Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་སོ་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྣམ་སྲས་སེར་ཆེན་སྤྲིན་གསེབ་མའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ། འགྱུར་མེད་རྡོ་རྗེ།
   
   
   


 
previousརྣམ་སྲས་སེར་ཆེན་སྤྲིན་གསེབ་མའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ། འགྱུར་མེད་རྡོ་རྗེ།next

རྣམ་སྲས་སེར་ཆེན་སྤྲིན་གསེབ་མའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ། འགྱུར་མེད་རྡོ་རྗེ།

རྣམ་སྲས་སེར་ཆེན་སྤྲིན་གསེབ་མའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བཞུགས། ༀ་སྭ་སྟི། རྒྱལ་བའི་བཀའ་ཡི་བསྟན་སྲུང་མཆོག །རིན་ཆེན་མང་སྤྲུལ་རྣམ་ཐོས་སྲས། །དེ་ལ་བཏུད་ནས་སྒྲུབ་ཐབ་དང་། །རྗེས་གནང་ཆོ་ག་མདོ་ཙམ་བཤད། །འདིར་རྣམ་ཐོས་སྲས་སེར་ཆེན་སྤྲིན་གསེབ་མའི་སྒྲུབ་ཐབས་དང་འབྲེལ་བར་རྗེས་གནང་གི་ཆོ་ག་སྒྲུབ་པ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་བཤོམ། དངོས་གཞི་སྒྲུབ་པའི་ཐབས་དང་། རྗེས་གནང་གི་ཆོ་གའོ། །དང་པོ་ཡོ་བྱད་བཤམ་པ་ནི། གནས་ཁང་མཛེས་པར་བརྒྱན། བྲིས་སྐུ་སོགས་རྟེན་བཀྲམ་པའི་མདུན་དུ། སྟེགས་བུ་དྲི་བཟང་གིས་བྱུགས་པའི་ཁར་མཎྜལ་སྒོ་རྫོགས་ཁོར་ས་གསུམ་པ་སྒོམ་དོན་དང་མཐུན་པའམ་སྣ་ཚོགས་པདྨ་འདབ་བརྒྱད་མུ་ཁྱུད་དང་བཅས་པ་བྲི། དེའི་སྟེང་དུ་འབྲུ་སྣའི་ཕྱེ་ལ་རིན་པོ་ཆེ་བརྡར་བའི་རྟེན་གཏོར་ཁང་བཟང་སུམ་བརྩེགས་མའི་ཚུལ་དུ་བྱས་པ་བཀོད། དེའི་གཡས་སུ་བུམ་གདན་པདྨ་འདབ་བཞིའི་ཚོམ་བུའི་ཁར་བུམ་པ་བཅུད་ལྡན། གཡོན་དུ་མཆོག་གཏོར་ཟླུམ་པོ་གཙོ་འཁོར་དགུ་པ། རྒྱབ་ཏུ་སྟེགས་མཐོ་བར་ཡི་དམ་གྱི་འབུལ་གཏོར། མདུན་དུ་ཆུ་གཉིས་ཉེར་སྤྱོད་ལྔ་སོགས་མཆོད་པའི་ཡོ་བྱད། ཕྱག་མཚན་དང་སྤྱན་གཟིགས་སོགས་ཉེ་བར་མཁོ་བ་ཐམས་ཅད་ཅི་བདེ་བར་བཀོད་ཅིང་ཚོགས་པར་བྱའོ། །གཉིས་པ་སྒྲུབ་པའི་ཐབས་ནི། ཁྲུས་བྱས་གོས་བཟང་པོ་གྱོན་ནས་སྟན་ལ་འདུག་སྟེ། བགེགས་གཏོར་བཏང་། མཆོད་པ་བྱིན་གྱིས་བརླབ། གསང་བའི་བདག་པོའི་བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་འགྲོ་བས། མདུན་གྱི་རྟེན་བསང་སྦྱང་། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་ལྕང་ལོ་ཅན་གྱི་དགའ་བའི་ཚལ་ཆེན་པོའི་དབུས་སུ་བྷྲཱུྃ་ལས་རིན་པོ་ཆེའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་ལྡན་པ་ཕྱོགས་བཞིར་ཀ་བ་ཉིས་སྟོང་ལྔ་བརྒྱ་ལྔ་བརྒྱས་བཏེགས་པའི་ཁོར་ཡུག་གིས་བསྐོར་བའི་ཤར་ཤེལ། ལྷོ་བཻཌཱུརྻ། ནུབ་པདྨ་རཱ་ག །བྱང་ཛམ་བུ་ཆུ་བོའི་གསེར་ལས་གྲུབ་པ་དབྱིབས་ལེགས་ཤིང་ལྟ་ན་སྡུག་པ་རྒྱན་ཐམས་ཅད་ཀྱིས་སྤྲས་པའི་དབུས་སུ་རིན་པོ་ཆེ་སྣ་བདུན་གྱི་ཁང་བཟང་སུམ་བརྩེགས་སུ་ཡོད་པ། ས་འོག་ཏུ་གཏེར་གྱི་ཁང་པ་བཅོ་ལྔ་དང་བཅས་ཤིང་། ཁོར་ས་རིམ་པ་གསུམ་གྱིས་བསྐོར་བའི་དང་པོའི་ཕྱོགས་མཚམས་བརྒྱད་དུ་ཁང་བཟང་བརྒྱད་ཀྱིས་མཛེས་པ། དེ་དག་གི་ཕྱི་རོལ་དུ་རིན་པོ་ཆེའི་ཕུང་པོ། དཔག་བསམ་གྱི་ལྗོན་ཤིང་། མ་རྨོས་པའི་ལོ་ཐོག །གཏེར་གྱི་བུམ་བཟང་། ཁྲུས་རྫིང་མེ་ཏོག་དང་ལྡན་པ་རྣམས་སྤེལ་མར་གནས་པའི་ཕྱི་ནང་རིན་པོ་ཆེའི་ར་བ་གྲུ་བཞི་པས་བསྐོར་བ། ཕོ་བྲང་དབུས་མའི་ནང་དུ་སྣ་ཚོགས་པདྨ་དང་ཉི་མ་སེང་གེ་ལ་གནས་པའི་བཻ་སེར་པོའི་འཕྲོ་འདུ་ལས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ། གཡས་རིན་པོ་ཆེའི་རྒྱལ་མཚན་སྒྲེང་ཞིང་གཡོན་ནོར་བུ་སྐྱུག་པའི་ནེའུ་ལེ་འཛིན་པ། བརྗིད་བག་དང་བཅས་པའི་སྐུ་ལ་ལྷའི་དར་སྣ་ཚོགས་པའི་ན་བཟའ་ལྷབ་ལྷུབ་ཏུ་གསོལ་ཞིང་། རིན་པོ་ཆེའི་ཐོར་ཚུགས་དབུ་རྒྱན་སོགས་རྒྱན་ཐམས་ཅད་ཀྱིས་སྤྲས་པ། ཞབས་གཡོན་བརྐྱང་བའི་རོལ་པའི་སྟབས་ཀྱིས་སེང་གེ་དཀར་མོ་ཉལ་སྟབས་སུ་གནས་པའི་སྟེང་ན་བཞུགས་པ། ཉི་མ་འབུམ་གྱི་གཟི་བརྗི་ཅན་ནམ་མཁའི་མཛོད་ལ་མངའ་བརྙེས་ཤིང་སྐྱེ་རྒུ་རྣམས་ཕོངས་པ་ལས་སྒྲོལ་བ། ཕྲག་གོང་ཉི་ཟླས་བརྒྱན་པ། བཙུན་མོ་སྲས་དང་ཕོ་ཉའི་ཚོགས་ཀྱིས་བསྐོར་བ། ཕྱོགས་མཚམས་ཀྱི་ཁང་བརྩེགས་བརྒྱད་ཀྱི་ཤར་ནས་རིམ་པ་བཞིན་ཛམ་བྷ་ལ་སེར་པོ་རིན་པོ་ཆེ་འཛིན་པ། ཡང་དག་ཤེས་སེར་པོ་གསེར་གྱི་གྲི་རིང་འཛིན་པ། གང་བ་བཟང་པོ་སེར་པོ་བུམ་པ་འཛིན་པ། འབྲོག་གནས་ནག་པོ་མདུན་འཛིན་པ། ནོར་བུ་བཟང་པོ་དཀར་བོ་ནོར་བུ་འཛིན་པ། ལྔས་རྩེན་སེར་སྐྱ་ཁང་བརྩེགས་འཛིན་པ། ཀུ་བེ་ར་ནག་པོ་རལ་གྲི་འཛིན་པ། འཇམ་པོ་འཁྱིལ་བ་དཀར་པོ་གྲི་ཕུབ་འཛིན་པ་སྟེ་ཐམས་ཅད་ཀྱང་གཡོན་གཏེར་གྱི་ནེའུ་ལེ་བསྣམས་ཤིང་རང་མདོག་དང་མཚུངས་པའི་རྟ་ལ་ཆིབས་པ། བརྗིད་ཅིང་དཔའ་བ་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། འཁོར་ས་བར་མ་ན་ཀླུ་ཆེན་བརྒྱད་འཁོར་དང་བཅས་པ། འཁོར་ས་ཐ་མ་ན་ལྷ་མ་སྲིན་སྡེ་བརྒྱད་སོགས་ཅི་བགྱིའི་ཕོ་ཉ་བསམ་གྱིས་མི་ཁྱབ་པའི་ཚོགས་རྣམ་འགྱུར་སྣ་ཚོགས་པའི་གཟུགས་དང་ཆ་ལུགས་ཅན་ཕྲིན་ལས་རབ་འབྱམས་ལ་དབང་འབྱོར་བས་འདོད་པའི་དངོས་གྲུབ་ཆར་བཞིན་དུ་འབེབས་པ་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་བཞིན་འཁོད་པར་གྱུར། གནས་གསུམ་བྱིན་གྱིས་བརླབ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ལྕང་ལོ་ཅན་གྱི་ཕོ་བྲང་ནས་རྒྱལ་པོ་ཆེན་པོ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ཞིང་། ཙནྡན་དཀར་དམར་ག་བུར་སྤོས་དཀར་ཨ་ཀ་རུ་བ་ལུའི་ཕྱེ་རྣམས་སྦྱར་བའི་སྤོས་བསྲེག་ཅིང་རོལ་མོའི་སྒྲ་དང་བཅས་པས། བཻ་རི་རབ་ལྷུན་པོའི་བྱང་ཕྱོགས་ནས། །གནོད་སྦྱིན་རྒྱལ་པོ་རྣམ་ཐོས་སྲས། །འཁོར་གྱི་གནོད་སྦྱིན་ཚོགས་དང་བཅས། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །ༀ་བཻ་ཤྲ་མ་ཎ་ཡེ་ས་པ་རི་ཝཱ་ས་མ་ཡ་ཧྲིཾ་ཧྲིཾ་ཛཿཛཿ ཛཿཧཱུཾ་བཾ་ཧོཿ ༀ་བཻ་སྭཱ་ཧཱ། ༀ་བཻ་ཤྲ་མ་ཎཱ་ཡ་ཨཱ་ཱཀཪྵ་ཡ་ཛཿ ཞེས་དང་། བཻ་རིང་པོ་མིག་འཛུམ་སོ་གཉིས་ཀྱི་ཡུན་ཚད་དུ་བརྗོད་པས་སྤྱན་དྲངས། ༀ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མི། ཞེས་ཅོད་པན་གྱིས་དབང་བསྐུར། ཧཱུྃ། རི་རབ་ཆེན་པོའི་གཞལ་ཡས་འདིར། །ཉི་ཟླ་པདྨའི་གདན་ཁྲི་ལ། །གནོད་སྦྱིན་རྒྱལ་པོ་འཁོར་དང་བཅས། །བསྟན་པ་བསྲུང་ཕྱིར་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། ཞེས་བཞུགས་སུ་གསོལ། གསང་བདག་གནོད་སྦྱིན་འཁོར་དང་བཅས། །དམ་ཚིག་ཅན་གྱི་ལྷ་ཚོགས་ལ། །གཉིས་མེད་དང་བའི་ཚུལ་གྱིས་ནི། །རྩེ་གཅིག་གུས་པས་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏཱི་ཙྪ་ཧོཿན་མོ། ཞེས་པས་ཕྱག་བྱ། ཧཱུྃ། གསང་བདག་གནོད་སྦྱིན་ཆེན་པོ་འཁོར་བཅས་ལ། །སྤོས་དང་མེ་ཏོག་མར་མེ་ཞལ་ཟས་དང་། །སིལ་སྙན་རྔ་ཆེན་བྱུག་པ་མཆོད་པའི་སྤྲིན། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པས་མཆོད། །ༀ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤཔྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པས་མཆོད། བསྟོད་པ་བྱ་བ་ནི། བཻ། རི་རྒྱལ་ལྷུན་པོའི་བྱང་ཕྱོགས་ལྕང་ལོ་ཅན། །རིན་ཆེན་མཛེས་པའི་ཕོ་བྲང་ཆེན་པོ་ནི། །ཤར་ཕྱོགས་ཤེལ་ལས་གྲུབ་པས་དཀར་ཞིང་འཚེར། །ལྷོ་ཕྱོགས་བཻཌཱུརྻ་སྟེ་མཐིང་ཞིང་འཚེར། །ནུབ་ཕྱོགས་པདྨ་རཱ་ག་དམར་ཞིང་དྭངས། །བྱང་ཕྱོགས་གསེར་ལས་གྲུབ་པས་གསལ་ཞིང་མཛེས། །བླ་གོར་སྒོ་ལ་གསེར་གྱི་པ་ཏྲས་བརྒྱན། །ཁང་བཟང་ལྕོག་བཞི་རིན་ཆེན་རྒྱལ་མཚན་བཙུགས། །རིན་ཆེན་ཕོ་བྲང་ལོངས་སྤྱོད་འདོད་ཡོན་ལྡན། །རིན་ཆེན་ཁྲི་སྟེང་པཉྩ་ལི་ཀཱའི་གདན། ཞེས་པ་དང་། གནོད་སྦྱིན་རྒྱལ་པོ་རྣམ་ཐོས་སྲས། །སྤྲིན་བྲལ་ཉི་མའི་གཟི་མདངས་ཅན། །དར་དང་ཟ་འོག་ན་བཟའ་གསོལ། །དབུ་ལ་རིན་ཆེན་པྲོག་ཞུ་མནབ། །ཕྱག་གཡས་རིན་ཆེན་རྒྱལ་མཚན་འཛིན། །གཡོན་པ་གཏེར་གྱི་ནེའུ་ལེ་བསྣམས། །ཞལ་ནས་རིན་ཆེན་ཆར་བ་འབེབས། །ཐུགས་རྗེས་ཕོངས་པ་ལས་སྒྲོལ་མཛད། །ལྷ་ཡི་སེང་གེའི་གདན་ལ་བཞུགས། །རིན་ཆེན་ཕྲེང་བས་རབ་བརྒྱན་ཅིང་། །ནམ་མཁའི་མཛོད་ལ་མངའ་བརྙེས་ཏེ། །ཡིད་བཞིན་རེ་སྐོང་རྣམ་ཐོས་བུ། །རྫུ་འཕྲུལ་ཆེ་ཞིང་འོད་དང་ལྡན། །ཁ་དོག་ལྡན་ཞིང་གྲགས་དང་ལྡན། །སྡེ་བོ་ཆེ་ལ་སྟོབས་པོ་ཆེ། །གཞན་གྱི་དཔུང་རྣམས་རབ་ཏུ་འཇོམས། །གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ། །ལྷ་མིན་གཡུལ་རྣམས་ཕམ་པར་མཛད། །རྒྱལ་པོ་ཆེན་པོ་རྣམ་ཐོས་བུ། །འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། མི་ནུས་ན་གོང་གི་གནས་བསྟོད་བཞག་པའི། གནོད་སྦྱིན་རྒྱལ་པོ་ཞེས་པ་མན་ཆད་ཀྱིས་ཀྱང་ཆོག །ཡང་སྤྲོ་ཞིང་ནུས་ན་འཁོར་མང་གི་སྒེར་བསྟོད་ཀྱང་བྱ་སྟེ་སྒྲུབ་ཡིག་རྩ་བ་ལས་ཤེས་སོ། །བཟླས་པ་བྱ་བ་ནི། རྒྱལ་པོ་འཁོར་བཅས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་བཻ་ཡིག་སྔགས་ཀྱིས་བསྐོར་བ་བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་ཅི་འདོད་པའི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་བསམ་ལ། ༀ་བཻ་སྭཱ་ཧཱ། གཙོ་བོའི་སྙིང་པོའོ། །ༀ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། ཉེ་བའི་སྙིང་པོའོ། །ༀ་ཛམྦྷ་ལཱ་ཡ་སྭཱ་ཧཱ། ༀ་པཱུརྞ་བྷ་དྲཱ་ཡ་སྭཱ་ཧཱ། ༀ་མ་ཎི་བྷ་དྲཱ་ཡ་སྭཱ་ཧཱ། ༀ་ཀུ་བེ་རཱ་ཡ་སྭཱ་ཧཱ། ༀ་གུཧྱ་སྠཱ་ནཱ་ཡ་སྭཱ་ཧཱ། ༀ་པཉྩི་ཀཱ་ཡ་སྭཱ་ཧཱ། ༀ་པི་ཙི་ཀུཎྜ་ལི་ཡེ་སྭཱ་ཧཱ། འཁོར་གནོད་སྦྱིན་བརྒྱད་པོ་རྣམས་ཀྱི་སྔགས་སོ། །དེ་ལྟར་ཅི་ནུས་བཟླས་ནས་ཐུན་མཐར་གཏོར་མ་འབུལ་བ་ནི། བསང་སྦྱང་། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་དུ་ཁཾ་ལས་གཏོར་མ་བདུད་རྩིའི་རྒྱ་མཚོ་འདོད་ཡོན་ལྔའི་སྤྲིན་ཕུང་སྤྲོ་བར་གྱུར། ༀ་ཨཱཿཧཱུྃ། ལན་གསུམ་དང་། ཨ་ཀཱ་རོ་སོགས་བརྗོད་པས་བྱིན་གྱིས་བརླབས་ལ། ༀ་བཻ་ཤྲ་མ་ཎ་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་མ་ཧཱ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་བདུན་གྱིས་ཕུལ་ལ། བཻ། བྱང་ཕྱོགས་སྐྱོང་བའི་རྒྱལ་ཆེན་རྣམ་ཐོས་སྲས། །གཏོར་མ་ཕུལ་བ་འདི་དག་བཞེས་ནས་ཀྱང་། །བདག་ཅག་འཁོར་དང་བཅས་པ་ལ། །བུ་སྡུག་བཞིན་དུ་སྐྱོང་བར་མཛོད། །བདག་ལ་གནོད་པར་སེམས་པ་དང་། །ལོག་པར་ཞུགས་པའི་དགྲ་ཚོགས་རྣམས། །དེ་ཡི་ཕྲུ་མ་གཞོམ་པ་དང་། །གཏན་ནས་བརླག་པའི་ཕྲིན་ལས་མཛོད། །ཞི་རྒྱས་དབང་དང་དྲག་པོ་ཡི། །ལས་རྣམས་འགྲུབ་པར་མཛད་དུ་གསོལ། །ཞེས་ཕྲིན་ལས་གསོལ། མཐར་གཏང་རག་གི་མཆོད་བསྟོད་དང་། ཡི་གེ་བརྒྱ་པས་ལྷག་ཆད་བསྐང་། ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། སྨོན་ལམ་ཤིང་བརྗོད་ཅི་རིགས་པར་བྱའོ། །གསུམ་པ་རྗེས་གནང་གི་ཆོ་ག་ནི། བདག་བསྐྱེད་ཀྱི་བཟླས་པ་སོང་རྗེས་བུམ་པར་གསང་བདག་བསྐྱེད། གནས་གསུམ་བྱིན་གྱིས་བརླབས་ནས་ཡེ་ཤེས་པ་གཞུག །དབང་བསྐུར་རིགས་བདག་གིས་རྒྱས་གདབ། མཆོད་ཅིང་བསྟོད་ནས། ཐུགས་ཀའི་སྔགས་ཕྲེང་གཟུགས་ཐག་ལ་བརྟེན་ནས་བུམ་ལྷའི་རྒྱུད་བསྐུལ། སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ནས། ༀ་ནཱི་ལཾ་བྷ་ར་དྷ་ར་བཛྲ་པཱ་ཎི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་བརྒྱ་རྩ་སོགས་བཟླས་ནས་ལྷ་བདུད་རྩིར་ཞུ། དེ་ནས་མདུན་བསྐྱེད་ཀྱི་སྒྲུབ་མཆོད་གཏོར་མ་འབུལ་བ་ཡན་ཆད་སྔར་ལྟར་བྱས། སློབ་མ་རྣམས་ཁྲུས་བྱས་གོས་གསར་པ་གྱོན། ཕྱག་བྱས་ཏེ་འཁོད་པ་ལ། ཆོས་བཤད་ཅི་རིགས་པ་ལས་ཁྱད་པར། དེ་ཡང་རྒྱལ་བ་སྟོང་གི་བཀའ་སྡོད། བསྟན་པ་རབ་འབྱམས་ཀྱི་སྲུང་མ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྣམ་ཐོས་སྲས་ཞེས་བྱ་བ་མཐུ་སྟོབས་ཀྱི་དབང་ཕྱུག་ཆེན་པོ་འདི་ཉིད་ངེས་པའི་དོན་དུ་བཅོམ་ལྡན་འདས་གསང་བའི་བདག་པོ་ཉིད་དང་རྣམ་དབྱེར་མེད་ཅིང་། གནས་སྐབས་བསྟན་པ་སྐྱོང་ཞིང་སྒྲུབ་པ་པོའི་རེ་འདོད་སྐོང་བའི་ཆེད་དུ་གནོད་སྦྱིན་དབང་པོའི་སྐུར་བཞེངས་པ་སྟེ། དེ་ཡང་སྔོན་སྟོན་པ་ལྕང་ལོ་ཅན་རྣམ་ཐོས་ཀྱི་བུའི་གནས་ན་བཞུགས་པའི་ཚེ། ངལ་གསོས་པོའི་བུ་གར་མཁན་མཆོག་སྟོན་པའི་སྤྱན་སྔར་འདུག་གོ། །དེ་ནས་རྣམ་ཐོས་སྲས་སྟན་ལས་ལངས་ནས་སྟོན་པ་ལ་མཆོད་ཅིང་རིག་སྔགས་གསུང་བར་གསོལ་བ་