Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་སོ་གཅིག་པ།


   
   
   
   
   
   
   
   
   
   
   
རྫོགས་ཆེན་སེམས་སྡེ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཀྱི་དགའ་སྟོན། སོག་ཟློག་པ་བློ་གྲོས་རྒྱལ་མཚན།
   
   
   


 
previousརྫོགས་ཆེན་སེམས་སྡེ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཀྱི་དགའ་སྟོན། སོག་ཟློག་པ་བློ་གྲོས་རྒྱལ་མཚན།next

རྫོགས་ཆེན་སེམས་སྡེ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཀྱི་དགའ་སྟོན། སོག་ཟློག་པ་བློ་གྲོས་རྒྱལ་མཚན།

རྫོགས་ཆེན་སེམས་སྡེ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཀྱི་དགའ་སྟོན་བཞུགས་སོ། །ན་མོ་གུ་རུ་བྷྱ། ཡེ་ཤེས་རིག་པ་གཞན་དུ་མ་འཁྲུལ་པས། །ཐོག་མའི་གཞི་ལམ་མངོན་པར་བྱང་ཆུབ་པ། །དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །དག་པའི་དབྱིངས་ལས་ཐུགས་རྗེ་རོལ་པའི་སྐུར། །མངོན་པར་སྣང་བ་བདེ་ཆེན་ལོངས་སྤྱོད་རྫོགས། །ཁྱབ་བདག་སྟོན་པ་རྡོ་རྗེ་སེམས་དཔའ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །རང་སྣང་མ་འགགས་གཞན་སྣང་དེར་སྟོན་པ། །འགྲོ་བའི་གཉེན་གཅིག་སྐལ་ལྡན་ཡོངས་ཀྱི་མགོན། །མཆོག་གི་སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །སྦྱངས་པ་མཐར་སོན་པཎ་ཆེན་ལྔ་བརྒྱའི་གཙོ། །ལས་འཕྲོ་བཟང་པོས་ཐེག་པའི་རྩེ་རྒྱལ་རྙེད། །སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཤེས་བྱ་ཀུན་གཟིགས་ཀུན་མཁྱེན་གཉིས་པར་གྲགས། །རྫོགས་ཆེན་དགོངས་པ་རིས་མེད་མངོན་དུ་གྱུར། །པཎ་ཆེན་གྲུབ་པའི་དབང་ཕྱུག་ཤྲཱི་སེང་། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཡང་དག་བཅུ་གཅིག་དོན་ལྡན་ལོ་ཙཱ་བ། །ལྟ་དགོངས་མཐར་ཕྱིན་སྣང་སྲིད་ཟིལ་གྱིས་མནན། །མཁས་པ་པ་གོར་བཻ་རོ་ཙ་ན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །སྦྱངས་པའི་འཕྲོ་སད་ཆོས་ཀུན་ཐུགས་སུ་ཆུད། །བཻ་རོས་རྗེས་བཟུང་མཆོག་གི་དངོས་གྲུབ་ཐོབ། །གྲུབ་ཆེན་རྒྱལ་མོ་གཡུ་སྒྲ་སྙིང་པོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཆུ་བོ་བཞི་འདུས་མཉམ་མེད་ལོ་ཙཱ་བ། །སྐད་ཅིག་གཅིག་ལ་ས་བདུན་མངོན་དུ་མཛད། །སློབ་དཔོན་གཉགས་སྟོན་ཛྙཱ་ན་ཀུ་མཱ་རར། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །རིང་ནས་སྦྱངས་པའི་སྐལ་ལྡན་ལས་འཕྲོ་ཅན། །བླ་མས་རྗེས་བཟུང་མཁའ་སྤྱོད་གནས་སུ་གཤེགས། །སྐྱེས་མཆོག་སོག་པོ་དཔལ་གྱི་ཡེ་ཤེས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །མི་ལོ་བརྒྱ་དང་བཅུ་བཞི་རྒྱ་བོད་དུ། །བསྐྱེད་རྫོགས་སྦྱངས་པ་མཐར་ཕྱིན་གྲུབ་པ་ཐོབ། །བླ་ཆེན་གནུབས་བན་སངས་རྒྱས་ཡེ་ཤེས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །མདོ་རྒྱུད་ཀུན་ལ་ཐོགས་མེད་མཁྱེན་པ་རྒྱས། །མཆོག་དང་ཐུན་མོང་དངོས་གྲུབ་དུས་གཅིག་ཐོབ། །ཁུ་ལུང་གནུབས་སྟོན་ཡོན་ཏན་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །དོགས་ལ་ཤངས་ཀྱི་གཙུག་ལག་ཁང་ཆེན་པོར། །བསྐྱེད་རྫོགས་གསུམ་སྟོན་སྙིང་པོའི་བསྟན་པ་སྤེལ། །ཉང་སྟོན་ཆེན་པོ་ཤེས་རབ་མཆོག་ལྡན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །བླ་མའི་ཐུགས་ཟིན་ཏིང་འཛིན་ལས་སུ་རུང་། །བསྐྱེད་རྫོགས་གསུམ་ལ་མཁས་པའི་གྲགས་པས་ཁྱབ། །ཆོས་ལུང་ཉང་སྟོན་ཡེ་ཤེས་འབྱུང་གནས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །འུག་པ་ལུང་གི་དབེན་རྩ་དམ་པ་རུ། །བཤད་སྒྲུབ་ཆུ་བོས་སྙིང་པོའི་བསྟན་པ་བཙུགས། །མཁས་གྲུབ་གཙང་སྒོམ་བདེ་གཤེགས་ཟུར་པོ་ཆེ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཟུར་གྱི་རིགས་འཁྲུངས་ཐོས་བསམ་མཐའ་རུ་ཕྱིན། །ལྟ་དགོངས་རྩེར་སོན་བསྟན་པ་ཉི་འོད་བརྡལ། །ལྷ་རྗེ་ཆེན་པོ་ཟུར་ཆུང་ཤེས་རབ་གྲགས། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ལུང་རྟོགས་ཡོན་ཏན་རྒྱ་མཚོས་ཐུགས་རྒྱུད་གཏམས། །ཕྲིན་ལས་རྣམ་བཞིས་གསང་སྔགས་བསྟན་སྲོག་བཟུང་། །སྐྱོ་སྟོན་སྔགས་འཆང་ཤཱཀྱ་ཡེ་ཤེས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །གདུགས་ཐོགས་སྟོང་གིས་གང་ཞབས་གུས་མཆོད་ཅིང་། །རྒྱ་ཆེ་རྒྱུན་མི་འཆད་པའི་ཕྲིན་ལས་ཅན། །གསང་བདག་དངོས་བྱོན་ལྷ་རྗེ་སྒྲོ་ཕུག་ཤཱཀྱ་སེང་གེ་པར། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །གསུང་རབ་ཀུན་ལ་མཁས་པའི་ཕུལ་དུ་གྱུར། །དགོངས་པ་མངོན་གྱུར་ཚེ་གཅིག་བྱང་ཆུབ་བརྙེས། །ལྕེ་རྒྱ་ནག་སྟོན་ལྷ་རྗེ་དཀྱིལ་མཁར་ལྷ་ཁང་པར། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཏིང་འཛིན་མངོན་གྱུར་ཐོག་གིས་མི་ཚུགས་ཤིང་། །རི་གཟར་རྦབ་ཀྱང་གྱེན་ལ་བཟློག་པར་མཛད། །མཚུངས་མེད་གྲུབ་ཆེན་དབུས་པ་ཞིག་པོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །བསམ་ཞིང་འགྲོ་བའི་དོན་ལ་བྱོན་པའི་མཐུས། །ཕྲིན་ལས་རྒྱ་མཚོ་འབད་མེད་ལྷུན་གྱིས་གྲུབ། །ཞིག་པོ་བདུད་རྩི་སེམས་ཕྱོགས་བསྟན་པའི་བདག །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །གསར་རྙིང་ཆོས་ལ་མཁས་ཤིང་གྲུབ་པའི་མཆོག །གཡོ་རུ་སྟོད་དུ་བསྟན་པའི་སྲོལ་བཟང་གཏོད། །ཨ་མེས་ཆེན་པོ་རྟ་སྟོན་ཇོ་ཡེ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །མདོ་དང་སྒྱུ་འཕྲུལ་སེམས་ཕྱོགས་མཐའ་དག་ལ། །བཤད་པས་ཕན་བཏགས་སྒྲུབ་པའི་ས་སྡེ་བཙུགས། །སྔགས་འཆང་ཆེན་པོ་རྟ་སྟོན་གཟི་བརྗིད་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །བགྲང་ཡས་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་སོན། །སེམས་སྡེ་བཅོ་བརྒྱད་བསྟན་པའི་སྒྲོན་མེ་སྦར། །འཁྲུལ་ཞིག་སྐྱེ་མེད་དམ་པ་སངས་རྒྱས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །གཞོན་ནུ་ཉིད་ནས་ཏིང་འཛིན་དུས་འདའ་ཞིང་། །ཡི་དམ་ཞལ་གཟིགས་བཤད་སྒྲུབ་བསྟན་པ་སྤེལ། །སྐྱེས་མཆོག་མཉམ་མེད་སྤྲུལ་སྐུ་ཆེན་པོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །འཇམ་པའི་དབྱངས་དང་གཉིས་སུ་མ་མཆིས་པས། །སྐད་ཅིག་གཅིག་ལ་ཆོས་རྣམས་ཐུགས་སུ་ཆུད། །ཟུར་སྟོན་ཆེན་པོ་བྱམས་པ་སེང་གེ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །སྦྱངས་པ་མཐར་ཕྱིན་ཏིང་འཛིན་གདིང་དང་ལྡན། །འཁོར་བའི་སྐྱོན་སྤངས་རང་བཞིན་རྣལ་འབྱོར་མ། །མ་གཅིག་ཟུར་མོ་མཁས་བཙུན་སངས་རྒྱས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །མཁས་གྲུབ་རིག་འཛིན་རྒྱ་མཚོའི་གཙུག་གི་རྒྱན། །རིམ་གཉིས་བསྟན་པའི་རྒྱལ་མཚན་སྲིད་མཐར་བསྒྲེངས། །འཇམ་དབྱངས་སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཡོངས་རྫོགས་བསྟན་པའི་མངའ་བདག་དགེ་བའི་བཤེས། །འཆད་རྩོད་རྩོམ་པས་བསྟན་པ་ཕྱོགས་བཅུར་སྤེལ། །སྒྲོལ་ཆེན་ཆོས་རྗེ་སངས་རྒྱས་རིན་ཆེན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི། །ཏིང་འཛིན་དགོངས་པས་ཉིན་མཚན་དུས་འདའ་བ། །ཤངས་མདའི་རྒྱལ་སྲས་རྡོ་རྗེ་ཐུགས་མཆོག་རྩལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཐུབ་བསྟན་ཡོངས་སུ་རྫོགས་པའི་དགེ་བའི་བཤེས། །བརྒྱ་ཕྲག་ཏིང་འཛིན་སྒོ་ལ་དབང་འབྱོར་བ། །ཀུན་མཁྱེན་གྲུབ་མཆོག་གྲགས་པ་དཔལ་འབྱོར་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཐོས་བསམ་སྒྲོ་འདོགས་ཆོད་པའི་བློ་གྲོས་ཅན། །རབ་གསལ་རིག་རྩལ་འབྱོངས་པའི་ཉམས་རྟོགས་འཁྲུངས། །མཁན་ཆེན་འདྲེན་མཆོག་རྟ་ནག་ཐུབ་བསྟན་མཁན་པོ། བློ་གྲོས་རབ་ཡངས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཟབ་གསལ་ཏིང་འཛིན་སྒོ་མང་འབྱེད་པའི་མགོན། །མཁས་བཙུན་བཟང་པོས་གདུལ་བྱ་ཐར་ལམ་འདྲེན། །བླ་ཆེན་རྡོ་རྗེ་འཆང་དངོས་ཆོས་ཀྱི་རྗེ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །སྔོན་ནས་སྦྱངས་པས་བློ་གྲོས་ཕུན་སུམ་ཚོགས། །སྐྱེ་མེད་དོན་གྱི་གནས་ལུགས་མངོན་དུ་གྱུར། །ངེས་དོན་བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེང་། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །མཐའ་ཡས་ཤེས་བྱའི་གནས་རྣམས་མ་ལུས་གཟིགས། །གཞན་ཕན་བྱང་ཆུབ་སེམས་མཆོག་མངོན་དུ་གྱུར། །རྡོ་རྗེ་ཐེག་པའི་བསྟན་འཛིན་འཇིག་རྟེན་མིག །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །དམ་པས་རྗེས་བཟུང་སྙིང་པོའི་ལམ་ལ་ཞུགས། །གསུང་རབ་རྒྱ་མཚོའི་ལུང་གི་ཐོས་པས་ཕྱུག །སྙིང་སྟོབས་གྲུབ་པའི་དཔའ་བོ་རྡོ་རྗེ་འཛིན། །རིག་འཛིན་ཕྲིན་ལས་ལྷུན་གྲུབ། མཆན། གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཀ་དག་རང་རིག་དངོས་འཛིན་འཆིང་བ་གྲོལ། །བདེ་ཆེན་འགྱུར་མེད་མཆོག་གི་དངོས་གྲུབ་བརྙེས། །སྙིགས་དུས་འགྲོ་བའི་སྐྱབས་གཅིག་རྡོ་རྗེ་འཛིན། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །འདི་ཡན་ཤྭ་ལོ་ཀ་བཞི་བཛྲཱ་ཀྵ་རས་སོ། །སྨིན་གྲོལ་རྒྱ་མཚོའི་གླིང་དུ་ཐོས་བརྩོན་གྲུར། །ཞུགས་ནས་གདམས་ངག་ནོར་བུའི་མཛོད་འཛིན་པ། །ངག་གི་དབང་ཕྱུག་ཆོས་དཔལ་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །རིག་འཛིན་རྒྱལ་བའི་སྲས་སུ་མངོན་བྱང་ལྔས། །ལེགས་པར་བསྐྱེད་པ་བསྟན་པ་རྒྱ་མཚོའི་སྲོག །རིན་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེར། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ལུང་རྟོགས་དམ་ཆོས་པདྨའི་དགའ་ཚལ་དུ། །བཤད་སྒྲུབ་འོད་ཟེར་ཕྲེང་བ་རྒྱས་མཛད་པའི། །བསྟན་འཛིན་ཉིན་མོར་བྱེད་པའི་མགོན་པོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །འཕགས་པའི་བཞུགས་གནས་སྒོམ་རི་དམ་པ་རུ། །ཨོ་རྒྱན་བླ་མའི་རིང་ལུགས་འཛིན་མཛད་པའི། །རྣལ་འབྱོར་དབང་ཕྱུག་དགོངས་ཀློང་ཡངས་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །རྒྱལ་ཀུན་མཁྱེན་བརྩེའི་རང་གཟུགས་འོད་སྟོང་གཟིས། །འཇིགས་ཚོགས་མུན་པ་མཐའ་དག་ལྷག་མེད་དུ། །འཇོམ་མཛད་ཐར་གླིང་སྣང་བའི་འོད་ཟེར་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཀུན་བཟང་ཆོས་སྐུའི་ཞལ་སྐྱིན་རྡོ་རྗེ་འཆང་། །གཞན་ཕན་ཐུགས་རྗེའི་མངའ་བདག་རིན་པོ་ཆེ། །སྙིགས་མའི་དུས་ཀྱི་སངས་རྒྱས་གཉིས་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །མི་འགྱུར་