Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་སོ་གསུམ་པ།


   
   
   
   
   
   
   
   
འོད་གསལ་རྫོགས་པ་ཆེན་པོ་མན་ངག་སྡེའི་གནད་ཀྱི་བཅུད་ཕུད་སངས་རྒྱས་ཀྱི་འདས་རྗེས་གསུམ།
   
   


 
previousའོད་གསལ་རྫོགས་པ་ཆེན་པོ་མན་ངག་སྡེའི་གནད་ཀྱི་བཅུད་ཕུད་སངས་རྒྱས་ཀྱི་འདས་རྗེས་གསུམ།next

འོད་གསལ་རྫོགས་པ་ཆེན་པོ་མན་ངག་སྡེའི་གནད་ཀྱི་བཅུད་ཕུད་སངས་རྒྱས་ཀྱི་འདས་རྗེས་གསུམ།

འོད་གསལ་རྫོགས་པ་ཆེན་པོ་མན་ངག་སྡེའི་གནད་ཀྱི་བཅུད་ཕུད་སངས་རྒྱས་ཀྱི་འདས་རྗེས་གསུམ་བཞུགས་སོ། །རྒྱ་གར་སྐད་དུ། བུདྡྷ་དྷེ་ཀ་ར་ཡེ་དྷུ་ནཱ་མ། བོད་སྐད་དུ། སངས་རྒྱས་ཀྱི་ཞལ་ཆེམས་དང་པོ་ཞེས་བྱ་བ། ཡང་དག་པར་རྫོགས་པའི་སངས་རྒྱས་དྲུག་པ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །ཀྱེ་མ་ཀྱེ་མ། རིགས་ཀྱི་བུ་རྣམས་གསང་སྔགས་ཀྱི་གནད་ཐམས་ཅད་གཅིག་ཏུ་དྲིལ་ནས་ཉམས་སུ་ལོངས་ཤིག །ལུས་ངག་ཡིད་ཀྱི་སྔོན་འགྲོ་ནི། ༈ །མི་རྟག་སྙིང་རྗེ་བྱང་སེམས་སྦྱངས། ༈ །ལུས་འདི་མ་རིག་རྒྱུས་བསྐྱེད་ཕྱིར། །རིགས་དྲུག་ས་བོན་ཉིད་དུ་གནས། །རིག་པ་སྐུ་གསུམ་དངོས་ཡིན་ཕྱིར། །སྐུ་གསུམ་ཡི་གེ་གསུམ་དུ་ཤར། །ཡི་གེའི་རྩལ་སྦྱང་རུ་ཤན་དབྱེ། །དེ་ནས་རྣལ་དུ་དབབ་པའི་ཕྱིར། །ཉན་ཐོས་བྱང་སེམས་ཁྲོ་བོ་ཡི། །ལྟ་ལྟངས་ཉིད་ཀྱིས་སོར་ཡང་གཞུག །གནས་བརྟན་གྲོལ་བའི་གདིང་ཐོབ་ནས། ༈ །ཕྱི་ནང་བྱ་བ་ཀུན་བཏང་སྟེ། །གླང་སེང་དྲང་སྲོང་འདུག་སྟངས་བཅའ། །ངག་ནི་སྨྲ་བ་རྒྱུན་བཅད་ལ། །སེམས་ནི་སྨིན་ཕྲག་མཁའ་ལ་གཏད། །སྒོ་ཡུལ་རླུང་གི་གནད་བསྟུན་པས། །ཡུལ་ལ་ཡེ་ཤེས་མངོན་དུ་སྣང་། །མངོན་སུམ་གནད་ལས་འབྲལ་མི་བྱ། ༈ །མི་འགུལ་གསུམ་ལ་གཞི་བཅས་པས། །སྣང་བ་བཞི་ཡི་དྲོད་རྙེད་ནས། །སྡོད་པ་གསུམ་གྱི་ཚད་ཟིན་ཏེ། །ཐོབ་པ་གསུམ་གྱི་གཟེར་ཐེབས་ན། །ཁམས་གསུམ་དག་ཏུ་ལྡོག་རེ་ཀན། །མྱ་ངན་འདའ་བར་ཐེ་ཚོམ་མེད། ༈ །ཅེས་སུམ་ཅུ་རྩ་གསུམ་གྱི་ལྷོ་ཕྱོགས་སྨན་འཚོ་བྱེད་གཞོན་ནུའི་ལྡུམ་རར། རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པའི་ཚེ། དགའ་རབ་རྡོ་རྗེ་ས་ལ་འགྱེལ་ཞིང་གདུང་བའི་སྨྲེ་སྔགས་ཕྱུངས་པ། ཀྱེ་མ་ཀྱི་ཧུད་ཀྱེ་མ་ཀློང་། །སྟོན་པ་སྒྲོན་མེའི་འོད་ནུབ་ན། །འཇིག་རྟེན་མུན་པ་གང་གིས་སེལ། །ཞེས་བརྗོད་དེ་བརྒྱལ་སངས་པ་དང་། །འོད་ཕུང་གི་ནང་ནས་ཕྱག་གཡས་པའི་གྲུ་མོ་མན་ཆད་ཕྱུང་ནས། རིན་པོ་ཆེ་ཤེལ་གྱི་ཟ་མ་ཏོག་སེན་གང་བ་ཞིག །ཕྱག་གཡས་པའི་མཐིལ་དུ་བབས་ཏེ། །དེ་ཞལ་ཕྱེ་བས་རིན་པོ་ཆེ་མཐིང་ཁ་ལ་བཻཌཱུཪྻ་བཞུ་བའི་ཁུ་བས་བྲིས་པ་བབས་པས་དགའ་རབ་རྡོ་རྗེ་རྟོགས་པའི་གདིང་དང་ལྡན་པར་གྱུར་ཏོ། །ས་མ་ཡ། ༈ རྒྱ་གར་སྐད་དུ། བུདྡྷ་དྷེ་ཀ་ར་མ་དུ་ནཱ་མ། བོད་སྐད་དུ། སངས་རྒྱས་ཀྱི་འདས་རྗེས་གཉིས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་སྟོབས་ཀྱིས་རྣམ་པར་གནོན་པ་ཉིད་ལ་ཕྱག་འཚལ་ལོ། ༈ །ངེས་པར་སངས་རྒྱས་ཐོབ་འདོད་ན། །སྔོན་དུ་འགྲོ་ལ་རྩལ་ཉིད་སྦྱང་། །ལུས་དང་ངག་དང་ཡིད་གསུམ་པོ། །རུ་ཤན་ལེགས་པར་མ་ཕྱེད་ན། །ཁམས་གསུམ་ཉིད་ལས་མི་གྲོལ་བས། །སྔོན་དུ་འགྲོ་བ་དག་ལ་བསླབ། །སྔོན་འགྲོའི་གནད་ལ་མཁས་གྱུར་ན། །མཆོག་ཐུན་དགོངས་པ་ལ་མཁས་འགྱུར། ༈ །དབེན་པའི་གནས་སུ་གཅིག་པུར་འདུག །ལུས་ཀྱི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྤྱོད་པ་སྣ་ཚོགས་སྤྱད། །དཀོན་མཆོག་གསུམ་གྱི་སྤྱོད་པའང་བྱ། །སྐྱིལ་ཀྲུང་མཐིལ་སྤྲད་དྲང་པོར་བསྲང་། །སྤྱི་བོར་ཐལ་མོ་སྦྱར་བར་བྱ། །དེ་ལྟར་ལུས་ཀྱིས་སུས་བྱས་པ། །ལུས་དེ་མི་ལྡོག་བར་ཆད་ཞི། །ཞེན་པ་བཟློག་ཅིང་སྒྲིབ་པ་འདག །ལུས་དེ་སྤྲུལ་པའི་སྐུར་གྲོལ་ནས། །སངས་རྒྱས་སྐུ་དང་གཉིས་སུ་མེད། །ལྷག་མེད་ཉིད་དུ་འགྱུར་བའོ། ༈ །ངག་གི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྒྲ་སྐད་སྣ་ཚོགས་བརྗོད། །ཞི་ཁྲོའི་སྒྲ་དང་འབྱུང་བའི་སྒྲ། །རྣམ་པ་སྣ་ཚོགས་ཉིད་ལ་སྤྱད། །རྒྱས་གདབ་གནད་ལ་ཞག་གསུམ་བྱ། །རྩལ་སྦྱང་མཉེན་བཙལ་ལམ་དུ་གཞུག །དེ་ལྟར་ངག་གིས་སུས་བྱས་པ། །ཞེན་ལོག་ངག་གི་སྒྲིབ་པ་འདག །མི་ལྡོག་གཉིས་མེད་ལོངས་སྐུར་གྲོལ། ༈ །ཡིད་ཀྱི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྡུག་བསྔལ་བློ་ལ་བླང་། །དེ་ནས་སེམས་ཀྱི་བྱུང་བ་བཙལ། །མ་རྙེད་ཆོས་ཀྱི་སྐུ་དང་འཕྲད། །དེ་ནས་སེམས་ཀྱི་གནས་པ་བཙལ། །མ་རྙེད་ལོངས་སྤྱོད་སྐུ་དང་འཕྲད། །དེ་ནས་སེམས་ཀྱི་འགྲོ་བ་བཙལ། །མ་རྙེད་སྤྲུལ་པའི་སྐུ་དང་འཕྲད། །དེ་ལྟར་སེམས་ཀྱིས་སུས་བྱས་པ། །ཞེན་ལོག་བར་ཆད་ཞི་བ་དང་། །སྒྲིབ་དག་ཁམས་གསུམ་ལྡོག་པ་མེད། །ཆོས་ཀྱི་སྐུར་གྲོལ་གཉིས་མེད་འདའ། ༈ །དེ་ནས་ལུས་ངག་ཡིད་གསུམ་པོ། །རྣལ་དུ་འབེབས་ལ་མཁས་པར་བྱ། །དེས་ནི་གསུམ་པོ་སོར་ཆུད་ནས། །ཉམས་ལེན་ཉིད་ལ་བརྩོན་པར་འགྱུར། །དེ་ལྟར་སྔོན་འགྲོ་རྫོགས་བྱས་ནས། །དེ་དག་བློ་ཡིས་བོར་ནས་ཀྱང་། །མངོན་སུམ་གནད་ལ་དབབ་པའི་ཕྱིར། །ལུས་ངག་ཡིད་གསུམ་བྱ་བ་སྤང་། ༈ །འདི་ནི་དུར་ཁྲོད་ཆེན་པོ་མེ་རི་འབར་བའི་ཤར་ཕྱོགས་ཌཱ་ཀི་མ་སྣ་ཚོགས་འདུ་བའི་གནས་སུ། ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པའི་ཚེ། དགའ་རབ་རྡོ་རྗེ་ས་ལ་འགྱེལ་ཏེ་གདུང་བའི་སྨྲེ་སྔགས་ཕྱུངས་པ། ཀྱེ་མ་ཀྱི་ཧུད་ཀྱེ་མ་ཀློང་། །སྟོན་པ་སྒྲོན་མེའི་འོད་ནུབ་ན། །འཇིག་རྟེན་མུན་པ་གང་གིས་སེལ། །ཞེས་བརྗོད་དེ་བརྒྱལ་སངས་པ་དང་། མདུན་གྱི་ནམ་མཁར་འོད་ཕུང་གི་དཀྱིལ་དུ། ཕྱག་གཡས་པའི་གྲུ་མོ་མན་ཆད་ཕྱུང་ནས། བཻ་ཌཱུཪྻའི་ཞུན་མ་ཉིད་ལ་རིན་པོ་ཆེ་ལྔའི་ཡི་གེ་རང་བྱུང་དུ་བཀོད་པ། རིན་པོ་ཆེ་ཤེལ་གྱི་ཟ་མ་ཏོག་དང་བཅས་པ་བབས་པ། བྱིན་རླབས་ཆེན་པོ་མཆོག་གི་ཡི་གེ། སངས་རྒྱས་ཀྱི་ཞལ་ཆེམས་གཉིས་པ། སྤྲུལ་པ་པོ་དགའ་རབ་རྡོ་རྗེ་གཟུང་བའི་དོན་དུ་སྣང་བར་བྱས་པས། མྱ་ངན་ལས་འདས་བ་ཐམས་ཅད་ཀྱི་སྣ་ཁྲིད་དང་འདྲ་བ། བསྟན་པ་ཐམས་ཅད་ཀྱི་བཅུད་བསྡུས་ཤིང་བུ་གཅིག་པར་བསྟན་པའོ། །ས་མ་ཡ། ༈ རྒྱ་གར་སྐད་དུ། བུདྡྷ་དྷེ་ཀ་ར་ཡ་ཏྲི་ནཱ་མ། བོད་སྐད་དུ། སངས་རྒྱས་ཀྱི་འདས་རྗེས་གསུམ་པ། རང་གྲོལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། ༈ །ཀྱེ་མ་ཀྱེ་མ་རིགས་ཀྱི་བུ་རྣམས་གསོན་ཅིག །ལུས་ནི་མྱ་ངན་འདས་འདོད་ན། །སྐུ་གསུམ་བཞུགས་སྟངས་ཉིད་ལ་བསླབ། །འདི་ལྟར་སུ་ཡིས་བྱས་པ་ནི། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་ཀློང་དུ་མྱ་ངན་འདའ། ༈ །ངག་ནི་བསླབ་བྱའི་རིམ་པ་དང་། །གནས་པ་བརྟན་ཞིང་ལ་ཡང་བཟླ། །དེ་ལས་མི་འདའ་སུས་བྱས་པ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གསུང་གི་ཀློང་དུ་མྱ་ངན་འདའ། ༈ །སེམས་གནད་གཟིགས་སྟངས་གསུམ་གཅུན་ཏེ། །ཡུལ་གནད་ནམ་མཁའ་རྐྱེན་བྲལ་ལ། །སྒོ་གནད་ཟློག་ཕབ་ཟུར་གྱིས་ལྟ། །རླུང་གནད་ཤིན་ཏུ་དལ་ལ་བརླབ། །དེ་ལྟར་གནད་གསུམ་གཟིར་བ་ཡིས། །སྐུ་གསུམ་རིག་པ་སྟོང་པར་འཆར། །ལུག་རྒྱུ་རིག་པ་བཙོན་དུ་བཟུང་། །མངོན་སུམ་གནད་མཐོང་བཟློག་པ་མེད། ༈ །ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ལྟ་བ་ནུབ། །གོང་དུ་འཕེལ་བའི་ཉམས་སྣང་གིས། །བར་དོའི་ཡེ་ཤེས་མངོན་དུ་བྱས། །རིག་པ་ཚད་ཕེབས་སྣང་བ་ཡིས། །ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན། །ཆོས་ཉིད་ཟད་པའི་སྣང་བ་ཡིས། །རྫོགས་ཆེན་བྱ་བྲལ་འབྲས་བུ་ཐོབ། །འདི་ལྟར་བཞི་ལ་མཐར་ཕྱིན་ན། །མྱང་འདས་གཞན་དུ་བཙལ་མི་དགོས། །མི་འགུལ་གསུམ་ལ་གཞི་བཅས་པས། །སྡོད་པ་གསུམ་ལ་ཚད་ཟིན་ཏེ། །རྟགས་ནི་ལུས་ངག་ཡིད་ལ་འབྱུང་། །ཐོབ་པ་གསུམ་གྱི་གཟེར་ཐེབས་སོ། །དེ་ལས་བསྟན་དུ་མེད་དོ་ས་མ་ཡ། ༈ །བསྟན་པ་གང་བབས་རིན་ཆེན་གྱིས། །ལེགས་བྲིས་མཆན་ཁུང་དག་ཏུ་བཅང་། །བཀུར་སྟི་སུས་བྱས་གྲོལ་བར་ངེས། །འཇའ་འོད་སྒྲ་དང་ས་གཡོ་དང་། །སད་སེར་མུ་གེ་གཟས་ཟིན་དུས། །ཕྱོགས་བསྟུན་ལྕེ་ཡིས་འདི་བཀླག་ན། །སྟོང་གསུམ་སྤྲུལ་པའི་སངས་རྒྱས་ལ། །ཡོན་ཕུལ་བ་བས་འདི་དོན་ཆེ། ༈ །བསྟན་པ་ཐམས་ཅད་ཀྱི་རང་བབས་རང་བྱུང་བྱིན་རླབས་ཀྱི་ཡི་གེ་འདི། རྒྱལ་པོ་ཛ་རི་ཞེས་བྱ་བའི་ཁབ་ཀྱི་ལྷོ། བྱ་རྒོད་སྤུངས་པའི་རི་ལ་སྟོན་པ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པའི་ཚེ། དགའ་རབ་རྡོ་རྗེས་གདུང་བའི་སྨྲེ་སྔགས་ཕྱུངས་པས། རིན་པོ་ཆེ་ལྔ་ཡི་ཡི་གེ་རང་བྱུང་བ་དགའ་རབ་རྡོ་རྗེའི་ཕྱག་གཡས་པའི་མཐིལ་དུ་བབས་པ། སངས་རྒྱས་ཀྱི་འདའ་རྗེས་ཐ་མ་བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པར་བཀོད་པའོ། །ས་མ་ཡ། རྒྱ་རྒྱ་རྒྱ། ལམ་བདེན་པ་ཐམས་ཅད་ཀྱི་མཐར་ཐུག་པ་འོད་གསལ་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་ཡང་རྩེ་མན་ངག་སྡེ་ལའང་། ཕྱི་ནང་གསང་བ་ཡང་གསང་གི་སྐོར་མཐའ་ཡས་པར་བཞུགས་པ་ལས། ཡང་གསང་མན་ངག་སྙིང་ཏིག་གི་རྒྱུད་ཤོ་ལོ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞིར་གྲགས་པའི་སྙིང་པོ་ནི་འོད་ཀྱི་ཡང་ཞུན་བཅུ་བདུན་བཤད། ཅེས་གསུངས་པ་ལྟར་རྒྱུད་བཅུ་བདུན་ཡིན་ལ། དེ་ཐམས་ཅད་ཀྱི་གཞིའམ་རྩ་བ་ལྟ་བུར་གྱུར་པ་རིན་པོ་ཆེ་འབྱུང་བའི་ས་བོན་ལྟ་བུ་ནི། སྒྲ་ཐལ་འགྱུར་ཆེན་པོ་རྩ་བའི་རྒྱུད་ཉིད་དུ་རྣམ་པར་བཞག་ཅིང་དེ་རྣམས་མཐའ་དག་གི་གནད་ཀྱི་སྙིང་པོ་སངས་རྒྱས་ཀྱི་འདས་རྗེས་གསུམ་དུ་གྲགས་པའི་རྒྱུད་སྡེ་ཁྱད་པར་ཅན་དང་། རིག་འཛིན་བཞིའི་འདས་རྗེས་ཞར་བྱུང་དང་བཅས་པའི་རྡོ་རྗེའི་ཚིག་རྐང་རྣམས་སུ་འདུ་བ་ལས། དང་པོ་འདས་རྗེས་རྣམ་པ་གསུམ་གྱིས་དོན་གྱི་དགོངས་པ་ཇི་ལྟ་བུ་ཞིག་སྟོན་ན། འདས་རྗེས་དང་པོར་རྫོགས་པ་ཆེན་པོ་མན་ངག་སྡེའི་གསང་བ་ཐུན་མོང་མ་ཡིན་པ་འོད་གསལ་ཐིག་ལེ་ཆེན་པོ་ཐོད་རྒལ་གྱི་གདམས་པ་གཙོ་བོར་གྱུར་པའི་མན་ངག་གི་ལུས་ཡོངས་སུ་རྫོགས་པ་མདོར་བསྟན། གཉིས་པས་དེའི་སྔོན་འགྲོ་དང་། གསུམ་པས་དངོས་གཞི་སྣང་བ་བཞིའི་ས་མཚམས་དང་བཅས་རྒྱས་པར་བཤད་པ་སྟེ། འདི་རྣམས་ཀྱི་དོན་རྒྱས་པར་ཀུན་མཁྱེན་ཆེན་པོའི་གཞུང་ཐེག་མཆོག་རིན་པོ་ཆེའི་མཛོད་དང་། མན་ངག་གི་ཡི་གེ་ཡང་ཏིག་ཡིད་བཞིན་ནོར་བུ་སོགས་ཀྱིས་མཚོན་ཁྲིད་ཡིག་རྣམས་ལས་རྟོགས་པར་བྱའོ། ། ༈ རིག་འཛིན་བཞིའི་ཞལ་ཆེམས་གསེར་ཡིག་ཅན། འདས་རྗེས་ཀྱི་ཡི་གེ་ལས། དགའ་རབ་རྡོ་རྗེའི་ཞལ་ཆེམས་ཚིག་གསུམ་གནད་དུ་བརྡེག་པ་བཞུགས་སོ། །ན་མཿཤྲཱི་གུ་རུ་ཡེ། རང་རིག་རྟོགས་པའི་གདིང་ལ་ཕྱག་འཚལ་ལོ། །ཡིན་པར་གྲུབ་པ་མེད་པའི་རིག་པ་འདི། །རང་སྣང་འཆར་ཚུལ་ཅིར་ཡང་མ་འགགས་པས། །སྣང་སྲིད་ཀུན་ཀྱང་ཆོས་སྐུའི་ཞིང་དུ་ཤར། །ཤར་བ་དེ་ཉིད་རང་གི་ཐོག་ཏུ་གྲོལ། །དེ་དོན་བདེ་གཤེགས་ཀུན་གྱི་དགོངས་འདུས་པ། །བརྒྱལ་བ་བསླང་ཕྱིར་ཚིག་གསུམ་མན་ངག་འདི། །འཁོར་འདས་གཉིས་ཀྱི་གདོས་ཐག་བཅད་པའི་ཕྱིར། །འཆི་ཁའི་ཞལ་ཆེམས་སྙིང་གི་དཀྱིལ་དུ་སྦོས། །ཨ་ཨཱི། རིག་པ་སྤྱི་བརྟོལ་དུ་བསྟན་པའི་མན་ངག་ནི། ངོ་༡རང་ཐོག་ཏུ་སྤྲད་པ་དང་། །༢ཐག་གཅིག་ཐོག་ཏུ་བཅད་པ་དང་། །༣གདིང་གྲོལ་ཐོག་ཏུ་བཅའ་བའོ། །རང་ངོ་ཡིན་པ། གཞན་ངོ་སྣང་བ། ཚུལ་གཉིས་འདྲེས་པ་འཕྲད་པའོ། །ཨཐྎ། ཅིར་སྣང་རང་ཡིན། སྟོབས་རང་གིས་རང་ཆེ། རང་དང་འཕྲད་པའོ། །མ་ཐོག་ཏུ་མ་རང་འཕྲད། བུ་ཐོག་ཏུ་བུ་རང་འཕྲད། གཅིག་ཐོག་ཏུ་གཅིག་རང་འཕྲད་པའོ། །རིག་པ་གཅིག་པུ་རང་དང་འབྲེལ་བ། རང་གཅིག་པུ་རང་དང་འབྲེལ་བ། གྲོལ་བ་གཅིག་པུ་རང་དང་འབྲེལ་བའོ། །རང་ཐོག་ཏུ་མཐར་སྣང་གི་ཐག་ཆོད། གཅིག་ཐོག་ཏུ་རང་སྣང་གི་ཐག་ཆོད། གྲོལ་ཐོག་ཏུ་ཐེ་ཚོམ་གྱི་ཐག་ཆོད་པའོ། །ཨཐྎ། རང་ལ་བྱན་ཚུད་པ་ཕྱུག་པོའི་བང་མཛོད་ལྟ་བུའི་གདིང་། གཞན་ལ་བྱན་ཚུད་པ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟ་བུའི་གདིང་། གྲོལ་ས་ལ་བྱན་ཚུད་པ་མཁའ་ལ་མཁའ་ཐིམ་པ་ལྟ་བུའི་གདིང་ངོ་། །ཨཐྎ། རང་ཐོག་ཏུ་རང་གྲོལ། གཅིག་ཐོག་ཏུ་གཅིག་གྲོལ། མ་བུ་གཉིས་སྦྱོར་བའོ། །ཨཐྎ། རང་ངོ་ཤེས་པས་གཞི་དང་ངོ་འཕྲད་པའོ། །དེའི་ཕྱིར་ན་མ་དང་བུ་འཕྲད་པ་ལྟ་བུ་སྟེ་གྲོལ་ས་གཅིག་པུ་ཡིན་པར་ངོ་ཤེས་པའོ། །རང་གིས་རང་གྲོལ་བར་ཤེས་པས་ཐོག་མ་རིག་པ་ཉིད་ལ་ཐག་བཅད་པའོ། །དེའི་ཕྱིར་དྲི་མས་དྲི་མ་འཁྲུ་བ་དང་། རྣམ་རྟོག་ཉིད་ལ་རྣམ་རྟོག་སྟེ་གཉེན་པོ་གཞན་ལ་རག་མ་ལུས་པར་ཐག་བཅད་དོ། །གཞི་ཉིད་ལས་གྲོལ་བས་གདིང་གང་ཡིན་དུ་བཅའ་བའོ། །དེའི་ཕྱིར་སྦྲུལ་གྱི་མདུད་པ་ཉིད་སྦྲུལ་རང་གིས་གྲོལ་བ་ལྟ་བུ་སྟེ། གཞན་ལྟོས་ཀྱི་རིག་པ་ཚི་ཆད་པས། དངོས་གཞི་རང་ཐོག་ཏུ་གཞི་བཅའ་བའོ། །ཨཐྎ། དགའ་རབ་རྡོ་རྗེ་ཡོངས་སུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པའི་ཚེ། འཇམ་དཔལ་བཤེས་གཉེན་བརྒྱལ་ཞིང་ས་ལ་འགྱེལ་ནས་ཀྱེ་མ་ཀྱི་ཧུད་ཅེས་སྒྲ་ཆེན་པོ་ཕྱུངས་པས། རོ་ལངས་བདེ་བ་འོད་ཀྱི་དཀྱིལ་ནས་ཕྱག་གཡས་པ་ཕྱུངས་ཏེ། བརྒྱལ་བ་སློང་བའི་དོན་དུ་གསང་བའི་ཞལ་ཆེམས་ཚིག་གསུམ་གནད་དུ་བརྡེག་པ། ཕྱག་གཡས་པའི་མཐིལ་དུ་བཻ་ཌཱུརྱ་མཐིང་ཁ་ཞུན་མས་རང་ནན་དུ་བྲིས་པ་བབས་ཏེ། རིན་པོ་ཆེ་ཤེལ་གྱི་ཟ་མ་ཏོག་སེན་གང་བ་གཅིག་སྣོད་དུ་བབས་པས། འཇམ་དཔལ་བཤེས་གཉེན་བརྒྱལ་བ་ལས་གྲོལ་བར་གྱུར་ཅིང་། རྟོགས་པའི་གདིང་དང་ལྡན་པར་གྱུར་ཏོ། །དེའི་ཕྱིར་ན་ཐུགས་ཀྱི་དཀྱིལ་འཁོར་དུ་སྦ་བར་བྱའོ། །འཆི་ཁ་མའི་ཞལ་གདམས་ཚིག་གསུམ་རྒྱུད་ཐམས་ཅད་ཀྱི་བཅུད་ཕྱུངས་པ། ལྟ་བའི་དོན་གསེར་ལྟ་བུར་བསྟན་པ། དུར་ཁྲོད་ཆེན་པོ་བསིལ་བ་ཚལ་དུ་བབས་པ། ཆུ་བོ་དན་ཏིག་གི་མགོར་སྣང་བར་བྱས་པའི་གདམས་ངག་དམ་པ། སེམས་ཅན་ཐམས་ཅད་དབུགས་འབྱིན་པར་བྱེད་པའི་ལམ། སངས་རྒྱས་ཀྱི་ཞིང་དུ་སྐད་ཅིག་ལ་གྲོལ་བར་བྱེད་པའི་མན་ངག་རྫོགས་སོ། ༈ །འཇམ་དཔལ་བཤེས་གཉེན་གྱི་ཞལ་ཆེམས་སྒོམ་ཉམས་དྲུག་པ་བཞུགས་སོ། །ན་མཿཤྲཱི་གུ་རུ་ཡེ། རང་རིག་རྟོགས་པའི་གདིང་ལ་ཕྱག་འཚལ་ལོ། །ཡིན་པར་གྲུབ་པ་མེད་པའི་རིག་པ་འདི། །རང་སྣང་འཆར་ཚུལ་ཅིར་ཡང་མ་ངེས་པས། །སྣང་སྲིད་ཀུན་ཀྱང་ཆོས་སྐུའི་ཞིང་དུ་འཆར། །ཤར་བ་དེ་ཉིད་རང་གི་ཐོག་ཏུ་གྲོལ། །དེ་དོན་བདེ་གཤེགས་ཀུན་གྱི་དགོངས་པ་ནི། །བརྒྱལ་བ་བསླང་ཕྱིར་ཚིག་དྲུག་མན་ངག་ནི། །འཁོར་འདས་གཉིས་ཀྱི་གདོས་ཐག་བཅད་པའི་ཕྱིར། །འཆི་ཀའི་ཞལ་ཆེམས་སྙིང་གི་དཀྱིལ་དུ་སྦོས། །ས་མ་ཡ་མ་ཏི་ཀྲ་མ་ཐཱ། དགོངས་པ་རང་གནས་གདིང་ལ་ཕྱག་འཚལ་ལོ། །དོན་གྱི་དགོངས་པ་ཡེ་ཤེས་ཆེན་པོའི་ལུང་། །འདི་ནི་༡སྣང་བའི་ཡེ་ཤེས་ཆེན་པོ་དེ། །རི་དྭགས་རྒྱ་ལ་ཇི་ལྟར་༢ཚུད་པ་བཞིན། །བྱ་བྱེད་༣བྲལ་བའི་མཁའ་ལ་བརྟག་པར་བྱོས། །ཇི་ལྟར་བདག་གི་བློ་ལ་དགོངས་ཤར་བའི། །བརྒྱལ་བ་བསླང་ཕྱིར་དོན་གྱི་དགོངས་པ་འདི། །རིག་པའི་གཏད་ས་ལུས་ཀྱི་གནད་དང་བསྟུན། །དགོངས་དོན་མན་ངག་དྲུག་གིས་ཕྱེད་ནས་བསྟན། །ཀྱེ་མ་ཀྱེ་མ་རིགས་ཀྱི་བུ་ཆེན་པོ། །དོན་གྱི་རིག་པ་གཅེར་བུ་མངོན་སུམ་དུ་ལྟ་བར་འདོད་ན། རིག་པའི་ཡུལ་དབྱིངས། བཙལ་༡ བ་དང་། ལུས་ཀྱི་གནད་༢གཟིར། ལྟ་སྟངས། བ་དང་། འགྲོ་འོང་གི་ལམ་༣ བཅད་རླུང་། པ་དང་། གཏད་པའི་འབེན་ལ་དབྱིངས་༤གཟུད་པ་དང་། མི་འགུལ་བ་ལ་གཞི་༥ བཅའ་བ་དང་། །རྒྱ་ཆེ་བ་ནམ་༦མཁའ་སྤར་གྱིས་བཟུང་དབྱིངས་རིག་འདྲེས་པ། བའོ། །ཐོག་མ་ཀ་དག་བབས་ཀྱི་ཡུལ་དང་། འཁྲུལ་པ་སྣང་བ་ལྷུན་གྲུབ་ཀྱི་ཡུལ་དང་། གནད་བརྟེན་པ་ཡུལ་གྱི་ཡུལ་དང་། ཉམས་སུ་བླང་བྱ་ནམ་མཁའ་སྤྲིན་དང་བྲལ་བའི་ཡུལ་དང་། གསལ་བ་དངོས་སྣང་ཁ་དོག་འོད་ཀྱི་ཡུལ་དང་། ཐ་མ་འགྲོ་ས་རང་སྣང་བར་དོའི་ཡུལ་ལོ། ། ༡༽ སེང་གེའི་འདུག་སྟངས་ཀྱིས་རིག་པ་གཅུན་པ་དང་། གླང་པོ་ཆེའི་འདུག་སྟངས་ཀྱིས་ལྟ་བ་དང་། འདབ་ཆགས་ཀྱི་ལྡིང་ཐབས་ཀྱིས་ལྟ་བ་སྤྱི་རྒྱ་རླབས་ཀྱིས་གཅོད་པ་དང་། ཝ་མོའི་ཟུར་འགྲོས་ཀྱིས་ས་མནན་པ་དང་། སྐྱེས་བུའི་རྒྱང་ཐབས་ཀྱིས་བར་སྣང་དུ་ཡིད་ཙམ་བཟུང་བ་དང་། རྒྱ་མདུད་ཀྱི་དྲིལ་ལུགས་ཀྱིས་ལུ་གུ་རྒྱུད་ཀྱི་ཁུངས་བཅད་པའོ། ། ༢༽ ཁ་སྣའི་དབུགས་ཡིད་ཙམ་ནང་དུ་འཐེན་པས་མ་རིག་པ་ལས་ཀྱི་རླུང་ལྡོག །ཤེས་པ་ནམ་མཁའ་ལ་གཏད་པས་རྣམ་རྟོག་གི་འགྲུལ་ཆོད། རིག་པ་མིག་ཏུ་བཅུག་པས་ངོ་བོ་ལ་འཁྲུལ་པ་མེད། དབྱིངས་ཕྱི་ནང་འདྲེས་པས་རིག་པ་ལ་འགྲོ་ས་མེད། དེ་ཉིད་དབྱིངས་དང་མ་བྲལ་བས་ཡིད་ཀྱི་རྣམ་རྟོག་ཆོད། རིག་པ་དབྱིངས་དང་འདྲེས་པས་འཁྲུལ་པ་གཞི་ལས་སངས་པའོ། ། ༣༽ ནམ་མཁའ་སྤྲིན་དང་བྲལ་བ་དང་། དབྱིངས་རྣམ་པར་དག་པ་དྲི་མ་དང་བྲལ་བ་དང་། སྣང་བ་སྒྲིབ་གཡོགས་དང་བྲལ་བ་དང་། ཐིག་ལེ་སྤྲོ་བསྡུ་དང་བྲལ་བ་དང་། འོད་སྣང་གསལ་འགྲིབ་དང་བྲལ་བ་དང་། ལུ་གུ་རྒྱུད་འགྲོ་འོང་དང་བྲལ་བ་ལ་རང་གི་དེ་བཞིན་ཉིད་ལ་གཏད་པའོ། ། ༤༽ ལུས་མི་འགུལ་བས་སྣང་བ་བཞི་ལ་བཞག་པ་དང་། མིག་མི་འགུལ་བས་ལུ་གུ་རྒྱུད་ལ་གཟེར་ཐེབས་པ་དང་། རིག་པ་མ་འགུལ་བས་སྣང་སྲིད་ཆོས་སྐུར་གྲོལ་བ་དང་། དེ་ཉིད་མ་འགུལ་བས་འཁྲུལ་བའི་སྣང་བ་རྒྱུན་ཆད་པ་དང་། དེ་ལྟར་ཆོས་སྐུ་འགུལ་བ་མེད་པས་ཡེ་ཤེས་ངོས་ཟིན་པ་དང་། སྟོང་པ་ལས་འགུལ་བ་མེད་པས་འགྱུ་བྱེད་རང་སར་དྭངས་པའོ། ། ༥༽ སྣང་སྲིད་རིག་སྟོང་གསལ་བར་ཤར་བས་བེམ་པོ་ལས་གྲོལ་པ་དང་། ནམ་མཁའི་ཁམས་སུ་ལུ་གུ་རྒྱུད་ཀྱིས་ཁྱབ་པས་ཆོས་ཉིད་མ་ཐོག་ཏུ་གྲོལ་བ་དང་། ཅིར་སྣང་འོད་སྣང་ལས་མ་འདས་པས་འབྱུང་བ་ལྔའི་བདུད་ལས་གྲོལ་བ་དང་། འཁོར་འདས་རང་ངོ་ཤེས་པས་ལྟོས་པའི་ཆོས་ལས་གྲོལ་བ་དང་། སྟོང་པ་གསལ་བ་རིག་པ་འདྲེས་པས་རྒྱུད་ལུང་གི་ཚིག་ལས་གྲོལ་བ་དང་། དག་པའི་དབྱིངས་རྒྱ་བསྐྱེད་པའི་རིག་པ་རང་ཐོག་ཏུ་སྤར་གྱིས་ཟིན་པ་ཞེས་བྱའོ། ། ༦༽ ཨཐྎ། འཇམ་དཔལ་བཤེས་གཉེན་དགོངས་པ་ཡོངས་སུ་མྱ་ངན་ལས་འདས་པའི་ཚེ་འོད་ཟེར་གྱི་ཕུང་པོ་དང་བཅས་ཏེ་ནམ་མཁའ་ལ་གཤེགས་པ་ཤྲཱི་སིཾ་ཧ་བརྒྱལ་ཞིང་ས་ལ་འགྱེལ་བར་གྱུར་ཏེ་ཀྱི་ཧུད་ཀྱི་སྒྲ་ཆེན་པོ་ཕྱོགས་བཅུར་འབོད་ཅིང་གནས་པ་ལས། ནམ་མཁར་སྒྲ་ཆེན་པོ་ཞིག་གྲགས་པར་གྱུར་ཏེ། དེ་ཉིད་ཀྱིས་བརྒྱལ་སངས་ནས་བལྟས་པས་ནམ་མཁའ་འོད་ཕུང་གི་དཀྱིལ་ནས། མཉྫུ་ཤྲཱིས་ཕྱག་གཡས་པ་ཕྱུངས་ཏེ་བརྒྱལ་བ་བསླང་བའི་དོན་དུ། ཤྲཱི་སིཾ་ཧའི་ཕྱག་མཐིལ་དུ་རིན་པོ་ཆེའི་ཟ་མ་ཏོག་གི་ནང་དུ་བཻ་ཌཱུརྱ་མཐིང་ཁ་ཞུན་མས་རང་ནན་དུ་བྲིས་པ་གཅིག་དུར་ཁྲོད་ཆེན་པོ་སོ་ས་གླིང་དེ་ཉིད་དུ་བབས་སོ། །དེ་ཉིད་བབས་པ་ཙམ་གྱིས་རྟོགས་པའི་གདིང་དང་ལྡན་པར་གྱུར་ཏོ། །འདི་ནི་འཇམ་དཔལ་བཤེས་གཉེན་གྱི་ཞལ་ཆེམས་སྒོམ་ཉམས་དྲུག་གིས་སྐྱེ་མེད་སྟོང་པའི་ཀློང་དུ་མྱ་ངན་ལས་འདའ་བར་བྱེད་པའི་མན་ངག་གསང་བ་བས་ཀྱང་ཆེས་གསང་བར་གྱུར་པ། ཉམས་སུ་བླང་བའི་ཕྱོགས་སུ་བསྟན་པ་རྫོགས་སོ། ༈ །ཤྲཱི་སིཾ་ཧའི་ཞལ་ཆེམས་གཟེར་བུ་བདུན་པ་བཞུགས་སོ། །སརྦ་སནྟི་ཀ །སྟོང་གསལ་ཤེས་རབ་རྫོགས་ལ་ཕྱག་འཚལ་ལོ། །ཀུན་ཏུ་ཁྱབ་༡ཅིང་སྣ་ཚོགས་༢སྣང་བ་ཡིས། །རིག་༣པའི་ཡེ་ཤེས་༤རྒྱ་ཡན་༥ ཕྱོགས་༦མེད་དེ། །མི་༧འགྱུར་བ་ལ་གཟེར་ཆེན་བཏབ་པའི་ཕྱིར། །འཁོར་འདས་འཕྲང་ལ་གཟེར་ཆེན་བདུན་བཏབ་པས། །མི་འགྱུར་བདེ་ཆེན་བདག་གི་བློ་ལ་ཤར། །དེ་དོན་མན་ངག་ཉི་མའི་ཟེར་འདྲ་བ། །བརྒྱལ་བ་བསླང་ཕྱིར་དགོངས་དོན་གསང་བ་འདི། །གསལ་བའི་ཤེས་རབ་མཛོད་ཀྱི་སྒོ་ཕྱེ་ལ། །ཡིད་བཞིན་ནོར་འདྲའི་དོན་འདི་རྟོགས་པར་གྱིས། །གསལ་བའི་ཡེ་ཤེས་ཟང་ཐལ་གྱི་༡གཟེར་གྱིས་འཁོར་འདས་གཉིས་ཀྱི་མཚམས་སུ་ཐོབ་ཅིག །སྒྲོན་མ་རང་སྣང་གི་༢གཟེར་གྱིས་ཡུལ་སེམས་གཉིས་ཀྱི་བར་དུ་ཐོབ་ཅིག །ངོ་བོ་རང་དག་གི་༣གཟེར་བློ་དངོས་གཉིས་ཀྱི་བར་དུ་ཐོབ་ཅིག །ལྟ་བ་གྲོལ་ཡན་གྱི་༤ གཟེར་རྟག་ཆད་གཉིས་ཀྱི་བར་དུ་ཐོབ་ཅིག །རིག་པ་ཆོས་ཉིད་ཀྱི་༥གཟེར་ཆོས་ཅན་ཆོས་ཉིད་ཀྱི་བར་དུ་ཐོབ་ཅིག །སྒོ་ལྔ་རྒྱ་ཡན་གྱི་༦ གཟེར་བྱིང་རྒོད་གཉིས་ཀྱི་བར་ལ་ཐོབ་ཅིག །ཆོས་སྐུ་ཡེ་རྫོགས་ཀྱི་༧གཟེར་སྣང་སྟོང་གཉིས་ཀྱི་བར་ལ་ཐོབ་ཅིག །ཨཐྎ། གསལ་བ་རང་ངོས་མ་སྒྲིབ་པ་ཤེས་རབ་རང་གྲོལ་གཞན་ངོ་ལ་བཞག་པ་ནི་རྩྭ་དང་མེ་འཕྲད་པ་ལྟ་བུའོ། །སྣང་བ་གཅེར་གྲོལ་དུ་ཤེས་པས་དྲན་བསམ་ལ་བྱན་ཚུད་པ་ནི་མུན་ཁང་དང་སྣང་བ་འཕྲད་པ་ལྟ་བུའོ། །རིག་པ་ཡེ་དག་གི་དགོངས་པ་གཞི་མངོན་དུ་ཤེས་པ་ནི་ཡིད་མཐུན་པའི་ཕོ་མོ་འཕྲད་པ་ལྟ་བུའོ། །རང་ངོ་ཕྱོགས་བྲལ་གྱི་ཡེ་ཤེས་རང་རྐྱེན་དུ་ཤར་བས་ཡིན་མིན་གྱི་རྩིས་ལས་འདས་པ་བཞིན་དང་མེ་ལོང་འཕྲད་པ་ལྟ་བུའོ། །ལྟ་སྒོམ་ལས་གྲོལ་བའི་རྟོག་པ་སྣ་ཚོགས་རོལ་པར་ཤར་བས་བ་མོ་དང་ཉི་མ་རེག་པ་ལྟ་བུའོ། །སྣང་སྲིད་སོར་བཞག་གི་དགོངས་པ་ཡེ་རྒྱས་བཏབ་པས་ཡུལ་ཅན་མཉམ་པ་ཉིད་དུ་ཤེས་པ་ནི་བུ་གཅིག་པོ་དང་འཕྲད་པ་ལྟ་བུའོ། །ཆོས་སྐུ་འབད་རྩོལ་མེད་པར་ཡེ་ནས་རང་དང་འདུ་འབྲལ་མེད་པ་ཡིན་པས་སྣོད་བཅུད་རང་སར་གྲོལ་བ་ནི་དབུལ་པོ་གཏེར་མཛོད་དང་འཕྲད་པ་ལྟ་བུའོ། །ཨཐྎ། ཤྲཱི་སིཾ་ཧ་དགོངས་པ་ཡོངས་སུ་མྱ་ངན་ལས་འདས་པའི་ཚེ་འོད་ཟེར་གྱི་ཕུང་པོ་དང་བཅས་ཏེ་ནམ་མཁའ་ལ་གཤེགས་པས། ཡེ་ཤེས་མདོ་བརྒྱལ་ཞིང་ས་ལ་འགྱེལ་བར་གྱུར་ཏེ་ཀྱེ་མ་ཀྱི་ཧུད་ཀྱི་སྒྲ་བསྒྲགས་པས། ནམ་མཁའ་ལ་སྒྲ་ཆེན་པོ་གྲགས་ཏེ། དེ་ཉིད་ཀྱིས་བརྒྱལ་སངས་ནས་བལྟས་པས། འོད་ཀྱི་དཀྱིལ་ནས་ཕྱག་གཡས་པ་ཕྱུངས་ཏེ། ཡེ་ཤེས་མདོ་བརྒྱལ་བ་ལས་བསླང་བའི་དོན་དུ་རིན་པོ་ཆེའི་ཟ་མ་ཏོག་སེན་གང་བ་གཅིག་ཕྱག་མཐིལ་དུ་བབས་སོ། །དེ་ཉིད་བབས་པ་ཙམ་གྱིས་རྟོགས་པ་དང་ལྡན་པར་གྱུར་ཏོ། །བཀྲ་ཤིས་ཁྲི་སྒོར་བབས་པ། ཤྲཱི་སིཾ་ཧའི་ཞལ་ཆེམས་གཟེར་བུ་བདུན་པ་ལོང་བའི་སྣ་ཁྲིད་དང་འདྲ་བ་རྫོགས་སོ། ༈ །ཡེ་ཤེས་མདོའི་ཞལ་ཆེམས་བཞག་ཐབས་བཞི་པ་བཞུགས་སོ། །སརྦ་ཨེ་ཀ་ར། སྟོང་པ་ཡེ་དག་ངང་ལ་ཕྱག་འཚལ་ལོ། །གསང་སྔགས་གསང་བའི་མདོ་དོན་འདིར་སྣང་བ། །དུས་གསུམ་བཞུགས་པའི་ཐུགས་ཀྱི་དགོངས་ཤར་བ། །བློ་ཡི་མུན་སེལ་སྒྲོན་མ་འོད་པོ་ཆེ། །འཇིག་རྟེན་རབ་རིབ་རྣམས་ནི་བསལ་བྱའི་ཕྱིར། །རང་རིག་ཡེ་ཤེས་རྟོགས་དཀའ་ཀུན་སྤངས་བ། །འགྱུར་མེད་ཐབས་ཀྱི་རྒྱ་ཡིས་གཟུང་བྱས་ཏེ། །རྒྱ་ཆེ་རབ་ཟབ་དབྱིངས་སུ་བཅུག་ནས་ཀྱང་། །མཐའ་བྲལ་ཉག་གཅིག་ངང་དུ་བཞག་པར་བྱོས། །བརྒྱལ་བ་རྣམས་ནི་འདི་ཡིས་དབུགས་ཕྱུངས་ཏེ། །སངས་རྒྱས་རྣམས་དང་མཉམ་པ་ཉིད་དུ་གྲགས། །གང་ཞིག་བཟུང་བས་མ་ཟིན་རིག་པ་དེ། །དེ་ཉིད་འཛིན་འདོད་སྐལ་ལྡན་བློ་ཆེ་བ། ཡི་གེ་འདི་ལ་རྟག་ཏུ་གོམས་པར་གྱིས། །ཨེ་མ་ཧོཿ འདི་ལ་རྟག་ཏུ་གོམས་པར་བྱས་ན་བདེ་བ་ཤུགས་ལ་འབྱུང་ངོ་། །ཀྱེ་མ་མཉམ་པ་ཆེན་པོའི་ས་ཐོབ་པར་འདོད་འདི་ཉིད་ལ་རྟག་ཏུ་གོམས་པར་གྱིས་ཤིག །སྤྱོད་པ་ཐམས་ཅད་ལ་རྩལ་སྦྱོང་བར་འདོད་ན། སྣང་བ་ཅོག་༡བཞག་གིས་སྣང་བ་ཐམས་ཅད་ཅེར་བཞག་ཏུ་ཞོག་ཅིག །སྒོམ་པ་ཐམས་ཅད་ལ་སྟོབས་རྙེད་པར་འདོད་ན། རྒྱ་མཚོ་ཅོག་༢བཞག་གི་དགོངས་པས་བློ་དངོས་གཉིས་གཅིག་ཏུ་དྲིལ་ལ་ཞོག་ཅིག །ལྟ་བ་ཐམས་ཅད་ལས་རང་གྲོལ་བར་འདོད་ན། རི་བོ་ཅོག་༣བཞག་གི་ལྟ་བས་ཆོས་ཐམས་ཅད་ཟད་སར་སྐྱོལ་ཞིག །འབྲས་བུ་ཐམས་ཅད་རང་སར་གནས་པར་འདོད་ན། རིག་པ་ཅོག་༤བཞག་གི་ལྟ་བས་མན་ངག་ལ་འཁྲུལ་པ་ཐམས་ཅད་རང་སར་གྲོལ་བར་ཞོག་ཅིག །སྣང་བ་རང་བཞག་ཡིན་པས་ཡེ་ནས་སྟོང་པ་དང་འབྲེལ་བ་དང་། བློ་རང་སར་བཞག་པས་ཡེ་ནས་དངོས་པོ་དང་འབྲེལ་བ་དང་། ཆོས་རྣམས་རང་སར་བཞག་པས་དབྱིངས་རིག་དང་འབྲེལ་བ་དང་། འཁྲུལ་པ་ཐམས་ཅད་ཅོག་བཞག་ཡིན་པས་ཡེ་ནས་རང་གྲོལ་དང་འབྲེལ་པའོ། །ཝལ་པོ་རྗེས་མེད་ཆུ་ཡི་རི་མོ་ལྟ་བུས་སྣང་བ་གཅིག་ཐོག་ཏུ་གཅིག་བཞག་པ་དང་། དྲན་པ་རྗེས་མེད་མཁའ་ལ་བྱ་འཕུར་བ་ལྟ་བུས་བསམ་པ་གཅིག་ཐོག་ཏུ་གཅིག་བཞག་པ་དང་། འཁྲུལ་པ་རང་དག་མཁའ་འགྲོ་རྙི་ལས་བཏོན་པ་ལྟ་བུས་སྟོང་པ་གཅིག་ཐོག་ཏུ་གཅིག་བཞག་པ་དང་། དག་པ་ལྡོག་མེད་རིམས་ནད་བྱང་བ་ལྟ་བུས་རིག་པ་གཅིག་ཐོག་ཏུ་གཅིག་གྲོལ་པའོ། །ཨཐྎ། སྣང་བ་སྤྱོད་ཅིང་བསྒྱུར་ནུས་པ་ཆང་དང་ར་རོ་བ་ལྟ་བུས་འབྱུང་བ་ལྔ་རང་སར་བཞག་པ་དང་། སེམས་གནས་ཤིང་ཚད་ཟིན་པ་རྔོན་པས་རི་དྭགས་རྒྱ་ལ་ཟིན་པ་བཟུང་བ་ལྟ་བུས་སེམས་རང་སར་བཞག་པ་དང་། ཆོས་ལ་མི་གནས་པའི་ཤེས་པས་རིག་པ་མཐོང་བ་བཞིན་དང་མེ་ལོང་ལྟ་བུས་ཆོས་ཐམས་ཅད་རང་སར་བཞག་པ་དང་། འཁྲུལ་པ་མ་ཐོག་ཏུ་གྲོལ་བ་སྦྲུལ་དང་མདུད་པ་ལྟ་བུས་འཁྲུལ་དང་མ་འཁྲུལ་མེད་པ་རང་སར་བཞག་པའོ། །སྣང་བ་རང་གྲོལ་བ་གཟུ་བོའི་བློ་ཅན་ལྷ་ཁང་དུ་ཕྱིན་པ་ལྟ་བུའོ། །བསམ་པ་ཐམས་ཅད་གཞི་ལ་ཐིམ་པ་རྒྱ་མཚོ་རླུང་གིས་མ་བསྐྱོད་པ་ལྟ་བུའོ། །དབྱིངས་དང་རིག་པ་རང་འཕྲད་པ་རི་རྒྱལ་གྱི་རྩེ་མོར་ཕྱིན་པ་ལྟ་བུའོ། །སྐུ་གསུམ་ཕྱིར་མི་ལྡོག་པ་རང་ས་ལ་སླེབ་པ་བསེ་ཤིང་གི་འབྲས་བུ་ལྟ་བུའོ། །ལྟ་སྒོམ་སྤྱོད་པའི་སྲོག་ཤིང་ཡིན། །རེངས་པ་རྣམས་ཀྱི་གཉའ་གཅོག་ཡིན། །སྟོར་བ་རྣམས་ཀྱི་རྗེས་གཅོད་ཡིན། །ལྟེབས་པ་རྣམས་ཀྱི་རྒྱངས་ཤིང་ཡིན། །རྒྱ་ཆེ་སྤར་གྱིས་བཟུང་བའི་མན་ངག །ད་རྨུ་རྒོད་འཐུར་སྲབ་འཇུག་པའི་མན་ངག །རྣོ་ལ་ངར་གྱིས་འདོགས་པའི་མན་ངག །བྱས་པ་ཐམས་ཅད་རང་སར་བཞག་པའི་མན་ངག་གོ། །ཨཐྎ། སྣ་ཚོགས་ལམ་དུ་ཁྱེར་བའི་རྐང་། །དྲན་པ་རྒྱུན་ཐག་གཅོད་པའི་ལག །རིག་པ་དངོས་ལ་ལྟ་བའི་མིག །འཁྲུལ་པ་གཞི་ལ་དག་པའི་ཁྲུས་སོ། །སྣང་བ་ཐུག་ཕྲད་ཀྱི་ལམ། རིག་པ་ཐུག་ཕྲད་ཀྱི་གཞི། མཐོང་བ་ཐུག་ཕྲད་ཀྱི་ཡུལ། གྲོལ་བ་ཐུག་ཕྲད་ཀྱི་འབྲས་བུའོ། །ཛྙཱ་ན་སཱུ་ཏྲ་དགོངས་པ་ཡོངས་སུ་མྱ་ངན་ལས་འདས་བའི་ཚེ། བི་མ་ལ་མི་ཏྲ་བརྒྱལ་ཞིང་ས་ལ་འགྱེལ་ཏེ་ཀྱེ་མ་ཀྱི་ཧུད་ཀྱི་སྒྲ་ཆེན་པོ་འདོན་ཞིང་གནས་པ་ལས་ནམ་མཁའ་འོད་ཕུང་གི་དཀྱིལ་ནས་སྒྲ་ཆེན་པོ་གྲགས་ཏེ་བརྒྱལ་སངས་ནས་བལྟས་པས། ཕྱག་གཡས་པའི་གྲུ་མོ་མན་ཆད་ཕྱུངས་ཏེ། བི་མ་ལ་མི་ཏྲའི་ཕྱག་གཡས་པའི་མཐིལ་དུ་རིན་པོ་ཆེའི་ཟ་མ་ཏོག་སེན་གང་བ་གཅིག་བབས་སོ། །དེ་ཞལ་ཕྱེས་ནས་གཟིགས་པས་བཻ་ཌཱུརྱ་མཐིང་ཀས་རང་ནན་དུ་རིན་པོ་ཆེ་ལྔའི་ཤོག་བུ་ལ་བྲིས་པ་གཅིག་བཞུགས་འདུག་སྟེ། བི་མ་ལས་བལྟས་པ་ཙམ་གྱིས་རྟོགས་པའི་གདིང་དང་ལྡན་པར་གྱུར་ཏོ། །དུར་ཁྲོད་ཆེན་པོ་བྷ་སེང་དུ་སྣང་བར་བྱས་པ། ཡེ་ཤེས་མདོའི་ཞལ་ཆེམས་བཞག་ཐབས་བཞིས་རྟེན་གཅིག་ལ་འཚང་རྒྱ་བར་བྱེད་པ། མུན་ཁུང་གི་སྒྲོན་མེ་དང་འདྲ་བ་རྫོགས་སོ། །སྤྱོད་པ་རང་བཞག །སྒོམ་པ་རང་བཞག །ལྟ་བ་རང་བཞག །འབྲས་བུ་རང་བཞག་གི་གདམས་ངག་གོ། །ས་མ་ཡ། ཨཐྎ། རིག་འཛིན་བཞིའི་ཞལ་ཆེམས་དང་པོས་ཁྲེགས་ཆོད་ཐོད་རྒལ་གཉིས་ཀའི་ངོ་སྤྲོད་རྩ་བ་སྟོན། གཉིས་པས་ཐོད་རྒལ་གྱི་སྒོམ་པ་གཙོ་བོར་སྟོན། གསུམ་པས་བོགས་འབྱིན་དང་གེགས་སེལ་སྟོན། །བཞི་པས་ཁྲེགས་ཆོད་ཀྱི་བཞག་ཐབས་གཙོ་བོར་སྟོན། བཞི་ཀས་ཀྱང་བཞི་ཀ་སྟོན་པས་ན་གང་ཟག་གཅིག་འཚང་རྒྱ་བའི་ལམ་གྱི་ཆ་རྐྱེན་རྫོགས་པར་སྟོན་པ་ཡིན་ནོ། །མངྒལཾ་བྷ་བ་ཏུ།། །།


previousའོད་གསལ་རྫོགས་པ་ཆེན་པོ་མན་ངག་སྡེའི་གནད་ཀྱི་བཅུད་ཕུད་སངས་རྒྱས་ཀྱི་འདས་རྗེས་གསུམ།next