བཏབ་པ་ལས། སྔགས་དང་སྒྲུབ་ཐབས་ལས་ཚོགས་དཀྱིལ་འཁོར་སོགས་རྒྱ་ཆེར་བསྟན་པ་ལེའུ་བཅུ་དྲུག་གི་བདག་ཉིད་ཅན་གར་མཁན་མཆོག་གི་རྟོགས་པ་གསུངས་པ་སོགས་གྲུབ་པའི་སློབ་དཔོན་ཆེན་པོ་དུ་མ་ལ་བཀའ་བབས་ཤིང་བརྒྱུད་པའི་བཀའ་གཏེར་གྱི་མན་ངག་དུ་མ་ཞིག་བཞུགས་པ་ལས། འདིར་གཉལ་པ་ཉི་མ་ཤེས་རབ་ཀྱི་གཏེར་མ་དང་འབྲེལ་བ། དེ་ལ་ཕྱི་ལྷ་ལྟར་སྒྲུབ་པ། ནང་མ་མོ་ལྟར་སྒྲུབ་པ། གསང་བ་གཤིན་རྗེ་ལྟར་སྒྲུབ་པ། ཡང་གསང་མཁའ་འགྲོ་ལྟར་སྒྲུབ་པ་སྟེ་བཞི་ལས། འདིར་ཕྱི་ལྷ་ལྟར་སྒྲུབ་པ་སྤྲིན་གསེབ་མའི་སྐོར་དུ་གྲགས་པ་དེ་ཡིན། དེ་ཡང་སྔོན་ཆོས་འཁོར་བསམ་ཡས་སུ་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་སྲས་མུ་ཁྲི་བཙན་པོ་མཐའི་སོ་ཁ་སྲུང་བའི་དམག་དཔོན་དུ་མངགས་པའི་ཚེ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སོགས་བླ་མཆོད་རྣམས་དབུ་རྩེ་བར་ཁང་དུ་སྤྱན་དྲངས་མཆོད་པ་རྒྱ་ཆེན་པོས་མཆོད་ནས། མཐའི་དཔུང་རྣམས་འཇོམས་པ་དང་། ཡབ་རྒྱལ་པོའི་བཞེད་པ་འགྲུབ་པ་དང་། བར་ཆད་མེད་ཅིང་བདེ་ལེགས་སུ་འགྱུར་བའི་རྟེན་འབྲེལ་མཛད་དུ་གསོལ། ཞེས་ལྷ་སྲས་དང་རྒྱལ་བློན་ཐམས་ཅད་ཀྱི་གསོལ་བ་བཏབ་པ་ལས། སློབ་དཔོན་ཆེན་པོས་དེ་ལྟར་བགྱིའི་ཞེས་གསུངས་ནས། སྐད་ཅིག་དེ་ལ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་རྟ་བདག་བརྒྱད་ལས་བྱེད་མགོ་བརྙན་གྱི་ཚོགས་དང་བཅས་པ་ནམ་མཁའ་གང་བ་མདུན་གྱི་སྤྲིན་གསེབ་ཏུ་སྤྱན་དྲངས། རྒྱལ་པོ་འཁོར་བཅས་ལ་ཞལ་དངོས་སུ་བསྟན། དེར་སློབ་དཔོན་གྱིས་བཀའ་བསྒོས་ཤིང་དམ་ལ་བཏགས་ནས་ཕྲིན་ལས་སྒྲུབ་པའི་གཉེར་གཏད། རྒྱལ་པོས་ཇི་ལྟར་གཟིགས་པའི་བཀོད་པ་རྣམས་མཐའ་མི་མགོན་བརྩོན་གྱིས་རི་མོར་བཀོད་པ་ལ་རབ་གནས་དང་མངའ་གསོལ་མཛད། དེ་ནས་རྒྱལ་པོས་མཐའ་བཞིའི་དམག་དཔུང་རྣམས་དབྱར་མོ་ཐང་དུ་འཚོགས་པའི་དུས་ཚིགས་བོར་བ་ལས། དེར་གཟུགས་དང་ཆ་ལུགས་རྣམ་འགྱུར་སྣ་ཚོགས་པའི་དཔུང་ཚོགས་བསམ་གྱིས་མི་ཁྱབ་པ་འདུས། རྒྱལ་བུས་དེ་རྣམས་ཁྲིད་དེ་གྲུ་གུ་དང་རྒྱ་དང་ཧོར་གྱི་སྒོམ་གྲྭ་བར་བ་རྣམས་བཅོམ། དཀོར་ཆ་རྣམས་ཁྱེར་ནས་ཡབ་ལ་ཕུལ། མཐར་རྒྱལ་བུས་སློབ་དཔོན་གྱི་དྲུང་དུ་རྡོ་རྗེ་ཐེག་པའི་མན་ངག་ནོས་ནས་ཉམས་སུ་བླངས་པས་དངོས་གྲུབ་ཐོབ། དེ་ལྟ་བུའི་རྣམ་ཐོས་སྲས་ཀྱི་བསྙེན་སྒྲུབ་ལས་ཚོགས་དང་བཅས་པ་རྣམས་ཨོ་རྒྱན་ཆེན་པོས་ཟབ་མོའི་གནད་དུ་དྲིལ་བ་ཕྱི་རབས་ཀྱི་དོན་དུ་སྐུ་འབག་དང་ལྷན་ཅིག་བྱ་རྒོད་གཤོངས་སུ་གཏེར་དུ་སྦས་པ་གཉལ་པ་ཉི་མ་ཤེས་རབ་ཀྱིས་བཏོན་ནས། སྣུར་ཉི་མ་འོད་ཟེར་སོགས་ལས་རིམ་བཞིན་བརྒྱུད་པའི་རྗེས་གནང་ཟབ་མོ་སྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་སློབ་མའི་བྱ་བ་མཎྜལ་ཕུལ་ནས་གསོལ་བ་གདབ་པ། བྱང་ཆུབ་རྡོ་རྗེའི་སངས་རྒྱས་ལ། །ཇི་ལྟར་མཆོད་ཅིང་གསོལ་བ་ལྟར། །བདག་ཀྱང་རབ་ཏུ་བསྐྱབ་པའི་ཕྱིར། །གསང་བདག་འཁོར་བཅས་དེང་བདག་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བཏབ། རྒྱུན་བཤགས་གང་འོས་ཀྱིས་ཚོགས་བསགས། དེ་ནས་སློབ་མ་ལ་ཕྱག་རྡོར་གྱི་མངོན་རྟོགས་ཕོག །མདུན་གྱི་གཏོར་མ་མདུན་བསྐྱེད་བཞིན་གསལ་བཏབ་གནས་གསུམ་བརླབ། ཧཱུྃ་གི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་འདྲེན་ཅིང་སྤོས་སྲེག་རོལ་མོའི་སྒྲ་སྦྱར། ཨརྒྷཾ་ནས་ཤཔྡའི་བར་གྱིས་མཆོད་ཅིང་བསྟོད་པ་བྱ། དེ་ནས་བུམ་པ་སྤྱི་བོར་བཞག །སྐུ་གསུང་ཐུགས་ལས་བྱུང་བ་ཡི། །ཡེ་ཤེས་དམ་ཚིག་དྲི་མ་མེད། །ལྷ་ཡི་ཆུ་ནི་དག་པ་ཡིས། །བདག་གིས་མངོན་པར་དབང་བསྐུར་རོ། །ༀ་བཛྲ་པཱ་ཎི་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་བུམ་ཆུ་ལྷའི་ངོ་བོ་ཡེ་ཤེས་བདུད་རྩིས་ལུས་གང་དྲི་མ་དག་ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་བདག་གིས་དབུ་བརྒྱན་པར་བསམ་ཞིང་དབུ་རྒྱན་བཅིངས་ལ། སངས་རྒྱས་ཀུན་གྱིས་རབ་བསྔགས་པའི། །དབུ་རྒྱན་དབང་བསྐུར་སྦྱིན་པར་བྱ། །ༀ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཏྲཱྃ། ཞེས་དབང་བསྐུར་རོ། །དེ་ནས་དཔོན་སློབ་གཉིས་ཀ་ཕྱག་རྡོར་དུ་གསལ་བའི་ཐུགས་ཀར་ཟླ་བ་ལ་ཧཱུྃ། བླ་མའི་ཐུགས་ཀ་ནས་འོད་འཕྲོས་མདུན་བསྐྱེད་རྒྱལ་པོའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང་བའི་འོད་ཀྱིས་དོན་གཉིས་བྱས་འཇིག་རྟེན་ཁམས་ཀྱི་དངོས་གྲུབ་ཐམས་ཅད་བསྡུས་ཏེ་སྔགས་ཕྲེང་ལ་ཐིམ། དེ་ཉིད་སློབ་མའི་ཁར་ཞུགས་སྙིང་གའི་ཧཱུྃ་གི་མཐར་ལན་གསུམ་དུ་འཁོད་པར་བསམ་ལ། ཕྱག་རྡོར་གྱི་སྔགས་སྔོན་དུ་འགྲོ་བས། གཙོ་བོའི་སྙིང་པོ་དང་ཉེ་སྙིང་བརྒྱ་རྩ་བརྒྱད། འཁོར་རྣམས་ཀྱི་སྔགས་གསུམ་སོགས་རྗེས་ཟློས་བྱས་ལ། སློབ་མས་སློབ་དཔོན་ལ་མེ་ཏོག་འཐོར་ཞིང་། སྔགས་བདག་བདག་ལ་སྩལ་ལགས་ཀྱིས། །སྔགས་བདག་བདག་ལ་བྱིན་གྱིས་རློབས། །ལན་གསུམ། སློབ་དཔོན་གྱིས་མེ་ཏོག་སྤྱི་བོར་བཞག་ལ། སྔགས་བདག་འདི་ལ་སྩལ་ལགས་ཀྱིས། །སྔགས་བདག་འདི་ལ་བྱིན་གྱིས་རློབས། །ལན་གསུམ་གྱིས་བྱིན་གྱིས་བརླབ། དེ་ནས་སླར་ཡང་མཎྜལ་ཕུལ་ལ། །བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ཅི་འདོད་དངོས་གྲུབ་སྩལ་དུ་གསོལ། །ཞེས་གསོལ་བ་གདབ། སློབ་མ་གསང་བདག་གི་ང་རྒྱལ་བརྟན་པོ་བསྐྱེད་དུ་བཅུག་ལ། གཏོར་མ་སྙིང་གའམ་ལག་པར་གཏད་དེ། མདུན་བསྐྱེད་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱོན། སྙིང་ག་ནས་སིབ་ཀྱིས་ཐིམ་པས་ལུས་དང་གྲིབ་མའི་ཚུལ་དུ་བཞུགས་པར་བསམ་ལ། བླ་མ་བརྒྱུད་པའི་མཚན་ནས་བརྗོད་ཅིང བཀའ་བསྒོ་དང་སྔགས་རྣམས་དྲག་པོར་བརྗོད་ཅིང་སྦྱར་སྤོས་ཀྱི་དུད་པ་དང་རོལ་མོའི་སྒྲ་བྱའོ། །དེ་ནས་བཀའ་བསྒོ་བ་ནི། དེང་ནས་བཟུང་སྟེ་བུ་ཁྱོད་ཀྱིས་དཔལ་ཕྱག་ན་རྡོ་རྗེ་དང་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ་རྣམས་བསྒོམ་པ་དང་བཟླས་པའི་སྒོ་ནས་ཡི་དམ་ཆོས་སྐྱོང་གཙོ་བོར་ཟུང་ཞིག །ཅེས་བརྗོད། རྒྱལ་མཚན་ལག་གཡས་སུ་གཏད་ལ། རིན་ཆེན་རྒྱལ་མཚན་ནོར་བུའི་ཏོག་གིས་སྤྲས། །བདུད་ཀྱི་དགྲ་ལས་རྒྱལ་བའི་རྒྱལ་མཚན་འདི། །སངས་རྒྱས་བསྟན་པ་བསྲུང་ཕྱིར་བཏད་པར་བྱ། །མི་མཐུན་ཕྱོགས་ལས་རྒྱལ་ཕྱིར་བཟུང་བར་གྱིས། །ནེའུ་ལེ་གཡོན་དུ་གཏད་ལ། རིན་ཆེན་དུ་མའི་གཏེར་གྱི་ནེའུ་ལེ་འདི། །བསམ་འཕེལ་ཡིད་བཞིན་ནོར་བུ་དུ་མའི་གཏེར། །འགྲོ་ཀུན་ཕོངས་པའི་སྡུག་བསྔལ་བསལ་བའི་ཕྱིར། །སྐལ་ལྡན་ཁྱོད་ཀྱིས་བཟུང་ལ་སྤྱད་པར་གྱིས། །ཞེས་ཕྱག་མཚན་གྱི་རྗེས་གནང་ངོ་། །དེང་ནས་བཟུང་སྟེ་དུས་ཐམས་ཅད་དུ་མཆོད་གཏོར་ལ་བརྩོན་པ་དང་། ཇི་ལྟར་བཤད་པའི་དམ་ཚིག་རྣམས་བསྲུང་བ་ལ་བརྩོན་པར་གྱིས་ཤིག །ཅེས་བསྒྲག །གཙོ་བོས་ཇི་ལྟར་སོགས་ཀྱིས་ཁས་བླངས། མཎྜལ་ཡོན་འབུལ་རྣམས་སྤྱི་དང་འདྲ་ཞིང་། མདུན་བསྐྱེད་ཀྱི་རྗེས་ཆོག་ཀྱང་གོང་དུ་བསྟན་པ་བཞིན་ནོ། །བསྙེན་སྒྲུབ་དང་ལས་སྦྱོར་གྱི་མན་ངག་ཟབ་མོ་རྣམས་ནི་རྩ་བའི་གཞུང་ལས་ཤེས་པར་བྱའོ། །ཞི་སོགས་རྣམ་འགྱུར་གྲངས་མེད་པས། རྡོ་རྗེ་འཛིན་པའི་བཀའ་བཞིན་དུ། །བསྟན་སྐྱོང་རྣམས་མང་ཐོས་སྲས་ཀྱི། །སྒྲུབ་ཐབས་རྗེས་གནང་ངོ་མཚར་རྨད། །རྣམ་སྲས་སེར་ཆེན་སྤྲིན་གསེབ་མའི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ལེའུ་ཚན་གཏེར་ཆེན་འགྱུར་མེད་རྡོ་རྗེའི་གསུང་སྒྲུབ་ཐབས་འདོད་འཇོའི་བུམ་བཟང་ལས་ཁོལ་དུ་ཕྱུངས་པའོ།། །།

རྣམ་སྲས་ནང་སྒྲུབ་མདུང་དམར་ཅན་རྩ་སྒྲུབ་རྟ་སྔོན་མའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ། འགྱུར་མེད་རྡོ་རྗེ།