གཞི་དབྱིངས་ནམ་མཁའི་རྡོ་རྗེ་ལས། །ཚེ་དབང་གྲུབ་པའི་རྒྱལ་སར་མངའ་བསྒྱུར་བ། །ཐུགས་རྗེའི་རྩལ་འཆང་མཆོག་གི་སྤྲུལ་པའི་སྐུར། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །རྒྱལ་བའི་སྲས་ཀྱི་སྤྱོད་པ་ལྷུར་བླངས་ཏེ། །སྣ་ཚོགས་ཐབས་ཀྱིས་གཞན་ལ་ཕན་མཛད་པ། །མཐའ་ཡས་འགྲོ་བའི་སྐྱབས་གནས་ཆོས་ཀྱི་རྗེར། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །འདི་ཡན་ཤྭ་ལོ་ཀ་བརྒྱད་བཙུན་པ་གཞན་ཕན་པས་སོ། །འཇམ་དབྱངས་བླ་མའི་དགོངས་བརྒྱུད་འཕོས་པ་ལས། །མཁྱེན་བརྩེ་ནུས་པའི་དབང་པོ་ཐམས་ཅད་མཁྱེན། །བི་མ་ལ་དངོས་རྡོ་རྗེ་གཟི་བརྗིད་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཀུན་མཁྱེན་ཡེ་ཤེས་བློ་གྲོས་རྒྱ་མཚོའི་གཏེར། །མཐའ་ཡས་འགྲོ་ལ་སྨིན་གྲོལ་ཆར་དུ་འབེབས། །བཻ་རོ་དངོས་སྣང་པདྨ་གར་དབང་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །རྒྱལ་དབང་པདྨའི་ཕྲིན་ལས་ཕོ་ཉ་བ། །མི་འཇིགས་བྱམས་པའི་དཔལ་གྱི་འབྱུང་གནས་ཆེ། །ལང་གྲོ་དངོས་བྱོན་ནམ་མཁའི་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །འདི་ཡན་ཤྭ་ལོ་ཀ་གསུམ་ཛྙཱ་ནས་སོ། །ལས་འབྲས་བདེན་པའི་དོན་ལ་ཡིད་ཆེས་ནས། །དགེ་སྡིག་བླང་དོར་ཚུལ་བཞིན་བྱེད་པ་དང་། །འཆི་བ་སྙིང་ལ་ཟུག་པའི་བརྩོན་འགྲུས་ཀྱིས། །རང་དྲིན་རང་ལ་ཆེ་བར་བྱིན་གྱིས་རློབས། །འགྲོ་ཀུན་ཕ་མར་ཤེས་པའི་སྙིང་སྟོབས་དང་། །དམིགས་མེད་ཟུང་དུ་འཇུག་པའི་ཉམས་ལེན་གྱིས། །མྱུར་དུ་བྱང་ཆུབ་སེམས་གཉིས་འབྱོངས་ནས་ཀྱང་། །འཁོར་བ་དོང་ནས་སྤྲུགས་པར་བྱིན་གྱིས་རློབས། །ཡེ་ཤེས་སྟོན་པའི་དྲིན་ཆེན་བླ་མ་ལ། །སངས་རྒྱས་ཀུན་ལས་ལྷག་པའི་མོས་གུས་ཀྱིས། །ཉམས་རྟོགས་ཕུན་ཚོགས་རྒྱུད་ལ་སྐྱེ་བ་དང་། །གེགས་དང་གོལ་ས་ཆོད་པར་བྱིན་གྱིས་རློབས། །གང་ལྟར་སྣང་ཡང་ཐམས་ཅད་རང་གི་སེམས། །སེམས་ཉིད་གང་ཡང་མ་གྲུབ་སྟོང་པ་ཉིད། །མ་བཅོས་རྣལ་མར་འཇོག་པའི་ཉམས་ལེན་གྱིས། །འཁྲུལ་པ་རང་ཐོག་གྲོལ་བར་བྱིན་གྱིས་རློབས། །ངོ་སྤྲོད་དོན་ལ་ངེས་ཤེས་བརྟན་པོ་ཡིས། །ཡེངས་མེད་རྒྱུན་དུ་གོམས་པ་མཐར་ཕྱིན་ཏེ། །ཆུ་བོ་ལྟ་བུར་རྒྱུན་ཆད་མེད་པ་ཡི། །མཉམ་བཞག་བརྟན་པ་ཐོབ་པར་བྱིན་གྱིས་རློབས། །གང་ཤར་རང་ངོ་ཤེས་པའི་ཟབ་གནད་ཀྱིས། །རྫོགས་ཆེན་རང་སྣང་རིས་མེད་མངོན་གྱུར་ཏེ། །བྱས་ཆོས་ཐམས་ཅད་དབྱིངས་སུ་ནུབ་པ་དང་། །རང་བྱུང་ཡེ་ཤེས་འཆར་བར་བྱིན་གྱིས་རློབས། །ནམ་ཡང་བསྒོམ་མ་མྱོང་བའི་རང་བབ་གཤིས། །འདི་ལ་ཀུན་ཏུ་འབྲལ་བར་མི་བྱེད་ཅིང་། །བསྒོམ་མེད་དོན་ལ་གནས་པའི་བརྩོན་འགྲུས་