Nitartha Digital Library
Tibetan
 
previousཀློང་སྡེ་རྡོ་རྗེ་ཟམ་པའི་གཞུང་སློབ་དཔོན། བཻ་རོ་ན།next

ཀློང་སྡེ་རྡོ་རྗེ་ཟམ་པའི་གཞུང་སློབ་དཔོན། བཻ་རོ་ན།

ཀློང་སྡེ་རྡོ་རྗེ་ཟམ་པའི་གཞུང་བཞུགས་སོ། །གདོད་མའི་མགོན་པོ་དང་རྣམ་དབྱེར་མ་མཆིས་པ་དཔལ་ལྡན་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །བྱིན་གྱིས་བརླབ་ཏུ་གསོལ། དེ་ལ་འདིར་གསང་སྔགས་སྔ་འགྱུར་རྙིང་མ་བའི་རིང་ལུགས་ལ་རྒྱ་ཆེ་བ་བཀའ་མ་དང་ཟབ་པ་གཏེར་མ་གཉིས་སུ་ཡོངས་སུ་གྲགས་པའི་དང་པོ་ལ་མདོ་སྒྱུ་སེམས་གསུམ་གྱི། འདིར་སེམས་ཕྱོགས་རྫོགས་པ་ཆེན་པོ་སྡེ་གསུམ་ལས་རྣལ་འབྱོར་མ་རྒྱུད་བདེ་སྟོང་སངས་རྒྱས་མཉམ་སྦྱོར་གྱི་སྙིང་པོའི་བཅུད་བསྡུས་ཤིང་ཡེ་ཤེས་གསང་བ་ལ་སོགས་པའི་རྒྱུད་སྡེ་བཅུ་གསུམ་དང་། རྡོ་རྗེའི་ཟམ་པ་དབང་གི་མན་ངག་ལ་སོགས་པའི་སྒྲུབ་སྡེ་བཅུ་གསུམ་དང་། ལྟ་བའི་ཀློང་ལ་སོགས་པ་ཀློང་དགུའི་དོན་གྱི་བཅུད་ཕྱུང་བ་རང་བཞིན་རྫོགས་པ་ཆེན་པོའི་སྙན་བརྒྱུད་རྡོ་རྗེའི་ཟམ་པ་ཞེས་ཐེག་པ་ཐམས་ཅད་ཀྱི་ཡང་རྩེར་གྱུར་པ་འདི་ཉིད་འཇིག་རྟེན་མིག་གཅིག་ལོ་ཆེན་བཻ་རོ་ཙ་ནས་མཁས་པ་ཤྲཱི་སེདྷ་སོགས་རྒྱ་གར་གྱི་པཎ་ཆེན་ཉི་ཤུ་རྩ་ལྔའི་ཐུགས་ཀྱི་གསང་མཛོད་བརྟོལ་བའི་གདམས་པ་ཟབ་མོ་ལ་བརྒྱུད་པ་སྔ་ཕྱི་བར་གསུམ་དུ་བྱུང་བ་ལས། ཕྱི་མའི་སྐོར་ཡིན་ཏེ་བཻ་རོའི་འདྲ་འབག་ཏུ། བདག་ཉིད་བཻ་རོ་ཙ་ན་མཆིས་པ་འདི། །ཡང་དག་བཅུ་གཅིག་དོན་དང་ཡེ་ནས་ལྡན། །རྒྱ་གར་ཡུལ་ནས་ཆོས་བསླབས་ནས། །སྒྲ་དོན་བསྡེབས་ནས་བཀའ་བསྒྱུར་ཏེ། །བོད་ཀྱི་རྒྱལ་ཁམས་དཀར་པོར་བཏང་། །རྒྱལ་དང་བློན་པོ་ཀུན་ལོག་ནས། །སྤྱུགས་པས་ཚ་བའི་རོང་དུ་མཆིས། །རྒྱུད་སྡེ་ཀློང་སྡེའི་བཀའ་བཀྲོལ་ནས། །གཡུ་སྒྲ་སྙིང་པོ་ཉིད་ལ་གཏད། །ཚ་བའི་རྒྱལ་ཁམས་དཀར་པོར་བཏང་། །ཡང་དག་དོན་གཅིག་མཆིས་པ་དེ། །མི་ཕམ་མགོན་པོ་ཉིད་ལ་གཏད། །ཅེས་སྤང་མི་ཕམ་མགོན་པོ་ལ་སྙན་བརྒྱུད་དུ་གདམས་ཤིང་དེ་ནས་བཟུང་སྟེ་བརྒྱུད་པ་བདུན་གྱི་བར་དུ་ཕུང་པོ་ལྷག་མེད་འཇའ་ལུས་འོད་སྐུར་གྲོལ་བ་ཤ་སྟག་ཏུ་བྱོན་པའི་བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་ནས་ཞལ། སྙན་ནས་སྙན་དུ་བརྒྱུད་པའི་ཟབ་ཅིང་ཆེས་དཀོན་པའི་ཆོས་སྐོར་ལ། གཞུང་དང་ཡིག་སྣའི་སྐོར། བྱིན་རླབས་དབང་གི་སྐོར། སྒོམ་སྒྲུབ་ཉམས་ལེན་གྱི་སྐོར། ཞལ་གདམས་གདམས་པའི་སྐོར་དང་བཞིའོ། །དང་པོ་ལ། ༈ སྒྲུབ་སྡེ་བཅུ་གསུམ་གྱི་སྙིང་པོ་སྙན་བརྒྱུད་རྡོ་རྗེ་ཟམ་པའི་རྩ་བའི་གཞུང་ཆུང་བཞུགས་སོ། །མ་ནོར་མ་བཅོས་བསམ་འདས་བརྗོད་མེད་ངང་ལ་ཕྱག་འཚལ་ལོ། །གདོད་ནས་དག་པའི་བྱང་ཆུབ་སེམས་ཉིད་ཀྱིས། །ཉིད་ཀྱི་ངོ་བོ་ཉིད་ཀྱི་དོན་བསྟན་པ། །རྣ་བརྒྱུད་ལུང་གི་གཏེར་ཆེན་འགྲོལ། །བསྒོམ་མེད་དོན་གྱི་གཟེར་ཆེན་གདབ། །བརྡ་དོན་འགྲོལ་བའི་མན་ངག་སྦྱིན། །འཛིན་མེད་ངང་ལ་མི་གནས་པར། །གཡོ་འཛིན་རླུང་གི་མན་ངག་སྦྱིན། །སེམས་ཉིད་མི་བརྟན་སྤྲོས་ཆེན་ལ། །བདེ་ཆེན་ཐིག་ལེའི་མན་ངག་སྦྱིན། །རྡོ་རྗེའི་ཚིག་ལམ་སེམས་ཀྱི་ལྡེ་མིག་བསྟན། །ཐ་མལ་གཉུག་མ་སོ་མ་ལྷུག་པའི་ངང་། །རྟེན་མེད་པས་ན་རིག་པ་རང་སར་གྲོལ། །རྐྱེན་དང་བྲལ་བས་རིག་པ་རང་སར་དག །རེ་དོགས་མེད་པར་དབྱིངས་ལ་གཏད། །བསམ་བརྗོད་བྲལ་བས་ཏིང་འཛིན་མཆོག །དེ་བཞིན་ཉིད་དུ་མྱ་ངན་འདས། །དབང་ངང་གིས་རྫོགས་པས་སྒོམ་སྒྲུབ་དགེ་བའི་ཆོས་ལ་མི་ལྟོས། སྐུ་རང་ཆས་སུ་གྱུར་པས་གཉིས་འཛིན་ལས་གྲོལ། དོན་གཅིག་ཏུ་རྟོགས་པས་རྟོག་དཔྱོད་ལས་འདས། འདི་ནི་རྡོ་རྗེའི་ལམ་མཆོག་སྟེ། །སྐལ་ལྡན་འབད་པ་མེད་པར་གྲོལ། །གྲོལ་བ་རང་བྱུང་གཞན་ལས་མིན། །བཀའ་ས་མནྟ་ནམ་མཁའ་དང་མཉམ་པ་བདེ་བ་ཀུན་ཏུ་སྤྱོད་པའི་རྒྱུད་ལས་ཕྱེ་བའི་རྡོ་རྗེ་སྙིང་པོའི་དོན་གཏན་ལ་འབེབས་པར་བྱེད་པའི་རྒྱུད་སྡེ་བཅུ་གསུམ་དང་། པདྨའི་སྙིང་པོའི་དོན་ཉམས་སུ་ལེན་པའི་སྒྲུབ་སྡེ་བཅུ་གསུམ་ལས། གདམས་ངག་འདི་ནི་རྒྱུད་སྡེ་བཅུ་གསུམ་གྱི་དོན། སྒྲུབ་སྡེ་བཅུ་གསུམ་གྱི་སྙིང་པོ་རྣ་བརྒྱུད་རིན་པོ་ཆེ་ཟམ་པའི་གདམས་ངག་གོ། །སློབ་དཔོན་བཻ་རོ་ནས་བསྟན་པ་རྫོགས་སོ།། །།


previousཀློང་སྡེ་རྡོ་རྗེ་ཟམ་པའི་གཞུང་སློབ་དཔོན། བཻ་རོ་ན།next