Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་སོ་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
གསང་བ་ཆེན་པོའི་རྟགས་ཀྱི་ཡི་གེ
   
   
   
   
   
   
   
   
   


 
previousགསང་བ་ཆེན་པོའི་རྟགས་ཀྱི་ཡི་གེnext

གསང་བ་ཆེན་པོའི་རྟགས་ཀྱི་ཡི་གེ

༄༅༔ ༔གསང་བ་ཆེན་པོའི་རྟགས་ཀྱི་ཡི་གེ་བཞུགས་སོ༔ རྒྱ་གར་སྐད་དུ༔ ཧེ་དུ་ཝཪྞ་གྷུ་ཧྱ་ནཱ་མ༔ བོད་སྐད་དུ༔ རྟགས་ཀྱི་ཡི་གེ་གསང་བ་ཞེས་བྱ་བ༔ བཅོམ་ལྡན་འདས་དུས་ངེས་པའི་རྒྱལ་པོ་ཉིད་ལ་ཕྱག་འཚལ་ལོ༔ སངས་རྒྱས་རྣམས་ཀྱིས་ངེས་པའི་དོན་གསུངས༔ སྙིང་པོ་ངེས་པའི་བཀའ་གསང་མན་ངག་ནི༔ གཞན་དང་མི་འདྲ་མན་ངག་གསེར་གྱི་རྩི༔ སྙིང་པོ་ཡོངས་བསྡུས་འབྲས་བུའི་བཅུད་ཕྱུངས་པའི༔ ཐབས་ཆེན་གསང་བའི་ཡང་ཞུན་འབྲས་བུ་རྣམས༔ ཉམས་བླངས་ཕྱོགས་གཅིག་བསྡེབས་ནས་འདི་ཕྱུངས་པ༔ མང་པོ་ལས་ནི་ཡི་གེ་ཉུང་བསྡུས་ནས༔ སྙིང་ཕྱུངས་ལག་མཐིལ་དག་ཏུ་བསྟན་ནས་ནི༔ མཆོག་གི་ཡང་མཆོག་ཟངས་ཀྱི་ཡི་གེ་ཅན༔ འདི་དོན་ཉམས་སུ་ལོངས་དང་སྐལ་ལྡན་བུ༔ རང་གིས་རང་བཞིན་ཡང་ནས་ཡང་བལྟས་པས༔ དེ་ཡི་འབྲས་བུའི་དུས་ཚོད་ངེས་བཟུང་ནས༔ ཡིད་ཆེས་རྟགས་ནི་འཕྲང་བསྒུགས་དགྲ་དང་འདྲ༔ མི་འགྱུར་བཟུར་བའི་ས་མེད་ལམ་དུ་ཕྱིན༔ ཡེ་ཤེས་རྣམས་ཀྱི་རང་རྟགས་ལམ་དུ་སྟོན༔ ས་བོན་ལས་ནི་མྱུ་གུ་ལོ་འབྲས་རྣམས༔ རིམ་གྱིས་དུས་ཚོད་ངེས་པར་འབྱུང་བ་བཞིན༔ གོམས་པ་ལས་ནི་རྟགས་རྣམས་འབྱུང་བ་སྟེ༔ རྗེས་འཛིན་དད་ཅན་ཡིད་ཆེས་བསྐྱེད་པའི་ཕྱིར༔ ལམ་གྱི་ཁྲིད་ཀ་དུས་ཚོད་ངེས་པའི་རྟགས༔ ཅི་ལྟར་འབྱུང་བའི་རྟགས་རྣམས་གསལ་བར་ནི༔ ང་ཡིས་འབྲིའོ་འདི་ལ་ཡིད་ཆེས་གྱིས༔ འབྲས་བུའི་རྟགས་ནི་འགྱུར་བ་མ་ཡིན་ནོ༔ རྒྱུ་ཡི་རྟགས་ནི་འགྱུར་ཞིང་བརྟན་པ་མེད༔ ལམ་གྱི་རྟགས་ནི་འདི་ལྟར་ངེས་པ་མེད༔ དེ་ཡི་ཕྱིར་ན་རྟགས་ཀྱི་ཡི་གེ་འདི༔ འགྱུར་མེད་སྲ་བའི་གཟེར་ཆེན་བཏབ་པ་བཞིན༔ འཁྲུལ་མེད་སྙིང་གི་ཐོག་ཏུ་ཕེབས་པའོ༔ ཀྱེ་མ་རྗེས་སུ་འཇུག་པ་རིགས་ཀྱི་བུ་རྣམས་ཀྱིས་འདི་ལྟར་ཡིད་ཆེས་པར་བྱའོ༔ རྒྱུད་ལུང་བསམ་གྱིས་མི་ཁྱབ་པ་གསུངས་ཀྱང་ཉམས་སུ་ལེན་པའི་སྐལ་ལྡན་རྣམས་ཀྱིས་འདི་ལྟར་རིག་པར་བྱའོ༔ འཁྲུལ་པ་རང་གིས་རང་གཟིངས་པར་འགྱུར་བའི་རྟགས་དང་གནད་ཐོག་ཏུ་མ་ཕེབས་པ་ངེས་པ་མེད་པའི་རྟགས་དང་རིག་པ་མངོན་སུམ་དུ་མ་ཟིན་ན་བདུད་ཀྱི་བར་ཆོད་ཀྱི་རྟགས་དང༔ མངོན་སུམ་རང་ཐོག་ཏུ་ཕེབས་པས་འགྱུར་བའི་ས་མེད་པ་མ་འགྱུར་བའི་རྟགས་དང་བཞིར་རིག་པར་བྱའོ༔ འགྱུར་བའི་རྟགས་ནི་ཉམས་སུ་མ་བླངས་པའི་སྐྱེས་བུ་རྣམས་ལ་ཡང་འབྱུང་བ་ཡོད་པས་འགྱུར་ཏེ་དོན་མི་འབྱུང༔ བྱ་དང་ཡི་དྭགས་དུད་འགྲོ་རྣམས་ལ་ཡང་འབྱུང་བ་ཡོད་དེ༔ འདི་ནི་རྒྱུའི་རྟགས་ཞེས་བྱ་སྟེ་དོན་མི་འབྱུང་ངེས་པ་ཡིན་ནོ༔ ངེས་པ་མེད་པའི་རྟགས་བརྒྱ་དང་བཅུ་དྲུག་ཡོད་དེ༔ སྐུ་གདུང་འབར་བ་ལ་སོགས་པའི་རྒྱུད་ཀྱི་ནང་ནས་སྟོན་པ་ཡིན་ཏེ་འདིར་ཡི་གེ་མང་བས་མ་བྲིས་སོ༔ དེ་ནི་ལམ་གྱི་རྟགས་ཡིན་པས་འགྱུར་མི་འགྱུར་ཆ་མེད་པ་ཡིན་ནོ༔ བར་ཆོད་ཀྱི་རྟགས་ནི༔ ལུས་སྣ་ཚོགས་སུ་སྤྲུལ་པ་ལ་སོགས་པ་དང༔ ལུས་ལ་འོད་ཡོད་པ་ལ་སོགས་པ་དང༔ དགྲ་དང་གཞན་ལ་ནུས་པ་འཇུག་པ་ལ་སོགས་པ་འཇིག་རྟེན་པའི་ཡིད་དང་མཐུན་པ་རྣམས་ཡིན་ནོ༔ དེ་ཡང་རྟགས་གསུམ་པོ་དེ་གང་ལ་བྱུང་བའི་སྐྱེས་བུ་ལ་གནད་ཀྱི་མན་ངག་གསུམ་པོ་འདི་དང་མི་ལྡན་ན་དོན་མེད་རྐྱང་པ་ཡིན་ནོ༔ འགྱུར་བའི་རྟགས་བྱུང་བའི་སྐྱེས་བུ་དེས༔ སྐབས་སུ་ཆུའི་དཀྱིལ་དུ་བསྡད་ཅིང་མཇིང་པ་གཉིས་ཤིང་གི་བྱང་བུ་སོར་བཅུ་དྲུག་པའི་བར་དུ་ལྟེམས་ཏེ༔ ལུས་ལ་ཙནྡན་གྱི་མར་ཁུ་རྟག་ཏུ་བྱུགས་ནས་ཕྱི་ནང་ཐམས་ཅད་དངོས་པོར་རགས་པ་བསྒོམས་ན་འབྲས་བུ་ཆུད་མི་ཟ་བ་ཡིན་ནོ༔ རྟགས་ནི་དེ་དག་ལ་མན་ངག་དེ་ལྟ་བུ་མེད་ན་ངལ་བ་དོན་མེད་ཡིན་ནོ༔ དེ་ལྟ་བུ་བྱུང་བའི་མི་དེ་ལ་ནི་གཞན་གྱི་མན་ངག་དེ་ཉིད་བྱས་ན་ཡང་འབྲས་བུ་ཆུད་མི་ཟའོ༔ འདི་དག་ནི་བྱེ་བྲག་གི་མན་ངག་རྣམས་ནས་བཤད་པ་ཡོད་དོ་འདིར་དགོས་པ་མེད་ཅིང་ཡི་གེ་མང་བས་མ་བྲིས་སོ༔ འདི་ལྟར་འགྱུར་བའི་རྟགས་བརྒྱ་དང་ལྔ་ཡོད་པ་ཡིན་ནོ། །ངེས་པ་མེད་པའི་རྟགས་བྱུང་བའི་སྐྱེས་བུས་ནི༔ ལུས་ལ་བསིལ་བའི་གོས་གྱོན་ཅིང་ཁ་ཟས་ཀྱང་བསིལ་བར་བཟའ༔ ངག་ཏུ་ཨའི་རྣམ་པ་བཟླས་ཤིང་སེམས་ཀྱིས་ནམ་མཁའ་ལ་སངས་རྒྱས་ཀྱི་སྐུ་མང་པོ་བསྒོམས་པས་ཕལ་ཆེར་ངེས་པ་ཅན་གྱི་རྟགས་སུ་འགྲོ་བ་ཡིན་ནོ༔ བྱེ་བྲག་གི་མན་ངག་བརྒྱ་དང་བཅུ་དྲུག་པོ་ནི་འདིར་དགོས་པ་མེད་པས་མ་བྲིས༔ མན་ངག་འདི་ལྟ་བུ་དང་མི་ལྡན་ན་ངལ་བ་དོན་མེད་ཡིན་པས་དེའི་ཕྱིར་ན་གནད་ཀྱི་མན་ངག་འདི་ལྟ་བུ་གཅེས་སོ༔ བར་ཆོད་ཀྱི་རྟགས་ལ་བྱེ་བྲག་གི་མན་ངག་རབ་ཏུ་གཅེས་པ་ཡིན་ནོ༔ སྐྱེས་བུ་གང་དག་ཉམས་སུ་བླངས་ཀྱང་རུང་ལ་མ་བླངས་ཀྱང་རུང་སྟེ༔ དེའི་ལུས་སྣ་ཚོགས་སུ་སྤྲུལ་ནུས་པ་འབྱུང་ཡང་བདུད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ཏེ༔ དེ་ཉིད་རབ་ཏུ་བརྟགས་ན་གཟུགས་བརྙན་གཉིས་པར་སྣང་བས༔ དེ་ལྟར་གཉིས་སུ་མ་མཐོང་ན་ལུས་གུ་གུལ་ནག་པོ་དང་ནིམ་པའི་ཆུས་མགོ་མཇུག་ལ་བྱུག་ཅིང་ཡན་ལག་ལྔ་ལ་ལྡེར་སོ་རྙིང་པའི་ས་འདག་གིས་བྱུགས་ན་དེའི་ལུས་ཁྲ་བོར་འོང་བ་ཡིན་ཏེ༔ དེ་ལྟར་བྱུང་ན་ལུས་ལ་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་ཁྲུས་ཆབ་ཀྱིས་བཀྲུ་ཞིང་ངག་ཏུ་ཕཊ་ཀྱི་རྣམ་པ་བཟླ་ཞིང་སེམས་ཀྱིས་ཕྱི་ནང་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་པ་ནི་མན་ངག་ཡིན་ནོ༔ འདི་ལྟ་བུའི་མན་ངག་དང་མི་ལྡན་ན་ངལ་བ་དོན་མེད་ཡིན༔ གལ་ཏེ་གོང་རྟགས་མེད་ན་ཡང་དག་པ་ཡིན་ནོ༔ འོད་ནི་དཀར་བ་གླེག་གླེག་པའམ་དམར་བྲེང་བྲེང་བའམ༔ སེར་ལྷབ་ལྷབ་རྣམས་བར་ཆད་ཀྱི་རྟགས་ཡིན༔ ཡང་དག་པའི་རྟགས་ནི་ཁ་དོག་ལྔ་རང་གསལ་དུ་ཡོད་པ་ཡིན་ནོ༔ དེ་ལྟར་བྱུང་བའི་སྐྱེས་བུ་ལ་ནི་ལུས་གླང་པོ་ཆེ་ལྟར་བྱ༔ ངག་ཧཱུཾ་གི་རྣམ་པ་རྣམས་བཟླས༔ སེམས་ནི་ནམ་མཁའི་དཀྱིལ་དུ་གཏད་ཅིང་བསྒོམ་མོ༔ མན་ངག་འདི་ལྟ་བུ་དང་མི་ལྡན་ན་དོན་མེད་འཆལ་པ་ཡིན་ནོ༔ སྒྲ་ནི་སྟེང་གི་ཕྱོགས་སུ་བཤད་པའི་སྒྲ་བྱུང་ན་ཡང་དག་པའི་སྒྲ་བྱུང་བ་ཡིན་ལྷག་མ་གང་ཡང་བར་ཆོད་ཡིན་པས༔ དེ་ལ་ནི་ལུས་སྐྱེས་བུའི་བརྒྱང་སྟབས་བྱ༔ ངག་ཏུ་ཨེའི་རྣམ་པ་རྣམས་བཟླས་ཤིང་སེམས་ཀྱིས་ལྷའི་སྐུ་དཔག་ཏུ་མེད་པ་རྣམས་བསྒོམ་པར་བྱའོ༔ ཡང་རྟེན་ཅིང་འབྲེལ་བ་ཟབ་མོ་དང་གསང་སྔགས་ལ་མ་བརྟེན་པའི་བྱིན་བརླབས་འབྱུང་བ་ཡང་ཡོད་དེ༔ འདི་ལ་ཆོས་སྣ་ཚོགས་ཀྱི་ཚིག་རྣམས་རང་རྡོལ་དུ་འབྱུང་བ་ཡིན་ཏེ༔ དེ་ཀུན་ལ་ཡང་ལུས་ནི་སྟག་མོ་མཆོངས་པ་ལྟར་བྱ་བ་དང༔ ངག་ཏུ་ཨིའི་རྣམ་པ་རྣམས་བཟླས་པ་དང༔ སེམས་སྙིང་གི་དཀྱིལ་དུ་སྦས་ཏེ་བསྒོམ་པར་བྱའོ༔ ཡང་ན་འབྱུང་བ་བཞིའི་སྒྲ་དོན་མ་བསླབས་པར་མི་མ་ཡིན་པའི་གཟུགས་སྣ་ཚོགས་མཐོང་ཞིང་དེ་དག་གི་བརྡའ་སྐད་གོ་བ་དག་འབྱུང་སྟེ༔ དེ་དག་ལ་ལུས་འདབ་ཆགས་ལྡིང་བ་ལྟར་བྱ་ཞིང༔ ངག་ཏུ་ཨུའི་རྣམ་པ་རྣམས་བཟླས་པ་དང༔ སེམས་ཀྱིས་ཕྱི་ནང་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་པར་བྱའོ༔ ཡང་མཁའ་འགྲོ་ལ་སོགས་པའི་ཆ་བྱད་ཀྱིས་ལུང་སྟོན་པ་དང་ཆོས་སྨྲ་བ་དག་སྐབས་སུ་འོང་ཞིང་སྐབས་སུ་མི་སྣང་ལ་གཟུགས་དེ་ཅིག་ཆར་སྣང་ལ་རྟག་ཏུ་སྤྱོད་ཡུལ་ཐམས་ཅད་དུ་སྣང་བ་མ་ཡིན༔ དེ་ལས་ལུས་ཁྲོ་བོའི་འགྱིངས་ཐབས་སུ་བྱ་ཞིང་ངག་ཏུ་ཧྲཱིཿརྣམས་བཟླས༔ སེམས་ཀྱིས་ལྷའི་སྐུ་བསམ་གྱིས་མི་ཁྱབ་པ་རྣམས་རྟག་ཏུ་བསྒོམ་ཞིང་དེ་ཉིད་སྤྲོ་བསྡུའི་རྣམ་པ་ལྟར་བྱས་ནས་མན་ངག་དམ་པར་འགྱུར་བ་ཡིན་ནོ༔ མན་ངག་དེ་ལྟ་བུ་དང་མི་ལྡན་པ་ལ་ནི་བར་དུ་གཅོད་པའམ་བདུད་ཀྱིས་བསླུས་ཏེ༔ ཁྱད་པར་དུ་ཡི་དྭགས་ཀྱི་སྐྱེ་གནས་སུ༔ སེམས་ཀྱི་སྣང་བར་འགྱུར་བ་ཡིན་ནོ༔ དེས་ན་གནད་ཀྱི་མན་ངག་དེ་ལྟ་བུ་རབ་ཏུ་གཅེས་སོ༔ དེ་ཡང་ཐེག་པ་ཐུན་མོང་པ་རྣམས་ལ་རྟགས་འགྱུར་བ་ཡིན་ལ་རིག་པ་མངོན་སུམ་གྱི་དོན་མཐོང་ཞིང་ཉམས་སུ་ལེན་པའི་སྐལ་ལྡན་རྣམས་ལ་དེ་ལྟར་འབྱུང་བ་མ་ཡིན་ནོ༔ དེ་དངོས་པོ་མཐོང་བའི་ཁྱད་པར་གྱིས་རབ་ཏུ་ཕྱེས་པའོ༔ མི་འགྱུར་བའི་རྟགས་ནི་གསུམ་དུ་རིག་པར་བྱ་སྟེ་རང་གིས་མཐོང་ལ་གཞན་གྱིས་མི་མཐོང་བའི་རྟགས་དང༔ གཞན་གྱིས་མངོན་ལ་རང་གིས་མི་མངོན་པའི་རྟགས་དང༔ རང་གཞན་གཉིས་ཀས་མཐོང་བའི་རྟགས་དང་གསུམ་དུ་རིག་པར་བྱའོ༔ དེ་ལ་གཞན་གྱིས་མཐོང་བའི་རྟགས་ནི་འདི་རྣམས་ཡིན་ཏེ་འདི་དག་ནི་རིག་པ་མངོན་སུམ་གྱི་རང་གནད་གཟིར་བ་ཙམ་ལས་འབྱུང་བ་མ་ཡིན་ནོ༔ ལུས་སྣུམ་ཞིང་སྐྲ་དཀར་དང་གཉེར་མ་མེད་པ་རྣམས་དང༔ སྐྲ་དང་སེན་མོ་སྐྱེ་བ་མེད་ཅིང་ལུས་ལ་སྲོག་ཆགས་སྐྱེ་མི་སྲིད་པ་རྣམས་དང༔ རབ་ཏུ་མགྱོགས་ཤིང་ལུས་ལ་སངས་རྒྱས་ཀྱི་ཕྱག་མཚན་གྱི་རྟགས་ཡོད་པ་དང༔ ནམ་མཁའ་ལ་འཕུར་ཞིང་ཆུ་ལ་བྱིང་བ་མེད་པ་དང༔ རི་བྲག་རྣམས་ལ་ཟང་ཐལ་ཞིང་འབྱུང་བས་མི་ཚུགས་པ་རྣམས་ནི་ལུས་རྟགས་གཞན་གྱིས་མཐོང་བ་ཡིན་ནོ༔ ལུས་རྟགས་རང་གིས་ཚོར་ལ་གཞན་གྱིས་མི་ཚོར་བ་རྣམས་ནི༔ ལུས་ཤིང་བལ་གྱི་འདབ་མ་ལྟར་ཡང་བ་དང༔ དེ་ནས་ཞག་ལྔ་ན་དབུགས་འགྱུ་བ་མི་ཚོར་བ་དང༔ དེ་ནས་ཞག་བཅུ་གཅིག་ན་དངོས་པོ་གང་ལ་བལྟས་པ་འཇུག་ནུས་པ་དང༔ དེ་ནས་ཞག་ཉི་ཤུ་རྩ་གཅིག་ན་རང་གི་ལུས་ཟང་ཐལ་དུ་མཐོང་བ་དག་འབྱུང་བ་ཡིན་ནོ༔ རང་གཞན་གཉིས་ཀས་མཐོང་བ་ལ་ནི་ཡིད་ལ་ཇི་ལྟར་འགྱུས་པའི་རྟེན་འབྲེལ་གྱིས་ཕན་ཐོགས་པ་དང༔ ལུས་ལ་ཤ་མཚན་ངོ་མཚར་ཅན་འབྱུང་བ་དང༔ ཆུ་ལ་བྱིང་བ་མེད་པ་རྣམས་ཡིན་ནོ༔ དེ་ནི་ལུས་ཀྱི་རྟགས་རྣམས་ཏེ་མངོན་སུམ་ལུས་ཀྱི་གནད་གཟིར་བ་ཙམ་ལས་འབྱུང་བ་ཡིན་ནོ༔ ཕྱིའི་རྟགས་འདི་དག་ཀྱང་མང་དུ་ཡོད་ཀྱང་ཕལ་ཆེར་ངེས་པ་མེད་པ་རྣམས་ཡིན་ནོ༔ གལ་ཏེ་ངེས་པ་ཅན་འགའ་ཞིག་ནི་རང་གིས་མི་མངོན་པའི་ཁོངས་སུ་འདུ་བ་ཡིན་ནོ༔ དེ་ནི་ལུས་ཀྱི་རྟགས་སོ༔ གཞན་གྱིས་མཐོང་བའི་ངག་གི་རྟགས་ནི༔ ཚིག་ཅི་སྨྲས་པ་ཐམས་ཅད་གཞན་ལ་ཕན་པ་དང༔ འཁྲུལ་པའི་ཚིག་མི་འབྱུང་བ་དང༔ དེ་ནས་ཡུན་འགའ་ན་ལྐུགས་པ་ལྟ་བུར་འགྱུར་བ་དང༔ དེ་ནས་ཡུན་འགའ་ན་ཆོས་སྣ་ཚོགས་ཀྱི་ཚིག་རང་རྡོལ་བ་འདི་དག་ནི་གཞན་གྱིས་ཚོར་བའི་ངག་རྟགས་སོ༔ རང་གིས་ཚོར་བ་ནི༔ གཏམ་རྒྱུད་སྣ་ཚོགས་ཤེས་པ་དང༔ དེ་ནས་ཞག་དགུ་ན་སྒྲ་མི་མཐུན་པ་སྣ་ཚོགས་ཤེས་པ་དང༔ དེ་ནས་ཟླ་བ་ཕྱེད་ན་གྲུབ་མཐའི་ཆོས་སྣ་ཚོགས་ཤེས་པ་དང༔ དེ་ནས་ཞག་བཅུ་གཅིག་ན་ཡིད་ཆོས་འཛིན་པའི་ལྟ་བ་སྣ་ཚོགས་ཤེས་པ་དང༔ དེ་ནས་ཞག་ཉི་ཤུ་རྩ་གཅིག་ན་ལྷ་ལ་སོགས་པའི་རིགས་དྲུག་གི་སྐད་ཤེས་པ་དང༔ དེ་ནས་ཟླ་བ་ཕྱེད་ན་བེམ་པོ་རྣམས་ཀྱི་སྐད་ཤེས་པ་དང༔ དེ་ནས་ཞག་བདུན་ནས་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གསུང་ཉི་མ་གསུམ་དུ་རིམ་པ་བཞིན་དུ་ཤེས་པ་ནི་ངག་གི་རྟགས་སོ༔ ད་ནི་རང་གཞན་གཉིས་ཀྱིས་མཐོང་བའི་རྟགས་ནི༔ དེ་ཡང་གཞན་གྱིས་མཐོང་བ་ལ་ཆུ་ལ་བྱིང་བ་མེད་པ་དང༔ ནམ་མཁའ་ལ་འཕུར་བ་དང༔ འདི་གཉིས་ནི་སེམས་ཀྱི་རྟགས་ལུས་ལ་ཤར་བ་ཡིན་ནོ༔ རང་གིས་མཐོང་ཞིང་ཚོར་བ་ནི༔ སྙིང་རྗེ་ཆེན་པོ་རྒྱུན་དུ་སྐྱེ་བ་དང༔ དེ་ནས་ཟླ་བ་གཅིག་ན་གང་དུ་བསམ་པའི་ཡུལ་དེར་ཕྱིན་པ་ནི་སེམས་རྟགས་ལུས་ལ་ཤར་བ་ཡིན་ཏེ༔ དེ་ནས་ཟླ་བ་དྲུག་ན་མངོན་ཤེས་དྲུག་འཆར་བ་ནི་རང་གིས་མཐོང་བའི་སེམས་རྟགས་ཡིན་ནོ༔ དེ་དག་ནི་ཕྱིའི་རྟགས་ཞེས་བྱ་སྟེ་རྒྱུན་དུ་སྣང་བ་མ་ཡིན་པས་གཅིག་ནུབ་ཅིང་གཅིག་ཤར་བ་ཡིན་ནོ༔ གཞན་གྱིས་མཐོང་བའི་རྟགས་སུ་ནི༔ ལུས་ཀྱི་རྟགས་སུ་པདྨ་དང་འཁོར་ལོ་དང་རྡོ་རྗེ་ལ་སོགས་པ་རྣམས་གཞན་གྱིས་མཐོང་བ་དང༔ སོའུ་སྐྱེ་བ་འོང་བ་དང༔ སྐྲ་མདོག་དཀར་པོ་ལས་ནག་པོར་འགྱུར་ཞིང་གཉེར་མ་མེད་པ་དང༔ ལུས་ཀྱི་ཤུན་པ་རྣམས་སྦྲུལ་གྱི་ལྤགས་པ་བརྗེས་པ་ལྟར་འགྱུར་བ་དང༔ ལུས་པོ་བྱིས་པ་ལོ་བརྒྱད་པའི་རྣམ་པ་ལྟར་འགྱུར་བ་དང༔ འདི་རྣམས་ལུས་ཀྱི་རྟགས་ཡིན་ནོ༔ ངག་ནི་འཇམ་པ་དང༔ ལྷང་ལྷང་པོ་དང༔ གསོང་པོ་དང༔ དྲང་པོ་དང༔ རང་བརྟོལ་བ་དེ་དག་ནི་ངག་གི་རྟགས་ཡིན་ནོ༔ སེམས་ནི་ཟས་མི་འདོད་པ་དང༔ གོས་མི་དགོས་པ་དང༔ གཉིས་ནི་སེམས་རྟགས་ལུས་ལ་ཤར་བ་ཡིན་ནོ༔ མཉམ་བཞག་ལ་ཞག་དང་ཟླ་བའི་བར་དུ་གནས་པ་དང་རླུང་གར་འདོད་པར་འདྲོངས་པ་ནི་གཞན་གྱིས་མཐོང་བའི་རྟགས་ཡིན་ནོ༔ འདི་དག་ཀྱང་རིམ་པས་འབྱུང་བ་ཡིན་ནོ༔ དེ་དག་ནི་རྟགས་ཡིན་ཏེ་རིམ་གྱིས་སྣང་བ་ཡིན་ནོ༔ རང་གིས་མཐོང་བའི་རྟགས་ནི་རྣམ་པ་གཉིས་སུ་རིག་པར་བྱ་སྟེ༔ སྔོན་དུ་ལུས་ངག་ཡིད་ཀྱིས་སྤྱོད་པ་བྱས་པའི་རྟགས་དང༔ ཉམས་སུ་བླངས་པ་དངོས་གཞི་ཡིན་ནོ༔ དེ་ལ་སྔོན་དུ་ལུས་ངག་ཡིད་ཀྱི་རྟགས་ནི༔ ལུས་ངག་གི་ཞེན་པ་མ་ལོག་ན་སངས་རྒྱས་ཀྱི་འབྲས་བུ་ཐོབ་པའི་རེ་བ་གཏན་མེད་དོ༔ དེའི་ཕྱིར་ན་ལུས་ངག་ཡིད་གསུམ་གྱི་རུ་ཤན་འབྱེད་པའི་སྤྱོད་པ་བརྩམ་དགོས་ཏེ༔ དེ་ཉིད་རུ་ཤན་ཕྱེད་པའི་རྟགས་ནི༔ ལུས་ཀྱི་རྟགས་སུ་སྤྱོད་པ་བྱས་པའི་འོག་ཏུ་གཞན་གྱིས་གསོད་པའི་གཤེད་མ་བྱུང་ཡང་དེ་ལ་འཇིགས་པའི་སེམས་མི་འབྱུང་བའོ༔ དེ་ནས་ཞག་དགུ་ནས་ལུས་ཀྱི་བྱ་བ་དགེ་བ་ལ་སོགས་པ་གང་ལ་ཡང་མི་འཇུག་པ་དང༔ དེ་ནས་ཞག་བཅུ་གཅིག་ན་འདོད་ཆགས་ཀྱི་ཞེན་པ་སྐྱེ་བ་མེད་པ་ཡང་འབྱུང་ངོ༔ དེ་ནས་ཞག་ཉི་ཤུ་རྩ་ལྔ་ལ་རང་གི་ལུས་ཡོད་དུ་མི་ཚོར་བ་འོང་ངོ༔ དེ་རྣམས་ནི་ལུས་ཀྱི་ཞེན་པ་ལོག་པའི་རྟགས་ཡིན་ནོ༔ ངག་གི་ཞེན་པ་ལོག་པའི་རྟགས་ནི༔ གཞན་གྱིས་བརྗོད་པའི་ཚིག་ལ་ཞེན་ཅིང་གདུང་བ་དང་བྲལ་བ་དང༔ དེ་ནས་ཞག་ལྔ་ན་ནང་གི་འཁྲུལ་པའི་རྟགས་རྣམས་དག་པ་དང༔ དེ་ནས་ཞག་བཅུ་ནས་སྔར་མ་ཐོས་པའི་ཆོས་ཀྱི་གཏམ་རྣམས་ཀྱིས་ཚིག་རང་བྱུང་བ་དང༔ དེ་ནས་ཞག་བདུན་ན་ངོ་མཚར་ཅན་གྱི་གཏམ་རྣམས་ཤེས་པ་དང༔ དེ་ནས་ཞག་བཅུ་དགུ་ནས་སྔར་མ་མཐོང་བའི་གཞུང་གི་ཚིག་རྣམས་འབྱུང་བ་དང༔ དེ་ཀུན་གྱིས་ཡིད་དཔྱོད་ཀྱི་དོན་རྣམས་འཆར་བ་ནི་ངག་གི་ཞེན་པ་ལོག་པའི་རྟགས་རྣམས་སོ༔ དེ་ནས་སེམས་ཀྱི་སྤྱོད་པ་བརྩམས་པས་སེམས་རུ་ཤུན་ཕྱེད་པའི་རྟགས་ནི༔ སྔར་ཞེན་པའི་བྱུང་ཚོར་དང་ཕྱི་མ་དང་ད་ལྟར་གྱི་བྱུང་ཚོར་རྣམས་འགག་པ་དང༔ དེ་ནས་ཟླ་བ་ཕྱེད་ན་ཕྱི་ནང་གི་འཁོར་འདས་ཀྱི་ཞེན་པ་རང་ལོག་པ་དང༔ དེ་ནས་ཞག་དགུ་ན་དབུགས་ཕྱི་ནང་དུ་འགྱུ་མི་ནུས་པ་དང༔ དེ་ནས་ཞག་གསུམ་ན་གཞན་གྱིས་གནོད་པ་ཅི་བྱས་ཀྱང་སེམས་ཁྲོ་བ་མེད་པ་དང༔ དེ་ནས་ཉི་མ་གཉིས་ནས་འཁྲུལ་པའི་སེམས་མི་འབྱུང་བ་དང༔ དེ་རྣམས་ནི་སེམས་ཀྱི་ཞེན་པ་ལོག་པའི་རྟགས་ཡིན་ནོ༔ དེ་རྣམས་ནི་ལུས་ངག་ཡིད་གསུམ་སྔོན་དུ་འབྱོང་བའི་རྟགས་ཡིན་ནོ༔ དེ་དག་ནི་དོན་གྱི་ཐ་མལ་པའི་རྟགས་ཞེས་བྱ་སྟེ་སངས་རྒྱ་བ་ལ་རྡུལ་ཙམ་ཡང་ཕན་པ་མེད་དོ༔ ཡང་དག་པའི་རྟགས་མཆོག་ཏུ་གྱུར་པ་རིན་པོ་ཆེའི་རྟགས་མ་ཡིན་ཞེས་བྱ༔ རིག་པ་མངོན་སུམ་གྱི་རྟགས་རང་ལ་བྱུང་བ་མངོན་སུམ་དུ་སྣང་བའི་རྟགས་བྱ་བ་འདི་དག་ནི་ཉམས་སུ་བླངས་པས་དངོས་གཞིའི་རྟགས་རང་གིས་མཐོང་ཞིང་གཞན་གྱིས་མཐོང་བ་མེད་པའི་རྟགས་འདི་དག་རྣམས་ཡིན་ནོ༔ དེ་ཡང་ཐོག་མར་ལུས་ཀྱི་གནད་མ་གཅུན་ན་སྐུ་གསུམ་སྣང་བ་ལམ་དུ་མི་འཆར་བས་ལུས་ཀྱི་གནད་རབ་ཏུ་གཅེས་སོ༔ དེ་ནས་མིག་གི་གཟིགས་སྟངས་མ་གཟིར་ན་སྣང་བ་གོང་དུ་མི་འཕེལ་བས་མིག་གིས་ལྟ་བ་གལ་ཆེའོ༔ དེ་ལ་དེ་ལྟར་བྱས་པའི་སྐྱེས་བུ་ལ་འདི་དག་རྣམས་ལམ་དུ་སྣང་བ་ཡིན་ཏེ་ཉམས་སུ་བླངས་པ་དངོས་གཞི་ལ་ཞུགས་ནས༔ དབང་པོ་རབ་བཟླ་བ་ཕྱེད༔ འབྲིང་གསུམ༔ ཐ་མ་ཟླ་བ་བཅུ་ན༔ ཐིག་ལེ་སྟོང་པའི་སྒྲོན་མ་ཉིད་སྐྱེས་བུའི་མཐེབ་མཛུབ་ཀྱིས་རྩོལ་བ་མ་བྱས་པར་སྣང་བ་ཡིན་ནོ༔ དེ་ཡང་རེས་སྣང་རེས་མི་སྣང་བ་ཡིན་ནོ༔ དེ་ཡང་ཟླ་བ་བདུན་དང༔ བཅུ་གཅིག་ན་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཉིད་སྨིན་མཚམས་ནས་བྲལ་ཏེ་སྣང་བ་ཡིན་ཏེ༔ དེ་ཡང་ནམ་མཁའ་དྭངས་པ་ལ་ཉི་མའི་ཕྱོགས་ཙམ་གཏད་དེ་ཉམས་སུ་བླངས་པས་ཐོག་མར་དཀར་པོ་ལང་ལོང་ལས་འོད་ལྔར་སྣང་བ་དུམ་བུར་སྣང་བ་ཡིན་ནོ༔ དེ་ནས་དབང་པོའི་ཁྱད་ཀྱིས་ཞག་གསུམ་མམ་ལྔའམ་བདུན་ན་འོད་ལྔའི་སྣང་བ་གྱེན་ལ་འགྲེང་བ་དང༔ རྩིབས་ལ་ཤར་བ་དང༔ མདུང་རྩེའི་རྣམ་པ་ལྟ་བུར་རེ་ལྡེ་ཙམ་དུ་སྣང་བ་ཡིན་ནོ༔ དེ་ནས་ཞག་དགུ་དང་ཟླ་བ་ཕྱེད་དང་ཉི་ཤུ་རྩ་གཅིག་ན་དབྱིངས་དེ་ཉིད་ཀྱང་ཁ་དོག་སྣ་ཚོགས་སུ་སྣང་བ་ཡིན་ནོ༔ དེ་ནས་ཟླ་བ་དགུ་དང་བཅུ་དང་བཅོ་ལྔའམ་བཅོ་བརྒྱད་ན་དབྱིངས་ཀྱི་སྣང་བ་མཐོང་མ་ཐག་ཏུ་དཀར་པོ་ལང་ལོང་དང་བན་བུན་ལས་ཡུལ་གྲུ་ཙམ་དུ་སྣང་བ་ཡིན་ནོ༔ དེ་ནས་ཞག་བཅོ་བརྒྱད་དང་ཉི་ཤུ་རྩ་གཅིག་དང་སུམ་ཅུ་རྩ་གཉིས་ན་དབྱིངས་དང་རིག་པ་ལ་ཉིན་མོ་མཚན་མོ་མེད་པར་སྣང་བ་ཡིན་ནོ༔ དེ་དག་ནི་དབྱིངས་ཀྱི་འཕེལ་ཡིན་ནོ༔ དེ་ནས་ཟླ་བ་གསུམ་དང་དྲུག་དང་བཅུ་གཉིས་ན་སྣང་བ་ཐིག་ལེར་སྣང་བ་ཡིན་ཏེ་ཉུང་འབྲུའམ་སྲན་མའི་འབྲུ་གུ་ཙམ་དུ་སྣང་སྟེ༔ འདི་དག་གི་དུས་ན་འགྲོ་འོང་དུ་སྣང་བ་ཡིན་ནོ༔ དེའི་ཚེ་ཕྱི་ལུས་ངག་ཀྱང་འདི་ལྟ་བུའི་རྟགས་དང་ལྡན་པའི་ཕྱིར་སྣང་བ་ཡིན་ཏེ༔ བྱ་བ་གཞན་གང་ལ་ཡང་འཇུག་མི་འདོད་པ་དང་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་རང་བཞིན་གྱིས་འཆར་བ་ཡིན་ནོ༔ དེ་ནས་ཡང་དབང་པོའི་ཁྱད་པར་གྱིས་ཟླ་བ་བདུན་དང་ཟླ་བ་དགུ་དང་ཟླ་བ་བཅུ་བདུན་ན་རང་གི་མདུན་དུ་མཐོ་ཕྱི་རྣམས་སུ་མེ་ལོང་གི་རྣམ་པ་ལྟ་བུ་འཆར་ཞིང་འོད་ཟེར་ནི་རྩིབས་འཁྱུགས་སུ་འཆར་བ་ཡིན་ནོ༔ དེ་དག་ནི་རིག་པ་ཟིན་པའི་རྟགས་ཡིན་ནོ༔ དེའི་ཚེ་ཕྱི་ལུས་ངག་ལ་ཡང་རྟགས་འདི་རྣམས་ལྟ་བུ་འབྱུང་བ་ཡིན་ནོ༔ ལུས་ཡང་ཞིང་ལུས་ཀྱི་སྲོག་ཆགས་རྣམས་མི་འབྱུང་བ་དང་ལས་དགེ་སྡིག་གི་རྣམ་པ་གང་ལ་ཡང་འཇུག་སྙིང་མི་འདོད་པ་དང༔ ལུས་རང་བཞིན་གྱིས་གཞོན་ཤ་ཆགས་ཤིང་སྣུམ་བག་དང་ལྡན་པ་དག་འོང་ངོ༔ དེ་ནས་ཟླ་བ་གསུམ་དང་ལྔ་དང་དགུ་ན་ཐིག་ལེ་དེ་དག་དབང་པོའི་ཁྱད་ཀྱིས་ཁམ་ཕོར་རམ་འཁར་གཞོང་ངམ་བསེ་ཕུབ་ཀྱི་རྣམ་པ་ཙམ་དུ་སྣང་བ་ཡིན་ནོ༔ འོད་ཀྱང་ཡུལ་གྲུ་ཙམ་དུ་སྣང་ངོ༔ རིག་པ་ནི་རི་དྭགས་རྒྱུག་པའི་ལུས་ཀྱི་རང་བཞིན་དུ་འགྱུར་རོ༔ དེའི་ཚེ་ཕྱིའི་རྟགས་འདི་ལྟ་བུ་དག་འབྱུང་བ་ཡིན་ནོ༔ ལུས་ལ་གཉེར་མ་མེད་ཅིང་ཟས་སྐོམ་ཡང་ཡིད་ལ་མི་འདོད་པ་དང༔ རང་གི་སྣང་བ་དེ་ལས་འབྲལ་མི་ཕོད་པ་དང༔ བར་སྣང་ལ་འགྲོ་བ་སྙམ་བྱེད་ཅིང་མི་དང་འཕྲད་སྙིང་མི་འདོད་པ་དང༔ འཁྲུལ་བའི་གཏམ་མི་འབྱུང་ཞིང་རྟག་ཏུ་ལྐུགས་པ་ལྟར་འགྲོའོ༔ དེ་ནས་ཡང་ཟླ་བ་གསུམ་དང་ལྔ་དང་བདུན་ན་ཐིག་ལེ་དེ་དག་ཡུལ་ཁམས་ཙམ་དུ་འཆར་ཏེ༔ དེ་ཡང་མུ་ཁྱུད་ལྔ་ཟླུམ་པོར་སྣང་བ་ཡིན་ནོ༔ དེའི་ཚེ་ཕྱི་རྟགས་ཀྱང་འདི་ལྟ་བུ་ཡིན་ནོ༔ རང་ལ་རང་རྒོད་བྲོ་བ་དང༔ སྔར་མི་ཤེས་པའི་ཆོས་མང་པོ་རྒྱུད་ལ་ཆར་བ་དང༔ ཅི་སྨྲས་ཐམས་ཅད་ཆོས་ཀྱི་ཚིག་ཏུ་འགྱུར་བ་དང༔ རང་གི་བླ་མ་ལ་མཆོག་ཏུ་གདུང་བ་སྐྱེ་བ་དང༔ དགྲ་གཉེན་གྱི་འཁྲུལ་པ་འབྱུང་མི་སྲིད་དོ༔ དེ་ནས་ཡང་ཟླ་བ་གཅིག་དང་གསུམ་དང་ལྔ་ན་ཐིག་ལེ་དེ་དག་རེ་རེའི་ནང་དུ་ཡང་རྡོ་རྗེ་སེམས་དཔའི་སྐུ་རྐྱང་པ་རེ་རེ་སྣང་བ་ཡིན་ནོ༔ འདི་དུས་ན་ཕྱིའི་སྣང་བ་རྣམས་རང་འགགས་པའི་རྟགས་སུ་འབྱུང་བ་ལྔའི་གནོད་པ་དང་བྲལ་བ་ལ་སོགས་པ་རྟགས་དགུ་འོང་བ་དེ་ཡིན་ནོ༔ དེ་ཉིད་ཀྱི་དུས་ན་རིག་པ་ཡང་འགུལ་བ་མ་ཡིན་ནོ༔ དེ་ནས་ཟླ་བ་གསུམ་དང་ལྔ་དང་དགུ་ན་ཐིག་ལེ་རེ་རེའི་ནང་དུ་སྐུ་ལྔ་ལྔ་སྣང་བ་ཡིན་ནོ༔ འདིའི་དུས་སུ་སྣང་བ་འགུལ་མི་སྲིད་དོ༔ འདིའི་དུས་ན་འབྱུང་བའི་ཕུང་པོ་སྣང་བ་རང་འགགས་ནས་གདོས་བཅས་ཤ་ཁྲག་གི་ལུས་སུ་སྣང་བ་ཡང་མེད་དེ། སྐབས་སུ་རང་གི་ལག་པའི་སོར་མོ་རྣམས་འོད་དུ་སྣང་བ་ཡིན་ནོ༔ འདི་དག་རྣམས་རྫོགས་ནས་རྟགས་རྣམས་ཀྱང་སྐྱེ་མེད་ཀྱི་ཀློང་དུ་མྱ་ངན་ལས་འདས་པ་ཡིན་ཏེ་འདི་ལས་གཞན་དུ་རྟགས་ཟད་པ་ཡིན་ནོ༔ དེ་ལྟར་སྐྱེས་བུ་གཅིག་ལ་རྟགས་དེ་རྣམས་རྫོགས་ནས་སངས་རྒྱ་བ་ལ་ཐེ་ཚོམ་ཡོད་མི་སྲིད་དོ༔ འབྱུང་བ་རྣམས་འདི་ཉིད་ལ་དག་ནས་ཕུང་པོ་ལྷག་མེད་དུ་སངས་རྒྱ་བ་ཡིན་ནོ༔ འདིའི་དུས་ན་སྐྱེ་བ་ལ་རང་དབང་ཐོབ་པ་དང༔ འཇུག་པ་ལ་རང་དབང་ཐོབ་པར་འདོད་ན༔ རང་གི་ལག་པའི་སོར་མོ་ལ་གཏད་ཅིང་བལྟས་པས་སྣང་བ་དེ་ཀུན་རང་ལྡོག་སྟེ་མི་ལུས་ཐོབ་པའི་སེམས་ཅན་སུམ་སྟོང་ལ་རང་གི་རིག་པ་བཅུག་པས་དེ་ཀུན་ཡང་འབྱུང་བ་དག་ནས་འདི་ཉིད་ལ་སངས་རྒྱ་བ་ལ་ཐེ་ཚོམ་མེད་དོ༔ འདིའི་དུས་ན་རིག་པ་ཉིད་བེམ་པོ་རྣམས་ལ་བཅུག་ཀྱང་དེ་ཉིད་འགུལ་བ་དང་སྐད་འབྱིན་ནུས་པ་འོང་བ་ཡིན་ནོ༔ འདི་ལྟར་སུམ་སྟོང་གྲོལ་བ་ནི་རིག་པ་ཉིད་གཅིག་པའི་ཕྱིར་རོ༔ འདི་ཚེ་འཕོ་བའི་དུས་ན་རིག་པ་ཉིད་བཅུག་ན་མཚམས་མེད་པ་ལྔའི་ལས་བྱས་པ་ཡང་རང་དང་མཉམ་ཉིད་དུ་འགྱུར་ཏེ་ལས་ལ་བཟང་ངན་མེད་པའི་གནད་ཀྱིས་སོ༔ འདི་ནི་རང་བཞིན་རྣམ་པར་དག་པའི་རྟགས་ཡིན་པས་འགྱུར་བ་མེད་དོ༔ སྐྱེས་བུ་མཆོག་ཏུ་གྱུར་པ་རྣམས་ནི་རྟགས་འདི་ཀུན་མ་རྫོགས་པར་ཆོས་ཉིད་ཟད་པའི་སར་རང་གྲོལ་བའང་ཡོད་དོ༔ འདིར་ཟླ་བ་བྱེ་བྲག་ཏུ་བྱས་ནས་ལོ་བདུན་དང་ཟླ་བ་བཅུ་གཅིག་པོ་འདི་དག་ནི་ཐ་མལ་པའི་གང་ཟག་རྣམས་ཡིན་ནོ༔ འདི་ལ་མི་གྲོལ་མི་སྲིད་དོ༔ དབང་པོ་འབྲིང་པོ་རྣམས་ནི་འདི་ལྟར་ལོ་བཞི་ཟླ་བ་ལྔ་ཞག་དྲུག་ན་འབྱུང་བ་རྣམས་རང་སར་ཡལ་ནས་འགྲོ་བ་ལ་ཐེ་ཚོམ་མེད་དོ༔ དབང་པོ་རབ་རྣམས་ནི་ལོ་གསུམ་དང་ཟླ་བ་གསུམ་དང་ཞག་ཉེར་གཅིག་ན་གྲོལ་བ་ཡིན་ནོ༔ འདི་ནི་རྟགས་ངེས་པའི་རྣལ་འབྱོར་པ་ལ་ལམ་དུ་སྣང་བར་བྱེད་པའི་རྟགས་ཡིག་གསང་བ་ཆེན་པོ་སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པ༔ ཉམས་སུ་ལེན་པ་རྣམས་ཀྱི་རྟགས་ཡིག་བསྡུས་པ་རྫོགས་སོ༔ རྒྱ་རྒྱ་རྒྱ༔ རྒྱ་གར་གྱི་མཁན་པོ་བི་མ་ལས་སྒྲ་མི་མཐུན་པ་གསུམ་ལས་བསྒྱུར་བ་ལགས་སོ༔ འདི་མེད་གཞན་ལ་སྤྱོད་པའི་སྒོམ་ཆེན་ཡི་རེ་ཆད༔ དེའི་ཕྱིར་ན་གསང་བ་རྟགས་ཀྱི་ཡི་གེ་ཞེས༔ འདི་ལ་གསང་བའི་མན་ངག་མཆོག་ཏུ་གཅེས་པའི་ཡི་གེ་འདི་ཟུང་ཞིག༔ རབ་ཏུ་གསང་བའི་མན་ངག་ཟངས་ཡིག་ལས༔ རྟགས་ཀྱི་ཡི་གེ་འདི་མེད་ཡུག་པོ་ཡིན༔ ཡི་གེ་གསུམ་དང་འབྲེལ་ན་རྣལ་འབྱོར་དོན་ཆེན་འགྲུབ༔ འདི་གསུམ་མེད་ན་བསྒྲུབས་ཀྱང་དོན་མེད་འགྱངས༔ དེ་ཡི་ཕྱིར་ན་བཀོལ་བའི་ཡི་གེ་གསུམ༔ སེམས་ཀྱི་དཀྱིལ་དུ་ཕུར་ཅིག་ས་མ་ཡ༔ ཉམས་སུ་བླངས་པའི་མན་ངག་ཟངས་ཡིག་ཅན༔ རབ་ཏུ་ཟབ་པས་སུ་ལ་ཡང་སྟེར་རེ་ཀན༔ དུང་ཡིག་ཅན་གྱིས་སྤྲུལ་པའི་སྐུ་ཡང་འགྲུབ༔ མཁའ་འགྲོ་མཛོད་ཀྱིས་ཐུན་མོང་དངོས་གྲུབ་འགྲུབ༔ བསྟན་པའི་བུ་གཅིག་མེད་ན་བསྒྲུབ་ཀྱང་དོན་མི་འགྲུབ༔ འདི་ཀུན་མེད་པར་རྒྱུད་ལ་བདེན་འཛིན་ན༔ དོན་མེད་འཆལ་བས་རང་དོན་བསླུ་བར་མཆིའོ༔ དེ་ཡི་ཕྱིར་ན་འདི་ཚོ་རབ་ཏུ་གཅེས༔ ཞེས་བི་མ་ལས་གསུངས་སོ༔ སྔགས་ཀྱི་སྲུང་མས་སྲུངས་ཤིག༔ སྐལ་ལྡན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བུ་རང་གི་ལག་ངར་གྱེན་དུ་བསླངས་ཏེ༔ བསྒོམས་པས་དེ་ཉིད་ཟང་ཐལ་དུ་སྣང་བ་ཡིན་ནོ༔ འདི་ནི་མངོན་སུམ་དུ་འཆར་བའི་རྟགས་ཡིན་ནོ༔ འབྱུང་བ་འདི་དག་རང་གི་ལུས་འོད་ལྔར་རྟོགས་པའི་རྟགས་སུ༔ མིག་གི་རྩ་རང་གི་མཐེབ་མཛུབ་ཀྱིས་གཏེམས་པས༔ འོད་ལྔའི་ཐིག་ལེ་འཆར་བ་ཡིན་ནོ༔ དེའི་ཕྱིར་མངོན་སུམ་འཆར་བའི་རྟགས་གསུམ་གྱིས་ཡིད་ཆེས་པར་བསྟན་པའོ༔ ཨཐྎ༔ རྒྱ་རྒྱ་རྒྱ༔ དཔལ་སྔགས་ཀྱི་སྲུང་མས་སྲུངས་ཤིག༔ ༔


previousགསང་བ་ཆེན་པོའི་རྟགས་ཀྱི་ཡི་གེnext