རྣམ་སྲས་ནང་སྒྲུབ་མདུང་དམར་ཅན་རྩ་སྒྲུབ་རྟ་སྔོན་མའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བཞུགས་སོ། །ༀ་སྭ་སྟི། ངལ་གསོས་རྒྱལ་པོ་ཆེན་པོ་ནི། །དབང་གི་ལས་མཛད་དེར་བཏུད་ནས། །སྒྲུབ་ཐབས་རྗེས་གནང་ཆོ་ག་ཡིས། །སྙིང་པོ་མདོ་ཙམ་བྲི་བར་བྱ། །འདིར་རྣམ་ཐོས་སྲས་མདུང་དམར་ཅན་རྟ་སྔོན་གྱི་སྒྲུབ་ཐབས་དང་འབྲེལ་བར་རྗེས་གནང་སྒྲུབ་པ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་སྒྲུབ་པའི་ཐབས་དང་། རྗེས་གནང་གི་ཆོ་གའོ། །དང་པོ་ཡོ་བྱད་བཤམ་པ་ནི། སྟེགས་བུ་དྲི་བཟང་དང་སིནྡྷཱུ་རས་བྱུགས་པ་ལ། མཎྜལ་སྒོམ་དོན་དང་མཐུན་པ་རྡུལ་ཚོན་དང་རས་བྲིས་ལ་བརྟེན་པའམ། བསྡུ་ན་པད་མ་དམར་པོ་འདབ་མ་བརྒྱད་པའི་སྟེང་དུ། གཏོར་མ་གྲུ་གསུམ་འཁོར་ཅན་ལ་བ་དན་དམར་པོ་སྐུ་གཟུགས་ཀྱིས་བརྒྱན་པ་བཙུགས། མཐའ་སྐོར་གྱི་ཤར་དུ་སྤོས་དང་དྲི་ཆུའི་དུང་ཞལ། ཤར་ལྷོར་མར་མེ། ལྷོར་རྒྱ་ཕོར་རམ་དངུལ་ཕོར་དུ་ཆང་ཕུད། ལྷོ་ནུབ་ཏུ་མདའ་དང་། ནུབ་ཏུ་འབྲུ་སྣ་ཚོགས་ཀྱི་མེ་ཏོག །ནུབ་བྱང་དུ་མདུང་དམར། བྱང་དུ་འབུལ་གཏོར་ཤ་སོགས་བཟའ་བཅས་བརྒྱན་པ། བྱང་ཤར་དུ་བཤོས་བུ་གྲུ་གསུམ་ར་དམར་ཁྲག་གིས་བྱུགས་པ་རྣམས་བཤམ། གཞན་ཡང་རྡོར་དྲིལ་རོལ་མོ་སོགས་མཁོ་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བཤམ་མོ། །གཉིས་པ་སྒྲུབ་པའི་ཐབས་ནི། བགེགས་གཏོར་བཏང་། མཆོད་པ་བྱིན་གྱིས་བརླབ། གསང་བའི་བདག་པོའི་བདག་བསྐྱེད་སྔོན་དུ་འགྲོ་བས། མདུན་གྱི་རྟེན་བསང་སྦྱང་། སྟོང་པའི་ངང་ལས་ཨེ་ཡཾ་རཾ་ལཾ་སུཾ་ལས་འབྱུང་བཞི་རི་རབ་དང་བཅས་པའི་རྩེར་བྷྲཱུྃ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པ། རྡོ་རྗེའི་ས་གཞི་ལ་གནས་ཤིང་ར་བས་བསྐོར་བ། མཚན་ཉིད་ཐམས་ཅད་རྫོགས་ཤིང་རྒྱན་གྱིས་བརྒྱན་པ། ནང་གི་ལྷ་སྣམ་ཕྱོགས་ཀྱི་མདོག་ཅན་དུ་གནས་པའི་དབུས་སུ་འཁོར་ལོ་སྔོན་པོ་རྩིབས་བཞི་པའི་ལྟེ་བར་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་གནས་པའི་རྟ་སྔོ་ནག་ཉམས་རྩལ་དང་ལྡན་པ་གསེར་གྱི་སྒ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དེའི་སྟེང་དུ་བཻ་དམར་པོའི་འཕྲོ་འདུ་ལས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། སྤྱན་གཉིས་དམར་ལ་ཟླུམ་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། སྨིན་མ་དང་སྨ་ར་དམར་སེར་འབར་བ། ཕྱག་གཡས་མདུང་དམར་འཕྱར་ཞིང་། གཡོན་གཏེར་གྱི་ནེའུ་ལེ་འཛིན་པ། དར་སྣ་ཚོགས་ཀྱི་ན་བཟའ་དང་བསེ་ཁྲབ་གསོལ་བ། གསེར་གྱི་སྐ་རགས་ཅན། དབུ་ལ་རྨོག་ཞུ་དང་ཞབས་ལ་བསེའི་ལོ་ཁྲམ་གསོལ་བ། ཁམས་གསུམ་དབང་དུ་བསྡུ་བའི་འོད་ཟེར་འབར་བའི་དབུས་ན་བཞུགས་པའོ། །འཁོར་ལོའི་རྩིབས་བཞི་ལ་ཤར་དུ་ཤ་ལས་རཱ་ཧུ་ལ་མགོ་དགུའི་སྟེང་ན་བྱ་རོག་གི་ཞལ་ཅན། སྨུག་ནག་ལུས་ཀུན་མིག་གིས་གང་ཞིང་རོ་སྨད་སྦྲུལ་དུ་འཁྱིལ་བ། ཆུ་སྲིན་གྱི་རྒྱལ་མཚན་དང་སྦྲུལ་ཞགས་འཛིན་པ། ལྷོར་ར་ལས་གནོད་སྦྱིན་དྷ་ན་སེར་ནག་རྩེ་གསུམ་ཐོད་ཁྲག །ནུབ་ཏུ་མ་ལས་ཀྭ་ལ་ནག་མོ་བེ་ཅོན་ཐོད་ཁྲག །བྱང་དུ་ན་ལས་ཀུ་བེ་ར་ལྗང་ནག་དབྱུག་ཐོ་དང་ཐོད་ཁྲག །ཕྱི་རོལ་ལྷ་སྣམ་གྱི་ཕྱོགས་བཞིར་ཤར་དུ་ཤ་ལས་བུམ་སྣ་དམར་ལྗང་གཡས་རྒྱལ་མཚན། ལྷོར་སཾ་ལས་དུང་སྣ་སེར་ལྗང་གཡས་རྒྱལ་མཚན། ནུབ་ཏུ་ཧཾ་ལས་སྣ་གསུམ་ལྗང་ནག་གཡས་མདུང་དམར། བྱང་དུ་ཨཾ་ལས་སྣ་ཆེན་དཀར་ལྗང་གཡས་དབྱུག་ཐོ། དེ་བདུན་ཀ་སྦོམ་ཐུང་འཇིགས་པའི་གཟུགས་ཅན་དར་དང་རིན་པོ་ཆེའི་རྒྱན་ཅན་གཡོ་ནེའུ་ལེ་ཐོགས་པའོ། །ཤར་སྒོར་ཛཿལས་ལྕགས་ཀྱུ་མ་དཀར་མོ། །ལྷོ་སྒོར་ཧཱུྃ་ལས་ཞགས་པ་མ་སེར་མོ། ནུབ་སྒོར་བཾ་ལས་ལྕགས་སྒྲོག་མ་དམར་མོ། བྱང་སྒོར་ཧོཿལས་དྲིལ་བུ་མ་ལྗང་གུ་བཞི་ཀའང་འཛུམ་ཁྲོ་དར་དང་རིན་པོ་ཆེས་བརྒྱན་པ། ཕྱིའི་ཁོར་ཡུག་ལ་གནོད་སྦྱིན་བྱེ་བའི་ཚོགས་ཀྱིས་བསྐོར་བའོ། །གནས་གསུམ་བྱིན་གྱིས་བརླབ། རང་ཉིད་གསང་བའི་བདག་པོའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་ལས་ཁྲོ་བོ་འདོད་པའི་རྒྱལ་པོ་བྱུང་། རྒྱལ་པོ་འཁོར་བཅས་སྤྱན་དྲངས་པར་བསམ། སྤོས་སྦྱོར་བསྲེག་ཅིང་། བཻ། རི་རབ་ལྷུན་པོའི་བྱང་ཕྱོགས་ནས། །གནོད་སྦྱིན་རྒྱལ་པོ་རྣམ་ཐོས་སྲས། །འཁོར་གྱི་གནོད་སྦྱིན་ཚོགས་དང་བཅས། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །ༀ་མ་ཧཱ་ཡཀྵ་རཱ་ཛ་བཻ་ཤྲ་མ་ཎ་ཡ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ༀ་བཻ་ཤྲ་མ་ཎ་ཨཱ་ཀཪྵ་ཡ་ཛཿ ཞེས་པས་སྤྱན་དྲངས། ༀ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མི། ཞེས་ཅོད་པན་གྱིས་དབང་བསྐུར། ཧཱུྃ། རི་རབ་ཆེན་པོའི་གཞལ་ཡས་འདིར། །ཉི་ཟླ་པདྨའི་གདན་ཁྲི་ལ། །གནོད་སྦྱིན་རྒྱལ་པོ་འཁོར་དང་བཅས། །བསྟན་པ་བསྲུང་ཕྱིར་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། ཞེས་བཞུགས་སུ་གསོལ། གསང་བདག་གནོད་སྦྱིན་འཁོར་དང་བཅས། །དམ་ཚིག་ཅན་གྱི་ལྷ་ཚོགས་ལ། །གཉིས་མེད་དང་བའི་ཚུལ་གྱིས་ནི། །རྩེ་གཅིག་གུས་པས་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿན་མཿ ཞེས་པས་ཕྱག་བྱ། ཧཱུྃ། གསང་བདག་གནོད་སྦྱིན་ཆེན་པོ་འཁོར་བཅས་ལ། །སྤོས་དང་མེ་ཏོག་མར་མེ་ཞལ་ཟས་དང་། །སིལ་སྙན་རྔ་ཆེན་བྱུག་པ་མཆོད་པའི་སྤྲིན། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པས་མཆོད། །ༀ་བཛྲ་ཨརྒྷཾ་ནས་ཤཔྡའི་བར་དང་། པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པས་མཆོད། བསྟོད་པ་ནི། བཻ། རི་རབ་ལྷུན་པོའི་བྱང་ཕྱོགས་ནས། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །གླིང་བཞིའི་བྱང་ཕྱོགས་སྐྱོང་ཙ་ན། །ཨིནྡྲ་ནཱི་ལའི་མདོག་དང་ལྡན། །ས་བརྒྱད་སེམས་དཔར་བཞུགས་པ་པོ། །གནོད་སྦྱིན་ཕོ་མོ་མང་པོ་དང་། །ཀླུ་ཡི་སྡེ་དཔོན་མཛད་ཙ་ན། །རིན་ཆེན་གསེར་གྱི་ཁ་དོག་དང་། །མཁའ་འགྲོ་མ་དང་གླུ་མོ་དང་། །བདུད་མོའི་སྡེ་དཔོན་མཛད་ཙ་ན། །བཻཌཱུར་མཐིང་གའི་སྐུ་མདོག་ཅན། །གསང་བའི་གནད་ནས་བསྐུལ་ཙན། །པདྨ་རྭ་གའི་མདོག་འདྲ་བ། །མིའུ་ཐུང་བཞེངས་པའི་ཆ་ལུགས་ལ། །ལེ་བརྒན་དར་གྱི་ཅོད་པན་ཅན། །སྐུ་ལ་བསེ་ཁྲབ་དམར་པོ་གསོལ། །ཕྱག་གཡས་མདུང་དམར་རྒྱལ་མཚན་ཐོགས། །གཡོན་པ་ནེའུ་ལེ་ལྕགས་ཀྱུ་འཛིན། །འགྲོ་བའི་རྣམ་ཤེས་དབང་དུ་སྡུད། །སྐུ་ལས་འོད་ཟེར་དམར་པོ་འཕྲོ། །སྲིད་པ་གསུམ་ཡང་དབང་དུ་སྡུད། །འགྲོ་བ་མི་ཡི་རྣམ་ཤེས་འགུགས། །སྦྱིན་བདག་རྣམས་ཀྱི་ལག་པ་སྒུལ། །བདག་ལ་ཟས་ནོར་དངོས་གྲུབ་སྩོལ། །ཁྱེད་ཀྱི་སྤྲུལ་པའི་རྒྱལ་ཕྲན་རྣམས། །འགྲོ་བ་རྣམས་ཀྱི་སྙིང་དུ་ཞུགས། །རྣམ་ཤེས་སྒྱུར་ལ་དབང་དུ་སྡུས། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །ཅེས་བསྟོད་ཅིང་བསྐུལ་ལོ། །བཟླས་པ་བྱ་བ་ནི། རྒྱལ་པོ་འཁོར་བཅས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་བཻ་ཡིག་སྔགས་ཀྱིས་བསྐོར་བ། བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་ཅི་འདོད་པའི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་བསམས་ལ། ༀ་མ་ཧཱ་རཱ་ཛ་ཡཀྵ་ས་མ་ཡ་བཻ་ཤྲ་མ་ཎ་ཡེ་སརྦ་ཙིཏྟ་རཏྣ་ཧྲིཾ་ཧྲིཾ་ཛཿཛཿ ཞེས་ཅི་ནུས་བཟླ། གཏོར་མ་བསང་སྦྱང་། རླུང་མེ་ཐོད་པའི་སྒྱེད་བུ་ལ་གནས་པའི་ཨ་ལས་ཀ་པཱ་ལར་བཅུད་ཤ་ལྔ་བདུད་རྩི་ལྔར་གནས་པ་ལ། རང་གི་སྙིང་གའི་འོད་ཀྱིས་གནོད་བྱེད་ཐམས་ཅད་བཀུག་སྟེ་ཐིམ་པའི་ཤ་ཁྲག་གི་གཏོར་མ་འདོད་ཡོན་གྱི་ཕུང་པོར་བསམ་ལ། ༀ་ཨཱཿཧཱུྃ། ལན་གསུམ་དང་། ཨ་ཀཱ་རོ་སོགས་ཀྱིས་བྱིན་གྱིས་བརླབ། ༀ་བཻ་ཤྲ་མ་ཎ་ས་པ་རི་བཱ་ར་མ་ཧཱ་བ་ལིཾ་ཏ་མ་ཧཱ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་བདུན་གྱིས་ཕུལ་ལ། བཻ། རིན་ཆེན་མཛེས་པའི་ཕོ་བྲང་ན། །ཁམས་གསུམ་དབང་དུ་བྱེད་པའི་ལྷ། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །མདུང་དམར་འཛིན་པ་ཕྱག་འཚལ་ལོ། །བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས། །སྲས་དང་བློན་པོ་སྒོ་མ་དང་། །གནོད་སྦྱིན་བྱེ་བའི་ཚོགས་དང་བཅས། །འཁོར་བཅས་མ་ལུས་ཐམས་ཅད་ཀུན། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བདག་ཅག་འཁོར་དང་བཅས་པ་རྣམས། །བུ་སྡུག་བཞིན་དུ་བསྐྱང་བ་དང་། །ཚེ་དང་བསོད་ནམས་རྒྱས་པར་མཛོད། །གཞན་ཡང་བདག་ཅག་འཁོར་བཅས་ལ། །ལོག་པར་ཞུགས་པའི་དགྲ་དང་བགེགས། །དེ་ཡི་ཕྲུ་མ་གཞོམ་པ་དང་། །གཏན་ནས་བརླག་པའི་ཕྲིན་ལས་མཛོད། །དེ་ལྟར་བཅོམ་བའི་ལས་འདི་དག །དམ་ཚིག་ལྡན་པ་ཁྱེད་རྣམས་ཀྱིས། །སྔོན་གྱི་དམ་ཚིག་རྗེས་དགོངས་ལ། །མ་གཡེལ་ད་ལྟ་འགྲུབ་པར་མཛོད། །ཅེས་ཕྲིན་ལས་གསོལ། རྗེས་ཆོག་ནི་སེར་ཆེན་གྱི་སྐབས་དང་འདྲའོ། །གསུམ་པ་རྗེས་གནང་གི་ཆོ་ག་ནི། སྒྲུབ་མཆོད་བཤད་མ་ཐག་པ་ལྟར་བྱས་ནས། སློབ་མ་རྣམས་ཁྲུས་བྱས། བགེགས་བསྐྲད། མཚམས་སྦྱོར་གྱི་སྐབས། ཡང་གསང་མཁའ་འགྲོ་ལྟར་སྒྲུབ་པ་སྟེ་བཞི་ལས་ཞེས་པ་ཡན་ཆད་སེར་ཆེན་གྱི་སྐབས་ལྟར་ལས། འདི་ཉིད་གྲགས་ཚོད་གསང་སྒྲུབ་ཡིན་པ་ལྟར་སྣང་ཡང་། དོན་དུ་མདུང་དམར་ཅན་རྩ་སྒྲུབ་རྟ་སྔོན་མ་འདི་ཉིད་ནང་སྒྲུབ་ཡིན་པར་ངེས་ཤིང་། གང་ལྟར་དེ་ལྟ་བུའི་རྣམ་ཐོས་སྲས་ཀྱི་མན་ངག་ཟབ་མོ་རྣམས་ཕྱི་རབས་ཀྱི་དོན་དུ་གཏེར་དུ་སྦས་པ་གཉལ་པ་ཉི་མ་ཤེས་རབ་ཀྱིས་བཏོན་ནས་དམ་པ་དུ་མ་ལས་རིམ་བཞིན་བརྒྱུད་པའི་རྗེས་གནང་ཟབ་མོ་སྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་། སློབ་མའི་བྱ་བ་མཎྜལ་ཕུལ། གསོལ་བ་གདབ་པ༴ ཐུགས་རྗེ་ཆེན་པོའི་གཏེར་མངའ་བ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བདག་སོགས་དབུལ་ཕོངས་སྐྱོབ་པའི་ཕྱིར། །གཏེར་ཆེན་སྒྲུབ་པ་བདག་ལ་སྩོལ། །ཞེས་ཞུ། རྒྱལ་ཆེན་རྣམ་མང་ཐོས་སྲས་ནི། །ཁྱོད་ཀྱིས་བརྩོན་པར་མཆོད་ནུས་སམ། །ཕྲིན་ལས་བཅོལ་དང་དམ་ཚིག་རྣམས། །རྗེས་སུ་མཐུན་པར་བྱེད་ནུས་སམ། །ཞེས་དྲི། གཙོ་བོས་ཇི་ལྟར་སོགས་ཀྱིས་ཁས་བླང་། རྒྱུན་བཤགས་ནས་མདུན་བསྐྱེད་མཆོད་བསྟོད་ཀྱི་བར་སེར་ཆེན་དང་འདྲ་བ་ལས། ལྕགས་ཀྱི་རྡོ་རྗེ་སྤྱི་བོར་བཞག་སྟེ། འདི་ནི་ཡེ་ཤེས་རྡོ་རྗེ་སྟེ། །སངས་རྒྱས་ཐམས་ཅད་ཀུན་གྱི་བདག །དྲེགས་པ་སྤྱི་ཡི་གཉེན་པོ་མཆོག །ཁྱོད་ལ་བདག་གིས་དེང་འདིར་བསྐུར། །ༀ་མ་ཧཱ་ཨ་བྷི་ཥིཉྩ་ཏུ་མཱཾ་ༀ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་དྲེགས་པ་སྤྱི་འདུལ་གྱི་རྗེས་གནང་ངོ་། །སློབ་མ་ཕྱག་རྡོར་དུ་གསལ་བའི་སྙིང་གར་གཏོར་མ་བཞག་སྟེ། གཏོར་མའི་ལྷ་ལས་རྒྱལ་ཆེན་གཉིས་པ་ཞིག་ཆད། སློབ་མའི་སྙིང་གར་ཐིམ་ལུས་དང་གྲིབ་མའི་ཚུལ་དུ་བཞུགས་པར་མོས། ༀ་བཻ་རཱ་ཛ་ས་མ་ཡ་སིདྡྷི་ཛཿཧཱུྃ་བཾ་ཧོཿ འདི་ནི་རྒྱལ་པོ་ཆེན་པོ་སྟེ། །ཁམས་གསུམ་དབང་དུ་སྡུད་པའི་ལྷ། །དངོས་གྲུབ་མ་ལུས་ཀུན་སྩོལ་བ། །ཁྱོད་ལ་དེ་རིང་བསྐུར་ཐོབ་ཤོག །ཀཱ་ཡ་སིདྡྷི་ༀ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། ཞེས་དང་། བླ་མ་བརྒྱུད་པའི་མཚན་ནས་བརྗོད་དེ་བཀའ་བསྒོ་སྐབས་སུ་གང་བབས་བྱ་སྟེ་སྐུ་དངོས་ཀྱི་རྗེས་གནང་ངོ་། །མདུང་དམར་གཏད་ལ། འདི་ནི་དབང་གི་མདུང་དམར་ཏེ། །ཚེ་དང་བསོད་ནམས་རྒྱས་པར་བྱེད། །འགྲོ་བ་ཐམས་ཅད་དབང་དུ་སྡུད། །དབང་གི་ལས་ཀྱི་དབང་བསྐུར་བྱིན། །ༀ་བཻ་རཱ་ཛ་མ་མ་དུང་དུང་ཕཊ། དབང་གི་ལས་ཀྱི་རྗེས་གནང་ངོ་། །དུང་ཕོར་གྱི་དྲི་བཟང་ལྕེ་ལ་བཞག་སྟེ་གཏོར་ཅུང་ཟད་ཀྱང་བྱིན་ལ། བདུད་རྩིའི་རོ་མཆོག་དམ་པ་ཡིས། །ཟས་ནོར་ལོངས་སྤྱོད་ཆར་ལྟར་འབེབས། །འཇིག་རྟེན་གསུམ་གྱི་བཅུད་ཐམས་ཅད། །བདུད་རྩིར་བསྒྱུར་ནས་གཏད་ཅིང་བསྐུར། །ༀ་པཉྩ་ཨ་མྲྀ་ཏ་སིདྡྷི་ཧཱུྃ་ཧཱུྃ། དངོས་གྲུབ་ཀྱི་རྗེས་གནང་ངོ་། །རྟ་ཤ་དང་མི་ཤ་མི་ཟ། །རོ་ལ་མི་རེག །སྣོད་ཁ་ཆག་ཏུ་མི་ཟ། ཡུགས་ས་མོའི་ཟས་མི་ཟ། རེ་ནག་མི་འདིང་། རྟ་ནག་མི་ཞོན། གོས་ནག་མི་གྱོན་པ་སོགས་སྤང་བྱ་དང་། ལུང་ཐང་གི་ཕྲེང་བ་བཟུང་། སྟོད་གཡོགས་སྔོན་པོ་བགོ། ཕྱི་རྟེན་རྟ་སྔོན་དངོས་སམ་བྲིས་པ་དང་། ནང་རྟེན་སྐུ་འབག་བཅང་། གསང་རྟེན་གཏོར་མ་མ་ཆག་པ་སྟེ་བསྒྲུབ་བྱའི་དམ་ཚིག་རྣམས་བསྒྲག་ཅིང་ཁས་བླང་ངོ་། །མཎྜལ་འབུལ་བ་སོགས་དང་མདུན་བསྐྱེད་ཀྱི་རྗེས་ཆོག་ཀྱང་སྔར་དང་འདྲའོ། །མི་འགྱུར་ཚེ་དང་ཡེ་ཤེས་མཐུ། །ཐོགས་མེད་སྒྲུབ་བྱེད་རྡོ་རྗེའི་རིགས། །རྒྱལ་ཆེན་སྒྲུབ་ཐབ་སྙིང་པོའི་མཆོག །ཟབ་མོར་འདྲིལ་བ་འདི་རྨད་བྱུང་། །རྒྱལ་ཆེན་ནང་སྒྲུབ་མདུང་དམར་ཅན་རྩ་སྒྲུབ་རྟ་སྔོན་མའི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ལེའུ་ཚན་གཏེར་ཆེན་འགྱུར་མེད་རྡོ་རྗེའི་གསུང་སྒྲུབ་ཐབས་འདོད་འཇོའི་བུམ་བཟང་ལས་ཁོལ་དུ་ཕྱུངས་པའོ།། །།


previousརྣམ་སྲས་སེར་ཆེན་སྤྲིན་གསེབ་མའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ། འགྱུར་མེད་རྡོ་རྗེ།next