ཀྱིས། །ཉིན་མཚན་ཀུན་ཏུ་འདའ་བར་བྱིན་གྱིས་རློབས། །རྒྱ་ཆེན་ཆོས་ཀྱི་ཕུང་པོ་མཐའ་ཡས་པ། །བརྒྱད་ཁྲི་བཞི་སྟོང་དག་ཏུ་བསྟན་པ་ཡང་། །འདི་དོན་རྟོགས་སླད་གསུངས་པའི་ཚུལ་རིག་སྟེ། །འབྲལ་མེད་རྩེ་གཅིག་སྐྱོང་བར་བྱིན་གྱིས་རློབས། །སེམས་ཉིད་ཡིད་བཞིན་ནོར་བུ་རིན་པོ་ཆེ། །ལས་དང་བག་ཆགས་ཉོན་མོངས་དྲི་ཕྱིས་ཏེ། །རྣམ་དག་སྐུ་བཞིའི་རྒྱལ་མཚན་རྩེར་བཀོད་ནས། །འགྲོ་ལ་འདོད་དགུའི་ཆོས་ཆར་འབེབས་པར་ཤོག །རྫོགས་པ་ཆེན་པོ་སེམས་ཕྱོགས་ཀྱི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་བྱིན་རླབས་ཀྱི་དགའ་སྟོན་ཅེས་བྱ་བ། རྗེ་བཙུན་བླ་མ་དེ་དག་ལ་མི་ཕྱེད་པ་དང་། དང་བ་དང་། འདུན་པ་སྟེ། དད་པ་གསུམ་དང་ལྡན་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས་སྦྱར་བའོ།། ༈ །།སྤྱིར་སེམས་སྡེ་ལ། པཎ་ཆེན་བི་མ་ལས་བསྒྱུར་བའི་ཕྱི་འགྱུར་བཅུ་གསུམ་དང་སེམས་སྡེ་ཉེར་གཅིག །དེ་དག་ཏུ་མ་འདུས་པའི་རྒྱུད་དང་རྒྱ་གཞུང་མཐའ་ཡས་པ་ཡོད་ཅིང་། སྔ་འགྱུར་ལྔ་ལ་སོགས་པ་བཻ་རོ་ནས་བརྒྱུད་པ་ལའང་། བརྒྱུད་ཚུལ་སྔ་ཕྱི་བར་གསུམ་བྱུང་། བོད་འདིར་བསྟན་པ་སྔ་དར་དང་། ཕྱི་དར། ཕྱི་སྐེད་བུ་སྟོན་ཐམས་ཅད་མཁྱེན་པ་དང་། ས་སྐྱའི་དཔལ་ལྡན་བླ་དམ་པའི་དུས་ཡན་ཆོད་ལ་ཤིན་ཏུ་དར། མངའ་རིས་མདོ་ཁམས་ཡན་ཆད་དུ་སོ་སོར་བརྒྱུད་ལུགས་མཐའ་ཡས་ཡོད་མོད་ཀྱང་། ཡོངས་གྲགས་ལ་རྩ་བརྒྱུད། དབུས་བརྒྱུད། དབུས་གཙང་འདྲེས་མ་དང་གསུམ་དུ་བཞག་པ་ལས། འདི་ནི་དབུས་གཙང་འདྲེས་མ་ཡིན། །བདག་གིས་ཐོས་པའི་གཙང་བརྒྱུད་ལ་ཡང་བརྒྱུད་ལུགས་བཞི་ལྔ་ཡོད་པ་ཟུར་ན་གསལ། ཡང་དབུས་གཙང་འདྲེས་མའི་བརྒྱུད་ལུགས་གཅིག་ལ་ཟུར་ཆུང་ནས་གླན་ཤཱཀྱ་བཟང་པོ། མདའ་ཤཱཀྱ་འཕེལ། རྟོགས་ལྡན་ཤཱཀྱ་སེང་གེ། ཀྱི་སྟོན་ཤཱཀ་ཡེ། མཉམ་མེད་དམ་པ་ཤཱཀ་རྒྱལ། བླ་མ་ལྷ་རྗེ་ཆེན་པོ། ཞིག་པོ་བདུད་རྩི། སངས་རྒྱས་སྨྱོན་སྟོན་བླ་མ། སྨྱོན་སྟོན་ཤཱཀ་འབུམ། སྐྱེ་མེད་དམ་པ་སངས་རྒྱས། སྐྱེས་མཆོག་སྤྲུལ་སྐུ་ཆེན་པོ། ཆོས་རྒྱལ་མངའ་རིས་པཎ་ཆེན། ཀུན་སྤངས་རི་ཁྲོད་པ། མཁན་ཆེན་མཛེས་པའི་རྒྱལ་མཚན། རྟོགས་ལྡན་ཆོས་དཔལ་བཟང་པོ། མཁན་ཆེན་བློ་གྲོས་རྟ་ནག་ཐུབ་བསྟན་གྱི་མཁན་པོ། རབ་ཡངས། བླ་ཆེན་རྡོ་རྗེ་འཆང་དབང་། དེས་བདག་ལའོ། ༼སོག་ཟློག་པ་བློ་གྲོས་རྒྱལ་མཚན།༽ དེ་མན་ཆོད་གོང་གི་གསོལ་འདེབས་ལྟར་དང་། བརྒྱུད་ཚུལ་གཞན་ཐོབ་ཡིག་ལྟར་རོ། །མངྒ་ལཾ།། །།


previousརྫོགས་ཆེན་སེམས་སྡེ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཀྱི་དགའ་སྟོན། སོག་ཟློག་པ་བློ་གྲོས་རྒྱལ་མཚན།next