རང་ལ་ཡོད་ཀྱང་རྒྱ་གར་ཡུལ་དུ་ཐུག །བོད་ཀྱི་སྤུ་རྒྱལ་ཡིད་ཆེས་བསྐྱེད་པའི་ཕྱིར། གུ་རུ་ཟབ་མོ་བདུད་རྩི་ལྟ་བུའི་ཆོས་ཞིག་ཞུ། ཞེས་ཞུས་པས། སློབ་དཔོན་གྱི་ཞལ་ནས། བོད་ལ་བཻ་རོ་ཙ་ན་བདག །ཨོ་རྒྱན་ཐོར་ཅོག་ཡུལ་དུ་ནི། རྒྱལ་པོ་བ་ལ་དེ་བར་སྐྱེས། དེ་ནས་ཁ་ཆེ་གྲི་བརྟན་དུ། ཙན་དྷ་གྷིར་ཏི་ཞེས་སུ་གྲགས། ། པིང་ང་ཡུལ་གྱི་མ་ལ་རུ། །དགེ་སློང་ལེགས་པའི་བློ་གྲོས་ཏེ། །མཁན་ལ་བརྒལ་བའི་རྣམ་སྨིན་གྱིས། །ཚ་བའི་ཕྱུག་ལྗི་ཤེད་ཅག་གོ། །དུས་དེར་འགྱོད་དེ་སྡོམ་བླང་བས། ཕྱི་མ་དགེ་སློང་དུས་ནའོ། །དེ་ནས་རྒྱ་གར་ཡུལ་དུ་ནི། །བྲམ་ཟེ་དཔལ་ལྡན་བྱ་བའི་བུ། །དགེ་སློང་ཨ་བ་ཁ་འདུ་ཞེས། །ཐུ་བོ་ཡ་བ་འདུ་ཏི་དང་། །ནུ་བོ་འབའ་ཧུ་ར་ཏུ་གྲགས། །ད་ལྟ་ཐུ་བོ་ཁྲི་སྟོང་སྟེ། །ནུ་བོ་དེ་གཞན་ལེགས་གྲུབ་བོ། །ཞེས་པས། མི་ལུས་ལན་བདུན་བླངས་ཀྱི་སྐལ་ལྡན་ཁྱོད། །རང་ལ་རྟོགས་པ་ཡོད་ཀྱང་འགྲོ་དོན་སྤྱོད། །བསླབ་ཚུལ་ཡིན་པས་སྒྲ་དང་ཚད་མ་སློབ། །རྒྱ་གར་ཕྲག་དོག་ཆེ་བས་ཆོས་ནི་བཤད་པར་དཀའ། །གསུང་ནས། དང་པོ་ཕན་པའི་དབང་བཅུ་བསྐུར་ནས། རྒྱ་གར་གྱི་རྒྱལ་པོ་རྣམས་ནི་ཁྲིམས་དམ། པཎྜི་ཏ་རྣམས་ཕྲག་དོག་ཆེ། མཁའ་འགྲོ་དང་མ་མོ་རྣམས་གཉན། ཆོས་སྐྱོང་བའི་སྲུངས་མ་རྣམས་མི་བསྒྲུངས་པས་འབྲས་བུའི་ཆོས་ནི་དཀའ། རྒྱུའི་ཆོས་བཤད་ཀྱིས་གསུངས་ནས། དང་པོ་སྒྲ་མི་མཐུན་པ་སུམ་བརྒྱ་དྲུག་ཅུ་ལོ་བརྒྱད་དུ་བསླབས། དེ་ནས་ཚད་མའི་བསྟན་བཅོས་དང་མདོ་སྡེ་ཕ་རོལ་དུ་ཕྱིན་པ་ལོ་བཅུར་བཤད་ནས། ད་ཚིམ་མམ་གསུངས་པས། ཡང་གསེར་གྱི་མཎྜལ་བྱས། གསེར་ཕྱེ་ཡོན་དུ་ཕུལ། ཕྱག་དང་བསྐོར་བ་བྱས་ནས་ཞུས་པ། ཆོས་ཀྱི་དབྱིངས་ལ་ཟད་མེད་ཅིང་། །གང་ཟག་བློ་ལ་ཐུག་མེད་པས། །མཁས་པའི་ཡང་རབ་བདག་གི་ཕ། །འབྲས་བུའི་ཆོས་གཅིག་བཤད་དུ་གསོལ། །ཞེས་ཞུས་པས། སློབ་དཔོན་གྱི་ཞལ་ནས། ལེགས་སོ་སྐལ་ལྡན་རིགས་ཀྱི་བུ། །རྒྱུ་ལ་འབྲས་བུ་དགོས་པའི་ཕྱིར། །གསང་སྔགས་རྡོ་རྗེའི་ཆོས་བཤད་གྱིས། །བུ་ཡི་བློ་གྲོས་བརྟན་པར་བཟུངས། །ཞེས་གསུང་ནས། ནུས་པའི་དབང་ལྔ་བསྐུར་ནས། ཀྲི་ཡ་དཔུང་བཟང་དང་། ཡོ་ག་ངན་སོང་སྦྱོངས་མདངས། མ་ཧཱ་ཏནྟྲ་སྡེ་བཅོ་བརྒྱད་དང་། ལུང་གི་ཏནྟྲ་སྡེ་བཅོ་བརྒྱད་ལ་སོགས་པ་གསང་སྔགས་ཕྱི་ནང་གི་རྒྱུད་སྡེ་བརྒྱ་རྩ་བརྒྱད་ལོ་དགུར་བཤད་ནས། ད་ཚིམ་མམ་གསུངས་པས། ཡང་གསེར་གྱི་མཎྜལ་བྱས། གསེར་ཕྱེ་ཡོན་དུ་ཕུལ། ཕྱག་དང་བསྐོར་བ་བྱས་ནས་ཞུས་པ། མ་སྐྱེས་རྣམ་དག་རྫོགས་པ་ཆེ། །སྤྲོས་བྲལ་ཐིག་ལེ་ཉག་གཅིག་ལ། །བཟང་ངན་མཐོ་དམན་མི་བདོག་ཀྱང་། །ལ་ཟློའི་ཆོས་གཅིག་བསྐུར་ཏེ་ཞུ། །ཞེས་ཞུས་པས། སློབ་དཔོན་གྱི་ཞལ་ནས། ཆོས་རྣམས་ཟད་པར་སྐྱེལ་བ་ཡི། །རྫོགས་ཆེན་ཐེག་པའི་ཡང་རྩེ་འདི། །ཀུན་དང་ཀུན་གྱི་ཐུན་མོང་མིན། །བློ་རབ་འགའ་ལ་བསྟན་པར་བྱ། །གསུངས་ནས། ཟབ་མོའི་དབང་གསུམ་བསྐུར་ཏེ་ད་ལ་ཟློ་བའི་ཆོས་བཤད་པའི་དུས་ལ་ཡང་བབ། ཁྱེད་གཉིས་ཀྱང་སྣོད་དུ་རུང་བར་འདུག་པས། རྫུ་འཕྲུལ་ཐབས་ཀྱིས་མ་བཤད་ན་འུ་ཅག་ཡོའི་སྲོག་ལ་འབབས་པས་རྫུ་འཕྲུལ་ཐབས་ཀྱིས་བཤད་དེ་གསུང་ནས། སློབ་དཔོན་ཉིད་ཤིང་གི་ཟོམ་གཅིག་ཏུ་བཞུགས། དེ་ལྕགས་ཀྱི་དྲ་བར་བཙུག །དེ་རྡོ་ཕ་བོང་གསུམ་གྱི་བར་ལ་བླངས། ཞབས་ཟ་ཚགས་སུ་བྱས། ཕྱོགས་བཞིར་མཐོངས་བཞི་བཏོད། དེའི་སྟེང་དུ་འཁར་གཞོང་ཆུས་བཀང་བ་གཅིག་བཞག །ཟངས་དུང་གི་སྦུབས་ནས་མར་ཆོས་བཤད་དོ། །ཉན་པ་གཉིས་པོས་ཀྱང་མགོ་ལ་ཤིང་ཤུན་ཀྱི་ཡིབ་ཞུ་རིང་པོ་གོན། རྐང་ལ་ཟོན་ལྷམ་ཕྱིར་ཕྱོགས་སུ་བཅུག །སྐ་བ་ཕྱིར་བསྣོམ་ནས། ཉིན་མོ་བཞིན་རས་དཀར་ལ་ར་དཀར་མོའི་འོ་མས་བྲིས། མོར་ཤིང་གི་དུད་པས་བདུགས་ཤིང་དེས་སྦྱངས། མཚན་མོ་བཞིན་ཆོས་མཉན་ནོ། །དེ་ཡང་དང་པོ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དྲུག །རྒྱ་མཚོའི་ཀློང་དང་བདུན། དེ་ལ་དབྱེ་ན་གསུམ་སྟེ། རྒྱལ་པོའི་རྒྱུད་ལྔ་རྨད་དུ་བྱུང་བ་དང་དྲུག །རྒྱ་མཚོའི་ཀློང་དང་བདུན། བྲམ་ཟེའི་རྒྱུད་ལྔ་རྨད་དུ་བྱུང་བ་དང་དྲུག །རྒྱ་མཚོའི་ཀློང་དང་བདུན། རྗེའུ་ཡི་རྒྱུད་ལྔ་རྨད་དུ་བྱུང་བ་དང་དྲུག་རྒྱ་མཚོའི་ཀློང་དང་བདུན་ནོ། །ལོ་གསུམ་དུ་བཤད་ནས། ལེགས་གྲུབ་ཀྱི་རྗེའི་ངང་བསྲིང་ལ་སོང་བས་གཅན་འཕྲང་པས་བསད་དོ། །བཻ་རོ་ཙ་ན་ལ། མདོ་སྐོར་དང་། སེམས་ལུང་ཆེན་མོའི་མདོ་དང་། ཀུན་བྱེད་རྒྱལ་པོའི་མདོ་དང་། མདོ་འགྲེལ་མདོ་བཅུའོ། །ཀློང་སྐོར་དང་། རྒྱ་མཚོའི་ཀློང་དང་། རྨད་དུ་བྱུང་བ་དང་། ནམ་མཁའི་ཀློང་ཡངས་སོ། །གབ་སྐོར་དང་། གབ་པ་འཁོར་ལོ་དང་། ལྟ་བའི་སྙིང་པོ་དང་། གབ་པ་བཅོ་བརྒྱད་དོ། །གསང་སྐོར་དང་། ཡེ་ཤེས་གསང་བ་དང་། ཡེ་ཤེས་རྫོགས་པ་དང་། ཉ་མོ་འཁོར་ལོ་དང་། ཉ་མོ་བག་ལ་ཉལ་ལོ། །ཟབ་སྐོར་དང་། རིན་པོ་ཆེ་རྒྱས་པའི་རྒྱུད་དང་། སེང་གེ་སྤུངས་པ་དང་། ནམ་མཁའ་རོལ་པ་དང་། བོང་མཛོད་ལྡེ་མིག་དང་འཁོར་བ་རྩད་གཅོད་དང་། ཡེ་ཤེས་བདུན་འབྱུང་དང་། རིན་པོ་ཆེ་འཁོར་ལོ་རྫོགས་པ་དང་། འཁོར་བ་དོང་སྤྲུགས་ཆེན་པོའི་རྒྱུད་དོ། །ལྔ་ལོ་བཞིར་བཤད་དོ། །ད་ཚིམ་མམ་གསུང་ནས། ཡང་གསེར་གྱི་མཎྜལ་བྱས། པ་དྲ་ཡོན་དུ་ཕུལ། ཕྱག་དང་བསྐོར་བ་བྱས་ནས་ཞུས་པ། སྐུ་གསུམ་སྟོན་པ་མཆོག་གི་སྲས། །ཐམས་ཅད་མཁྱེན་པ་བདག་གི་ཕ། །བློ་ཡི་རེ་དོགས་གཅད་པའི་ཕྱིར། །དབུ་སྙུང་བཞེས་པའི་ཆོས་གཅིག་ཞུ། །ཞེས་ཞུས་པས། སྤྱི་བླུགས་ཚངས་པའི་དབང་བསྐུར། སྲུང་བྲལ་རིག་པའི་དམ་ཚིག་ཕོག་ནས། རྒྱུད་སྡེ་བཞི་བཅུ་རྩ་བདུན། སེམས་སྡེ་བཅོ་བརྒྱད་ཀློང་ཆེན་པོ་དགུ། དབང་གི་ཡི་གེ་ལྔ། སྒོམ་ལུང་བརྒྱད་ཅུ་ལོ་བཞིར་བཤད་ནས། ཆོས་ཀྱི་དབྱིངས་ལ་ཟད་མེད་ཀྱང་། །དེ་བཞིན་ཉིད་ནི་གཅིག་ཤེས་ན། །མ་ལུས་དེ་ལ་ཡོངས་སུ་རྫོགས། །དེ་ལས་ཡོད་ན་སི་ཏི་ཀན། །ཞེས་གསུང་ནས་ཅང་མི་གསུང་བར་འདུག་གོ། །དེ་ནས་བཻ་རོ་ཙ་ནས་བསྟོད་པ། མ་སྐྱེས་རྡོ་རྗེ་བདེ་བའི་སྐུ། བཞི་རྩ་བདུན། ན་རོའི་རྒྱུད་སྡེ་སུམ་ཅུ་རྩ་བདུན་གྱི་སྟེང་དུ་མར་པའི་ནས་ལྟ་བ་མཐའ་དབུས་མེད་པའི་རྒྱུད་ལ་སྤྱིའི་བཤད་རྒྱུད་སྡེ་བཞི་སྡེ་ནམ་མཁའ་དང་མཉམ་པ་དང་། རྒྱ་མཚོ་དང་མཉམ་པ་དང་། ཉི་ཟླ་དང་མཉམ་པ་དང་། རིན་པོ་ཆེ་དང་མཉམ་པའོ། །རྒྱུད་ཕྱི་མ་གསང་བ་མཐའ་དང་མཉམ་པ་དང་ལྔའོ། །རྡོ་རྗེ་སྙིང་པོ་གཏན་ལ་འབེབས་པའི་རྒྱུད་ཀྱི་ཁོངས་སུ་འགྲོ་བའི་ཡེ་ཤེས་བདུན་འབྱུང་གི་རྒྱུད་དང་། ཀློང་དགུའི་རྒྱུད་དང་། རིན་པོ་ཆེ་འཁོར་ལོ་རྫོགས་པའི་རྒྱུད་དང་། ཀུན་འདུས་འོད་ཀྱི་ཏནྟྲ་དང་། རྣལ་འབྱོར་གྱི་ཉམས་རྙེད་པ། ཉ་མོ་འཁོར་ལོ་དང་ལྔའོ། །ཟབ་མོའི་གསུང་། གཉིས་མེད་ཡེ་ཤེས་ནམ་མཁའི་ཐུགས། ཤྲཱི་སིང་ཧའི་སྐུ་གསུང་ཐུགས་ལ་བསྟོད། དེས་བསྟོད་ནས། ཀུ་ཤ་ལྕགས་ཀྱི་སྡོང་པོ་ཅན་དུ་རྐང་མགྱོགས་སྒྲུབས། ཨོ་རྒྱན་གྱི་དྷ་ན་སཾ་ཀྲི་ཏ་ལོ་ངན་སྔགས་ཞུས། ཁ་ཆེའི་རྒྱལ་ཁམས་སུ་ནུས་པ་བཏོན། བེ་ཏའི་ཡུལ་དུ་མུ་སྟེགས་བཏུལ། ད་ཀེ་རའི་རྒྱལ་པོ་ལ་སྐྱེ་བ་མེད་པའི་ཆོས་བཤད་ནས་བོད་དུ་ཆས་པས་མཁས་པ་བདུན་གྱི་རྨི་ལྟས་ལོག་ནས། དེ་ཡང་ལ་ལའི་རྨི་ལམ་ན་རྒྱ་གར་གྱི་ཆུ་ཐམས་ཅད་བོད་དུ་འབབ་ཀྱི་རྨི། ལ་ལ་ལ་ཤིང་ཐམས་ཅད་བོད་དུ་ཁ་བལྟས་ཀྱི་རྨི། ལ་ལ་ཉི་ཟླ་བོད་དུ་ཤར་གྱི་རྨི། ལ་ལའི་སྙིང་ཕྱུང་ནས་བོད་ཀྱི་བནྡྷེས་རྨ་ཕྲག་ཏུ་བསྡུག་ནས་ཁྱེར་བ་རྨི། ལ་ལའི་རྨི་ལམ་ར་བྷི་དྷིའི་ཤིང་བུ་བོད་ཀྱི་ཚུབ་ནག་འཇིགས་སུ་རུང་བས་རྩ་བ་ནས་བཅད་ནས་བོད་དུ་ཁྱེར་ཞིང་རྨི་བ་ལོགས་པ་སྣ་ཚོགས་རྨིས་ནས། གྲོང་ཁྱེར་སེར་སྐྱ་དཔལ་འབྱུང་བའི་གནས་སུ་འཚོགས་ནས་བསྐུར་ཏེ། འདི་ཅི་ནས་ཀྱང་མན་ངག་གི་ཆོས་བོད་ཀྱི་བནྡྷེས་ཁྱེར་བ་ཡིན་པས་འདི་སྐུར་མཁན་གཅིག་ཡོད་ངེས་པས་སུས་བསྐུར་པྲ་སེ་ན་བརྟགས་པས་ངོས་མ་ཟིན་ནས། རྐང་མགྱོགས་པ་བཏང་ལ་གཅན་འཕྲང་དུ་གསད་པར་བྱས་པ་ལས་རྐང་མགྱོགས་ཀྱི་བཟླས་ནས་འཕྲང་སྲུང་ལས་བསྒྲལ་ཏེ། དེ་ཡང་ཀུན་ཀྱང་རྨི་ལམ་འདི་སྐད་ཟློ། རྒྱ་གར་ཡུལ་གྱི་བྲམ་ཟེ་དཔལ་ལྡན་བུ། ཨ་བ་ཁ་ལུ་ཞེས་བྱ་ཚེ་འཕོས་པ། བོད་སྤུ་རྒྱལ་བཙད་པོར་ལུས་བླངས་ཏེ། དེ་ཉིད་བྱང་ཆུབ་སེམས་དཔའི་སྐུ་སྤྲུལ་ནས། ཐུགས་རྗེ་བོད་ཁམས་དཀར་པོ་ཡོངས་བསྒྱུར་ཕྱིར། ཤེས་རབ་ལུས་ལ་རྫོགས་པའི་བནྡྷེ་གཉིས། གསེར་ཕྱེ་བསྐུར་ཏེ་འདི་ནི་མཆིས་པ་ལས། རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་བུ་དེ། རྩ་ནས་ཕྱུང་ནས་བོད་དུ་ཁྱེར་ཞིང་རྨི། པཎྜི་ཏ་ཡི་རྐང་མགྱོག་ལ་འུར་ཐོང་། དེ་སྐད་ཐོས་ནས་སྤྱན་སྔར་མཆིས་པ་ལགས། དངོས་གྲུབ་ཐོབ་ནས་ད་ནི་གཤེགས་པར་རིགས། ཞེས་ཟེར་ནས་ངུས་སོ། །དེ་ནས་བཻ་ར་ཙ་ནས་གསུང་པ། ཁྱོད་དང་གྲོགས་པོ་བྱས་པའི་ཡང་དག་བྱང་ཆུབ་རྙེད། བོད་ཀྱི་རྒྱལ་ཁམས་མ་རིག་མུན་སེལ་བ། འགྲོ་བ་ཇི་ལྟར་སྨིན་ཞིང་གྲོལ་བའི་དོན། ཀུ་མ་ར་ལ་དགེ་བའི་རྩ་བར་བསྔོ། སྙིང་གཏམ་བྱ་ཡིས་བལ་ཡུལ་ཙམ་དུ་སྐྱོལ། ཞེས་བྱས་པས། ལོང་མེད་ནས། འཕྲང་བསྲུང་བ་ལས་བསྒྲལ་ནས་རྣང་ཀ་བཅུག་སྟེ། སླར་གྲོང་ཁྱེར་སེར་སྐྱར་ལོག་གོ། །དེ་ནས་དག་ཤ་ཀ་རིའི་ཡུལ་དུ་པཎྜི་ཏ་པྲ་ཉ་སི་ཏི་བྱ་བ་ལ་རྟོགས་ཚད་བཤད། བལ་ཡུལ་གྱི་མཐིལ་དུ་ཆོས་ཟླ་བ་གཅིག་བཤད་ནས་བོད་དུ་བྱོན་ཏེ། རྒྱ་གར་དང་བོད་ཀྱི་བར་ལ་དཀའ་བ་བཅུ་དྲུག་མཛད་དོ། །དེ་ཡང་ལོ་བཅོ་ལྔ་ལ་རྒྱ་གར་དུ་བྱོན། རྒྱ་གར་དུ་སུམ་ཅུ་སོ་དྲུག་བཞུགས། ལྔ་བཅུ་རྩ་གཅིག་ལ་བོད་དུ་བྱོན་ནས་བསམ་ཡས་སུ་བཙད་པོའི་སློབ་དཔོན་མཛད་དེ། ལོ་བཅུར་མདོ་སྡེ་དགོངས་པ་ངེས་འགྲེལ་དང་། མྱ་ངན་ལས་འདས་པ་དང་། དྲན་པ་ཉེ་བར་བཞག་པ་དང་། གསེར་འོད་དམ་པ་ལ་སོགས་པ་ཡང་མང་དུ་བསྒྱུར། ཕ་རོལ་དུ་ཕྱིན་པ་ཡང་མང་དུ་བཤད། སྔགས་ཕྱི་ནང་གི་རྒྱུད་འགྲེལ་དང་། མན་ངག་གི་ཆོས་ཀྱང་མང་དུ་བཤད་པ་ལས་རྒྱལ་བློན་རྣམས་དང་སློབ་དཔོན་གྱི་བར་དུ་རྒྱ་གར་གྱི་ཕྲ་མ་བྱུང་ནས། དྲུག་ཅུ་རྩ་གཅིག་པ་ལ་རྒྱལ་མོ་ཚ་བ་རོང་དུ་གཤེགས་སོ། །དེ་ནས་རོང་རྣམ་པ་གསུམ་དུ་སློབ་མ་མི་གསུམ་ལ་ཆོས་བཤད་དེ། རྒྱལ་མོ་རོང་གི་བྲག་ལྷ་མགོན་པོའི་དགོན་པར་གཡུ་སྒྲ་སྙིང་པོ་ལ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དྲུག་ལ་སོགས་པ་བཤད་དོ། །ཚ་བ་རོང་གི་ལྟག་རྩེ་མཁར་གྱི་དགོན་པར་གསང་སྟོན་ཡེ་ཤེས་བླ་མ་ལ་རྒྱུད་བུ་ཆུང་ཉི་ཤུ་རྩ་གཅིག་བཤད། གཏོང་ཁུང་རོང་གི་བྲག་དམར་རྫོང་གི་དགོན་པར་པྃ་སངས་རྒྱས་མགོན་པོ་ལ་རྒྱུད་སྡེ་དང་སེམས་སྡེ་ལ་སོགས་པ་མང་དུ་བཤད་དོ། །དེ་ཡང་བགྲེས་ཁར་ཚ་བ་རོང་དང་རྒྱ་ནག་པོ་གཉིས་ཀྱི་མཚམས་སུ་ཡུ་ཡ་ང་ལ་ཞེས་བྱ་བར་དབང་རྣམས་རྫོགས་པར་བསྐུར་ནས་རྒྱུད་སྡེ་དང་དབང་སྡེ་ལ་སོགས་པ་ཐམས་ཅད་མན་ངག་དང་བཅས་པ་རྫོགས་པར་གནང་ངོ་། །དེ་ནས་གཡུ་སྒྲ་བོད་དུ་བཏང་རྒྱུ་བྷི་མ་ལ་དང་དགེ་བསྐུར་བས་ཁྲ་མ་བུ་བསྡེབས་པ་བཞིན་མཐུན་པར་བྱུང་བས། བོད་རྗེ་བློན་རྣམས་འགྱོད་པ་སྐྱེས་ནས་ཚ་མི་ཕྱོགས་སུ་ལྷ་ཕྱག་མང་པོར་བཙལ་ཞིང་བཻ་རོ་ཙ་ན་ལ་ཡང་དག་བཅུ་གཅིག་གིས་ཀྱང་བསྟོད་དོ། །དེ་ནས་རྦས་རྣ་ལྦ་ཅན་དང་གཉན་སྨྱུག་ཞུ་ཅན་གཉིས་ཀྱིས་སྤྱན་དྲངས་ནས། དགུང་ལོ་བདུན་ཅུ་རྩ་གཅིག་ལ་བོད་དུ་བྱོན་ནས། ལི་ཟ་ཤེས་རབ་སྒྲོན་མ་ལ་ཟབ་མོ་དྲི་མ་མེད་པའི་རྒྱུད་བཞི་ལ་སོགས་པ་མོ་རྒྱུད་རྣམས་བཤད་ནས། སླར་རྒྱའི་རི་བོ་རྩེ་ལྔ་ལ་གཤེགས་ཏེ་དེར་ལོ་བརྒྱད་བསྒོམས་ནས་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ནས་པྃ་ཀྱིས་རྦ་རཀྴི་ཏ་ལ་བཤད། དེས་ཡ་ཟི་དར་མ་ཤེས་རབ་དང་། ཟེར་མོ་དགེ་སློང་མ་བདེ་གནས་མ་ལ་བཤད། དེ་གཉིས་ནས་ཕོ་རྒྱུད་མོ་རྒྱུད་གཉིས་སུ་གྱེས་ནས། མོ་རྒྱུད་ནི། ཟེར་མོས་མར་པ་ཁྲོ་རྒྱལ་ལ་བཤད། དེ་མན་ཆད་མཐུན། ཕོ་རྒྱུད་ནི། ཡ་ཟིས་ཉང་སྟོན་སྲ་བ་ལ་བཤད། དེས་མར་པ་ཁྲམ་རྒྱལ་ལ་བཤད། དེས་དབུས་ཀྱི་ན་རོག་སྟོན་པ་དང་། རྩང་གི་སུམ་པ་དབང་ཚུལ་དང་། ལྷོ་བྲག་གི་མར་ཆུང་ཤེས་རབ་འོད་དང་གསུམ་ལ་བཤད། དེས་ལ་ཟ་དར་མ་བསོད་ནམས་ལ་བཤད། དེ་སང་མར་ལྷ་རྗེ་རྒྱ་བ་ཅན་དུ་བཀའ་དྲི་ནོད་དུ་བྱོན་པ་དང་ཤངས་པ་གཉིས་དུས་མཚུངས་པས་ཁོང་ལ་བསྙུང་གཞི་དྲག་པོ་གཅིག་བྱུང་ནས་ཤངས་པས་དེ་ཡིན་གཡོགས་མཛད་པས་དངས་ནས་དྲིན་ལེན་དུ་ང་ལ་ཆོས་ཟབ་མོ་ཚོ་གཅིག་ཡོད་པས་ཁྱེད་ལ་ཕན་གདགས་ཀྱིས་གསུང་ནས་སྒྱུ་འཕྲུལ་རྡོ་རྗེ་མེ་ལོང་དང་། མན་ངག་རྣམ་བཀོད་དང་། ཟབ་མོ་དབང་གི་མན་ངག་རྣམས་གནང་ནས་མདོ་ཡི་འགྲེལ་བ་ལུང་བསྟན་རྡོ་རྗེ། སེམས་ཕྱོགས་ལ་བརྒྱུད་པ་ཐ་མའི་ཐོས་སྐོར་འདི། རྣམས་མ་ལུས་པར་བཀའ་བྱོ་བ་ཡིན་ནོ། །དེས་ལྷ་རྗེ་ཟུར་ཤཱཀྱ་སེང་གེ་ལ་བཤད། དེ་ཡང་ཉ་རི་རྒྱ་སྟོན་ཤངས་པའི་སློབ་མ་ཡིན་པས། འཚགས་སྦྱོར་མཛད་ནས་ཞུས་པ་ཡིན་སྐད། དེས་ལྕེ་ཤཱཀྱ་རྒྱལ་པོ་ལ་བཤད། དེ་ཡང་དགེ་བཤེས་ཉེ་རྒྱ་བ་གཉིས་དང་ལྷ་རྗེ་གསུམ་གྱིས་བཀའ་གྲོས་མཛད་ནས་ལྷ་རྗེ་ཆེན་པོ་སྒྲོ་ཕུག་པ་དང་ཤངས་པའི་སྲས་པོ་གཉིས་ལ་ཕར་འགྲོ་ཚུར་འགྲོ་མང་དུ་མཛད་ནས་ཞུས་པས་མན་ངག་ཐམས་ཅད་རྩད་ཆོད་དེ་གཉེན་ར་བ་ཀ་ཏུ་བས་རྒྱུད་ཐའི་དཔེ་ཡོན་དུ་འབྲི་དར་མ་ཉི་ཤུ་རྩ་གཅིག །གསུང་ཉི་ཁྲི་སྟེ་པོད་གཅིག །རྟ་སྤུས་བཙུགས་གཅིག །གཉེགས་ཀྱིས་གཡུ་དམར་བྱ་བའི་གཡུ་བཟང་བ་གཅིག་ཕུལ་ནས་ཞུས་པ་བས་ཀྱང་དེ་ཚོ་མན་ངག་གི་ཆོད་ཆེ་བར་འདུག་གསུང་སྐད། དེ་ནས་ཉེ་རྒྱབ་གཉིས་ཀྱི་དཔེ་སྐལ་ཀྱང་ལྷ་རྗེ་ཤཱཀྱ་རྒྱལ་པོ་ཅན་དུ་ལུས་ནས་རྒྱུད་ཐའི་བདག་པོར་ལྷ་རྗེ་ཤཱཀྱ་རྒྱལ་པོ་དེ་བཞུགས་པར་གདའ། དེས་ཁང་ཤཱཀྱ་བླ་མ་ལ་བཤད། དེ་གཉིས་ཀས་ལྷ་རྗེ་ཆེན་པོ་ལ་བཤད། དེ་གཉིས་ཀས་ཆོས་རྗེ་རིན་པོ་ཆེ་ལ་བཤད། ལྷ་རྗེ་ཆེན་པོས་དགེ་བའི་བཤེས་གཉེན་ཉི་ཕུག་པ་ལ་བཤད། དེ་གཉིས་ཀ་ལ་དངོས་ཀྱིས་མོས་པ་བགྱིས་པ་ལགས་སོ། །དེ་ཡང་འདི་ཉིད་ཀྱི་བཅུ་གསུམ་པ་ལས། དང་པོར་ཡིད་ཆེས་པ་ཡི་ཁུངས་བསྟན་ཕྱིར། །ལོ་རྒྱུས་དོན་གྱི་བཤད་ལུགས་བསྟན་པ་ནི། །རང་བཞིན་བྱིན་གྱིས་རླབས་ཀྱིས་བཤད་པ་དང་། །རང་གི་ངོ་བོ་བསྟན་པའི་བཤད་ལུགས་དང་། །དོན་གྱི་སྒྲ་ཚིག་བསྡེབས་པའི་བཤད་ལུགས་སོ། །ཞེས་པ་དང་། ཉེར་གཅིག་པ་ལས། བྱང་ཆུབ་སེམས་ནི་ཆོས་ཀུན་སྙིང་པོ་ཡིན། །སྙིང་པོ་ཡིན་པས་ཡིད་ཆེས་ཁུངས་ཀྱང་བསྟན། །ཞེས་སོ། །གཉིས་པ་རྩ་བ་མཚན་གྱི་དོན་ནི། བཅུ་གསུམ་པ་ལས། ཆོས་ཀུན་རྩ་བ་སེམས་སུ་འདུས་པའི་ཕྱིར། །དེ་ནས་རྩ་བའི་དོན་དེ་བསྟན་པར་བྱ། །ཞེས་པས། ཆོས་ཐམས་ཅད་ཀུན་བྱེད་བྱང་ཆུབ་སེམས་ཀྱིས་རང་སྣང་དུ་བསྟན་པའི་ཕྱིར་ན་བྱང་ཆུབ་སེམས་ལས་མ་རྟོགས་པའི་ཆོས་གཞན་མེད་པས། ཆོས་ཐམས་ཅད་ཀྱི་རྩ་བ་བྱང་ཆུབ་སེམས་སུ་འདུས་པར་སྟོན་པའོ། །དེ་ཡང་དེ་ཉིད་ལས། ཀུན་ཀྱང་བྱང་ཆུབ་སེམས་སུ་བསྟན་པའི་ཕྱིར། །རྩ་བའི་དོན་གྱི་དགོས་ཆེད་བསྟན་པ་ཡིན། །ཞེས་པ་དང་། ཉེར་གཅིག་པ་ལས། བྱང་ཆུབ་སེམས་ནི་ཆོས་ཀུན་རྩ་བ་སྟེ། །རྩ་བ་ཡིན་པས་ཐམས་ཅད་དོན་ཡང་འདུས། །ཞེས་སོ། །གསུམ་པ་ཡ་ག་རྫོགས་པའི་དོན་ནི། དེ་ཉིད་ལས། ཐེག་པའི་ཁྱད་པར་སོ་སོར་དབྱེ་བའི་ཕྱིར། །ཡོ་ག་དོན་གྱི་རྩ་བ་བསྟན་པར་བྱ། །ཞེས་པས། ཡོ་ག་བཞི་ལ་སོགས་པ་ཐེག་པ་ཐམས་ཅད་ཀྱི་ཁྱད་པར་ཨ་ཏིས་འབྱེད་ཅིང་ཐམས་ཅད་ཨ་ཏིར་རྫོགས་པར་སྟོན་པའོ། །ཡང་དེ་ཉིད་ལས། རྫོགས་ཆེན་ཨ་ཏི་ཡོ་གའི་དོན་འདིས་ནི། །ཐེག་པའི་ཤན་འབྱེད་རྫོགས་པའི་ལུང་ཞེས་བཤད། །ཅེས་པ་དང་། ཉེར་གཅིག་པ་ལས། བྱང་ཆུབ་སེམས་ནི་ཁྱད་པར་ཀུན་ལས་འཕགས། །ཁྱད་པར་འཕགས་པས་ཐེག་པའི་ཤན་ཡང་འབྱེད། །ཅེས་སོ། །བཞི་པ་གདུལ་བྱ་དགོས་ཆེད་ཀྱི་དོན་ནི། ཡང་དེ་ཉིད་ལས། རྩོལ་སྒྲུབ་བྱ་མི་དགོས་པར་བསྟན་པའི་ཕྱིར། །དགོས་ཆེད་དོན་གྱི་དགོས་པ་དེ་རུ་བསྟན། །ཞེས་པས། གདུལ་བྱ་ལས་འཕྲོ་དང་སྐལ་བར་ལྡན་པ་རྣམས་ལ་ཨ་ཏིའི་དོན་བསྟན་པས་རྩོལ་སྒྲུབ། བྱ་མི་དགོས་པར་སེམས་ཀྱི་རང་བཞིན་ཇི་ལྟར་མཐོང་ཞིང་རྟོགས་པའི་དགོས་པ་ཡོད་པར་སྟོན་པའོ། །ཡང་དེ་ཉིད་ལས། ཀུན་བྱེད་སེམས་ཀྱི་རང་བཞིན་མཐོང་བ་ཡི། དེ་ལྟ་བུ་ཡི་དགོས་ཆེད་བསྟན་པ་ཡིན། ཞེས་པ་དང་། ཉེར་གཅིག་པ་ལས། བྱང་ཆུབ་སེམས་རྟོགས་ཆོས་ཉིད་མངོན་སངས་རྒྱས། །དེས་ན་སྐལ་ལྡན་དགོས་ཆེད་བསྟན་པ་ཡིན། །ཞེས་སོ། །ལྔ་པ་སྐབས་འབྱེད་ཚིག་གི་དོན་ནི། དེ་ཉིད་ལས་མི་རྟོག་དོན་དེ་རྟོགས་པར་བྱ་བའི་ཕྱིར། ཚིག་གི་དོན་དེ་སྒྲ་རུ་བརྗོད་པར་བྱ་ཞེས་པས་སེམས་ཀྱི་རང་བཞིན་བརྗོད་དུ་མེད་པའི་དོན་དེ་མ་བརྗོད་ན་མི་རྟོགས་པས་རྟོགས་པར་བྱ་བའི་ཕྱིར་སྒྲ་རུ་བརྗོད་པར་སྟོན་པའོ། །ཡང་དེ་ཉིད་ལས། དེ་བཞིན་ཉིད་ཀྱི་རང་བཞིན་གབ་མི་སྣང་། །དེས་ན་ཚིག་དང་ཡི་གེའི་སྒྲ་རུ་བསྒྲགས། །ཞེས་པ་དང་། ཉེར་གཅིག་པ་ལས། སེམས་ཀྱི་རང་བཞིན་ཚིག་ཏུ་བརྗོད་མེད་དེ། །མ་རྗོད་སེམས་ཀྱི་རང་བཞིན་མི་སྣང་བས། །མི་སྣང་མཚོན་དུ་མེད་ཅེས་མ་བརྗོད་ན། །ཀུན་ཀྱང་རང་སེམས་མ་མཐོང་རྩོལ་སྒྲུབ་བྱེད། །དེས་ན་བརྗོད་མེད་ཚིག་གི་དོན་ཡང་བཤད། །ཅེས་སོ། །དེ་ལྟར་སྤྱི་དོན་ལྔ་ཡིས་མ་བཤད་ན་སྐྱོན་ཅི་ཡོད། བཤད་པ་ལ་ཡོན་ཏན་ཅི་ཡོད་ཅེ་ན། ཐེག་པའི་སྤྱི་ཁོག་ཆེན་པོ་ལས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ལོ་རྒྱུས་དོན་གྱིས་མ་བཤད་ན། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །རྩ་བ་དོན་གྱིས་མ་བཤད་ན། །ཆོས་རྣམས་ཡོངས་སུ་མི་འདུས་པས། །མཐའ་ཡས་པ་ཡི་སྐྱོན་དུ་འགྱུར། །ཡོ་ག་དོན་གྱིས་མ་བཤད་ན། །ཐེག་པ་ཤ་ཐངས་མི་ཕྱེད་པས། །རལ་མི་ཕྱེད་པའི་སྐྱོན་དུ་འགྱུར། །དགོས་ཆེད་དོན་གྱིས་མ་བཤད་ན། །བཙོལ་སྒྲུབ་བྱ་བཙལ་མ་བྱས་པར། །སངས་རྒྱས་པ་ལ་སྐྱོན་དུ་འགྱུར། །ཚིག་གི་དོན་གྱིས་མ་བཤད་ན། །ཚིག་དང་དོན་དུ་མི་བསྡེབས་པས། །འབྲས་བུ་མི་ཆོམས་པའི་སྐྱོན་དུ་འགྱུར། །དེ་བཟློག་བཤད་པའི་ཡོན་ཏན་ཡིན། །ཞེས་པས་བྱུང་ཚུལ་ལོ་རྒྱུས་དོན་གྱིས་བཤད་པས་བསྟན་པ་རིན་པོ་ཆེ་ཇི་ལྟར་བྱུང་བའི་ཁུངས་ཀྱིས་ཕྱི་རབས་ཡིད་ཆེས་པས་ཡོན་ཏན་ཡོད་པའོ། །རྩ་བ་དོན་གྱིས་བཤད་པས་ཆོས་ཐམས་ཅད་སེམས་ཉིད་དུ་ཤེས་པས་དོན་གྱི་བསྡུ་ས་ཤེས་པས་ཚིག་གི་བཞག་པ་རྙེད་པའོ། །ཡོ་ག་དོན་གྱིས་བཤད་པས་ཐེག་པའི་རལ་ཕྱེད་པས་གོང་མ་ལ་ལྟོས་ནས་བོགས་འབྱིན་ཤེས་ལ་འོག་མ་ལ་སྒྲིབ་པ་སེལ་ཤེས་པའོ། །དགོས་ཆེད་དོན་གྱིས་བཤད་པས་གཤིས་རྩོལ་སྒྲུབ་བྱ་རྩལ་ལས་འདས་པར་རྟོགས་པས་ལམ་རྩོལ་བའི་ཟུག་རྔུ་ལས་གྲོལ་བའོ། །ཚིག་གི་དོན་གྱིས་བཤད་པས་ཚིག་དང་དོན་དུ་བསྡེབས་པས་འབྲུ་ཆོམས། ཆོམས་པས་དོན་གྱི་བཅུད་ཕྱིན་ཏེ་ཚིག་གི་སྒྲོན་མ་ལ་བརྟེན་ནས་དོན་གྱི་གསེར་རྙེད་པའི་ཡོན་ཏན་ཡོད་པའོ། །ཞེས་སོ། །དེ་ལ་ཚིག་གི་དོན་གྱིས་བཤད་ཚུལ་དངོས་ལ་གསུམ་སྟེ། རབ་ལ་མཚན་བསྟན་པ་འཚོ་བྱེད་གཞོན་ནུས་ལག་གི་རྩ་ལ་བརྟེན་ནས་ལུས་མགོ་མཇུག་གི་ནད་རྟོགས་པ་ལྟ་བུ་དང་། འབྲིང་ལ་རྣམ་པར་དབྱེ་བ་སྣོད་སྒྲོའི་ཁ་བྱང་ལྟ་བུ་དང་། ཐ་མ་ལ་ཡི་གེ་འབྲུ་རེ་ནས་གཉེར་བ་སྨན་གཅིག་ཅིག་ཀྱང་ཆོས་དུ་མས་གཏན་ལ་འབེབས་པ་ལྟར་བཤད་པའོ། །དེ་བང་རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། རབ་ལ་མཚན་བསྟན་འབྲིང་ལ་ནི། ཐ་མ་འབྲུ་གཉེར་དཀའ་བ་དཀྲོལ། ཞེས་པ་དང་། ཉ་རྒྱུད་ལས། སྐལ་ལྡན་རབ་འབྲིང་ཐ་མའི་བློ་ཅན་ལ། །མིང་ཚིག་འབྲུ་གཉེར་དག་གིས་དོན་དང་སྤྲད། །ཅེས་སོ། །དང་པོ་ནི། ཆོས་རྣམས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ཞེས་པ་སྟེ་འདི་ལ་བཞི། མཚན་བསྟན་པའི་དགོས་ཆེད་དང་། མཚན་བསྟན་པའི་གོ་བའི་དཔེ་དང་། མཚན་གྱི་དོན་བཤད་པ་དང་། མཚན་ལ་གཞུང་དབུ་ཞབས་ཀྱི་དོན་འདུས་པར་བསྟན་པའོ། །དང་པོ་དགོས་ཆེད་ནི། དབང་པོ་རབ་ལ་མཚན་བསྟན་པས་གཞུང་དབུ་ཞབས་ཀྱི་དོན་རྟོགས་ཤིང་ཁོང་དུ་ཆུད་པར་འགྱུར་བའི་དེ་ཚད་བསྐྱུང་བའི་དགོས་པ་ཡོད་པའོ། །དེ་ཡང་བཞི་པ་ལས། ང་ཡི་མཚན་འདི་སེམས་པས་རྟོགས་པར་གྱིས། །ང་ཡི་མཚན་འདི་སེམས་པས་རྟོགས་གྱུར་ན། །ཆོས་རྣམས་ཐམས་ཅད་མ་ལུས་རྟོགས་འགྱུར་གྱིས། །ཞེས་སོ། །གཉིས་པ་དཔེ་ནི། སྨན་པ་འཚོ་བྱེད་གཞོན་ནུས་ལག་གི་རྩ་ལ་བརྟེན་ནས་ལུས་མགོ་མཇུག་གི་ནད་རྟོགས་པ་ལྟ་བུའོ། །དེ་ཡང་གཞན་དག་ལས། ལག་གི་རྩ་བཞིན་དབུ་ཞགས་རྟོགས། །ཞེས་སོ། །གསུམ་པ་དོན་བཤད་པ་ནི་གསུམ་སྟེ། ཆེ་བ་ཡོན་ཏན་ལས་མཚན་དུ་གསོལ་བ་ཆོས་ཐམས་ཅད་རྫོགས་པ་ཆེན་པོའི་དོན་བཤད་པ་དང་། དོན་རང་གི་ངོ་བོ་ལས་མཚན་དུ་གསོལ་བ་བྱང་ཆུབ་སེམས་ཀྱི་མཚན་བཤད་པ་དང་། སྟོན་དང་བསྟན་པའི་མཚན་ཐུན་མོང་པ་ཀུན་བྱེད་ཀྱི་རྒྱལ་པོའི་དོན་བཤད་པ་སྟེ། ཞིབ་ཏུ་དཀྱུས་ཀྱི་སྐབས་འཆད་དོ། །བཞི་པ་མཚན་ལ་གཞུང་དབུ་ཞབས་ཀྱི་དོན་འདུས་པར་བསྟན་པ་ནི། རྒྱུད་ཕྱི་མ་དང་ཕྱི་མའི་ཕྱི་མའི་དགོངས་པ་ཡང་རྩ་བའི་རྒྱུད་དུ་འདུས་ཏེ། བརྩལ་མེད་ཀྱི་རང་བཞིན་བཅུར་མཚུངས་པའི་ཕྱིར་རོ། །རྩ་བའི་རྒྱུད་ལ་ཕྱེ་བའི་མདོ་ལུང་ལྔ་བཅུ་རྩ་བདུན་ཡོད་དེ་དེ་དག་ཀྱང་བསྡུས་པའི་མདོ་ལུང་ལྔར་འདུས། མདོ་ལུང་ལྔ་པོ་ཡང་རང་བྱུང་གི་ཡེ་ཤེས་གཅིག་ལས་བྱུང་བས་ན་རང་འབྱུང་ཡེ་ཤེས་སུ་འདུས་ཏེ། དེ་ཡང་བཞི་པ་ལས། ཀྱེ་སེམས་དཔའ་ཆེན་པོ་དོན་འདི་ཉོན་ཅིག །ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་ང་ནི། །རང་འབྱུང་ཡེ་ཤེས་ཆེན་པོ་གཅིག་ལས་ནི། །རང་འབྱུང་ཡེ་ཤེས་བསྡུས་པ་ལྔ་བྱུང་བས། །ཕྱེ་བས་མདོ་ལུང་ང་བཅུ་རྩ་བདུན་ཏེ། །ངའི་ངོ་བོ་ལྔ་བཅུ་རྩ་བདུན་ཡིན། །ཞེས་པ་དང་། ཡང་། བསྡུས་པ་ཀུན་བྱེད་རྒྱལ་པོའི་རང་བཞིན་ལྔར། །མདོ་ལུང་ལྔ་བཅུ་རྩ་བདུན་བྱུང་ནས་བསྡུས། །ཞེས་པ་དང་། ཕྱི་མའི་ཕྱི་མ་ལས། འདི་ལས་འཕྲོས་ཤིང་ཐམས་ཅད་འདིར་འདུས་པས། །ཆོས་ཀྱི་རྩ་བ་ཐམས་ཅད་འགྲེལ་བའི་ལུང་། །ཞེས་སོ། །རང་འབྱུང་ཡེ་ཤེས་དེ་ཉིད་ཀ་ལ་ཆོས་ཀུན་གྱི་སྙིང་པོ་ཞེས་ཀྱང་བྱ། ཀུན་བྱེད་རྒྱལ་པོ་ཞེས་ཀྱང་བྱ། བྱང་ཆུབ་ཀྱི་སེམས་ཞེས་ཀྱང་བྱ་སྟེ། བཞི་པ་ལས། ཀྱེ་སེམས་དཔའ་ཆེན་པོ་རྡོ་རྗེ་ཉོན་ཅིག །ང་ནི་ཡེ་ནས་རང་འབྱུང་ཡེ་ཤེས་ཏེ། །ང་ནི་ཡེ་ནས་ཆོས་ཀུན་སྙིང་པོ་ཡིན། །ང་ནི་ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས། །ཞེས་པས། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ཞེས་པར་གཞུང་དབུ་ཞབས་ཀྱི་དོན་ཐམས་ཅད་འདུས་པའོ། །གཉིས་པ་འབྲིང་ལ་རྣམ་པར་དབྱེ་བ་ནི་རྣམ་པ་གསུམ་སྟེ། རྩ་བའི་རྒྱུད་ཐོས་པའི་ཤེས་རབ་ལ་གདམས་པ་དང་། ཕྱི་མ་བསམ་བྱུང་ལ་དང་། ཕྱི་མའི་ཕྱི་མ་སྒོམ་བྱུང་གི་ཤེས་རབ་ལ་གདམས་པའོ། །དེ་ཡང་བརྒྱད་ཅུ་རྩ་གཅིག་པ་ལས། ཀྱེ། ང་ཡི་རང་བཞིན་སྐྱེ་མེད་དོན་གཅིག་ལ། །རྒྱུད་ཀྱི་རང་བཞིན་རྣམ་པ་གསུམ་དུ་བསྟན། །གདམས་པ་རྣམ་པ་གསུམ་གྱི་རིམ་པ་ཡིས། །རྒྱུད་ནི་རྩ་བའི་རྒྱུད་དང་ཕྱི་མ་དང་། །ཕྱི་མའི་ཕྱི་མས་དོན་རྫོགས་བསྟན་པ་ཡིན། །ཞེས་སོ། །དེ་ལས་དང་པོ་རྩ་བའི་རྒྱུད་མདོ་ལུང་ལྔ་བཅུ་རྩ་བདུན་པ་སྟེ། དེ་ཉིད་ལས། ཀྱེ། རྩ་བ་ཐོས་པའི་རང་བཞིན་བསྟན་པ་ནི། །ང་ཡི་རང་བཞིན་ལྔ་བཅུ་རྩ་བདུན་གྱིས། །དངོས་པོའི་དོན་ཀུན་གཏན་ལ་ཕབ་པ་སྟེ། །སེམས་པ་རྡོ་རྗེ་ལེགས་པར་ནན་ཏན་གྱིས། །ཞེས་སོ། །འདི་ལ་བཤད་ལུགས་གཉིས་ཏེ། གདུལ་བྱ་གཟུ་ལུམ་ཅན་དང་རས་ཆོད་ཅན་གྱི་ཕུལ་དགག་པའི་ཆེད་དུ་རྒྱུད་དཀྲུགས་པར་བཤད་པ་དང་གདུལ་བྱ་ལས་འཕྲོ་དང་སྐལ་བར་ལྡན་པའི་ཆེད་དུ་རྒྱུད་བསྡེབས་ཏེ་བཤད་པའོ། །དང་པོ་ལ་ལྔ་སྟེ། རྒྱུ་གླིང་གཞི་དང་། རྐྱེན་གླེང་བསླང་པ་དང་། ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་རྒྱུད་ཀྱི་དོན་དང་། དགོས་འགྲེལ་དང་། གཏད་ཅིང་གདམས་པ་ལྔར་གསུངས་ཏེ། གཙོར་མི་སྟོན་པས་གཞན་དུ་ཤེས་པར་བྱའོ། །སྤྱི་དོན་གཉིས་པ་ལ་གཉིས་ཏེ། ཚོགས་ལ་བཤད་པའི་དབང་དུ་བསྡེབས་པ་དང་། ཉམས་སུ་བླངས་པའི་དབང་དུ་བསྡེབས་པའོ། །དང་པོ་ལ་གསུམ་སྟེ། གཞི་པོའི་ཚུལ་དུ་མདོར་བསྡུས་ཏེ་བསྟན་པ་དང་། ངོ་བོའི་སྒོ་ནས་རྒྱས་པར་བཤད་པ་དང་། གཏད་ཅིང་གདམས་པ་བསྟན་པའོ། །དེ་ལ་དང་པོ་ནི། ལེའུ་ང་བཞི་པས་སྟོན་ཏེ། དེ་ཡང་གྱ་གཅིག་པ་ལས། ལྔ་བཅུ་བཞི་པས་རྩ་བའི་གཞི་བསྟན་ནས། །ཞེས་པ་དང་། སྐབས་སྦྱོར་ལས། དང་པོར་ཀུན་གཞི་ལྔ་བཅུ་བཞི་པས་བཅས། །ཞེས་སོ། །དེ་ལ་གསུམ་སྟེ། མདོ་ལུང་ཀུན་གྱི་བྱུང་ཚུལ་དང་། མདོ་ལུང་སོ་སོའི་དོན་བཤད་པ་དང་། སེམས་པ་རྡོ་རྗེས་ཡིད་ཆེས་སྐྱེས་ནས་རྟོགས་པ་ཕུལ་བའོ། །དང་པོ་ལ་གསུམ་སྟེ། བྱུང་ཚུལ་མདོའི་ཚུལ་དང་། དེའི་དོན་རྒྱས་པ་དང་། དགོས་ཆེད་ཀྱིས་མཇུག་བསྡུ་བའོ། །དང་པོ་ནི། ཀྱེ། སེམས་པ་ཆེན་པོ་དོན་འདི་ཉོན་ཅིག །ཅེས་དྲུག་གོ། །གཉིས་པ་ནི། དེ་ཡི་ངོ་བོ་ཇི་ལྟར་ཡིན་ཞེ་ན། ཞེས་བཅུ་གཅིག་གོ། །གསུམ་པ་ནི། སེམས་ཉིད་ཡེ་ཤེས་ངོ་བོ་རྣམ་ལྔ་ལས། །ཞེས་པའི་ཚིག་དྲུག་གིས་སྟོན་ནོ། །གཉིས་པ་ལ་གཉིས་ཏེ། མདོ་ལུང་སོ་སོའི་གོ་རིམས་ངེས་པ་དང་། དགོས་པ་ཡང་དགོས་དང་བཅས་པའོ། །དང་པོ་ནི། དེའི་དོན་གྱི་བྱེ་བྲག་བསྟན་པ་ནི། །ཞེས་ཚིག་རྐང་བཅུ་གཉིས་སྟོན་ནོ། །གཉིས་པ་ལ་ལྔ་སྟེ། མངོན་དུ་བྱུང་བའི་མདོ་ལུང་གི་དགོས་པ་ཡང་དགོས་དང་བཅས་པ་དང་། ངེས་པར་བསྟན་པའི་དང་། རྒྱུ་འབྲས་འདས་པའི་དང་། བྱ་མེད་རྫོགས་པའི་དང་། གཏན་ལ་འབེབས་པའི་འོ། །དང་པོ་ནི། དེ་ལ་དོན་གྱི་དགོས་པ་ལྔ་ཡོད་དེ། །ཞེས་པ་ལྔས་སྟོན་ཏོ། །གཉིས་པ་ནི། མ་ནོར་ངེས་པར་སྟོན་པའི་མདོ་ལུང་ལ། །ཞེས་པ་བཞིས་སྟོན་ཏོ། །གསུམ་པ་ནི། རྒྱུ་རྐྱེན་རག་མ་ལུས་པའི་མདོ་ལུང་ལ། །ཞེས་པ་བཞིས་སྟོན་ཏེ། བཞི་པ་ནི། བྱ་མེད་རྫོགས་པའི་མདོ་ལུང་བསྟན་པ་ལ། །ཞེས་བཞིས་སྟོན་ཏོ། །ལྔ་པ་ལ་གཉིས་ཏེ། མདོ་རྩ་མདོར་དང་། དེ་དོན་རྒྱས་པར་རོ། །དང་པོ་ནི། གཏན་ལ་འབེབས་པའི་མདོ་ལུང་བསྟན་པ་ལ་ཞེས་པ་ལྔས་སྟོན་ཏོ། །རྒྱས་པ་ལ་གཉིས་ཏེ། གཏན་ལ་དབབ་བྱའི་དོན་རྒྱས་པར་དང་། འབེབས་ལུགས་ཀྱི་དོན་རྒྱས་པར་རོ། །དང་པོ་ལ་གསུམ་སྟེ། དུས་གསུམ་སངས་རྒྱས་ཀྱི་དོན་རྒྱས་པར་དང་ཁམས་གསུམ་སེམས་ཅན་གྱི་དང་། སྣང་སྲིད་སྣོད་བཅུད་ཀྱིའོ། །དང་པོ་ནི། གཏན་ལ་འབེབས་པའི་མདོ་རྩ་བསྟན་པ་ནི། །ཞེས་བཅུ་གཅིག་གིས་བསྟན་ཏོ། །གཉིས་པ་ནི། ཁམས་ཞེས་བྱ་བའི་ངེས་པ་བསྟན་པ་ནི། །ཞེས་དགུ་ཡིས་སྟོན་ཏོ། །གསུམ་པ་ནི། སྣང་སྲིད་སྣོད་བཅུད་བསྡུས་པ་ཐམས་ཅད་ནི། །ཞེས་པ་བདུན་དང་། བསྡུས་པས་ཞེས་བསྟན་ཏོ། །གཉིས་པ་འབེབས་ལུགས་ནི། ཀུན་བྱེད་རྒྱལ་པོའི་རང་བཞིན་ལྔར། །ཞེས་བརྒྱད་གསུངས་པས་ཡན་ཆད་ཀྱིས་སྟོན་ནོ། །གསུམ་པ་སེམས་དཔའ་རྡོ་རྗེའི་རྟོགས་པ་ལ་ལྔ་སྟེ མངོན་བྱུང་གི་མདོ་ལུང་གིས་རྟོགས་པའི་ལྟང་ཕུལ་བ་དང་། ངེས་བསྟན་གྱི་དང་། རྒྱུ་འབྲས་འདས་པའི་དང་། བྱ་མེད་རྫོགས་པའི་དང་། གཏན་ལ་འབེབས་པའོ། །དང་པོ་ནི། ཀྱེ། སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །ཞེས་བཞིས་ཉེ་བར་བསྟན་ནས། རང་འབྱུང་ཡེ་ཤེས་ཆོས་ཀྱི་སྙིང་པོ་ལས་ཞེས་བཞིས་སྟོན་ཏོ། །གཉིས་པ་ནི། རང་འབྱུང་ཡེ་ཤེས་གཅིག་གི་ངོ་བོ་དེ། །ཞེས་པ་བཞིས་སྟོན་ཏོ། །བཞི་པ་ནི། རང་འབྱུང་ཡེ་ཤེས་གཅིག་གི་ངོ་བོ་དེ་ཞེས་བཞིས་སྟོན། ལྔ་པ་ནི། རང་འབྱུང་ཡེ་ཤེས་གཅིག་གི་ངོ་བོ་དེ། །ཞེས་པ་ལྔས་བསྟན་ཏོ། །གཉིས་པ་མདོ་ལུང་གི་ངོ་བོ་སོ་སོ་ནས་རྒྱས་པར་བཤད་པ་ནི། གྱ་གཅིག་པ་ལས། ཀྱེ། ང་ཡི་རང་བཞིན་ལྔ་བཅུ་རྩ་བདུན་ནི། །མངོན་དུ་ཕྱུང་བའི་མདོ་ལུང་བཅུ་པོ་དང་། །ངེས་པར་བསྟན་པའི་མདོ་ལུང་བཅུ་པོ་དང་། །རྒྱུ་འབྲས་འདས་པའི་མདོ་ལུང་བཅུ་པོ་དང་། །བྱ་མེད་རྫོགས་པའི་མདོ་ལུང་བཅུ་པོ་དང་། །གཏན་ལ་འབེབས་པའི་མདོ་ལུང་བཅུ་དག་དང་། །དགོས་ཆེད་སོ་སོར་བསྟན་པས་ལྔ་བཅུ་ལྔ། །ཞེས་པ་ལགས་ཏེ། བགྲང་། དང་པོ་མངོན་དུ་ཕྱུང་བའི་མདོ་ལུང་བཅུ་དགོས་པ་དང་བཅས་པ་དམུས་ལོང་མིག་ཕྱེ་བ་ལྟར་བཤད་པ་ལ་གཉིས་ཏེ། བགྲང་། དང་པོ། མདོ་ལུང་དངོས་ནི། གྱ་གཅིག་པ་ལས། ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །མངོན་དུ་ཕྱུང་བའི་མདོ་ལུང་བཅུ་བསྟན་པ། །དང་པོ་དང་ནི་བཅུ་དང་གཉིས་པ་དང་། །བཅུ་གཅིག་པ་དང་གསུམ་དང་ཉི་ཤུ་པ། །བཅོ་ལྔ་པ་དང་ཉི་ཤུ་ལྔ་པ་དང་། །ཉི་ཤུ་རྩ་གཅིག་དྲུག་པས་རྫོགས་པ་ཡིན། །ཞེས་པས་ལེའུ་བཅུས་སྟོན་ཏེ། གང་ཞེ་ན། བགྲང་། དེ་ཡང་སྐབས་སྦྱོར་ལས། དང་པོས་རྒྱུད་འབྱུང་བ་ཡི་རྒྱུ་བསྟན་ཕྱིར། །གླེང་གཞི་མངོན་དུ་ཕྱུང་བའི་མདོ་ཡང་བསྟན། །ཞེས་པས། ལེའུ་དང་པོ་གླེང་གཞི་མངོན་དུ་ཕྱུང་བ་ལ་གཉིས་ཏེ། གླེང་གཞི་དང་གླེང་བསླང་ངོ་། །དང་པོ་ནི། ལེའུ་དང་པོའི་སྟོད་ཀྱིས་སྟོན་ཏེ། དེ་ལ་མདོ་དང་། རྒྱས་པའོ། །དང་པོ་ནི། འདི་སྐད་བཤད་པའི་དུས་ན། ཞེས་པས་སྟོན། རྒྱས་པ་ལ་གསུམ་སྟེ། བགྲང་། དང་པོ་གང་བསྟན་པའི་གནས་ནི། འོག་མིན་གྱི་གནས་ཞེས་པ་ལྔ་ཡིས་བསྟན། གང་གི་བཤད་པའི་སྟོན་པ་ནི། ཉིད་ཉིད་ཅེས་པ་ཚོས་སྟོན་གང་ལ་བཤད་པའི་འཁོར་ལ་གསུམ་སྟེ། བགྲང་། དང་པོ་སྐུ་གསུམ་གྱི་འཁོར་ལ་གཉིས་ཏེ། བགྲང་། དང་པོ་མདོར་བསྟན་པ་ནི། ཉིད་ཀྱིས་རང་བཞིན་དང་ཞེས་གསུམ་གྱིས་བསྟན། གཉིས་པ་རྒྱས་པར་བཤད་པ་ནི་གསུམ་སྟེ། བགྲང་། དང་པོ་ཆོས་སྐུའི་འཁོར་ནི། ཉིད་ཀྱི་རང་བཞིན་གྱི་འཁོར་ཆོས་ཀྱི་སྐུ་ཞེས་བྱ་བའི་འཁོར་དང་། ཞེས་པས་བསྟན། གཉིས་པ་ལོངས་སྐུའི་འཁོར་ནི། ཉིད་ཀྱི་ངོ་བོའི་འཁོར་ལོངས་སྤྱོད་རྫོགས་པའི་སྐུ་ས་ཞེས་བྱ་བའི་འཁོར་དང་། ཞེས་པ་ལྔས་བསྟན། གསུམ་པ་ཐུགས་རྗེའི་འཁོར་ནི། གཞན་ཡང་ཐུགས་རྗེ་ཡེ་ཤེས་མངོན་དུ་ཕྱུང་བའི་སྤྲུལ་པའི་འཁོར་འདི་ལྟ་སྟེ་ཞེས་པའི་ཚིག་ལྔས་སྟོན་ཏོ། །གཉིས་པ་རང་བཞིན་ལ་ལྟ་བའི་འཁོར་ནི། གཞན་ཡང་ཉིད་ཀྱི་རང་བཞིན་ལ་ལྟ་བའི་འཁོར་རྣལ་འབྱོར་རྣམ་པ་བཞི་འདི་ལྟ་སྟེ་ཞེས་པ་རྣམས་ཀྱིས་བསྟན། གསུམ་པ་རང་བཞིན་རྟོགས་པའི་འཁོར་ནི། གཞན་ཡང་ཉིད་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཞེས་པ་ལ་སོགས་པ་དྲུག་གི་སྟོན་ཏོ། །གཉིས་པ་རྐྱེན་གླེང་བསླང་བ་ནི། ལེའུའི་སྨད་ཀྱིས་སྟོན་ཏེ། འདི་ལ་གཉིས་ཏེ་སྟོན་པས་མདུན་བསྲུ་སྟེ་དགོངས་པ་དོན་གྱིས་གླེང་བསླང་བ་དང་། འཁོར་གྱི་ཞུ་བ་ཞུ་སྟེ་གླེང་བསླང་བའོ། །དང་པོ་ནི། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཞེས་པ་ལ་སོགས་པ་དྲུག་གི་སྟོན་ཏོ། །གཉིས་པ་ལ་བཞི་སྟེ། སེམས་པ་རྡོ་རྗེས་སྤྱན་སྔར་འཁོད་པ་དང་། དེ་མ་ཞུ་བའི་སྤོབས་པ་སྐྱེད་པ་དང་ཞུས་པ་དངོས་དང་། སྟོན་པས་ལན་གསུངས་པའོ། །དང་པོ་ནི། དེ་ནས་སེམས་པ་རྡོ་རྗེ་དེ་ཉིད་ཀྱི་རང་བཞིན་ཐིག་ལེ་ཆེན་པོ་གཅིག་ཏུ་བཞུགས་པ་དེ་ལས་བྱུང་ནས་ཞེས་པ་གསུམ་གྱིས་སྟོན། གཉིས་པ་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་སེམས་པ་རྡོ་རྗེ་ལ་སྨྲས་པ་ཞེས་དྲུག་གི་སྟོན། གསུམ་པ་ནི། དེ་ནས་སེམས་པ་རྡོ་རྗེས་ཞུས་པ་ཞེས་བཅུ་གཅིག་གིས་སྟོན། བཞི་པ་ནི། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཞེས་པ་བཅུ་གཉིས་ཀྱི་བསྟན་ཏེ། གཉིས་པ་ནི། སྐབས་སྦྱོར་ལས། དེ་ཉིད་གསལ་བར་སེམས་ལ་འདུས་བསྟན་ཕྱིར། །ཕུན་སུམ་ཚོགས་པ་མངོན་དུ་ཕྱུང་བ་བསྟན། །ཞེས་པས་ལེའུ་བཅུ་པ་ཕུན་སུམ་ཚོགས་པ་ཤིན་ཏུ་བཀོད་པའི་ལེའུ་སྟོན་ཏེ། འདི་ལ་གཉིས་ཏེ་མདོ་དང་རྒྱས་པའོ། །དང་པོ་ནི། ཀྱེ། སེམས་པ་ཆེན་པོ་ཉོན་ཅིག །ཀུན་བྱེད་ང་ལ་ཐམས་ཅད་འཚོགས་པའི་ཕྱིར། །དེ་ཕྱིར་སུམ་སུམ་ཚོགས་ཞེས་བྱ་བར་བཤད། །ཀུན་བྱེད་ང་ཡི་རང་བཞིན་རྣམ་གསུམ་ལས། །སྟོན་པ་བསྟན་པ་འཁོར་རྣམས་བྱུང་བའི་ཕྱིར། །ཀུན་བྱེད་ཅེས་ནི་དེ་ལ་བཏགས་པ་ཡིན། །ཞེས་སོ། །རྒྱས་པ་ལ་གཉིས་ཏེ། ཀུན་བྱེད་ཀྱི་རང་བཞིན་ལས་ཕུན་སུམ་ཚོགས་པ་ཐམས་ཅད་རང་སྣང་དུ་བྱུང་བར་བསྟན་པ་དང་། ཀུན་བྱེད་ལ་ཕུན་པ་ཐམས་ཅད་ཚོགས་པར་བསྟན་པའོ། །དང་པོ་ལ་བདུན་ཏེ། སྟོན་པ་གསུམ་བྱུང་བ་དང་། བསྟན་པ་གསུམ། འཁོར་གསུམ་གནས་གསུམ། ཞིང་ཁམས་གསུམ། འདུལ་བའི་དུས་ལ་སྔ་ཕྱི་མེད་པར་བསྟན། བཤད་ལུགས་གསུམ་དུ་སྟོན་ཏོ། །གཉིས་པ་ལ་ལྔ་སྟེ། ཀུན་བྱེད་ཕུན་པ་ཐམས་ཅད་ཀྱི་ངོ་བོ་ཡིན་པ་ཕུན་པའི་ངེས་ཚིག་དང་བཅས་པ་དང་། སྐུ་གསུམ་རང་རང་གི་གནས་ན་རང་རང་གི་འཁོར་ལ་ཆོས་སྟོན་ཚུལ་སོ་སོར་སྦྱར་ཏེ་བསྟན་པ་དང་། ཕུན་ཚོགས་པ་གསུམ་འཚོགས་པས་དུས་གནས་ཤུགས་ཀྱིས་ཚང་པར་བསྟན་པ་དང་། ཕུན་པ་གསུམ་དཀོན་མཆོག་གསུམ་ཡིན་ལ་དེ་ཉིད་ཀྱི་སྐུ་གསུང་ཐུགས་སུ་བསྟན་པ་དང་། བྱེ་བྲག་ཏུ་ཕུན་པ་བཀོད་ཚུལ་དགོས་ཆེད་དང་བཅས་པ་བསྟན་ནོ། །གསུམ་པ་ནི། ཡང་དེ་ཉིད་ལས། དེ་ཉིད་ཆོས་ཉིད་ངང་དུ་བསྡུས་པའི་ཕྱིར། །ཆོས་ཉིད་མངོན་དུ་ཕྱུང་བའི་ལུང་ཡང་བསྟན། །ཞེས་པས་ལེའུ་གཉིས་པ་ཆོས་ཉིད་མངོན་དུ་ཕྱུང་བའི་ལེའུ་སྟོན་ཏེ། འདི་ལ་བཞི་སེམས་དཔའ་རྡོ་རྗེས་འདོད་པའི་དོན་ཞུས་པ་དང་། ལན་དུ་སྟོན་པས་འཁོར་བའི་ཆོས་ཐམས་ཅད་རང་སྣང་དུ་བཀོད་པ་དང་། སེམས་དཔའ་རྡོ་རྗེས་དེའི་དགོས་ཆེད་ཞུས་པ་དང་། སྟོན་པས་ལན་གསུངས་པའོ། །དང་པོ་ནི། ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །ཞེས་བཞིའོ། །གཉིས་པ་ནི། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཞེས་པ་ལ་སོགས་པས་སྟོན་ནོ། །གསུམ་པ་ནི། དེ་ནས་སེམས་དཔའ་རྡོ་རྗེ་དེའི་ཞེས་པ་ལ་སོགས་ཚིག་དྲུག་གི་ཞུས་སོ། །བཞི་པ་ནི། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཞེས་པ་ལ་སོགས་པས་ལན་བསྟན་ནོ། །བཞི་པ་ནི། དེ་ཉིད་ལས། ཆོས་ཉིད་ཀུན་བྱེད་རྩ་བ་སེམས་འདུས་པས། །རྩ་བ་ཀུན་བྱེད་མངོན་ཕྱུང་ལེའུ་བསྟན། །ཞེས་པས། ལེའུ་བཅུ་གཅིག་པ་རྩ་བ་བྱང་ཆུབ་ཀྱི་སེམས་ཀྱི་ལེའུ་སྟོན་ཏེ། འདི་ལ་དོན་གསུམ། ཞལ་བཞེས་ཀྱི་ཚུལ་དུ་མདོར་བསྟན་པ་དང་། དེའི་དོན་རྒྱས་པར་བཤད་པ་དང་། མཇུག་བསྡུ་བའོ། །དང་པོ་ནི། ཀྱེ། སེམས་དཔའ་ཆེན་པོ་ཉོན་ཅིག །ཆོས་ཐམས་ཅད་ཀྱི་རང་བཞིན་དང་རྩ་བ་ནི་འདི་ལྟ་སྟེ་ཞེས་པ་ཚིག་བཅུ་དྲུག་གིས་སྟོན། གཉིས་པ་ནི། མ་སྐྱེས་པ་དང་སྐྱེ་བའི་ཆོ་འཕྲུལ་དང་ཞེས་པ་ལ་སོགས་པའོ། །གསུམ་པ་ནི། ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་ཡང་། །ཞེས་པ་བཅུ་གཅིག་གིས་སྟོན་ཏོ། །ལྔ་པ་ནི། དེ་ཉིད་ལས། དེ་ཉིད་ཆོས་ཀུན་ཀུན་འབྱུང་གཞི་ཡིན་པས། །ཐམས་ཅད་བྱུང་ཁུངས་མངོན་དུ་ཕྱུང་བ་བསྟན། །ཞེས་པས། ལེའུ་གསུམ་པ་ཇི་ལྟར་བྱུང་བའི་ཁུངས་བསྟན་པའི་ལེའུ་སྟོན་ཏེ། འདི་ལ་བཞི། སྟོན་པས་ཉིད་ཀྱི་ཆེ་བ་བརྗོད་པ་དང་། ཕུན་པ་གཅིག་དུ་མའི་དྲིས་ལན་དང་། སྐུ་གསུམ་ལ་བགྲོད་པའི་ལམ་ཡོད་མེད་ཀྱི་དྲིས་ལན་དང་། ཁམས་གསུམ་རང་འབྱུང་ཡེ་ཤེས་སུ་བསྟན་པའོ། །དང་པོ་ནི། ཀྱེ། སེམས་དཔའ་ཆེན་པོ་ཡིད་རྣ་དབང་ལ་ཆུགས་ཤིག །རྣ་དབང་སྒྲ་ལ་རྟོག་ཤིག །ཀྱེ། ང་ནི་ཀུན་བྱེད་རྒྱལ་པོ་སྟེ། ཞེས་པ་ལ་སོགས་པས་སྟོན། གཉིས་པ་ནི། དེ་ནས་སེམས་པ་རྡོ་རྗེ་དེས། ཞེས་པ་ལ་སོགས་པས་སྟོན། སེམས་པ་རྡོ་རྗེས་ཞུས་པ་ཞེས་པ་ལ་སོགས་པས་སྟོན་ཏོ། །གསུམ་པ་ནི། ཡང་སེམས་པ་རྡོ་རྗེས་ཞུས་པ། ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །ཞེས་པ་ལ་སོགས་པས་སྟོན་ཏོ། །བཞི་པ་ནི། ཀྱེ། སེམས་པ་ཆེན་པོ་ཉོན་ཅིག །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །ཞེས་པ་ལ་སོགས་པས་སྟོན་ཏོ། །དྲུག་པ་ནི། ཡང་དེ་ཉིད་ལས། དེ་དག་ཀུན་བྱེད་ཉིད་ལས་བྱུང་བའི་ཕྱིར། །ཀུན་བྱེད་ལས་བྱུང་བྱུང་ཁུངས་མངོན་བྱུང་བསྟན། །ཞེས་པས། ལེའུ་ཉི་ཤུ་པ་བྱུང་ཁུངས་བསྟན་པའི་ལེའུ་སྟོན་ཏེ། འདི་ལ་དྲུག །ཆོས་ཐམས་ཅད་ཀྱི་རྒྱུ་རྐྱེན་བྱེད་ཡིན་པར་བསྟན་པ་དང་། ཀུན་བྱེད་སྐུ་གསུམ་དང་ཆོས་ཐམས་ཅད་དུ་ཤར་ཡང་ངོ་བོ་དེ་ཉིད་ལས་མ་གཡོས་པར་བསྟན་པ་དང་། དེ་ལ་རྩོལ་སྒྲུབ་བྱ་བའི་སྐྱོན་དང་ཐམས་ཅད་ཀུན་བྱེད་ཡིན་པ་ལ་ཐེ་ཚོམ་དུ་མ་རྟོགས་ཤིག་པར་བསྟན་པ་དང་། བྱང་ཆུབ་སེམས་ཀྱི་ངེས་ཚིག་དང་། བྱང་ཆུབ་སེམས་དེ་ཇི་ལྟར་བསྟན་པའི་ཚུལ་ལོ། །དེ་ཡང་། ཀྱེ། ཆོས་ཀུན་སྡུད་པའི་རྡོ་རྗེ་ཉོན། །ང་ནི་ཆོས་ཀུན་སྙིང་པོ་སྟེ། །ང་ནི་ཆོས་ཀུན་ས་བོན་ཡིན། །ང་ནི་ཆོས་ཀུན་རྒྱུ་ཡང་ཡིན། །ང་ནི་ཆོས་ཀུན་སྡོང་པོ་སྟེ། །ང་ནི་ཆོས་ཀུན་གཞི་མ་ཡིན། །ང་ནི་ཆོས་ཀུན་རྩ་བ་ཡིན། །ཞེས་པས་སྟོན་ཏོ། །བདུན་པ་ནི། ཡང་དེ་ཉིད་ལས། དེ་ཉིད་ཕུན་སུམ་ཚོགས་པ་རང་འབྱུང་བས། །སྐུ་གསུམ་ཕུན་སུམ་ཚོགས་པར་ཕྱུང་ནས་བསྟན། །ཞེས་པས། ལེའུ་བཅོ་ལྔ་པ་རང་བཞིན་གསུམ་མངོན་དུ་ཕྱུང་བའི་ལེའུ་སྟོན་ཏེ། འདི་ལ་ལྔ། ཕུན་སུམ་ཚོགས་པར་མངོན་དུ་ཕྱུང་བ་དང་། མངོན་དུ་བྱུང་བའི་དོན་རྒྱུ་འབྲས་ཀྱི་འཁོར་ལ་ལུང་སྟོན་ཅིག་པར་གདམས་པ་དང་། སེམས་དཔའ་རྡོ་རྗེས་སྟོན་པའི་ལྟར་གདམས་པ་དང་། འདི་གཞན་གྱི་ཁྱད་པར་དང་། ཉིད་ཀྱི་ཆེ་བ་བསྟན་པའོ། །དེ་ཡང་། ཀྱེ། སེམས་པ་ཆེན་པོ་ཀུན་བྱེད་རྒྱལ་པོ་ང་ཡིས་ནི། མངོན་དུ་ཕྱུང་བ་གསུམ་བསྟན་ཏེ། །ངའི་རང་བཞིན་རྣམ་གསུམ་ངས་བསྟན་པ། །དོན་རྣམས་སྟོན་པའི་སྟོན་པ་དང་། །དོན་རིག་འདོད་པའི་འཁོར་རྣམས་དང་། །མ་ནོར་ངེས་པའི་དོན་དང་གསུམ། །ཀུན་བྱེད་ང་ཡིས་མངོན་དུ་ཕྱུང་། །ཞེས་པ་ལ་སོགས་པས་སྟོན་ཏོ། །བརྒྱད་པ་ནི། དེ་ཉིད་ལས། དེ་ཉིད་རང་སེམས་སྟོན་པར་འདུས་པའི་ཕྱིར། །རང་སེམས་སྟོན་པར་མངོན་དུ་ཕྱུང་ནས་བསྟན། །ཞེས་པས། ཉེར་ལྔ་པ་རང་སེམས་སྟོན་པ་མངོན་དུ་ཕྱུང་བའི་ལེའུ་སྟོན་ཏེ། འདི་ལ་གསུམ། རང་སེམས་སྟོན་པ་མ་མཐོང་བས་སྟོན་པ་འབྱུང་ལྔའི་ཆོས་ཉོན་ཅིག་པར་གདམས་པ་དང་། སྟོན་པ་འབྱུང་ལྔའི་ཆོས་སྟོན་ཚུལ་དངོས་དང་། མཇུག་བསྡུས་ཏེ་བསྟན་པའོ། །དེ་ཡང་། ཀྱེ། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱང་། །རང་གི་བྱང་ཆུབ་སེམས་དེ་ནི། །སྟོན་པ་ཡིན་པར་མངོན་བསྟན་ན། །སྐལ་པ་བརྒྱ་ཕྲག་སྟོང་དུ་ནི། །རང་སེམས་སྟོན་པ་མ་མཐོང་བས། །ཀུན་བྱེད་རྒྱལ་པོ་ང་ཡིས་ནི། །རང་སེམས་སྟོན་པ་མངོན་ཕྱུང་བས། །རང་སེམས་སྟོན་པའི་ཆོས་ཉིད་ཅིག །ཅེས་པ་ལ་སོགས་པས་སྟོན་ཏོ། །དགུ་པ་ནི། དེ་ཉིད་ལས། རང་སེམས་སྟོན་པ་གཉིས་མེད་དེ་བཤད་ཕྱིར། །གཏན་ཚིག་མངོན་དུ་ཕྱུང་བའི་ལུང་ཡང་བསྟན། །ཞེས་པས། ཉེར་གཅིག་པ་གཏན་ཚིག་བཤད་ལུགས་ཀྱི་ལེའུ་སྟོན་ཏེ། འདི་ལ་གཉིས། སྟོན་པའི་ཆེ་བ་དང་། སེམས་ཀྱི་བཤད་ལུགས་སོ། །དང་པོ་ནི། ཀྱེ། སེམས་དཔའ་རྡོ་རྗེ་ཁྱོད་ཉོན་ཅིག །ང་ནི་ཆོས་རྣམས་ཀུན་བྱེད་རྒྱལ་པོ་སྟེ། །སྐུ་གསུམ་སྟོན་པའི་ཕ་མ་ང་ཡིན་ལ། །དུས་གསུམ་སངས་རྒྱས་ཀུན་གྱི་མེས་པོ་ཡིན། །འཁོར་གནས་དུས་ཀྱི་སྟོན་པའི་སྒྲོན་མ་བྱེད། །ཅེས་སོ། །གཉིས་པ་ལ་གཉིས་ཏེ། སྐུ་གསུམ་སྟོན་པའི་བཤད་ལུགས་དང་། །རྒྱུ་འབྲས་འདས་པའི་བཤད་ལུགས་སོ། །ཀྱེ། སེམས་པ་ཆེན་པོ། ཀུན་བྱེད་རྒྱལ་པོ་ང་ནི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ནི་ཡེ་ནས་རྫོགས་པ་ཆེ། །རྫོགས་པ་ཆེན་པོ་ཡེ་ནས་རྒྱུ་འབྲས་འདས། །རྒྱུ་འབྲས་འདས་པའི་བཤད་ལུགས་བསྟན་པ་དང་། །ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །སྐུ་གསུམ་སྟོན་པ་བྱུང་བའི་བཤད་ལུགས་དང་། །རྣམ་པ་གཉིས་ཀྱི་བཤད་ལུགས་བསྟན་པའོ། །ཞེས་སོ། །དང་པོ་ནི། སྐུ་གསུམ་སྟོན་པ་གསུམ་གྱི་བཤད་ལུགས་ནི། །ཕུན་པ་རྣམ་པ་ལྔ་ནང་དུ། ཞེས་པ་ལ་སོགས་པ་བདུན་གྱིས་བསྟན་ནོ། །གཉིས་པ་ནི། ཀུན་བྱེད་ང་ནི་རྒྱུ་འབྲས་འདས་པ་སྟེ། །རྒྱུ་འབྲས་འདས་པ་སྤྱོད་ཡུལ་ཀུན་ལས་འདས། །ལ་སོགས་པས་སྤྱི་དོན་ལྔས་སྟོན་ཏོ། །བཅུ་པ་ནི། དེ་ཉིད་ལས། དེ་ཡིས་རྩ་བ་སེམས་སུ་གཅིག་རིག་པས། །རྩ་བ་སེམས་སུ་གཅིག་པ་མངོན་ཕྱུང་བསྟན། །ཞེས་པས། དྲུག་པ་རྩ་བ་གཅིག་པའི་ལེའུ་སྟོན་ཏེ། འདི་ལ་གསུམ། སྟོན་པས་སེམས་པ་རྡོ་རྗེ་ལ་ཆོས་བསྟན་པའི་ཚུལ་དང་། སེམས་པ་རྡོ་རྗེས་ཞུས་པ་དང་། ལན་རྒྱས་པར་བསྟན་པའོ། །དང་པོ་ནི། ཀྱེ། སེམས་པ་རྡོ་རྗེ་ཚིག་འདི་ཉོན། །ཀུན་བྱེད་རྒྱལ་པོ་ང་ཡིས་ནི། །ང་ཡིས་ཆོས་རྣམས་དང་པོར་བཀོད། །ཅེས་པ་ལ་སོགས་པ་བཅུ་གཅིག་གིས་སྟོན་ནོ། །གཉིས་པ་ནི། སེམས་པ་རྡོ་རྗེ་འཁོར་གྱི་ནང་ནས་ལོངས་ནས། ཞེས་པ་ལ་སོགས་པས་སྟོན་ཏོ། །གསུམ་པ་ནི། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་འདི་སྐད་ཅེས་གསུངས་སོ། །ཞེས་པ་ལ་སོགས་པས་སྟོན་ཏོ། །སྤྱི་དོན་གཉིས་པ་དགོས་ཆེད་ནི། གྱ་གཅིག་པ་ལས། གདམས་ངག་ཕོག་པས་ཆོས་ཉིད་མཐོང་བའི་ཕྱིར། །བཅུ་དྲུག་པ་ཡི་མངོན་ཕྱུང་དགོས་པ་བསྟན། །ཞེས་པ་དང་། ཡང་དེ་ཉིད་ལས། དེ་ལྟར་མངོན་ཕྱུང་མདོ་ལུང་བཅུ་པོ་ལ། །གདམས་ངག་ཕོག་པས་ཆོས་ཉིད་མཐོང་བའི་ཕྱིར། །གདམས་ངག་ཕོག་པས་དགོས་པ་དང་པོར་བསྟན། །ཞེས་པས། བཅུ་དྲུག་པ་གདམས་ངག་ཕོག་པའི་ལེའུ་སྟོན་ཏེ། འདི་ལ་གསུམ། སེམས་ཉིད་ཕུན་པ་ཐམས་ཅད་དུ་རང་སྣང་བས་ཆོས་ཐམས་ཅད་ཀྱི་སྙིང་པོར་བསྟན་པ་དང་། དེ་ཉིད་ཡེ་ནས་བྱ་བརྩལ་དང་བྲལ་བས་བྱ་བརྩལ་ཅན་དུ་ལུང་མ་སྟོན་ཅིག །བར་གདམས་པ་ལུང་སྟོན་པའི་སྐྱོན་དང་བཅས་པ་དང་། ཀུན་བྱེད་རྟོགས་པར་གྱིས་ཤིག་པར་གདམས་པ་ཡོན་ཏན་དང་བཅས་པའོ། །དེ་ཡང་། ཀྱེ་སེམས་པ་ཆེན་པོ་དོན་འདི་ཉོན་ཅིག །ང་ནི་ཡེ་ནས་ཀུན་བྱེད་རྒྱལ་པོ་ཡིན། །སྟོན་པ་བསྟན་པ་འཁོར་དུས་ངས་བྱས་ནས། །སྟོན་པའི་བསྟན་པ་ཡང་ནི་ང་ཡིས་བྱེད། །བསྟན་པ་ང་ཡི་རང་བཞིན་དེ་སྟོན་ལ། །འཁོར་ཡང་ང་ཡི་ངོ་བོ་དེ་ཕྱུང་ནས། །དུས་གནས་ང་ཡི་རང་བཞིན་དེ་རྒྱུ་ནི། །ཀུན་བྱེད་ང་ཡི་རང་བཞིན་བསྟན་པ་ལ། །ང་མིན་ཆོས་ནི་གཅིག་ཀྱང་བསྟན་པ་མེད། །ཅེས་པ་ལ་སོགས་པས་སྟོན་ཏོ། །གཉིས་ངེས་པར་བསྟན་པའི་མདོ་ལུང་བཅུ་དགོས་པ་དང་བཅས་པ་སྐྱེས་བུ་རྫུན་སྤངས་པའི་འཕྲིན་ལྟར་བཤད་པ་ལ་གཉིས་ཏེ། བགྲང་། དང་པོ་མདོ་ལུང་དངོས་ནི། གྱ་གཅིག་པ་ལས། ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །ངེས་པར་བསྟན་པའི་མདོ་ལུང་བཅུ་བསྟན་པ། བཞི་པ་སུམ་ཅུ་གསུམ་པ་བཅུ་གསུམ་པ། །བཅུ་གཉིས་པ་དང་ལྔ་དང་སུམ་ཅུ་གཉིས། །སུམ་ཅུ་དྲུག་དང་སུམ་ཅུ་བཞི་པ་དང་། །ཉི་ཤུ་དགུ་དང་བཅུ་བདུན་པ་ཡིས་རྫོགས། །ཞེས་པས། ལེའུ་བཅུ་ཡིས་སྟོན་ཏེ། གང་ཞེ་ན་བགྲང་། དང་པོ་ནི། སྐབས་སྦྱོར་ལས། ཆོས་ཀུན་ཀུན་བྱེད་དེ་ཉིད་ངེས་རྟོགས་ཕྱིར། །མཚན་ཉིད་ངེས་པར་བསྟན་པའི་ལུང་ཡང་བསྟན། །ཞེས་པས། བཞི་པ་མཚན་གཞི་ངེས་པར་བསྟན་པའི་ལེའུ་སྟོན་ཏེ། འདི་ལ་གསུམ། མཚན་གཞི་རྟོགས་པར་གྱིས་ཤིག་པར་གདམས་པ་མདོར་བསྟན་པ་དང་། མཚན་རྒྱས་པར་བཤད་པ་དང་། ཡོན་ཏན་གྱི་སྒོ་ནས་མཇུག་བསྡུས་ཏེ་བསྟན་པའོ། །དང་པོ་ནི། ཀྱེ། སེམས་པ་རྡོ་རྗེ་ཁྱོད་ཉོན་ཅིག །ང་ནི་ཡེ་ནས་རང་བྱུང་ཡེ་ཤེས་ཏེ། །ང་ནི་ཡེ་ནས་ཆོས་ཀུན་སྙིང་པོ་ཡིན། །ང་ནི་ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས། །ང་ཡི་མཚན་འདི་སེམས་པས་རྟོགས་པར་གྱིས། །ང་ཡིས་མཚན་འདི་སེམས་པས་རྟོགས་གྱུར་ན། །ཆོས་རྣམས་ཐམས་ཅད་མ་ལུས་རྟོགས་འགྱུར་གྱིས། །ཞེས་པ་ལ་སོགས་པས་སྟོན་ཏོ། །གཉིས་པ་ནི། ཡང་དེ་ཉིད་ལས། དེ་ཉིད་བརྒྱུད་དང་མངོན་སུམ་ཐབས་རྟོགས་པས། །ལུང་གཉིས་ངེས་པར་བསྟན་པའི་ལུང་ཡང་བསྟན། །ཞེས་པས། སོ་གསུམ་པ་ལུང་གཉིས་ངེས་པར་བསྟན་པའི་ལེའུ་སྟོན་ཏེ། འདི་ལ་གཉིས། སྒྲ་བཞིས་དོན་ཇི་ལྟར་རིག་པའི་དྲིས་ལན་དང་། ལུང་གཉིས་ཀྱི་དོན་བཤད་པའོ། །དང་པོ་ནི། ཀྱེ། སེམས་པ་ཆེན་པོ་ཡིད་ཀྱི་དབང་པོས་སྒྲ་རྟོགས་ཤིག །སྒྲ་ཡིས་དོན་དེ་རྟོགས་རིག་བྱོས་ཀུན་གྱི་གནས་ནི་ཆོས་ཀྱི་དབྱིངས་ཡིན་ན། དབྱིངས་ཀྱི་སྒྲ་དོན་ཇི་ལྟར་རིག་པར་བྱེད། །ཅེས་པ་ལ་སོགས་པ་བཅུ་གཅིག་གི་སྟོན་པས་དྲིས་ནས། ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །ཁྱོད་ཀྱི་རང་བཞིན་ཤིན་ཏུ་རྟོགས་དཀའ་བ། །རྣམ་བཞི་བསྟན་པའི་སྒྲ་ཡིས་བདག་གིས་རྟོགས། །དབྱིངས་ཀྱི་སྒྲ་ཡིས་འབྱེད་པ་མེད་པར་རྟོག །ཅེས་པ་ལ་སོགས་པས་ལན་བཏབ་ནས། སྒྲ་ཡིས་དོན་རིག་པ་དང་། དོན་གྱི་སྒྲར་རིག་པར་བསྟན་ཏོ། །གཉིས་པ་ལ་གཉིས་ལས། རང་ལུང་ནི། ཀྱེ་ཀུན་བྱེད་རྒྱལ་པོ་ཁྱོད་ལས་བྱུང་བ་ཡི། །སྐུ་གསུམ་སྟོན་པ་ཁྱོད་ཀྱི་ངོ་བོ་གསུམ། །དེ་གསུམ་སྟོན་པ་རྣམ་གསུམ་ཁྱོད་ཀྱི་ལྡེམ་དགོངས་ཏེ། །རིག་པ་སོ་སོའི་སེམས་ལ་ལྡེམ་དགོངས་བསྟན། །ཞེས་པ་ལ་སོགས་པས་སྟོན། གཉིས་པ་ངེས་ལུང་ནི། ཀྱེ་རིག་པའི་རྒྱལ་པོ་སེམས་པ་རྡོ་རྗེ་ཉོན། །དོན་དམ་ངེས་པའི་ལུང་ཞེས་བསྟན་པ་ནི། །རིག་པའི་རྒྱལ་པོས་རིག་གམ་བསྟན་དུ་མེད། །ཅེས་པ་ལ་སོགས་པས་སྟོན་ཏོ། །གསུམ་པ་ནི། དེ་ཉིད་ལས། ལུང་དེ་ངེས་པར་རྟོགས་པར་བྱ་བའི་ཕྱིར། །སེམས་ཉིད་ངེས་པར་བཤད་པའི་ལུང་ཡང་བསྟན། །ཞེས་པས། བཅུ་གསུམ་པ་སེམས་ཀྱི་བཤད་ལུགས་ཀྱི་ལེའུ་སྟོན་ཏེ། འདི་ལ་གཉིས། གྲངས་དང་མིང་གི་སྒོ་ནས་བཤད་ལུགས་མདོར་བསྟན་པ་དང་། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། ཀྱེ། སེམས་དཔའ་ཆེན་པོ་ཉོན་ཅིག །ང་ནི་ཆོས་ཀྱི་དབྱིངས་ལུང་ཡིན་པའི་ཕྱིར། །ཧེ་དུ་དོན་གྱི་བཤད་ལུགས་རྣམས་ལྔ་ནི། །སྤྱི་དོན་རྣམ་པ་ལྔ་ཡིས་བཤད་པ་སྟེ། །ལོ་རྒྱུས་དོན་གྱི་བཤད་ལུགས་བསྟན་པ་དང་། །རྩ་བའི་དོན་གྱི་བཤད་ལུང་བསྟན་པ་དང་། །ཡོ་ག་རྫོགས་པའི་དོན་གྱི་བཤད་ལུགས་དང་། །དགོས་པ་དོན་གྱི་བཤད་པ་བསྟན་པ་དང་། །ཚིག་གི་དོན་གྱི་བཤད་ལུགས་བསྟན་པའོ། །ཞེས་སོ། །གཉིས་པ་ལ་གསུམ་སྟེ། སྤྱི་དོན་ལྔ་ཡི་གོ་རིམས་ངེས་པ་དང་། དགོས་ཆེད་དང་། ངེས་ཚིག་གོ། །དེ་ཡང་། དང་པོར་ཡིད་ཆེས་པ་ཡི་ཁུངས་བསྟན་ཕྱིར། །ལོ་རྒྱུས་དོན་གྱི་བཤད་ལུགས་བསྟན་པར་བྱ། །ཞེས་པ་ལ་སོགས་པས་སྟོན་ཏོ། །བཞི་པ་ནི། དེ་ཉིད་ལས། བཤད་པ་དེ་ཉིད་ཡིས་ཆེས་བྱ་བའི་ཕྱིར། །ལུང་ཁུངས་ངེས་པར་བསྟན་པའི་ལུང་ཡང་བསྟན། །ཞེས་པས་བཅུ་གཉིས་པ་ལུང་ཁུངས་ངེས་པར་བསྟན་པའི་ལེའུ་སྟོན་ཏེ། འདི་ལ་གསུམ། ཆེ་བ་གདམས་པ་དང་བཅས་པ་མདོར་བསྟན་པ་དང་། དེ་ཉིད་རྒྱས་པར་བཤད་པ་དང་། གདམས་པ་ཡོན་དང་བཅས་པས་མཇུག་བསྡུ་བའོ། །དང་པོ་ནི། ཀྱེ། སེམས་པ་ཆེན་པོ། ང་ནི་ཀུན་གྱི་ལུང་ཁུངས་ཡིན་པ་སྟེ། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །ཐམས་ཅད་ང་ལས་བྱུང་བ་ཤེས་པར་གྱིས། །ཆོས་ཀྱི་སྤྱི་ཁུངས་ཆེན་པོ་འདི་ཉོན་ལ། །ཆོས་རྣམས་ཐམས་ཅད་འདི་ལྟར་ལུང་སྟོན་ཅིག །ཅེས་སོ། །རྒྱས་པ་ལ་བདུན་ཏེ་བགྲངས། དེ་ཡང་ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་ང་ནི། །ལུང་ཆེན་ཀུན་གྱི་རྒྱལ་པོ་ང་ཡིན་པས། །སྟོན་པ་གསུམ་ཡང་དང་པོར་ང་ལས་བྱུང་། །ལུང་ཞེས་བྱ་བ་སྟོན་པའི་བཀའ་ལ་གདགས། །ཞེས་པ་ལ་སོགས་པས་སྟོན། གསུམ་པ་ནི། ཀྱེ། སེམས་དཔའ་ཆེན་པོ་ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་ང་ནི། །ཁྱོད་ཀྱིས་ང་རང་བཞིན་འདི་རྟོགས་ལ། ཞེས་པ་ལ་སོགས་པས་སྟོན་ཏོ། །ལྔ་པ་ནི། དེ་ཉིད་ལས། དེ་ཡིས་དོན་ཉིད་གཏན་ལ་ངེས་འབེབས་པས། །དོན་འགྲེལ་ངེས་པར་བསྟན་པའི་ལུང་ཡང་བསྟན། །ཞེས་པས། ལྔ་པ་དོན་གྱི་འགྲེལ་པའི་ལེའུ་སྟོན་ཏེ། འདི་ལ་གསུམ། ཉིད་ཀྱི་རང་བཞིན་བསྟན་པ་དང་། དེ་ཉིད་གཏན་ལ་དབབ་པའི་ཐབས་དང་། ཐབས་ཀྱི་ཆེ་བ་བསྟན་པའོ། །དེ་ཡང་། ཀྱེ། སེམས་དཔའ་ཆེན་པོ་ང་ཡི་རང་བཞིན་འདི་ལྟར་ཏེ། །ཡོད་ནི་གཅིག་ལས་མེད་པ་སྟེ། །བསྟན་ནི་རྣམ་པ་གཉིས་སུ་བསྟན། །བྱུང་ནི་ཐེག་པ་དགུ་རུ་བྱུང་། །འདུས་ནི་རྫོགས་པ་ཆེན་པོར་འདུས། །ཡིན་ནི་བྱང་ཆུབ་སེམས་ཡིན་ཏེ། །ཞེས་པ་ལ་སོགས་པས། དཔེ་ནམ་མཁའ། དོན་ཆོས་ཉིད། རྟགས་ཆོས་ཉིད་མ་འགགས་པ་གསུམ་གྱིས་བྱང་ཆུབ་སེམས་རྟོགས་པར་བྱེད་ཀྱི། གཞན་གྱིས་མི་ཕེབས་པར་སྟོན་ཏོ། །དྲུག་པ་ནི། དེ་ཉིད་ལས། དོན་འགྲེལ་གཏན་ཕབ་ངེས་པའི་གདེང་རྙེད་པས། །ཚིག་བཞི་ངེས་པར་བསྟན་པའི་ལུང་ཡང་བསྟན། །ཞེས་པས། སོ་གཉིས་པ་ངེས་པ་ཚིག་བཞིའི་ལེའུ་སྟོན་ཏེ། འདི་ལ་གསུམ། ཅིར་སྣང་ཆོས་ཉིད་དེ་བཞིན་ཉིད་དུ་བསྟན་པ་དང་། དེ་ལ་བཅོས་སླད་མ་བྱེད་པར་གདམས་པ་དང་། མ་བཅོས་པ་དེ་ཉིད་ཆོས་སྐུའི་དགོངས་པར་བསྟན་པའོ། །དེ་ཡང་། ཀྱེ། སེམས་དཔའ་ཆེན་པོ་འདི་ལྟར་དོན་རིག་གྱིས། །ཇི་ལྟར་སྣང་བ་དེ་བཞིན་ཉིད་དུ་གཅིག །འདི་ལ་སུ་ཡང་འཆོས་པར་མ་བྱེད་ཅིག །མ་བཅོས་མཉམ་པའི་རྒྱལ་པོ་དེ་ལ་ནི། །མི་རྟོག་ཆོས་སྐུའི་དགོངས་པ་དེ་ལ་གནས། །ཞེས་པས་སྟོན་ཏོ། །བདུན་པ་ནི་དེ་ཉིད་ལས། ངེས་རྣོད་སྐུ་གསུང་ཐུགས་སུ་འདུས་པའི་ཕྱིར། །སྐུ་གསུང་ཐུགས་སུ་ངེས་པའི་ལུང་ཡང་བསྟན། །ཞེས་པས་སོ་དྲུག་པས་སྐུ་གསུང་ཐུགས་སུ་འདུས་པའི་ལེའུ་སྟོན་ཏེ། འདི་ལ་གསུམ། སྟོན་པས་ཆོས་ཐམས་ཅད་ཉིད་ཀྱི་སྐུ་གསུང་ཐུགས་ཀྱིས་བྱས་པར་བསྟན་པ་དང་། འཁོར་གྱིས་དེ་ཇི་ལྟར་བྱས་པའི་ཚུལ་ཞུས་པ་དང་། སྟོན་པས་ལན་གསུང་པའོ། །ཀྱེ། སེམས་དཔའ་ཆེན་པོ་ང་ཡི་རང་བཞིན་འདི་རྟོགས་ཤིག །ང་ནི་བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ་བྱང་ཆུབ་སེམས་ནི་ཀུན་བྱེད་རྒྱལ་པོ་ཡིན། ཀུན་བྱེད་རྒྱལ་པོའི་རང་བཞིན་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱི་མ་བྱས་གཅིག་ཀྱང་མེད། །ཅེས་པ་ལ་སོགས་པས་སྣང་བ་ཐམས་ཅད་སེམས་ཉིད་རང་སྣང་གི་སྐུ། གྲགས་པ་ཐམས་ཅད་ཀུན་བྱེད་རང་སྣང་གི་གསུང་། དྲན་རིག་ཐམས་ཅད་ཀུན་བྱེད་རང་སྣང་གི་ཐུགས་སུ་སྟོན་ཏོ། །བརྒྱད་པ་ནི། དེ་ཉིད་ལས། སྐུ་གསུང་དགོངས་པ་གཅིག་ཏུ་བདལ་བའི་ཕྱིར། །དགོངས་པ་འདུས་པར་ངོས་པའི་ལུང་ཡང་བསྟན། །ཞེས་པས། སོ་བཞི་པ་དགོངས་པ་འདུས་པའི་ལེའུ་སྟོན་ཏེ། འདི་ལ་ལྔ། སྟོན་པ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ང་ལ་འདུས་པར་ཞལ་གྱིས་བཞེས་པ་དང་། སེམས་པ་རྡོ་རྗེས་འདུས་ལུང་ཞུས་པ་དང་། སྟོན་པས་ལན་གསུངས་པས་སེམས་དཔའ་རྡོ་རྗེ་བརྒྱལ་བ་དང་། བརྒྱལ་སངས་ནས་ཐེ་ཚོམ་ཞུས་པ་དང་། སྟོན་པས་ཐེ་ཚོམ་བསལ་བའོ། །དེ་ཡང་། ཀྱེ། རྟོགས་པའི་རྒྱལ་པོ་སྒྲ་ཉོན་ཅིག །ཀུན་བྱེད་རྒྱལ་པོ་ལ་ནི། དགོངས་པའི་དོན་ནི་ང་ལ་འདུས། །ང་ཡི་རང་བཞིན་འདི་ལ་ནི། །སྐུ་འདུས་གསུང་འདུས་དགོངས་པ་འདུས། །ང་ཡི་སྒྲ་ཉོན་དགོངས་འདུས་ཀྱིས། །ཞེས་པ་ལ་སོགས་པས། སྤྱི་འདུས་སྒོ་སུམ་སྒོ་འདུས་ལྔ་ཡི་སྒོ་ནས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཉིད་ལ་འདུས་པར་སྟོན་ཏོ། །དགུ་པ་ནི། དེ་ཉིད་ལས། དགོངས་འདུས་དོན་ལ་མ་བཙལ་རང་བཞག་ཕྱིར། །དགོངས་པ་ངེས་པར་བཞག་པའི་ལུང་ཡང་བསྟན། །ཞེས་པས། ཉེར་དགུ་པ་དགོངས་པ་རྣམ་བཞག་གི་ལེའུ་སྟོན་ཏོ། །འདི་ལ་དྲུག །སེམས་ཀྱི་རང་བཞིན་ཡེ་ནས་རྣལ་བཞག་ཏུ་བསྟན་པ་དང་། རྣལ་དུ་བཞག་པའི་ཡོན་ཏན་དང་། དེས་ན་རྣལ་དུ་ཞོག་ཅིག་པའི་གདམས་པ་མ་བཞག་པའི་སྐྱོན་དང་བཅས་པ་དང་། རྣལ་དུ་འཇོག་ཤེས་མ་ཤེས་ཀྱི་སྐྱོན་ཡོན་བསྟན་པ་དང་། ཨ་ཏི་ཡོ་ག་ལ་རྒྱུ་འབྲས་དང་བདེན་གཉིས་སུ་ལྟ་བས་གཉིས་མེད་མི་རྟོགས་པར་བསྟན་པ་དང་། རྣལ་བཞག་ཅིག་ཏུ་རྟོགས་པ་དུས་གསུམ་སངས་རྒྱས་ཀྱི་དགོངས་པར་བསྟན་པའོ། །དེ་ཡང་། ཀྱེ། སེམས་པ་ཆེན་པོ་ཉོན་ཅིག །ང་ནི་ཀུན་བྱེད་བྱང་ཆུབ་སེམས། །ཆོས་རྣམས་ཐམས་ཅད་ང་ཡིན་ཏེ། །ང་ཡི་རང་བཞིན་ཐམས་ཅད་ནི། །ཡེ་ནས་རྣལ་དུ་བཞག་པ་ཡིན། །ང་ཡི་རང་བཞིན་བསྟན་པ་ནི། །རྣམ་པ་ལྔ་རུ་ཤེས་པར་བྱ། །སྟོན་པ་བསྟན་པ་འཁོར་གནས་དུས། །རྣམ་ལྔའི་རང་བཞིན་རྣལ་དུ་བཞག །ཅེས་པ་ལ་སོགས་པས་སྒོ་གསུམ་བཅོས་སླད་མེད་པར་རྣལ་དུ་བཞག་པ་སྟོན་ཏོ། །བཅུ་པ་ནི། དེ་ཉིད་ལས། ངེས་པའི་བསྟན་པའི་དོན་ལས་མི་འདའ་བས། །སྐུ་གསུང་ངེས་འཆང་ལུང་འདི་ངེས་པར་བསྟན། །ཞེས་པས། བཅུ་བདུན་པ་སྐུ་གདུང་གཏད་པའི་ལེའུ་སྟོན་ཏེ། འདི་ལ་ལྔ། སྟོན་པས་སྐུ་གདུང་རིང་བསྲེལ་ཟུང་ཅིག་པར་གདམས་པ་ཡོན་ཏན་དང་བཅས་པ་དང་། སེམས་དཔའ་རྡོ་རྗེས་དེའི་དོན་ཞུས་པ་དང་། སྟོན་པས་ལན་དུ་སྐུ་གདུང་རིང་སྲེལ་གྱི་དོན་གསུངས་པ་དང་། སེམས་པ་རྡོ་རྗེས་དེ་ཚུལ་ཇི་ལྟར་མཆོད་ཅིང་དེ་ལ་ཡོན་ཏན་ཅི་ཡོད་ཞུས་པ་དང་། སྟོན་པས་དེའི་ལན་གསུང་ཚུལ་ལོ། །དེ་ཡང་། ཀྱེ། སེམས་པ་ཆེན་པོ་འདི་ཟུང་ཅིག །སྐུ་གདུང་རིང་བསྲེལ་རྟགས་འཆང་ན། །རྒྱལ་བའི་ཡང་མེས་ཀུན་བྱེད་ང་དང་མཉམ། །ཞེས་པ་ལ་སོགས་པས་སྟོན་ཏོ། །སྤྱི་དོན་གཉིས་པ་དགོས་ཆེད་ནི། གྱ་གཅིག་པ་ལས། ངེས་པར་བསྟན་པའི་དགོས་པ་ཡིད་ཆེས་པ། །ལྔ་བཅུ་རྩ་ལྔ་པ་ཡིས་བསྟན་པ་ཡིན། །ཞེས་པས། དེ་ཉིད་ལས། ངེས་པར་བསྟན་པའི་ལུང་བཅུ་བརྗོད་པ་ཡིས། །མ་ནོར་ཡིད་ཆེས་ངེས་པའི་དགོས་ཡོད་པས། །ཐམས་ཅད་བྱང་ཆུབ་སེམས་ལས་མེད་པར་བསྟན། །ཞེས་པས། ལྔ་པ་ཐམས་ཅད་བྱང་ཆུབ་སེམས་ལས་མེད་པར་བསྟན་པའི་ལེའུ་སྟོན་ཏེ། འདི་ལ་ལྔ། འཁོར་འདས་ཐམས་ཅད་སེམས་ལས་གཞན་མེད་པར་བསྟན་པ་དང་། རིགས་དྲུག་གི་དུ་ཁ་ཆོས་ཉིད་ཇི་བཞིན་པར་གྲོལ་བར་བསྟན་པ་དང་། རང་ཡེ་ཤེས་ལ་བདེ་སྡུག་བླང་དོར་མེད་པར་དང་། རང་ཡེ་མ་རྟོགས་པའི་སྐྱོན་དང་། དེས་ན་སློབ་དཔོན་ཅིག་པར་གདམས་པའོ། །དེ་ཡང་། ཀྱེ། སེམས་དཔའ་ཆེན་པོ་ཉོན་ཅིག །ཇི་ལྟར་སྣང་སྲིད་སྣོད་བཅུད་བསྡུས་པ་ཐམས་ཅད་དང་། དོན་དང་ཚིག་ཏུ་བརྗོད་པ་ཐམས་ཅད་ཀུན། །བྱང་ཆུབ་སེམས་ཡིན་པ ནི་འདི་ལྟ་སྟེ། །ཞེས་པ་ལ་སོགས་པའོ། །གསུམ་པ་རྒྱུ་འབྲས་འདས་པའི་མདོ་ལུང་བཅུ་དགོས་པ་དང་བཅས་པ་འབྱུང་ཆེན་གཉིས་ཀྱི་ནམ་མཁའ་ལྟར་བཤད་པ་ནི། གཉིས་ཏེ་བགྲང་། དང་པོ་མདོ་ལུང་དངོས་ནི། གྱ་གཅིག་པ་ལས། ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །རྒྱུ་འབྲས་འདས་པའི་མདོ་ལུང་བཅུ་བསྟན་པ། །བཞི་བཅུ་གཅིག་པ་བཅུ་བཞི་སུམ་ཅུ་བརྒྱད། །དགུ་པ་དང་ནི་སོ་ལྔ་བཅུ་དགུ་པ། །བཅོ་བརྒྱད་པ་དང་བརྒྱད་དང་བཞི་བཅུ་པ། །ལྔ་བཅུ་རྩ་གཉིས་པ་ཡིས་བསྟན་པ་ཡིས། །ཞེས་པས། ལེའུ་བཅུས་སྟོན་ཏེ་བགྲང་། དང་པོ་ནི། སྐབས་སྦྱོར་ལས། ངེས་པར་རང་འབྱུང་རིག་པར་གཅིག་པ་ལ། །ངོ་བོ་གཅིག་པས་རྒྱུ་འབྲས་འདས་པར་བསྟན། །ཞེས་པས། ཞེ་གཅིག་པ་ངོ་བོ་གཅིག་ལེའུ་སྟོན་ཏེ། འདི་ལ་གཉིས། མདོ་དང་། རྒྱས་པའོ། །དང་པོ་ནི། ཀྱེ། སེམས་པ་རྡོ་རྗེ་དམ་པ་ཁྱོད། །ང་ཡི་རང་བཞིན་འདི་ལྟར་ཤེས་པར་གྱིས། །ང་ནི་སྟོན་པའི་སྒྲོན་མ་བྱང་ཆུབ་སེམས། །དུས་གསུམ་སངས་རྒྱས་ཀུན་གྱི་སྙིང་པོ་ཡིན། །ཁམས་གསུམ་སེམས་ཅན་ཐམས་ཅད་ཕ་དང་མ། །སྣང་སྲིད་སྣོད་བཅུད་ཀུན་གྱི་རྒྱུ་ཡང་ཡིན། །ང་ལས་མ་བྱུང་བ་ནི་གཅིག་ཀྱང་མེད། །ཅེས་སོ། །རྒྱས་པ་ལ་བཞི། དུས་གསུམ་སངས་རྒྱས་ཀྱི་སྙིང་པོར་བསྟན་པ་དང་། ཁམས་གསུམ་སེམས་ཅན་ཕ་མར་བསྟན་པ་དང་། སྣང་སྲིད་སྣོད་བཅུད་ཀྱི་རྒྱུར་བསྟན་པ་དང་། ང་ལས་མ་བྱུང་བ་མེད་པར་བསྟན་པའོ། །དེ་ཡང་། ང་ནི་མི་གནས་ཀུན་ཏུ་ཁྱབ་པའི་ཕྱིར། །ང་ནི་ཡེ་ནས་དུས་གསུམ་སངས་རྒྱས་ཡིན། །ཞེས་པ་ལ་སོགས་པས་སྟོན་ནོ། །གཉིས་པ་ནི། ཡང་སྐབས་སྦྱོར་ལས། ངོ་གཅིག་རང་འབྱུང་རྫོགས་པར་རྟོགས་དཀའ་བས། །སྐལ་མེད་གསང་བས་རྒྱུ་འབྲས་འདས་མི་རྟོགས། །ཞེས་པས། བཅུ་བཞི་པ་སྐལ་མེད་ལ་གསང་བའི་ལེའུ་སྟོན་ཏེ། འདི་ལ་གཉིས་ཉིད་ཀྱི་རང་བཞིན་སྐལ་མེད་ལ་གསང་བར་གདམས་པ་དང་། ཞོར་ལ་སྐལ་ལྡན་ལ་བསྟན་པར་གདམས་པའོ། །དང་པོ་ནི། ཀྱེ། སེམས་པ་ཆེན་པོ་ཀུན་བྱེད་ང་ནི་ཀུན་ཏུ་གསང་བའོ། །ང་ལས་བྱུང་བའི་སྐུ་གསུམ་སྟོན་པ་ལ། །ང་ཡི་རང་བཞིན་རྣམ་གསུམ་མི་བསྟན་གསང་། །ང་ལ་གནས་པའི་དུས་གསུམ་སངས་རྒྱས་ལ། །ང་ཡི་རང་བཞིན་མི་བསྟན་གསང་བར་བྱ། །ཞེས་པ་ལ་སོགས་པས་སྐུ་གསུམ་སྟོན་པ། དུས་གསུམ་སངས་རྒྱས། ཁམས་གསུམ་སེམས་ཅན་འདུས་པའི་འཁོར་ཚོགས་ཐམས་ཅད་ཀྱི་སྐལ་མེད་རྣམས་ལ་རྒྱུ་འབྲས་འདས་པའི་དོན་འདི་གསང་བར་སྟོན་ནོ། །གཉིས་པ་ནི། ཤིན་ཏུ་རྣལ་འབྱོར་ཀུན་བྱེད་ང་ཡིན་པས། །དེ་ལ་ང་ཡི་རང་བཞིན་བསྟན་པར་བྱ། །ཞེས་པས་སྐལ་ལྡན་བསྟན་པར་གསུངས་སོ། །གསུམ་པ་ནི། སྐབས་སྦྱོར་ལས། མ་རྟོགས་དེ་ཉིད་ལྟ་སྤྱོད་གོལ་སྒྲིབ་པས། །གོལ་སྒྲིབ་རྒྱུ་འབྲས་སྒྲིབ་པའི་ལུང་ཡང་བསྟན། །ཞེས་པས། སོ་བརྒྱད་པ་ལྟ་སྤྱོད་ཀྱི་གོལ་སྒྲིབ་བསྟན་པའི་ལེའུ་སྟོན་ཏེ། འདི་ལ་གཉིས། མདོ་དང་། རྒྱས་པའོ། །དང་པོ་ནི། ཀྱེ། སེམས་པ་ཆེན་པོ་ཉོན་ཅིག །འཁོར་གྱི་སྟོན་པ་རྣམ་གསུམ་གྱི། །བསྟན་པ་གསུམ་འདི་གོལ་སྒྲིབ་སྟེ། །དེ་ཡང་ཇི་ལྟ་བུ་ཞེ་ན། །ངེས་པ་ཐོབ་པའི་ཐེག་པ་དྲུག །རྫོགས་པ་ཆེན་པོའི་གོལ་སར་བསྟན། །ཞེས་སོ། །རྒྱས་པ་ལ་གཉིས་ཏེ། གོལ་སྒྲིབ་གཉིས་ཀྱིས་ཤན་དབྱེ་བ་དང་། མེད་པ་ལྔ་ཡིས་ལ་ཟླ་བའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། །བྱང་ཆུབ་སེམས་དཔའི་མདོ་སྡེ་འདི། །ཀུན་ཏུ་འོད་ཀྱི་ས་འདོད་པས། །བདེན་པ་གཉིས་ཀྱི་རྟོགས་དཔྱོད་ཀྱིས། །ཆོས་ཉིད་སྟོང་པ་ནམ་མཁའ་འདོད། །ཅེས་པ་ལ་སོགས་པས་སྟོན་ཏོ། །བཞི་པ་ནི། དེ་ཉིད་ལས། དེ་ཉིད་སེམས་ཉིད་ལ་ཟླ་རྒྱུ་འབྲས་འདས། །རྒྱུ་འབྲས་གོལ་སྒྲིབ་སྐྱོན་ཡོན་སེལ་བར་བསྟན། །ཞེས་པས། དགུ་པ་གོལ་སྒྲིབ་སྐྱོན་སེལ་གྱི་ལེའུ་སྟོན་ཏེ། འདི་ལ་བཞི། སྤྱིར་ཐེག་པའི་གོལ་སྒྲིབ་བསྟན་པ་དང་། བྱེ་བྲག་ཏུ་རང་བཞིན་བཅུའི་གོལ་སྒྲིབ་ལ་ཟླ་དང་བཅས་པ་དང་། གོལ་སྒྲིབ་པའི་དོན་བཤད་པ་དང་། འཇུག་པ་དང་བཅས་པའོ། །དང་པོ་ནི། ཀྱེ། སེམས་པ་ཆེན་པོ། བྱང་ཆུབ་སེམས་ཀྱི་རང་བཞིན་འདི་ཉིད་ནི། །ཆོས་ཀུན་མ་ལུས་པ་ཡི་སྙིང་པོ་སྟེ། །མ་སྐྱེས་རྣམ་པར་དག་པས་སྒྲིབ་པ་མེད། །བགྲོད་པའི་ལམ་དང་བྲལ་བས་གོལ་པ་མེད། །ཡེ་ནས་ལྷུན་གྱིས་གྲུབ་པས་བརྩལ་དུ་མེད། །ཆོས་ཀུན་སྙིང་པོ་བྱང་ཆུབ་སེམས་གཅིག་ལ། །གཅིག་ལ་རྣམ་པར་བགྲངས་པ་གོལ་སྒྲིབ་བྱུང་། །བགྲོད་དུ་མེད་ལ་བགྲོད་པས་གོལ་ས་བྱུང་། །དམིགས་མེད་བཤད་པས་མ་མཐོང་སྒྲིབ་པ་བྱུང་། །ཞེས་པ་ལ་སོགས་པས་སྟོན་ཏེ། ལྔ་པ་ནི། དེ་ཉིད་ལས། གོལ་སྒྲིབ་སྐྱོན་མེད་རྫོགས་པར་ངེས་རྟོགས་ཕྱིར། །རྒྱུ་འབྲས་འདས་པའི་རྫོགས་ཆེན་ངེས་པར་བསྟན། །ཞེས་པས། སོ་ལྔ་པ་རྫོགས་པ་ཆེན་པོའི་རང་གཞུང་གི་ལེའུ་སྟོན་ཏེ། འདི་ལ་གཉིས། རྩོལ་བ་དང་བྲལ་བ་རང་གི་གཞུང་དུ་བསྟན་པ་དང་། གཞན་གྱི་ཡུལ་མ་ཡིན་པར་བསྟན་པའོ། །དང་པོ་ནི། ཀྱེ། སེམས་པ་ཆེན་པོ། ང་ཡི་རང་བཞིན་འདི་ནི་དགའ་བ་སྟེ། །སྒོ་དང་ལྟ་བ་དང་ནི་དམ་ཚིག་དང་། །ཕྲིན་ལས་དང་ནི་བགྲོད་ལམ་གནས་པ་དང་། །ཡེ་ཤེས་ཆོས་ཉིད་རྣམ་པ་བརྒྱད་པོ་འདི། །སྐུ་གསུང་ཐེག་པ་རྣམ་པ་ལྔ་པོ་ཡི། །ཐེག་པ་གཞན་དང་ལྟ་སྤྱོད་མི་མཐུན་ཏེ། །ཞེས་པ་ལ་སོགས་པས་མདོ་རྒྱས་གཉིས་སུ་བྱ་སྟེ། འཇུག་སྒོ་བརྩལ་མེད། ལྟ་བ་སྒོམ་མེད། དམ་ཚིག་སྲུང་མེད། ཕྲིན་ལས་བཙལ་མེད། ལམ་བགྲོད་མེད། ས་སྦྱང་མེད། ཡེ་ཤེས་ཡུལ་མེད། ཆོས་ཉིད་ཇི་བཞིན་པར་སྟོན་ཏོ། །གཉིས་པ་ནི། ཀྱེ། སེམས་པ་ཆེན་པོ་དོན་འདི་ནི། །རྒྱུ་འབྲས་ཐེག་པ་ཅན་ལ་བསྟན་གྱུར་ན། །ཞེས་པ་ལ་སོགས་པས་སྟོན་ཏོ། །དྲུག་པ་ནི། དེ་ཉིད་ལས། རྫོགས་ཆེན་གཞུང་རྫོགས་མ་བརྩལ་ལྷུན་གྲུབ་པས། །མ་བརྩལ་ལྷུན་གྲུབ་རྒྱུ་འབྲས་འདས་པ་བསྟན། །ཞེས་པས། བཅུ་དགུ་པ་མ་བརྩལ་ལྷུན་གྲུབ་ཀྱི་ལེའུ་སྟོན་ཏེ། འདི་ལ་གསུམ། སྐུ་གསུམ་གྱིས་བརྩལ་དུ་མེད་པར་ལུང་མ་བསྟན་པ་ཉིད་ཀྱི་བསྟན་པ་དང་། མ་བརྩལ་བར་གྲུབ་པའི་འབྲས་བུ་བསྟན་པ་དང་། མཇུག་ཐམས་ཅད་དེ་བཞིན་ཉིད་དུ་འདུས་པར་བསྟན་པའོ། །དང་པོ་ནི། ཀྱེ། སེམས་པ་ཆེན་པོ་ཉོན་ཅིག །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །བསྟན་པའི་ཐེག་པ་རྣམ་གསུམ་བསྟན་པ་འདི། །སྟོན་པ་གསུམ་གྱིས་མི་རྩོལ་ལུང་མ་བསྟན། །ཀུན་བྱེད་ང་ཡིས་ཐེག་གཅིག་བསྟན་པ་ནི། །བརྩལ་བས་གྲུབ་པའི་ལུང་དུ་ངས་མ་བསྟན། །ཞེས་པ་ལ་སོགས་པས་སྟོན་ཏོ། །བདུན་པ་ནི། དེ་ཉིད་ལས། མ་བརྩལ་རྩལ་བས་གྲུབ་པར་མི་འགྱུར་ཕྱིར། །ཆོས་ཉིད་རྩལ་བས་མི་གྲུབ་འདས་པར་བསྟན། །ཞེས་པས། བཅོ་བརྒྱད་པ་བརྩལ་བས་མི་གྲུབ་པའི་ལེའུ་སྟོན་ཏེ། འདི་ལ་གསུམ། སྐུ་གསུམ་གྱི་བསྟན་པས་རྒྱུ་འབྲས་ཅན་ཚིམ་པར་བསྟན་པ་དང་། རྒྱུ་འབྲས་འདས་པ་མ་བརྩལ་བར་གྲུབ་པས་རྒྱུ་མཚན་དང་བཅས་པ་དང་། རྒྱུ་འབྲས་ཀྱི་བརྩལ་བས་མི་འགྲུབ་པར་བསྟན་པའོ། །དང་པོ་ནི། ཀྱེ། སེམས་པ་ཆེན་པོ་ཉོན་ཅིག །སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན། །སྣང་བ་ང་ཡི་ངོ་བོ་སྣང་། །དག་ནི་ཆོས་ཉིད་དབྱིངས་སུ་དག །འདུལ་བ་རྣམ་པ་སྣ་ཚོགས་སྣོན། །སྐུ་གསུམ་སྣ་ཚོགས་བྱུང་ནས་ནི། །ཐེག་པ་གསུམ་གྱི་ངོ་ཡང་སྟོན། །རྒྱུ་འབྲས་བན་ནི་ངེས་ཚིག་བྱེད། །ཅེས་པ་ལ་སོགས་སྟོན་ཏོ། །བརྒྱད་པ་དེ་ཉིད་ལས། བརྩལ་མེད་རང་བཞིན་ཡོངས་ལ་བཀོད་པ འི་ཕྱིར། །རྒྱུ་འབྲས་ཀུན་འདས་ཆོས་ཉིད་བཀོད་པས་བསྟན། །ཞེས་པས་བརྒྱད་པ་ནི་ཆོས་ཉིད་ཀྱི་ཡུལ་ཀུན་ལ་བཀོད་པའི་ལེའུ་སྟོན་ཏེ། འདི་ལ་གཉིས། དེ་བཞིན་གཅིག་པར་རང་བཞིན་གསུམ་དུ་ལ་ཟླ་དང་བཅས་པ་དང་། དེ་བཞིན་གཅིག་ལས་རྣལ་འབྱོར་བཞི་བྱུང་བའོ། །དང་པོ་ནི། ཀྱེ། སེམས་པ་ཆེན་པོ། ང་ཡི་དེ་བཞིན་ཉིད་གཅིག་ནི། །ཕུན་སུམ་ཚོགས་པ་གསུམ་དུ་སྣང་། །དེ་བཞིན་མ་སྐྱེས་རང་བཞིན་ནི། །དེ་བཞིན་ཉིད་དེ་ཡུལ་དུ་སྣང་། །ཡུལ་དེ་ཀུན་གྱི་དེ་བཞིན་ཉིད། །ཅེས་པ་ལ་སོགས་པས་སྟོན་ཏོ། །གཉིས་པ་ནི། དེ་བཞིན་ཉིད་ཀྱི་རང་བཞིན་དེ། །རིག་པ་གཉིས་སུ་མེད་པ་སྟེ། །རང་བཞིན་གཅིག་ཏུ་གནས་པ་ལ། །རྣལ་དུ་བཞག་པ་བཞི་བྱུང་བ། །རྣལ་འབྱོར་རྣམ་པ་བཞི་ལས་བྱུང་། །ཞེས་པ་ལ་སོགས་པས་སྟོན་ཏོ། །དགུ་པ་ནི། དེ་ཉིད་ལས། ཆོས་ཉིད་བྱང་ཆུབ་སེམས་སུ་བསྟན་པའི་ཕྱིར། །རྒྱུ་འབྲས་འདས་པ་སེམས་ཀྱི་རང་བཞིན་བསྟན། །ཞེས་པས། བཞི་པ་སེམས་ཀྱི་རང་བཞིན་གྱི་ལེའུ་སྟོན་ཏེ། འདི་ལ་གསུམ། སྟོན་པས་ཉིད་ཀྱི་བསྟན་པའི་ཆེ་བ་བརྗོད་པ་དང་། སེམས་པ་རྡོ་རྗེས་དེ་ལ་རྒོལ་རྩོད་ཀྱི་ཚུལ་དུ་ཞུས་པ་དང་། སྟོན་པས་ལན་གསུང་བའོ། །ཀྱེ། སེམས་དཔའ་ཆེན་པོ་ཉོན་ཅིག །བདག་གི་བསྟན་པ་འདི་བཀོད་པས། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །རིག་འཛིན་བྱང་ཆུབ་སེམས་དཔའ་དང་། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན། །བཅོལ་དང་སྒྲུབ་པ་མ་བྱས་པར། །འཁོར་གྱི་སྟོན་པ་རྣམ་གསུམ་གྱི། །རྩོལ་སྒྲུབ་བྱེད་པའི་བསྟན་པ་གསུམ། །གོལ་ས་སྒྲིབ་པ་ཞིག་པར་འགྱུར། །ཞེས་པ་ལ་སོགས་པས་སྟོན་ཏོ། །བཅུ་པ་ནི། དེ་ཉིད་ལས། དེ་ཉིད་མ་བརྩལ་ལྷུན་གྲུབ་རྒྱུ་འབྲས་འདས། །མ་གཡོས་འདོད་པ་མེད་པའི་རང་བཞིན་བསྟན། །ཞེས་པས། ང་གཉིས་པ་མ་གཡོས་འདོད་མེད་ཀྱི་ལེའུ་སྟོན་ཏེ། འདི་ལ་བཞི། སྟོན་པ་འདོད་པས་དོན་མ་སྒྲུབ་ཤིག་པར་གདམས་པ་རྫུན་དང་བཅས་ཏེ་གསུངས་པ་དང་། དེ་བཞིན་ཉིད་དུ་གཅིག་པ་ལ་གཉིས་སུ་ཕྱེ་བས་ངེས་ལུང་དང་འགལ་བས་མ་འབྱེད་ཅིག་པར་གདམས་པ་དང་། འདི་གཞན་གྱི་ཡེ་ཤེས་ཀྱི་ཁྱད་པར་བསྟན་པ་དང་། ཐམས་ཅད་བྱང་ཆུབ་སེམས་ཡིན་པས་སེམས་ཀྱི་དོན་རྟོགས་པར་གྱིས་ཤིག་པར་གདམས་པའོ། །དེ་ཡང་། ཀྱེ། སེམས་པ་ཆེན་པོ། ཆོས་རྣམས་ཐམས་ཅད་གྲུབ་འདོད་ན། །འདོད་པའི་ས་ནི་མ་སྒྲུབས་ཤིག །འདོད་པར་བྱེད་པའི་སེམས་དེ་ནི། །ལི་ལེན་ཐམས་ཅད་སྤོང་བ་ཡིན། །འདི་ནི་རྒྱུ་འབྲས་འདས་པའི་ཕྱིར། །འབྲས་བུ་འདོད་ནས་རྒྱུ་མི་སྒྲུབ། །མི་རྟོག་རང་བཞིན་གནས་པས་འགྲུབ། །ཅེས་པ་ལ་སོགས་པས་སྟོན་ཏོ། །སྤྱི་དོན་གཉིས་པ་དགོས་ཆེད་བསྟན་པ་ནི། གྱ་གཅིག་པ། རྒྱུ་འབྲས་འདས་པ་རྩོལ་སྒྲུབ་བྱ་མི་དགོས། །བདུན་པ་ཉིད་དུ་ངེས་པར་བསྟན་པ་ཡིན། །ཞེས་པ་དང་ཡང་དེ་ཉིད་ལས། རྒྱུ་འབྲས་འདས་པའི་ལུང་བཅུ་བརྗོད་པ་ཡིས། །རྩོལ་སྒྲུབ་བྱ་མི་དགོས་པའི་དགོས་ཡོད་པས། །རྣམ་གྲངས་གཅིག་ཏུ་བསྡུས་ཏེ་བརྩལ་མེད་བསྟན། །ཞེས་པས། བདུན་པ་རྣམ་གྲངས་བསྡུས་པའི་ལེའུ་སྟོན་ཏེ། འདི་ལ་གསུམ། སྟོན་པས་སེམས་ཉིད་ལ་བགྲང་དུ་མེད་ལ་བྱས་པའི་ཆོས་ཀྱི་བགྲང་བར་གསུངས་པ་དང་། སེམས་པ་རྡོ་རྗེས་གཅིག་ལས་གཉིས་སུ་བསྟན་པའི་དོན་ཞུས་པ་དང་། སྟོན་པས་ལན་གསུངས་པའོ། །དེ་ཡང་། ཀྱེ། སེམས་ནི་ཇི་བཞིན་ང་ཡི་ངོ་བོ་སྟེ། །ཇི་བཞིན་གཉིས་མེད་བདེ་བ་ཆེན་པོ་ལ། །རྣམ་པ་ཀུན་ལྡན་རྣམ་པ་ཡོངས་ཀྱིས་མེད། །སྤྲོས་བྲལ་ནམ་མཁའ་བཞིན་དུ་ཡེ་གནས་ལ། །དམིགས་པའི་ཡུལ་འདས་གཅིག་ཅེས་བགྲང་དུ་མེད། །བོ་དྷི་ཙི་ལ་བགྲང་ཞིང་མཚོན་མེད་ན། །སེམས་ཀྱི་བྱས་པའི་ཆོས་ལ་རྣམ་གྲང་བྱུང་། །ཞེས་པ་ལ་སོགས་པས་སྟོན་ཏོ། །བཞི་པ་བྱ་མེད་རྫོགས་པའི་མདོ་ལུང་བཅུ་དགོས་པ་དང་བཅས་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་བཤད་པ་ལ་གཉིས་ཏེ། བགྲངས། དང་པོ་མདོ་ལུང་དངོས་ནི། གྱ་གཅིག་ལས། ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །བྱ་མེད་རྫོགས་པའི་མདོ་ལུང་བཅུ་བསྟན་པ། །ཉི་ཤུ་གཉིས་དང་སུམ་ཅུ་པ་དག་དང་། །ཉི་ཤུ་བཞི་དང་ཉེར་བརྒྱད་ཉི་ཤུ་བདུན། །སུམ་ཅུ་གཅིག་དང་ཉེར་གསུམ་ཉི་ཤུ་དྲུག །ཅེས་བཞི་པ་དང་ལྔ་བཅུ་དྲུག་པས་བསྟན་པ་ཡིན། ཞེས་པས་ལེའུ་བཅུས་སྟོན་ཏེ། བགྲང་། དང་པོ་ནི། སྐབས་སྦྱོར་ལས། སེམས་ཀྱི་རང་བཞིན་མི་གནས་ཡུལ་མེད་པས། །བྱ་མེད་རྫོགས་པ་མི་གནས་ཡུལ་མེད་བསྟན། །ཞེས་པས། ཉེར་གཉིས་པ་མི་གནས་ཡུལ་མེད་ཀྱི་ལེའུ་སྟོན་ཏེ། འདི་ལ་བཞི། སེམས་ལ་ངོ་བོ་མེད་པ་དང་། །ཆོས་ཉིད་མཚོན་དུ་མེད་པ་དང་། །སྒྲོ་སྐུར་གདགས་སུ་མེད་པ་དང་། །ལམ་ལ་བགྲོད་དུ་མེད་པའོ། །དེ་ཡང་། ཀྱེ། སེམས་པ་ཆེན་པོ་རྡོ་རྗེ་ཁྱོད་ཉོན་ཅིག །ཀྱེ། བྱ་མེད་ཡུལ་ནི་མི་གནས་ནམ་མཁའ་འདྲ། །མི་གནས་དམིགས་པའི་ཡུལ་མེད་མི་རྟོགས་ཆོས་ཀྱི་ལམ། །བསྔོ་བའི་ཆ་ཤས་ཕྲ་ཡོངས་ཡུལ་ལས་བྱུང་བ་སྟེ། །རྟོག་སྒོམ་ཆོས་ཀྱི་སྐུ་ནི་ཁྱད་པར་དོན་མེད་པས། །རང་འབྱུང་ཡེ་ཤེས་མི་རྟོག་ཀུན་ཏུ་ཇི་བཞིན་གནས། །བྱ་བྲལ་ཡུལ་ལ་མི་གནས་གཉེན་པོས་བཅོས་སུ་མེད། །ཅེས་པ་ལ་སོགས་པས་སྟོན་ཏེ། གཉིས་པ། དེ་ཉིད་ལས། དེ་ཉིད་མ་འདྲེས་ཡོངས་རྫོགས་ཀུན་ཁྱབ་པས། །མི་ནུབ་རྒྱལ་མཚན་བྱ་མེད་རྫོགས་པར་བསྟན། །ཞེས་པས། སུམ་ཅུ་པ་མི་ནུབ་རྒྱལ་མཚན་གྱི་ལེའུ་སྟོན་ཏེ། འདི་ལ་གཉིས། ཞལ་བཞེས་ཀྱི་ཚུལ་དུ་མདོར་བསྟན་པ་དང་། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། ཀྱེ། སེམས་པ་རྡོ་རྗེ་ཁྱོད་ཉོན་ཅིག །སེམས་པ་རྡོ་རྗེ་ཁྱོད་ཉིད་ལ། །ཉིད་ཀྱི་རང་བཞིན་བསྟན་པར་བྱ། །ཉིད་ནི་ཀུན་བྱེད་ང་ཡིན་ཏེ། །ང་ནི་ཡེ་ནས་བྱང་ཆུབ་སེམས། །བྱང་ཆུབ་སེམས་ནི་འདི་ལྟའོ། །ཞེས་སོ། །རྒྱས་པ་ལ་མདོ་ལུང་བཅུ་སྟེ་བགྲང་། དེ་ཡང་། གཅིག་སྟེ་རྣམ་པ་ཡོངས་ཀྱིས་མེད། །རྣལ་འབྱོར་ནམ་མཁའི་བྱ་ལམ་གནས། །མ་བྱུང་མ་སྐྱེས་སྙིང་པོ་ལ། །སྒྲོ་བཏགས་ཆོས་ཀུན་ག་ལ་ཡོད། །ཅེས་པ་ལ་སོགས་པས་མ་འདྲེས་ཡོངས་རྫོགས་སུ་སྟོན་ཏོ། །གསུམ་པ་ནི། དེ་ཉིད་ལས། དེ་ཉིད་ཡེ་ཤེས་ཕྱག་རྒྱ་མི་འདའ་བས། །བྱ་མེད་རྫོགས་པ་ཕྱག་རྒྱ་འགྱུར་མེད་བསྟན། །ཞེས་པས། ཉེར་བཞི་པ་བྱ་མེད་རྫོགས་པ་ཕྱག་རྒྱ་འགྱུར་མེད་ཀྱི་ལེའུ་སྟོན་ཏེ། འདི་ལ་གསུམ། བཞུགས་ཚུལ་ཉེ་བར་བསྟན་པ་དང་། རྒྱས་པར་བཤད་པ་དང་། མཇུག་ཇི་བཞིན་པ་ལ་བཅོས་སུ་མེད་པར་བསྟན་པའོ། །དེ་ཡང་། ཀྱེ། སེམས་དཔའ་ཆེན་པོ། སེམས་ཉིད་ཀུན་ཏུ་བཟང་པོ་ཡི། །བཞུགས་ཚུལ་བསྟན་པ་འདི་ལྟར་ཏེ། །བྱང་ཆུབ་སེམས་སུ་བཞུགས་ཙམ་ན། །ཆོས་རྣམས་ཀུན་གྱི་སྙིང་པོ་བཞུགས། །དེ་རྟགས་ཀུན་བྱེད་རྒྱལ་པོ་ཡིན། །ཀུན་བྱེད་རྒྱལ་པོ་འགྱུར་བ་མེད། །དེས་ན་འགྱུར་བ་མེད་པར་བསྟན། །ཞེས་པ་ལ་སོགས་པས་བཤད་དོ། །བཞི་པ་ནི། ཡང་དེ་ཉིད་ལས། དེ་ཉིད་བརྩལ་བས་འབྲས་བུ་མི་རྙེད་པས། །བྱ་མེད་རྫོགས་པ་བརྩལ་མེད་རྙེད་པ་བསྟན། །ཞེས་པས། ཉེར་བརྒྱད་པ་འགྱུར་མེད་བརྩལ་མི་རྙེད་ཀྱི་ལེའུ་སྟོན་ཏེ། འདི་ལ་གཉིས། དཔེ་དོན་རྟགས་ཀྱི་སྒོ་ནས་གནས་ལུགས་འགྱུར་མེད་དུ་བསྟན་པ་དང་། འཁོར་གྱི་སྟོན་པས་མི་འགྱུར་བ་ལ་བསྒྱུར་བའི་སྐྱོན་ནོ། །དེ་ཡང་། ཀྱེ། སེམས་པ་ཆེན་པོ་ཉོན་ཅིག །ང་ཡི་རང་བཞིན་དབྱིངས་ལས་འགྱུར་བ་མེད། །ང་ཡི་ཡེ་ཤེས་ནམ་མཁའ་འགྱུར་བ་མེད། །ང་སེམས་ཆོས་ཀྱི་སྙིང་པོ་འགྱུར་བ་མེད། །དེ་བཞིན་ཐམས་ཅད་འགྱུར་བ་མེད་པ་ལ། །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། །རྒྱུ་དང་འབྲས་བུར་ཆོས་ལ་མིང་བཏགས་ནས། །སྤྲུལ་པས་ལུང་བསྟན་དབང་པོས་ཡུལ་སྤོང་འགྱུར། །རང་རྐྱེན་ཆོས་ལྔ་འཆང་བའི་སེམས་ཅན་ལ། །རང་འབྱུང་ཆོས་ཉིད་ཡིན་པར་མ་བསྟན་པ། །ངན་འགྲོ་སྡིག་སྒྲིབ་ཆེ་ཞེས་ལུང་བསྟན་ནས། །ལུས་ངག་ཡིད་གསུམ་སྡིག་སྤོང་དགེ་བཅུ་སྤྱོད། །རང་འབྱུང་ཆོས་ལ་བླང་དོར་སྤྱོད་པའི་ཕྱིར། །རང་འབྱུང་ཡེ་ཤེས་སྐལ་མང་འཕྲད་མི་འགྱུར། །ཞེས་པ་ལ་སོགས་པས་སྟོན་ཏོ། །ལྔ་པ་ནི། དེ་ཉིད་ལས། བརྩལ་བྲལ་བྱང་ཆུབ་སེམས་སུ་རྣམ་དག་པས། །བྱ་མེད་རྫོགས་པ་རྣམ་དག་དབྱིངས་སུ་བསྟན། །ཞེས་པས། ཉེར་བདུན་པ་རྣམ་དག་དབྱིངས་ཀྱི་ལེའུ་སྟོན་ཏེ། འདི་ལ་གཉིས། རྣམ་དག་དབྱིངས་ཀྱི་ལེའུ་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དེ་ཡང་། ཀྱེ། སེམས་པ་ཆེན་པོ་ཉོན་ཅིག །ཆོས་རྣམས་ཐམས་ཅད་ང་ལས་བྱུང་བས་ན། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །ཡེ་ནས་རྣམ་དག་དབྱིངས་ཀྱི་ལུང་དུ་བསྟན། །ཕྱི་དང་ནང་ཀུན་ཡེ་ནས་ཆོས་ཀྱི་དབྱིངས། །ཡེ་ནས་རྣམ་པར་དག་པའི་སྤྱོད་ཡུལ་ལ། །སངས་རྒྱས་དང་ནི་སེམས་ཅན་གཉིས་སུ་མེད། །ལམ་དང་གཉེན་པོས་བཅོས་སུ་ག་ལ་ཡོད། །ཅེས་པ་ལ་སོགས་པས་སྟོན་ཏོ། །དྲུག་པ་ནི། དེ་ཉིད་ལས། རྣམ་དག་དབྱིངས་ལ་རྩོལ་བའི་ནད་མེད་པས། །བྱ་མེད་རྫོགས་པ་རྡོ་རྗེ་ཚིག་དྲུག་བསྟན། །ཞེས་པས། སོ་གཅིག་པ་རྡོ་རྗེ་ཚིག་དྲུག་གི་ལེའུ་སྟོན་ཏེ། འདི་ལ་བཞི། གཉིས་མེད་མཚོན་བྲལ་གྱི་ལྟ་བ་དང་། རྟོག་མེད་ཇི་བཞིན་པའི་སྒོམ་པ་དང་། བླང་དོར་བྱ་བརྩལ་མེད་པའི་སྤྱོད་པ་དང་། ལྷུན་གྲུབ་གནས་བརྩལ་མེད་ཀྱི་འབྲས་བུའོ། །དེ་ཡང་། ཀྱེ། སེམས་པ་ཆེན་པོ་ཉོན་ཅིག །སྣ་ཚོགས་རང་བཞིན་མི་གཉིས་ཀྱང་། །ཞེས་པ་ལ་སོགས་པ་དྲུག་གིས་གཉིས་སུ་མེད་པའི་ཚིག་དང་། སྤྲོས་པ་བྲལ་བའི་དང་། མི་རྟོག་པའི་དང་། འགག་པ་མེད་པའི་དང་། རྩོལ་བ་མེད་པའི་དང་། ལྷུན་གྱི་གྲུབ་པའི་ཚིག་གོ། །བདུན་པ་ནི། དེ་ཉིད་ལས། རྩོལ་བྲལ་ཇི་བཞིན་མཁའ་ལྟར་གནས་པའི་ཕྱིར། །བྱ་མེད་རྫོགས་པ་ནམ་མཁའི་དགོངས་པ་བསྟན། །ཞེས་པས། ཉེར་གསུམ་པ་ལྟ་བ་ཡུལ་མེད་ནམ་མཁའི་དགོངས་པའི་ལེའུ་སྟོན་ཏེ། འདི་ལ་གསུམ། ཐམས་ཅད་སེམས་ཡིན་པས་ཡུལ་མེད་པས་ནམ་མཁའི་དགོངས་པར་བསྟན་པ་དང་། ཡུལ་དུ་སྣང་བའི་དུས་ན་ཡང་རང་གསལ་རྟོག་མེད་དུ་གནས་པའི་ནམ་མཁའི་དགོངས་པར་བསྟན་པ་དང་། ཚིག་དང་ཡི་གེ་གདགས་ཤིང་བསམ་དུ་མེད་པས་ནམ་མཁའི་དགོངས་པར་བསྟན་པའོ། །དེ་ཡང་། ཀྱེ། སེམས་པ་ཆེན་པོ་ཉོན་ཅིག །ཇི་ལྟར་སྣང་བའི་ཆོས་རྣམས་ནི། །རང་བཞིན་བྱང་ཆུབ་སེམས་ཡིན་པས། །དེ་ལ་ལྟ་བའི་ཡུལ་མ་མཆིས། །མི་རྟོག་པས་ན་མཉམ་པ་ཉིད། །དེ་བཞིན་ནམ་མཁའི་དགོངས་པ་སྟེ། །རྣལ་འབྱོར་ཞེས་ནི་དེ་ལ་བྱ། །ཞེས་པ་ལ་སོགས་པས་སྟོན་ཏོ། །བརྒྱད་པ་ནི། དེ་ཉིད་ལས། ནམ་མཁའི་དགོངས་པ་སྒོམ་པ་ཀུན་ལས་འདས། །བྱ་མེད་རྫོགས་པ་སྒོམ་དུ་མེད་པར་བསྟན། །ཞེས་པས། ཉེར་དྲུག་པ་སྒོམ་དུ་མེད་པའི་ལེའུ་སྟོན་ཏེ། འདི་ལུང་ཕྲན་བཅུ་གཅིག་གིས་སྟོན་པར་བྱེད་དེ། ཀྱེ། སེམས་པ་ཆེན་པོ་ཉོན་ཅིག །བསམ་འདས་བརྗོད་དུ་མེད་པའི་བྱང་ཆུབ་སེམས། །སྟོན་པའི་སྒྲོན་མར་གྱུར་པ་ཀུན་གྱིས་རབ་བསྔགས་པ། །ཆོས་ཀྱི་སྙིང་པོར་གྱུར་པས་འཇམ་དཔལ་གཞོན་ནུ་ཉིད། །བྱ་བྲལ་ལྷུན་རྫོགས་བདེ་བའི་ལྷུན་ལ་གནས། །ཞེས་པ་ལ་སོགས་ཡུལ་ཡུལ་ཅན་དུ་སྒོམ་པ་མེད་པའི་དགོངས་པར་སྟོན་ཏོ། །དགུ་པ་ནི། དེ་ཉིད་ལས། སྒོམ་མེད་སྒོམ་པས་འགྲུབ་པར་མི་འགྱུར་ཕྱིར། །བྱ་མེད་རྫོགས་པ་སྐལ་མེད་དོན་མེད་བཀོད། །ཞེས་པས། ཞེ་བཞི་པ་སྐལ་མེད་དོན་མེད་ཀྱི་ལེའུ་སྟོན་ཏོ། །འདི་ལ་དྲུག །ཉིད་ཀྱི་རང་བཞིན་བྱ་རྩལ་དང་བྲལ་བས་བཅོས་སུ་མེད་པར་བསྟན་པ་དང་། དེ་ལ་མ་འཆོས་ཅིག་པར་གདམས་པ་དང་། ཉིད་ཀྱི་རང་བཞིན་སྤྱོད་ཡུལ་འདས་པར་བསྟན་པ་དང་། ཉིད་ཀྱི་ངོ་བོ་འདོད་ཡོན་དུ་སྣང་བ་ལ་སྤོང་འགེགས་བྱས་པའི་སྐྱོན་དང་ཐམས་ཅད་བྱང་ཆུབ་སེམས་རྩོལ་སྒྲུབ་ལས་འདས་པ་ལ་བརྩལ་ཞིང་སྒྲུབ་པའི་སྐྱོན་དང་། རྩོལ་བྲལ་རྟོགས་མ་རྟོགས་ཀྱི་སྐྱོན་ཡོན་གདམས་པ་དང་བཅས་པའོ། །དེ་ཡང་། ཀྱེ། སེམས་པ་ཆེན་པོ། བྱ་བ་མེད་པའི་དོན་འདི་ནི། །ཀུན་བྱེད་ང་ཡི་རང་བཞིན་ཏེ། །ང་ལ་བྱ་བ་མེད་པ་ནི། །ང་ནི་ཡེ་ནས་བྱས་ཟིན་པས། །བྱ་བ་མེད་པའི་ཆོས་ཉིད་ཡིན། །ཞེས་པ་ལ་སོགས་པས་སྟོན་ཏོ། །བཅུ་པ་ནི། དེ་ཉིད་ལས། རྫོགས་ཆེན་སྐལ་ལྡན་འབྲས་བུར་རབ་གནས་པས། །ཀུན་བྱེད་རྟོགས་བསྒྲགས་བྱ་མེད་རྫོགས་པར་བསྟན། །ཞེས་པས། ང་དྲུག་པ་རྟོགས་པ་བརྟགས་པའི་ལེའུ་སྟོན་ཏེ། འདི་ལ་གསུམ། མདོར་བསྟན་པ་དང་། རྒྱས་པ་དང་། མཇུག་ཉིད་ལས་མ་རྟོགས་པ་མེད་པའོ། །དེ་ཡང་། ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། །བདག་གིས་ཁྱོད་ཀྱི་རང་བཞིན་རྟོགས་པ་ནི། །ཆོས་རྣམས་ཐམས་ཅད་ཁྱོད་ཀྱི་རང་བཞིན་གཅིག །ཆོས་ཉིད་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དེ། །ཀུན་བྱེད་རྒྱལ་པོ་ཡིན་པར་རབ་ཏུ་གྲགས། །ཞེས་པ་ལ་སོགས་པས། གནས་གསུམ་དང་། སྟོན་པ་གསུམ་དང་། འཁོར་གསུམ་ཀུན་བྱེད་དུ་རྟོགས་པར་སྟོན་ཏོ། །སྤྱི་དོན་གཉིས་པ་དགོས་ཆེད་ནི། གྱ་གཅིག་པ་ལས། མ་བྱས་རང་བཞིན་རྫོགས་པར་བསྟན་པའི་ཕྱིར། །བཞི་བཅུ་གསུམ་པས་དེ་ཡི་ངེས་པ་བསྟན། །ཞེས་པ་དང་། སྐབས་སྦྱོར་ལས། བྱ་མེད་རྫོགས་པའི་ལུང་བཅུ་བསྟན་པ་ལ། །མ་བྱས་རང་བཞིན་རྫོགས་པས་དགོས་ཡོད་པས། །མི་ཕྱེད་རང་བཞིན་རྫོགས་པར་ཞལ་གྱིས་བཞེས། །ཞེས་པས། ཞེ་གསུམ་པ་སྟོན་པར་ཞལ་གྱི་བཞེས་པའི་ལེའུ་སྟོན་ཏེ། འདི་ལ་གསུམ། ཀུན་བྱེད་ཉིད་ཐམས་ཅད་ཀྱི་སྟོན་པ་ཡིན་པར་ཞལ་གྱི་བཞེས་པ་དང་། ཡིན་ཚུལ་རྒྱས་པར་བཤད་པ་དང་། མཇུག་ཉིད་ལས་མ་གཏོགས་པ་མེད་པར་བསྟན་པའོ། །དེ་ཡང་། ཀྱེ། སེམས་པ་ཆེན་པོ་ཉོན་ཅིག །ང་ནི་ཆོས་རྣམས་ཀུན་གྱི་སྟོན་པ་སྟེ། །ང་ནི་རང་བཞིན་རྣམ་པ་གསུམ་ལ་ནི། །སྟོན་པ་ཡང་ནི་རྣམ་པ་གསུམ་དུ་བསྟན། །བསྟན་པ་ཡང་ནི་རྣམ་གསུམ་ང་ཡིས་བསྟན། །དེ་བཞིན་འཁོར་ཚོགས་གསུམ་ཡང་ང་ཡིས་བསྟན། །ཞེས་པ་ལ་སོགས་པས་སྟོན་ཏོ། །ལྔ་པ་གཏན་ལ་འབེབས་པའི་མདོ་ལུང་བཅུ་དགོས་པ་དང་བཅས་པ་གཟི་ལྡན་ཉི་མའི་སྙིང་པོ་ལྟར་བཤད་པ་ལ་གཉིས་ཏེ་བགྲང་། དང་པོ་མདོ་ལུང་དངོས་ནི། གྱ་གཅིག་པ་ལས། ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །གཏན་ལ་འབེབས་པའི་མདོ་ལུང་བཅུ་བསྟན་པ། །ཞེ་བརྒྱད་པ་དང་སུམ་ཅུ་དགུ་པ་དང་། །བཞི་བཅུ་ལྔ་དང་སོ་བདུན་ཞེ་དྲུག་པ། །ཞེ་བདུན་པ་དང་ཞེ་དགུ་ང་གཅིག་པ། །ལྔ་བཅུ་པ་དང་ལྔ་བཅུ་གསུམ་པས་རྫོགས། །ཞེས་ལེའུ་བཅུས་སྟོན་ཏེ། གང་ཞེ་ན། བགྲང་། དང་པོ་ནི། དེ་ཉིད་ལས། ཆོས་ཀུན་གཞི་མ་གཏན་ལ་འབེབས་པའི་ཕྱིར། །གཞི་མ་ཀུན་བྱེད་གཏན་ལ་འབེབས་པར་བསྟན། །ཞེས་པས། ཞེ་བརྒྱད་པ་ཆོས་ཐམས་ཅད་ཀྱི་གཞི་མ་ཀུན་བྱེད་དུ་གཏན་ལ་འབེབས་པར་བསྟན་པའི་ལེའུ་སྟོན་ཏེ། འདི་ལ་གསུམ། ཀུན་བྱེད་ཆོས་ཐམས་ཅད་ཀྱིི་གཞི་མ་ཡིན་པས་ཕུན་པ་ཀུན་ཚང་པར་བསྟན་པ་དང་། བརྩལ་དུ་ཡོད་པའི་གཞི་མ་དྲུག་གིས་དེ་བཞིན་ཉིད་མི་མཐོང་བར་བསྟན་པ་དང་། བརྩལ་དུ་མེད་པའི་གཞི་མ་དྲུག་བསྟན་པའོ། །དེ་ཡང་། ཀྱེ། སེམས་པ་ཆེན་པོ། ཀུན་བྱེད་ང་ནི་ཀུན་གྱི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ནི་ཆོས་ཀུན་གཞི་མ་སྟེ། །ཀུན་བྱེད་ང་ཡི་རང་བཞིན་རྣམ་གསུམ་ལས། །ཕུན་སུམ་ཚོགས་པའི་དགོས་པ་ཀུན་ཀྱང་ཚང་། །ཞེས་པ་ལ་སོགས་པས་སྟོན་ཏོ། །གཉིས་པ་ནི། དེ་ཉིད་ལས། དེ་ཉིད་དུས་གསུམ་རྒྱལ་བའི་སྙིང་པོ་བས། །རྒྱལ་བ་སྙིང་པོ་གཏན་ལ་འབེབས་པར་བསྟན། །ཞེས་པས། སོ་དགུ་པ་རྒྱལ་བ་སྙིང་པོ་གཏན་ལ་འབེབས་པའི་ལེའུ་སྟོན་ཏེ། འདི་ལ་གཉིས། རྒྱལ་བའི་སྙིང་པོ་རྒྱས་པར་བཤད་པ་དང་། ངེས་ཚིག་གི་སྒོ་ནས་མཇུག་བསྡུ་བའོ། །དེ་ཡང་། །ཀྱེ། སེམས་པ་ཆེན་པོ་ཉོན་ཅིག །ང་ནི་ཀུན་གྱི་བྱང་ཆུབ་སེམས། །དེས་ན་ཀུན་གྱི་ངོ་བོར་བཤད། །ཅེས་པ་ལ་སོགས་པས་སྟོན་ཏོ། །གསུམ་པ་ནི། དེ་ཉིད་ལས། རྒྱལ་བའི་སྙིང་པོ་བསམ་སྤྱོད་ཡུལ་ལས་འདས། །ལྟ་བ་སྒོམ་མེད་གཏན་ལ་འབེབས་པར་བསྟན། །ཞེས་པས། ཞེ་ལྔ་པ་ལྟ་བ་སྒོམ་མེད་དུ་གཏན་ལ་འབེབས་པའི་ལེའུ་སྟོན་ཏེ། འདི་ལ་ལྔ། ལྟ་བ་སྒོམ་དུ་མེད་པ་ཐེག་པ་འོག་གིས་སྒོམ་པའི་སྐྱོན་དང་བཅས་པ་དང་། ལྟ་བ་སྒོམ་དུ་མེད་པའི་ཡོན་ཏན་གདམས་པ་དང་བཅས་པ་དང་། ང་ཉིད་སྤྱོད་ཡུལ་ལས་འདས་པར་རྟོགས་པར་གྱིས་ལ་སྒོམ་པར་མ་བྱེད་ཅིག་པར་གདམས་པ་དང་། སྒོམ་པའི་སྐྱོན་གྱི་སྒོ་ནས་སྒོམ་དུ་མེད་པར་གདམས་པ་དང་། མཇུག་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ངེས་ཚིག་བསྟན་པའོ། །དེ་ཡང་། ཀྱེ། སེམས་དཔའ་ཆེན་པོ། རང་གི་ལྟ་བ་སྒོམ་མེད་ནི། །ཀུན་བྱེད་ང་ཡི་ང་ལ་སྒོམ་དུ་མེད། །ཀུན་བྱེད་ང་ནི་སྒོམ་པའི་ཡུལ་མ་ཡིན། །ང་ནི་མ་བཅོས་ཀུན་ལ་རང་བཞིན་གནས། །ཞེས་པ་ལ་སོགས་པས་སྟོན་ཏོ། །བཞི་པ་ནི། དེ་ཉིད་ལས། བལྟར་མེད་སྒོམ་བྲལ་ཉིད་ནི་མ་ཡེངས་པས། །སྒོམ་དུ་མེད་པར་གཏན་ལ་ཕབ་སྟེ་བསྟན། །ཞེས་པས། སོ་བདུན་པ་སྒོམ་དུ་མེད་པར་བསྟན་པའི་ལེའུ་སྟོན་ཏེ། འདི་ལ་གསུམ། ཆོས་ཉིད་བྱང་ཆུབ་སེམས་ལ་སྒོམ་དུ་མེད་པར་རྟོགས་པར་གྱིས་ཤིག་པར་གདམས་པ་དང་། རྒྱུ་འབྲས་ཀྱི་སྟོན་པས་ལུང་ལ་བརྟེན་ནས་སྒོམ་མེད་ལ་སྒོམ་པའི་སྐྱོན་དང་། གཞན་ནས་མི་རྩོལ་བར་གདམས་པ་ཡོན་ཏན་དང་བཅས་པའོ། །དེ་ཡང་། ཀྱེ། སེམས་པ་ཆེན་པོ་རྡོ་རྗེ་ལ་སོགས་ཏེ། །རིག་འཛིན་ཀུན་གྱི་ས་ལ་གནས་པ་དང་། །ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་། །ཁམས་གསུམ་སེམས་ཅན་ལས་དུས་བབ་པ་ཡི། །ཀུན་གྱི་དོན་ཆེན་ཀུན་བྱེད་ང་ཡིན་པས། །ང་ཡི་རང་བཞིན་ཆོས་ཉིད་བྱང་ཆུབ་སེམས། །ཆོས་ཉིད་སེམས་ལ་སྒོམ་མེད་རྟོགས་པར་གྱིས། །ཞེས་པ་ལ་སོགས་པས། རྩོལ་བཅས་བརྒྱད་ལ་རྟོགས་པའི་དོན་སྒོམ་དུ་ཡོད་ལ། ཨ་ཏི་རྟོགས་པ་ལ་བློས་སྒོམ་དུ་མེད་པར་སྟོན་ཏོ། །ལྔ་པ་ནི། དེ་ཉིད་ལས། སྒོམ་བྲལ་བདེ་ཆེན་དབྱིངས་ལས་མི་འདའ་བས། །དམ་ཚིག་སྲུང་དུ་མེད་པར་གཏན་ལ་ཕབ། །ཅེས་པས། ཞེ་དྲུག་པ་དམ་ཚིག་བསྲུང་མེད་ཀྱི་ལེའུ་སྟོན་ཏེ། འདི་ལ་གཉིས། རྫོགས་པ་ཆེན་པོའི་ཐམས་ཅད་རང་དུ་རྟོགས་པའི་བསྲུང་འཚམས་དང་བྲལ་བར་བསྟན་པ་དང་། སྐུ་གསུམ་གྱིས་དམ་ཚིག་བསྲུང་འཚམས་ཅན་གོལ་བར་བསྟན་པའོ། །དེ་ཡང་། ཀྱེ། སེམས་པ་ཆེན་པོ། རྫོགས་ཆེན་དམ་ཚིག་བསྲུང་དུ་མེད་བསྟན་པ། །ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །མ་སྐྱེས་སྤྲོས་དང་བྲལ་བའི་རང་བཞིན་གྱིས། །སྐྱེ་བའི་ཆོ་འཕྲུལ་སྣ་ཚོགས་ཡུལ་བྱུང་ནས། །ཡུལ་དེ་རང་གིས་རང་བཞིན་ཡིད་ཤེས་བྱ། །དེ་ལ་མི་རྟོག་རྟོག་པའི་ཡུལ་ལས་འདས། །ཡུལ་ལ་མི་འཛིན་སྤོང་དང་ལེན་མེད་པས། །མེད་པ་ཕྱལ་བ་གཅིག་པུ་ལྷུན་གྲུབ་སྟེ། །བསྲུང་བར་བྱ་བའི་སྡོམ་ཁྲིམས་ཀུན་དང་བྲལ། །ཞེས་པ་ལ་སོགས་པས། རྩོལ་བཅས་ཀྱི་ཐེག་པ་བརྒྱད་ལ་དམ་ཚིག་རིས་ཅན་དུ་བསྲུང་དུ་ཡོད་ལ། སེམས་ཉིད་ཨ་ཏིར་རྟོགས་པ་ལ་བསྲུང་དུ་མེད་པར་སྟོན་ནོ། །དྲུག་པ་ནི། དེ་ཉིད་ལས། མི་འདའ་ཆོས་ཉིད་མ་བརྩལ་ལྷུན་གྲུབ་པས། །ཕྲིན་ལས་བཙལ་དུ་མེད་པར་གཏན་ལ་ཕབ། །ཅེས་པས། ཞེ་བདུན་པ་ཕྲིན་ལས་བཙལ་དུ་མེད་པའི་ལེའུ་སྟོན་ཏེ། འདི་ལ་ལྔ། རྫོགས་པ་ཆེན་པོ་ལ་ཕྲིན་ལས་བཙལ་དུ་མེད་པར་བསྟན་པ་དང་། སྐུ་གསུམ་གྱི་བཙལ་བའི་བཙལ་མེད་མི་འགྲུབ་པ་དང་། བཙལ་དུ་ཡོད་པའི་ཕྲིན་ལས་དེ་ཉིད་རང་ལུང་དུ་དང་། རང་འབྱུང་ཡེ་ཤེས་རྒྱུ་རྐྱེན་ལས་འདས་པས་མཚན་མའི་ཆོས་ལ་ཚོད་མི་གཟུགས་པར་གདམས་པ་དང་། བཙལ་བས་དོན་མི་འགྲུབ་པས་མ་བཙོལ་བར་གདམས་ཡོན་ཏན་དང་བཅས་པའོ། །དེ་ཡང་། ཀྱེ། སེམས་པ་ཆེན་པོ་ཉོན་ཅིག །ཀུན་བྱེད་ང་ནི་རྫོགས་པ་ཆེན་པོ་སྟེ། །རྫོགས་པ་ཆེན་པོ་ལྷུན་གྱིས་གྲུབ་པའི་ཕྱིར། །ཕྲིན་ལས་ཡེ་ནས་བཙལ་དུ་མེད་པར་བསྟན། །ཞེས་པ་ལ་སོགས་པས། རྩོལ་བཅས་བརྒྱད་ལ་རང་རང་གི་སྤྱོད་པས་ཕྲིན་ལས་རེ་ཆོད་དུ་བཙལ་དུ་ཡོད་པ་ལ་ཨ་ཏི་རྟོགས་པ་ལ་མེད་པར་སྟོན་ཏོ། །བདུན་པ་ནི། དེ་ཉིད་ལས། བཙལ་མེད་ཉིད་ལ་དུས་གཅིག་འཇུག་པའི་ཕྱིར། །ས་ལ་སྦྱང་དུ་མེད་པར་གཏན་ལ་ཕབ། །ཅེས་པས། ཞེ་དགུ་པ་ས་སྦྱང་དུ་མེད་པར་བསྟན་པའི་ལེའུ་སྟོན་ཏེ། འདི་ལ་བཞི། རྫོགས་པ་ཆེན་པོའི་ས་སྦྱང་བགྲོད་དུ་མེད་པ་ལ་སྦྱང་བགྲོད་བྱས་པའི་སྐྱོན་དང་བཅས་པ་དང་། སྐུ་གསུམ་གྱི་སྦྱང་བགྲོད་ཅན་དྲང་ལུང་ཡིན་གྱི་ངེས་ལུང་དུ་མ་བསྟན་པ་དང་། ངེས་ལུང་ལ་སྦྱང་དུ་མེད་པར་གདམས་པ་སྦྱང་བའི་སྐྱོན་དང་བཅས་པ་དང་། མཇུག་བྱང་ཆུབ་སེམས་ཀུན་གྱི་ས་རུ་བསྟན་པའོ། །དེ་ཡང་། ཀྱེ། སེམས་པ་ཆེན་པོ། ཀུན་བྱེད་རྒྱལ་པོ་ང་ཉིད་ནི། །ཀུན་གྱི་བྱང་ཆུབ་སྙིང་པོར་གནས། །བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་སྟེ། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན། །ཀློང་ཆེན་སེམས་ཀྱི་གནས་དེ་ན། །མི་གནས་པ་ནི་གཅིག་ཀྱང་མེད། །ཀུན་གྱི་གནས་དང་ས་ཡིན་ཏེ། །འདུ་འབྲལ་མེད་པར་དེ་ན་བཞུགས། །དེ་ལ་སྦྱང་ཞིང་བགྲོད་མི་དགོས། །ཞེས་པ་ལ་སོགས་པའི་སྒོ་ནས་རྩོལ་བཅས་ཀྱི་ཐེག་པ་བརྒྱད་ལ་ལམ་གྱི་ས་དང་འབྲས་བུའི་ས་ལ་སྒྲིབ་པ་སྦྱང་ནས་ཐོབ་ཏུ་ཡོད་ལ། ཨ་ཏི་རྟོགས་པ་ལ་ལམ་དང་འབྲས་བུ་ལ་སྒྲིབ་པ་རིམ་པར་སྦྱང་ཞིང་ཐོབ་ཏུ་མེད་པར་སྟོན་ཏོ། །བརྒྱད་པ་ནི། དེ་ཉིད་ལས། མ་སྦྱངས་འོད་གསལ་ཡེ་ཤེས་ལམ་མཆོག་པས། །ལམ་ལ་བགྲོད་དུ་མེད་པར་གཏན་ལ་ཕབ། །ཅེས་པས། ང་གཅིག་པ་ལམ་བགྲོད་དུ་མེད་པའི་ལེའུ་སྟོན་ཏེ། འདི་ལ་ལྔ། རྫོགས་པ་ཆེན་པོ་ལ་ལམ་བགྲོད་དུ་མེད་པ་རྫུན་དང་བཅས་པ་དང་། སྐུ་གསུམ་གྱི་ལུང་ལ་བགྲོད་དུ་ཡོད་པ་གོལ་བར་བསྟན་པ་དང་། མ་བགྲོད་ཅིག་པར་གདམས་པ་བགྲོད་པའི་སྐྱོན་དང་བཅས་པ་དང་། འདོད་པས་མི་འགྲུབ་ལ་མི་འདོད་རང་བཞིན་གནས་པས་འགྲུབ་པར་བསྟན་པ་དང་། གཞན་ནས་བསྒྲུབ་པ་དྲང་ལུང་ཡིན་གྱི་ཉིད་ཀྱི་ངེས་ལུང་མ་ཡིན་པར་བསྟན་པའོ། །དེ་ཡང་། ཀྱེ། སེམས་པ་ཆེན་པོ་ཉོན་ཅིག །ཀུན་བྱེད་རྒྱལ་པོ་ང་ནི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ནི་ཀུན་གྱི་ལམ་ཆེན་ཏེ། །གནས་དང་ཡུལ་དང་སངས་རྒྱས་ས་དང་གསུམ། །གཞན་ན་མེད་དེ་འདི་ན་རང་བཞིན་གནས། །ཆོས་ཀྱི་དབྱིངས་དང་ཆོས་ཉིད་འདི་ན་གནས། །ནམ་མཁའི་ཁམས་དང་གཞལ་ཡས་འདི་ན་གནས། །སངས་རྒྱས་ས་གམ་ཡུལ་ནི་བྱང་ཆུབ་སེམས། །གཞན་དུ་བགྲོད་པའི་ལམ་དང་གནས་མེད་དེ། །བགྲོད་པས་ནམ་མཁའི་ལམ་ལ་ཕྱིན་པ་མེད། །ཅེས་པ་ལ་སོགས་པས་རྩོལ་བཅས་ཀྱི་ཐེག་པ་བརྒྱད་ལ་མཚན་ཉིད་ཀྱི་ལམ་ལྔ་སྔགས་ཀྱི་ལམ་གསུམ་བགྲོད་དུ་ཡོད་པ་ལ། སེམས་ཉིད་རྫོགས་ཆེན་རྟོགས་པ་ལ་ལམ་བགྲོད་དུ་མེད་པར་སྟོན་ཏོ། །དགུ་པ་ནི། དེ་ཉིད་ལས། དེ་ཉིད་རྒྱུ་རྐྱེན་མ་བཙལ་མ་བྱུང་བས། །རང་བྱུང་ཡེ་ཤེས་སྒྲིབ་མེད་གཏན་ལ་ཕབ། །ཅེས་པས། ལྔ་བཅུ་པ་རང་འབྱུང་ཡེ་ཤེས་སྒྲིབ་མེད་ཀྱི་ལེའུ་སྟོན་ཏེ། འདི་ལ་གསུམ། ཨ་ཏི་རང་འབྱུང་ཡེ་ཤེས་ཡུལ་ལ་མི་རྟོག་པར་བསྟན་པ་དང་། སྐུ་གསུམ་གྱི་ཡེ་ཤེས་ཡུལ་ལ་རྟོག་པས་རིག་ཕྱེད་དུ་བསྟན་པ་དང་། དེ་གཉིས་ཀྱི་ཁྱད་པར་རོ། །དེ་ཡང་། ཀྱེ། སེམས་པ་ཆེན་པོ་ཉོན་ཅིག །ཡེ་ཤེས་ཡེ་ཤེས་ཞེས་བྱ་བ། །ཡེ་ཤེས་ཡེ་ནས་ཤེས་པ་ཡིན། །རང་འབྱུང་ཡེ་ཤེས་ཡེ་ནས་ཤེས། །ཡུལ་ལ་རྟོགས་པའི་ཡེ་ཤེས་དེ། །ཡུལ་ལས་བྱུང་བའི་རང་འབྱུང་མིན། །ཡུལ་མེད་ཙམ་ན་གསལ་མི་བྱེད། །དེས་ན་རང་འབྱུང་ཡེ་ཤེས་ཏེ། །ཡེ་ནས་ཤེས་པའི་ཡེ་ཤེས་ཡིན། །ཡེ་ཤེས་ཞེས་ནི་དེ་ལ་གདགས། །ཞེས་པ་ལ་སོགས་པས། རྩོལ་བཅས་ཀྱི་ཐེག་པ་བརྒྱད་ལ་རང་རང་གི་ཡེ་ཤེས་ལ་མཐའི་སྒྲིབ་པ་ཡོད་པར་སྟོན་ལ། སེམས་ཉིད་ཨ་ཏིའི་རང་འབྱུང་ཡེ་ཤེས་ལ་མཐའི་སྒྲིབ་པ་མེད་པར་སྟོན་ཏོ། །བཅུ་པ་ནི། དེ་ཉིད་ལས། ཡེ་ཤེས་མ་རྩལ་རང་ལ་ལྷུན་གྲུབ་པས། །མ་གཡོས་འདོད་མེད་འབྲས་བུར་གཏན་ལ་ཕབ། །ཅེས་པས། ང་གསུམ་པ་རང་བཞིན་གཡོས་པ་མེད་པའི་ལེའུ་སྟོན་ཏེ། འདི་ལ་གཉིས། ཐམས་ཅད་བྱང་ཆུབ་སེམས་ལས་མ་གཡོས་པར་བསྟན་པ་དང་། དེ་ཉིད་འདོད་པ་མེད་པར་རང་བཞིན་གནས་པས་འགྲུབ་པར་བསྟན་པའོ། །དེ་ཡང་། ཀྱེ། སེམས་པ་ཆེན་པོ་ང་རྟོགས་ཤིག །ང་རྟོགས་ཆོས་ཀུན་གཡོས་པ་མེད། །ཀུན་བྱེད་རྒྱལ་པོ་སྟོན་པ་ང་ཉིད་ནི། །བྱང་ཆུབ་སེམས་ལ་གཡོས་པ་མེད་པ་སྟེ། །ཐམས་ཅད་བྱང་ཆུབ་སེམས་ལས་གཡོས་མེད་ཞིང་། །ཞེས་པ་ལ་སོགས་པས། རྩོལ་བཅས་ཀྱི་ཐེག་པ་བརྒྱད་པོ་རྒྱུ་ལམ་གྱིས་འབྲས་བུ་ཐོབ་པར་འདོད་ལ། ཨ་ཏི་བློ་དང་དངོས་པོ་གཉིས་སུ་མེད་པར་རྟོགས་པས་མཐའ་གང་དུ་ཡང་གཡོས་ཤིང་འདོད་པ་མེད་པས་འབྲས་བུ་ཐོབ་པར་སྟོན་ཏོ། །སྤྱི་དོན་གཉིས་པ་དགོས་ཆེད་ནི། གྱ་གཅིག་པ་ལས། གཏན་ལ་ཕེབས་ནས་མ་བཅོས་བཅས་མེད་པས། །བཞི་བཅུ་གཉིས་པས་དགོས་པ་བསྟན་པ་ཡིན། །ཞེས་པ་དང་། སྐབས་སྦྱོར་ལས། གཏན་ལ་འབེབས་པའི་ལུང་བཅུ་བསྟན་པ་ལ། །མ་བཅོས་བསྟན་ལ་ཕེབས་པའི་དགོས་ཡོད་པས། །བཅོས་སུ་མེད་པ་དོན་གྱི་དགོས་པ་བསྟན། །ཞེས་པས། ཞེ་གཉིས་པ་བཅོས་སུ་མེད་པའི་ལེའུ་སྟོན་ཏེ། འདི་ལ་གསུམ། ཐམས་ཅད་བྱང་ཆུབ་སེམས་བཅོས་སུ་མེད་པར་བསྟན་པ་དང་། བཅོས་མེད་ལ་བཅོས་པས་དོན་དང་མི་འཕྲད་པར་བསྟན་པ་དང་། འཆོས་པར་བྱེད་པ་དྲང་ལུང་དུ་བསྟན་པའོ། །དེ་ཡང་། ཀྱེ། སེམས་པ་ཆེན་པོ་ཉོན་ཅིག །ཀྱེ། ཆོས་ཀྱི་སྐུ་ནི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལས་ཆོས་ཀྱི་སྐུ། །རྡུལ་ཙམ་སུས་ཀྱང་བཅོས་པ་མེད། །དེས་ན་སངས་རྒྱས་སེམས་ལས་མེད། །ཅེས་པ་ལ་སོགས་པས་དུས་གསུམ་སངས་རྒྱས་བློས་ཐོབ་པར་འདོད་པ་བཅོས་པ་ཡིན་ལ། ཨ་ཏི་ཡོ་ག་ལ་བློ་དངོས་སུ་མེད་པར་རྟོགས་པས་བཅོས་སུ་མེད་པར་སྟོན་ཏོ། །སྤྱི་དོན་གསུམ་པ་གཏན་ཅིང་གདམས་པ་ནི། གྱ་གཅིག་པ་ལས། ལྔ་བཅུ་བདུན་པས་གཏད་ཅིང་གདམས་པ་སྟེ། །ཞེས་པས། བསྟན་པ་གཏད་པའི་ལེའུ་ཐ་མ་ང་བདུན་པ་སྟོན་ཏེ། འདི་ལ་གཉིས། ཟུང་ཅིག་པར་གཏད་པ་དང་། གྱིས་ཤིག་པར་གདམས་པའོ། །དང་པོ་ལ་གསུམ་སྟེ། ང་ཡི་རང་བཞིན་ལྔ་བཅུ་རྩ་བདུན་པོ་འདི་ཟུངས་ཤིག་པར་གཏད་པ་དང་། ངའི་རང་བཞིན་ནམ་མཚན་བཤད་པ་བཞིན་ཟུངས་ཤིག་པར་གཏད་པ་དང་། སྐུ་གསུམ་ངའི་རང་བཞིན་ལས་བྱུང་བར་ཟུངས་ཤིག་པར་གདམས་པའོ། །དང་པོ་ནི། ཀྱེ་སེམས་པ་རྡོ་རྗེ་འདི་ཟུངས་ཤིག །ཅེས་པ་བཞིའོ། །གཉིས་པ་ནི། ཀུན་བྱེད་ངའི་རང་བཞིན་ནམ་ཞེས་པ་གསུམ། གསུམ་པ་ནི། ངའི་རང་བཞིན་རྣམ་གསུམ་ལས། །ཞེས་གསུམ་མོ། །གཉིས་པ་ལའང་གསུམ་སྟེ། སྨྲ་བའི་སེང་གེ་གྱིས་ལ་ཐམས་ཅད་ཉིད་ཀྱིས་བྱས་པར་ལུང་སྟོན་ཅིག་པར་གདམས་པ་དང་། ང་བཞིན་གྱིས་ལ་གཞན་ཡིན་སྨྲ་བར་མ་བྱེད་ཅིག་པར་གདམས་པ་དང་། རྒྱུ་འབྲས་ཀྱི་ཐེག་པ་ངའི་བསྟན་པ་ཡིན་པས་རྒྱུ་འབྲས་འདས་པ་ལ་སྒྲུབ་པར་མ་བྱེད་ཅིག་པར་གདམས་པའོ། །དང་པོ་ནི། དེའི་བསྟན་པ་རྣམ་གསུམ་ཡང་། །ཞེས་པ་བཞི། གཉིས་པ་ནི། ང་ནི་ཀུན་གྱི་རང་བཞིན་ཡིན། །ཞེས་བཅུ་གསུམ་གྱིས། གསུམ་པ་ནི། སྐུ་གསུམ་བསྟན་པའི་ནང་ནས་ནི། །ཞེས་བཅུ་གཉིས་ཀྱིས་སྟོན་ཏོ། །གཉིས་པ་ཉམས་སུ་བླང་བའི་དབང་དུ་བསྡེབས་པ་ལ་གསུམ་སྟེ། རྒྱུ་ལྷུན་གྲུབ་གཞི་ཡི་དོན་བསྟན་པ་དང་། ངོ་བོ་གདུལ་བྱ་ལམ་གྱི་དོན་བསྟན་པ་དང་། དེར་གནས་གདམས་པ་འབྲས་བུའི་དོན་བསྟན་པའོ། །དེ་ཡང་། ཡེ་ཤེས་གསང་བ་ལས། ཀློང་དགུ་བམ་པོ་ཉི་ཁྲི་ཉིད། །རིན་ཆེན་གསལ་བའི་ཆེད་དུ་གསུང་། །དེ་ཉིད་དགུ་ལྡན་སེམས་ཀྱི་གཞི། །རིན་ཆེན་ལམ་གྱིས་ཉམས་སུ་བླངས། །མ་སྒྲུབ་འབྲས་བུ་ལྷུན་གྱི་གྲུབ། །ཅེས་པ་དང་། རྒྱ་མཚོ་དང་མཉམ་པ་ལས། གཞི་དང་ལམ་དང་འབྲས་བུ་གསུམ། །མི་སྐྱེ་མི་འགག་ལྷུན་གྱི་གྲུབ། །ཅེས་པ་དང་། རིན་ཆེན་སྒྲོན་མ་འབར་བའི་རྒྱུད་ལས། གཞི་དང་ལམ་དང་འབྲས་བུ་གསུམ། །གཞི་ཡི་དུས་ན་སྐྱེ་བ་མེད། །ལམ་གྱི་དུས་ན་འགག་པ་མེད། །འབྲས་བུའི་དུས་ན་སྤྲོས་དང་བྲལ། །ཞེས་སོ། །མན་ངག་ནི། ཡེ་ཤེས་འབར་བ་ལས། གཞི་དང་ལམ་དང་འབྲས་བུ་གསུམ། །མ་སྐྱེས་མ་འགག་ལྷུན་གྱི་གྲུབ། ཅེས་པ་དང་། སྐབས་སྦྱོར་ལས། གཞི་ལམ་འབྲས་བུ་ཀློང་དགུའི་བསྟན་པ་བཀྲམ། །ཞེས་སོ། །དེ་ལ་སེམས་ཀྱི་དེ་ཁོ་ན་ཉིད་དེ་དོན་གྱི་གཞིར་གནས་པས་གཞི། དེ་ཉིད་རྟོགས་ཤིང་གམས་པར་བྱེད་པས་ལམ། དེ་ཉིད་མངོན་དུ་གྱུར་ཅིང་ནར་སོན་པས་འབྲས་བུ་སྟེ། དེ་ཡང་སྤྱོད་པ་མ་ལུས་པ་བསྡུས་པ་སྒྲོན་མ་རྒྱལ་པོའི་རྒྱུད་ལས། དེ་ཁོ་ན་ཉིད་ཀྱི་གཞི་རྟོགས་པར་བྱེད་པའི་ལམ་དང་ནི། མངོན་དུ་གྱུར་པའི་འབྲས་བུ་གསུམ། །གང་ཟག་བློ་ལ་བགྲངས་པ་སྟེ། །དངོས་པོ་དག་ལ་བགྲང་དུ་མེད། །ཅེས་སོ། །དེ་ལ་རྒྱུ་ལྷུན་གྲུབ་གཞིའི་དོན་བསྟན་པ་ང་བཞི་པས་སྟོན་ཏེ། སྐབས་སྦྱོར་ལས། དང་པོས་རྒྱུ་བསྟན་ཞེས་པ་དང་། དང་པོར་ལྷུན་གྲུབ་གཞིའི་དོན་ཉིད་ལས། ཞེས་སོ། །དེ་ཡང་གཤིས་རང་བྱུང་གི་ཡེ་ཤེས་ཐིག་ལེ་ཉག་གཅིག་ཡོན་ཏན་ལྔ་ལྡན་དུ་སྟོན་ཏོ། །གོང་རྣམས་སྤྱིར་མཚོན་བྱ་གཞི་ཡི་ངོར་དང་། མཚོན་བྱེད་ཚིག་གི་གཞི་གཉིས་ལས་དོན་གྱི་གཞི་མ་ཡིན་གྱིས་མཚོན་བྱེད་ཚིག་གི་གཞི་ཡིན་ཏེ་མདོ་ལུང་ཀུན་གྱི་གཞི་ཡིན་པས། གསུང་པའི་མཚམས་སྦྱོར་གྱི་ཚིག་ལ་སོགས་པས། གཉིས་པ་ངོ་བོ་གདུལ་བྱ་ལམ་གྱི་དོན་ནི། དེ་ཉིད་ལས། གཉིས་པས་ངོ་བོ་བསྟན། ཅེས་པ་དང་། གདུལ་བྱའི་དབྱེ་བས་ལྔ་བཅུ་ལྔ་བྱུང་བས། ཞེས་པས། ལེའུ་ལྔ་བཅུ་རྩ་ལྔ་པས་སྟོན་ཏེ། འདི་ལ་གསུམ། མཐའ་དབུས་མེད་པའི་ལྟ་བ་དང་། །དམིགས་གཏད་མེད་པའི་བྱ་མེད་རྫོགས་པའི་སྒོམ་པ་དང་། །གཏན་ལ་ཕེབ་པའི་འབྲས་བུའོ། །དང་པོ་ལ་གསུམ་སྟེ། གཏན་ལ་དབབ་བྱའི་ཡུལ་དང་། གཏན་ལ་འབེབས་བྱེད་ཧེ་རུ་དང་། གཏན་ལ་ཕབས་པའི་གྲུབ་མཐའ་འོ། །དང་པོ་ནི་མངོན་དུ་ཕྱུང་བའི་མདོ་ལུང་བཅུ་པོས་སྟོན་ཏེ། དེ་ཉིད་ལས། མངོན་དུ་ཕྱུང་བས་ལྟ་ཡུལ་ཐིག་ལེས་བཏབ། །ཅེས་སོ། །གཉིས་པ་གཏན་ཚིག་ནི། ངེས་བསྟན་གྱི་མདོ་ལུང་གིས་སྟོན་ཏེ། ཡང་དེ་ཉིད་ལས་དོན་ལ་ངེས་པའི་གཏན་ཚིག་ངེས་སྐྱེས་པས། ངེས་པར་བསྟན་པའི་མདོ་ལུང་བཅུ་རུ་བསྟན། །ཞེས་སོ། །གསུམ་པ་གྲུབ་མཐའ་ནི། རྒྱུ་འབྲས་འདས་པའི་མདོ་ལུང་གིས་སྟོན་ཏེ། ཡང་དེ་ཉིད་ལས། ངེས་རྙེད་གྲུབ་མཐའ་རྒྱུ་འབྲས་ཀུན་འདས་པས། །རྒྱུ་འབྲས་འདས་པའི་མདོ་ལུང་བཅུ་རུ་བསྟན། །ཞེས་སོ། །གཉིས་པ་བྱ་མེད་རྫོགས་པའི་མདོ་ལུང་གིས་སྟོན་ཏེ། དེ་ཉིད་ལས། དེ་ཉིད་མ་བྱས་རང་བཞིན་རྫོགས་འཇོག་པས། །བྱ་མེད་རྫོགས་པ་སྒོམ་པའི་ལུང་བཅུ་བསྟན། །ཞེས་སོ། །གསུམ་པ་གཏན་ལ་ཕབས་པའི་འབྲས་བུ་ནི། གཏན་ལ་ཕེབས་པའི་མདོ་ལུང་གིས་སྟོན་ཏེ། དེ་ཉིད་ལས། རང་བྱུང་གཏན་ལ་ཕེབས་པས་འབྲས་རྫོགས་པས། །གཏན་ལ་ཕེབས་པའི་འབྲས་བུ་བཅུ་བསྟན་ནོ། །ཞེས་སོ། །སྤྱི་དོན་གསུམ་པ་གདམས་པ་འབྲས་བུའི་དོན་ནི། ལེའུ་ཐ་མས་སྟོན་ཏེ། དེ་ཉིད་ལས། ཐ་མས་དེར་གནས་གདམས་པ་འབྲས་བུ་བསྟན། །ཞེས་སོ། །དེ་རྣམས་ཀྱི་དོན་ངོ་སྤྲོད་པ་ནི་བླ་མའི་ཞལ་ལས་ཤེས་པར་བྱའོ། །དེ་རྣམས་ནི་རྩ་བའི་རྒྱུད་ཅེས་པའི་ཤེས་རབ་ལ་གདམས་པ་སྟེ། གྱ་གཅིག་པ་ལས། རྩ་བའི་རྒྱུད་དེ་རྣམ་པར་གཅེས་པ་ཡིན། །ཞེས་སོ། །རྒྱུད་ཕྱི་མ་བསམ་བྱུང་གདམས་པ་དང་། ཕྱི་མའི་ཕྱི་མ་བསྒོམ་བྱུང་ལ་གདམས་པའི་ཁོག་དོན་ནི་གཞན་དུ་ཤེས་པར་བྱའོ། །སྤྱི་དོན་གསུམ་པ་དབང་པོ་ཐ་མ་ལ་འབྲུ་གཉེར་བ་ནི། དོན་གྱི་འབྲེལ་པ་ལྔས་དཀའ་བའི་ཁག་བཀྲོལ་ནས་འཆད་པ་སྟེ། འབྱེད་པར་བྱེད་པའི་འབྲེལ་པས་སྟག་གི་དཔེར་ན་བགྲོད་པར་བྱེད་པའི་ས་ཚིག་ལ་མཆོངས་པས་ཚོམ་ཚོམས་སུ་འབད་ནས་བགྲོད། པའི་ཚུལ་དུ་དཀྱུས། ཚིག་ལ་ས་གཅོད་ཀྱིས་ས་ཚོམ་དུ་མར་གཅད་དེ་ཡང་བཤད་རྒྱུད་ལས། སོ་སོར་སྡེ་ཆེན་རེས་བྱེད་ན། ས་གཅོད་པ་ཡི་འབྲེལ་བར་བཤད། ཅེས་སོ་ཚག་པར་འབྲས་བུའི་འབྲེལ་པས་རུས་སྦལ་གྱི་ནུར་འགྲོས་ལྟར་ཚིག་གི་འབྲུ་གཞོམ། པ་ལ་དང་ཀྱི་ལ་དང་དེ་དང་ནས་ལ་སོགས་པས་འབྲུ་གཞོམ་པའོ། །དེ་ཡང་དེ་ཉིད་ལས། ཚིག་དང་འབྲས་བུའི་དོན་འདི་ནི། ཚག་པར་འབྲས་བུའི་འབྲེལ་པ་བཤད། ཅེས་སོ། །དཔེ་དོན་རྒྱུ་འབྲས་ཀྱི་འབྲེལ་པས་མེ་ལོང་གི་ངོས་ལྟར་མཚོན་པའི་པིང་གདགས། དཔེར་ན་མེ་ལོང་འདིས་བཞིན་གྱི་མཎྜལ་མཐོང་བ་ལྟར། དཔེ་དོན་དང་རྒྱུ་འབྲས་ཀྱི་ཚིག་ཉེས་སུ་བརྡུང་ནས་དོན་གསལ་བ་ལྟར་སྟོན་པའོ། །དེ་ཡང་ཞེ་ཉིད་ལས། འདྲ་དང་ཡིད་ཆོས་དོན་འདི་ནི། །དཔེ་དོན་རྒྱུ་འབྲས་འགྲེས་པར་བཤད། །ཅེས་སོ། །གཏན་ཚིག་དོན་གྱི་འགྲེལ་པས་ཀླག་ཁྲ་མོ་གཟན་ལ་འཇུམས་པ་ལྟར་དོན་གྱི་བཅུད་ཕྱུང་། དཔེར་ན་ཀླག་གིས་རོའི་སྙིང་འབྱིན་པ་ལྟར། གཏར་ཉམས་དོན་གྱི་བཅུད་འབྱིན་པའོ། །དེ་ཡང་དེ་ཉིད་ལས། བརྟགས་ཏེ་གཏན་ཚིག་དོན་འབྱིན་ན། །གཏན་ཚིག་དོན་གྱི་འབྲེལ་བར་བཤད། །ཅེས་སོ། །སྡུད་པར་བྱེད་པའི་འགྲེལ་པས་སེང་གེ་ཆེན་པོའི་མཆོང་པ་ལྟར་སྤྱི་གཅིག་ཏུ་དྲིལ་ལ་བཤད་དོ། །དཔེར་ན་སྟག་གི་མཆོངས་པ་དུ་མ་སེང་གེས་མཆོངས་པ་གཅིག་གི་ཁེབ་འོག་ཏུ་འདུས་པ་ལྟར། ས་གཅོད་ཀྱི་དམིགས་དུ་མ་ཡང་གཅིག་ཏུ་འབྲིམ་པའོ། །དེ་ཡང་དེ་ཉིད་ལས། རྩ་བ་གཅིག་ཏུ་དོན་སྟོན་ན་སྡུད་པར་བྱེད་པའི་འབྲེམས་པར་བཤད། ཅེས་སོ། །དེ་ཡང་བཤད་རྒྱུད་ལས། ཀྱེ། འདུས་པའི་ཚོགས་ཆེན་ཉོན་གཅིག །སྔ་རབ་འདས་པའི་སངས་རྒྱས་རྣམས། །དོན་གྱི་འབྲེལ་པ་ལྔ་པོ་འདིས། །རྟོགས་ནས་སྐྱེ་མེད་ས་ལ་གཤེགས། །ད་ལྟ་བཞུགས་པའི་རྣལ་འབྱོར་པ། །དོན་གྱི་འབྲེལ་པ་ལྔ་པོ་འདིས། །ང་ཡི་ལུང་ཆེན་དོན་རྟོགས་ནས། །དགོངས་པ་འདི་ཡིས་གནས་པར་བྱེད། །སླད་ནས་བྱོན་པའི་གདུང་ཚོབ་རྣམས། །དོན་གྱི་འབྲེལ་པ་ལྔ་པོ་འདིས། །གཏན་ལ་ཕབས་ནས་རྟོགས་པར་འགྱུར། །དེ་ལ་ལྔ་ནི་གང་དང་གང་ཞེ་ན། །ཚིག་བར་འབྲུ་ཡི་འབྲེལ་བ་དང་། །དཔེར་ན་རྒྱུ་འབྲས་འབྲེལ་པ་དང་། །གཏན་ཚིགས་དོན་གྱི་འབྲེལ་བ་དང་། །འབྱེད་པ་ཕྱེད་པའི་འབྲེལ་བ་དང་། །རྒྱུད་པར་བྱེད་པའི་འབྲེལ་པའོ། །ཞེས་གསུངས་སོ། །ཀྱེ། འབྱོར་པས་འགྲེལ་དང་བློ་ཡི་རྩལ་ཞན་རྣམས། །སྤོབས་པ་ཞན་དང་རྣམ་པར་གཡེངས་པའི་ཕྱིར། །ཤིན་ཏུ་རྒྱས་དང་བསྡུས་མིན་འཚམས་པར་བསྟན། །ནོངས་པ་མཉམ་གྲོལ་ནམ་མཁའི་ཀློང་དུ་བཤགས། །བློ་གསལ་སྐྱེ་བོ་འདུས་པའི་སྤྱན་ལམ་དུ། །འོད་ཟེར་སྣང་བའི་བརྒྱན་མཆོག་མཛེས་གྱུར་ཅིང་། །ཡོན་ཏན་བཅུ་བཞི་པ་ལ་རྟག་གནས་ནས། །བརྩེ་བ་ཆེན་པོས་འགྲོ་བའི་དཔལ་དུ་ཤོག །རྩ་བའི་རྒྱུད་ཀྱི་སྤྱི་དོན་གསལ་བར་བྱེད་པའི་ཁོག་དོན་སྣང་བའི་འོད་ཟེར་ཞེས་བྱ་བ། ཀུན་བྱེད་རྒྱལ་པོའི་དགེ་སློང་བན་དྷེར་ཤེར་འབྱུང་གིས་སྦྱར་བ་རྫོགས་སོ།། །།

སེམས་སྡེ་མ་བུ་བཅོ་བརྒྱད་ཀྱི་དགོངས་པ་ངོ་སྤྲད་པའི་ཐབས་རིག་པ་རྩལ་གྱི་དབང་བཅོ་བརྒྱད་བསྐུར་བའི་ཆོག་ཁྲིགས་བླ་མའི་ཞལ་གདམས། གཡུང་སྟོན་རྡོ་རྗེ་དཔལ་བཟང་པོ།

སེམས་སྡེ་མ་བུ་བཅོ་བརྒྱད་ཀྱི་དགོངས་པ་ངོ་སྤྲད་པའི་ཐབས། རིག་པ་རྩལ་གྱི་དབང་བཅོ་བརྒྱད་བསྐུར་བའི་ཆོག་ཁྲིགས་བླ་མའི་ཞལ་གདམས་ཞེས་བྱ་བ་བཞུགས་སོ། །གཡུང་སྟོན་རྡོ་རྗེ་དཔལ་བཟང་པོའི་ཡིག་ཆ་ལགས། བཅོམ་ལྡན་འདས་དཔལ་ཀུན་བྱེད་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཐུབ་དབང་བསྟན་པ་མར་འགྲིབ་ཚེ། །ལས་ཀྱིས་ཚེ་ཐུང་བཀའ་དོན་སྟོར། །བསྟན་གཉིས་གྲུབ་མཐའ་ངན་པས་དཀྲུགས། །གཉེན་པོས་མི་ནོན་སྒྲུབ་བརྩོན་ཞན། །དེ་ཚེ་དེ་བ་བཟང་སྐྱོང་གིས། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ། །བསྐུལ་ཞིང་གསོལ་བ་འདི་ལྟར་བཏབ། །གསུང་གི་མངའ་བདག་ཐམས་ཅད་ཀྱིས། །རྩོལ་བའི་ཐེག་པ་མཐར་བཏོན་ནས། །རྩོལ་མེད་ཐེག་པ་མི་གསུང་བར། །ཐུགས་རྗེ་ཆེན་པོ་ཡལ་ལམ་ཅི། །སྐལ་ལྡན་གདུལ་བྱ་མཆིས་པས་ན། །ལྷུན་གྲུབ་ཐེག་པ་གསུང་དུ་གསོལ། །ཞེས་བསྐུལ་བས་སངས་རྒྱས་ཀུན་གྱིས་ཀྱང་། ཡུལ་དང་འཕྲད་པའི་ཐུགས་རྗེ་ཡིས། །རྩོལ་བྲལ་ཐེག་པ་བསྟན་པ་ཡི། །དུས་ལ་བབ་པར་མཁྱེན་གཟིགས་ནས། །ཐུགས་རྗེའི་རྣམ་སྤྲུལ་གསང་བདག་གིས། །ལྷ་ཕྲུག་ཀུན་དགའ་སྙིང་པོ་ལ། །དུས་མཐའི་སྐད་ཅིག་ཉིད་ལ་ནི། །ཨ་ཏི་རྩ་བའི་རྒྱུད་ཆེན་པོ། །ཀློང་དགུ་བམ་པོ་ཉི་ཁྲི་གསུངས། །སྡེ་གསུམ་ལས་ནི་སེམས་ཀྱི་སྡེ། །ཤན་འབྱེད་ལས་འདས་རང་གྲོལ་རྒྱུད། །དེ་དག་ཀུན་གྱི་ངེས་པའི་དོན། །སྐལ་ལྡན་སྨིན་པར་བྱེད་པའི་ཐབས། །བདག་བརྟག་ཡེ་ཤེས་ངོས་བཟུང་དང་། །སྤྱི་བླུགས་ཐུག་ཕྲད་ལྷུག་པ་དང་། །ཀློང་རྡོལ་རང་གྲོལ་དོང་སྤྲུགས་དང་། །ཡེ་གསལ་བདེ་ཆེན་གྱིན་འདའ་དང་། །མི་གཡོ་རྫོགས་པ་ངང་རང་འཁྲུངས། །བཏང་སྙོམས་རྩེ་གཅིག་ལྷུན་གྲུབ་པ། །རེ་རེ་ལའང་མན་ངག་བཅོ་བརྒྱད་དོ། །དབང་གདིང་སྤྱོད་ཕྲིན་བསྐུར་ཐབས་དཔེ། །ངོ་སྤྲད་གདམས་ངག་དགོངས་འགྲེལ་གླུ། །ཉམས་རིན་རིག་དབྱེ་ཐེམ་ཡིག་སྒྲོན། །ལེགས་སྐབས་གྲུབ་མཐའ་གཏད་རྒྱའོ། །དབང་རེ་ལའང་མན་ངག་བཅོ་བརྒྱད་དེ། །སུམ་བརྒྱ་ཉི་ཤུ་རྩ་བཞི་ཡིས། །སྐལ་ལྡན་འབད་མེད་གྲོལ་བར་བྱེད། །དེ་དོན་ལག་ཏུ་བླང་བ་ནི། །མཁས་པ་ཉི་ཤུ་རྩ་གཅིག་སོགས། །བླ་མ་བརྒྱུད་པའི་རིམ་པ་རྣམས། །སྙན་ནས་སྙན་དུ་བརྒྱུད་པ་ཡི། །ཞལ་གྱི་གདམས་པའི་ཡི་གེར་བཀོད། །འདིར་ཤིན་ཏུ་རྣལ་འབྱོར་གྱི་ཐེག་པའི་ལུགས་ཀྱིས་སྐལ་ལྡན་འབད་མེད་དུ་གྲོལ་བར་བྱེད་པ་ལ། འབྲེལ་བ་བཞི་དང་ལྡན་པ་ཞིག་དགོས་པར་བཞེད་དེ། བཞི་གང་ཞེ་ན། རྒྱུད་དབང་དང་འབྲེལ་བ། དབང་གདམས་ངག་དང་འབྲེལ་བ། གདམས་ངག་ཕྱག་བཞེས་དང་འབྲེལ་བ། ཕྱག་བཞེས་བླ་མ་བརྒྱུད་པའི་བྱིན་རླབས་དང་འབྲེལ་བའོ། །དེ་ལ་རྒྱུད་ནི། ལ་བཟླ་བ་རྒྱལ་པོའི་རྒྱུད། ཤན་འབྱེད་པ་བྲམ་ཟེའི་རྒྱུད། རང་གྲོལ་མངོན་སུམ་དུ་སྟོན་པ་མན་ངག་གི་རྒྱུད་སྡེ་རྩ་བཤད་དང་བཅས་པ་རྣམས་ཡིན་ལ། དེ་ལས་ཀྱང་རྒྱལ་པོའི་རྒྱུད་སྐོར། ཀུན་བྱེད་རྒྱལ་པོ་མ་བུ་དགུ་སྐོར་ལ་སོགས་པ་རྣམས་ཀྱི་ནང་ནས་ཕྱུངས་པ་བཀོལ་བ་དུམ་བུའི་རྒྱུད་དམ། སྙིང་པོ་མན་ངག་གི་རྒྱུད། སེམས་སྡེ་མ་བུ་བཅོ་བརྒྱད་དུ་གྲགས་པ་འདི་རྣམས་ཡིན་ནོ། །རྒྱུད་དེ་རྣམས་དང་འབྲེལ་བའི་དབང་ནི། བདག་བརྟག་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་སྐྱེས་བུ་སྙིང་བཏོན་པ་ལྟ་བུ་ལ་སོགས་པ་རིག་པ་རྩལ་གྱི་དབང་བཅོ་བརྒྱད་པོ་འདི་ཡིན་ནོ། །དབང་དང་འབྲེལ་བའི་གདམས་ངག་ནི། གདེངས་སྤྱོད་ལ་སོགས་པ་རྣམས་ཡིན་ནོ། །གདམས་ངག་དང་འབྲེལ་བའི་ཕྱག་བཞེས་ནི། འཆད་པར་འགྱུར་པའི་ཕྱག་བཞེས་ཀྱི་ཡི་གེ་རིས་བླ་མ་བརྒྱུད་པའི་རིམ་པའི་ཕྱག་ལེན་བཞིན་བདག་གིས་བསྡེབས་པ་འདི་ཡིན་ནོ། །ཕྱག་བཞེས་འདི་བླ་མ་བརྒྱུད་པའི་བྱིན་རླབས་དང་འབྲེལ་ཚུལ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ་ནས་བདག་ཡན་ཆད་བརྒྱུད་པ་མ་ཆད་ཅིང་མ་ཉམས་པའི་ཕྱིར། བྱིན་རླབས་དང་འབྲེལ་བ་ཡིན་ནོ། །དེ་ཡང་གང་ཞེ་ན། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རིགས་ལྔའི་སངས་རྒྱས། སྤྲུལ་སྐུ་གསང་བདག་ཕྱག་རྡོར། ཡང་སྤྲུལ་དགའ་རབ་རྡོ་རྗེ། མཁས་པ་ཉི་ཤུ་རྩ་གཅིག །སྒྲ་བསྒྱུར་བཻ་རོ་ཙ་ན། རྒྱལ་མོ་གཡུ་སྒྲ་སྙིང་པོ། གཉགས་ལོ་ཡེ་ཤེས་གཞོན་ནུ། སོག་པོ་དཔལ་གྱི་ཡེ་ཤེས། གནུབས་ཆེན་སངས་རྒྱས་ཡེ་ཤེས། གནུབས་ཆུང་ཡོན་ཏན་ཡབ་སྲས། མཁས་པ་ཉང་ཤེས་རབ་མཆོག །ཉང་བན་ཡེ་ཤེས་འབྱུང་གནས། ཟུར་ཆེན་ཤཱཀྱ་འབྱུང་གནས། ཟུར་ཆུང་ཤེས་རབ་གྲགས་པ། སྐྱེ་སྟོན་ཤཱཀྱ་ཡེ་ཤེས། སྒྲོ་ཕུག་པ་ཤཱཀྱ་སེང་གེ། འགྲོ་མགོན་ཤཱཀྱ་རྒྱལ་མཚན། མཁས་པ་ལྕེ་སྟོན་ཡབ་སྲས། ལྕེ་སྟོན་ཟུང་ངེ་། སྲས་སྟོན་བཀྲ་ཤིས། བླ་མ་ཐང་སྟོན་འབུམ་མེ། ཆོས་རྗེ་བླ་སྐྱབས་རྡོ་རྗེ། དྲིན་ཅན་མཁས་པ་ཆེན་པོ། མཁའ་འགྲོ་དཔལ་གྱི་ཡེ་ཤེས། མ་གཅིག་དྲིན་ཅན་ཟུར་མོ། ཟུར་ཧཾ་ཤཱཀྱ་འབྱུང་གནས། ཟུར་མོ་དགེ་འདུན་འབུམ། ཟུར་ཤཱཀྱ་བཤེས་གཉེན། མཁས་གྲུབ་བྲའོ་ཆོས་འབུམ། བཤེས་གཉེན་དཀོན་མཆོག་བཟང་པོ། ཀཿཐོག་པ་རྡོ་རྗེ་བཟང་པོ། འཕགས་མཆོག་བྱ་བཏང་ཆེན་པོ། མཁས་གྲུབ་ཤ་མི་རྡོར་རྒྱལ། སྔགས་འཆང་གཡུ་འབྲུག་རྡོ་རྗེ། མཚུངས་མེད་བློ་གྲོས་རྒྱལ་མཚན། ཟབ་ལུང་པ་དབང་གི་རྒྱལ་པོ། ལྷ་བཙུན་ནམ་མཁའ་འཇིགས་མེད། རིག་འཛིན་འཕྲིན་ལས་ལྷུན་གྲུབ། གཏེར་ཆེན་འགྱུར་མེད་རྡོ་རྗེ། ལོ་ཆེན་དྷརྨཱ་ཤྲཱི། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། ཁྲི་ཆེན་པདྨ་བསྟན་འཛིན། སྒོམ་རི་པ་ཨོ་རྒྱན་ཀློང་ཡངས། ཀུན་མཁྱེན་གཉིས་པ་འཇིགས་མེད་གླིང་པ། གྲུབ་དབང་ཀུན་བཟང་གཞན་ཕན། མི་འགྱུར་ནམ་མཁའི་རྡོ་རྗེ། རྒྱལ་སྲས་གཞན་ཕན་མཐའ་ཡས། ཀུན་མཁྱེན་གསུམ་པ་པདྨ་འོད་གསལ་མདོ་སྔགས་གླིང་པ། འཇམ་མགོན་པདྨ་གར་གྱི་དབང་ཕྱུག །རིགས་བདག་བདུད་འཇོམས་ནམ་མཁའི་རྡོ་རྗེའི་བར་རིམ་པར་བརྒྱུད་དེ། བྱིན་རླབས་ཀྱི་ན་བུན་མ་ཡལ། དབང་དང་གདམས་ངག་གི་ཆར་རྒྱུན་མ་ཆད། གསོལ་འདེབས་ཀྱི་འབྲུག་སྒྲ་མ་ཆག་པ་ཡིན་ནོ། །འདིར་ཟུར་ཤཱཀྱ་བཤེས་གཉེན་ནས་བདག་གི་རིགས་བདག་བར་གྱི་བརྒྱུད་རིམ་ཕྱོགས་གཅིག་གི་ཁ་སྐོང་ཛྙཱ་ནས་སོ། །བརྒྱུད་རིམ་གྱི་རྣམ་ཐར་རྒྱས་པ་རྒྱ་འགྲམ་བོད་འགྲམ་གཉིས་ལས་ཤེས་པར་བྱའོ། །དེ་ལྟར་འབྲེལ་བ་བཞི་ལྡན་གྱི་སྒོ་ནས་སྐལ་ལྡན་སྨིན་པར་བྱེད་པའི་དབང་འདི་ལ་སྤྱི་དོན་གསུམ་གྱིས་སྟོན་ཏེ། སྔོན་འགྲོ་དང་། དངོས་གཞི་དང་། རྗེས་ཀྱི་བྱའོ། །དང་པོ་སྔོན་འགྲོ་ནི། བླ་མ་མཚན་ཉིད་དང་ལྡན་པས་སློབ་མའི་མཚན་ཉིད་ཡོངས་སུ་བརྟགས་ཏེ། ཡོ་བྱད་གཞུང་བཞིན་དུ་གསོག་ཏུ་བཅུག་ནས། གནས་མཚན་ཉིད་དང་ལྡན་པར་བཀྲ་ཤིས་པའི་གཟའ་སྐར་ལ་སོགས་པ་འཛོམ་པའི་དུས་སུ་ཨ་ནུ་མན་ཆད་ཀྱི་དབང་གིས་སྨིན་པར་བྱས་པའམ་གཞན་དུ་ན། སྒྱུ་འཕྲུལ་གྱི་བསྲེ་བའི་ཆོ་ག་རྒྱས་པར་བྱ། གནས་ཁང་དང་བསྟུན་པའི་ས་སྟེགས་ཆེ་ཆུང་གང་ཡང་རུང་བ་ལ་དྲི་བཟང་དང་བ་བྱུང་ལྔས་ལེགས་པར་བྱུགས་ལ། ཐིག་ཆེན་བརྒྱད་བཏབ། དེའང་དཀྱུས་ཐིག་གི་ཆ་སུམ་ཅུ་སོ་གཉིས་སུ་ཕྱེས་ཏེ། ས་སྟེགས་དེའི་བརྒྱད་ཆ་ཕྱིར་དོར་བའི་ཟླུམ་ཐིག་བསྐོར། དེའི་དབུས་སུ་ཚངས་ཐིག་ནས་ཕྱིའི་ཟླུམ་ཐིག་གི་བར་སུམ་ཆ་གསུམ་དུ་བཅལ་བའི་ནང་མ་ལྟེ་བའི་དོན་དུ་ཟླུམ་ཐིག་གཅིག་བསྐོར། ཟླུམ་ཐིག་ཕྱི་ནང་གཉིས་ཀ་ལ་ཡང་པདྨ་ཆེ་ཆུང་དང་བསྟུན་པའི་མུ་ཁྱུད་ཀྱི་དོན་དུ་ནང་ངོས་སུ་ཟླུམ་ཐིག་རེ་རེ་བསྐོར། དེ་ནས་ཚོན་འགྱེད་ལུགས་ནི། པདྨ་འདབ་མ་བཅུ་དྲུག་ཁ་དོག་དམར་པོ་ལ་མུ་ཁྱུད་ནང་མ་འོད་ཟེར་གྱི་ཕྲེང་བ་དང་། ཕྱི་རྡོ་རྗེའི་ཕྲེང་བ་དང་། དེའི་ཕྱི་རོལ་དུ་ཤར་ཕྱོགས་སུ་སྙིང་གི་རྩེ་མོའི་རྣམ་པ་དང་། ནུབ་ཕྱོགས་སུ་སྙིང་སྒྲོམ་གྱི་རྣམ་པ་མཐའ་བསྐོར་ལ་སྙིང་ཤུན་སྙིང་ཚིལ་དང་བཅས་པའི་རྣམ་པ་བྲི། དབུས་ཀྱི་ལྟེ་བ་ལ་ཨ་དཀར་པོ་གཉིས་དབུ་ཤར་ནུབ་ཏུ་བསྟན་པ་བྲིས་ལ། རྩ་ཡི་རྣམ་པ་ཁ་དོག་དམར་སྐྱ་ཚོན་གྱིས་སྦྲེལ་བ། པད་འདབ་བཅུ་དྲུག་ལ་ཨ་བཅུ་དྲུག་དབུ་ཕྱིར་བསྟན་དུ་བྲིས་ལ། རྩའི་རྣམ་པ་དམར་སྐྱས་ཨ་ཐམས་ཅད་དབུས་ཀྱི་ལྟེ་བ་ལ་སྦྲེལ་ལོ། །དེ་ནི་མཚོན་བྱེད་རྡུལ་ཚོན་གྱི་དཀྱིལ་འཁོར་ཡིན་ནོ། །དེས་ཅི་མཚོན་ན་སྙིང་རིན་པོ་ཆེ་འབར་བའི་དབུས་ན་རྣམ་པར་ཤེས་པའི་ཚོགས་བརྒྱད་ཡུལ་དང་བཅས་པ་ཡེ་ནས་དག་ཅིང་ཐམས་ཅད་རྒྱུ་རྐྱེན་མེད་པར་རང་བྱུང་། བྱེད་པ་པོ་མེད་པར་ལྷུན་གྱིས་གྲུབ་པའི་ཀུན་ཏུ་བཟང་པོ་བཅོ་བརྒྱད་རང་ཆས་སུ་གནས་སོ་ཞེས་པའི་བརྡའོ། །དེ་ནས་ཨ་དེ་རྣམས་ཀྱི་སྟེང་དུ་ཁྲིའུ་འམ་མཉྫི་ལ་གནས་པའི་བུམ་པ་བཅོ་བརྒྱད་དཀར་ཞལ་ནས་བྱུང་ལ། མཆུའི་འོག་ཏུ་ཙིཏྟ་དམར་པོའི་གཟུགས་རེ་ལ་གནས་པའི་ཨ་དཀར་པོ་རེ་བྲིས། ནང་དུ་དྲི་བཟང་པོ་བདུད་རྩི་ལྔ་དང་བཅས་པའི་ཆུས་སུམ་གཉིས་གང་བ་བླུགས་ལ་ངག་ཏུ་ཨ་ཞེས་བརྗོད་པས་ཨ་དཀར་པོ་རེ་རེ་འོད་དུ་ཞུ་ནས་མ་སྐྱེས་པའི་ཆོས་ཉིད་མ་འགགས་པའི་བདུད་རྩིའི་ཆུ། རྒྱུ་རྐྱེན་མེད་པར་རང་བྱུང་ནས། བྱེད་པ་པོ་མེད་པར་ལྷུན་གྱིས་གྲུབ་པར་མོས་པ་བྱས་ལ། བུམ་པའི་མགུལ་རས་ཟུང་གིས་བཅིངས་ཤིང་འབྲས་བུ་དང་བཅས་པའི་ཤིང་དུག་བྱའི་སྒྲོ་དང་བཅས་པས་ཁ་བརྒྱན་ལ། རྡོ་རྗེའི་གླུ་གསུངས་པའི་རིག་པ་འཛིན་པའི་ཙཀ་ལི་རྣམས་ཀྱིས་ཀྱང་མཚན་པར་བྱའོ། །གལ་ཏེ་དཀྱིལ་འཁོར་ཆུང་ནས་བུམ་པ་མི་ཤོང་ན་བུམ་པ་རྣམས་ཀྱིས་དཀྱིལ་འཁོར་གྱི་མཐའ་བསྐོར་ཏེ་པད་འདབ་ཀྱི་ཨ་རེའི་ཐད་ཀར་བུམ་པ་རེ་འགོད་དོ། །དེ་ནས་ཇི་ལྟར་འབྱོར་པས་དཀྱིལ་འཁོར་གྱི་རྒྱན་གྱིས་གནས་ཁང་གཟི་བརྗིད་དང་ལྡན་པར་བྱས། བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་དཀྱིལ་འཁོར་གྱི་མཐའ་ནང་གི་མཆོད་པ་སྨན་རཀ་གཏོར་གསུམ་དང་། ཕྱིའི་མཆོད་པ་ཆུ་གསུམ་བཞི་བསྣོལ་དང་བཅས་པས་བསྐོར་བར་བྱའོ། །དེ་ནས་ཡུལ་ལྷ་དང་གཞི་བདག་ལ་སོགས་པ་ལ་གསེར་སྐྱེམས་སམ། ཆ་གསུམ་གྱིས་ཚིམ་པར་བྱས་ལ་བར་ཆད་ཀྱིས་མི་ཚུགས་པར་བྱ་བའི་ཕྱིར་ཕྱི་ནང་གི་མཚམས་བཅད་ལ། བླ་མས་ཁ་ཤར་བལྟས་ཀྱིས་དཀྱིལ་འཁོར་ལ་མངོན་པར་ཕྱོགས་པས་དབང་གི་ཁྲི་ལ་འདུག་ཅིང་། མཆེད་རྣམས་ཀྱང་གྲལ་རིམ་ལ་འཁོད་ནས་ཚུལ་ཕྱག་དང་གྲལ་ཕྱག་བྱ་ཞིང་། རྒྱུད་དག་པར་བྱ་བའི་ཕྱིར་ན་རཀ་དོང་སྤྲུག་གི་ཆོ་ག་དང་ཚོགས་ཀྱི་འཁོར་ལོ་བྱས་ནས་མ་མགོན་ལྕམ་དྲལ་བསྐང་ཞིང་བར་ཆད་མི་འབྱུང་བའི་ཕྲིན་ལས་བཅོལ་ལ་མཆེད་ལྕམ་དང་བཅས་པ་གཉིད་ཀྱི་བདེ་བས་ཚིམ་པར་བྱའོ། །དེ་དག་ནི་སྔོན་དུ་འགྲོ་བའི་རིམ་པ་སྟེ་སྟ་གོན་གྱི་ཆོ་ག་རྫོགས་སོ། །སྤྱི་དོན་གཉིས་པ་དབང་གི་དངོས་གཞི་ནི། དབང་བཅོ་བརྒྱད་པོ་རེ་རེ་ལ་ཞག་རེ་རེའམ། ཉིན་མཚན་རེ་རེའམ་སྔ་དྲོ་ཕྱི་དྲོ་སྲོད་དང་གསུམ་ལ་དབང་རེ་རེ་བསྐུར་བའང་རུང་སྟེ། དབང་རེ་རེ་ལའང་དོན་ཆིངས་བཅོ་བརྒྱད་ཀྱིས་སྟོན་ཀྱང་། བླ་མ་རྣམས་ཕྱག་བཞེས་སུ་མཛད་ཙ་ན་དོན་ཆིངས་དགུའི་བར་དུ་ནོར་བུའི་ལུགས་སུ་བསྐུར་ནས། དོན་ཆིངས་བཅུ་པ་མན་ཆད་དབང་ཐམས་ཅད་རྫོགས་པའི་རྗེས་སུ། དོན་ཆིངས་ཐམས་ཅད་ཀྱི་ཐུན་མོང་དུ་དབང་གི་གཏད་རྒྱའམ་རྒྱབ་ཆོས་སུ་མཛད་དོ། །དེ་ལ་ཐོག་མར་ཁྱུང་ཆེན་དང་རྗེས་སུ་འབྲེལ་བར་དབང་དང་པོ་བསྐུར་བ་ལ་སྟོད་ཀྱི་དོན་ཆིངས་དགུས་སྟོན་པ་ལས། དང་པོ་དབང་ནི། བདག་བརྟག་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་སྐྱེས་བུའི་སྙིང་བཏོན་པ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདིང་ཅི་ཐོབ་ན། མ་འདྲེས་ཡོངས་སུ་རྫོགས་པ་གསལ་བའི་གདིང་ནི་རྒྱ་མཚོའི་རླབས་ལྟ་བུའོ། །གསུམ་པ་གདིང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། རིག་པ་སྣ་ཚོགས་སུ་འཆར་བའི་སྤྱོད་པ་སྣང་འགག་མེད་པས་ཏེ་རྩི་སྨན་སྣ་ཚོགས་ལྟ་བུའོ། །བཞི་པ་དེ་ལྟ་བུའི་གང་ཟག་གི་རྒྱུད་ལ་འཁྱེར་བའི་ཕྲིན་ལས་ནི། སྔོན་དུ་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱ་བའི་དོན་དུ་ཚུལ་ཕྱག་ནས་བརྩམས་ཏེ་ཡི་དམ་གང་བྱེད་ཀྱི་ཕྲིན་ལས་གཞུང་བསྲང་ལ་ཚོགས་ཀྱི་མཆོད་པ་བྱའོ། །དེ་དག་ཀྱང་བསོད་ནམས་ཀྱི་ཚོགས་དེའང་ཡེ་ཤེས་ཀྱི་ཚོགས་སུ་ལ་བཟླ་བའི་དོན་དུ་མཆོད་མཁན་རྣམས་ཀྱིས་ཀུན་བཟང་དོན་གྱི་ཕྲིན་ལས་གཞུང་བསྲང་ཞིང་། བླ་མས་བྱ་རྩོལ་མེད་པའི་ཕྲིན་ལས་ཀྱི་ངང་ལ་གནས་པར་བྱ་བ་དང་ངག་ཏུ་ཡང་བརྡ་བཀྲོལ་ཏེ་སྟོན་པར་བྱའོ། །དེ་ལ་ཡང་དགུ་སྟེ། མཚམས་བཅད་བཤགས་པ་དཀྱིལ་འཁོར་ལས། །ཕྱག་འཚལ་མཆོད་དང་བཟླས་པ་དང་། །གཏོར་ཚོགས་རྗེས་ཀྱི་སྨོན་ལམ་དགུས། །བྱ་རྩོལ་མེད་པའི་ཕྲིན་ལས་རྫོགས། །ཞེས་པས། དེ་ཡང་དང་པོ་མཚམས་བཅད་པ་ནི། ནམ་མཁའ་ཆེ་ལས། མི་རྟོག་ཡེ་ཤེས་བགེགས་བསལ་ནས། །ཞེས་པས། མཆོད་མཁན་རྣམས་ཀྱིས་དབྱངས་དང་བཅས་པའམ་མེད་ཀྱང་རུང་སྟེ། དོན་ཡིད་ལ་བསམ་ཞིང་ཚིག་འདི་སྐད་བརྗོད་དེ། དེ་འོག་མ་རྣམས་ལ་ཡང་འགྲེའོ། །ཧཱུྃ། རྗེ་བཙུན་ང་ནི་རྒྱལ་བ་ཀུན་གྱི་ཡབ། །ཐམས་ཅད་ངར་བརྗོད་རིག་འཛིན་ཡོངས་ཀྱི་རྗེ། །ཐམས་ཅད་ངར་འདུས་རྣལ་འབྱོར་ཡོངས་ཀྱི་དཔོན། །སྲིད་གསུམ་ཆར་ལྟར་བབས་ཀྱང་ང་མི་གཤེར། །ཁམས་གསུམ་ཆུ་ལྟར་འབྲུབ་ཀྱང་ང་མི་འཁྱེར། །རྒྱུད་དྲུག་མེ་ལྟར་འབར་ཡང་ང་མི་འཚིག །སྟོང་གསུམ་རླུང་ལྟར་གཡོས་ཀྱང་ང་མི་བསྐྱོད། །དུག་གསུམ་མུན་ལྟར་འཐིབས་ཀྱང་ང་མི་འཐོམས། །ཡེ་ཤེས་ཉི་མ་ཤར་ཡང་གསལ་རྒྱུ་མེད། །མ་རིག་མུན་པ་བྱུང་ཡང་གནག་རྒྱུ་མེད། །སྐྱེ་ཤི་རིས་སུ་བཅད་ཀྱང་འཆི་རྒྱུ་མེད། །ཉོན་མོངས་དུག་གསུམ་གནས་ཀྱང་སྤང་རྒྱུ་མེད། །དངོས་གྲུབ་རྣམ་གསུམ་ཡིན་ཡང་ཆགས་རྒྱུ་མེད། །ཆོས་སྐུ་འགྱུར་མེད་གྲུབ་ཀྱང་བཙལ་པ་མེད། །རང་བྱུང་ཉིད་དུ་གནས་པས་རག་མི་ལུས། །སྙིང་པོ་ལྷུན་གྱིས་གྲུབ་པས་རྟེན་མི་འཆའ། །མཚམས་ཀྱི་རྒྱལ་པོ་མི་རྟོག་ཡེ་གནས་པས། །བགེགས་ཀྱི་རྒྱལ་པོ་རྟོག་པ་མ་སྤངས་བཅོམ། །ༀ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་ཨཱཿ ཞེས་བརྗོད་ཅིང་དེ་དག་གི་དོན་བླ་མས་བརྡ་བཀྲོལ་བ་ནི། བགེགས་ལ་སོགས་པའི་བར་ཆད་ཐམས་ཅད་རྒྱུ་རྐྱེན་མེད་པར་རང་བྱུང་བྱེད་པ་པོ་མེད་པས་ལྷུན་གྲུབ་ཏུ་ཐག་བཅད་ལ། བར་ཆད་ཐམས་ཅད་རང་བྱུང་རང་ཞི་རང་བརླག་ཏུ་བསམས་ལ་དེའི་ངང་ལ་བྱ་རྩོལ་མེད་པར་གནས་པར་བྱའོ། །ཞེས་བརྗོད་དོ། །གཉིས་པ་བཤགས་པ་བྱ་བ་ནི། བརྗོད་མེད་ལས། རྣམ་རྟོག་གང་ཡང་དམིགས་པར་མི་འགྱུར་ཏེ། །ཞེས་པས་མཆོད་མཁན་རྣམས་ཀྱིས་དོན་ཡིད་ལ་བསམས་ཤིང་ཚིག་འདི་སྐད་བརྗོད་དོ། །ཧཱུྃ། ཆོས་ཀྱི་དབྱིངས་ཉིད་སྤྲོས་པ་མེད་པ་ལ། །གཟུང་འཛིན་གཉིས་སུ་ལྟ་བ་ཐང་རེ་ཆད། །དངོས་པོ་མཚན་མར་འཛིན་པ་ཉོན་རེ་མོངས། །སྤྲོས་མེད་བདེ་ཆེན་ཀློང་དུ་བཤགས་པར་བགྱིའོ། །ཀུན་ཏུ་བཟང་པོ་བཟང་ངན་མེད་པ་ལ། །གཙང་རྨེ་གཉིས་སུ་ལྟ་བ་ཐང་ཆེ་ཆད། །བཟང་ངན་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཀུན་བཟང་བདེ་ཆེན་ཀློང་དུ་བཤགས་པར་བགྱི། །མཉམ་པ་ཉིད་ལ་ཆེ་ཆུང་མེད་པ་ལ། །སངས་རྒྱས་སེམས་ཅན་ལྟ་བ་ཐང་རེ་ཆད། །ཆེ་ཆུང་གཉིས་སུ་འཛིན་པ་ཉོན་རེ་མོངས། །མཉམ་ཉིད་བདེ་ཆེན་ཀློང་དུ་བཤགས་པར་བགྱི། །བྱང་ཆུབ་སེམས་ལ་སྐྱེ་ཤི་མེད་པ་ལ། །འདི་དང་ཕྱི་མར་ལྟ་བ་ཐང་རེ་ཆད། །སྐྱེ་ཤི་གཉིས་སུ་འཛིན་པ་ཉོན་རེ་མོངས། །འཆི་མེད་གཡུང་དྲུང་ཀློང་དུ་བཤགས་པར་བགྱི། །ཐིག་ལེ་ཆེན་པོ་གྲྭ་ཟུར་མེད་པ་ལ། །གཟུགས་དང་རྫས་སུ་ལྟ་བ་ཐང་རེ་ཆད། །གྲྭ་ཟུར་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཀུན་ནས་ཟླུམ་པའི་ཐིག་ལེ་ཆེན་པོར་བཤགས། །དུས་གསུམ་འགྱུར་བ་མེད་པའི་ངང་ཉིད་ལས། །ཐོག་མ་ཐ་མར་ལྟ་བ་ཐང་རེ་ཆད། །འཕོ་འགྱུར་གཉིས་སུ་འཛིན་པ་ཉོན་རེ་མོངས། །དུས་གསུམ་འགྱུར་མེད་ཀློང་དུ་བཤགས་པར་བགྱིའོ། །རང་བྱུང་ཡེ་ཤེས་རྩོལ་བ་མེད་པ་ལ། །རྒྱུ་འབྲས་གཉིས་སུ་ལྟ་བ་ཐང་རེ་ཆད། །རྩོལ་སྒྲུབ་གཉིས་སུ་འཛིན་པ་ཉོན་རེ་མོངས། །རང་བྱུང་རྩོལ་མེད་ངང་དུ་བཤགས་པར་བགྱིའོ། །རིག་པ་ཡེ་ཤེས་གཟུང་འཛིན་མེད་པ་ལ། །རྟག་ཆད་གཉིས་སུ་ལྟ་བ་ཐང་རེ་ཆད། །གཟུང་འཛིན་གཉིས་སུ་འཛིན་པ་ཉོན་རེ་མོངས། །རིག་པ་ཡེ་ཤེས་ཀློང་དུ་བཤགས་པར་བགྱི། །ཆོས་དབྱིངས་རྣམ་དག་སྤྲོས་པ་མེད་པ་ལ། །ཟུག་རྔུ་གཉིས་སུ་ལྟ་བ་ཐང་རེ་ཆད། །མཐའ་དབུས་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཆོས་དབྱིངས་རྣམ་དག་ཀློང་དུ་བཤགས་པར་བགྱིའོ། །གཞལ་ཡས་ཁང་ལ་ཡངས་དོག་མེད་པ་ལ། །ཕྱི་དང་ནང་དུ་ལྟ་བ་ཐང་རེ་ཆད། །ཡངས་དོག་གཉིས་སུ་འཛིན་པ་ཉོན་རེ་མོངས། །གཞལ་ཡས་ཡངས་དོག་མེད་པའི་ཀློང་དུ་བཤགས་པར་བགྱིའོ། །ཡུམ་གྱི་མཁའ་ལ་མཐོ་དམན་མེད་པ་ལ། །སྟེང་དང་འོག་ཏུ་ལྟ་བ་ཐང་རེ་ཆད། །མཐོ་དམན་གཉིས་སུ་འཛིན་པ་ཉོན་རེ་མོངས། །བྷ་ག་མཐོ་དམན་མེད་པའི་ཀློང་དུ་བཤགས་པར་བགྱིའོ། །ཆོས་ཀྱི་སྐུ་ལ་གཉིས་སུ་མེད་པ་ལ། །ཕྱི་ནང་གཉིས་སུ་ལྟ་བ་ཐང་རེ་ཆད། །སྣོད་བཅུད་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཆོས་སྐུ་འགྱུར་མེད་ཀློང་དུ་བཤགས་པར་བགྱིའོ། །མ་རིག་རྨོངས་པའི་བློ་འདི་སྙིང་རེ་རྗེ། །གཟུགས་མེད་ཆོས་ལ་དངོས་པོ་མཚན་མར་བཟུང་། །གང་ཟག་འཁྲུལ་པའི་སེམས་འདི་ཡོངས་རེ་སྡུག །སྐྱེ་མེད་ཆོས་ལ་ང་དང་བདག་ཏུ་བཟུང་། །སྣང་སྲིད་སྒྱུ་མ་ཡིན་པར་མ་ཤེས་པས། །ཟང་ཟིང་ནོར་ལ་སེམས་ཀྱི་ཆགས་པ་སྐྱེས། །འཁོར་བ་རང་བཞིན་མེད་པར་མ་ཤེས་པས། །གཉེན་བཤེས་འཁྲུལ་པའི་གྲོགས་ལ་རྟག་པར་བཟུང་། །མི་ཤེས་སྐྱེ་བོའི་སེམས་འདི་ཡོངས་སུ་གོལ། །བདེན་པའི་དོན་བོར་མི་དགེའི་ལས་ལ་བརྩོན། །སྟོན་པའི་བཀའ་བོར་མི་ཆོས་གཡེང་བས་བསླུས། །རང་རིག་དོན་མེད་གཡེང་བའི་ལས་ལ་བརྩོན། །འདི་འདྲའི་དོན་མེད་སེམས་ཅན་སྙིང་རེ་རྗེ། །དབྱེ་འབྲི་མེད་པའི་ཀློང་དུ་བཤགས་པར་བགྱིའོ། །ཞེས་བརྗོད་ཅིང་དེ་དག་གི་དོན་བླ་མས་བརྡ་བཀྲོལ་ཞིིང་འདི་སྐད་བརྗོད། གལ་ཏེ་སྐུ་ཡི་དམ་ཚིག་ཉམས་གྱུར་ན། །ཆོས་ཉིད་སྐྱེ་བ་མེད་པའི་ངང་དུ་བཤགས། །གསུང་གི་དམ་ཚིག་ཉམས་གྱུར་ན། །ཆོས་ཉིད་བརྗོད་དུ་མེད་པའི་ངང་དུ་བཤགས། །ཐུགས་ཀྱི་དམ་ཚིག་ཉམས་གྱུར་ན། །ཆོས་ཉིད་དྲན་རྟོག་མེད་པའི་ངང་དུ་བཤགས། །གསང་བའི་དམ་ཚིག་ཉམས་གྱུར་ན། །གསང་བ་ཆོས་ཀྱི་དབྱིངས་ཀྱི་ངང་དུ་བཤགས། །རྩ་བའི་དམ་ཚིག་ཉམས་གྱུར་ན། །རྩ་བ་བྱང་ཆུབ་སེམས་ཀྱི་ངང་དུ་བཤགས། །ཡན་ལག་དམ་ཚིག་ཉམས་གྱུར་ན། །ཆོས་ཉིད་གཉིས་སུ་མེད་པའི་ངང་དུ་བཤགས། །ཆོས་སྤྱིའི་དམ་ཚིག་ཉམས་གྱུར་ན། །ཆོས་ཉིད་ལྷུན་གྱིས་གྲུབ་པའི་ངང་དུ་བཤགས། །ཆོས་ཁྱད་པར་གྱི་དམ་ཚིག་ཉམས་གྱུར་ན། །མཚན་མ་ཆོས་ཅན་ལྷུན་གྲུབ་ཀྱི་ངང་དུ་བཤགས། །འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་ཡན་ཆོད་དུ་མི་དགེ་བཅུ་དང་མཚམས་མེད་ལྔ་སོགས་བྱས་པ་ཀུན། རང་བྱུང་ཡེ་ཤེས་རྟོག་པ་མེད་པའི་ངང་དུ་བཤགས་པར་བགྱིའོ། །ཞེས་དོན་དྲན་པར་བྱའོ། །གསུམ་པ་དཀྱིལ་འཁོར་ལས་སུ་བྱ་བ་ནི། མཚོན་བྱེད་དཔེའི་དཀྱིལ་འཁོར་རྡུལ་ཚོན་གྱིས་བྲིས་པ་འདི་ཡིན་ལ། མཚོན་བྱ་དོན་གྱི་དཀྱིལ་འཁོར་ཙིཏྟ་རིན་པོ་ཆེའི་གཞལ་ཡས་ན། རྩ་པདྨ་འདབ་མ་བཅུ་དྲུག་པའི་དཀྱིལ་ལམ་ལྟེ་བ་ལ་རྒྱུ་རྐྱེན་མེད་པར་རང་བྱུང་གི་ཀུན་ཏུ་བཟང་པོ་དང་། བྱེད་པ་པོ་མེད་པར་ལྷུན་གྲུབ་ཀྱི་ཀུན་ཏུ་བཟང་མོ་གཉིས་གདོད་ནས་མ་སྐྱེས་པའི་ཆོས་ཉིད་ཡི་གེ་ཨའི་རྣམ་པར་གནས་པ་ནི་དཀྱིལ་ཡིན་ལ། པད་འདབ་བཅུ་དྲུག་ལ་རྣམ་ཤེས་ཚོགས་བརྒྱད་ཡུལ་དང་བཅས་པ་གདོད་ནས་དག་པའི་ཀུན་ཏུ་བཟང་པོ་བཅུ་དྲུག་ནི་འཁོར་ཡིན་ནོ། །དེ་ཡང་འཁོར་གྱི་ཀུན་ཏུ་བཟང་པོ་ཞེས་འཁོར་བ་ཡེ་གདལ་གྱི་ངོས་ནས་སྨོས་ལ། དཀྱིལ་ནི་ཁམས་གསུམ་དོང་སྤྲུགས་ཀྱི་རང་བཞིན་ཏེ། དོན་འཁོར་འདས་ཀྱི་ཆོས་ལ་བླང་དོར་མེད་པ་རང་བྱུང་གི་ཡེ་ཤེས་ཐིག་ལེ་ཉག་གཅིག་ཏུ་གནས་པའོ། །དེ་ལྟར་གནས་པ་ལ་གནས་པ་ལྟར་བསྒོམ་པ་ནི། ཏིང་ངེ་འཛིན་གསུམ་གྱིས་ལྷ་བསྐྱེད་ཅིང་དབང་བསྐུར་བྱིན་རླབས་ལ་སོགས་པ་བྱ་བའི་ཚུལ་ནི། མཚན་བརྗོད་ལས། དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཞེས་པས། མཆོད་མཁན་རྣམས་ཀྱིས་དོན་ཡིད་ལ་བསམ་ཞིང་ཚིག་འདི་སྐད་བརྗོད་དོ། །ཧཱུྃ། རང་གི་སེམས་ཉིད་གདོད་ནས་མ་དག་ན། །འཕྲལ་དུ་ཕྱོགས་ཙམ་བསྒོམ་པས་དག་མི་འགྱུར། །ཆོས་ཉིད་མ་བཅོས་ཡེ་ནས་ཡིན་ཤེས་ན། །དེ་བཞིན་ཉིད་ཀྱི་ཏིང་འཛིན་མ་བསྒོམ་གསལ། །ཐབས་ཀྱི་རྩ་བར་སྙིང་རྗེ་མ་ཤར་ན། །འཕྲལ་གྱི་ཕྱོགས་ཙམ་ཡོངས་ལ་ཁྱབ་མི་འགྱུར། །བརྡལ་བ་ཆེན་པོ་བློ་ཡིས་ཕྱིར་ཁྱབ་ན། །ཀུན་ཏུ་སྣང་གི་ཏིང་འཛིན་མ་བསྒོམ་གསལ། །རྒྱུད་ཉིད་དག་པའི་དོན་ཉིད་མ་ཤེས་ན། །འཕྲལ་གྱི་དམིགས་པས་རང་རིག་གསལ་མི་འགྱུར། །ཡེ་ནས་ཡིན་པར་རང་རིག་གསལ་རྟོགས་ན། །རྒྱུ་ཡི་ཏིང་འཛིན་དེ་ཡང་མ་བསྒོམ་གསལ། །རང་རིག་རྩལ་གྱིས་ཡོངས་ལ་མ་བརྡལ་ན། །འཕྲལ་གྱི་འཕྲོ་འདུས་ཉོན་མོངས་དག་མི་འགྱུར། །སྐད་ཅིག་ཙམ་ལ་རང་བྱུང་ཉི་ཤར་ན། །ཡོངས་སུ་རྫོགས་པའི་ཏིང་འཛིན་མ་བསྒོམ་གསལ། །གཉིས་མེད་ཡུམ་ཆེན་བྷ་ག་མ་རྟོགས་ན། །འཕྲལ་དུ་ཡུམ་མཆོག་བསྐྱེད་པས་སྐུ་མི་རྫོགས། །ཤེས་རབ་ཕ་རོལ་ཕྱིན་པར་དབྱེར་མེད་པས། །སྙིང་རྗེ་ཡུམ་མཆོག་ཐབས་དང་ཤེས་རབ་རྫོགས། །སེམས་ཀྱི་དབང་ཕྱུག་འདོད་དགུར་མ་ཤེས་ན། །འཕྲལ་དུ་ཡེ་ཤེས་ལྔ་ཡི་དབང་མི་ཆགས། །ཀུན་གཞིའི་རྩ་བ་ཕྱོགས་བཅུར་དབང་བསྒྱུར་བས། །ཡེ་འབྱམས་ཆེན་པོའི་དབང་མཆོག་མ་བསྐུར་རྫོགས། །དགོངས་པའི་བྱིན་རླབས་ཐིག་ལེར་མ་བསླབ་ན། །འཕྲལ་གྱི་དགོངས་པས་སྐུ་གསུང་ཐུགས་མི་རློབས། །རང་བྱུང་བདེ་བའི་ཁམས་གསུམ་བྱིན་བརླབས་པས། །སྐུ་གསུམ་བྱིན་རླབས་ཆོ་འཕྲུལ་རང་བཞིན་ཚངས། །ཞེས་བརྗོད་དོ། །བཞི་པ་དམ་ཚིག་དང་ཡེ་ཤེས་ཀྱི་ཀུན་ཏུ་བཟང་པོ་ཡེ་ནས་གཡོ་བ་མེད་པ་ལ་ཕྱག་འཚལ་བ་ནི། པཉྩ་ཀྲ་མ་ལས། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞག་བཞིན། །རང་གིས་རང་གི་ཡེ་ཤེས་གང་། །ལེགས་མཐོང་གང་གིས་འདིར་ཕྱག་འཚལ། །ཞེས་པའི་དོན་དྲན་པར་བྱས་ལ། བྱ་རྩོལ་མེད་པའི་ཕྱག་འཚལ་བ་ནི། སྣང་མེད་སྟོང་མེད་ངོས་བཟུང་མེད་ལ་ཕྱག་འཚལ་ལོ། །དྲན་མེད་རིག་མེད་འགྱུར་བ་མེད་ལ་ཕྱག་འཚལ་ལོ། །བྱར་མེད་ཞེན་མེད་འཛིན་པ་མེད་ལ་ཕྱག་འཚལ་ལོ། །སྐྱེ་མེད་ལྷུན་གྲུབ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ཞེས་པས་ཕྱག་འཚལ་ལོ། །ལྔ་པ་དཀྱིལ་འཁོར་གྱི་ལྷ་དེ་རྣམས་ལ་མཆོད་པ་འབུལ་བའི་ཚུལ་ནི། ནམ་མཁའ་ཆེ་ལས། བླ་མ་མཆོད་དང་བསྟོད་པ་ལ། །དེ་བཞིན་བསོད་ནམས་ཐམས་ཅད་ལ། །མ་ཆགས་མི་གཡོའི་སྟོབས་མེད་ན། །བྱས་ན་འཆིང་བ་ཆེན་པོར་འགྱུར། །ཞེས་པས་མཆོད་མཁན་རྣམས་ཀྱི་དོན་ཡིད་ལ་བསམ་ཞིང་འདི་སྐད་བརྗོད་དོ། །ཡིད་ཀྱི་མཆོད་པས་སྟོང་གསུམ་མ་ཁྱབ་ན། །འཕྲལ་དུ་ཕུལ་བས་རྒྱལ་བ་མཉེས་མི་འགྱུར། །ཡོངས་སུ་ཁྱབ་པས་མཉེས་པ་རྒྱུན་མེད་ན། །མཆོད་པའི་ཆོ་འཕྲུལ་དོན་དུ་མ་བསྒོམ་ཚངས། །ཞེས་པའི་དོན་བླ་མས་བརྡ་བཀྲོལ་ཏེ། བྱ་རྩོལ་མེད་པའི་མཆོད་པ་འབུལ་བ་ནི། སྤྱིར་འདོད་ཡོན་ལྔའི་མཆོད་པ་དང་། ཁྱད་པར་ཕྱི་ནང་གསང་བའི་མཆོད་པ་གཉིས་ལས། འདོད་ཡོན་ལྔའི་མཆོད་པ་ནི། གཟུགས་སྣང་བ་དངོས་མེད་ཀྱིི་མཆོད་པ། སྒྲ་གྲགས་པ་གཟུགས་མེད་ཀྱི་མཆོད་པ། དྲི་ཚོར་བ་དམིགས་མེད་ཀྱི་མཆོད་པ། རེ་མྱོང་བ་ཚོར་མེད་ཀྱི་མཆོད་པ། རེག་དྲན་པ་འཛིན་མེད་ཀྱི་མཆོད་པ། ཆོས་སྐྱེ་མེད་བློ་འདས་ཀྱི་མཆོད་པའོ། །དེ་དག་ཀྱང་ཁྱད་པར་ཕྱི་ནང་གསང་གསུམ་དུ་བསྡུས་ནས་མཆོད་པ་ནི། ཕྱི་གཟུགས་སོགས་ཀྱི་སྣང་བ་དངོས་མེད་ཀྱིས་མཆོད། ནང་རྣམ་ཤེས་ཀྱི་རིག་པ་འགྱུར་མེད་ཀྱིས་མཆོད། གསང་བ་སྐྱེ་མེད་ཀྱི་དོན་བློ་འདས་ཀྱི་མཆོད་པས་མཆོད་དོ། །དྲུག་པ་བཟླས་པ་བྱ་བ་ནི། ནམ་མཁའ་ཆེ་ལས། མི་གསུང་མཉམ་བཞག་སྔགས་ཚིག་གོ། །ཞེས་པས་སྔགས་ཀྱི་བཟླ་ཚུལ་ནི། མཆོད་མཁན་རྣམས་ཀྱིས་དོན་ཡིད་ལ་བསམ་བཞིན་འདི་སྐད་དོ། །ཧཱུྃ། དགོངས་པ་ཡིད་ཀྱི་ཏིང་འཛིན་མི་གསལ་ན། །འཕྲལ་གྱི་འཕྲོ་འདུས་རིག་པའི་ལྷ་མི་གསལ། །ཆོས་ཉིད་རང་གསལ་རིག་པའི་གཏིང་གོ་ན། །ཏིང་ངེ་འཛིན་གྱི་ཆོ་འཕྲུལ་མ་བསྒོམ་གསལ། །དོན་གྱི་བསྙེན་པ་ཁོ་ནར་མ་ཤེས་ན། །འཕྲལ་དུ་མཚན་མར་བརྗོད་པས་འགྲུབ་པ་མེད། །ཡིད་ཀྱིས་བཟླས་བརྗོད་དུས་དང་རྒྱུན་ཆད་མེད། །རྣལ་འབྱོར་བསྙེན་པའི་ཆོ་ག་ཡང་དག་རྫོགས། །ཧཱུྃ། བདག་གི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ཆགས་མེད་མཆོད་པའི་སྤྲིན་དུ་རབ་སྤྲུལ་ནས། །ཆགས་པ་མེད་པའི་ཚུལ་དུ་འབུལ་ལགས་ན། །བཅོམ་ལྡན་སྤྱི་དཔལ་ཐུགས་རྗེས་བཞེས་སུ་གསོལ། །སངས་རྒྱས་ཁྱེད་ཀྱི་སྐུ་མཆོག་ཅི་འདྲ་བ། །ནམ་མཁའི་དབྱིངས་ལ་ཅིར་ཡང་སྣང་བའི་སྐུ། །དབྱིངས་དང་ཡེ་ཤེས་གཉིས་མེད་ཆོས་ཀྱི་སྐུ། །འདུས་བྱས་འདུས་མ་བྱས་པ་ཐབས་ཀྱི་སྐུ། །སྐུ་མཆོག་ཀུན་བཟང་སྐུ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཁྱེད་ཀྱི་གསུང་མཆོག་ཅི་འདྲ་བ། །སྒྲ་སྣང་བརྗོད་མེད་དོན་ལས་མ་གཡོས་ཀྱང་། །ཐུགས་རྗེས་འདུལ་ཕྱིར་གསུང་མཆོག་ཅིར་ཡང་སྒྲོག །བརྗོད་མེད་གསུང་མཆོག་ཤེས་རབ་ཕ་རོལ་ཕྱིན། །གསུང་མཆོག་ཀུན་བཟང་གསུང་ལ་ཕྱག་འཚལ་ལོ། །སངས་རྒྱས་ཁྱེད་ཀྱི་ཐུགས་ནི་ཅི་འདྲ་བ། །རྣམ་རྟོག་མི་མངའ་ཅི་ཡང་ས་ལེར་མཁྱེན། །ཡེ་ཤེས་མཁྱེན་ལྡན་ཐམས་ཅད་འདུས་མ་བྱས། །དྲན་བྱེད་རིག་པའི་རྒྱལ་པོ་ཡོངས་སུ་ཤར། །ཐུགས་མཆོག་ཀུན་བཟང་ཐུགས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཁྱེད་ཀྱི་ཡོན་ཏན་ཅི་འདྲ་བ། །ཆེ་བའི་ཡོན་ཏན་མེད་ལས་ཅིར་ཡང་སྣང་། །སྣང་ཙམ་ཉིད་ལས་ཐིག་ལེའི་ངང་དུ་འདུ། །ལྷུན་རྫོགས་མཐར་ཕྱིན་རྒྱལ་བའི་ཡོན་ཏན་སྐུ། །ཡོན་ཏན་ཀུན་བཟང་ལྷ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཁྱེད་ཀྱི་ཕྲིན་ལས་ཅི་འདྲ་བ། །ཐབས་ཀྱི་ཕྲིན་ལས་འགྲོ་བ་ཡོངས་ལ་ཁྱབ། །སྐྱེ་འགྲོ་མང་པོ་ཐར་པའི་ལམ་མཆོག་འགོད། །ཐབས་མཁས་མཐར་ཕྱིན་རྒྱལ་བའི་ཕྲིན་ལས་སྐུ། །ཕྲིན་ལས་ཀུན་ཏུ་བཟང་ལ་ཕྱག་འཚལ་བསྟོད། །ཅེས་བརྗོད་པས་བསྙེན་ཅིང་བསྟོད། བླ་མས་བརྡ་བཀྲོལ་ཏེ། བྱ་རྩོལ་མེད་པའི་བསྙེན་པ་ནི། ཕྱི་སྣང་སྲིད་གཞིར་བཞེངས་སུ་བཟླས། ནང་སྒོ་ལྔ་གསལ་ལ་རྟོག་མེད་དུ་བཟླས། གསང་བ་སྐྱེ་མེད་ལྷུན་གྲུབ་ཏུ་བཟླས་ཏེ་མཐར་ཐུག་གི་བཟླས་པའོ། །བདུན་པ་གཏོར་མ་བཏང་བ་ནི། ནམ་མཁའ་ཆེ་ལས། མི་གཟུང་གཏོང་བས་གཏོར་མ་ཡིན། །བྱ་བ་མེད་པའི་ལས་རྣམས་ཏེ། །ཞེས་པས། ཧཱུྃ། གཟུགས་སྣང་རབ་འབྲིང་ཐ་མ་ཐམས་ཅད་ཀུན། །སྐུ་མཆོག་མི་ཟད་རྒྱན་གྱི་འཁོར་ལོར་རྫོགས། །སྒྲ་གྲགས་རབ་འབྲིང་ཐ་མ་ཐམས་ཅད་ཀུན། །གསུང་མཆོག་མི་ཟད་རྒྱན་གྱི་འཁོར་ལོར་རྫོགས། །དྲན་རྟོག་རབ་འབྲིང་ཐ་མ་ཐམས་ཅད་ཀུན། །ཐུགས་མཆོག་མི་ཟད་རྒྱན་གྱི་འཁོར་ལོར་རྫོགས། །སེམས་ཉིད་མ་ཤེས་དོན་ཉིད་མ་ཤེས་ན། །ཇི་ལྟར་བརྟགས་པ་སྡུག་བསྔལ་ཉིད་དུ་འགྱུར། །ལྟ་བ་ཀུན་ཏུ་བཟང་ལ་མཐོལ་བཤགས་ནས། །རྣམ་རྟོག་གཏོར་མའི་མཆོད་པ་བཞེས་སུ་གསོལ། །སེམས་ཉིད་མ་ཡེངས་དོན་ཉིད་མ་ཤེས་ན། །ཇི་ལྟར་བསྒོམས་པས་སྡུག་བསྔལ་ཉིད་དུ་འགྱུར། །ཏིང་འཛིན་ཀུན་ཏུ་བཟང་ལ་མཐོལ་བཤགས་ནས། །རྣམ་རྟོག་གཏོར་མའི་མཆོད་པ་བཞེས་སུ་གསོལ། །རང་བྱུང་ལྷུན་གྱི་གྲུབ་པར་མ་ཤེས་ན། །ཇི་ལྟར་བཙལ་བས་སྡུག་བསྔལ་ཉིད་དུ་འགྱུར། །ཕྲིན་ལས་ཀུན་ཏུ་བཟང་ལ་མཐོལ་བཤགས་ནས། །སྲོག་དབུགས་གཏོར་མའི་མཆོད་པ་བཞེས་སུ་གསོལ། །ཕུང་པོ་རྒྱལ་བའི་སྐུ་རུ་མ་ཤེས་ན། །ཇི་ལྟར་བསྐྱེད་པས་སྡུག་བསྔལ་ཉིད་དུ་འགྱུར། །རང་བཞིན་ཀུན་ཏུ་བཟང་ལ་མཐོལ་བཤགས་ནས། །རང་བྱུང་གཏོར་མའི་མཆོད་པ་བཞེས་སུ་གསོལ། །གཟུངས་མ་ཤེས་རབ་ཉིད་དུ་མ་ཤེས་ན། །ཇི་ལྟར་སྤྱད་པས་སྡུག་བསྔལ་ཉིད་དུ་འགྱུར། །དམ་ཚིག་ཀུན་ཏུ་བཟང་ལ་མཐོལ་བཤགས་ནས། །ཐིག་ལེ་གཏོར་མའི་མཆོད་པ་བཞེས་སུ་གསོལ། །རང་བྱུང་གདོད་ནས་དག་པར་མ་ཤེས་ན། །ཇི་ལྟར་སྦྱངས་པས་སྡུག་བསྔལ་ཉིད་དུ་འགྱུར། །རྣམ་དག་ཀུན་ཏུ་བཟང་ལ་མཐོལ་བཤགས་ནས། །ཤ་ཁྲག་གཏོར་མའི་མཆོད་པ་བཞེས་སུ་གསོལ། །ལོངས་སྤྱོད་སྒྱུ་མ་ཡིན་པར་མ་ཤེས་ན། །ཇི་ལྟར་བསགས་པས་སྡུག་བསྔལ་ཉིད་དུ་འགྱུར། །སྤྱོད་པ་ཀུན་ཏུ་བཟང་ལ་མཐོལ་བཤགས་ནས། །ཡོ་བྱད་གཏོར་མའི་མཆོད་པ་བཞེས་སུ་གསོལ། །ཕྱི་ནང་སྣོད་བཅུད་གཏོར་མར་བསྡུས་ནས་ནི། །ཐུགས་རྗེ་ཆེན་པོའི་གཏོར་མར་རབ་སྤྲུལ་ཏེ། །ཡེ་ཤེས་རོལ་པའི་གཏོར་མར་འབུལ་ལགས་ཀྱིས། །ཆོས་ཉིད་དབྱིངས་ཀྱི་གཏོར་མར་བཞེས་སུ་གསོལ། །ༀ་ཤྲཱི་བྷ་དྲ་ཨཱཿ ཞེས་བརྗོད་ཅིང་། བྱ་རྩོལ་མེད་པའི་གཏོར་མ་ནི། བླ་མས་བརྡ་བཀྲོལ་ཏེ། སྣང་སྲིད་འཛིན་པ་མེད་པ་ཕྱིའི་གཏོར་མ། སྒོ་ལྔ་གསལ་ལ་རྟོག་པ་མེད་པ་ནང་གི་གཏོར་མ། སྐྱེ་མེད་མཐར་ཐུག་གི་དོན་གསང་བའི་གཏོར་མ། ཀུན་ཏུ་བཟང་པོ་བཅོ་བརྒྱད་ལ་གཉིས་སུ་མེད་པའི་ཚུལ་གྱིས་དབུལ་བར་བྱའོ། །བརྒྱད་པ་ཚོགས་ཀྱི་མཆོད་པ་ནི། ནམ་མཁའ་ཆེ་ལས། ཚོགས་ཀྱི་རྒྱན་རྣམས་བཀྲམ་པ་ཡང་། །རང་བཞིན་གནས་པས་འགྲིབ་པ་མེད། །ལྷུན་གྱིས་གནས་པས་མི་བསྔོ་སྟེ། །གདོད་ནས་དག་པས་བདུད་རྩི་ཡིན། །འདུ་བྱེད་བཅུ་གཉིས་ཁྱད་པར་དུ། །ལྷག་པའི་བསམ་པས་གཟུང་དུ་མེད། །ཅེས་པས་བྱ་རྩོལ་མེད་པའི་ཚོགས་ཀྱི་མཆོད་པ་བྱ་སྟེ། དེ་ཡང་ཐེག་པ་ཆེན་པོ་འོག་མ་པའི་ཞི་ཁྲོའི་ལྷ་ཚོགས་རབ་འབྱམས་ལ། རྫས་ཤ་ཟན་ཆང་ལ་སོགས་པ་བཟའ་དང་བཏུང་བའི་བྱེ་བྲག་མང་པོ་ཏིང་ངེ་འཛིན་གྱིས་འདོད་ཡོན་གྱི་ལྷ་མོར་བྱིན་གྱིས་བརླབས་ནས་ཕུལ་བ་ཡང་བཟང་མོད་ཀྱི། དེ་བས་ཀྱང་ཨ་ཏིའི་ཐེག་པ་འདིར་རང་བཞིན་གྱིས་ཀུན་ཏུ་བཟང་པོ་བཅོ་བརྒྱད་རྒྱུ་རྐྱེན་མེད་པར་རང་བྱུང་བྱེད་པ་མེད་པར་ལྷུན་གྱིས་གྲུབ་པ་སྟེ། རྣམ་པར་ཤེས་པ་ཚོགས་བརྒྱད་ཡུལ་དང་བཅས་པ་རང་བཞིན་གྱིས་སྣང་བར་དག་པ་དེ་ལ། མཆོད་རྫས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བླང་དོར་མེད་པའི་ཚུལ་གྱིས་སངས་རྒྱས་ངོས་བཟུང་མེད་པ་ལ། སྣང་སྲིད་ངོས་བཟུང་མེད་པ་སྟེ། བློ་ངོས་བཟུང་མེད་པར་ཕུལ་ནས་ཡིད་ངོས་བཟུང་མེད་པར་གནས་ན་ཚོགས་གཉིས་རང་རྫོགས་སུ་རྫོགས་སོ། །ནམ་མཁའི་མཐའ་ལྟར་ཀུན་ཏུ་ཐུག་པ་མེད། །ཆོས་སྐུ་འགྱུར་བ་མེད་པའི་ཀློང་ན་བཞུགས། །མ་བཅོས་ཐིག་ལེ་དུར་ཁྲོད་གཅིག་ཏུ་འཁྱིལ། །མི་སྐྱེ་མི་འགག་ཀློང་དུ་ཕྲིན་ལས་རྫོགས། །ཞེས་བརྗོད་དོ། །མདོར་ན་ཕྱི་བསྐྱེད་པའི་རིམ་པ་ཡི་དམ་གང་ཡིན་གྱི་ཕྲིན་ལས། ནང་རྫོགས་པའི་རིམ་པ་ཀུན་བཟང་དོན་གྱི་ཕྲིན་ལས། དོན་བསྐྱེད་རྫོགས་གཉིས་ཀྱི་ཐ་སྙད་ལས་འདས་པས་བྱ་རྩོལ་མེད་པའི་ཕྲིན་ལས་གསུམ་གཞུང་བསྲང་བ་ནི། རིག་པ་རྩལ་གྱི་དབང་བཅོ་བརྒྱད་པོ་ཐམས་ཅད་ལ་སྦྱར་རོ། །དགུ་པ་སྨོན་ལམ་གདབ་པ་ནི། འཆད་པར་འགྱུར་བའི་བུམ་ཆུས་དབང་བསྐུར་བའི་དུས་སུ་བརྗོད་པར་བྱའོ། །ལྔ་པ་བདག་བརྟག་པའི་མན་ངག་གི་རིམ་པ་རིག་པ་རྩལ་གྱི་དབང་བསྐུར་ཐབས་ནི། ཚོགས་ཀྱི་མཆོད་པའི་རྗེས་དེ་ཉིད་དུ་བླ་མ་དང་སློབ་མ་གཉིས་ཀའི་ལུས་གནད་རྣམ་སྣང་གི་ཆོས་བདུན་བཅས་ལ་རླུང་རོ་ལན་གསུམ་འབུད། རླུང་དལ་བར་བརྟེན། སེམས་གནད་འདི་ལྟར་བསྒོམ་པར་བྱ་སྟེ། དཔོན་སློབ་གཉིས་ཀའི་ཙིཏྟ་རིན་པོ་ཆེ་འབར་བའི་གཞལ་ཡས་སུ་པདྨ་འདབ་མ་བཅུ་དྲུག་པའི་ལྟེ་བ་ལ་ཨ་དཀར་པོ་ཞལ་སྤྲོད་དང་། འདབ་མ་བཅུ་དྲུག་ལ་ཨ་དཀར་པོ་བཅུ་དྲུག་བསྒོམ་པར་བྱའོ། །དེ་ནས་བླ་མའི་ཐུགས་ལ་གནས་པའི་པདྨའི་ལྟེ་བའི་ཨ་རྒྱབ་མ་འོད་དུ་ཞུ་ནས། འོད་དེ་སོག་མདའ་བཞིན་དུ་དཀར་ནར་གྱིས་སོང་། མཚོན་དཔེ་རྡུལ་ཚོན་གྱི་པདྨའི་ལྟེ་བའི་ཨ་རྒྱབ་མ་ལ་ཕོག་པས་དེ་ཡང་འོད་དུ་དཀར་མེར་གྱིས་ཞུ། དེ་ལས་ཀྱང་འོད་དཀར་ནར་གྱིས་འཕྲོས་ནས་སྟེང་གི་བུམ་པའི་ཨ་ལ་ཕོག་པས་དེ་ཡང་འོད་དུ་དཀར་མེར་གྱིས་ཞུ་ནས་འོད་དེ་སློབ་མའི་སྙིང་ག་པདྨའི་ལྟེ་བའི་ཨ་རྒྱབ་མ་ལ་ཕོག་པས་འཁོར་བའི་བག་ཆགས་དང་རྣམ་པར་རྟོག་པ་ཐམས་ཅད་སྦྱངས་ནས་སེམས་ཉིད་དག་པའི་ངོ་བོ་ཨ་དཀར་པོ་དེ་ལ་ཤེས་པ་མ་ཡེངས་པར་གཏད་ལ་བསྒོམ་དུ་གཞུག་ཅིང་། བླ་མས་རྡུལ་ཚོན་གྱི་པདྨའི་ལྟེ་བ་ལ་གནས་པའི་ཨ་རྒྱབ་མའི་སྟེང་གི་བུམ་པ་བླངས་ལ། དབྱངས་དང་བཅས་པའམ་མེད་ཀྱང་རུང་སྟེ། གོང་གི་ཕྲིན་ལས་ཀྱི་རྗེས་ཀྱི་སྨོན་ལམ་བཏབ་སྟེ། ཆོས་ཉིད་དངོས་པོ་མེད་པའི་ཡེ་སྟོང་འདི། །ལྟ་བ་འདི་དང་མི་འབྲལ་འགྲོགས་པར་ཤོག །ཆོས་ཉིད་ཉམས་མྱོང་མེད་པའི་བདེ་སྟོང་འདི། །སྒོམ་པ་འདི་དང་མི་འབྲལ་འགྲོགས་པར་ཤོག །སེམས་ཉིད་འཆོས་པ་མེད་པའི་རང་སྟོང་འདི། །སྤྱོད་པ་འདི་དང་མི་འབྲལ་འགྲོགས་པར་ཤོག །ཆོས་ཉིད་འགྱུར་བ་མེད་པའི་ཡེ་སྟོང་འདི། །འབྲས་བུ་འདི་དང་མི་འབྲལ་འགྲོགས་པར་ཤོག །ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་པར་གྱུར་ཅིག །སྨོན་ལམ་གྱི་མཐུ་བཙན་པར་གྱུར་ཅིག །དེ་ཁོ་ན་ཉིད་ཀྱི་དོན་ལ་གནས་པར་གྱུར་ཅིག །ཅེས་བརྗོད་ཅིང་བླ་མས་བུམ་པ་སློབ་མའི་མགོ་ལ་བཞག །སྤྱི་བོར་ཆུ་གཏིག་ཅིང་། བུམ་ཆུ་འཐུང་བ་དང་ཁྲུས་བྱེད་དུ་བཅུག་ལ། དབང་བརྟན་པར་སུ་པྲ་ཏིཥྛས་མེ་ཏོག་འཐོར། བྱ་ཞིང་། མཆོད་མཁན་རྣམས་ཀྱིས་སྤོས་དང་རོལ་མོ་སྦྱར་རོ། །རྗེས་ཀྱི་ཤེས་པ་ནི། སློབ་མ་རྣམས་རང་རང་གི་སྔར་བསྒོམས་པའི་ཨ་ལ་ཤེས་པ་གཏད་ལ། ཨ་དེ་ཡང་འོད་དཀར་པོ་གསལ་ལ་འཚེར་བའི་ངང་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། སྐྱེས་བུ་སྙིང་བཏོན་པ་ལྟ་བུ་ཞེས་པས། བདག་བརྟག་པའི་མན་ངག་གི་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས་སེམས་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བས་མཚོན་པའོ། །བདུན་པ་སྦུབས་མཆུའི་གདམས་ངག་གིས་ངོ་སྤྲད་པ་ནི། གནས་པ་མེད་པའི་ཚུལ་གྱིས་གནས་པའི་སློབ་མ་སོ་སོའི་རྣ་བར་རིན་པོ་ཆེའམ་ཤིང་ལ་སོགས་པའི་ཨུཾ་བྷི་བཙུགས་ལ། བླ་མས་གཞན་གྱིས་མ་ཐོས་པར། གསེར་གྱི་ཁྱུང་གཤོག་ཅེས་པའི་མན་ངག་ལས། གསལ་ལ་མི་གཡོ་ཐལ་བྱུང་བའོ། །ཞེས་ལན་གསུམ་བརྗོད་དོ། །བརྒྱད་པ་གདམས་ངག་གི་དགོངས་འགྲེལ་བཤད་པ་ནི། སྔར་སྦུབས་མཆུའི་མན་ངག་གི་དབང་དོན་ངོ་སྤྲད་པས་སློབ་མ་རྣམས་ལ་ཐུན་མོང་དུ་བཤད་པར་བྱ་སྟེ། དེས་དབང་ཀུན་ལ་འགྲེའོ། །དེ་ཡང་འདི་སྐད་བརྗོད་དེ། ཐམས་ཅད་མ་ཡེངས་པར་ཡིད་ལ་ཟུངས་ཤིག །རིག་པ་བྱང་ཆུབ་ཀྱི་སེམས་དེ་ཡང་དེ་ལ་བདག་ཅེས་བྱ་བ་ཡིིན་ལ། དེའི་མཚན་ཉིད་མ་བཅོས་པའི་དོན་ཁོང་དུ་ཆུད་པ་ལ་སེམས་ཀྱི་དེ་ཁོ་ན་ཉིད་རྟོགས་པ་ཞེས་བྱའོ། །ཆོས་དེ་ཉིད་ཆོས་ཐམས་ཅད་ཀྱི་བཅུད་དེ་དཔེར་ན་སྐྱེས་བུའི་སྙིང་ལྟ་བུའོ། །དེ་ལྟར་རྟོགས་པ་དེ་ཁོ་ན་ལས་དུས་གསུམ་དུ་མ་གཡོས་པར་གནས་པ་ལ་བདག་བརྟགས་པའི་མན་ངག་ཅེས་བྱ་སྟེ། གསལ་ལ་མི་གཡོ་བ་ཆེན་པོར་གནས་སོ། །ཐལ་བྱུང་བ་ཞེས་བྱ་བ་ནི། བྱིང་རྒོད་ཡན་པར་བཞག་པའོ། །ཅིའི་ཕྱིར་བཞག་ཅེ་ན་ཐམས་ཅད་ཆོས་ཉིད་ལས་མ་གཡོས་པའི་ཕྱིར་མཉམ་པའི་གཏན་ཚིག་གོ། །དེའི་ཕྱིར་རིག་པའི་ཡེ་ཤེས་ཆེན་པོ་ཉིད་དེ་ལྟར་ཤར་བས་རེ་དོགས་ཀ་ནས་དག་པའོ། །དེ་ཡང་དྲང་སྲོང་བྷ་ཤིས། སེམས་ནི་ཅི་ལ་ཡང་མི་རྟོག་པ། །མ་བཅོས་དེ་ཉིད་རྣལ་མར་ཞོག །ཅེས་པས་གསལ་ལོ། །དགུ་པ་རིག་འཛིན་དགོངས་ཉམས་ཀྱི་གླུས་བསྐུལ་བ་ནི། ཁྱུང་ཆེན་གྱི་དགོངས་པ་ཆོས་ཉིད་ཀློང་རྡོལ་གླུ་ཡི་བསམ་གཏན། ཙན་དན་གྱི་ནགས་ཚལ་དུ་ནམ་གྱི་གུང་ལ། རྒྱལ་པོ་ད་ཧེ་ན་ཏེ་ལོ་འདི་སྐད་ལོ། །ཧཱུྃ། འགྱུར་བ་མེད་པའི་ཆོས་ཉིད་ནི། །ཀུན་གཞི་མ་བཅོས་བྱང་ཆུབ་སེམས། །གཟུང་འཛིན་རྣམ་རྟོག་ཡུལ་ལས་འདས། །སྣང་བའི་གཟུགས་མེད་བྱང་ཆུབ་སེམས། །ཅི་ལ་མི་སྤྱོད་རྟོག་པས་མི་བཟུང་ཞིང་། །སེམས་ཉིད་རང་བཞིན་བསམ་མེད་མཁའ་འདྲ་བ། །མ་ཡེངས་མ་བསླད་བཅོས་པ་མེད་པར་བཞག །སྒོམ་དུ་མེད་པའི་ཆོས་དབྱིངས་ཆེན་པོ་ལ། །བསམ་དུ་མེད་པའི་རིག་པ་མ་ཡེངས་ཞོག །དེ་ལ་བསྒོམ་རྒྱུ་རྡུལ་ཙམ་མེད་པར་འཁུམས། །སྐྱེ་བ་བརྒྱུད་ནས་རྒྱལ་པོར་བདག་སྐྱེས་ཏེ། །དོ་ཧ་དེ་བླངས་ང་རྒྱལ་བཅག་པ་ལས། །སྔོན་ཆད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །སེམས་དང་ཆོས་སུ་འདྲེས་པའི་འཕྲོ་བླངས་ཞིང་། །སྒྱུ་མའི་ཕུང་པོ་ད་ལྟ་བསྙིལ་བའི་ཕྱིར། །ཀུན་བཟང་ཐུགས་ཀྱི་འོད་ཟེར་བདག་ལ་ཤར། །གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ།། ༈ །།རིག་པའི་ཁུ་བྱུག་དང་རྗེས་སུ་འབྲེལ་བ་དབང་གཉིས་པ་བསྐུར་བ་ལ་དགུ་ལས། དང་པོ་ཡེ་ཤེས་ངོས་བཟུང་བའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་རུས་སྦལ་མཁར་གཞོང་དུ་བཅུག་པ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདིང་ཅི་ཐོབ་ན། རིག་པ་རང་ཤར་བའི་སངས་རྒྱས་དང་སེམས་ཅན་གཅིག་ཏུ་རྟོགས་པའི་གདིང་འཁོར་ལོས་སྒྱུར་བའི་རྒྱལ་པོ་དམུས་ལོང་མིག་ཕྱེ་བ་ལྟ་བུ་ཐོབ་བོ། །གསུམ་པ་གདིང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། བཅོས་པ་མེད་པའི་སྤྱོད་པ་ཅི་ཡང་མི་བཙལ་བ་སྟེ། རྒྱལ་པོས་རྒྱལ་ས་བཟུང་བ་ལྟ་བུའོ། །བཞི་པ་གང་ཟག་གི་རྒྱུད་ལ་འཁྱེར་བའི་ཕྲིན་ལས་ནི། དབང་བཅོ་བརྒྱད་པོ་ཐམས་ཅད་མཐུན་ནོ། །ལྔ་པ་ཡེ་ཤེས་ལྔ་ངོས་བཟུང་བའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་རྣམ་སྣང་གི་ཆོས་བདུན་བཅས་ལ་རླུང་རོ་བུས་ལ་འཇམ་རླུང་བཟུང་། བླ་མ་དང་སློབ་མ་རྣམས་ཀྱི་ཙིཏྟ་རིན་པོ་ཆེའི་གཞལ་ཡས་ཁང་ན་གནས་པའི་པདྨའི་ལྟེ་བའི་ཨ་མདུན་མ་སྐྱ་མེར་གྱིས་འོད་དུ་ཞུ་ནས་འོད་དེ་སོག་མདའ་བཞིན་དུ་དཀར་ནར་གྱིས་རྡུལ་ཚོན་གྱི་པདྨའི་ལྟེ་བའི་ཨ་མདུན་མ་ལ་ཕོག་པས་དེའང་འོད་དུ་དཀར་མེར་གྱིས་ཞུ། དེ་ལ་ཡང་འོད་དཀར་ནར་གྱིས་འཕྲོས་ནས་སྟེང་གི་བུམ་པའི་ཨ་ལ་ཕོག་པས་དེ་ཡང་འོད་དུ་དཀར་མེར་གྱིས་ཞུ་ནས། དེ་ལས་ཀྱང་འོད་དཀར་ནར་གྱིས་འཕྲོས་ནས་སློབ་མའི་སྙིང་གི་པདྨའི་ལྟེ་བའི་ཨ་མདུན་མ་ལ་ཕོག་པས་ཨ་དེ་ཤིན་ཏུ་དཀར་བ་རང་བཞིན་གྱིས་འོད་གསལ་བར་གྱུར་ཅིང་། ལྟེ་བའི་ཨ་མདུན་རྒྱབ་གཉིས་གཅིག་གི་འོད་གཅིག་ལ་ཕོག་པས་འོད་ཤིན་ཏུ་གསལ་བར་གྱུར་ཏེ། སྙིང་གི་ནང་འོད་ཀྱིས་ཁེངས་ནས་བུམ་ནང་གི་མར་མེ་ལྟ་བུ་སྒོམ་དུ་གཞུག་ཅིང་། བླ་མས་པདྨའི་ལྟེ་བ་ལ་གནས་པའི་ཨ་མདུན་མའི་སྟེང་གི་བུམ་པ་བླངས་ལ་དབང་བསྐུར་ཞིང་བཀྲ་ཤིས་བརྗོད་པ་དང་། ཁྲུས་ལ་སོགས་པ་དབང་སྔ་མ་བཞིན་བྱའོ། །རྗེས་ཀྱི་ཤེས་པ་ནི། སློབ་མ་རྣམས་ཀྱིས་རང་རང་གི་སྔར་བསྒོམས་པ་བཞིན་སྙིང་འོད་ཀྱིས་གསལ་བར་གང་བ་ལ་ཤེས་པ་གཏད་པས་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི་རུས་སྦལ་མཁར་གཞོང་དུ་བཅུག་པ་ལྟ་བུ་ཞེས་པས་ཡེ་ཤེས་ངོས་བཟུང་བའི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས་སེམས་ཟིན་པའི་རྟགས་སུ་ལུས་གཡོ་བ་དང་བྲལ་བ་མཚོན་པའོ། །བདུན་པ་སྦུབས་མཆུའི་ངོ་སྤྲད་པ་ནི། སློབ་མའི་རྣ་བར་སྦུབས་མཆུ་བཙུགས་ལ་འདི་སྐད་བརྗོད་དོ། །བུམ་པ་ཁུང་གཏོར་ཞེས་བྱ་བའི་མན་ངག་ལས། ཡེ་ཤེས་མ་བཙལ་ཡན་པར་ཞོག །ཅེས་ཚིག་ཕྱི་མ་གཅིག་པུ་ལན་གསུམ་བརྗོད་དོ། །བརྒྱད་པ་གདམས་ངག་གི་དགོངས་འགྲེལ་ནི། ཆོས་ཐམས་ཅད་ཡེ་ཤེས་སུ་གསལ་བས་ཐམས་ཅད་ཡེ་ཤེས་སུ་ངོས་ཟིན་པར་བྱས་ལ། དེ་ལ་མ་བཙལ་བར་ཉམས་གསུམ་གྱིས་གནས་པར་བྱའོ། །དེ་ཉིད་ཁོ་ན་རུས་སྦལ་མཁར་གཞོང་དུ་བཞག་པ་མི་གཡོ་བར་གནས་པ་དང་འདྲའོ། །ཡན་པར་བཞག་ཅེས་བྱ་བ་ནི་བྱིང་རྒོད་མི་བཅོས་པར་བཞག་པར་བྱའོ། །འོ་ན་གོལ་བ་དང་ཁྱད་ཅི་ཡོད་ཅེ་ན་དེ་ནི་འདི་ལྟར་མ་རྟོག་པས་གོལ་བ་ཡིན་ལ་རྣལ་འབྱོར་པ་བྱིང་རྒོད་ཡོད་མེད་མཉམ་པར་རྟོགས་པའོ། །དེའི་ཕྱིར་ཆོས་ཐམས་ཅད་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཤར་བའོ། །དེ་ཡང་ཤྲཱི་སེང་ཧས། ཡེ་ཤེས་སྣ་ཚོགས་རང་གསལ་བར། །མི་གཡོ་དེ་བཞིན་ཉིད་དུ་ཞོག །ཅེས་པས་གསལ་ལོ། །དགུ་པ་རིག་འཛིན་དགོངས་པ་ཉམས་ཀྱི་གླུས་བསྐུལ་བ་ནི། རིག་པ་ཁུ་བྱུག་གི་དགོངས་པ་རིག་པ་ཀློང་རྡོལ་གླུའི་བསམ་གཏན། ཙནྡན་གོར་ཤི་ཤའི་ཚལ་དུ་ནམ་གྱི་ཆ་སྟོད་ལ་སྲས་ཐུ་བོ་རཱ་ཛ་ཧ་སྟི་འདི་སྐད་ལོ། ཧཱུྃ། ཀུན་གཞི་ཡེ་ནས་མ་བཅོས་དེ་བཞིན་ཆོས་ཀྱི་དབྱིངས། །རང་བྱུང་ཡེ་ཤེས་མཁའ་འདྲ་མཉམ་པ་ཆེན་པོའི་ངང་། །ཚིག་དང་ཡི་གེའི་སྒྲ་ལས་འདས་པའི་ཀུན་ཏུ་བཟང་། །སེམས་དང་ཆོས་ཉིད་མཉམ་ཞིང་དབྱེར་མེད་ན། །ལུས་ངག་ཡིད་གསུམ་མཚན་མ་ཅིས་བསླད་ཀྱང་། །ཆོས་ཉིད་བྱང་ཆུབ་སེམས་ལ་འགྱུར་མེད་དེ། །རྣམ་རྟོག་སྐྱོན་སྤངས་ཀུན་གཞི་བྱང་ཆུབ་སེམས། །མ་བཅོས་ངང་དུ་བཞག་པ་ལས། །སྒོམ་པ་གུད་ན་མེད་པར་འཁུམས། །སྒྱུ་མའི་ཕུང་པོ་ད་ལྟ་བསྙིལ་བའི་ཕྱིར། །ཀུན་བཟང་ཐུགས་ཀྱི་འོད་ཟེར་ང་ལ་ཤར། །གྷི་ཏི་མ་ཀོ་ལ་ས་མ་ཨ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ།། ༈ །།ནམ་མཁའ་ཆེ་དང་རྗེས་སུ་འབྲེལ་བ་དབང་གསུམ་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། རིག་པ་སྤྱི་བླུགས་ཀྱི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ། མེ་ལོང་གི་ངོས་ལ་ཉི་མ་ཤར་བ་ལྟ་བུའོ། །གཉིས་པ་དེ་བསྐུར་བས་གདིང་ཅི་ཐོབ་ན། དུས་གསུམ་གཅིག་ཏུ་རྟོགས་པས་རང་སོ་ལ་མི་རྩོལ་བའི་གདིང་སྐྱེས་བུ་མདུན་དུ་ལྟ་བ་ལྟ་བུ་ཐོབ་བོ། །གསུམ་པ་གདིང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། རེ་དོགས་དང་བྲལ་བས་གང་ལའང་འཇིགས་པ་མེད་པ་སྨྱོན་པ་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་རིག་པ་སྤྱི་བླུགས་ཀྱི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་རྣམ་སྣང་གི་ཆོས་བདུན་བཅའ། རླུང་གནད་རླུང་རོ་བུས་ནས་དྲག་རླུང་བཟུང་། ཁུག་པ་བདུན་ལ་ཐུན་གཅིག་ཏུ་བྱ་ཞིང་། དེ་དང་བསྟུན་ལ། སེམས་གནད་ཙིཏྟ་རིན་པོ་ཆེའི་གཞལ་ཡས་སུ་པདྨ་ཨ་བཅོ་བརྒྱད་དང་བཅས་པ་གསལ་བཏབ། བླ་མའི་ཙིཏྟའི་པད་འདབ་མདུན་མའི་ཨ་འོད་དུ་ཞུ་བའི་འོད། དཀྱིལ་འཁོར་གྱི་པད་འདབ་མདུན་མའི་ཨ་ལ་ཕོག །དེ་ཡང་འོད་དུ་ཞུ་བའི་འོད་སྟེང་གི་བུམ་པའི་ཨ་ལ་ཕོག །བུམ་པའི་ཨ་འོད་དུ་ཞུ་བའི་འོད་དཀར་ནར་གྱིས་བྱུང་ནས་སློབ་མའི་སྙིང་གི་པདྨ་མདུན་མའི་ཨ་ལ་ཕོག་པས་ཨ་འོད་དུ་ཞུ་བའི་འོད་ཀྱིས་སྙིང་འོད་ཀྱིས་གང་བ་ལས་མི་ཚད་པར་ལུས་ཀྱི་ནང་ཐམས་ཅད་ནམ་ལངས་པ་བཞིན་དུ་སྐྱ་ཝལ་གྱིས་གང་བ་ལ་སེམས་གཏད་ལ་བསྒོམ་དུ་བཅུག་ཅིང་། བླ་མས་བུམ་པའི་དབང་གིས་བརྟན་པར་བྱ་ཞིང་སྨོན་ལམ་བཏབ་པ་ལ་སོགས་པ་འགྲེ། རྗེས་ཤེས་ལུས་འོད་ཀྱིས་གང་བ་ལ་ཤེས་པ་གཏད་ལ། གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི་མེ་ལོང་གི་ངོས་ལ་ཉི་མ་ཤར་བ་ལྟ་བུའོ། །ཞེས་པས། མེ་ལོང་ལ་ཧས་བཏབ་པས་བ་མོ་རང་སངས་པ་བཞིན། རིག་པ་སྤྱི་བླུགས་ཀྱི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས་གསལ་ལ་རྟོག་མེད་ཀྱི་ཤེས་པ་དེ་སྒྲིབ་གཡོགས་དང་བྲལ་བར་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། ཉི་མ་ཤར་བ་ལྟ་བུའི་མན་ངག་ལས། རིག་པ་གཅིག་ཆར་ལྷུག་པར་བཞག །ཅེས་པའི་ཚིག་ཕྱི་མ་ལན་གསུམ་བསྐྱར་བ་འཆད་པར་འགྱུར་པའི་དབང་ཀུན་ལ་འགྲེའོ། །བརྒྱད་པ་གདམས་ངག་གི་དགོངས་འགྲེལ་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རང་རིག་པ་ཐམས་ཅད་དུ་རང་ཤར་ཞེས་བྱ་སྟེ་གསལ་ལ་མ་བཅོས་པར་འཛིན་རྟོག་གང་ཡང་མེད་པར་གསལ་བ་སྟེ་དཔེར་ན་མེ་ལོང་ལ་ཉི་མ་ཤར་བས་གསལ་ལ་རྟོག་པ་མེད་པ་ལྟ་བུའོ། །ལྷུག་པར་བཞག་ཅེས་པ་ནི། དབང་པོ་ལྔ་ཡུལ་ལ་ཡན་པའོ། །འོ་ན་སོ་སོའི་སྐྱེ་བོ་དང་ཁྱད་པར་ཅི་ཡོད་ཅེ་ན། དེ་ནི་དེ་ལྟར་མ་རྟོགས་པའི་ཕྱིར། ཡེ་ཤེས་ལ་ཡེ་ཤེས་རོལ་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་རིག་པ་གསལ་ལ་རྟོག་པ་མེད་པའི་ཕྱིར་རོ། །དེ་ཡང་འཕགས་པ་ལྷས། རིག་པ་དེ་ཉིད་དངོས་ཞེན་མེད། །དེས་ན་རྟོག་མེད་གསལ་བར་བཞག །ཅེས་པས་གསལ་ལོ། །དགུ་པ་གླུས་བསྐུལ་བ་ནི། ནམ་མཁའ་ཆེའི་དགོངས་པ་ཡེ་ཤེས་ཀློང་རྡོལ་གླུ་ཡི་བསམ་གཏན། མེ་ཏོག་ཨུ་དུམ་ཝ་རའི་ཚལ་དུ་ནམ་གྱི་ཆ་སྨད་ལ་སྲས་མོ་སཱ་རཱ་ནིས་འདི་སྐད་ལོ། ཧཱུྃ། ཀུན་གཞི་མ་བཅོས་ཡེ་ནས་ཆོས་ཀྱི་དབྱིངས། །རྒྱུ་དང་རྐྱེན་གྱིས་མ་སྐྱེས་འཇིག་འབྲལ་མེད། །རང་བྱུང་ལྷུན་གྱིས་གྲུབ་པའི་བཅོམ་ལྡན་འདས། །གཟུང་འཛིན་ཡུལ་ལས་འདས་པ་རྡོ་རྗེ་སེམས་དཔའི་ཐུགས། །བདག་གི་དགོངས་པ་འདི་ལས་མེད་པར་འཁུམས། །སྒྱུ་མའི་ཕུང་པོ་ད་ལྟ་བསྙིལ་བའི་ཕྱིར། །ཀུན་བཟང་ཐུགས་ཀྱི་གཏེར་ཆེན་བདག་ལ་བབས། །གྷི་ཏ་མ་ཀོ་ལ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ།། ༈ །།ཐིག་ལེ་དྲུག་པ་དང་རྗེས་སུ་འབྲེལ་བ་དབང་བཞི་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། སྤྲུལ་སྐུ་ཐུག་ཕྲད་ཀྱི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་རལ་གྲི་ཁ་མང་གི་སོ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདིང་ཅི་ཐོབ་ན། སྒོ་གསུམ་སྙིང་པོ་གསལ་བའི་དགེ་སྡིག་སྤོང་ལེན་མེད་པའི་གདིང་ཐོབ་པ་ནི་ཁྱི་ཕག་ལམ་དུ་ཞུགས་པ་ལྟ་བུ་ཐོབ་བོ། །གསུམ་པ་གདིང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། ཐོགས་མ་མེད་པས་སྤྱོད་པ་ཕྱོགས་དང་བྲལ་བ་སྟེ། དཔའ་བོ་གླང་པོ་ཆེ་ཞོན་པ་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་སྤྲུལ་སྐུ་ཐུག་ཕྲད་ཀྱི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་རྣམ་སྣང་གི་ཆོས་བདུན་བཅའ། རླུང་གནད་རླུང་རོ་ལན་གསུམ་བུས་ལ་དྲག་རླུང་བུམ་པ་ཅན་སྔར་བཞིན་བཟུང་ཞིང་ཐུན་ངོ་བོ་གྲངས་ཁམས་ཚོད་དང་སྦྱར་ལ་སྤེལ། སེམས་གནད་ཙིཏྟ་རིན་པོ་ཆེའི་གཞལ་ཡས་སུ་པདྨ་ཨ་བཅོ་བརྒྱད་དང་བཅས་པ་གསལ་བཏབ། བླ་མ་ཙིཏྟའི་པདྨ་མདུན་མའི་ཨ་ནས་ཆོས་བསྐོར་གྱི་པད་འདབ་གཉིས་པའི་ཨ་འོད་དུ་ཞུ་བའི་འོད་དཀྱིལ་འཁོར་གྱི་པད་འདབ་ནུབ་མ་ནས་ཆོས་བསྐོར་དུ་པད་འདབ་གཉིས་པའི་ཨ་ལ་ཕོག །དེ་ཡང་འོད་དུ་ཞུ་བས་སྟེང་གི་བུམ་པའི་ཨ་ལ་ཕོག །བུམ་པའི་ཨ་འོད་དུ་ཞུ་བའི་འོད་དཀར་ནར་གྱིས་བྱུང་ནས་སློབ་མའི་སྙིང་གི་པདྨ་མདུན་མའི་ཨ་ནས་ཆོས་བསྐོར་དུ་པད་འདབ་གཉིས་པའི་ཨ་ལ་ཕོག་པས། ཨ་འོད་དུ་ཞུ་བའི་འོད་ཀྱིས་ལུས་ནང་གི་འོད་སྔར་བས་ཀྱང་གསལ་དུ་སོང་བའི་ཉི་མ་ཤར་བ་ལྟ་བུ་ལ་སེམས་གཏད་པ་བསྒོམ་དུ་གཞུག་ཅིང་། བླ་མས་བུམ་པའི་དབང་གིས་བརྟན་པར་བྱ་ཞིང་སྨོན་ལམ་གདབ་པ་སོགས་འགྲེ། རྗེས་ཤེས་ལུས་འོད་ཀྱིས་གང་བ་སྔར་བས་ཀྱང་གསལ་བ་ལ་ཤེས་པ་གཏད་ལ་སེམས་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། རལ་གྲི་ཁ་མང་གི་སོ་ལྟ་བུ་ཞེས་པ། རལ་གྲི་ཁ་མང་སྟེང་འོག་མདུན་རྒྱབ་གང་དུ་བརྒྱབ་ཀྱང་ཆོད་པ་བཞིན་སྤྲུལ་སྐུ་ཐུག་ཕྲད་ཀྱི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས། སེམས་ལས་སུ་རུང་བས་ཇི་ལྟར་སྤྱད་ཀྱང་གྲོལ་བར་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། དབུལ་མོ་གཏེར་འཆང་ཞེས་བྱ་བའི་མན་ངག་ལས། ཐམས་ཅད་སྤྲུལ་པའི་སྐུ་སྟེ་བཏང་སྙོམས་ངང་། །ཞེས་སོ། །བརྒྱད་པ་གདམས་ངག་གི་དགོངས་འགྲེལ་བཤད་པ་ནི། ཆོས་ཐམས་ཅད་སྤྲུལ་པའི་སྐུར་སངས་མ་རྒྱས་པ་གཅིག་ཀྱང་མེད་པས་སངས་རྒྱས་ནང་འབྱམས་ཞེས་བྱ་སྟེ། སྤུ་མ་བརྗེས་མདོག་མ་བསྒྱུར་བར་མ་བཅོས་པའོ། །དེའི་ཕྱིར་རྣམ་རྟོག་ཐམས་ཅད་མ་སྤངས་པར་ཞི་བར་བྱེད་པས་རལ་གྲི་ཁ་མང་དང་འདྲའོ། །བཏང་སྙོམས་ངང་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཐམས་ཅད་བཏང་སྙོམས་དགག་སྒྲུབ་དང་བྲལ་བའོ། །དེས་ན་བཏང་སྙོམས་ཆེན་པོའི་ངང་ཞེས་བྱ་སྟེ། དེ་ནི་བཙལ་བ་མེད་པར་སངས་རྒྱས་པའོ། །དེ་ཡང་མ་ཁོལ་ལུང་བསྟན་པ་ལས། ཆོས་རྣམས་ཡེ་ནས་སངས་རྒྱས་པས། །གཞན་ལ་རེ་བཙལ་གཉིས་དང་བྲལ། །ཞེས་པས་གསལ་ལོ། །དགུ་པ་གླུས་བསྐུལ་བ་ནི། ཐིག་ལེ་དྲུག་པའི་དགོངས་པ་བདེ་བ་ཀློང་རྡོལ་གྱི་གླུའི་བསམ་གཏན། སྐྱ་རེངས་དང་པོ་ཤར་ཙམ་ན། རྒྱ་མཚོའི་གཏིང་དུ་ཀླུ་རྒྱལ་འཇོག་པོ་འདི་སྐད་ལོ། །ཧཱུྃ། མཐའ་དང་དབུས་མེད་ནམ་མཁའ་ལྟ་བུ་ལ། །སྨྲ་བསམ་ཡུལ་ལས་འདས་པ་ཆོས་ཀྱི་སྐུ། །སྲིད་གསུམ་སྐྱེ་འགྲོ་རྣམ་པར་དག་བྱ་ན། །མ་བཅོས་རྣམ་པར་དག་པའི་ཀུན་གཞི་བྱང་ཆུབ་སེམས། །མ་བཙལ་མཉམ་པར་བཞག་ན་སྒོམ་པའི་མཆོག །རིག་པ་ཆོས་ཀྱི་དབྱིངས་སུ་མ་བཅོས་ལ། །རྣམ་པར་གྲོལ་བའི་ལམ་མཆོག་གཞན་མེད་དེ། །དུས་གསུམ་བདེ་བར་གཤེགས་པའི་དགོངས་པ་ཉིད། །དཔག་ཅིང་གཞལ་ཡང་འདི་ལས་མེད་པར་མཇལ། །བདག་གི་ཕུང་པོ་གདོས་བཅས་འདི་བསྙིལ་ནས། །ཀུན་བཟང་དབྱེ་བ་མེད་པའི་ས་ལ་མཆིས། །གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ།། ༈ །།རྩལ་ཆེན་དང་རྗེས་སུ་འབྲེལ་བ་དབང་ལྔ་པ་བསྐུར་བ་ལ་དགུ་ལས། དང་པོ་ལ་དབང་ནི། ཚོགས་བརྒྱད་ལྷུག་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བས་སྐྱེས་བུ་ནད་ཀྱིས་གདུང་བ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདིང་ཅི་ཐོབ་ན། འཁོར་འདས་སྙིང་པོ་ཐིག་ལེར་རྟོགས་པས་མཐོ་དམན་དང་རེ་དོགས་མེད་པའི་གདིང་གསེར་གྱི་རྣམ་པ་ལྟ་བུ་ཐོབ་བོ། །གསུམ་པ་གདིང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། ལྷུག་པ་ཆེན་པོའི་སྤྱོད་པ་རང་དགར་གནས་པ་སྟེ། མགྲོན་པོ་རང་ཡུལ་དུ་སླེབ་པ་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་ཚོགས་བརྒྱད་ལྷུག་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། དྲག་རླུང་བཟུང་། ཙིཏྟའི་དཀྱིལ་འཁོར་སྔར་བཞིན་གསལ་བཏབ། བླ་མའི་པད་འདབ་གསུམ་པའི་ཨ་འོད་དུ་ཞུ། རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་ཨ་གསུམ་པ་ལ་ཕོག །དེ་འོད་དུ་ཞུ་སྟེ་སྟེང་གི་བུམ་པའི་ཨ་ལ་ཕོག །དེ་ཡང་འོད་དུ་ཞུ་བའི་འོད་སྐྱ་ནར་གྱིས་བྱུང་ནས་སློབ་མའི་སྙིང་གི་པད་འདབ་གསུམ་པའི་ཨ་ལ་ཕོག་པས་ལུས་ཀྱི་ནང་གི་འོད་སྔར་བས་གསལ་དུ་སོང་བར་བསམ་ལ་སེམས་གཏད་ལ་སྒོམ་དུ་གཞུག་ཅིང་། བླ་མས་བུམ་པའི་དབང་གིས་བརྟན་པར་བྱ་བ་སྨོན་ལམ་དང་བཅས་པ་འགྲེ། རྗེས་ཤེས་ལུས་འོད་ཀྱིས་གང་བ་སྔར་བས་ཀྱང་གསལ་བ་ལ་ཤེས་པ་གཏད་ལ་སེམས་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། སྐྱེས་བུ་ནད་ཀྱིས་གདུང་བ་ལྟ་བུའོ། །ཞེས་པས། སྐྱེས་བུ་ནད་ཀྱིས་གདུང་བ་ལུས་ཀྱི་ཟུང་ཤོར་བས་ཁྲེལ་འཛེམ་དང་བྲལ་བ་བཞིན། ཚོགས་བརྒྱད་ལྷུག་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས་སྒོ་གསུམ་རྩོལ་བ་དང་བྲལ་ནས་ལྷུག་པར་གནས་པར་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། མེ་ལོང་ལྟ་བུ་ཞེས་བྱ་བའི་མན་ངག་ལས། སྤྲོས་མེད་བྱང་ཆུབ་ཡན་པར་གནས། །ཞེས་སོ། །བརྒྱད་པ་གདམས་ངག་གི་དགོངས་འགྲེལ་བཤད་པ་ནི། ཆོས་ཐམས་ཅད་བྱེད་པ་པོ་དང་བྲལ་བའི་ཕྱིར་ཡན་པ་ལྷུག་པར་མ་བཅོས་པར་གནས་པར་བྱ་སྟེ་མ་བཙལ་མ་སྒྲུབ་པས་ཆོས་མ་བསླད་མ་བཅོས་པ་ལ་བློས་རིག་པ་ལྷུག་པར་རྒྱ་ཡན་དུ་བཏང་བཟུང་མེད་པར་གནས་པར་བྱའོ། །དེ་ཡང་སྐྱེས་བུ་ནད་ཀྱིས་གདུང་བས་ངོ་ཚ་དང་བྲལ་བ་བཞིན་དུ་གནས་སོ། །ཡན་པར་གན ས་ཞེས་བྱ་བ་ནི། བྱིང་རྒོད་ཡན་པ་སྟེ་དགག་སྒྲུབ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན་ཆོས་ཉིད་ལ་བཟང་ངན་མེད་པའི་ཕྱིར་རོ། །དེའི་ཕྱིར་ཐམས་ཅད་ཡན་པ་ལྷུག་པ་མ་བཀག་པར་གནས་པར་བྱའོ། །དེ་ཡང་ཨརྱ་དེ་ཝས། བཟང་ངན་བླང་དོར་མེད་པའི་ཡེ་ཤེས་ཟང་ཐལ་ཏེ། །ཡེ་ཤེས་ཉིད་ལ་ཉིད་སྤྱོད་གསེར་གླིང་འདྲ། །ཞེས་པས་གསལ་ལོ། །དགུ་པ་གླུ་ནི། རྩལ་ཆེན་གྱི་དགོངས་པ་བྱང་སེམས་ཀློང་རྡོལ་གླུའི་བསམ་གཏན། སྐྱ་རེངས་གཉིས་པ་ཤར་ཙ་ན། རྒྱ་མཚོའི་གླིང་དུ་ཁྱིའི་རྒྱལ་པོ་ཀུ་ཀུ་རཱ་ཛ་འདི་སྐད་ལོ། །ཧཱུྃ། ཡེ་ནས་ལྷུན་གྲུབ་ཀུན་ཏུ་བཟང་པོའི་ངང་། །གསལ་ལ་མི་རྟོག་སྤྲོས་བྲལ་བྱང་ཆུབ་སེམས། །མི་འགྱུར་མི་དམིགས་ཆོས་ཀྱི་དབྱིངས་ཉིད་ལས། །རིག་པ་མི་འགྱུར་མི་བསླད་མཉམ་བཞག་ན། །ཅི་ལ་ཡང་མི་རྟོག་གང་ལའང་མི་བསམ་སྟེ། །མཆ ོག་ཏུ་གསང་བའི་རྨད་བྱུང་སེམས་ཉིད་འདི། །རྣ་བས་ཉན་པ་ལ་སོགས་སྤྱོད་ཡུལ་ཡོད་མ་ཡིན། །ཀུན་གཞི་མི་འགྱུར་དབྱིངས་ཆེན་ལ། །རིག་པ་མ་འགྱུར་མ་ཡེངས་བཞག །སྒོམ་པ་འདི་ལས་མེད་པར་འཁུམས། །ཁམས་གསུམ་རང་སར་གྲོལ་བས་བཙལ་ཞིང་སྒྲུབ་མི་དགོས། །རེ་ཞིང་དོགས་པ་མེད་པའི་བདག་ཉིད་སངས་རྒྱས་ཡིན། །གྷི་ཏ་མ་ཀོ་ལ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ།། ༈ །།སེམས་སྒོམ་དང་རྗེས་སུ་འབྲེལ་བ་དབང་དྲུག་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། ཆོས་ཉིད་ཀློང་རྡོལ་གྱི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་ཆུ་བོ་ཆེན་པོའི་འགོ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདིང་ཅི་ཐོབ་ན། འཁོར་བ་བདེ་ཆེན་དུ་རྟོགས་པས་གཙང་རྨེ་དང་བླང་དོར་རེ་དོགས་མེད་པའི་གདིང་ནི། སྔགས་པ་དུག་ཟ་བ་ལྟ་བུའོ། །གསུམ་པ་གདིང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། བདེ་ཆེན་འགྱུར་མེད་ཀྱི་སྤྱོད་པ་གཅིག་ཏུ་མི་གནས་པ་སྟེ། ངོ་མཚར་དུ་མ་སྟོན་པའི་མི་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་ཚོགས་བརྒྱད་ལྷུག་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། དྲག་རླུང་བཟུང་། ཙིཏྟའི་དཀྱིལ་འཁོར་གསལ་བཏབ། བླ་མའི་ཙིཏྟ་པད་འདབ་བཞི་པའི་ཨ་འོད་དུ་ཞུ། འོད་དེ་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་ཨ་བཞི་པ་ལ་ཕོག་པས་དེ་འོད་དུ་ཞུ། འོད་དེ་སྟེང་གི་བུམ་པའི་ཨ་ལ་ཕོག །འོད་དེ་དཀར་ནར་གྱིས་བྱུང་ནས་སློབ་མ་རང་རང་གི་པད་འདབ་བཞི་པ་ལ་གནས་པའི་ཨ་ལ་ཕོག་པས་ལུས་ཀྱི་ནང་གི་འོད་སྔར་བས་ཀྱང་ཆེས་གསལ་དུ་སོང་བ་ལ་སེམས་གཏད་ལ་སྒོམ་དུ་གཞུག་ཅིང་། བླ་མས་བུམ་དབང་སྨོན་ལམ་དང་བཅས་དབང་བརྟན་པར་བྱེད་པ་འགྲེ། རྗེས་ཤེས་ལུས་འོད་ཀྱིས་གང་བས་སྔར་བས་ཀྱང་ཆེས་གསལ་དུ་སོང་བ་ལ་ཤེས་པ་གཏད་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། ཆུ་བོ་ཆེན་པོའི་འགོ་ལྟ་བུའོ། །ཞེས་པའི་ཆུ་བོ་ཆ ེན་པོའི་འགོ་རང་རྡོལ་དུ་བྱུང་བ་བཞིན། མ་བྱས་པའི་ཆོས་ཉིད་རྐྱེན་གྱིས་མ་སྐྱེས་པ་རང་བྱུང་བ་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། ཐིག་ལེ་ཆེན་པོ་ཞེས་བྱ་བའི་མན་ངག་ལས། ཆོས་ཉིད་བདེ་ཆེན་ངང་དུ་གསལ། །ཞེས་སོ། །བརྒྱད་པ་གདམས་ངག་གི་དགོངས་འགྲེལ་བཤད་པ་ནི། ཆོས་ཐམས་ཅད་ཆོས་ཉིད་དུ་གསལ་བས། འགྲེ་ལོག་སྤྱི་ཚུགས་གར་སྐྱེས་ཀྱང་ཆོས་ཉིད་ལས་མ་གཡོས་པར་བདག་གཞན་ནམ་སྣང་སྲིད་ཐམས་ཅད་ཆོས་ཉིད་དུ་གསལ་བ་བཞིན་དུ་སེམས་ཉིད་དུ་ཤར་བས་ཀློང་རྡོལ་ཞེས་བྱ་སྟེ། དཔེར་ན་ཆུ་བོའི་འགོ་ནས་ཆུ་རང་རྡོལ་དུ་བྱུང་བ་བཞིན་ནོ། །ངང་དུ་གསལ་ཞེས་བྱ་བ་ནི་བྱིང་རྒོད་ཆོས་ཉིད་དུ་རྟོགས་པས་མཉམ་པའི་ངང་ངོ་། །དེའི་ཕྱིར་ཐམས་ཅད་ཆོས་ཉིད་དུ་གསལ་བ་དེ་ལ་དུས་གསུམ་དུ་གནས་པར་བྱའོ། །དེ་ཡང་ཤེལ་ཕྲེང་དཀར་པོ་ཞེས་བྱ་བའི་མན་ངག་ལས། སྣང་སྲིད་ཐམས་ཅད་ཆོས་ཉིད་ཡེ་ནས་ཡིན། །དེས་ན་ཆོས་ཉིད་དེ་ཉིད་དེ་ལ་སྤྱོད། །ཅེས་པས་གསལ་ལོ། །དགུ་པ་གླུས་བསྐུལ་བ་ནི། སེམས་སྒོམ་གྱི་དགོངས་པ་དབྱིངས་ཀློང་རྡོལ་གླུ་ཡི་བསམ་གཏན། རྒྱན་ཆགས་དཔལ་གྱི་རིའི་གནས་སུ་སྐྱ་རེངས་གསུམ་པ་ཤར་ཙམ་ན། ནཱ་གརྫུ་ན་འདི་སྐད་ལོ། ཧཱུྃ། སྣང་བ་ཐམས་ཅད་ཡེ་ནས་དབྱིངས་ཆེན་ལ། །རིག་པ་འཕོ་འགྱུར་མེད་པའི་དུར་བཏབ་ནས། །དབྱིངས་ཉིད་མི་འགྱུར་རིག་པས་མི་བསླད་དེ། །མ་ཡེངས་མི་འགྱུར་མཁའ་ལྟར་དག་པ་ལས། །མ་ཡེངས་མ་བཅོས་ཡོངས་ཀྱི་འོད་གསལ་ལ། །སྒོམ་པ་མིང་དུ་བཏགས་པ་གུད་ན་མེད་པར་འཁུམས། །བདག་གི་ཕུང་པོ་གདོས་བཅས་འདི། །དབྱེ་བ་མེད་པའི་ས་ལ་མཆི། །གྷི་ཏ་མ་ཀོ་ལ་ས་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ།། ༈ །།རྨད་བྱུང་དང་རྗེས་སུ་འབྲེལ་བ་དང་དབང་བདུན་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། དུག་ལྔ་རང་གྲོལ་གྱི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་རྨ་བྱ་དུག་གིས་འཚོ་བ་ལྟ་བུའོ། །གཉིས་པ་དབང་བསྐུར་བས་གདིང་ཅི་ཐོབ་ན། གཟུང་འཛིན་སྐྱེ་མེད་དུ་རྟོགས་པས་སྤྱད་ཀྱང་མི་གོས་པའི་གདིང་ནི་པདྨ་འདམ་ནས་སྐྱེས་པ་ལྟ་བུའོ། །གསུམ་པ་གདིང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། བག་ཡངས་ཆེན་པོས་སྤྱོད་པ་ཅི་སྤྱད་ཀྱང་མི་བརྫི་བ་ནི། སེང་གེ་རྩལ་རྫོགས་པ་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་དུག་ལྔ་རང་གྲོལ་གྱི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། རླུང་བཟུང་། ཙིཏྟའི་པདྨ་གསལ་བཏབ། བླ་མའི་ཙིཏྟ་པད་འདབ་ལྔ་པའི་ཨ་འོད་དུ་ཞུ། འོད་དེ་རྡུལ་ཚོན་ལྔ་པའི་ཨ་ལ་ཕོག་པས་དེ་ཡང་འོད་དུ་ཞུ། འོད་དེ་སྟེང་གི་བུམ་པའི་ཨ་ལ་ཕོག །བུམ་པའི་ཨ་ཞུ་བའི་འོད་དེ་དཀར་ནར་གྱིས་བྱུང་ནས་སློབ་མ་རང་རང་གི་སྙིང་གི་པདྨ་ལྔ་པའི་ཨ་ལ་ཕོག་པས། ལུས་ནང་འོད་ཀྱིས་གང་བ་དེ་སྔར་བས་ཀྱང་ཤིན་ཏུ་གསལ་བར་སྒོམ་དུ་གཞུག་ཅིང་། བླ་མས་བུམ་དབང་སྨོན་ལམ་དང་བཅས་པས་དབང་བརྟན་པར་བྱེད། རྗེས་ཤེས་ལུས་འོད་ཤིན་ཏུ་གསལ་བ་ལ་ཤེས་པ་གཏད་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། རྨ་བྱ་དུག་གིས་འཚོ་བ་ལྟ་བུ་ཞེས་པས། རྨ་བྱས་དུག་ཟོས་པས་སླར་གྱིས་ལང་ཚོ་རྒྱས་པ་བཞིན་དུག་ལྔ་རང་གྲོལ་གྱི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་སྟོབས་ཀྱིས་ཉོན་མོངས་པའི་རང་ངོ་ཡེ་ཤེས་སུ་གསལ་བ་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། སེང་གེ་འགྱིང་བ་ལྟ་བུ་ཞེས་བྱ་བའི་མན་ངག་ལས། ཉོན་མོངས་ལྔ་ཉིད་ཡེ་ཤེས་ལྔ་རུ་གསལ། །ཞེས་སོ། །བརྒྱད་པ་གདམས་ངག་གི་དགོངས་འགྲེལ་ནི། ཉོན་མོངས་གང་རུང་སྐྱེས་པའི་དུས་སུ། དཔེར་ན་སྒྲས་སྒྲ་གཅོད་པ་དང་འདྲ་སྟེ། ཉོན་མོངས་པ་དེ་ཉིད་ཀྱིས་ཉོན་མོངས་པ་གཞན་ཞི་སྟེ་ཟིལ་གྱིས་མནན་ཏེ། ཉོན་མོངས་པ་དེ་ཉིད་ལས་ཐབས་གཉིས་ཀྱིས་གནས་པར་བྱ་སྟེ། དབང་པོ་རྟུལ་པོ་ལྟ་བུ་གསལ་བར་གནས་པ་དང་། རྣོན་པོ་ཡེ་ཤེས་སམ་ཆོས་ཉིད་དུ་གསལ་བར་བྱས་ལ་བཙལ་བ་མེད་པའི་ཚུལ་དུ་གནས་པར་བྱ་སྟེ། དཔེར་ན་རྨ་བྱ་དུག་གིས་འཚོ་བ་བཞིན་ཏེ། དེ་ཉིད་ཁོ་ན་བདུད་རྩིའམ་སྨན་དུ་གྱུར་པའོ། །ཡེ་ཤེས་ལྔ་རུ་གསལ་བ་ཞེས་བྱ་བ་ནི་རྣམ་རྟོག་ཡེ་ཤེས་སུ་གསལ་བས་སྤུ་མ་བརྗེས་མདོག་མ་བསྒྱུར་བར་རང་སར་གྲོལ་བའོ། །དེའི་ཕྱིར་ཉོན་མོངས་ཐམས་ཅད་ཡེ་ཤེས་སུ་གསལ་བས་ཤིན་ཏུ་རྣལ་འབྱོར་ལ་གནས་པ་རྣམས་ཀྱིས་ཉོན་མོངས་པ་མི་སྤོང་ཞེས་བྱའོ། །དེ་ཡང་རྡོ་རྗེ་བརྩེགས་པ་ལས། རྣམ་རྟོག་ཡེ་ཤེས་ངང་དུ་གསལ། །དེས་ན་མ་སྤངས་རང་ཞིར་ཞོག །ཅེས་པས་གསལ་ལོ། །དགུ་པ་གླུ་ནི། རྨད་བྱུང་གི་དགོངས་པ་འབྱུང་ལྔ་ཡེ་ཤེས་ཀློང་རྡོལ་གླུ་ཡི་བསམ་གཏན། དམར་རེངས་དང་པོ་ཤར་ཙམ་ན་རྒྱ་མཚོའི་འགྲམ་དུ་ཁྱིའི་རྒྱལ་པོ་ཕྱི་མ་འདི་སྐད་ལོ། ཧཱུྃ། ཆོས་ཉིད་བྱང་ཆུབ་སེམས་ནི་འབྱུང་བ་ལྔ་ཡིན་ཏེ། །མ་བཅོས་རང་བཞིན་གསལ་བས་མཁའ་ལྟར་གནས། །འགྲོ་བའི་གཟུང་འཛིན་བསྲེགས་པས་མེ་ལྟར་གནས། །དམིགས་མེད་གདོད་ནས་དག་པས་རླུང་ལྟར་གནས། །གཟུང་འཛིན་སྐྱོན་དང་བྲལ་བས་ཆུ་ལྟར་གནས། །ཅིས་ཀྱང་སྐྱོན་མེད་སྲ་བས་ས་ལྟར་གནས། །འབྱུང་བ་ལྔ་ཉིད་ཡེ་ནས་ཆོས་ཉིད་བྱང་ཆུབ་སེམས། །གདོད་ནས་དག་པས་ནམ་མཁའ་འདྲ་བ་ལ། །དམིགས་པ་མེད་པ་མ་ཡེངས་གནས་པ་ལས། །སྒོམ་པ་འདི་ལས་མེད་པར་རྟོགས། །བདག་གི་ཕུང་པོ་གདོས་བཅས་འདི། །དབྱེ་བ་མེད་པའི་ས་ལ་མཆིས། །གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ ཞེས་གླུ་བླངས་སོ།། ༈ །།ཡིད་བཞིན་ནོར་བུ་དང་རྗེས་སུ་འབྲེལ་བ་དབང་བརྒྱད་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། འཁོར་བ་དོང་སྤྲུགས་ཀྱིས་རིག་པ་རྩལ་གྱི་དབང་བསྐུར་བ་དཔའ་བོ་གཡུལ་དུ་འཇུག་པ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདིང་ཅི་ཐོབ་ན། བདེ་བ་ཆེན་པོའི་རྟོགས་པས་ཁྱད་པར་འཕགས་པའི་གདིང་ཉི་ཟླ་དུས་གཅིག་ལ་ཤར་བ་ལྟ་བུ་ཐོབ་བོ། །གསུམ་པ་གདིང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། ཅི་འགྱུར་ཐབས་མཁས་ཀྱི་སྤྱོད་པ་ཕྱོགས་རིས་མེད་པ་སྟེ། གར་མཁན་གྱི་འདུ་བྱེད་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་འཁོར་བ་དོང་སྤྲུག་གི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། དྲག་རླུང་བཟུང་། ཙིཏྟའི་པདྨ་གསལ་བཏབ། བླ་མའི་ཙིཏྟའི་པདྨ་དྲུག་པ་ལ་གནས་པའི་ཨ་འོད་དུ་ཞུ། འོད་དེ་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་པད་འདབ་དྲུག་པའི་ཨ་ལ་ཕོག །ཨ་འོད་དུ་ཞུ་བའི་འོད་སྟེང་གི་བུམ་པའི་ཨ་ལ་ཕོག །ཨ་ཞུ་བའི་འོད་དཀར་ནར་གྱིས་བྱུང་ནས་སློབ་མ་རང་རང་གི་པད་འདབ་དྲུག་པའི་ཨ་ལ་ཕོག་པས་ཨ་འོད་དུ་ཞུ་ནས་ལུས་གང་བ་སྔར་བས་ཆེར་སོང་བ་ལ་སེམས་གཏད་ལ་བསྒོམ་དུ་གཞུག་ཅིང་། བླ་མས་བུམ་དབང་སྨོན་ལམ་དང་བཅས་པས་དབང་བརྟན་པར་བྱེད་པ་འགྲེ། རྗེས་ཤེས་ལུས་འོད་ཀྱིས་གང་བ་སྔར་བས་ཆེར་འཕེལ་བ་ལ་སེམས་གཏད་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། དཔའ་བོ་གཡུལ་དུ་འཇུག་པ་ལྟ་བུའོ། །ཞེས་པས། དཔའ་བོ་གོ་མཚོན་དང་བཅས་པས་གཞན་གྱི་གཡུལ་བཟློག་པར་བྱེད་པ་བཞིན། འཁོར་བ་དོང་སྤྲུག་གི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས་འཁོར་བའི་གཡུལ་ངོ་བཟློག་པ་ལྟ་བུའོ། །ཞེས་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། མཁའ་ལྡིང་ཆེན་པོ་ཞེས་བྱ་བའི་མན་ངག་ལས། འཁོར་བ་མ་བཙལ་ཡེ་ནས་སངས་རྒྱས་ཡིན། །ཞེས་བརྗོད་དོ། །བརྒྱད་པ་གདམས་ངག་གི་དགོངས་འགྲེལ་བཤད་པ་ནི། ཁམས་གསུམ་འཁོར་བ་འདི་ཉིད་ཡེ་ཤེས་ཆེན་པོ་སྐྱོང་བའི་ཐབས་སུ་གྱུར་བས་ཁམས་གསུམ་སྐུ་གསུང་ཐུགས་སུ་རྟོགས་པའོ། །དེའི་ཕྱིར་འཁོར་བ་དོང་སྤྲུག་ཅེས་བྱ་སྟེ། འཁོར་བ་ཉིད་བདེ་གནས་སུ་རྟོགས་པ། དེའི་ཕྱིར་བདག་གཞན་དུ་སྣང་ལ་མི་དམིགས་པས་དེ་ལ་གནས་པར་བྱའོ། །ཡེ་ནས་སངས་རྒྱས་ཡིན་ཞེས་བྱ་བ་ནི་མཉམ་བཞག་གི་དུས་སུ་རྟོགས་པ་ཅི་འགྱུ་བ་ཡེ་ཤེས་སུ་གསལ་བས་དཔའ་བོ་གཡུལ་དུ་ཞུགས་པ་ཉམ་ང་མེད་པ་དང་འདྲའོ། །དེའི་ཕྱིར་འཁོར་བ་མ་སྤངས་པར་རང་སར་གྲོལ་བ་ཞེས་བྱའོ། །དེ་ཡང་རཱ་ཧུ་ལ་ཆེན་པོས། འཁོར་བ་མ་སྤངས་ངང་གིས་གསལ་བ་ལ། །ཡེ་ཤེས་ཉི་མ་དེ་ནི་ཚུལ་དུ་འཆར། །ཞེས་པས་གསལ་ལོ། །དགུ་པ་གླུ་ནི། ཡིད་བཞིན་ནོར་བུའི་དགོངས་པ་དངོས་གྲུབ་ཀློང་རྡོལ་གླུའི་བསམ་གཏན། དམར་རེངས་གཉིས་པ་ཤར་ཙམ་ན་གནོད་སྦྱིན་མོ་བྱང་ཆུབ་འདི་སྐད་ལོ། །ཧཱུྃ། ཆོས་ཉིད་བྱང་ཆུབ་སེམས་ལ་བླང་ཞིང་བལྟ་མེད་དེ། །བལྟ་བའི་གཟུགས་སུ་ཡོངས་ལ་སྣང་། །ཅིས་ཀྱང་བཅོས་སུ་མེད་ལ་སྤྱད་དུ་མེད། །སེམས་ཀྱི་རང་བཞིན་ཅི་ལའང་མི་གནས་ཏེ། །རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ཡིན། །ཇི་ལྟར་བསླད་ཀྱང་དབྱིངས་ལ་འགྱུར་བ་མེད། །དབྱིངས་ཉིད་རིག་པས་མི་བཙལ་ཏེ། །སེམས་ཉིད་མཁའ་ལྟར་དག་པ་སྟེ། །མ་བཅོས་རང་བཞིན་མེད་པ་ལས། །སྒོམ་པ་འདི་ལས་མེད་པར་བདག་གིས་རྟོགས། །བདག་གི་ཕུང་པོ་གདོས་བཅས་འདི་བསྙིལ་ནས། །ཀུན་བཟང་ཐུགས་ཀྱི་འོད་ཟེར་བདག་ལ་ཤར། །གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ།། ༈ །།རྩེ་མོ་བྱུང་རྒྱལ་དང་རྗེས་སུ་འབྲེལ་བའི་དབང་དགུ་པ་བསྐུར་བ་ལ་དགུ་ལས། དང་པོ་ནི། ཡེ་ཤེས་གསལ་བའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་ཉི་མའི་དཀྱིལ་འཁོར་ཆེན་པོ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདིང་ཅི་ཐོབ་ན། སྣང་སྲིད་ཐམས་ཅད་ནམ་མཁར་གཅིག་པས་རེ་དོགས་ཐམས་ཅད་མེད་པའི་གདིང་ནི་ས་ཐོབ་པ་ལྟ་བུ་ཐོབ་བོ། །གསུམ་པ་གདིང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། ཐིག་ལེ་ཆེན་པོའི་སྤྱོད་པ་གཅིག་ལས་མ་འདས་ཏེ། འཕྲུལ་གྱི་མེ་ལོང་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་ཡེ་ཤེས་གསལ་བའི་མན་ངག་གིས་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། དྲག་རླུང་བཟུང་། ཙིཏྟའི་པདྨ་ཨ་དང་བཅས་པ་གསལ་གདབ། བླ་མའི་ཙིཏྟའི་པད་འདབ་བདུན་པ་ལ་གནས་པའི་ཨ་དང་། དཀྱིལ་འཁོར་གྱི་པད་འདབ་བདུན་པ་ལ་གནས་པའི་ཨ་འོད་དུ་ཞུ་བ་ལ་སོགས་པ་ཨ་བཞི་སྐོར་གྱི་དམིགས་པ་སྤྱིར་འགྲེ། ཁྱད་པར་གྱི་དམིགས་པ་ལུས་འོད་ཀྱིས་གང་བ་ཇེ་ཆེར་སོང་བ་ལ་སེམས་གཏད་ལ་སྒོམ་དུ་གཞུག་ཅིང་། བླ་མས་བུམ་དབང་སྨོན་ལམ་དང་བཅས་པས་བརྟན་པར་བྱེད་པ་འགྲེ། རྗེས་ཤེས་ལུས་འོད་ཆེར་འཕེལ་བ་ལ་ཤེས་པ་གཏད་ནས། གནས་པ་མེད་པའི་ཚུལ་གྱིས་གནས་པར་ཀུན་ལ་འགྲེའོ། །དྲུག་པ་དབང་གི་དཔེ་ནི། ཉི་མའི་དཀྱིལ་འཁོར་ཆེན་པོ་ལྟ་བུའོ། །ཞེས་པས་ཉི་མའི་དཀྱིལ་འཁོར་ཆེན་པོ་ལ་གསལ་འགྲིབ་མེད་པ་བཞིན། ཡེ་ཤེས་གསལ་བའི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས། ཏིང་ངེ་འཛིན་བྱིང་རྒོད་དང་བྲལ་བས་གསལ་འགྲིབ་མེད་པར་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། ཡེ་ཤེས་ཕྲེང་བ་ཞེས་པའི་མན་ངག་ལས། སྣང་སྲིད་ཡེ་ཤེས་ངང་དུ་གསལ། །ཞེས་སོ། །བརྒྱད་པ་མན་ངག་གི་དགོངས་འགྲེལ་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པས་སངས་རྒྱས་ཉིད་ལས་གཞན་པ་ངང་གིས་མེད་པས་འཁོར་བ་ཀ་ནས་དག་པས་ཐམས་ཅད་ཡེ་ཤེས་སུ་གསལ་བར་ཁོང་དུ་ཆུད་པའི་སངས་རྒྱས་དགོངས་པའི་ཞེ་ཕུག་རྟོགས་པ་ཞེས་བྱའོ། །དེའི་ཕྱིར་ན་ཉི་མའི་དཀྱིལ་འཁོར་འོད་ཀྱང་ངོ་བོར་འཆར་བ་དང་མཚུངས་སོ། །ངང་དུ་གསལ་ཞེས་པ་ནི། ཉི་མ་དང་འོད་དབྱེར་མེད་པ་དང་འདྲ་སྟེ། མི་རྟོག་པ་དང་རྟོགས་པ་དབྱེར་མེད་དུ་རྟོགས་པས་དག་གོ། །དེའི་ཕྱིར་གསལ་ལ་རྟོག་པ་མེད་པ་ཞེས་བྱའོ། །དེ་ཡང་གུ་རུ་ཆེན་པོས། ཐམས་ཅད་ཡེ་ཤེས་གསལ་བའི་རྒྱན། །དེ་ལྟར་རྟོགས་པས་དག་པ་ཡིན། །ཞེས་པས་གསལ་ལོ། །དགུ་པ་གླུ་ནི། རྩེ་མོ་བྱུང་རྒྱལ་གྱི་དགོངས་པ། རྩོལ་མེད་ཀློང་རྡོལ་གླུའི་བསམ་གཏན་ཤིང་ནལ་བྱི་ས་ལའི་རྩར། དམར་རེངས་གསུམ་པ་ཤར་ཙམ་ན་སྨད་འཚོང་མ་བུདྡྷ་མ་ཏི་འདི་སྐད་ལོ། །ཨེ་མ་ཧོ་ཆོས་ཉིད་བྱང་ཆུབ་སེམས། །བརྟག་ཏུ་མེད་དེ་དཔྱད་དུ་མེད། །བཙལ་ཞིང་གཉེན་པོས་བཅོས་སུ་མེད། །སེམས་ལས་སངས་རྒྱས་ལོགས་ན་མེད། །བཙལ་བས་མི་རྙེད་སེམས་ལས་སངས་རྒྱས་མེད། །སེམས་ཀྱི་རང་བཞིན་མ་བཅོས་སངས་རྒྱས་ཡིན། །གདོད་ནས་མ་བཙལ་བྱང་ཆུབ་སྙིང་པོ་ལ། །ཏིང་འཛིན་མ་བསླད་ངང་གིས་གསལ་བ་ལས། །སངས་རྒྱས་དགོངས་པ་འདི་ལས་མེད་པར་འཁུམས། །བདག་གི་ཕུང་པོ་གདོས་བཅས་འདི་བསྙིལ་ནས། །ཀུན་བཟང་ཐུགས་ཀྱི་འོད་ཟེར་བདག་ལ་ཤར། །གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ།། ༈ །།སྤྱི་གཅོད་དང་རྗེས་སུ་འབྲེལ་བ་དབང་བཅུ་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། བདེ་བ་ཆེན་པོས་རིག་པ་རྩལ་གྱི་དབང་བསྐུར་བ་ལྷ་བདུད་རྩིས་འཚོ་བ་ལྟ་བུའོ། །གཉིས་པ་དབང་བསྐུར་བས་གདིང་ཅི་ཐོབ་ན། རིག་པ་ཕྱོགས་བྲལ་རྟོགས་པས་གོལ་སྒྲིབ་ཀྱི་གཡང་ས་མེད་པའི་གདིང་ནི། འཕྲུལ་གྱི་སྐྱེས་བུ་བགྲོད་པ་ལྟ་བུ་ཐོབ་བོ། །གསུམ་པ་གདིང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། དབྱེ་བ་མེད་པ་ཀུན་ལ་སྤྱོད་པ་སྟེ། ཀུན་ཏུ་རྒྱུ་འཇིགས་པ་མེད་པ་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་བདེ་བ་ཆེན་པོས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། དྲག་རླུང་བཟུང་། ཙིཏྟའི་པདྨ་གསལ་གདབ། པད་འདབ་བརྒྱད་པའི་ཨ་བཞི་སྐོར་གྱི་དམིགས་པ་འགྲེ། བུམ་དབང་སྨོན་ལམ་དང་བཅས་པས་དབང་བརྟན་པར་བྱེད་པ་འགྲེ། རྗེས་ཤེས་རྟོགས་པ་ཡེ་ཤེས་སུ་རྒྱས་པའི་ངང་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། ལྷ་བདུད་རྩིས་འཚོ་བ་ལྟ་བུའོ། །ཞེས་པས་ལྷ་ལུས་ཟག་པ་དང་བྲལ་ཞིང་བདེ་ཉམས་དང་ལྡན་པ་བཞིན་དུ་རྟོགས་པ་ཡེ་ཤེས་སུ་རྒྱས་པ་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། སེམས་ཀྱི་འཁོར་ལོ་ཞེས་བྱ་བའི་མན་ངག་ལས། སེམས་ཀྱི་བདེ་ཆེན་ཉམས་མྱོང་གསལ། །ཞེས་སོ། །བརྒྱད་པ་མན་ངག་གི་དགོངས་འགྲེལ་ནི། སྣང་སྲིད་ཐམས་ཅད་ཡེ་ཤེས་སུ་གསལ་བ། སེམས་བདེ་བ་ཆེན་པོར་གསལ་བས་དེ་བཞིན་དུ་ཉམས་སུ་མྱོང་བའི་རྣལ་འབྱོར་པའི་ཉམས་ནི། ལྐུགས་པས་མར་མྱོང་བ་དང་འདྲ་བས་གཉིས་སུ་མེད་པའི་བདེ་བ་ཆེན་པོ་མ་བཅོས་མ་བསླད་པར་ཉམས་སུ་མྱོང་བའོ། །དེས་ན་ལྷའི་ལུས་བདུད་རྩིས་རྒྱས་པས་བདེ་བ་དང་ལྡན་པའོ། །གསལ་ཞེས་བྱ་བ་ནི། བྱིང་རྒོད་བདེ་བ་ཆེན་པོར་གསལ་བའོ། །དེས་ན་བྱིང་རྒོད་མ་བཅོས་པར་ཡན་པའོ། །ཅིའི་ཕྱིར་ཞེ་ན་ཐམས་ཅད་བདེ་བ་ཆེན་པོ་ལས་མ་གཡོས་པར་རྟོགས་པའོ། །དེ་ཡང་ལུང་ཕྱི་མ་ལས། ཉམས་སུ་མྱོང་བའི་བདེ་ཆེན་ནི། །ཐམས་ཅད་གསལ་བས་ཞེ་ཕུགས་ཉིད། །ཞེས་པས་གསལ་ལོ། །དགུ་པ་གླུ་ནི། སྤྱི་གཅོད་ཀྱི་དགོངས་པས་གསང་བ་ཀློང་རྡོལ་གླུའི་བསམ་གཏན། ཤིང་ནྱ་གྲོ་དྷའི་རྩར་སྲོད་ཀྱི་ཐུན་ལ་འཇམ་དཔལ་བཤེས་གཉེན་ཕྱི་མ་འདི་སྐད་ལོ། །ཧཱུྃ། ཀུན་གཞི་ཡངས་པའི་དབྱེ་ཐང་ལ། །དག་པའི་ཀློང་ནས་ཉི་མ་ཤར། །ཤར་བའི་དུས་ན་ནུབ་པ་མེད། །ཤར་ནས་མ་བཅོས་གསལ་བ་ལས། །སངས་རྒྱས་ཆོས་ཉིད་སྔ་ཕྱི་གསུམ། །གང་དུ་བཙལ་ཡང་རྙེད་ཐབས་མེད། །ཀུན་གཞི་ཡངས་པའི་ཆོས་ཉིད་ལ། །རིག་པ་སེམས་ཀྱི་ཉི་མ་ཤར། །མ་བཅོས་ནུབ་པ་མེད་པ་ལས། །སྒོམ་དུ་འདི་ལས་མེད་པར་འཁུམས། །མྱོང་ན་སེམས་ཀྱི་བདུད་རྩི་མྱོང་། །བལྟ་ན་རིག་པའི་ཡེ་ཤེས་ལྟོས། །པདྨ་ཀོ་ལ་ཤ་ཨ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ།། ༈ །།སྤྱི་ཆིངས་དང་རྗེས་སུ་འབྲེལ་བ་དབང་བཅུ་གཅིག་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། སེམས་གྱིན་འདའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ། དྲང་སྲོང་རླུང་ནད་ཅན་སྨན་པའི་ངག་ཉན་པ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདིང་ཅི་ཐོབ་ན། སྣ་ཚོགས་སྐྱེ་མེད་དུ་འགྱུར་བ་དེ་ལས་མི་འགྱུར་བར་རྟོགས་པས་ཉོན་མོངས་པ་མི་སྤོང་བའི་གདིང་མགྲོན་པོ་འཁྲུལ་པ་སྤོང་བ་ལྟ་བུའོ། །གསུམ་པ་གདིང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། བཀག་མེད་ཡོངས་རྫོགས་ཀྱི་སྤྱོད་པ་སྣ་ཚོགས་གཅིག་ཏུ་མཛད་པ་སྟེ་ལན་ཚྭའི་རྒྱ་མཚོ་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་སེམས་གྱིན་འདའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། དྲག་རླུང་བཟུང་། ཙིཏྟའི་པདྨ་གསལ་གདབ། པད་འདབ་དགུ་པའི་ཨ་འོད་དུ་ཞུ་བའི་དམིགས་པ་བཞི་སྐོར་བསྒོམ་ཞིང་བུམ་དབང་སྨོན་ལམ་དང་བཅས་པ་འགྲེ། རྗེས་ཤེས་རྟོག་པ་ཡེ་ཤེས་ཀྱི་དབང་དུ་འདུ་བའི་ངང་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དཔེ་ནི། དྲང་སྲོང་རླུང་ནད་ཅན་སྨན་པའི་ངག་ལ་ཉན་པ་ལྟ་བུའོ། །ཞེས་པས་རླུང་ནད་ཅན་སྨན་པ་མཁས་པའི་ངག་ལ་མཉན་པས་འབད་མེད་དུ་གྲོལ་བ་བཞིན། སེམས་གྱིན་འདའི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པས་དུག་ལྔའི་ནད་འབད་མེད་དུ་གྲོལ་བའོ། །ཞེས་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། སྒྲོན་མ་གསལ་བ་ཞེས་བྱ་བའི་མན་ངག་ལས། སེམས་ཉིད་གྱིན་འདའ་རྣལ་མར་ཞོག །ཅེས་སོ། །བརྒྱད་པ་དགོངས་འགྲེལ་ནི། ཆོས་ཐམས་ཅད་སེམས་གྱིན་འདའ་མ་གཏོགས་པ་སྐྲའི་ཚལ་པ་བརྒྱར་བཤགས་པ་ཙམ་ཡང་མེད་པས། གྱིན་འདའ་མ་བཅོས་པ་རྣལ་མ་མ་བསླད་པ་ལ་བཞག་པར་བྱ་སྟེ། ནམ་མཁའ་དང་སེམས་དང་ཆོས་ཉིད་ལ་སྦྱར་རོ། །དེས་ན་དྲང་སྲོང་རླུང་ནད་ཅན་སྨན་པའི་ངག་ལ་ཉན་ནས་ལུས་ངག་ཡིད་གསུམ་གྱིན་འདར་གནས་པ་ལྟ་བུའོ། །རྣལ་མར་བཞག་ཅེས་བྱ་བ་ནི། ལུས་ངག་ཡིད་གསུམ་མ་བཅོས་པར་བཞག་པའོ། །དེའི་ཕྱིར་ན་ཆོས་ཐམས་ཅད་ནི་མ་བཅོས་པའོ། །ཞེས་གསུངས་པ་དང་འདྲའོ། །དེས་ན་གྱིན་འདར་གནས་པར་གྱིས་ཤིག །དེ་ཡང་ལུང་གི་རྒྱལ་པོ་ལས། སེམས་ཀྱི་དེ་ཉིད་མ་བཅོས་གསལ། །དེ་ལྟར་ཡིན་པའི་རྟོག་པ་མེད། །ཅེས་པས་གསལ་ལོ། །དགུ་པ་གླུ་ནི། སྤྱི་ཆིངས་ཀྱི་དགོངས་པ་ནམ་མཁའ་ཀློང་རྡོལ་གླུའི་བསམ་གཏན། དཔག་བསམ་ཤིང་གི་གྲིབ་མ་ལ། ཐོ་རེངས་ཁར་ཨཱརྻ་པ་ལོ་འདི་སྐད་ལོ། །ཧཱུྃ། བྱང་ཆུབ་སེམས་ནི་ནམ་མཁའ་ལྟ་བུའི་ཀློང་། །གསལ་ལ་རྟོག་པ་མེད་པའི་ཡེ་ཤེས་ནི། །ཕྱི་དང་ནང་མེད་ཀུན་ལ་གསལ་བར་སྣང་། །གདོད་ནས་དག་པས་ནམ་མཁའི་ཀློང་འདྲ་ལ། །རྣམ་རྟོག་བསྲེག་པའི་ཡེ་ཤེས་མངོན་ཤར་བས། །སྐྱེ་འགག་ཡངས་དོག་རང་བཞིན་མེད་པ་ལས། །སངས་རྒྱས་དགོངས་པ་འདི་ལས་མེད་པར་མཇལ། །ཟ་ན་སེམས་ཉིད་བདུད་རྩི་ཟོ། །གོན་ན་ཆོས་ཉིད་གོས་སུ་གྱོན། །ཨེ་མ་ཀོ་ལ་ཤ་ཨ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ།། ༈ །།བདེ་བ་ཕྲ་བཀོད་དང་རྗེས་སུ་འབྲེལ་བ་དབང་བཅུ་གཉིས་པ་བསྐུར་ཐབས་ལ་དགུ་ལས། དང་པོ་ནི། རིག་པ་མི་གཡོ་བས་རིག་པ་རྩལ་གྱི་དབང་བསྐུར་བ་རྒྱ་མཚོ་ཆེན་པོའི་གཏིང་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བའི་གདིང་ཅི་ཐོབ་ན། སྒོ་གསུམ་དཀྱིལ་འཁོར་དུ་འདུ་ཤེས་པས། སྒོ་གསུམ་གྱི་འཁྲུལ་པས་མི་འཇིགས་པའི་གདིང་ཐག་པ་ལ་སྦྲུལ་ཞེན་གྱི་ཞེན་པ་ལོག་པ་ལྟ་བུ་ཐོབ་བོ། །གསུམ་པ་གདིང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། ཡེ་ཤེས་རང་ཤར་གྱི་སྤྱོད་པ་ཀུན་ཏུ་མཛེས་པ་སྟེ། རིན་པོ་ཆེས་མགུལ་མཛེས་པ་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་སེམས་མི་གཡོ་བས་རིག་པ་རྩལ་གྱི་དབང་བསྐུར་ཐབས་ནི། ལུས་གནད་བཅའ། དྲག་རླུང་བུམ་པ་ཅན་བཟུང་། ཙིཏྟའི་པདྨ་ཨ་དང་བཅས་པ་གསལ་བཏབ། པདྨ་བཅུ་པའི་ཨ་འོད་དུ་ཞུ་བའི་དམིགས་པ་བཞི་སྐོར་སྒོམ་ཞིང་བུམ་དབང་སྨོན་ལམ་དང་བཅས་པ་འགྲེ། རྗེས་ཤེས་བདེ་གསལ་མི་རྟོག་པའི་ངང་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དཔེ་ནི། རྒྱ་མཚོ་ཆེན་པོ་ལྟ་བུའོ། །ཞེས་པས་རྒྱ་མཚོ་ཆེན་པོ་ཁ་ཅུང་ཟད་རླུང་གིས་གཡོས་ཀྱང་གཏིང་གཡོ་བ་མེད་པ་བཞིན། རིག་པ་མི་གཡོ་བའི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པས་ཏིང་ངེ་འཛིན་ལ་བྱིང་རྒོད་ཀྱི་སྐྱོན་གྱིས་མི་གནོད་པ་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། སྐྱེས་བུ་གྱད་ཀྱི་རྩལ་འཆང་ཞེས་བྱ་བའི་མན་ངག་ལས། རིག་པ་མི་གཡོ་རྒྱ་མཚོ་བཞིན་དུ་གནས། །ཞེས་བརྗོད་དོ། །བརྒྱད་པ་དགོངས་འགྲེལ་ནི། ཆོས་ཐམས་ཅད་རིག་པ་ཆེན་པོར་གསལ་བས་རེ་དོགས་ངང་གིས་མེད་དོ། །དེ་བས་ན་རིག་པ་འོད་གསལ་བར་གནས་པས་རིས་མེད་ནམ་མཁའ་དང་འདྲ་སྟེ། ཕྱོགས་བཅུ་གར་ཡང་ནམ་མཁའ་ལས་མ་འདས་པ་དང་འདྲ་བར་རྟོགས་པའི་རིག་པ་དང་ལྡན་པའི་རྣལ་འབྱོར་པས་དུས་གསུམ་དུ་རིག་པ་རང་བཞིན་གྱིས་འོད་གསལ་བའོ། །དེ་ཉིད་རྒྱ་མཚོ་ཆེན་པོར་གསལ་བ་མི་གཡོ་བ་དང་འདྲའོ། །རྒྱ་མཚོ་བཞིན་དུ་གནས་ཞེས་བྱ་བ་ནི། ཆུ་ཕྲན་ཐམས་ཅད་རྒྱ་མཚོར་རོ་གཅིག་པ་དང་འདྲ་བས། ཆོས་ཐམས་ཅད་རིག་པ་འོད་གསལ་བར་རོ་གཅིག་པའོ། །དེས་ན་རྣམ་རྟོག་ཐམས་ཅད་ཡེ་ཤེས་སུ་རོ་གཅིག་པས་མི་སྤངས་པའོ། །དེ་ཡང་རྒྱ་ལུང་ཆེན་མོ་ལས། སེམས་ཉིད་མི་རྟོག་ནམ་མཁའི་ངང་དུ་གསལ། །དེས་ན་མ་བཅོས་རྟོག་མེད་ངང་དུ་ཤར། །ཞེས་པས་གསལ་ལོ། །དགུ་པ་གླུ་ནི། བདེ་བ་ཕྲ་བཀོད་ཀྱི་དགོངས་པ་ཕྲིན་ལས་ཀློང་རྡོལ་གླུའི་བསམ་གཏན། རིན་པོ་ཆེའི་གླིང་ན་ནམ་གུང་ཡོལ་ལ། ཨོ་རྒྱན་གྱི་མཁན་པོ་དྷ་ཧེ་འདི་སྐད་ལོ། །ཧཱུྃ། སེམས་ཉིད་སངས་རྒྱས་ཡིན་པ་ལས། །སེམས་ལས་སངས་རྒྱས་ལོགས་ན་མེད། །སེམས་ཉིད་ཡེ་ནས་སངས་རྒྱས་ཡིན་པ་ལས། །རིག་པ་མི་འགྱུར་རང་བཞིན་མེད་པ་འདི། །ཟབ་མོའི་ཆོས་དབྱིངས་མི་བརྗེད་དོན་དམ་གསལ། །རྒྱ་མཚོ་ཆེ་ལྟར་ཆོས་དབྱིངས་ཟབ་མོ་ལས། །རིག་པ་མི་འགྱུར་བཟོད་ཅིང་ནང་ནས་འཆར། །ཀུན་གཞི་གཏན་ནས་སྦྱོང་བའི་ཉི་ཆེན་པོ། །མཁའ་ལྟར་དག་པས་ཡོངས་ལ་ཁྱབ་པར་གདལ། །ཆོས་ཉིད་ཡེ་ནས་དག་པས་སྦྱང་དུ་མེད་པ་ལ། །རིག་པ་མི་འགྱུར་གདོད་ནས་གསལ་བར་གནས། །ཕྱིན་ཅི་ལོག་གིས་མ་བསླད་གསལ་བར་གནས། །བདེ་བར་གཤེགས་པས་དགོངས་པ་འདི་ལས་མེད་པར་མཇལ། །ཆོས་ཉིད་ནམ་མཁའ་ཆེན་པོ་ལ། །རྣལ་འབྱོར་ཁྱུང་ཆེན་གཤོག་པ་ལྡིང་། །ཀརྨཱ་ཀོ་ལ་ཤ་ཨ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ།། ༈ །།སྲོག་གི་འཁོར་ལོ་དང་རྗེས་སུ་འབྲེལ་བ་དབང་བཅུ་གསུམ་པ་བསྐུར་ཐབས་ལ་དགུ་ལས། དང་པོ་དབང་ནི། སེམས་རྫོགས་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་ནོར་བུ་རིན་པོ་ཆེ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདིང་ཅི་ཐོབ་ན། སྣང་སྲིད་ཡེ་ཤེས་སུ་རྟོགས་ཏེ། དེ་ཉིད་གདོད་ནས་བཅོས་སུ་མེད་པའི་གདིང་མཁའ་ལ་ཉི་མ་ཤར་བ་ལྟ་བུ་ཐོབ་བོ། །གསུམ་པ་གདིང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། སྒོ་གསུམ་ཆིག་ཆོད་དུ་གསལ་བའི་སྤྱོད་པ་རིག་པ་དུས་གཅིག་ཏུ་གསལ་བ་སྟེ། རོ་གསུམ་མ་འདྲེས་པ་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་སེམས་རྫོགས་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། འཇམ་རླུང་བུམ་པ་ཅན་སྒོམ་དུ་གཞུག །ཙིཏྟའི་པདྨ་གསལ་གདབ། པད་འདབ་བཅུ་གཅིག་པའི་ཨ་འོད་དུ་ཞུ་བའི་དམིགས་པ་བཞི་སྐོར་བསྒོམ་ཞིང་། འཁོར་བ་ཡེ་བརྡལ་གྱི་དགོངས་པ་ལུས་ཀྱི་འོད་རྫིང་དུ་རྡོ་བསྐྱུར་བའི་གཉེར་མ་ལྟར་མཆེད་ནས་ཡུལ་ཁམས་འོད་ཀྱི་དཀར་མེར་ཁེངས་པ་ལ་རིག་པ་གཏད་ལ། བུམ་དབང་སྨོན་ལམ་དང་བཅས་པར་འགྲེ། རྗེས་ཀྱི་ཤེས་པ་ནི་འཁོར་བ་ཡེ་བརྡལ་གྱི་དགོངས་པ་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། ནོར་བུ་རིན་པོ་ཆེ་ལྟ་བུའོ། །ཞེས་པས། ནོར་བུ་རིན་པོ་ཆེ་ལས་མ་གཡོས་པ་བཞིན་དུ་བསོད་ནམས་ཀྱི་དབང་གིས་དགོས་འདོད་འབྱུང་བ་བཞིན། སེམས་རྫོགས་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས་འཁོར་བ་ཡེ་བརྡལ་གྱི་དགོངས་པ་ལས་མ་གཡོས་པར་དངོས་གྲུབ་གཉིས་ལྷུན་གྲུབ་ཏུ་འབྱུང་ངོ་། །ཞེས་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། ལྷ་མོ་མཁའ་ལྡིང་ཞེས་བྱ་བའི་མན་ངག་ལས། འཁོར་འདས་སེམས་ལ་རྫོགས་པར་ལྷུན་གྱིས་གྲུབ། །ཅེས་སོ། །བརྒྱད་པ་དགོངས་འགྲེལ་ནི། སེམས་ཀྱི་དེ་ཁོ་ན་ཉིད་ལ་སྣང་སྲིད་འཁོར་འདས་ཐམས་ཅད་ལྷུན་གྱིས་གྲུབ་པས། རྫོགས་པ་ཆེན་པོ་ཞེས་བྱ་སྟེ། དཔེར་ན་རི་བོ་ལྷུན་པོའི་ཁ་རུ་ཕྱིན་པས་གསེར་གྱི་རི་བདུན་ལས་ཕྱིའི་ལྕགས་རི་མན་ཆད་རྩོལ་བ་མེད་པར་གསལ་བ་དང་འདྲ་བར་སེམས་ཀྱི་དེ་ཁོ་ན་ཉིད་རྟོགས་ན་ཆོས་ཐམས་ཅད་རྩོལ་བ་མེད་པར་རྟོགས་པས་ཡོན་ཏན་ཐམས་ཅད་རྫོགས་པ་ཞེས་བྱའོ། །དཔེར་ན་ནོར་བུ་རིན་པོ་ཆེ་ལྟ་བུའོ། །དེས་ན་འདོད་པ་ཐམས་ཅད་འབྱུང་བའོ། །ཞེས་བྱའོ། །ལྷུན་གྱིས་གྲུབ་ཅེས་པ་ནི། བྱིང་རྒོད་ཡེ་ཤེས་ལྷུན་གྲུབ་ཏུ་གནས་པས་མི་འགལ་བའོ། །དེ་ཡང་ཀློང་ཆེན་འཁྱིལ་བ་ཞེས་བྱ་བའི་མན་ངག་ལས། སེམས་ལ་ཐམས་ཅད་རྫོགས་པར་ལྷུན་གྲུབ་སྟེ། །བཅོས་བསླད་དགག་སྒྲུབ་མེད་པར་ཡེ་ཤེས་གསལ། །ཞེས་པས་གསལ་ལོ། །དགུ་པ་གླུ་ནི། སྲོག་གི་འཁོར་ལོའི་དགོངས་པ་རང་བྱུང་ཀློང་རྡོལ་གླུའི་བསམ་གཏན། ནྱ་གྲོ་དྷའི་དགོན་པར་སྲོད་ཡོལ་བའི་དུས་སུ་དྲང་སྲོང་བྷི་ཤ་ཏི་འདི་སྐད་ལོ། །ཧཱུྃ། མ་བཅོས་མཁའ་ལ་གཟའ་སྐར་ཀུན་འཕྱོ་བས། །གདོད་ནས་དག་པས་མཁའ་ནི་མི་བརྗོད་དེ། །བྱང་ཆུབ་སེམས་ནི་མཁའ་ལྟར་དག་པ་ལ། །མཚན་མའི་རྣམ་རྟོག་སྒྱུ་མས་ཅི་བསླད་ཀྱང་། །རྣམ་དག་སེམས་ཉིད་དབྱིངས་ལ་འཕོ་འགྱུར་མེད། །ཆོས་དབྱིངས་བརྡལ་བ་ཆེན་པོའི་དཀྱིལ་འཁོར་ལ། །རིག་པ་ཡེ་ཤེས་དུར་ས་བཏབ་པ་ནི། །གསང་བའི་འོད་ཀྱི་དཀྱིལ་འཁོར་གསལ་བར་འཆར། །ཤར་བ་ཉིད་ཀྱི་དོན་དེ་མ་ཡེངས་ལས། །སངས་རྒྱས་རྣམས་ལ་དགོངས་པ་འདི་ལས་མེད། །རིག་པ་ཡེ་ཤེས་རླུང་ཆེན་གྱིས། །རྣམ་པར་རྟོག་པའི་མུན་པ་གཡེངས། །ཨ་ཀ་ཤ་ཀོ་ལ་མ་དྷཱ་ཨ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ།། ༈ །།རིན་པོ་ཆེ་ཀུན་འདུས་དང་རྗེས་སུ་འབྲེལ་བ་དབང་བཅུ་བཞི་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། གཉིས་མེད་ངང་གི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་མར་མེའི་འོད་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདིང་ཅི་ཐོབ་ན། འབྲས་བུ་དུས་གཅིག་ལ་རྟོགས་པས་རྒྱུ་ལ་ལྟོས་པ་མེད་པའི་གདིང་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ། །གསུམ་པ་གདིང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། རྟོག་པ་རང་སོར་གཅོད་པ་ཇི་ལྟར་གནས་པ་ལྟར་བདེ་བ་སྟེ། ནམ་མཁའ་ལས་ཆར་བབས་པ་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་གཉིས་མེད་རང་གི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། འཇམ་རླུང་བུམ་པ་ཅན་བཟུང་། ཙིཏྟའི་པདྨ་གསལ་གདབ། པད་འདབ་བཅུ་གཉིས་པའི་ཨ་བཞི་སྐོར་གྱི་དམིགས་པ་བསྒོམ་ཞིང་། འཁོར་བ་ཡེ་བརྡལ་གྱི་དགོངས་པ་ལུས་ཀྱི་འོད་རྫིང་དུ་རྡོ་བསྐྱུར་བ་ལྟར་མཆེད་པ་དེ་ཆེར་མཆེད་ནས། འཇིག་རྟེན་གྱི་ཁམས་འོད་ཀྱིས་དཀར་མེར་ཁེངས་པ་ལ་སེམས་གཏད་ལ། བུམ་དབང་སྨོན་ལམ་དང་བཅས་པ་འགྲེ། རྗེས་ཀྱི་ཤེས་པ་ནི་འཁོར་བ་ཡེ་བརྡལ་གྱི་དགོངས་པ་གསལ་ལ་རྟོག་མེད་ཀྱི་ངང་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི་མར་མེའི་འོད་ལྟ་བུའོ། །ཞེས་པས་མར་མེ་རང་གིས་རང་གསལ་བ་ལྟར། །གཉིས་སུ་མེད་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས་སེམས་ཉིད་རང་གསལ་རྟོག་པ་མེད་པ་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། མན་ངག་ཡེ་ཤེས་འཁྱིལ་པ་ལས། གཉིས་མེད་ཡེ་ཤེས་ངང་དུ་རོ་གཅིག་པས། །ཞེས་སོ། །བརྒྱད་པ་དགོངས་འགྲེལ་ནི། ཆོས་ཐམས་ཅད་གཉིས་སུ་མེད་པར་གསལ་བ་རྟོགས་པས་ཐག་ཆོད་པར་བྱས་ལ། དེ་ནས་ཉམས་གསུམ་ལ་བཅོས་ཐབས་དང་བཅས་པས་གནས་པར་བྱ་སྟེ། གཉིས་མེད་ངང་ལས་མ་གཏོགས་པའི་ཆོས་ཏིལ་འབྲུ་ཙམ་ཞིག་མ་རྙེད་པས་གསལ་ལ་རྟོག་པ་མེད་པར་མར་མེ་རླུང་མེད་པ་ལྟར་གནས་པར་བྱས་ལ། དེ་ཉིད་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །རོ་གཅིག་པས་ཞེས་པ་ནི། བྱིང་རྒོད་གཉིས་མེད་དུ་རོ་གཅིག་པས་དགག་སྒྲུབ་དང་བྲལ་བའོ། །དེ་ཡང་བདུད་རྩི་འཁྱིལ་བ་ལས། ཐམས་ཅད་གཉིས་སུ་མེད་པའི་བྱང་ཆུབ་སེམས། །ཡིན་པར་བདག་ཅག་རྣམས་ཀྱིས་རྟོགས། །ཞེས་པས་གསལ་ལོ། །དགུ་པ་གླུ་ནི། རིན་པོ་ཆེན་ཀུན་འདུས་ཀྱི་དགོངས་པ་སྐྱེ་མེད་ཀློང་རྡོལ་གླུའི་བསམ་གཏན། རྒྱལ་བའི་དགོན་གནས་སུ་ནམ་སྨད་ལ་སྲས་མོ་གོ་མ་དེ་ཝི་འདི་སྐད་ལོ། །ཧཱུྃ། སངས་རྒྱས་ཀུན་གྱི་ཐུགས་ཉིད་ཡི་གེ་ཨ་ཡིན་ཏེ། །ཨ་ཡི་རང་བཞིན་ཡེ་ནས་དངོས་པོ་མེད། །བདེ་གཤེགས་ཀུན་གྱི་འབྱུང་གནས་ཨ་ཡིན་ཏེ། །བདེན་གཉིས་ལ་སོགས་སྣང་སྲིད་ཅིར་སྣང་ཡང་། །ཨ་ཡི་དངོས་གཞི་ཡེ་ནས་བྱང་ཆུབ་སེམས། །འཕོ་འགྱུར་འདུ་འབྲལ་བརྟགས་ན་སངས་རྒྱས་ཏེ། །སྨྲ་བསམ་ཡུལ་ལས་འདས་པའི་བྱང་ཆུབ་དབྱིངས་ཉིད་ལ། །ཨ་ལྟར་སྐྱེ་བ་མེད་པའི་བྱང་ཆུབ་སེམས། །མ་བཅོས་མ་ཡེངས་མཉམ་པར་བཞག་པ་ལས། །བདག་གི་དགོངས་པ་འདི་ལས་མེད་པར་མཇལ། །ཆོས་ཉིད་དབྱེ་ཐང་ཆེན་པོ་ལ། །རིག་པ་ཡེ་ཤེས་རྟ་ཕོ་རྒྱུག །ཀ་པ་ལ་ཀ་མ་པ་ཤ་ཨ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ།། ༈ །།སྐྱེ་མེད་རང་རིག་དང་རྗེས་སུ་འབྲེལ་བ་དབང་བཅོ་ལྔ་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། རྡོ་རྗེ་རང་འཁྲུངས་ཀྱི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་ཆུ་བོ་ཆེན་པོའི་གཞུང་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདིང་ཅི་ཐོབ་ན། སྣང་སྲིད་སྐྱེ་མེད་དུ་གསལ་བས་འཁྲུལ་མ་འཁྲུལ་བླང་དོར་མེད་པའི་གདིང་རྨི་ལམ་གྱི་སྒྲ་སྙན་ལྟ་བུ་ཐོབ་བོ། །གསུམ་པ་གདིང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། སྒོ་གསུམ་རླུང་ཞུགས་ཀྱི་སྤྱོད་པ་ནི་དམ་ལས་མི་འདའ་བ་སྟེ། རིན་པོ་ཆེ་གསེར་གླིང་དུ་ཕྱིན་པ་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་རྡོ་རྗེ་རང་འཁྲུངས་ཀྱི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། འཇམ་རླུང་བུམ་པ་ཅན་བཟུང་། ཙིཏྟའི་པདྨ་ཨ་དང་བཅས་པ་གསལ་བཏབ། པད་འདབ་བཅུ་གསུམ་པའི་ཨ་ཞུ་བའི་དམིགས་པ་བཞི་སྐོར་བསྒོམ་ཞིང་། འཁོར་བ་ཡེ་བརྡལ་གྱི་དགོངས་པ་ལུས་འོད་ཤིན་ཏུ་ཆེ་བར་མཆེད། ཨ་ནམ་མཁའི་མཐའ་ཀླས་པ་འོད་ཀྱི་རང་བཞིན་དུ་གྱུར་ནས་གཞན་པའི་སེམས་མེད་པ་ལ་རིག་པ་གཏད་ལ། བུམ་དབང་སྨོན་ལམ་དང་བཅས་པ་འགྲེ། རྗེས་ཀྱི་ཤེས་པ་འཁོར་བ་ཡེ་བརྡལ་གྱི་དགོངས་པ། གསལ་ལ་རྟོག་མེད་ཀྱི་འཛིན་པ་རང་དག་གི་ངང་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། ཆུ་བོ་ཆེན་པོའི་གཞུང་ལྟ་བུ་ཞེས་པས། ཆུ་བོ་ཆེན་པོའི་གཞུང་ལ་རྒྱུན་ཆད་མེད་པ་བཞིན་དུ་རྡོ་རྗེ་རང་འཁྲུངས་ཀྱི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས། གསལ་ལ་རྟོག་མེད་ཀྱི་ཤེས་པ་དེར་འཛིན་དང་བྲལ་བ་དེ་རྒྱུན་ཆགས་སུ་གནས་སོ། །ཞེས་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། ཐིག་ལེ་ཉི་ཤར་ཞེས་པའི་མན་ངག་ལས། གཉིས་མེད་རྡོ་རྗེ་ཡེ་ཤེས་གསལ། །ཞེས་སོ། །བརྒྱད་པ་དགོངས་འགྲེལ་ནི། ཆོས་ཐམས་ཅད་རྡོ་རྗེ་རང་འཁྲུངས་སུ་སངས་རྒྱས་པས་སངས་མ་རྒྱས་པའི་ཆོས་ནི་གཅིག་ཀྱང་ཡོད་པ་མ་ཡིན་པས། ཐམས་ཅད་རིག་པའི་ཡེ་ཤེས་སུ་གསལ་བ་ཞེས་བྱ་སྟེ། དེས་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ཤེས་ཀྱི་ཉི་མ་ཤར་བ་ཞེས་བྱ་སྟེ། དེ་ལས་གཞན་པ་ངང་གིས་མེད་དོ། །དེ་ལྟར་རྟོགས་ན་སངས་རྒྱས་ཞེས་བྱའོ། །དེ་བས་ན་ཆུ་བོའི་གཞུང་ཆེན་པོ་མི་འགྱུར་བ་དང་འདྲའོ། །རིག་པ་གསལ་བ་ཞེས་བྱ་བ་ནི། མཉམ་པའི་ངང་ལ་བཟང་ངན་གྱི་འདུ་ཤེས་དང་བྲལ་བའོ། །དེའི་ཕྱིར་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་ལ་བློའི་རིག་པ་མ་བཅོས་པར་འཆར་རོ། །དེ་ཡང་གླང་པོ་རབ་འབོག་ལས། གཉིས་མེད་བདེ་ཆེན་ངང་གིས་གསལ། །དེ་བཞིན་མ་བཅོས་རྣལ་མར་ཞོག །ཅེས་པས་གསལ་ལོ། །དགུ་པ་གླུ་ནི། སྐྱེ་མེད་རང་རིག་གི་དགོངས་པ་ཆོས་སྐུ་ཀློང་རྡོལ་གླུའི་བསམ་གཏན། ཙནྡན་སྡོང་པོའི་རྩར་གུང་ཐུན་ལ། ཁ་ཆེའི་རྒྱལ་པོ་རབ་སྣང་འདི་སྐད་ལོ། །ཧཱུྃ། བྱང་ཆུབ་སེམས་ནི་ཡེ་ནས་ཆོས་ཀྱི་སྐུ། །མཁའ་དང་འདྲ་བར་ཀུན་ལ་ཁྱབ་པར་སྣང་། །སྣང་བ་ཉིད་ཀྱང་སྟོང་པ་སྟེ། །སྟོང་པའི་ཆོ་འཕྲུལ་ཅིར་སྣང་བ། །བསམ་དུ་རྡུལ་ཙམ་མེད་པ་ལ། །བརྗོད་བྲལ་མེད་པར་མ་ཡེངས་ཞོག །ཆོས་ཉིད་སེམས་ཀྱི་བདུད་རྩི་ཡིས། །ཁམས་གསུམ་འཁོར་བའི་ནད་པ་གསོས། །ཀ་པ་ལ་ཀོ་ཤ་ཨ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ།། ༈ །།བདེ་འབྱམས་དང་རྗེས་སུ་འབྲེལ་བ་དབང་བཅུ་དྲུག་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། བཏང་སྙོམས་ཆེན་པོའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་འདུན་མ་ལ་མོས་པའི་སྐྱེས་བུ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདིང་ཅི་ཐོབ་ན། གཉིས་སྣང་གི་ངོ་བོ་གཉིས་མེད་དུ་རྟོགས་པས་གཉིས་འཛིན་ཀུན་དང་བྲལ་བའི་གདིང་རང་སོར་གནས་པའི་ཤེས་པ་ལྟ་བུ་ཐོབ་བོ། །གསུམ་པ་གདིང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། འགྱུར་བ་མེད་པའི་སྤྱོད་པ་རྐྱེན་གྱིས་མི་འཕྲོག་པ་སྟེ། མ་ཧཱ་དེ་ཝའི་གདིང་ལྟ་བུ། བཞི་པ་ཕྲིན་ལས་འགྲེ། ལྔ་པ་བཏང་སྙོམས་ཆེན་པོའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། རླུང་གནད་དལ་བ་བརྟེན། ཙིཏྟའི་པདྨ་ཨ་དང་བཅས་པ་གསལ་བཏབ། པདྨ་འདབ་མ་བཅུ་བཞི་པའི་ཨ་ཞུ་བའི་དམིགས་པ་བཞི་སྐོར་བསྒོམ་ཞིང་། ཁམས་གསུམ་དོང་སྤྲུག་གི་དགོངས་པ་འཇིག་རྟེན་གྱི་ཁམས་འོད་ཀྱིས་ཁྱབ་པ་ཐམས་ཅད་ཀྱང་མེ་ལོང་ལ་ཧས་བཏབ་པ་བཞིན་དུ་སླར་འདུས་ནས་ཐིག་ལེ་ཆེན་པོའི་རང་བཞིན་གསལ་བ་ཡུལ་གྱི་མི་འཕྲོག་པ་ལ་རིག་པ་གཏད་ལ། སྒོ་གསུམ་ཁོང་ནས་ཀློད་དུ་བཅུག་ལ། དབང་བརྟན་བྱེད་ཀྱི་བུམ་དབང་སྨོན་ལམ་དང་བཅས་པ་ཡང་འགྲེ། རྗེས་ཀྱི་ཤེས་པ་ཁམས་གསུམ་དོང་སྤྲུག་གི་དགོངས་པ་ཕྱི་རོལ་ཡུལ་གྱི་སྣང་བ་བློའི་ཡུལ་ལས་འདས་ནས་ཇི་ལྟར་སྣང་ཡང་། སྣང་ལ་ངོས་བཟུང་མེད་པའི་ངང་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། འདུན་མ་ལ་མོས་པའི་སྐྱེས་བུ་ལྟ་བུའོ། །ཞེས་པས་གཙོ་བོ་གཟུ་བོར་གནས་པའི་བློ་ཅན་ཞལ་ལྕེ་དྲང་པོར་གཅོད་པ་བཞིན། བཏང་སྙོམས་ཆེན་པོའི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས་རིག་པ་འཁྲུལ་ཕྱིར་དུ་མི་འབྲང་བར་ཕྱོགས་རིས་ཀྱི་འཛིན་པ་ལས་གྲོལ་ལོ་ཞེས་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། ཆོས་ཉིད་ནམ་མཁའ་ལྟར་ཡངས་པ་ཞེས་བྱ་བའི་མན་ངག་ལས། བླང་དོར་མེད་ཅིང་མཉམ་པའི་ངང་དུ་གསལ། །ཞེས་སོ། །བརྒྱད་པ་དགོངས་འགྲེལ་ནི། སྣང་སྲིད་ཐམས་ཅད་མཉམ་པའི་ངང་དུ་གསལ་བ། དེ་ཡང་རང་བྱུང་ཡེ་ཤེས་ལྔ་རུ་རང་བྱུང་རང་ཐིམ་ལ། ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་སངས་རྒྱས་པས། སངས་རྒྱས་གཞན་ནས་བཙལ་དུ་མེད་དོ། །དེས་ན་དགྲ་ཟུན་མཉམ་པའི་སྐྱེས་བུ་ལྟ་བུའོ། །ངང་དུ་གསལ་ཞེས་པ་ནི་རྟོག་པ་ཐམས་ཅད་མཉམ་པའི་ངང་དུ་རོ་གཅིག་པས་དུག་ལྔ་མ་སྤངས་པར་རང་སར་དག་པའོ། །དེའི་ཕྱིར་མཉམ་པའི་ངང་ལ་བློ་མ་བཅོས་པར་གནས་པའོ། །དེ་ཡང་དྲི་མེད་བཤེས་གཉེན་གྱི་མན་ངག་ལས། དུག་ལྔ་ཡེ་ཤེས་ལྔ་རུ་གསལ། །དེ་ལྟར་རྟོགས་ན་རིག་མཆོག་ཡིན། །ཞེས་པས་གསལ་ལོ། །དགུ་པ་གླུ་ནི། བདེ་འབྱམས་ཀྱི་དགོངས་པ་སྐུ་གསུམ་ཀློང་རྡོལ་གླུའི་བསམ་གཏན། གྲོང་ཁྱེར་དཔལ་ཡོན་དུ་སྲོད་ཀྱི་དུས་སུ་རྒྱལ་པོ་དེ་ཝ་རཱ་ཛ་འདི་སྐད་ལོ། །ཧཱུྃ། སྣང་སྲིད་ཆོས་རྣམས་མངོན་དུ་ལྟོས་པ་རྣམས། །ཡང་དག་ཉིད་དུ་འདི་ལྟར་བསྒོམ་པར་བྱ། །སྣང་སྲིད་ཐམས་ཅད་ཡེ་ནས་ཀུན་ཏུ་བཟང་པོའི་ངང་། །འདི་ལས་གཞན་མེད་མ་ཡེངས་མཉམ་བཞག་པས། །སྒོམ་པར་བྱ་བ་འདི་ལས་མེད་པར་རྟོགས། །ལུས་ནི་སྒྱུ་མའི་ཕུང་པོ་མིང་ཙམ་སྟེ། །སེམས་ནི་ཡེ་ཤེས་ཆེན་པོར་སོན། །ཙནྟྲ་དེ་ཝ་ཀོ་ས་ལ་ཨ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ།། ༈ །།ནམ་མཁའ་རྒྱལ་པོ་དང་རྗེས་སུ་འབྲེལ་བ་དབང་བཅུ་བདུན་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། རྩེ་གཅིག་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་སྐྱེས་བུ་འདོད་ཆགས་ཀྱིས་གདུང་བ་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདིང་ཅི་ཐོབ་ན། རང་བྱུང་དམ་ཚིག་གསལ་བས་ཉམས་པའི་རྟོགས་པས་མི་འཇིགས་པའི་གདེང་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྲན་གྱི་ཆད་པས་མི་འཇིགས་པ་ལྟ་བུ་ཐོབ་བོ། །གསུམ་པ་གདིང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། དམིགས་པ་མེད་པའི་སྤྱོད་པ་གང་དུ་ཡང་མི་རྟོག་པ་སྟེ། ནམ་མཁའ་ལ་བལྟ་བའི་སྐྱེས་བུ་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་རྩེ་གཅིག་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། འཇམ་རླུང་དལ་བ་བརྟེན། ཙིཏྟའི་པདྨ་ཨ་དང་བཅས་པ་གསལ་བཏབ། པད་འདབ་བཅོ་ལྔ་པའི་ཨ་ཞུ་བའི་དམིགས་པ་བཞི་སྐོར་བསྒོམ་ཞིང་། ཁམས་གསུམ་དོང་སྤྲུག་གི་དགོངས་པ། འཇིག་རྟེན་གྱི་ཁམས་འོད་ཀྱིས་ཁྱབ་པ་ཐམས་ཅད་ཀྱང་མེ་ལོང་ལ་ཧས་བཏབ་པ་བཞིན་དུ་སླར་འདུས་ནས། ཐིག་ལེ་ཆེན་པོའི་རང་བཞིན་ཤིན་ཏུ་ཕྲ་ཞིང་གསལ་བ་ལ་རིག་པ་གཏད་ལ་སྒོ་གསུམ་ཁོང་ནས་ཀློད་དུ་གཞུག །དབང་བརྟན་བྱེད་བུམ་དབང་སྨོན་ལམ་དང་བཅས་པ་འགྲེ། རྗེས་ཀྱི་ཤེས་པ་ཁམས་གསུམ་དོང་སྤྲུག་གི་དགོངས་པ། ནང་ཡིད་ཀྱི་རྟོག་པ་སྔ་ཕྱི་བློའི་ཡུལ་ལས་འདས་ནས། ཇི་ལྟར་འགྱུ་ཡང་ངོས་བཟུང་ལས་འདས་པའི་ངང་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དབང་གི་དཔེ་ནི། སྐྱེས་བུ་འདོད་ཆགས་ཀྱིས་གདུང་བ་ལྟ་བུ་ཞེས་པ། འདོད་ཆགས་ཀྱིས་གདུང་བའི་སྐྱེས་བུ་དེ་འདོད་ཞེན་ལས་གཞན་དུ་མི་གཡོ་བ་བཞིན་སེམས་རྩེ་གཅིག་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་ཐོབ་པའི་སྟོབས་ཀྱིས་བློ་བྲལ་གྱི་རིག་པ་ཡུལ་ཕྱིར་དུ་མི་འབྲང་བ་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། ཡེ་ཤེས་ཆེན་པོ་ཞེས་པའི་མན་ངག་ལས། གང་ནས་བལྟས་ཀྱང་ཡེ་ཤེས་རྩེ་གཅིག་འཆར། །ཞེས་སོ། །བརྒྱད་པ་དགོངས་འགྲེལ་ནི། ཆོས་ཐམས་ཅད་ཕྱི་ནས་བལྟས་ན་ནང་གསལ། ནང་ནས་བལྟས་ན་ཕྱི་གསལ་བས་ཡེ་ཤེས་ཟང་ཐལ་ཏེ། ཕྱི་ནང་སྒོ་ཕུགས་མེད་པར་གསལ་ལ་རྟོག་པ་མེད་པར་འཆར་རོ། །དེས་ན་གང་ལྟར་ཡང་ཡེ་ཤེས་རྩེ་གཅིག་པ་ཞེས་བྱ་སྟེ། སྐྱེས་བུ་འདོད་པས་གདུང་བ་སེམས་གཞན་དུ་མི་གཡོ་བ་བཞིན་ནོ། །རྩེ་གཅིག་འཆར་ཞེས་པ་ནི། བྱིང་རྒོད་གཉིས་ཡེ་ཤེས་རྩེ་གཅིག་པའི་བསྐུལ་མ་ཡིན་ཏེ། ཤིང་བསྣོན་པའི་མེ་བཞིན་ནོ། །འཕགས་པ་དྲང་སྲོང་མིག་གི་མན་ངག་ལས། ཡེངས་མེད་རྩེ་གཅིག་བསམ་དང་བྲལ། །དེས་ན་ཡེ་ཤེས་ཟང་ཐལ་ཡིན། །ཞེས་པས་གསལ་ལོ། །དགུ་པ་གླུ་ནི། ནམ་མཁའ་རྒྱལ་པོའི་དགོངས་པ་གྲོལ་བ་ཀློང་རྡོལ་གླུའི་བསམ་གཏན། མེ་ཏོག་གི་ཚལ་དུ་ནམ་གྱི་ཆ་སྟོད་ལ། དྷརྨ་རཱ་ཛ་འདི་སྐད་ལོ། །ཧཱུྃ། སེམས་ཀྱི་རང་བཞིན་ཡེ་ནས་མཛོད་ཆེན་ལས། །གང་ལྟར་རྟོགས་ཤིང་ཇི་ལྟར་སྣང་བ་ཀུན། །འབྱུང་འཇུག་འབྱུང་བ་ཐམས་ཅད་མེད་ན་ཀུན་ཏུ་བཟང་། །གཉིས་སུ་མེད་པའི་རིག་པ་དེ། །ཀུན་ཏུ་བཟང་པོའི་སེམས་ལ་གནས། །རིག་པའི་དབྱིངས་ལས་མ་བསླད་པས། །བསྒོམ་ཞིང་གནས་པ་འདི་ལ་མེད། །ཀྱེ་མ་མ་རྟོགས་སྙིང་རེ་རྗེ། །བདག་ཉིད་རང་སར་གྲོལ་བ་ཨ་ལ་ལ། །དྷོ་ཧ་ཀོ་ས་ཤ་ཨ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ།། ༈ །།རྗེ་བཙུན་དམ་པ་དང་རྗེས་སུ་འབྲེལ་བ་དབང་བཅོ་བརྒྱད་པ་བསྐུར་བ་ལ་དགུ་ལས། དང་པོ་དབང་ནི། མ་བཅོས་ལྷུན་གྱིས་གྲུབ་པའི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་བ་གཡོ་སྒྱུ་དང་བྲལ་བའི་མི་ལྟ་བུའོ། །གཉིས་པ་དབང་དེ་བསྐུར་བས་གདིང་ཅི་ཐོབ་ན། བདག་ཉིད་འབྲས་བུར་ཤར་བས་འབྲས་བུ་གཞན་ནས་མི་འཚོལ་བའི་གདིང་རྙེད་པ་ལྟ་བུའི་གདིང་ཐོབ་བོ། །གསུམ་པ་གདིང་དེ་ལམ་དུ་སློང་བའི་སྤྱོད་པ་ནི། གཉེན་པོ་མེད་པའི་སྤྱོད་པ་གང་ལྟར་སྤྱོད་ཀྱང་སྐྱོན་གྱིས་མི་གོས་པ་སྟེ། འཕྲུལ་གྱི་སྐྱེས་བུའི་མཛད་པ་ལྟ་བུའོ། །བཞི་པ་ཕྲིན་ལས་འགྲེ། ལྔ་པ་མ་བཅོས་ལྷུན་གྱིས་གྲུབ་པའི་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་ནི། ལུས་གནད་བཅའ། རླུང་དལ་བ་བརྟེན། ཙིཏྟའི་པདྨ་ཨ་དང་བཅས་པ་གསལ་བཏབ། པད་འདབ་བཅུ་དྲུག་པའི་ཨ་འོད་དུ་ཞུ་བའི་དམིགས་པ་བཞི་སྐོར་བསྒོམ་ཞིང་། ཁམས་གསུམ་དོང་སྤྲུག་གི་དགོངས་པ་འཇིག་རྟེན་གྱི་ཁམས་འོད་ཀྱིས་ཁྱབ་པ་ཐམས་ཅད་ཀྱང་མེ་ལོང་ལ་ཧས་བཏབ་པ་བཞིན་དུ་སླར་འདུས་ནས་ཐིག་ལེ་ཆེན་པོའི་རང་བཞིན་དུ་གསལ་བ་དེ་ཐིག་ལེ་ཤིན་ཏུ་ཕྲ་བ་ལ་འདུས་ནས་དེ་ཡང་ཡལ་གྱིས་ཡལ་བ་ལ་རིག་པ་གཏད་ལ་ཅི་ཡང་ཡིད་ལ་མི་བྱ་བའི་ངང་ལ་རང་ལུགས་སུ་གློད་ལ། དབང་བརྟན་བྱེད་བུམ་དབང་སྨོན་ལམ་དང་བཅས་པ་འགྲེ། རྗེས་ཀྱི་ཤེས་པ་ཁམས་གསུམ་དོང་སྤྲུག་གི་དགོངས་པ་གཟུང་འཛིན་གྱི་དྲི་མ་མཐའ་དག་དང་བྲལ་ནས། འགག་མེད་ཀྱི་རང་རྩལ་འཁོར་འདས་ཀྱི་སྣང་བ་ཅིར་སྣང་ཅི་སྲིད་ཅི་ཤར་ཡང་ངོས་བཟུང་ལས་འདས་པའི་རང་རིག་ཡུལ་མེད་རང་གསལ་གྱི་ངང་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དྲུག་པ་དཔེ་ནི། གཡོ་སྒྱུ་དང་བྲལ་བའི་མི་ལྟ་བུ་ཞེས་པ་དཔེར་ན་མི་ཟོལ་མེད་གཡོ་སྒྱུ་དང་བྲལ་བས་མི་བསླུ་ངེས་པ་བཞིན་དུ། མ་བཅོས་ལྷུན་གྲུབ་ཀྱི་མན་ངག་གིས་རིག་པ་རྩལ་གྱི་དབང་བསྐུར་ཐོབ་པའི་སྟོབས་ཀྱིས་བསླུ་མི་སྲིད་དེ། གནས་ལུགས་རང་ངོ་ཤེས་རང་ས་ཟིན་རང་སར་གྲོལ་བ་མཚོན་པའོ། །བདུན་པ་སྦུབས་མཆུ་ནི། ནམ་མཁའ་སྤྲིན་དང་ལྡན་པ་ཞེས་བྱ་བའི་མན་ངག་ལས། ཆོས་རྣམས་མ་བཅོས་ལྷུན་གྱིས་གྲུབ་པའི་ངང་། །ཞེས་ཚིག་ཕྱི་མ་ལན་གསུམ་བརྗོད་དོ། །བརྒྱད་པ་གདམས་ངག་གི་དགོངས་འགྲེལ་བཤད་པ་ནི། འཁོར་བ་དང་མྱ་ངན་ལས་འདས་པས་ཆོས་ཐམས་ཅད་བཅོས་བསླད་དང་བྲལ་བ་རྣལ་མ་མ་བཅོས་པ་ལ། བློ་དེ་བཞིན་རྣལ་མར་གནས་པས་ཆོས་ཐམས་ཅད་ལྷུན་གྱིས་གྲུབ་པར་བསྟན་པས་གསལ་བ་ལ། ཐམས་ཅད་ཀྱི་དངོས་གཞིའོ་ཞེས་བྱའོ། །དེ་ཉིད་གཡོ་སྒྱུ་དང་བྲལ་བས་མི་མ་བཅོས་པ་དང་འདྲའོ། །ངང་ཞེས་པ་ནི་ཆོས་ཐམས་ཅད་བྱང་ཆུབ་ཀྱི་ངང་ལས་མ་གཡོས་པའོ། །དེས་ན་བྱང་ཆུབ་སེམས་ཀྱི་ཀློང་ལ་གནས་པ་ཞེས་པའོ། །དེ་ཡང་སྒོམ་ལུང་ཆེན་མོ་ལས། བཅོས་བསླད་མེད་པར་ཀ་ནས་དག་པ་ལ། །གཉིས་སུ་འཛིན་པའི་ཡོངས་ཡེ་ངང་གིས་མེད། །ཅེས་པས་གསལ་ལོ། །དགུ་པ་གླུ་ནི། རྗེ་བཙུན་དམ་པའི་དགོངས་པ། ཤེས་རབ་ཀློང་རྡོལ་གླུའི་བསམ་གཏན། །དབེན་པ་ཆེན་པོའི་གནས་སུ་བུདྡྷ་གུཔྟ་འདི་སྐད་ལོ། །ཧཱུྃ། ཆོས་རྣམས་ཐམས་ཅད་མ་བཅོས་ཀུན་ཏུ་བཟང་པོ་ལ། །གསལ་ལ་འགྱུར་བ་མེད་པ་བྱང་སེམས་ངང་དེ་ལ། །མཚན་མའི་རྣམ་པར་རྟོག་པས་མ་བསླད་དེ། །རྣམ་རྟོག་རང་བྱུང་རང་ཞིར་གནས་པ་ལས། །སྒོམ་པ་འདི་ལས་གུད་དུ་མེད་པར་འཁུམས། །སེམས་ཀྱི་མེ་ལོང་མ་བལྟས་ན། །རྣམ་རྟོག་དྲི་མས་གོས་ཏ་རེ། །པྲ་ཛྙཱ་ཀོ་ས་ལ་ཨ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ།། ༈ །།འདི་ལྟར་དབང་བཅོ་བརྒྱད་པོ་ཡང་སེམས་འཛིན་གྱི་དམིགས་པ་ལྔ་ལ་བརྟེན་ནས་ངོ་སྤྲད་པ་ཡིན་ཏེ། དམིགས་པ་དང་པོ་ཨ་དཀར་པོ་འོད་འཕྲོ་བ་ལ་སེམས་བཟུང་། གཉིས་པ་སྙིང་འོད་ཀྱི་གོང་བུ་ལ་སེམས་བཟུང་སྟེ་རླུང་རོ་བུས་ནས་འཇམ་རླུང་རྩོལ་མེད་དུ་འཛིན་པ་ཡིན་ནོ། །དམིགས་པ་གསུམ་པ་ལུས་འོད་ཀྱི་གོང་བུ་ལ་སེམས་བཟུང་སྟེ། དབང་གསུམ་པ་ནས་བཅུ་གཉིས་ཀྱི་བར་དུ་དྲག་རླུང་བུམ་པ་ཅན་བསྒོམ་ཞིང་། དེ་ཡང་དབང་ལྔའི་བར་དུ་ཐུན་གྱི་ངོ་བོ་དང་གྲངས་གཉིས་ཀར་འཕེལ། དེ་ནས་དབང་ལྔའི་བར་དུ་ཐུན་གྱི་ངོ་བོ་འཕེལ་གྲངས་འགྲིབ་བོ། །དེ་ནས་དམིགས་པ་བཞི་པ་འཁོར་བ་ཡེ་གདལ་ལ་སེམས་བཟུང་སྟེ། དབང་བཅུ་གསུམ་པ། བཅུ་བཞི་པ། བཅོ་ལྔ་པ་གསུམ་ལ་འཇམ་རླུང་བུམ་པ་ཅན་དུ་བྱས་ལ་ཐུན་གྱི་གྲངས་མི་བཟུང་ངོ་བོ་འཕེལ་ལོ། །དེ་ནས་དམིགས་པ་ལྔ་པ་ཁམས་གསུམ་དོང་སྤྲུག་ལ་སེམས་བཟུང་སྟེ། དབང་བཅུ་དྲུག་པ། བཅུ་བདུན་པ། བཅོ་བརྒྱད་པ་གསུམ་ལ་འཇམ་རླུང་རྩོལ་མེད་ཐུན་མཚམས་མེད་པར་ཉམས་སུ་བླངས་ཏེ། ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ་བྱའོ། །དེ་ལྟར་སྒོམ་བྱ་སྒོམ་བྱེད་བྲལ་བའི་ངང་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པས། འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལུས་ལ་གནས་པའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་གནས་པའི་རང་བཞིན་གྱི་ཀུན་ཏུ་བཟང་པོ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་འདུས། དེ་ཡང་མཚན་དང་དཔེ་བྱད་བརྒྱད་ཅུ་རྩ་གཉིས་ཀྱི་རང་བཞིན་ཀུན་ཏུ་བཟང་པོ་བརྒྱད་ཅུ་རྩ་གཉིས་སུ་འདུས། དེ་ཡང་ཡེ་ཤེས་ཀྱི་རྩ་བཞི་བཅུ་རྩ་གཉིས་ལ་གནས་པའི་རང་བཞིན་གྱི་ཀུན་ཏུ་བཟང་པོ་ལྷ་བཞི་བཅུ་རྩ་གཉིས་སུ་འདུས། དེ་ཡང་སྙིང་གི་རྩ་འདབ་བཅུ་དྲུག་ལྟེ་བ་དང་བཅས་པ་ལ་གནས་པའི་རང་བཞིན་གྱི་ཀུན་ཏུ་བཟང་པོ་བཅོ་བརྒྱད་དུ་འདུས། དེ་ཡང་རྒྱུ་རྐྱེན་མེད་པར་རང་བྱུང་ཞིང་། བྱེད་པ་པོ་མེད་པར་ལྷུན་གྱིས་གྲུབ་པས། བླང་བ་མེད་ཅིང་དོར་བ་མེད་པའི་ཕྱིར། ཀུན་ཏུ་བཟང་པོ་ཞེས་ཐ་སྙད་དུ་བཏགས་ཏེ། རང་བྱུང་གི་ཡེ་ཤེས་ཐིག་ལེ་ཉག་གཅིག་སྒྲ་ཇི་བཞིན་པ་མ་ཡིན་པ། དོན་ཐུན་མོང་མ་ཡིན་པ། དགོས་ཆེད་ཀྱི་དབང་གིས་ཇི་ལྟར་བཏགས་ཀྱང་། འཁོར་འདས་ཀྱི་ཆོས་ཐམས་ཅད་དེ་བཞིན་ཉིད་དང་གཞན་དུ་བརྗོད་དུ་མེད་པར་ཐག་ཆོད་ན་དབང་ཐམས་ཅད་རྫོགས་པ་ཡིན་ནོ། །རྟེན་གྱི་གང་ཟག་ལས་དང་པོ་པ་རྟོག་པའི་ངང་ལ་མི་གནས་པ་བྱིང་རྒོད་ཀྱི་སྐྱོན་གང་བྱུང་ཡང་། བཅོས་པའི་ཐབས་གཉིས་ཏེ། སེང་གེའི་སྒྲ་ལྟར་བཅོས་པ་དང་། སེང་པ་ག་ལ་ལྟར་བཅོས་པའོ། །སེང་གེའི་སྒྲ་ལྟར་བཅོས་པ་ནི། གཅན་གཟན་གྱི་རྒྱལ་པོ་སེང་གེ་ནགས་ན་ཉལ་བ་ལ། གཅན་གཟན་གཞན་གྱིས་ཐོ་འཚམས་པར་རྩོམ་ན། སེང་གེས་ངར་སྐད་བཏོན་པ་ཙམ་གྱིས་གཅན་གཟན་ཐམས་ཅད་ཟིལ་གྱིས་ནོན་ནས་འཐབ་པའི་རྩོལ་བ་མི་དགོས་པ་བཞིན། རིག་པ་རྩལ་གྱི་དབང་བཅོ་བརྒྱད་པོའི་དོན་དྲན་པ་ཙམ་གྱིས་བྱིང་རྒོད་དབྱིངས་སུ་ཡལ་ནས། ཐབས་སམ་རྟེན་འབྲེལ་ལ་རག་མ་ལུས་པར་ཤེས་པར་བྱའོ། །བཅོས་ཐབས་གཉིས་པ་སེང་པ་ག་ལ་ལྟར་བཅོས་པ་ནི། སེང་པ་ག་ལའི་ཡན་ལག་ལ་མདུན་རྒྱབ་མེད་ཅིང་ལུས་ཀྱི་མཐའ་ཡན་ལག་གིས་འཁོར་བས། མགོ་འཕོངས་གཡས་གཡོན་གང་གིས་ཀྱང་འགྲོས་ཤེས་པ་བཞིན། རིག་པ་རྩལ་གྱི་དབང་བཅོ་བརྒྱད་ཀྱི་དོན་དྲན་པ་ཙམ་གྱིས་ལམ་དུ་མ་གྱུར་པ་གང་ཡང་མེད་དེ། འགལ་རྐྱེན་ལྟར་སྣང་བ་ཐམས་ཅད་ཀྱང་རང་བྱུང་གི་ཡེ་ཤེས་རང་ཆས་སུ་གནས་པ་དེ། རང་སྣང་བ་ལས་གཞན་པའི་སེམས་མེད་པ་ཐག་ཆོད་པ་བྱིང་རྒོད་དབྱིངས་སུ་ཡལ་ཞིང་འཁྲུལ་སྣང་རང་སར་གྲོལ་ནས་འགལ་རྐྱེན་གྲོགས་སུ་འཆར་རོ། །སྤྱི་དོན་གསུམ་པ་རྗེས་ཀྱི་བྱ་བ་ནི། ཐོག་མར་གཏང་རག་གཏོང་སྟེ། སྤྱིར་གྱི་དབང་བཅོ་བརྒྱད་པོ་རེ་རེའི་རྗེས་སུ་ཡང་། བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་ཅི་འབྱོར་པའི་ཡོན་དངོས་སུ་འབུལ་བའམ། མཎྜལ་འགྲེམ་སྡུད་བྱས་ནས་ཡིད་ཀྱིས་ལུས་ལོངས་སྤྱོད་ཐམས་ཅད་དབུལ་བར་བྱ་ཞིང་། སྐབས་འདིར་ཚོགས་ཀྱི་མཆོད་པ་རྒྱ་ཆེན་པོ་བྱ། ཆོས་སྐྱོང་ལ་གཏང་རག་གཏོང་། སྐྱེ་བོར་སྦྱིན་གཏོང་བྱ། བླ་མར་འཁོར་གསུམ་ཡོངས་དག་གི་གཏང་རག་གིས་མཉེས་པར་བྱས་ལ། སློབ་མ་རྣམས་ཀྱིས་རྟོགས་པ་འབུལ་ཞིང་། དེའི་ལན་དུ་བླ་མས་ཀྱང་། སེམས་སྡེ་སྤྱིའི་དགོངས་པ་རིན་པོ་ཆེ་ཀློང་རྡོལ་གླུའི་བསམ་གཏན་ཤྲཱི་སིདྷས། བསམ་གཏན་གྱི་ཁང་པར་ཚོགས་ཀྱི་མཆོད་པའི་དུས་སུ་གླུ་བླངས་པ་བཞིན་དུ། རྡོ་རྗེའི་གླུ་བླངས་པར་བྱ་སྟེ་འདི་སྐད་ལོ། །ཧཱུྃ། ཇི་ལྟར་བསམས་ཀྱང་བསྒོམ་དུ་མེད། །ཇི་ལྟར་སྨྲས་ཀྱང་སྤྱད་དུ་མེད། །ཡེ་ཤེས་ཆེན་པོའི་དབྱིངས་ཉིད་ལས། །བཙལ་བ་མེད་པར་འོད་ཤར་ཏེ། །བསམ་དུ་མེད་པའི་ཆོས་ཉིད་ལ། །ཡེངས་པ་མེད་པར་མཉམ་པར་བཞག །སྒོམ་པ་འདི་ལས་མེད་པར་འཁུམས། །རིག་པ་ཡེ་ཤེས་མདུང་རྩེ་ཡིས། །རྣམ་རྟོག་དགྲ་བོ་རྡུལ་དུ་རློག །རཏྣ་ཀོ་ས་ལ་ཨ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ།། །།དེ་ནས་བུམ་པ་དང་རྡུལ་ཚོན་རྣམས་བསྡུ་ཞིང་བུམ་ཆུ་དང་རྡུལ་ཚོན་དོན་དུ་གཉེར་བ་ཡོད་ན་སྦྱིན། མེད་ན་རི་བོ་ཆེན་པོའི་རྩེའམ་ཆུ་བོ་ཆེན་པོའི་རྒྱུན་ལ་བསྐྱལ་བས་རླུང་དང་ཆུ་རྒྱུན་ཕོག་པའི་སེམས་ཅན་རྣམས་འབད་མེད་དུ་གྲོལ་བར་བསམ། བསྔོ་བ་དང་སྨོན་ལམ་རྒྱ་ཆེན་པོ་བཏབ་ལ། མཇུག་བཀྲ་ཤིས་ཀྱིས་བསྡུ། ཞག་གཅིག་གནས་སྲུང་བའི་ཆོ་ག་བྱ་ཞིང་། ཉམས་དང་རྟོགས་པ་ཅི་འཕེལ་དུ་བསྐྱངས། སེམས་སྡེ་མ་བུ་བཅོ་བརྒྱད་ཀྱི་དགོངས་པ་ངོ་སྤྲད་པའི་ཐབས་རིག་པ་རྩལ་གྱི་དབང་བཅོ་བརྒྱད་བསྐུར་བའི་ཆོག་ཁྲིགས་འདི་སྔ་རབས་པ་འགའ་ཞིག་ལ་ཕྱག་ལེན་ཅུང་ཟད་མི་འདྲ་བ་སྣང་ཡང་། རྒྱ་གར་མཁས་པ་ཉི་ཤུ་རྩ་གཅིག་རིམ་པར་བརྒྱུད་པའི་གདམས་ངག་དང་། ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནའི་འདྲ་འབག་དང་། བོད་ཀྱི་བླ་མ་གོང་མ་རྣམས་ཀྱི་ཕྱག་བཞེས་ཀྱི་ཡི་གེའི་རིགས་རྣམས་དང་། དྲིན་ཅན་ཟུར་མོའི་ཕྱག་ལེན་རྣམས་གུང་སྒྲིགས་ནས་ལག་ཏུ་བླང་བདེ་བའི་ཕྱིར་སེམས་སྡེའི་རྒྱུད་འགྲེལ་མན་ངག་དང་བཅས་པ་རྣམས་དང་མི་འགལ་བར་བསྡེབས་པ་འདི་ནི་བྱ་བཏང་གི་སྤྲང་པོ་རྡོ་རྗེ་དཔལ་བཟང་པོས། ཆུ་བོ་ཆེན་པོ་པཀྵུའི་གནས་འགྲམ་ཆོས་ལྡིང་ཞེས་བྱ་བའི་རི་ཁྲོད་དུ། མཚན་ལྡན་ཞིག་པོ་རིན་པོ་ཆེའི་ཆོས་རྒྱུད་དྲི་མ་མེད་པར་འཛིན་པའི་དགེ་བའི་བཤེས་གཉེན་ར་དུང་བྲག་པས་སྦྱིན་བདག་བགྱིས་ནས་ལྕགས་མོ་སྦྲུལ་གྱི་ལོ། དབྱར་ཟླ་ཐ་ཆུང་གི་ཡར་ངོ་ལ་ཡི་གེར་བཏབ་པའོ། །འདིས་སེམས་ཅན་དཔག་ཏུ་མེད་པ་རྩོལ་བྲལ་རྫོགས་པ་ཆེན་པོའི་དོན་རྟོགས་ནས་འཁྲུལ་སྣང་རང་སར་གྲོལ་བའི་རྐྱེན་བྱེད་པར་གྱུར་ཅིག །ངེས་དོན་མཐར་ཐུག་རྫོགས་ཆེན་གྱི། །སྙན་བརྒྱུད་ཞལ་གྱི་གདམས་པ་འདི། །ཡི་གེར་བཀོད་པར་མི་འོས་ཀྱང་། །བརྡ་དོན་བརྒྱུད་པའི་དོན་ཆེད་དུ། །རྟོན་པ་བཞི་ཡི་རྗེས་འབྲང་ནས། །རིག་པའི་རྩལ་དབང་བཅོ་བརྒྱད་ཀྱི། །ངོ་སྤྲད་དབང་གི་ཕྱག་ལེན་འདི། །ལྷག་པའི་བསམ་པས་ཡི་གེར་བཀོད། །འདི་ལ་ནོངས་པའི་ཚོགས་མཆིས་ན། །བླ་མ་ཡི་དམ་བཀའ་སྲུང་གིས། །རང་བཞིན་དོན་ལ་དགོངས་མཛད་ནས། །ཐུགས་རྗེས་ཉེ་བར་བཟུང་བར་རིགས། །གལ་ཏེ་བདག་གི་ངལ་བ་འདི། །དོན་ཡོད་སྲིད་ན་དགེ་བ་དེས། །མ་ལུས་སེམས་ཅན་ཐམས་ཅད་ཀུན། །བླ་མེད་བྱང་ཆུབ་ཐོབ་པར་སྨོན། །མ་བཅོས་རང་སྣང་རོལ་པ་དང་། །འཁྲུལ་ཤེས་ཡུལ་དང་བཅས་པ་དག །བྱེ་བྲག་མ་ཕྱེད་གཏི་མུག་བློས། །ཉམས་དང་རྟོགས་པར་རློམས་པ་དང་། །མཁས་པ་མངོན་པའི་ང་རྒྱལ་ཅན། །ངེས་པའི་དོན་ལ་སྐུར་འདེབས་ཤིང་། །ཆོས་སྤོང་ལས་ཀྱི་ཁུར་འཁུར་བས། །མནར་མེད་གནས་སུ་བསྙེགས་པ་དང་། །ཁ་འཇམ་ལྟ་བའི་རྫོང་བཟུང་ནས། །བསླུ་མེད་རྒྱུ་འབྲས་ཁྱད་གསད་ཅིང་། །གཟུ་བོར་གནས་པའི་བློ་བོར་ནས། །བདག་བསྟོད་གཞན་ལ་སྨོད་པ་དང་། །མཁས་པའི་བླ་མ་མ་བརྟེན་ཅིང་། །རྣམ་དག་གཞུང་ལུགས་མ་སྦྱངས་པས། །གནས་ལུགས་དྲི་མེད་རྟོགས་དཀའ་ཡང་། །མུ་ཅོར་སྨྲ་བའི་བླུན་པོ་རྣམས། །རེ་ཞིག་ཐུགས་རྗེའི་ཡུལ་མིན་ཡང་། །རང་བྱུང་རིག་པའི་བྱིན་རླབས་ཀྱིས། །རྩོལ་བྲལ་ཐེག་པའི་སྣོད་གྱུར་ནས། །ཡང་དག་དོན་ལ་འཇུག་པར་ཤོག །ཕྱོགས་དང་དུས་དང་གནས་སྐབས་ཐམས་ཅད་དུ། བཀྲ་ཤིས་དང་བདེ་ལེགས་ཀྱིས་ཁྱབ་པར་གྱུར་ཅིག །དགེའོ།། །།

སྨོན་ལམ།

རྗེས་སྨོན་ལམ་གདབ་པ་ནི། ཆོས་ཉིད་དངོས་པོ་མེད་པའི་ཡེ་སྟོང་འདི། །ལྟ་བ་འདི་དང་མི་འབྲལ་འགྲོགས་པར་ཤོག །ཆོས་ཉིད་ཉམས་མྱོང་མེད་པའི་བདེ་སྟོང་འདི། །བསྒོམ་པ་འདི་དང་མི་འབྲལ་འགྲོགས་པར་ཤོག །སེམས་ཉིད་འཆོས་པ་མེད་པའི་རང་སྟོང་འདི། །སྤྱོད་པ་འདི་དང་མི་འབྲལ་འགྲོགས་པར་ཤོག །ཆོས་ཉིད་འགྱུར་བ་མེད་པའི་ཡེ་སྟོང་འདི། །འབྲས་བུ་འདི་དང་མི་འབྲལ་འགྲོགས་པར་ཤོག །ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་པར་གྱུར་ཅིག །སྨོན་ལམ་གྱི་མཐུ་བཙན་པར་གྱུར་ཅིག །དེ་ཁོ་ན་ཉིད་ཀྱི་དོན་ལ་བློ་གནས་པར་གྱུར་ཅིག །ཅེས་བརྗོད་ཅིང་བླ་མས་བུམ་པ་སློབ་མའི་མགོ་ལ་བཞག །སྤྱི་བོར་ཆུ་གཏིགས་ཤིང་། བུམ་ཆུ་འཐུང་བ་དང་ཁྲུས་བྱེད་དུ་བཅུག་ལ། དབང་བརྟན་པར་བྱ་ཞིང་། ༼སུ་པྲ་ཏིཥྛས་མེ་ཏོག་འཐོར།༽མཆོད་མཁན་རྣམས་ཀྱིས་སྤོས་དང་རོལ་མོ་སྦྱར་རོ།། །