དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་སྒྲུབ་ཐབས། སློབ་དཔོན་ཆེན་པོ་རྡོ་རྗེ་ཧཱུྃ་མཛད།

དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་སྒྲུབས་ཐབས་བཞུགས་སོ། །རྒྱ་གར་སྐད་དུ། ཤྲཱི་ནཱ་ཐ་ཀ་ཏ་ལ་སྟ་ན་བྷ་ལ་ལ་ཏ་པ་དྷ་ཙཀྲ་ས་དྷ་ནཱ་མ། བོད་སྐད་དུ། དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་སྒྲོལ་བྱེད་ཐུགས་རྗེའི་རྒྱལ་པོ་ཤིན་ཏུ་རྣམ་པར་རོལ་པ་ཉིད་ལ་ཕྱག་འཚལ་ལོ། །གསང་བ་གནད་ཀྱི་རྒྱུད་དག་ལས། སངས་རྒྱས་བསྟན་པ་བསྲུངས་བའི་ཕྱིར། །མགོན་པོའི་བསྒྲུབ་པའི་རིམ་པ་ཞིག །ལེགས་པར་དུས་ལ་བསྟན་པར་བྱ། །དམ་ཚིག་ཏིང་འཛིན་ཤེས་རབ་དང་། །བྱང་ཆུབ་སེམས་ལྡན་བསྙེན་པ་ཡིས། །གདེང་དང་ལྡན་པའི་སྔགས་པ་ཡིས། །བསོད་ནམས་ཚོགས་ནི་ཅི་ནུས་བསགས། །མཆོད་གཏོར་བཏང་ཞིང་ཕུད་བཏང་ལ། །བདེན་བརྡར་ལ་སོགས་སྔོན་འགྲོ་བྱ། །དེ་ནས་དྲག་པོའི་ལས་ལ་འཇུག །ར་བ་བཞི་ལ་བསྙེན་པ་ཙམ། །དྲག་པོ་གཟའ་སྐར་དར་པ་འམ། །ཐ་ཆུང་བཞི་ལ་བསད་པ་བརྩམ། །དུར་ཁྲོད་ལ་སོགས་རྒྱ་མཚོའི་དོ། །རི་བྲག་བཟང་པོའི་རྩེ་མོའམ། །ནགས་ཚལ་བརྩུབ་པའི་ས་ཕྱོགས་ཀུན། །སྦྲུལ་དུག་ལ་སོགས་གཅན་འཁྲ་ཡོད། །གནས་དེར་འཇམ་དཔལ་མཚན་ནས་བརྗོད། །རྡོ་རྗེ་ལྕམ་དྲལ་གཟུངས་ཀྱང་འདོན། །གོང་མ་ལྟ་བུའི་ས་དག་ལ། །མཎྜལ་འདོམ་གང་གྲུ་བཞི་བརྩིགས། །བདུད་རྩི་ཁྲག་གི་ཆག་ཆག་གདབ། །དུར་སྐྲའི་རྒྱུད་ཆེན་ཐིག་གདབ་ལ། །དུར་ཁྲོད་མཚོན་གྱི་དཀྱིལ་འཁོར་བྲི། །དབུས་སུ་མུ་ཁྱུད་ཟླུམ་པོས་བསྐོར། །ལྕགས་མཁར་ལྔ་དང་བཙན་མཁར་བཞི། །གྲུ་ཆད་བར་ཁྱམས་སྒོ་བཞི་ལྡན། །འཁོར་ཡུག་ལྕགས་རིའི་ཕྱི་རོལ་དུ། །ཁྲག་དང་ཤ་ཆེན་གཤང་གཅི་དང་། །རྐང་དང་ཀླད་པ་ཀླད་རྒྱས་དང་། །རྣག་དང་ཆུ་སེར་ལ་སོགས་པ། །འདམ་གྱི་ཁྲུ་མ་བརྒྱད་ཀྱི་བསྐོར། །དབུས་སུ་ཡབ་ཡུམ་མཆོག་ཕུར་དགོད། །མཁར་བཞི་དྲེགས་པ་བཞི་པོ་ལ། །ལྕགས་སམ་དུག་ཤིང་ཕུར་པ་དགོད། །ལྷོ་སྒོར་ཐོད་པ་མཚན་ལྡན་དུ། །དཔལ་བཤོས་ཁྲག་དང་སྙིང་སྣ་ཚང་། །ལ་ཕུག་ལ་དུ་སྦྱར་བའི་སྨན། །བྱང་དུ་ཐོད་པ་གཏོར་མ་ལ། །རྐང་དང་ཀླད་པ་འབྲུ་མར་ཆང་། །སྦྱར་བའི་མཆོད་པ་ཡུམ་ལ་བཤམ། །ཤར་སྒོ་འབྲུ་ཡི་ཕུང་པོ་སྤུངས། །ནུབ་ཏུ་ཤ་སྣ་སྙིང་སྣ་དང་། །མེ་ཏོག་མཛེས་པའི་ཚོམ་བུ་བྲི། །དབུས་སུ་ཐོད་པ་མཚན་ལྡན་གཉིས། །སྟེང་ལ་བསྙེན་སྒྲུབ་སྔགས་བཞི་བྲི། །འོག་ཏུ་རྟ་ནག་ཙིཏྟ་དང་། །ལུག་ནག་སྙིང་དང་དྲེ་བོའི་དོན། །བཟང་དྲུག་ཆོས་སྨན་འབྲུ་སྣ་བླུག །ཁ་སྦྱར་དར་དྲིལ་རྒྱུ་མས་བསྡམས། །ཧཱུྃ་གིས་རྒྱས་གདབ་ཁྲི་ལ་བཞག །ཤ་ཁྲག་ནང་ཁྲོལ་ཙིཏྟ་སོགས། །བམ་གསར་རྫས་ཀྱི་རོ་རས་ཀྱིས། །ཁྱམས་ལ་སོགས་པར་མཐའ་མ་བསྐོར། །སྤོས་ཆེན་མར་མེ་ཆེན་པོ་དང་། །རཀྟའི་གསང་ནན་ཆང་གི་སྦྱར། །ཐོད་པའི་རྔ་དང་རྐང་གླིང་དང་། །ཤུན་གྱི་རྒྱལ་མཚན་ཕྱོགས་བཞིར་དགྲམ། །ཞིང་གི་བླ་རེས་མཎྜལ་དབུབ། །བདག་ཉིད་ཡི་དམ་ལྷར་གསལ་ཏེ། །ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། །བགེགས་རྣམས་ཚར་བཅད་ཚུལ་འདུས་པས། །རྡོ་རྗེ་རྭ་བ་གུར་གྱིས་བསྡམས། །མེ་རིས་བརྒྱན་པའི་དབུས་ཉིད་དུ། །འོད་ལས་གྱུར་པའི་གཞལ་ཡས་ཁང་། །དཀོན་མཆོག་བླ་མ་ཡི་དམ་ལྷ། །སྤྱན་དྲངས་ཟླ་བའི་གདན་ལ་བསམ། །སྔོན་བཞིན་མཆོད་ལ་སྡིག་པ་བཤགས། །རྒྱན་དང་མཆོད་གཏོར་བྱིན་རླབས་ལས། །རང་གི་ལས་རྣམས་རྫོགས་པར་བྱ། །མགོན་པོའི་དཀྱིལ་འཁོར་གསུམ་ཡིན་ཏེ། །བཀའ་སྡོད་ཕོ་ཉའི་དཀྱིལ་འཁོར་ཡིན། །ལྷར་གསལ་ཐུགས་ལས་སྨུག་ནག་བྷྲཱུྃ། །འཕྲོས་འདུས་བྷི་ཤའི་སྔགས་བརྗོད་པས། །དུར་ཁྲོད་འབར་བའི་གཞལ་ཡས་ཁང་། །གོང་གི་དབྱིངས་འདྲ་རབ་ཏུ་འཇིགས། །སྟོང་གསུམ་ཤོང་ཞིང་ཡངས་པ་བསྐྱེད། །མི་རྟ་རོ་རློན་ཉི་གདན་ལ། །དུན་དང་མ་ཡིས་འཕྲོ་འདུ་ལས། །སྔགས་འདི་བརྗོད་པས་ཡབ་ཡུམ་བསྐྱེད། །ༀ་བུར་ཀུར་མ་ཧཱ་ཀྲོ་ལ་ཀྲོ་དྷ་ཧཱུྃ། །རཀྴ་ཀྲོ་ཏི་ཤྭ་རི་དྲག་མོ་ཧེ། །མགོན་པོ་ཚོགས་བདག་ཆེན་པོ་ནི། །ལྗང་ནག་ཞལ་གསུམ་ཕྱག་དྲུག་བརྗིད། །གཡས་སེར་གཡོན་དམར་ལྗང་ནག་འཇིགས། །ཁམ་ནག་དབུ་སྐྲ་གྱེན་དུ་བརྫེས། །སྤྱན་གསུམ་སྡང་མིག་སྐར་ལྟར་འཁྲུག །ཤུན་གོས་ཐོད་པའི་ཕྲེང་བ་དང་། །སྟག་ཤམས་གླང་ཆེན་ཐལ་བ་ཞག །གདུག་པའི་བརྒྱན་ལྡན་ཆས་ཀྱི་མཛེས། །གཡས་ཀྱི་དང་པོ་གསལ་ཤིང་འཕྱར། །བར་པ་རྡོ་རྗེ་རྩེ་ལྔ་བསྣམས། །ཐ་མ་ལྕགས་ཕུར་འདྲིལ་ཞིང་འདེབས། །གཡོན་གྱི་དང་པོ་ཐོད་ཁྲག་འཐུང་། །བར་པ་རྣོ་དབལ་ཤུན་གྱི་མདུང་། །ཐ་མ་སྦྲུལ་ནག་ཞགས་པ་བསྡོམས། །ཞབས་བཞི་གྱད་ཀྱི་དོར་སྟབས་ཅན། །དབང་དྲག་མེ་ཡི་ཀློང་དུ་བསྒོམ། །ཉེ་གནས་ཀྲོ་ཏི་ཤྭ་རི་མ། །འཇིགས་ཚུལ་ཞལ་གཅིག་ཕྱག་གཉིས་རྔམས། །ཞིང་དང་རེ་ལྡེ་ཐོད་སྦྲུལ་བརྒྱན། །གཡས་པ་རྒྱུ་ཞགས་ཡབ་ལ་འཁྱུད། །གཡོན་པ་ཐོད་སྐྱོགས་རཀྟ་ཆང་། །རྐང་དང་ཀླད་རྒྱས་འབྲུ་མར་ཆང་། །རྟག་པར་རང་གི་ལོངས་སྤྱོད་འཛིན། །མཁར་བཞིར་ཁྲོ་བོ་རྣོན་པོ་དང་། །སྲིན་པོ་མ་གདོན་འཇིགས་པ་བསྐྱེད། །ཕྱི་རིམ་གདུག་པའི་མ་ཚོགས་བསྐྱེད། སྲིན་མོ་ཉེ་གནས་ཆེན་པོ་བརྒྱད། །ཀེའུ་རི་ཙེའུ་རི་པྲ་མོ་ཧཱ། །པེ་ཏ་ལི་དང་པུ་ཀ་སི། །ཀསྨ་རི་དང་སྨན་ཤ་རི། །ཙནྜ་ལི་ལ་སོགས་པ་ཀུན། །གཏུམ་ཞིང་རྔམ་པའི་མ་ཚོགས་མ། །ཤིན་ཏུ་འཇིགས་པའི་གཟུགས་སུ་བསྒོམས། །སྲིན་པོའི་བུ་མོ་ཤམ་པ་བརྒྱད། །སེང་སྟག་ཝ་སྦྱངས་བཞད་ཀྱི་མགོ །ཀཾ་ཀ་བྱ་རོག་འུག་པའི་ཚོགས། །ཞིང་ལ་རྔམས་ཞིང་བསྟོད་པའི་ཚུལ། །དུར་ཁྲོད་པ་ཡི་སྒོ་སྲུང་བཞི། །བརྩོན་མོ་གདོང་མོ་འགར་ལོག་མ། །མཇུག་བྱེད་ལས་ཀྱི་མ་མོ་བཞི། །གསང་སྒོ་འཛིན་ཅིང་བཀའ་སྒོ་བསྲུངས། །དུར་ཁྲོད་བདག་མོ་གྲུ་འདེབས་བཞི། །སྐམ་མ་ཤིན་ཏུ་྄སྐམ་མ་དང་། །ར་རོ་མ་དང་ཁྲག་འཐུང་མ། །ཆགས་པས་གདུངས་པའི་ཚུལ་དུ་གནས། །ཕྱི་རིམ་སླས་དང་བྱི་མོ་བྲན། །མ་མོ་ཕྲ་མེན་གནོད་སྦྱིན་མོ། །སྲིན་མོ་ཤ་ཟ་ཁྲག་ཕྲོག་མ། །བདུད་ཀྱི་མིང་འཛིན་བླ་རྐུན་མོ། །བློན་མོ་དམག་དཔོན་སྡེ་དཔོན་མོ། །རུ་དཔོན་ཕོ་ཉ་མངག་པར་བཅས། །ཅི་བགྱི་བཀའ་ཉན་དྲེགས་པའི་འཁོར། །རྦོད་གཏོང་རྔམས་པའི་ཚུལ་དུ་བསྒོམ། །ཀུན་ཀྱང་སྲིན་མོའི་ཆ་ལུགས་མ། །ནད་ཀྱི་བསྐལ་པ་འཚུམ་མར་གཏོང་། །གདུག་པའི་མཚོན་ཆ་ལུས་ལ་འགྱེད། །མཁར་དང་འོབས་བར་ཕྱི་རོལ་ན། །འབུ་དང་ཤིན་དུ་འབུ་ཆེན་པོ། །སྦྲང་མ་སྦྲང་རྒོད་བུང་བ་དང་། །སྦྲུལ་དང་སྡིག་པ་དོམ་ལ་སོགས། ཀཾ་ཀ་རུ་རྩེ་འུག་པ་ཁྭ། །བྱ་གཅན་ཤ་ཟ་ཚོགས་རྣམས་ལྡིང་། །ལྕེ་སྤྱང་སྟག་གཟིག་དོམ་དྲེད་འཕར། །དུར་ཁྲོད་ཞིང་གི་ལོངས་སྤྱོད་ལ། ལྟ་ཞིང་རྒྱུག་ཅིང་འདྲད་པ་དང་། །རྒྱུ་མ་འདྲེན་ཅིང་ཤ་རུས་ཟ། །དེ་ལྟར་གསལ་བར་གྱུར་པ་དང་། །རང་བཞིན་གནས་ནས་བཀུག་ལ་བསྟིམ། །སྤྲུལ་པས་བསྒྲལ་ཞིང་ཞལ་དུ་གསོལ། །ཕྱར་དུ་སྦྱངས་ནས་གནམ་དུ་སྟོན། ཁང་པའི་དམེ་སྔགས་བཀའ་འཁོར་ཕུམ། །རང་དམ་བཅས་བཞིན་མནའ་ཡི་བོར། །འཁོར་ལ་བཀའ་སྡོད་དམ་ཚིག་དབོག །བརྟག་པར་བྱ་ཞིང་མཆོད་པ་རྟག །མངའ་གསོལ་ཕྲིན་ལས་བཅོལ་བ་དང་། །ཐུགས་དམ་བསྐུལ་ཞིང་བསྙེན་སྔགས་བཟླས། །ༀ་བུར་ཀུར་མ་ཧཱ་པདྨ་རྡེ་ཆུང་འབུར་ཙི་འབུར་བྱི་གེ་བྱི་མ་ན་ཡེ། ཨེ་ཧོ་ཤ་མོ་ཀྲོ་ཏ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། བདག་ཉིད་ལྷར་གསལ་ཐུགས་ཀར་ནི། །ཡེ་ཤེས་སེམས་དཔའ་ཉི་དཀྱིལ་ཧཱུྃ། །མདུན་དུ་མགོན་པོའི་ཐུགས་ཀ་རུ། །སྲོག་བདག་འོད་ཟེར་སྣ་ལྔའི་དཀྱིལ། །དོན་ལ་རང་གི་སྙིང་པོས་བསྐོར། །སྔགས་བཟླས་ཧཱུྃ་གི་འོད་ཟེར་འཕྲོས། །མགོན་པོའི་ཐུགས་ཀར་ཕོག་པ་དང་། །སྔོན་གྱི་དམ་ཚིག་དྲན་གྱུར་ནས། །ཅི་བགྱི་ཟེར་ཞིང་ལས་རྣམས་བྱེད། །འདུས་པས་བདག་ཉིད་བཀའ་སྡོད་མངག །འབུམ་ཕྲག་གཅིག་ཏུ་བཟླས་པ་བྱ། །སྐབས་སུ་མཆོད་བསྟོད་ལོངས་སྤྱོད་དབུལ། །སྔོན་དུ་བསྙེན་པའི་གདམས་པ་ཡིན། །ལས་ལ་དྲག་ཏུ་སྦྱར་བའི་ཚེ། །ཉེ་བསྙེན་གནད་ཀྱི་སྔགས་འདི་བཟླས། །དབུས་ཀྱི་ཕུར་པའམ་རྟེན་དག་ལ། །དཀར་ནག་མཐིང་ཁའི་གཟུངས་ཐག་གདགས། །མཐིང་ནག་དར་ཆེན་ནང་དུ་ནི། །དང་པོ་ཡུངས་དཀར་རྒྱལ་པོ་བླུག །བར་དུ་ཁྲག་སྣ་ཚང་མ་དང་། །ཙན་དན་དམར་པོ་སྦྱར་ལ་བླུག །ཐ་མ་ཙན་དན་དཀར་པོ་དང་། །བཟང་དྲུག་བདུད་རྩི་སྦྱར་ལ་བླུག །དེ་སྟེང་ཉི་དཀྱིལ་པདྨ་ལ། །ཟླ་བའི་ཁ་ལ་ཡིག་འབྲུ་གསུམ། །ཧྲཱིཿདཀར་རྭ་དམར་མཐིང་ནག་ཧཱུྃ། །སྔགས་འདིར་རང་དབང་བརྒྱ་བརྒྱ་བཟླས། །ༀ་བཛྲ་ཀྲོ་ཊ་རཱ་ཛ་ཡ། །ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། གྷྲིཧྞ་གྷྲིཧྞ་མ་ཀེ་ན་ཧཱུྃ་ཕཊ། ཡུངས་ཀར་དམ་ཚིག་ཁྲོ་བོ་ནི། །བཛྲ་ཡཀྴའི་ཚོགས་སུ་སམ། ༀ་ཧྲཱིཿབཛྲ་ཡཀྴ་ཏ་གྷྲིཧྞ་ར་ཀ་མ་ཧཱ་ཀཱ་རུ་ཧཱུྃ་ཕཊཿརང་གི་འོད་ཀྱི་བདེ་གཤེགས་ཀྱི། ཐུགས་རྗེ་འཁོར་བའི་ཆགས་པ་བསྡུས། །མི་བརྗེད་གཟུངས་ཀྱི་དམ་རྫས་སྐྱིལ། །ༀ་བཛྲ་ཙིཏྟ་ས་མ་ཡ་ཨམྲྀ་ཏ་ཧཱུྃ་ཧྲཱིཿཋཱ། བདེ་གཤེགས་ཟག་མེད་བདུད་རྩི་དབབ། །ཟུག་རྔུ་འབྱིན་པའ་ིནང་དུ་བསྐྱིལ། །བསྐུལ་དང་འབྲེལ་དང་ཟུག་རྔུ་སེལ། །རིམ་པའི་ཚུལ་དུ་གདགས་པར་བྱ། །བདག་ཉིད་ཡི་དམ་ལྷར་གསལ་བའི། །ཐུགས་ཀར་རྡོ་རྗེ་སྲིན་པོ་བསྒོམ། །ཉེ་བསྙེན་གནད་ཀྱི་སྔགས་འདི་བཟླས། །ༀ་བྷུ་རུ་ཀུ་རུ་མ་ཨ་པྲ་ན་སུ་ཙི་ཀི་ཕྱི་མ་ན་སེ་ཁ། །ཤྭ་མོ་ཀྲོ་དྷ་ཧཱུྃ་ཧཱུྃ་ཕཊ་ཕཊ། །སྔགས་ཀྱི་འོད་ཟེར་རྣོ་མྱུར་དྲག །དམ་ཚིག་ཁྲོ་བོ་ཉེ་ཚེ་འཕྲོ། །མགོན་པོ་དབང་མེད་གནས་ནས་འགུགས། །རང་ཉིད་སྲོག་ལ་དྲོད་ལངས་ནས། །ལུས་ངག་ཡིད་གསུམ་ཚ་ཞིང་གདུང་། །འབུམ་ཕྲག་གཅིག་ཏུ་རྫོགས་པར་བྱ། །དེ་ལ་རྟགས་ནི་འདི་དག་འབྱུང་། །རྟེན་འཕར་འགུལ་ལྡོག་མེ་ཏོག་འཕྲོ། །རྣལ་འབྱོར་མཁའ་ལ་འཕུར་བ་དང་། །ས་ལ་མི་ཐོགས་ཆུར་མི་འབྱིང་། །ལེགས་ལྡན་མདུན་ན་ཅི་བྱ་ཟེར། །རབ་ཀྱི་རྟགས་སུ་ཤེས་པར་བྱ། །རྟེན་ལ་མེ་འབར་ཚེག་པ་དང་། །སྨན་ཕུད་ཁོལ་ཞིང་རཀྟ་ལུད། །རྟེན་གྱི་ཞལ་བཞད་ཉམས་བྱུང་སྲིད། །སྨན་གྱི་ཐུམ་བུ་ཁ་ཕྱེ་ལ། །བདུད་རྩི་ནང་དུ་བཏབ་ནས་ཀྱང་། །རྟེན་ནམ་ཏིང་འཛིན་གཟུགས་ལ་གཏོར། །སྐུ་ཡི་ཚ་བ་གཞིལ་བར་བསམ། །སྐུ་གསུང་རང་བཞིན་མནལ་མ་ནི། །བདག་ལ་བཀའ་ནོད་ལས་རྣམས་བྱེད། །དངོས་གྲུབ་བདག་དབང་བྱ་བའི་ཕྱིར། །སྒྲུབ་པའི་རིམ་པ་བག་ཙམ་སྦྱར། །རཀྟ་ཆང་སྦྱར་རྟེན་ལ་གཏོར། །ཐུགས་རྗེས་ཆགས་པ་བསྐྱེད་བྱ་ཞིང་། །སྔོན་དུ་བསྙེན་པ་ཤས་ཙམ་བཏང་། །ཡུངས་ཀར་རྒྱལ་པོ་བྲབ་བྱས་ལ། །ཉེ་བསྙེན་གནད་ནས་སྟོང་ཕྲག་དགུག །བསྒྲུབ་པའི་གསང་སྔགས་འདི་དག་བཟླས། ༀ་བྷུ་རུ་གུ་རུ་ཨི་བྱི་ཨུ དྨ་ཀྲོ་ཏ་ཧཱུྃ་ཕཊ། འོད་ཟེར་ལྕགས་ཀྱུ་དབང་གི་མདོག །འཕྲོས་ཏེ་རང་བཞིན་མགོན་པོ་ལ། །དམ་ཚིག་བསྐུལ་ཞིང་མཆོད་པ་བྱས། །དངོས་གྲུབ་ཆགས་པའི་མདོག་ལྟ་བུ། །བསྡུ་ཞིང་རང་ལ་བསྟིམ་པ་བྱ། །ཕྱེད་ཤས་ཙམ་གྱིས་གནད་ལ་ཕེབས། །མཐུན་མཇུག་སྨན་གྱི་ཚ་བ་གཞིལ། །རྟགས་ཀྱི་རིམ་པ་འདི་ཡང་འབྱུང་། །སྒྲུབ་ཁང་གཡོ་ཞིང་་འགྱུར་ལ་ཚེག །ཡམས་དང་ནད་ཀྱི་བུ་ཡུག་ཐུལ། །བྱ་དང་གཅན་གཟན་འཐབ་ཅིང་འཁོར། །རེ་དམ་ཆོལ་དང་ཅིག་རླངས་འབྱུང་། །ཐ་མའི་རྨི་ལམ་སྟོན་པར་འགྱུར། །དགྲ་བཅོམ་ཚོགས་སུ་འོང་བ་དང་། །སློབ་དཔོན་བན་དྷེ་མོན་ནག་དང་། རླུང་ནག་ཚུབ་མ་ཆུ་ནག་འབྲུག །གཡག་ཁྱུའི་ཚོགས་དང་བྱ་ནག་ལྡིང་། །མཆོད་རྟེན་འོད་ནག་མེ་སྟག་འཕྲོ། །སྐར་མདའ་མང་པོ་ལྷུང་པ་འབྱུང་། །བསྙེན་དང་ཉེ་བའི་རྟགས་སུ་ཤེས། །རྟེན་གྱི་ཐོད་པ་ཁ་ཕྱེ་ལ། །མྱོས་པའི་རྫས་དང་བུ་རམ་དང་། །བདུད་རྩི་འོ་སྐམ་ཞལ་ཟས་བཤམ །དེ་བཞིན་མཆོད་པ་ཀུན་ཀྱང་བཏང་། །དམར་ལྗང་དར་གྱི་ལིངྒ་བྲི། །རྫས་རྣམས་བདུད་རྩིར་བྱིན་གྱིས་བརླབས། །ནང་དུ་སྲོག་གསུམ་ཡི་གེ་བསྒོམ། །མགོན་པོའི་གཞུང་བསྲང་སྙིང་པོ་བཟླས། །ༀ་བྷུར་ཀུར་ཏི་ཧཱུྃ་ཕཊ། སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཆགས་ཕྱིར་རཀྟའི་ཐུམ་པོས་མཆོད། །དྲུག་གི་འོད་འཕྲོས་ཐུགས་དམ་བསྐུལ། །བརྒྱད་ཀྱི་དངོས་གྲུབ་མཐུ་བྱིན་བ སྡུས། །འབུམ་ཕྲག་རྫོགས་ནས་སྲོག་གསུམ་ཞུ། །དངོས་གྲུབ་རྫས་ལ་བདག་ཉིད་རོལ། །ཚེ་དང་ཆོས་དང་ལོངས་སྤྱོད་སྡུས། །དྲག་པོ་མཐུ་ཡི་དངོས་གྲུབ་བླང་། །དམ་ཅན་གཏོར་མ་ཚོགས་ཀྱིས་མཆོད། །སྨན་གྱི་མཆོད་པས་སྟོབས་ལྡན་འགྱུར། །བསྙེན་པའི་རྡུལ་མཚོན་ཞལ་ཕྱེས་ལ། །དྲག་པོ་ལས་ལ་སྦྱར་བར་བྱ། །བཀའ་སྡོད་ཕོ་ཉའི་དཀྱིལ་འཁོར་ཡིན། །འབྲུབ་ཁུང་ལས་ཀྱི་དཀྱིལ་འཁོར་ནི། །མཎྜལ་འདོམ་གང་གྲུ་བཞི་པ། ། རཀྟ་ཁྲག་གི་དམར་པོར་བྱུག །དབུས་ནས་མཉམ་པའི་ཤིང་བཞག་ལ། །མདའ་གང་ཟླུམ་པོས་བསྐོར་ནས་ཀྱང་། །མཐོ་གང་ཚད་དུ་གྱེན་དུ་བརྩིགས། །དབུས་ནས་ཁྲུ་གང་གྲུ་ག སུམ་པ། །ནང་རིམ་གསུམ་ལྡན་ཐུར་དུ་བྲུ། །ཁ་ལ་ཐོད་པའི་ཕྲེང་བ་བཏང་། །དུག་ཤིང་རྩང་དམར་ཉི་ཤུ་བརྒྱད། །མཚོན་ཆ་རྡོ་རྗེ་འཁོར་ལོ་དང་། །རལ་གྲི་དབྱུག་པ་རྒྱ་གྲམ་ལྔས། །འོག་མ་དག་ལ་བསྐོར་བར་བྱ། །དམིགས་པ་དགྲ་ཡི་རྫས་དྲུག་དང་། །བག་ཕྱེ་ས་སྦྱིན་བསྲེས་པའི་གཟུགས། །བཅུ་གཉིས་སོར་ཚད་མིང་རུས་སྣག །ཀན་དྷའི་ཤིང་ལ་མིང་རུས་བྲི། །དྲེད་མོའི་སྐྲ་ཐག་སྔོ་དམར་གྱིས། །བཅིངས་ནས་མགོ་བརྙན་གརྩང་ལ་གདགས། །དུར་ཁྲོད་གཡམ་ས་ཁྲུ་གང་ལ། །དབུས་ནས་མཐོ་གང་གྲུ་གསུམ་བྲུ། །འབྲུབ་སྟེང་བཞག་ལ་ཐོད་མཁར་བཞག །རྒྱ་ནི་དེ་དང་མཐུན་པ་ལ། །དཔངས་སུ་སོར་བཞི་བསྟོད་ལ་བརྩིགས། །རང་ངོས་ཐེལ་ལ་སྒོ་བསྟན་པ། །ལོགས་བཞིར་ཕྲིན་ལས་གློ་སྐར་བཞི། །ཕྱོགས་བཞིར་མཁར་བཞི་ཕྱེད་ཤེས་བྱ། །དུར་ཁྲོད་མཚོན་གྱི་རི་མོ་ཡིས། །སྟག་དང་མི་རྟ་བྱ་ཡ་ིམགོ །སྲིན་པོའི་ཐོད་པས་བ་གམ་བྱ། །ནང་དུ་རྟེན་གྱི་ཕུར་པ་ལྔ། །ཡང་ན་བཀའ་རྟེན་བྲག་ནག་དྲེད། །དུར་ཁྲོད་ས་སྲིན་གཟུགས་བྱས་ལ། །མཚོན་གྱི་བསྒྱུར་ལ་ཕྱག་མཚན་གཏད། །མཁར་རྣམས་ཀུན་གྱི་རྒྱུད་དག་ནི། །བཀའ་རྟེན་ཆོས་ཁྲི་དུར་ཁྲོད་དང་། གནོད་སྦྱིན་ཡུལ་དང་རྒྱལ་པོའི་ཁབ། །ཕྱུག་པོའི་བང་མཛོད་རིན་ཆེན་རྩེ། །ས་སྣ་བདུན་ལ་ཀླུ་ཆུས་བྲུ། །ཕྱོགས་བཞིར་རུ་མཚོན་ནག་པོ་བཞི། །ཕྱོགས་བཞིར་བདུད་བྱ་ནག་པོ་ལྡིང་། །སྙུག་མ་ཚིགས་ལྔའི་མདའ་གཅིག་ལ། །དྲི་མེད་དྲག་པོ་བཅུག་ནས་ཀྱང་། །བྱ་རྒོད་སྲིན་བྱ་འུག་པ་ཁྭ། །ལྔ་སྒྲོན་མདའ་ལ་དར་ནག་གདགས། །གཡུ་མིག་ནམ་མཁའ་ནག་པོ་ལ། །རྒོད་ཀྱི་སྒྲོ་གཟུགས་དར་གྱིས་བརྒྱན། །དབུས་ཀྱི་མཁར་སྟེངས་བཞག་པར་བྱ། །གཡས་གཡོན་ཡབ་ཡུམ་གཏོར་མ་བཞག །སྙིང་གསུམ་དར་དྲིལ་ལུས་ལ་བཅངས། །རྟེན་གྱི་སྐུ་གཟུགས་མདའ་ལ་གདགས། །གྱིང་གི་མཁར་གྱི་སྟེངས་ལོགས་སུ། །ལྕགས་ཕུར་བཅུ་གཉིས་དར་གྱིས་བརྒྱན། །རལ་གྲི་མཐོ་གང་གྲི་ལྕགས་བྱུག །ཕོ་སྙིང་སྣ་ཚོགས་གཏོར་མ་བཅས། །ལྷོ་ཕྱོགས་གནོད་སྦྱིན་མཁར་སྟེངས་སུ། །བསེ་མདུང་ཁྲུ་གང་དར་གྱིས་བརྒྱན། །ཟོར་མདའ་མོར་ཐོད་གཡས་གཡོན་དགོད། །རུ་སྐྱོགས་མཛེས་པའི་ནང་ཉིད་དུ། །ར་དམར་བྱ་དམར་གྲི་བོའི་དོན། །མར་ཁུ་སྦྲང་རྩི་འོ་མ་ཁྲག །སྦྱར་བའི་གཏོར་མ་བདུད་རྩིར་བཅས། །ནུབ་ཕྱོགས་སྲིན་པོའི་མཁར་སྟེངས་སུ། །སྦྲུལ་ཤ་དུག་དང་བག་ཕྱེ་སྦྱར། །སྦྲུལ་མགོ་གསུམ་ལྡན་འཁྱིལ་བ་བཅའ། །ཀན་དྷའི་དགྲ་གཟུགས་སྟེངས་སུ་བཞག །གཡས་སུ་ཤ་རུལ་ཁྲག་རུལ་དང་། ། སྙིང་གི་ཚོགས་ཀྱིས་ཐོད་པ་དགང་། །གཡོན་དུ་བ་དམར་ཐོད་པ་ལ། །ཀླུ་སྨན་བཏབ་ལ་མཁར་གཞོང་བཞག །བྱང་དུ་ཟ་བྱེད་མཁར་སྟེངས་སུ། །ཚོན་དྲུག་ནམ་མཁའ་དར་ནག་བརྒྱན། །གཏོར་མ་ཚིལ་ཆེན་སྤྲིན་ཁེབ་ཅན། །ལིདྒ་རྨ་བྱའི་གདུགས་དང་བཅས། །བྱན་ལག་མཆོངས་ཀྱི་རི་བོ་ལ། །དུག་ཤིང་ཡལ་ག་དུར་ཁྲོད་ཀྱི། །ཤ་རུས་བཅས་པ་ཐོད་ཕོར་གྲམ། །ཀང་ཀ་ཐང་དམར་མཚོ་འགྲམ་ལ། །དཔལ་གཏོར་རཀྟ་བདུད་རྩི་དང་། །སྤོས་ཆེན་སྣུམ་ཆེན་ལ་སོགས་དགྲམ། །གྲུ་བཞི་ཧ་སྟའི་རྒྱལ་མཚན་གཟུགས། །ཞིང་གི་བླ་རེ་མཎྜལ་དབུབ། །མོན་ཐོད་ནང་དུ་དུག་སྣ་དང་། །ཁྲག་སྣ་གསུམ་མཚོན་དབལ་བརྡར་ལ། །ཆང་གི་སྦྱར་ལ་བྱང་དུ་དགོད། །དེ་བཞིན་རིགས་ངན་ཐོད་པ་རུ། །ཡུངས་དཀར་ཡུངས་ནག་སྐྱེེ་ཚེ་དང་། །ཚ་བ་སྣ་ཚོགས་ལྷོ་རུ་དགོད། །དེ་ལྟར་བཅའ་བཞི་རྫོགས་པ་དང་། །ཕྱོགས་བཞི་སྔོན་བཞིན་གསོལ་བ་གདབ། །དཔལ་གྱི་ལས་གསུམ་རྫོགས་པར་བྱ། །དེ་ཡང་འབྲུ་བརྒྱད་རྦད་གསད་བསྒྱུར། །བདག་ཉིད་ལྷ་ཡི་ང་རྒྱལ་ལས། །ཐུགས་ལས་འོད་ཟེར་རིམ་པ་རུ། །བཾ་ལས་རཀྟའི་རྒྱ་མཚོ་བསམ། །དེ་ལྟར་ལམ་ལས་དྲག་ཤུལ་རི། །ཏ་ན་འབའ་ཏི་དུར་ཁྲོད་གནས། །བྷཱུྃ་ལས་ཐོད་པའི་མཁར་ལྔ་བསྐྱེད། །དབུས་སུ་དམིགས་པའི་དགྲ་སྟེངས་སུ། །དོན་ལས་རྩ་བའི་སྔགས་བརྗོད་པས། །ལེགས་ལྡན་ཡབ་ཡུམ་སྔོན་བཞིན་བསྐྱེད། །ཡང་ན་ཞལ་གཅིག་ཕྱག་གཉིས་ལྗང་། །གསལ་ཤིང་ཕྱར་ནས་ཤུན་གྱི་མདུང་། །དུར་ཁྲོད་ཆས་རྣམས་རྫོགས་པར་བསྒོམ། །མདུན་དུ་ལས་གྲུབ་བཀའ་སྡོད་ནི། །ནག་པོ་གྲི་གུག་ཐོད་པ་འཛིན། །ཕྱོགས་བཞིར་གཙོ་བོའི་ཐུགས་ཀ་ནས། །ཧཱུྃ་དང་ཡ་ཛ་མ་བཞི་སྤྲོས། །སྔགས་བརྗོད་འཁོར་དང་བཅས་པ་བསྐྱེད། །ཤར་དུ་ཁྲོ་བོ་གིང་ཀ་ར། །མཐིང་ག་མཚོན་ཆའི་འཁོར་ལོ་བསྒྱུར། །སྙིང་ཁྲག་འཐུང་ཞིང་དམིགས་པ་གནོན། །ཕྱི་ན་གྲི་ཐོགས་བཅུ་གཉིས་གྱིས ། །ཀུན་ཀྱང་ཁྲོ་ཚུལ་འཇིགས་པའི་ཚུལ། །དུར་ཁྲོད་རྒྱན་ལྡན་གར་སྟོབས་བསྒྱུར། །རལ་གྲི་འདར་ཞིང་གློ་སྙིང་ཟ། །འཛིན་ཅིང་གསོད་པའི་ཕྲིན་ལས་འགྱེད། །ལྷོ་རུ་ཡ་ལས་གནོད་སྦྱིན་གཙོ། །དམར་ནག་ཞིང་ཆེན་རལ་པ་ཁྲག །གསེར་གྱི་རལ་གྲི་མདུང་དམར་འཛིན། །ཡུམ་ནི་བྱ་ཐག་ནད་རྐྱལ་འཛིན། །སྐྱེས་བུ་བཞི་དང་སེ་མོ་བཞི། །མི་དམར་བཤན་པ་བཞི་བཅུ་གཉིས། །འཇིག་རྟེན་སྐྱེས་པའི་ཆ་ལུགས་རྫོགས། །ནུབ་ཏུ་ར་ལས་ར་ཧུ་ལ། །དུད་ཁ་མགོ་དགུ་རོ་སྨད་སྦྲུལ། །མགོ་ལུས་ཀུན་གསལ་རལ་པ་ཁྲག །གྲི་གུག་ཐོད་པ་བསྣམས་པའོ། །སྲིན་པོ་བཅུ་དང་སྲིན་མོ་བཅུ། །མཚོན་ཆ་རྣོ་དབལ་ལོངས་སྤྱོད་འཛིན། །བྱང་དུ་མ་ལས་ཟ་བྱེད་མ། །མཐིང་ནག་རལ་པ་དུག་རླངས་ཅན། །ཤུན་གོས་རེ་ལྡེ་རྒྱུ་འཕྲེང་ཞགས། །སེང་སྤྲུལ་ཉི་ཟླ་ཆས་ཀུན་རྫོགས། །གཡས་པ་ཁྲམ་ཤིང་ནད་རྐྱལ་གཡོན། །དྲེད་ནག་ཞོན་ནས་མེ་དཔུང་དབུས། །རླུང་ནག་འཚུབ་མའི་དཀྱིལ་ན་བཞུགས། །རིགས་ལྔའི་མ་མོ་འབུམ་ཕྲག་འཁོར། །གཞན་ཡང་མ་མོའི་འཁོར་གྱི་ཚོགས། །སྔོན་བཞིན་འདིར་ཡང་འདུས་པར་བསྒོམ། །རང་བཞིན་གནས་ནས་སྤྱན་དྲངས་ལ། །དུར་ཁྲོད་གནས་སུ་བསྟན་པར་སྟིམ། །སྔོན་འབྱུང་རྗེས་འཇུག་འདིར་མི་འཇུག །ཕྱི་ནང་གསང་བའི་མཚན་ནས་བརྗོད། །དམ་ཚིག་རྟེན་པ་དག་དང་སྦྱར། །མཆོད་པའི་རིམ་པ་ཚུལ་བཞིན་དབུལ། །དེ་ལྟར་བླ་རྡོ་བཅང་ཞིང་བཟུང་། །ཕ་ཝང་ལོང་བུའི་རྡོ་བ་ལ། །ཙ་ར་རོག་པོའི་སྙིང་ཁྲག་གི །ཧཱུྃ་དང་ཧྲི་ཡ་ཛ་མ་བྲི། །ཡུངས་ཀར་ནང་དུ་བཅུག་ལ་བཞག །ཧཱུྃ་གི་དམ་ཚིག་ཁྲོ་བོ་ལ། །གཞི་ནི་འཁོར་ལོ་བླ་རྡོ་སྲོག །ལྕགས་ཐིག་ངོས་ལ་རྡོ་ནག་དུག །དུན་བྲི་ཡབ་ཀྱི་བླ་རྡོ་སྲོག །འཕྱོ་སྒོ་ངོས་ལ་རཀྟ་ཡིས། །མ་བྲིས་ཡུམ་གྱི་བླ་རྡོ་ཡིན། །གཉིས་ཀ་ཆགས་པའི་སྣོད་དུ་གཞུག །སྨན་ལ་ཡི་དམ་སྙིང་པོའམ། །དཔའ་བོ་འབྲུ་ལྔ་བྲིས་ལ་གཞུག །གཟུངས་ཐག་གདགས་ལ་ཆངས་བར་བཟུང་། །ཐུན་མཚམས་ལྕགས་ཕུར་དབལ་ལ་གདགས། །ཡུངས་དཀར་དྲག་པོ་ཁྲོ་བོ་ཡིས། །དབང་བསྐུར་དྲག་ཏུ་བཀྲད་ལ་བསྐུལ། །བསྙེན་དང་ཉེ་བསྙེན་ཤས་ཙམ་བཏང་། །སྒྲུབ་སྔགས་དྲག་པོ་བཅུ་བཞི་པས། །དབང་མེད་སྲོག་ཡིག་ཚང་བར་བསྐྱེད། །མྱུར་ཏུ་དགུག་ཅིང་རྟེན་ལ་བསྟིམ། །སྐབས་སུ་སྨན་གྱི་ཚ་བ་གཞིལ། །ཤ་ཁྲག་གཏོར་མ་ཕུད་ཀྱིས་མཆོད། །སྐབས་སྐབས་རྟེན་ལ་ཡུངས་ཀར་བྲབ། །བསྒྲུབ་སྔགས་ཉིད་དང་སྤྲུལ་པ་བཞི། །འབར་བའི་ཚིག་གིས་དམིགས་པའི་མིར། །སྲོག་ལ་བྷྱོ་བྷྱོ་སྦྱར་ཅིང་བསྐུལ། །བཅུ་གཉིས་མཐའ་ལ་རྦད་སྔགས་གདགས། །ༀ་བྷུ་རུ་ཀུ་རུ་ཨི་བྱི་ཨུ་ཙཥྨ་ཀྲོ་ཏ་ཧཱུྃ་ཕཊ། ཀྲོ་ཏ་ཡཀྴ་རཀྴ་ཙིཏྟ་ས་མ་ཡ་བྷྱོ། ༀ་བྷུར་མ་ཧ་ཀ་ལ་ཪྣྲི་ཐུམས་ལམ་ཐུམ་རིལ་རྦད་སུ་ཪྣྲི་ཛ། དགྲ་པོའི་སྙིང་ལ་ཡ། ཏྲག་རཀྴ། ཪྣྲི་ཐུམ་རིལ་རྦད་སྙིང་ཁ་རག་ཪྣྲི་ཛ་བྷྱོ་བྷྱོ། ཡུངས་ཀར་ཁྲོ་བོའི་མཐུན་གྱིས་བྲབ། །དམ་ཚིག་ཁྲོ་བོའི་དབང་པོ་བསྐུལ། །སྡེ་བཞི་སྤྲུལ་པ་འཁོར་བཅས་ཀྱིས། །དམིགས་པའི་དགྲ་བོའི་ཡུལ་ཁམས་བཀང་། །བླ་དང་ཤེས་པ་དགུག་ཅིང་སྟིམ། །དཔལ་མགོན་པོ་ནག་པོ་འཁོར་བཅས་རྦད། །མ་ཉེས་དཔང་གཟུགས་འོ་འདོད་འབོད། །ཐུན་མཚམས་གུ་གུལ་མེ་དུད་བཏང་། །གང་ཡིན་ལྷ་ལ་ཐུན་གྱིས་བྲབ། །རཀྟ་ཁྲག་སྦྱར་སྐུ་ལ་གཏོར། །ཐུགས་རྗེ་རྒྱུན་དང་ལྡན་པར་བསྐྱེད། །དམིགས་པ་འགུགས་འཆིངས་ཁྲམ་ལ་འདེབས། །ཀུན་ཀྱང་བྱེ་རུའི་མདོག་ལྟར་བསམ། །ཆགས་པས་གཡེལ་མེད་ཕྲིན་ལས་དྲན། །གོ་མཚོན་ཆ་ལ་རྡུང་བ་དང་། །དམག་འདྲེན་གཡུལ་འགྱེད་ལིངས་པ་ཆས། །ལས་ལ་ཚུད་པའི་མཚན་མ་ཡིན། །སྔོན་དུ་ཁུགས་ན་ལིངྒ་འགུལ། །དྲག་པོ་ལས་ལ་སྦྱོར་བ་ལ། །ཕུར་པའི་དགོངས་པ་གོང་བཞིན་སྦྱར། །ཅི་ནས་ལས་མྱུར་རང་ལ་ཤིས། །ནུས་པ་མི་ཆོར་གཡེལ་བ་མེད། །ཉིན་མོ་རྦད་ཅིང་དམིགས་པས་དགུག །དེ་ནས་བསད་པའི་སྔགས་འདི་སྦྲེལ། །ༀ་མ་ཧཱ་ཀ་ལ་ཪྣྲི་ཛཿ སྙིང་ལ་ཐུམ་རིལ་རུས་པ་ལ་རྦད་སུ་རྦད་སུ་ཪྣྲི་ཤ་ཙིཏྟ་ཡ་རྦད། ཁྲག་ཐིབས་རྦད། རྨུགས་ཤག་གླིང་དུ་རྦད། སྙིང་ལ་ཪྣྲི་ཛ་ཛཿ སྲོག་ལ་ཙ་བམ་སྙིང་ལ་ཡ་ཡ། ཧབ་ཧབ་ཪྣྲི་མ་ར་ཡ་ཕཊཿ ཉི་མ་དམར་ཐག་ཆད་པ་ལ། ཕོ་ཡི་རེག་ཆོད་སྔགས་འདི་གདགས། །ཤྲི་ཧེ་གྷོ་ཛ་ཤག་རྦད། མུ་རོ་ཙིཏྟ་ནི་ཤག་རྦད། རེ་གེ་ཤོ་ནི་ཤག་རྦད། ཡ་མེ་ཏེ་ཤ་ནི་ཤག་རྦད། ར་ཧུ་ར་ན་ནི་ཤག་རྦད། ཙི ཏྟ་རི་མ་ནི་ཤག་རྦད། ཤ་ན་དུར་ཁྲོད་ཁྲོཾ་བཛྲ་ཤ་ཏི་ཚེ་སྲོག་མ་ར་ཡ་རྦད་རྦད། སྐམ་ཐུན་ཐུན་ཁྲག་ནང་ནས་བྲབ། །མཆོག་ཕུར་ལས་ཀྱི་མགོན་པོར་བསྒོམ། །སྙིང་ལ་གདབ་ཅིང་དྭངས་སྙིགས་འབྱེད། །གསང་བའི་རྔ་བརྡུང་དྲག་ཏུ་བསྐུལ། །དྲེགས་པ་ཕོ་རྣམས་སྲོག་ལ་རྔུབ། །བཀའ་སྡོད་ལས་ཀྱི་བཤན་པ་ཡིས། །གྲི་གུག་ཁོག་གཤགས་སྙིང་ཕྱུངས་ནས། །གཙོ་བོའི་ཞལ་དུ་བཏབ་པར་བསམ། །གནོད་སྦྱིན་ཚོགས་དང་མཆེ་གཤོགས་གིས། །ཤ་ཁྲག་ཟ་ཞིང་རྒྱུ་མ་འདྲེན། །ཕོ་གཤེད་གནད་ཀྱི་རེག་ཆོད་ཀྱི། །དམིགས་པ་རླག་པའི་འཕྲིན་ལས་ཡིན། །མཚན་མོ་བསྒྲུབ་སྔགས་གཉིས་པོ་ལ། །བསད་སྔགས་སྦྲེལ་ལ་དྲག་ཏུ་བཟླས། །ཐོ་རངས་ལྷ་འདྲེ་རྒྱུ་དུས་ནས། །མོ་ཡི་རེག་ཆོད་སྔགས་འདི་བཟླས། །ༀ་མ་ཧཱ་ཀཱ་ལི་མ་བྷྱོ་རུ་ལུ་རུ་ལུ་ས་མ་ཡ་བྷྱོ། ཏྲག་རཀྴ་ཁ་མུན་ཏྲ་བྷྱོ། རུ་ལུ་རུ་ལུ་མ་ར་ཡ་ཐུན་བྷྱོ་ཏྲཀ་མོ་རཀ །སྙིང་ཁྲག་མ་ར་ཡ་ཐུན་ཡ། །དྲག་མོ་རག་མོ་ཆེ་གེ་མོ་ལ་ཐུན་ཡ། །དུག་ཁྲག་གཤེར་ཐུན་ན་འུག་དབབ། །མ་མོ་སྲིན་མོ་གནོད་སྦྱིན་མོ། །བདུད་མོའི་ཚོགས་ཀྱི་དམག་ཚོགས་ཀྱིས། །དམིགས་པའི་ལུས་ལ་ནད་མཚོན་གྱིས། །འོད་ཟེར་བུ་ག་དགུ་ནས་འདུས། །སྔོ་དམར་དུག་གི་རྩ་རྣམས་ཁེངས། །སྙིང་ལ་འདུས་ལ་དྭངས་སྙིགས་ཕྱེ། །དང་མ་ཆོས་ཉིད་བདེ་བར་ཐིམ། །ཕུང་པོ་ཤ་ཁྲག་མ་ཚོགས་རོལ། །ཞག་གྲངས་དགུ་ཡི་ཏིང་འཛིན་ལྟར། །ཐུན་རྫོགས་དངོས་དང་འབྲེལ་བའི་གཟུགས། །བྱང་ཤར་ལྕགས་མཁར་སྒོ་མེད་དུ། །དུག་ཤིང་འདུས་པའི་མེ་ལ་བསྲེག །ཕོ་སྔགས་མོ་སྔགས་དྲིལ་ལ་བྲབ། །གསེར་སྐྱེམས་ལྷ་འདྲེ་ཀུན་ལ་བཏང་། །ཟོར་ལམ་ཕྱེ་ལ་བསེ་མདའ་ལ། །ནང་དུ་དྲག་པོའི་སྐམ་ཐུན་བླུག །ཐུན་ཁྲག་བླུག་ལ་དུག་ཤིང་མེར། །རྣོ་དབལ་དམར་ནག་ཚིལ་ཆེན་བདུག །དྲག་པོའི་མེ་སྦར་དགྲ་ལ་བརྡེག ། ཟོར་གྱི་རྒྱལ་པོ་མཆེད་བཞི་ལ། །རྒྱུད་ལས་བྱུང་བ་བཞིན་དུ་བསྐུལ། །བསྙེན་བསྒྲུབ་བསད་ཐུན་ཀུན་དྲིལ་ལ། །དྲག་པོ་ཟོར་སྔགས་འདི་ཡིས་འཕང་། །ༀ་རི་ལི་ལི་སྙི་ལི་ལི། །རམ་ཤིག་ཕྲུ་ལུ་ལུ། །སྲོག་རྩ་མ་ར་ཡ་རྦད། །ཙི་ཏའི་དཀྱིལ་དུ་ནྲྀ་ཛ་ཐུན། །ཁྲག་གི་སེར་ཆེན་ཕོབ་ཕོབ། །མི་སྟེགས་ལོག་ལྟའི་ཐོད་པ་རུ། །ཐུན་ཁྲག་བླུག་ལ་ངར་བླངས་སྟིམ། །དུར་སྐྲའི་མགུལ་རྡོག་ཁྲག་མདའ་འཕང་། །བྷྱོ། ལྷ་ཡི་སྡེ་དཔོན་ཚོགས་ཀྱི་བདག །ལེགས་ལྡན་ནག་པོ་མཐུ་བོ་ཆེ། །དུར་ཁྲོད་བདག་པོ་སྒྲོལ་བའི་གིང་། །ཁྱད་པར་འཕགས་པའི་བླ་མ་ལ། །དང་བའི་སེམས་ཀྱི་མོས་བཏུད་ནས། །མཐུ་ཆེན་འཇིགས་པའི་སྐྱབས་ཚོལ་ན། །དཔལ་གྱི་སྤྱན་སྔར་དམ་བཅས་པའི། །ཆོས་ཀྱི་སྲུང་མ་དམ་ལ་འདུ། །སྔགས་ཀྱི་མ་སྲིང་ལས་ལ་ཆོས། །འདོད་ཁམས་བློན་མོ་དམ་ལ་འདུ། །མགོན་པོ་ནག་པོ་དམག་སྣ་དྲོངས། །བདུད་འདུལ་སྒྲོལ་གྱི་ཟོར་འདི་ཕོངས། །དགྲ་བོའི་ལྔ་ཕུང་གཤོམས་པའི་ཕྱིར། །མུ་སྟེགས་ཀ་ལའི་ཐོད་པ་ལ། །ཟོར་གྱི་གཞུ་མཆོག་ལམ་སེ་ལམ། །སྔགས་ཀྱི་རྒྱུད་སྒྲ་བྲེང་ངེ་བྲེང་། །རཀྟ་ཆགས་པའི་སྙུག་མ་ལ། །གསོད་བྱེད་འུག་པའི་སྒྲོ་ཡིས་སྐྱོན། །ཚ་དབལ་ཐུན་གྱི་རུས་ཀྱིས་དཀྲིས། །ཡུངས་ཀར་མཐུན་གྱི་མདེའུ་གསལ། །ཏིང་འཛིན་དྲག་པོའི་རྩལ་གྱིས་འཕང་། །དགྲ་བོའི་སྙིང་ལ་དུག་མདའ་ཡ། །རྣམ་ཤེས་རྟེན་ལ་དུག་མདའ་ཡ། །ༀ་མ་ཧཱ་ཀ་ལ༴ ཆེ་གེ་མོ་སྲོག་ཕྲིག་ཕྲིག་ཆུམ་ཆུམ་ཧུར་ཧུར་རག་མོ་སྙིང་རྩ་ལ་བྲེང་བྲེང་། དམ་དམ་མ་མ་ཏྲག་མོ་ཏྲཀ་མོ་བྷྱོ་བྷྱོ། རྒྱུད་ལ་མེ་འབར་ཆས་གོས་གདབ། །སྲིད་པའི་ལྷ་སྲིན་དམ་བདར་སྦྲན། །དེ་ལྟར་དྲག་པོའི་ལས་རྫོགས་ནས། །བསད་པའི་རྟགས་རྣམས་རྫོགས་པར་འབྱུང་། །ཁྲ་ཡི་བྱིའུ་དེད་པ་དང་། །གར་འོང་བླའི་ཆོ་འཕྲུལ་ལ། །སྤུ་འབྱིད་འདོགས་དང་གསོད་པ་དང་། །ཤ་ལ་ལོངས་སྤྱོད་གོས་ལ་རོལ། །བྲག་ཆེན་རྩད་ནས་བཏོན་པ་ནི། །གདུང་རྒྱུད་རྩད་ནས་ཆད་པར་ངེས། །སྡོང་པོ་བརྩད་ནས་ངོ་བོ་འཆི། །ཞ་ལག་བརྩད་ནས་འགབ་ལ་ངན། །དངོས་པོ་བསད་ནས་སྙིང་ཕྱུང་ཟོས། །ཐེ་ཚོམ་མེད་པའི་ལས་ཡིན་ནོ། །རྒྱན་ཕྲོགས་གོས་ཤུས་རོགས་ལ་ངན། །གཞན་ཡང་སྒྲུབ་པའི་དུས་དག་ཏུ། །མུན་སྤྲང་སློང་དང་ལོངས་སྤྱོད་འགྱེད། །འབྱོར་པ་འདོད་ཡོན་གཏོར་ཚོགས་བཏང་། །གཞན་ཡང་ཉེས་ལེགས་དཀྱིལ་འཁོར་ནི། །ས་སྣ་བདུན་གྱི་འདག་ས་ལ། །ཚད་དང་ལྡན་པའི་མཁར་བྱས་ལ། །ནང་དུ་ལེགས་ལྡན་གཟུགས་བརྙན་བསྟན། །སྟེང་དུ་ལས་ཀྱི་བྱ་ཁྱུང་བཞག །དུར་ཁྲོད་རོ་རས་ཁྲུ་གང་ལ། །དམིགས་པའི་དྲི་མ་ཧ་ཞིག་དང་། །གོ་རོ་ཙ་ན་སྦྱར་ལ་བྱུག །སྦྲུལ་ནག་འ ཁྲིལ་བའི་དུག་བར་དུ། །ཕྲག་དོག་སྦལ་པའི་ལྟོ་བ་རུ། །རྡོ་སྲོལ་དུག་ཁྲག་སྦྱར་བྱས་ལ། །ཀཾ་ཀའི་སྒྲོ་རྩས་སྙུག་གུ་བྱ། །མུ་ཁྱུད་རིམ་པ་བཞིས་བསྐོར་ཏེ། །བ་དམར་ཁྲག་དང་རྩི་སྨན་གྱིས། །དབུས་སུ་དམིགས་པའི་ལི དྒ་བྲི། །གཡས་སུ་གཉན་མོ་གཡོན་དུ་ཀླུ། །ལུས་ལ་མིང་རུས་རྫོགས་པར་བྲི། །རྒྱབ་ཏུ་ས་བདག་འདོམས་སུ་བཟོད། །འབྱུང་པོའི་དུག་བཞི་དམིགས་པ་བཟུངས། །དེ་ཡི་ཕྱི་རིམ་སྔགས་འདི་དག །ཡིག་མགོ་ནང་དུ་བསྟན་ལ་བྲི། །ན་ག་དུ། ན་ག་དུ། ཧེ་ལི་ཧེ་ལི་འདུས་འདུས། ཨེ་ན་ག་ཀྲོ་ཏི་ཤྭོ་རི། ན་ག་རག་མོ་ཧེ། ཀུ་ལ་ཕེ་ཤན། ཕོས་ཕོས་ཤིག་ཤིག །ཧུ་ཡ་ཧུ་ཡ་ཀླུ་མོའི་ཚོགས། ཧ་ཞེན་ཧ་ཞེན། ན་ག་ཞེན་ན་ག་ཞེན། སུ་མོ་ཞེན་སུ་མོ་ཞེན། པ་ཁྲག་ཞེན་པ་ཁྲག་ཞེ་ན། །དབུགས་ལ་ཐུམ་ཐུམ་སྭཱ་ཧཱ། ཀླུ་སྲིན་བཏུད་དེ་དབང་མེད་འཁྲིལ། །དེ་མཐར་ཐུན་ཁྲག་སྔགས་འདི་དང་། །མིང་བྱང་སྤེལ་ལ་བྲི་བར་བྱ། །ན་ག་དུ་ན་ག་དུ། ཧ་ིལི་ཧི་ལི། ན་ག་འདུས་འདུས། ནག་པོ་འམ་ཙི་ཙི་རྒྱས་ཏྲག་ཐུར་སྙིང་ལ་ཐུར། མྱགས་མྱགས་རྩ་བཞི་བསྐུམ། ཤན་ཤན་ཆེ་གེ་མོའི་སྲོག་ལ་ཤན། ཐུར་ཐུར། སོད་སོད། ན་ག་གུར་ལིང་༴ སྙིང་ལ་འདུས་འདུས། རྣི་ལང་རྣི་ཆོད། ས་མ་ཡ་དམ་ཛ་ཛཿ ན་ག་རཀྴ། ཆེ་གེ་མོ་ཁཱ་ཧི། དེའི་མཐའ་མ་ཀ་ལི། བསྙེན་སྒྲུབ་བསད་མཐུན་ནང་བསྟན་བྲི། །དབང་ཕྱུག་ལེགས་ལྡན་ནག་པོ་ནི། །འཆི་བདག་ཀླུ་ཡི་དེད་དཔོན་ཡིན། །འཁོར་ལོ་དྲིལ་ན་བཙན་མཛེའི་རཱ། །ཀུ་ཀུ་ཀ་ལ་སུ་པུ་ར། །ཙི་ཏི་ཛྭ་ལ་ཐོད་པ་རུ། །རྒྱ་མཚོར་ཁྲོ་བཅུའི་རྒྱས་བཏབ་ནས། །མུན་པ་ནག་པོའི་གླིང་དུ་དྲིལ། །དཀར་ནག་སྦྲུལ་གྱི་ཐག་པས་བསྡམས། །རང་ཉིད་མགོན་པོ་ནག་པོར་བསྒོམ། །ནག་གསུམ་གླ་ཙི་ཁྲག་དང་དུག །དྲི་སྤོས་སྦྱར་ལ་ལུས་ལ་བྱུག །ལྷ་སྲིན་ཀུན་ལ་གསེར་སྐྱེམས་བཏང་། །བརྟེན་བདག་དེ་ལ་རྩི་སྨན་སྦྱིན། །ནག་པོ་རྡོལ་བའི་སྲང་ན་ཡར། །མདའ་གང་བཅལ་བར་དོང་བྲུས་ལ། །ཕྱོགས་བཞིར་མཆོག་གི་ཕུར་པ་བཞི། །གཤིན་རྗེ་གཤེད་དང་རྟ་མགྲིན་དང་། །གསང་བདག་ཉིད་དང་སྤྲུལ་པ་བསྒོམ། །ཐོད་པ་དོང་དུ་བཅུག་ནས་ཀྱང་། །སྙིང་པོ་སྡེ་གཉིས་བརྒྱ་བརྒྱ་བཟླས། །མང་ན་རང་ལ་ཀླུ་སྲིན་འདུ། །དེའི་སྟོང་ཁམས་ཀླུ་རྣམས་ཀུན། །མོ་རྣམས་ཆགས་པའི་ཚུལ་གྱིས་འཁྲིལ། །ཕོ་རྣམས་རྔམ་པའི་ཟས་སུ་ཟ། །ཁྲོ་བོ་འཁོར་དང་ཁྱུང་གི་མནན། །མགོན་པོའི་སྔགས་རྣམས་དྲིལ་ལ་བཟླས། །དཔལ་མགོན་པོ་ནག་པོའི་ཞབས་འོག་ནས། །འཇིག་རྟེན་ཀླུ་རྣམས་ལས་བྱེད་བསམ། །དུར་གཡམ་རྒྱ་གྲམ་སྟེང་ནས་དགབ། །ཉི་ཤུ་རྩ་གཅིག་ཕྱིར་བསྐྱེད་ལ། །ཐོ་གཟུགས་དྲག་པོའི་དལ་ལ་བསྒོམ། །བསྐོར་བ་ཕྱི་ནང་འོག་ཏུ་བྱ། །དུག་གི་སྒྲོ་བར་བསྟན་པ་དྲུད། །དུག་ཁྲག་གཏིབས་ལ་རང་རྗེས་དགབ། །དགྲ་ཡི་མཁར་ལ་ཆུ་ལ་རྡེག །སླར་ལོག་བཀྲ་ཤིས་ཚོགས་མཆོད་བྱ། །དེས་ནི་ལས་ལ་ཐེ་ཚོམ་མེད། །ནག་པོ་ལྡོག་པའི་མཚན་མ་ནི། །མུན་པ་གོས་དང་མཛེ་ཅན་རྒོལ། །གཡག་རྒོད་རྡུང་ཞིང་གཅན་ཟན་རྨུགས། །ཆུ་ནག་གྱེན་ལ་ལྡོག་པར་འགྱུར། །ཅིས་ཀྱང་ལས་འགྱངས་ལོག་གྱུར་ན། །ཀན་དྷའི་ཤིང་ལ་མགོན་པོའི་གཟུགས། །མཐོ་གང་ཚད་ལ་སྐྱེ་མཆེད་རྫོགས། །ཕྱི་རོལ་རུ་ལུ་བཟློག་པ་བྲི། །ལག་པ་གཡས་གཡོན་བསྙེན་སྔགས་གཉིས། །རྐང་པར་སྤྲུལ་པ་བསོད་པའོ། །ཐུན་སྔགས་ཁོ་རང་ལུས་ལ་བྲི། །དེ་ལ་དགུག་ཅིང་སྟིམ་བྱས་ལ། །དགྲ་ཡི་གཟུགས་དང་སླས་བྱས་ལ། །ཞག་གསུམ་དཔལ་གཏོར་འོག་ཏུ་གཟིར། །བསྙེན་བསྒྲུབ་སྔགས་ལ་མས་བཟློག་རྡེག །དྲག་ཤུལ་འབྱུང་བའི་ཉིན་ཞག་ལ། །རལ་གྲི་འཕྱར་ཞིང་གཉེན་པོ་སྡིགས། །དུག་ཤིང་གདུག་པའི་མེ་ལ་བསྲེག །བཀའ་བརྟེན་ས་ལ་ཐལ་བ་སྦྱར། །གཟུགས་བྱང་ཁོང་པར་མིང་རུས་གཟུགས། །མགོན་པོ་བསྐྱེད་ལ་བདུད་རྩི་གསོལ། །མཆོད་པ་ཕུལ་ལ་ལས་གཉེར་གཏད། །དུད་ཁྲོད་དབུས་སུ་དོང་བྲུས་ལ། །མགོན་པོའི་གཟུགས་གཞུག་དུར་གཡམ་དགབ། །མཆོད་རྟེན་ནག་པོ་མཐོ་གང་ལ། །ཟུར་གསུམ་གུ་གུལ་ནག་པོས་བདུག །སྟེང་བཞག་བསྙེན་པོ་ཕོ་བྲང་བསྐྱེད། །ལྷ་ཉིད་གནད་ལ་དབབ་པ་སྟེ། །ཡ་བག་ཤ་ར་རབ་ཏུ་གསང་། །མངོན་རོལ་གསང་བའི་རྒྱུད་དག་ལས། །སངས་རྒྱས་བསྟན་པ་བསྲུངས་བའི་ཕྱིར། །དཔལ་མགོན་སྒྲུབ་ཐབས་འདི་བགྱིས་པས། །སྔགས་པའི་སྐུ་དགྲ་སྒྲོལ་གྱུར་ཏེ། །བསྟན་པ་ཡུན་དུ་གནས་པར་ཤོག །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་སྒྲུབ་ཐབས་རྒྱ་གར་གྱི་མཁས་པ་དཔལ་རྡོ་རྗེ་འཆང་གི་ཞལ་མཐོང་བའི་རྡོ་རྗེ་ཧཱུྃ་མཛད་ཀྱི་མཛད་པ་རྫོགས་སོ། །གྲུབ་ཐོབ་བྲམ་ཟེ་དཔལ་བའི་རྒྱལ་མཚན་གྱིས། །བལ་པོ་བྷ་སུ་དྷ་ར་ལ་གདམས། །དེས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ་གདམས། །གཡས་རུའི་ཆ་རྐྱེན་དུ། གཡས་རུ་སྨུག་ཀྱི་རྡོ་རྗེ་སྒྲོམ་བུ་རུ་གཏད་པའི་རྒྱའོ། །ས་མ་ཡ། རྒྱ་རྒྱ་རྒྱ༔ ༈ འབར་བ་ཁྲོ་བོ་ཕྱག་རྒྱ་དངོས་གྲུབ་ཀྱི་བསྒྲུབ་ཐབས་བཞུགས་སོ། །རྒྱ་གར་སྐད་དུ། ཀྲོ་ཏ་ཛྭ་ལ་སིདྷ་མུ་ཏྲ་མཎྜ་ལ་ས་ཧ་ན་མ། བོད་སྐད་དུ། འབར་བ་ཁྲོ་བོ་ཕྱག་རྒྱ་དངོས་གྲུབ་ཀྱི་དཀྱིལ་འཁོར་བསྒྲུབ་པའི་ཐབས་ཞེས་བྱ་བ་བཅོམ་ལྡན་འདས་བཛྲ་ཧེ་རུ་ཀ་ཕྱག་འཚལ་ལོ། །མངོན་རོལ་རྒྱུད་ཀྱི་རྒྱལ་པོ་ལ། །སེམས་ཅན་ཡེ་ཤེས་བསྐྱེད་པའི་ཕྱིར། །ཡི་དམ་ལྷ་བསྒྲུབ་དཀྱིལ་འཁོར་འདི། །ལེགས་པར་བསྡུས་ལ་བསྟན་པར་བྱ ། །འདས་པའི་དུས་ན་མངོན་བྱུང་བའི། །བདག་ཉིད་ཆེན་པོ་རྟག་པ་ཡིས། །དེ་བཞིན་གཤེགས་པའི་གསུང་རབ་ལ། །འགྲོ་བའི་དོན་དུ་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ཀུན། །སྟོང་ཉིད་ཐེར་ཟུག་འགོག་པ་དང་། །ཁྲོ་གཏུམ་ལོག་ལྟ་རྐམ་ཞིང་འཇུངས། །ལེ་ལོ་གཏི་མུག་ཆགས་སོགས་ཏེ། །དེ་དག་གདུལ་བར་བྱ་བའི་ཕྱིར། །འབར་བའི་དཀྱིལ་འཁོར་བསྟན་པའི་དོན། །རྗེས་སུ་འཇུག་པའི་བསྒྲུབ་བྱ་ན། །སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་ན། །གསང་སྔགས་འཕྲིན་བསྒྲུབ་བྱེད་པ་དེ། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཡི་གེ་སྒྲ་བཏགས་མིང་ཚོགས་ལ། །བརྟེན་པའི་ཚིག་གིས་རབ་མཚོན་ཏེ། །ཁོང་ན་གབ་སྦས་དོན་འབྱིན་པ། །སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །འདི་ནི་གསང་ཆེན་ངེས་པ་ཡིས། །འབྲས་བུ་ལམ་དུ་གྱུར་པ་ཡིན། །རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ། །འདི་ལས་གསང་བའི་ངེས་དོན་མེད། །སྣོད་ལྡན་ངང་ཚུལ་བཟང་ལ་བསྟན། །ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན། །གཞན་དུ་ནམ་ཡང་སྦྱིན་མི་བྱ། །རྨོངས་ལ་འཆལ་བས་གལ་ཏེ་བྱིན། །དུས་མིན་སར་ནི་སྲོག་ཟད་ནས། །སྲོག་དང་སྦྲེབས་ལ་ཡུན་རིང་གནས། །ལྷ་བསྒྲུབ་དཀྱིལ་འཁོར་བཞི་ཡིན་ཏེ། །ཇི་བཞིན་ཉིད་དང་ཕྱག་རྒྱ་དང་། །བྱང་ཆུབ་སེམས་དང་བསོད་ནམས་ཚོགས། །ཇི་བཞིན་ཉིད་དེ་མ་བཅོས་ན། །དངོས་པོ་བཞི་ལ་གནས་བཅས་ཀྱང་། །ནམ་མཁའ་ལ་ནི་སྤྲིན་བཞིན་ཏེ། །དེ་ནི་རྣལ་འབྱོར་དམ་པའི་ལམ། །སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ། །གསང་སྔགས་ངོ་བོ་དེ་ཉིད་ཡིན། །རྡོ་རྗེ་སེམས་པའི་རང་བཞིན་ཏེ། །ཡོན་ཏན་མཚན་གྲངས་དུ་མའི་དོན། །དོན་དེ་གསང་སྔགས་ཉིད་ཀྱིས་བཀྲོལ། །ལེའུ་གསུམ་པ་ཉིད་དུ་ཤེས། ཉམས་དགའ་ཕུན་སུ་ཚོགས་པ་ཡིས། །གནས་མཆོག་དམ་པ་ཡིད་འོང་བར། །ཚུལ་དང་མཐུན་པའི་རྫས་ཀུན་བསོག །མཎྜལ་ལ་སོགས་མཛེས་བྱས་ལ། །ཁྲུས་བྱ་མཆོད་པའི་རྫས་ཀུན་བསོག །ངང་ལས་ལྷ་བསྒོམས་སྙིང་གར་ཧཱུྃ། །བགེགས་བསྐྲད་ཕྱོགས་བསྲུང་ར་བ་གུར། །ལ་དྲུང་འོད་ཟེར་དབང་པོ་དགུག །ཕྱག་འཚལ་མཆོད་པ་འདི་ཡང་དབུལ། །ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་ཧེ་རུ་ཀ་བཛྲ་ཀྲོ་དྷ་ར་ཛ་མ་ཧཱ་ཛྙཱ་ན་མཎྜ་ལ་ཧཱུྃ། ཡོན་ཆབ་བདུག་སྤོས་མར་མེ་དྲི། །མེ་ཏོག་གཏོར་མ་བདུད་རྩི་ཁྲག །དངོས་སམ་ཡིད་སྤྲུལ་སྔགས་ཀྱིས་དབུལ། །སྡིག་པ་བཤགས་པ་འདི་ཡང་བརྗོད། །བདག་འདྲ་ལོག་པའི་སྟོབས་བདག་གིས། །ཐོག་མཐའ་མེད་པའི་དུས་མཐའ་ནས། །སྲིད་པའི་འཁོར་ལོར་གཏན་འཁྱམས་ནས། །སྐྱེ་བ་མང་པོར་ལུས་བླངས་པ། །སུས་ཀྱང་མ་བྱས་རང་གི་ལས། །དེ་ཙམ་ཆ་གཅིག་དོན་སྤྱད་ན། །ད་ཙམ་དོན་གྱི་སངས་རྒྱས་ཟིན། །རང་ལུས་གཏོང་བ་མ་ཕོད་ཅིང་། །ཆགས་པའི་མཐའ་ལ་མངོན་ཞེན་པས། །ཟུག་རྔུ་ནད་ཀྱིས་ཟིན་པ་ཡིན། །སྲིད་པའི་བཙོན་རར་ཆུད་པ་འདི། །མཁའ་ལ་མདུད་པ་རྒྱབ་པས་ཉེས། །འཁོར་བའི་རླུང་སྒོར་ཁྱེར་བ་འདི། །ལས་ཀྱི་རླུང་གི་ཉེས་པར་ངེས། །དུས་གསུམ་རྒྱལ་པ་མ་ལུས་ལ། །འདི་དག་མི་འཆབ་མཐོལ་ལོ་བཤགས། །རྡོ་རྗེ་སེམས་དཔའ་ཡིད་ཚིམ་ཡིད་སྐྱབས་སྟོབས། །རྡོ་རྗེ་སེམས་དཔའ་ཉེ་ཞིང་བརྟན་པར་མཛོད། །བདེ་བར་གྱུར་ཅིག་ཀུན་ཏུ་བདེ་གྱུར་ཅིག །ཤིན་ཏུ་བདག་ལ་ཐུགས་རྗེ་ཆགས་པར་མཛོད། །བདག་ཉིད་ཤིན་ཏུ་བདེ་བར་འགྱུར་མཛད་ཅིང་། །དངོས་གྲུབ་ཐམས་ཅད་བདག་ལ་མྱུར་དུ་སྩོལ། །འཕྲིན་ལས་ཐམས་ཅད་བདག་ལ་དག་པར་མཛོད། །སེམས་དཔའ་དཔལ་དུ་མཛོད་ཅིག་ཐུགས་རྗེས་བདེ། །བཅོམ་ལྡན་དེ་བཞིན་གཤེགས་པ་ཐམས་ཅད་ཀུན། །རྡོ་རྗེ་སེམས་དཔའི་དཀྱིལ་དུ་བདག་དྲིལ་ཅིག །རྡོ་རྗེ་འབྱུང་བ་ཆེན་པོའི་དམ་ཚིག་གི། ། སེམས་དཔའ་སྐྱེ་མེད་ཀློང་དུ་དག་པར་མཛོད། །དེ་འམ་ཡང་ན་སྡིག་བཤགས་བྱ། །ༀ་ཏ་ཀེ་མ་ཏ་ཀེ་མ་ཕཊ། ཀྲོ་ཏ་ཀྲོ་ཏ་རམ། ཧ་ལ་ཧ་ལ་ཡཾ། ཏིག་སྣ་ཏིག་སྣ་ཁཾ། དང་པོ་སྟོང་ཉིད་དག་པར་བསམ། །དང་པོ་འོད་དུ་ཞུ་ནས་བདག་ལ་ཐིམ། །རང་སྣང་གནས་དང་ལྷར་གསལ་མཆོད་པ་དབུལ། །ༀ་བཛྲ་ཨ་མྲྀ་ཏ་སརྦ་མནྡ་ལ་ཧཱུྃ་ཧྲཱིཿཋཱཿ ༀ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བྷ་ལིངྟ་ཧཱུྃ། ༀ་མ་ཧཱ་རཀྟ་ར་ག་ཤུ་ནེ་ཏ་མ་ཧཱ་སུརྻ་མཎྜ་ལ་ཧཱུྃ། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །སྟོང་ཉིད་རབ་ཏུ་གསལ་བ་ལས། །སྙིང་རྗེའི་ཡུལ་དུ་བསྒོམ་བྱ་ཞིང་། །དབྱེར་མེད་ཡེ་ཤེས་རང་གསལ་བའི། །ཡི་གེ་ཧཱུྃ་དུ་བསྒོམ་པར་བྱ། །ཧཱུྃ་ཨེ་ཡྃ་རྃ་ཀིཾ་རྃ། གོ་འབྱེད་ཡེ་ཤེས་བསྡུད་པའི་རླུང་། །དུར་ཁྲོད་ཆེན་པོ་རབ་འཇིགས་པའི། །ཁྲག་གི་རྒྱ་མཚོ་འཁྲུག་པའི་དཀྱིལ། །ཀེཾ་རུས་ཆེན་པོའི་རི་རབ་ཀྱི། །སྟེང་གི་འབར་བའི་ཀློང་དཀྱིལ་ན། །བྷཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུྃ། མ་ཧཱ་རུ་ཏྲ་ནན། །དེ་བ་ཏིཥྛ་ནན། །དུད་ཏི་ཙཀྲ་ༀ། མ་ཧཱ་སུརྻ་མཎྜ་ལ་ཏི་ར་བྃ། འབར་བའི་འཁོར་ལོ་རྩིབས་བཞི་ལ། །གྲུ་ཆད་བཞི་ཡི་རྣམ་པར་བརྒྱན། །གྲུ་བཞི་སྒོ་ཁྱུད་བཞི་དང་ལྡན། །འབར་བའི་བར་ཁྱམས་གཉིས་ཀྱིས་མཛེས། །ཐོད་སྦྲུལ་སྣ་ཚོགས་ཉི་མས་བརྗིད། །འབར་བའི་ཁྲོ་བོ་མང་པོ་འཁྲུག །ཁྱུ་མཆོག་མ་ཧེ་གཟིག་དང་སྟག །གཏུམ་པོ་དམ་གྱི་སྤར་བས་ནི། །དབང་ཕྱུག་ལྷ་ཆེན་ལ་སོགས་བཟུང་། །ༀ་བཛྲ་གནྡྷ། ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། རཏྣ་ཤྭ་ར ི་ཥྚོཾ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ༀ་བུདྡྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། བུདྡྷ་མ་ཧཱ་ཀྲོ་ཏི་ཤྭ་རི་ཥྚོཾ། ༀ་རཏྣ་མ་ཧཱ་ཤྲཱི་རི་ཧེ་རུ་ཀ་ཧཱུྃ་ཕཊཿ རཏྣ་མ་ཧཱ་ཀྲོ་ཏི་ཤྭ་རི་ཥྚོཾ། ༀ་པདྨ་ཤྲི་ཧེ་རུ་ཀ་ཧཱུྃ་ཕཊ། པདྨ་མ་ཧཱ་ཀྲོ་ཏི་ཤྭ་རི་ཥྚོཾ། ༀ་ཀརྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། ཀརྨ་མ་ཧཱ་ཀྲོ་ཏི་ཤྭོ་རི་ཥྚོཾ། ཧ་ཧེ་ཕཊ། ༀ་བཛྲ་ཀེའུ་རི་ཧ། ༀ་བཛྲ་ཙོའུ་རི་ཧ། བཛྲ་པྲ་མོ་ཧ། བཛྲ་པེ་ཏ་ལི། བཛྲ་པུ་ཀ་སི་ཧ། བཛྲ་ཀསྨ་རི་ཧ། བཛྲ་སྨ་ཤ་ནི་ཧ། བཛྲ་ཙན་ཊ་ལི་ཧ། བཛྲ་སིདྷ་མུ་ཀ་ཧེ། བཛྲ་བྱ་ཏྲི་མུ་ཁ་ཧེ། བཛྲ་སྲི་ལ་མུ་ཀ་ཧེ། བཛྲ་ཤྭ་ན་མུ་ཀ་ཧེ། བཛྲ་ཀྲི་ཏ་མུ་ཁ་ཧེ། བཛྲ་ཀཾ་ཀ་མུ་ཁ་ཧེ། བཛྲ་ཁ་ཁ་མུ་ཁ་ཧེ། བཛྲ་ཧུ་ལུ་ཀ་མུ་ཀ་ཧེ། ཕཊ་བཛྲ་ཨ རྻ་ཏེ་ཛ་ཏེ་ང་ཛ། བཛྲ་ཨ་མུ་ཀ་ཧཱུྃ། བཛྲ་ལོ་ཀ་བཾ། བཛྲ་ས་མི་ས་ལ་ཡ་བ་ཏོ་ཧོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ། ༀ་མ་ཧཱ་ཤུ་ཛྙ་ན་བཛྲ་ཨ་ར་རི་ཤ །ས་མནྟ་པྲ་ཏ་བེ་ཤ །ཏྲི་ཏ་ཨ་ནུ་ཏ་ན་ཛྙཱ་ན་བཛྲ་སྭ་བྷ་ཨཏྨ་ཀོ྅ཧཾ། རང་བྱུང་ཡེ་ཤེས་དཀྱིལ་འཁོར་ནི། །རང་གི་སྙིང་གི་འོད་ཟེར་དང་། །དབྱངས་དང་ལྡན་པའི་ལྷ་མོ་ཡིས། །ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ནས། །དཀྱིལ་འཁོར་ཐམས་ཅད་སྤྱན་དྲངས་སོ། །རང་སྣང་དབྱེ་བ་མེད་པར་བསྒོམ། །འཇུག་པ་འདི་ལ་མཉམ་སྦྱོར་བས། །ཕྱོགས་དུས་ཀུན་ནས་གཤེགས་པ་ཡི། །བསྙེན་པའི་ད་ལ་རབ་ཏུ་རྫོགས། །ཉེ་བར་གྱུར་པའི་དམ་ཚིག་མཆོག །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཨེ་ཧ་ཧེ་ཨ་ན་ཡ་ཧོཿ ཛཿ་ཧཱུྃ་བཾ་ཧོ་རྃ། དམིགས་མེད་མཁའ་ལྟར་ཁྱབ་པའི་སྐུ། །སྤྱན་དྲངས་གཤེགས་སུ་གསོལ་བར་མི་དམིགས་པའི། །ཐུགས་རྗེའི་ངང་ཉིད་ཆོས་སྐུ་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། །བཛྲ་ཀྲོ་ཏ་ས་མ་ཡ་ཧཱུྃ། །ༀ། ཁྲོ་ལ་ཁྲོས་པ་ཞི་མཛད་པ། །ཐུགས་རྗེའི་ཁྲོ་དཔལ་རྔམ་པའི་ཚོགས། །འབར་བའི་བྱིན་རླབས་རྨད་པོ་ཆེ། །དེ་ཉིད་དུ་ནི་བདག་ལ་གསོལ། །ༀ་བཛྲ་ཀྲོ་ཏ་ས་མ་ཡ་ཕཊ། །ༀ་བཛྲ་ཀྲོ་ཏ་ས་མ་ཡ་ཥྚོཾ། །ༀ་བཛྲ་ཀྲོ་ཏ་ས་མ་ཡ་ཧོ། བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུད་ཅིང་། །བྱམས་དང་སྙིང་རྗེ་དགྲར་འཛིན་མི་མངའ་ཡང་། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི། །དཔལ་ཆེན་ཡབ་ཡུམ་སྐུ་ལ་ཕྱག་འཚལ་ལོ། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །མ་སྲིང་བྱམས་མའི་ཚུལ་གྱིས་གྲོགས་མཛད་མ། །གནས་ཡུལ་ཁྲོ་མོའི་སྐུ་ལ་ཕྱག་འཚལ་ལོ། །འཇིག་རྟེན་འཁོར་ལོས་བསྒྱུར་བའི་དབང་ཕྱུག་མ། །ཅི་བགྱི་བཀའ་ཉན་ཡང་སྤྲུལ་བསམ་མི་ཁྱབ། །བདུད་འདུལ་ཡེ་ཤེས་ཕོ་ཉ་མང་པོའི་ཚོགས། །འཁོར་བཅས་རབ་འབར་ཀུན་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ པྲ་ཏི་པྲ་ཧོ་བན་དྷ་ན་རོ་ཡ་མི། །ཤྲི་བན་ཡོ་ཀི་ནི་ཏི་ཏི་ཀ་ནི་ཧོཿ སྐུ་གསུང་ཐུགས་སུ་བདག་སྦྱོར་བ། །ཕོ་བྲང་དཀྱིལ་འཁོར་རང་ལས་སྤྲུལ། །ང་ནི་བདུད་ཀྱི་བདུད་སྟག་སྟེ། །ཐམས་ཅད་མ་ལུས་དབང་དུ་བསྡུ། །ༀ་ཤྲཱི་ཧེ་རུ་ཀ་སརྦ་དུ ཥྚཾ་མ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། སྙིང་གར་མི་སྤྱོད་རྡོ་རྗེ་མཚན། །ཧཱུྃ་ལས་ལྷ་མོ་བརྒྱད་སྤྲོས་ཏེ། །དབྱངས་དང་ལྡན་པས་མཆོད་པར་བྱ། །ཧཱུྃ། རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རྩ་བ་འབུམ་ཕྲག་ཡངས་པའི་བཅུད། །སངས་རྒྱས་སྟོང་ལེན་གདམ་ངག་སྦྱིན་པ་ཆེན་པོ་འདི་སྦྱིན་བསྐུལ་ལོ་བསྟོད་དོ་མཆོད་དོ། །རྩ་སྔག་ཀུན་གྱིས་རིམ་པར་དབུལ། །ཡིག་འབྲུ་གསུམ་གྱིས་དངོས་གྲུབ་བླང་། །བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་གསང་བའི་མཆོད་པ་བཞེས་སུ་གསོལ། །ༀ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་དང་སྟྭཾ། གོའུ་ན་རོའུ་ཏྲི་བཛྲ་ཁ་རཾ་ཡོ་གི་ནི། ཁ་རཾ་ཏ་ཀི་ནི། པྲ་ཏི་ཛ་བ་ལིཾ་ཏ་ཁཱ་ཧི། མཉམ་པའི་གྲུབ་རྫས་ཆེན་པོ་བདག །བདག་དང་མཉམ་པའི་ཚོགས་ལ་དབུལ། །དགེས་མཉམ་མཆོག་གི་སྦྱིན་པ་དབྱིངས་ཀྱི་ངང་དུ་ཐིམ། །ཟག་མེད་བདུད་རྩིའི་མཆོད་པ་བཞེས། །མ་ཧ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། །ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོ་གནས་བརྒྱད་ནས། །ཁྲག་འཐུང་འཁོར་བཅས་སྤྱན་འདྲེན་ཏེ། །དུར་ཁྲོད་མཆོག་གི་གནས་འདི་རུ། །ཞིང་ཆེན་གསར་རྙིང་སྟི་རར་བཅས། །དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ། །མཁའ་འགྲོ་འབར་བའི་ཚོགས་བཅས་ཀྱིས། །མ་ལུས་བཞེས་ནས་བསྣམས་སུ་གསོལ། །མ་ཧཱ་རཀྟ་ཁཱ་རཾ་ཁཱ་ཧི། དེ་ནས་འཁྲིལ་ཅིང་སྙོམས་འཇུག་པས། །དགྱེས་སྙམས་མཆོག་གི་མཆོད་པས་སྟིམ། །ས་མ་ཡ་ཧོ། ས་མ་ཡ་སྟྭཾ། བྷོ་དྷི་ཙིཏྟ་སྥ་ར་ཎ་ཕཊ། མི་དམིགས་ཐུགས་ཀྱི་མཆོད་པ་འདི། །ཐམས་ཅད་ཡེ་ཤེས་རང་སྣང་བ། །རྡོ་རྗེ་སེམས་དཔའ་ཉིད་ཀྱི་ངང་། །མ་མོ་རྣམས་ཀྱི་བསྟོད་ཚིག་དབུལ། །དབང་གི་འདུར་གླུ་འདི་ཡང་བརྗོད། །ཧྲཱིཿ མྱོས་བྱེད་སྟོང་བས་ལྷག་པར་བདེ་བར་འདོད་པའི་གཟུགས་སྟོན་པ། །གདུལ་བྱའི་དབང་གིས་གཤིན་རྗེ་སྟོང་བས་ལྷག་པར་རབ་ཏུ་འཇིགས། །ཞི་བའི་སྐུར་ཡང་ཚངས་པ་སྟོང་བས་ལྷག་པར་རབ་ཏུ་སྟོན། །ཐམས་ཅད་དག་པར་མོས་པས་དཀྱིལ་འཁོར་གསུམ་དུ་སྣང་བར་མཛོད། །ཧྲཱིཿ རྣམ་པར་འདུལ་བའི་དོན་མཐོང་ཐབས་ཀྱིས་རྣམ་པར་ནོན། །ཧ་ཧོ། ཧ་ཧ། ཧེ་ཧེ། དགོད་པའི་གད་མོ་ཁེང ། དབང་ཕྱུག་ཐམས་ཅད་ཤིག་རབ་ཏུ་ཤིག །རབ་ཀྱི་རྩལ་གྱིས་སྟོབས་ཀྱིས་ངོ་མཐོན་དབང་ཕྱུག་ནོན། །ཧྲཱིཿ རྩལ་ཆེན་རུ་ལུའི་མིག་གསུམ་ས་ལ་གསུམ་གྲུས་དྲོངས། །ཧྲཱིཿ རབ་ཀྱི་རྩལ་གྱིས་ནོན་པའི་སྟོབས་ཀྱིས་ངོ་མཐོན་མཐུ་ཆེན་ནོན། །རུ་ཏྲ་མ་ཏྲ་སྙིང་ལ་དཔལ་མོས་དྲོངས་ཤིག་རབ་དྲོངས་ཤིག །རབ་ཀྱི་རྩལ་གྱིས་ནོན་པའི་སྟོབས་ཀྱིས་ངོ་མཚར་ཚངས་པ་ནོན། །སྦྱོར་ཆེན་ཚངས་པ་སྒྲོལ་མ་དྲོངས་ཤིག་སྨ་ར་ཏ། །ཧྲཱིཿ རབ་ཀྱི་རྩལ་གྱི་ནོན་པའི་སྟོབས་ཀྱིས་ངོ་མཐོང་དགའ་དབང་ནོན། སྦྱོར་ཆེན་ཀུན་གྱིས་བདག་ལ་དགའ་དྲོངས་ཨ་ལ་ལ། །ཧྲཱིཿ རབ་ཀྱི་རྩལ་གྱིས་ནོན་པའི་སྟོབས་ཀྱི་ངོ་མཐོན་རུ་ཏྲ་ནོན། སྦྱོར་ཆེན་ཀྲོ་ཏི་ཤྭ་རི་དྲོངས་ཤིག་རབ་དྲོངས་ཤིག །སྙིང་རྗེ་གང་ལ་བྱའམ་མི་བྱ་བ། །ཡོངས་སུ་རྟོག་པ་དེ་དག་མེད་ཀྱང་སླ། །དེ་འདྲའི་སྙིང་རྗེ་སྒྱུ་མ་ཡིན་པས་ན། །དེ་ལ་རྗེ་ཞེས་སུ་ཞིག་ཟེར། །གདུལ་བྱ་གང་ལ་བྱའམ་མི་བྱ་བ། །ཡོངས་སུ་རྟོག་པ་དེ་དག་མེད་ཀྱང་སླ། །དེ་འདྲའི་རྟུལ་བ་སྒྱུ་མ་ཡིན་པས་ན། །དེ་ལ་རྟུལ་ཞེས་སུ་ཞིག་ཟེར། །ཀོ་ཏ་བ། ཀོ་ཏ་ན། ཀོ་ཏ་རི། ཀོ་ལ་ཀ་ལ་ཥྚ་ཁྲ། རྟོག་པའི་རྒྱུད་ཀྱི་གདུལ་བྱ་མ་ལུས་རྣམས ། །ཡེ་ཤེས་མ་འདྲེས་ཡོངས་སུ་རྫོགས་པར་བསྟོད། །ༀ་བཛྲ་ཨེ་པ་ཧཱུྃ། ༀ་བཛྲ་སེ་པ་ཧཱུྃ། ས་མ་ཡ་བག་ཤ་ཧཱུྃ། རུ་ལུ་རུ་ལུ་ཕཊ་བྷྱོ། འབར་བའི་ད་ལ་གསན་ཅིང་དགོངས་སུ་གསོལ། །ཕྱི་ནང་གསང་བའི་མཆོད་པས་དགྱེས་པར་མཛོད། །དམ་ཚིག་ཉམས་ཆགས་འགལ་འཁྲུལ་བཤགས་པར་བགྱི། །ཐུན་མོངས་མཆོག་གི་དངོས་གྲུབ་དུས་འདིར་སྩོལ། །འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་མཛོད། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། རང་གི་ཕྱག་རྒྱའི་ང་རྒྱལ་ལ། །སྔོན་བྱུང་བ་ཡི་ཁྲོ་བོའམ། །སྤྱན་རས་གཟིགས་སམ་དྲག་པོའི་གཤེད། །སྲིན་པོ་དབུ་དགུ་བཅོ་བརྒྱད་ཕྱག །ཐུགས་ཀར་དྲག་པོའི་འཁོར་ལོ་བསམ། །རུ་ལུ་རྩ་བའི་སྔགས་ལ་འབུམ་མམ་བྱེ་བ་རྫོགས་པར་བྱ། རུ་ལུ་ཕྱི་ལྟར་བཟླས་པ་ནི། །ཐུགས་ཀའི་ཧཱུྃ་གི་འོད་ཟེར་ལས། །སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། །བཅུད་ཀྱི་འབར་པ་ལྔ་བཅུ་བརྒྱད། །ཀུན་ཀྱང་སྔགས་ཀྱི་སྒྲ་སྒྲོགས་ཤིང་། །ཕར་འཕྲོས་པས་ནི་ཐུགས་དམ་བསྐུལ། །ཚུར་འདུས་པས་ནི་དངོས་གྲུབ་ཐོབ། །ༀ་ནི་ཡེ་ཤེས་ལྔའི་ངང་། །རུ་ལུ་གོང་མ་ཁྲོ་མོ་བརྒྱད། །འོག་མ་ཟ་བྱེད་ཕྲ་མེན་བརྒྱད། །ཧཱུྃ་ནི་ཁྲག་འཐུང་ཡབ་ཡུམ་བཅུ། །ཕཊ་ནི་ཡེ་ཤེས་སྒོ་མ་བཞི། །བྷྱོ་ནི་དབང་ཕྱུག་ཉི་ཤུ་བརྒྱད། །རུ་ལུ་ཧཱུྃ་གིས་མཆོད་པར་བཞེས། །དམ་ཚིག་ད་ལ་བྱིན་གྱིས་རླབས། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །བར་ཆད་དགྲ་བགེགས་ཐུགས་རྗེས་སྒྲོལ། །རུ་ལུ་བཟླས་ལུགས་རྣམ་དག་ནི། །ཙིཏྟ་ཡེ་ཤེས་གཞལ་ཡས་ཁང་། །རིག་པ་ཡེ་ཤེས་སེམས་དཔའ་ལ། །དོན་གྱི་ལྷ་མོ་ལྔ་ཡིས་བསྐོར། །ཉིད་ཀྱི་ཧཱུྃ་ལས་འབྲུ་བརྒྱད་མཐིང་། །འཕར་འཕྲོས་ཚུར་འདུས་གོང་བཞིན་ནོ། །ཡང་ན་ལྗགས་ཀྱི་པདྨོ་ལ། །གསུང་གི་རྡོ་རྗེ་ཟླ་ཚེས་བསྒོམ། །ༀ་ལས་འབྲུ་བརྒྱད་རུ་ལུའི་འོད། །འཕྲོས་འདུས་ངག་གི་སྒྲིབ་པ་སྦྱངས། །གསུང་ཐོས་དངོས་གྲུབ་ཐོབ་པར་བསམ། །ཡང་ན་བདེ་ཆེན་འཁོར་ལོ་ལས། །སྐུ་ཡི་རྡོ་རྗེ་ཟླ་བ་བསྒོམ། །ༀ་ལས་འབྲུ་བརྒྱད་དཀར་པོའི་འཕྲོ་འདུ་ཡིས། །ལུས་ཀྱི་སྒྲིབ་སྦྱངས་བརྟན་པར་བསྡུ། །སྣང་བ་ཐམས་ཅད་ལྷ་ཡི་སྐུ། །གྲགས་པ་ཐམས་ཅད་སྔགས་ཀྱི་སྒྲ། །དྲན་རྟོགས་ཐམས་ཅད་ཡེ་ཤེས་ལྔ། །དཀར་པོ་འཕྲོས་པས་བདེ་བ་ཆེ། །དམར་པོ་འཕྲོས་པས་ཀུན་ལ་ཁྱབ། །དཀར་དམར་མཚམས་ན་ཧེ་རུ་ཀ །མཐིང་ནག་ཁྲོ་ཚོགས་བསམ་ཡས་ཀྱིས། །ནམ་མཁའ་བར་སྣང་ས་གཞི་གང་། །ཀུན་ཀྱང་རུ་ལུའི་སྒྲ་སྒྲོགས་ཤིང་། །མ་མོ་མཁའ་འགྲོ་ལས་ལ་འགྱེད། །མཐིང་གར་བསྡུས་ལ་དངོས་གྲུབ་མཆོག །རུ་ལུ་ནང་གི་བཟླས་ཐབས་ནི། །རང་ལུས་འོད་ཀྱི་གཞལ་ཡས་ཁང་། །ཕུང་པོ་ལྔ་ནི་ཁྲག་འཐུང་ལྔ། །འབྱུང་བ་ལྔ་ནི་ཡུམ་གྱི་སྐུ། །རྣམ་ཤེས་ཚོགས་བརྒྱད་ཁྲོ་མོ་བརྒྱད། །ཡུལ་དང་དབྱེར་མེད་ཕྲ་མེན་མའོ། །ལྟ་བའི་བྱེ་བྲག་སྒོ་མའོ། །ད་བ་ཉེས་པའི་ཉོན་མོངས་དང་། །རྟོག་དཔྱོད་དབང་མོའི་རང་བཞིན་ཡིན། །རི་རབ་ཏིལ་འབྲུའི་ཚུལ་བཞིན་དུ། །ཁྲག་འཐུང་དཀྱིལ་འཁོར་རང་ལ་རྫོགས། །རུ་ལུ་གསང་བས་བཟླས་པ་ནི། །རྡོ་རྗེ་པདྨའི་འཕྲོ་འདུ་ཡིས། །བྱང་ཆུབ་སེམས་ཀྱི་བཟླས་པ་སྟེ། །དཀྱིལ་འཁོར་འོག་མའི་སྐབས་བཞིན་ནོ། །ཡང་ན་དབུགས་དང་འགྲོགས་ལ་བསྒོམ། །ཧཱུྃ་གིས་ཕུལ་ནས་ཕྱིར་ཕྱུང་ནས། །ༀ་གྱི་དྲངས་ནས་ནང་དུ་འཇུག །ཨ་ལ་སེམས་གཏད་གནས་པ་གསུམ། །ཞག་གཅིག་ལ་ནི་དབུགས་ཀྱི་རྒྱུན། ཉི་ཁྲི་ཆིག་སྟོང་རྒྱུ་བའི་ཚེ། །སྔགས་ནི་ཉི་ཁྲི་ཆིག་སྟོང་འགྱུར། །ཧཱུྃ། དཔལ་ཆེན་ཁྲག་འཐུང་ཐུགས་ཀྱི་དཔལ་བེའུ་ནས། །ཡེ་ཤེས་སྐུ་མཆོག་མཚོན་གང་རིན་པོ་ཆེ། །ཟུར་བརྒྱད་སྟེང་ན་ཡི་གེ་འབྲུ་བརྒྱད་སྤྲོ། །བདེ་ཆེན་བྱང་ཆུབ་སེམས་ཀྱི་འཕྲོ་འདུ་འདི། །རྡོ་རྗེའི་བཟླས་པ་བསྒྲུབ་ཆེན་ཉིད་དང་འབྲེལ། །རི་རབ་རིའི་རྩེ་མོ་རུ། །དཔལ་ཆེན་ཁྲག་འཐུང་རྒྱལ་བ་ཡིས། །ལྷ་སྲིན་དབང་བསྡུད་དམ་ལ་བཏགས། །གསང་སྔགས་རུ་ལུ་འབྲུ་བརྒྱད་ནི། །ལྷ་སྲིན་སྡེ་བརྒྱད་སྲོག་སྔགས་ཡིན། །རྔམ་ཞིང་དྲག་པོའི་ང་རོས་བཟླས། །སྡེ་བརྒྱད་དབང་བསྡུ་དམ་ལ་འདོགས། །བདག་ཉིད་ཆས་སུ་བཞུགས་ནས་ཀྱང་། །ཁྲོ་ཆེན་རྔམ་པའི་ང་རྒྱལ་གྱིས། །སྡེ་བརྒྱད་དྲག་པོའི་སྔགས་འདི་བཟླས། །ༀ་རུ་ལུ་རུ་ལུ་བྷྱོ་ཧཱུྃ་བྷྱོ་ཕཊ་བྷྱོ། སརྦ་ཤ་ཏྲུཾ་མ་ར་ཡ་རྦད། །ཡེ་ཤེས་ལྷ་བསྒྲུབ་གདམ་པ་འདི། །གལ་པོ་ཆེ་ཡི་དགོངས་པ་ཡིན། །ཐུན་མཚམས་མཉམ་པར་བཞག་པ་དང་། །རང་གི་ཡིད་བཞིན་རིན་པོ་ཆེ། །ཡོད་པར་མ་ཤེས་གཏོར་བར་དྲན། །ཚོར་བར་འདོད་ན་ཇི་ལྟར་བསམ། །སྔོན་ཚེ་ང་ཡི་གཤེན་རྗེ་མཆོག །བྱམས་མགོན་དམ་པ་ཞིག་གིས་བསྟན། །ཨེ་མའོ་ཁྱོད་ཀྱིས་མི་ཤེས་སམ། །སྒྲོན་མེས་མུན་ཁུང་གསེར་འཚོལ་ལྟར། །གསང་བའི་སྙིང་པོ་མཛོད་བཏོལ་ཏེ། །ངེས་དོན་ཁྱོད་ལ་བསྟོན་པར་བྱ། །ཐིག་ལེ་གཅིག་གིས་ཀུན་ལ་ཁྱབ། །ཐམས་ཅད་ལུང་ཆེན་ངེས་པར་བསྟན། །འཇིག་རྟེན་བརྟན་གཡོ་ལ་སོགས་པ། །ཁྲག་འཐུང་ལྔ་བཅུ་བརྒྱད་དུ་གསལ། །མི་ཟད་རྒྱན་གྱི་འཁོར་ལོར་རྫོགས། །རང་བྱུང་རང་སྣང་ཡེ་ཤེས་གསལ། །མྱ་ངན་འདས་དང་འཁོར་བའི་ཆོས། །རྩོལ་མེད་མ་བཅོས་རྣམ་པར་དག །ཐིག་ལེ་དྭངས་མའི་གདམས་པ་ནི། །སྙིང་གི་པདྨ་དམར་པོ་ལ། །ཐིག་ལེ་ཉུངས་དཀར་ཚད་ཙམ་བསྒོམ། །དེ་ལས་འོད་ཟེར་རྡུལ་རྙེད་སྤྲོ། །མུན་སེལ་དངོས་པོ་ཀུན་སྦྱངས་པས། །ཐམས་ཅད་མ་བཅོས་སྐུ་རུ་གསལ། །སླར་འདུས་ཐིག་ལེའི་ངང་དུ་ཐིམ། །བརྟན་ནས་འོད་དུ་ཞུ་བའམ། །མ་བཅོས་གཉུག་མའི་ངང་དུ་གསལ། །རྫོགས་པ་རླུང་ལ་སེམས་སྦྱང་བ། །རྡོ་རྗེ་སེམས་དཔའ་ཙིཏྟའི་ནང་། །བདེ་བའི་པདྨ་འདབ་བཞི་ལ། །དབུས་ན་རྡོ་རྗེ་སེམས་དཔའ་ནི། །ཐིག་ལེ་འོད་ཟེར་ལྔ་དང་ལྡན། །དེ་སྟེང་བདེ་ཆེན་ས་རླུང་ནི། །རྣམ་པར་དག་པ་ཟླ་བའི་སྟེང་། །ལོངས་སྤྱོད་འཁོར་ལོ་པདྨའི་ནང་། །ཉི་མའི་སྟེང་དུ་ཆུ་རླུང་གཉིས། །རྡོ་རྗེ་རིན་ཆེན་རིན་ཆེན་ཡིན། །སྙིང་གའི་འོད་ཀྱི་གཡོ་རླུང་དང་། །སྤྲུལ་པ་ཉི་མའི་མེ་རླུང་གཉིས། །པདྨ་རིགས་དང་ལས་རིགས་སོགས། །ཡཾ་ལྡན་དབུས་ཀྱི་ཐིག་ལེ་ལ། །ཡཾ་ལ་ཡཾ་དུ་འདྲིས་སམ་ན། །རིག་པ་སེམས་ཀྱི་རླུང་ཟིན་པས། །ཡར་འགྲོ་མར་འབེབས་རྩ ལ་བ་འགོག །ཡང་ན་འཁོར་ལོ་རྣམ་པ་ལྔ། །བདེ་ཆེན་སུམ་ཅུ་རྩ་གཉིས་ཧཾ། བརྟན་པའི་ཡི་གེ་ཐིག་ལེ་ལཾ། ལོངས་སྤྱོད་བཅུ་དྲུག་ལྔ་ལྡན་ༀ། །ཆུ་ཡི་ས་བོན་ཡི་གེ་བྃ། །སྙིང་གི་བརྒྱད་དབུས་བཞི་མདུད་ཧཱུྃ། །བརྗོད་བྲལ་ཐིག་ལེ་ཡི་གེ་མུྃ། །སྤྲུལ་པ་དྲུག་ཙུ་རྩ་བཞི་ལ། །དྲོད་ཀྱི་ཆ་འཛིན་ཡི་གེ་མཾ། །སྟེང་རླུང་མནན་ལ་འོག་རླུང་འཐེན། །རྟེན་ལ་ལས་རླུང་ཟིན་གྱུར་ནས། །དེས་ཀྱང་རིག་པ་རང་ས་ཟིན། །ཡི་གེ་ཡོན་ཏན་སྟོབས་ཀྱི་འགྲུབ། །འཆི་ཀའི་གསང་ལམ་སྦྱང་བ་ནི། །ས་ཉིད་ཆུ་ལ་ཐིམ་པ་ཡིན། །ཀུན་མཉམ་ཟག་པ་མེད་པ་ཡིན། །ལམ་གྱི་ཡེ་ཤེས་དང་པོ་སྐྱེ། །ཆུ་ཉིད་མེ་ལ་ཐིམ་པ་ཡིས། །ཟག་མེད་རོ་བརྒྱ་མྱོང་བ་སྡུད། །མེ་ཉིད་རླུང་ལ་ཐིམ་པ་ཡིས། །འགྱུ་བྱེད་རང་བཞིན་གསལ་སྣང་ཉིད། །གློག་གི་རྣམ་པ་ལྟ་བུ་འཐུང་། །རླུང་ཉིད་རྣམ་ཤེས་ནམ་མཁར་ཐིམ། །རང་གསལ་རིག་པ་མར་མེ་འདྲ། །ཕྱི་ནང་མུན་པ་རྣམ་པར་སྦྱངས། །ནམ་མཁའ་ལྟ་བུར་མཐོང་བར་འགྱུར། །ཕྱེ་བས་རིམ་པར་རྟོག་པ་ཆར། །བསྒོམ་པས་སྣང་ཞུགས་ཕྲད་པ་ཡིན། །མི་རྟག་འཕོ་བའི་དུས་བྱུང་ན། རིག་པ་རླུང་ཉིད་དེར་བསྟན་པས། །ཨ་ཡཾ་སྟོབས་ཀྱི་གང་འདོད་འཕོ། །རྣམ་སྨིན་རིགས་ལ་ཐེ་ཚོམ་མེད། །ལམ་གྱི་ཡེ་ཤེས་འཆར་ཚུལ་ནི། །འདུན་པ་སེམས་པའི་རྣལ་འབྱོར་པ། །ཡིད་ལ་བྱེད་པའི་ཏིང་འཛིན་ཐོབ། །སེམས་གསུམ་སྐྱེ་ཞིང་མཐའ་བཅུ་གྲོལ། །རྟེན་པ་བཞི་པ་སར་གནས་པ། །རིགས་ཆེན་འབྱེད་པའི་རྣལ་འབྱོར་པས། །འཕྲོ་འདུ་གསལ་སྟོང་ཏིང་འཛིན་ཐོབ། །སེམས་གསུམ་རྫོགས་ཏེ་མཐའ་བཅུ་ཤེས། །དབུགས་ཆེན་འབྱིན་པའི་རྣལ་འབྱོར་པས། །འཇིགས་པ་ལྔ་བྲལ་ཁྱད་པར་འཕགས། །ཡོངས་སུ་མི་རྟོག་ཏིང་འཛིན་ནི། །སྨོན་ལམ་ལྟ་བུར་ཆོས་ལུང་སྟོན། །འཇིག་རྟེན་ནོར་བུ་རིན་ཆེན་དེ། །གང་བར་སྤྱོད་པའི་ལྟས་མཐོང་འགྱུར། །སྒྱུ་མ་སྤྱོད་བའི་སྐྱེས་བུ་དེ། །འཁོར་དུ་བསྒྱུར་བའི་ཆ་བྱད་དུ། །རིན་ཆེན་བདུན་དང་དཔུང་ཚོགས་ཀྱིས། །དབང་བསྒྱུར་ཐབས་ཀྱི་ཐེག་པ་སྟོན། །ལུང་ཆེན་ཐོབ་པའི་རྣལ་འབྱོར་པས། །སེང་གེ་དག་ལ་ཞོན་ནས་ནི། །ཐམས་ཅད་གནོན་པའི་ལྟས་མཐོང་འགྱུར། །སྒྲ་བརྙན་དྲ་བར་ལུང་སྟོན་འགྱུར། །འབྲས་བུ་ཉིད་ལ་ལམ་ཤེས་པས། །ལམ་གྱི་ཡན་ལག་བདེ་རྫོགས་དང་། །གཞན་དག་སྨིན་པར་བྱ་བའི་ཕྱིར། །ཇི་ལྟར་འདོད་ལྟར་ཐབས་མཆོག་སྦྱོར། །རྩལ་ཆེན་རྫོགས་པའི་རྣལ་འབྱོར་པས། །ཀུན་སྣང་ཏིང་འཛིན་ཉིད་ཐོབ་དེ། །སྣང་བྱེད་ཉི་ཟླ་འཁོར་ལོ་བསྐོར། །ཐམས་ཅད་གསལ་བྱེད་ལྟས་མཐོང་འགྱུར། །གདེང་དུ་གྱུར་པའི་ངོ་བོ་ཡིས། །དེ་ནས་རྒྱལ་ཚབ་སྐྱེས་བུ་དེ། །ཆོས་ཀྱི་རྒྱལ་པོ་གང་དེ་ཡིས། །གདུང་ཐོབ་ཐེག་ཆེན་དགའ་ལྡན་སྟོན། །མི་གནས་བཅུ་དུས་ཆོ་འཕྲུལ་སྣང་། །ས་བཅུ་དག་ལ་གནས་མེད་ཀྱང་། །གསང་སྔགས་དོན་མཆོག་མ་རེད་ན། །རྣམ་པ་ཐམས་ཅད་ཐོབ་མི་འགྱུར། །རྙེད་མ་ཐག་ཏུ་དེ་རྙེད་འགྱུར། །གྲོལ་བར་འདོད་ན་བླ་མ་བསྟེན། །རིག་པ་རང་བྱུང་ཡེ་ཤེས་ཉིད། །བྱང་ཆུབ་སེམས་ཀྱི་དལ་ལ་རྫོགས། །གསང་སྔགས་ལམ་གྱི་རྣལ་འབྱོར་པས། །རྣལ་འབྱོར་ཚོགས་ཀྱི་ལོགས་སྤྱོད་ལ། །བསོད་ནམས་ཚོགས་ཀྱི་ལོངས་སྤྱོད་རྫོགས། །ཞིང་ཁམས་རིན་ཆེན་ཡོད་པ་རུ། །སྟོན་པ་ཀུན་ཏུ་བཟང་པོ་ཡིས། །སྲས་མཆོག་འཇམ་དཔལ་ཆེན་པོ་ལ། །བཤད་པ་བཞིན་དུ་རྟོགས་གྱུར་ན། །གང་ལ་སྤྱོད་ཀྱང་ལམ་གྱི་གྲོགས། །དཔེར་ན་མེ་ལ་ཤིང་བསྣན་བཞིན། །མི་འགྱུར་ཆོས་ཉིད་རོལ་པ་ཡིས། །མཛད་སྤྱོད་གདེང་དང་ལྡན་གྱུར་ན། །རྣམ་གསུམ་ཚུལ་ནི་རོལ་བར་བྱེད། །དེ་ཡང་ཇི་ལྟ་བུ་ཞེ་ན། །འབྱོར་པའི་ཡོ་བྱད་རྣམ་ལྔ་སྟེ། །བཟའ་བཏུང་བྲོ་གར་གོས་བརྒྱན་དང་། །གླུ་ཚིག་ཏན་གན་རྣམ་ལྔའོ། །མཛད་སྤྱོད་གསུམ་གྱིས་ཉམས་སུ་བླངས། །སྐྱེ་ཤི་མེད་པའི་མཛད་སྤྱོད་དང་། །མི་འགྱུར་རོལ་པའི་མཛད་སྤྱོད་དང་། །འཆིང་འགྲོལ་མེད་པའི་མཛད་སྤྱོད་དང་། །མི་འགྱུར་རོལ་པའི་མཛད་སྤྱོད་དང་། །དེ་ལ་བྱེ་བྲག་རྣམ་གསུམ་སྟེ། །གདོས་བཅས་དོན་དང་སྟུན་པ་དང་། །དམ་རྫས་བླང་དོར་མེད་པ་ཡི། །མི་གནས་རོལ་པའི་མཛད་སྤྱོད་དོ། །སྤྱོད་པའི་མཐའ་ནི་གསུམ་ཡིན་ཏེ། །རྣམ་པ་བཞི་ལ་རྣམ་རོལ་ལ། །རང་བཞིན་ཆོས་ཉིད་རོལ་པའོ། །སྤྱོད་པའི་ཡོན་ཏན་རྣམས་པ་ལྔ། །བཟའ་དང་བཏུང་བའི་ལོངས་སྤྱོད་ཀྱིས། །བདེ་ཆེན་སྐུ་དང་བདུད་རྩི་འགྲུབ། །རྒྱན་དང་བགོ་བའི་ལོངས་སྤྱོད་ཀྱིས། །འབར་བའི་རྒྱལ་པོ་མཐུ་སྟོབས་འགྲུབ། །བྲོ་གར་བསྐྱོད་བསྐུལ་ལོངས་སྤྱོད་ཀྱིས། །ས་ལ་འཇུག་དང་སྟོང་ལ་རྒྱུག །གླུ་ཚིག་སྒྲ་ཡི་ལོངས་སྤྱོད་ཀྱིས། །ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །ཏ་ན་ག་ནའི་ལོངས་སྤྱོད་ཀྱིས། །རང་འབྱུང་ཡེ་ཤེས་ཐོབ་པར་འགྱུར། །དེ་བཞིན་འབྱོར་བའི་ལོངས་སྤྱོད་རྣམས། །བགེགས་བསྐྲད་བདུད་རྩི་གསང་བར་བྱ། །སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས། །རང་སྣང་འདོད་ཡོན་དྲུག་ཏུ་སྣང་། །བདེ་གཤེགས་དཀྱིལ་འཁོར་སྤྱན་དྲངས་ལ། །ཏིང་འཛིན་རྫས་ཀྱིས་རིམ་བཞིན་མཆོད། །བརྒྱན་མཛེས་གྲོ་གར་གླུ་དབྱངས་བླང་། །ཚོགས་ལ་རོལ་ལ་ལིང་རོ་བསྟིམ། །བསྒྲལ་ལ་ཤེས་པ་གནས་ཆེན་སྤར། །ཡབ་ཡུམ་མཁའ་ལ་སྲས་སུ་བསྐྱེད། །ཧཱུྃ་དུ་ཤེས་ནས་གཉིས་མེད་རོལ། །དངོས་ཀྱི་བསོད་ནམས་ཚོགས་ཆེན་ལྡན། །ཆོས་ཉིད་ཤེས་ན་ཡེ་ཤེས་ཚོགས། །བར་སྐབ་ལྷག་མས་གནས་བྱ་བས། །དམ་བསྒྲགས་མཆོད་ཅིང་ལས་ལ་འགྱེད། །བསྡུ་བསྲུང་སྤྱོད་ལམ་ཀུན་ཀྱང་རྫོགས་སོ། །དེ་ལྟར་བསྒོམ་ཞིང་བསྒྲུབ་བྱས་ན། །འབྲས་བུ་ལམ་དུ་རིག་འཛིན་ཐོབ། །མཐར་ཐུག་སྐུ་ལྔ་ལྷུན་གྱིས་གྲུབ། །འདི་ལྡེབ་བསོད་ནམས་གང་ཐོབ་པ། །ཕྱི་རིམ་རྣལ་འབྱོར་དོན་དུ་བསྔོ། །དོན་རྟགས་བར་ཆད་མེད་སྒྲུབས་ཏེ། །གོང་མ་ལྟ་བུ་རྫོགས་པར་ཤོག །ཡི་དམ་ལྷ་སྒྲུབ་ཅིང་དཀྱིལ་འཁོར་འདིར་བཞིའི་དོན། སློབ་དཔོན་ཆེན་པོ་རྡོ་རྗེ་ཧཱུྃ་མཛད་ཀྱི་མཛད་པ་རྫོགས་སོ། །སརྦ་མངྒ་ལཾ། དགེའོ། །དགེ འོ། །དགེའོ།། །།