མ་མོའི་སྤྱི་བསྐང་རིན་ཆེན་དཔུང་པ།

མ་མོའི་སྤྱི་བསྐང་རིན་ཆེན་སྤུངས་པ་བཞུགས་སོ། །བསྐང་གསོའི་ཆོ་ག་འདི། མཆོག་ཆེན་བསྒྲལ་བའི་དུས་སམ། མ་མོའི་མཚན་ལྟས་ངན་པའི་དུས་སམ། ལས་མི་དགེ་བ་འབྱུང་བའི་དུས་སམ། རྒྱུ་བསྒྲལ་བའི་དུས་སམ། དམ་རྫས་ཚོད་དམ། དྲག་པོའི་ལས་ལ་སྦྱར་བའི་དུས་སུ། སྔོན་དུ་བསྐང་བཤགས་ཀྱི་ཆོ་ག་འདི་བྱའོ། །འདི་ནི་ལས་ཐམས་ཅད་གང་ལ་གཅེས། རྣལ་འབྱོར་སྒྲུབ་པ་ལ་བརྩོན་པ་རྣམས་ཀྱི་ཤིན་ཏུ་བརྩོན་པར་བྱའོ། །མཁའ་འགྲོ་མ་རྣམས་ཀྱི་བསྐང་བཤགས་ཀྱི་ཆོ་ག་རྫོགས་པ་ཡོད། ཧཱུྃ། དུར་ཁྲོད་ཆེན་པོའི་ཀློང་དཀྱིལ་ནས། །བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ །མཐིང་ནག་འབར་བ་འཇིགས་པའི་ཆ་ལུགས་ཅན། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །སྤྱན་དགུ་ཕྱག་དྲུག་ཞལ་བཞི་བསྒྲད། །སྨ་ར་སྨིན་མ་དབུ་སྐྲ་གྱེན་འབྲར་ཁམས། །གླང་ཆེན་ཞིང་སྟག་ཐོད་སྦྲུལ་བརྒྱན། །ཁྲག་ཞག་ཐལ་བའི་མཚན་མས་བཏབ། །ཐུགས་རྗེས་དབྱིངས་ལས་རོལ་པར་མཛད། །གཙོ་མཆོག་འབར་བའི་ཐུགས་དམ་བསྐང་། །གཙོ་མཆོག་འབར་བའི་ཐུགས་དམ་བསྐང་བ་ནི། །ལྕང་ལོར་བཅས་པའི་པདྨ་བྷན་དྷ་ལ། །ཚེ་འཛིན་མཆོག་གི་མར་མེ་དམ་པས་སྐང་། །པདྨ་ཟིལ་ཏིག་དྲི་དང་རཀྟ་ཁྲག །རྡོ་རྗེ་ལས་ཀྱི་ཆུ་དང་པན་ཙ་ཨ་མྲྀར་ཏ། །ཤ་ཆེན་མཁའ་ལྡིང་ཤེལ་སྒོང་གཟུགས་ཀྱིས་སྐོང་། །སྨན་ཆེན་ལྔ་དང་ཚེ་འཛིན་བྱི་མ་དེར། །སྦྱོར་དང་སྒྲོལ་བའི་བདུད་རྩི་མཆོག་ཉིད་འདིས། །དཔལ་ཆེན་འབར་བའི་ཐུགས་དམ་བསྐང་གྱུར་ཅིག །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །རྣལ་འབྱོར་བདག་ལ་དངོས་གྲུབ་སྩོལ། །སྲིད་པའི་མ་མོ་དབང་དུ་བསྡུས། །དམིགས་པའི་དགྲ་བོ་མྱུར་དུ་སྒྲོལ། །འདི་ནས་མར་ཡུམ་ཆེན་མོ་འདོད་པའི་དབང་མོ་ཆེ་མུ་ཁ་ལེ་ལ་སོགས་པའི་དབྱིངས་ཀྱི་ཡུམ་དྲུག་གི་བསྐང་བ་འབྱུང་ངོ་། །བྷྱོ། གཙོ་མོ་ཡུམ་གྱི་མངོན་སྤྱོད་མ། །སྤྱི་གཙུག་གཡུ་ཡི་རྡོ་རྗེ་རྩེ་དགུ་འབར། །གཡུའི་རལ་པ་ཁམས་གསུམ་ཁྱབས། །གཡས་ཀྱི་ཕྱག་ན་རིགས་ལྔའི་སངས་རྒྱས་བསྣམས། །གཡོན་གྱི་ཕྱག་ན་བདུད་རྩི་ལོངས་སྤྱོད་འབྱེད། །ཡེ་ཤེས་རོལ་པའི་སྤྱན་གྱིས་ཀུན་དུ་གཟིགས། །ཁམས་གསུམ་སྲིད་གསུམ་ཀུན་ལ་མངའ་མཛད་མ། །གཙོ་མོ་ཡུམ་ཆེན་ཐུགས་དམ་བསྐང་། །ཧཱུྃ། ཆོས་ཀྱི་དབྱིངས་ཕྱུག་ཆེན་མོ་ནི། །ནམ་མཁའ་རིགས་ཀྱི་བདག་མོ་ནི། །མཁའ་འགྲོ་ཆེན་མོ་རྡོ་རྗེའི་གདོང་། །རྟག་པའི་རྒྱལ་མོ་བཀྲག་གསལ་མཉམ། །ན་བཟའ་སེར་པོ་གཙོ་མ་གསོལ། །ཕྱག་ན་རྒྱལ་མཚན་སྤུ་གྲི་བསྣམས། །ནམ་མཁའ་སྟོང་ལ་དབང་བསྒྱུར་ཞིང་། །འགྲོ་བའི་བཀྲག་ལ་མངའ་མཛད་མ། །མཁའ་འགྲོ་བཀྲག་གསལ་ཐུགས་དམ་བསྐང་། །ཧཱུྃ། རྡོ་རྗེ་དབྱིངས་ཕྱུག་ཆེན་མོ་ནི། །ཤར་ཕྱོགས་ཁམས་ཀྱི་མངའ་བདག་སྟེ། །མཁའ་འགྲོ་ཆེན་མོ་སེང་གེའི་གདོང་། །རྟག་པའི་རྒྱལ་མོ་རྣམ་སྣང་གསལ། །ན་བཟའ་དཀར་མོ་ཤེལ་ལྟར་གསལ། །ཕྱག་ན་དགྲ་སྟ་གཏུན་ཤིང་བསྣམས། །འབྱུང་བ་ས་ལ་དབང་བསྒྱུར་ཞིང་། །འགྲོ་བའི་ཤ་ལ་མངའ་མཛད་མ། །མཁའ་འགྲོ་རྣམ་སྣང་ཐུགས་དམ་སྐང་། །ཧཱུྃ། རིན་ཆེན་དབྱིངས་ཕྱུག་ཆེན་མོ་ནི། །ལྷོ་ཕྱོགས་ཁམས་ཀྱི་མངའ་བདག་སྟེ། །མཁའ་འགྲོ་ཆེན་མོ་བན་གླང་གདོང་། །རྟག་པའི་རྒྱལ་མོ་འོད་གསལ་འབར། །ན་བཟའ་སྔོན་པོ་བཻཌཱུརྱ། །ཕྱག་ན་མེ་དཔུང་དབྱུག་ཏོ་བསྣམས། །འབྱུང་བ་མེ་ལ་དབང་བསྒྱུར་ཞིང་། །འགྲོ་བའི་དྲོད་ལ་མངའ་མཛད་མ། །མཁའ་འགྲོ་འོད་གསལ་ཐུགས་དམ་སྐང་། །ཧཱུྃ། པདྨ་དབྱིངས་ཕྱུག་ཆེན་མོ་ནི། །ནུབ་ཕྱོགས་ཁམས་ཀྱི་མངའ་བདག་སྟེ། །མཁའ་འགྲོ་ཆེན་མོ་ཀང་ཀའི་གདོང་། །རྟག་པའི་རྒྱལ་མོ་གཉེན་གསལ་མ། །ན་བཟའ་དམར་པོ་དབང་གི་མཛེས། །ཕྱག་ན་ཞགས་པ་ཏྲི་ཤུ་ལ། །འབྱུང་བ་ཆུ་ལ་དབང་བསྒྱུར་ཞིང་། །འགྲོ་བའི་ཁྲག་ལ་མངའ་མཛད་མ། །མཁའ་འགྲོ་གཉེན་གསལ་ཐུགས་དམ་སྐང་། །ཧཱུྃ། ལས་ཀྱི་དབྱིངས་ཕྱུག་ཆེན་མོ་ནི། །བྱང་ཕྱོགས་ཁམས་ཀྱི་མངའ་བདག་སྟེ། །མཁའ་འགྲོ་ཆེན་མོ་ཁྱུང་ཆེན་གདོང་། །རྟག་པའི་རྒྱལ་མོ་ཡང་གསལ་གཡོས། །ནབ་བཟའ་ལྗང་གུ་ཤིན་ཏུ་འབར། །ཕྱག་ན་དབྱུག་ཆེན་རྒྱུ་འཕྲིང་འདྲེན། །འབྱུང་བ་རླུང་ལ་དབང་༴ འགྲོ་བའི་དབུགས་ལ་མངའ༴ མཁའ་འགྲོ་ཡང་གསལ་ཐུགས་དམ་བསྐང་། །གཙོ་མོ་ཡུམ་ཆེན་ལ་སོགས་ཏེ། །དབྱིངས་ཀྱི་ཡུམ་དྲུག་ཐུགས་དམ་བསྐང་བ་ནི། །མཁའ་ལྡིང་ནག་པོ་ཟངས་མཆུ་དང་། །ཙ་ར་རོག་པོ་མཁལ་དཀར་དང་། །ཤེལ་སྒོང་ནག་པོ་སྤྱི་དཀར་དང་། །མཁའ་ལྡིང་ནག་མོ་གསེར་མིག་དང་། །ཁྲག་གི་འོད་ཟེར་འབར་བ་དང་། །ཤ་ཆེན་ཚིལ་ཆེན་ཨ་མྲྀ་ཏ། །དམ་རྫས་རྨད་བྱུང་གཏོར་མ་དང་། །བདུད་རྩི་རྣམ་ལྔར་སྦྱར་བ་འདིས། །དབྱིངས་ཀྱི་ཡུམ་དྲུག་ཐུགས་དམ་སྐོང་གྱུར་ཅིག །འབུལ་ལོ་མཐུན་པའི་དམ་རྫས་འབུལ། །མཆོད་དོ་མ་སྲིན་རྒྱ་མཚོ་མཆོད། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །དམ་ཚིག་ཉམས་ནི་མ་ཉམ་ན། །ཉམས་ན་བདུད་རྩི་སྨན་གྱི་བསྐང་། །ལྟ་བ་ལོག་ནི་མ་ལོག་ན། །ལོག་ན་ཆོས་ཉིད་དབྱིངས་ལ་ལྟ། །མ་མོ་གཡེལ་ནི་མ་གཡེལ་ན། །མ་མོ་གཡེལ་ན་རྫས་ཀྱིི་བསྟེན། །སྤྱོད་པ་འཁྲུལ་ནི་མ་འཁྲུལ་ན། །འཁྲུལ་ན་ནོངས་པ་རྗེས་སུ་བཤགས། །བསྐང་གསོ་རྒྱན་ཆེན་ལྷ་ལ་འབུལ། མཐུན་པའི་རྫས་ཆེན་ངས་འབུལ་གྱིས། །ང་ཡི་ལས་བཅོལ་གྲུབ་པར་མཛོད། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱི། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །མི་ལ་ན་ཚ་མ་བཏང་ལ། །ཕྱག་ལ་གོད་འགྲམ་མ་ཤོར་ཅིག །ཞིང་ལ་བཙའ་སད་སེར་གསུམ་སྣམ་མ་འདྲེན། །དམ་ཚིག་ཉམས་ཆག་བསྐངས་བར་མཛོད། །ཆགས་ཆེན་ཉམས་པ་བཟློག་ཏུ་གསོལ། །བདུད་ཀྱི་ཞགས་པ་ནག་པོ་ཆོད། །གཤིན་རྗེའི་ཁྲམ་ཁ་དགྲ་ལ་བསྒྱུར། །རྣལ་འབྱོར་སྐུ་ཚེ་བསྲིང་བ་དང་། །དགྲ་བོ་དམ་ཉམས་བརླག་བའི་ཕྱིར། །སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ། །སྡང་བའི་དགྲ་ལ་རྟགས་ཕྱུང་ཅིག །ཐུགས་དམ་གཉེན་པོ་བསྐང་གྱུར་ཅིག །ཧཱུྃ། སྲིད་པ་བདེ་འགྲོ་ཁམས་གསུམ་ཡུལ་མཆོག་མ། །སྐུ་མདོག་མཐིང་ནག་ཆེན་མོ་ལ། །དབུ་དང་ཞབས་ཀྱི་སྟོང་ཁམས་ཁྱབ། །རིན་ཆེན་རལ་པས་སྣང་སྲིད་ཁེབ། །ཕྱག་ན་གཡང་བཞི་བ་དན་བསྣམས། །ཁྱོད་ནི་འདོད་ཁམས་གཙོ་མོ་སྟེ། །ཕུད་ཀྱི་བདག་མོའི་ཐུགས་དམ་བསྐང་། །ཧཱུྃ། དཔག་བསམ་ཤིང་གི་ཡལ་ག་ལ། །དཀར་མོ་གཡག་ཐོད་རལ་གཅིག་མ། །ཉི་ཟླ་སྟོང་གི་ཐོད་ཕྲེང་ཅན། །ཕྱག་ན་ཟངས་ཀྱི་དྲིལ་ཞིག་བསྣམ། །སྣང་སྲིད་སྙིང་གི་བདག་མོ་སྟེ། །ཉི་ཟླ་ཐོད་ཕྲེང་ཐུགས་དམ་བསྐང་། །ཧཱུྃ། རྡོ་རྗེ་ཉི་མ་ཁྲག་འཐུང་འཁྲོས་པའི་དབང་མོ་ཆེ། །སྐུ་མདོག་མཐིང་ནག་འབར་བ་ལ། །ཕྱག་ན་ཟངས་ཀྱི་དྲིལ་ཞག་འབར་བ་བསྣམས། །ཁམས་གསུམ་ཐམས་ཅད་གསལ་མཛད་མ། །ཆེ་ཞེ་ཆེན་མོའི་ཐུགས་དམ་བསྐང་། །ཧཱུྃ། རིན་ཆེན་ཁྲག་འཐུང་འཁྲོས་པའི་དབང་མོ་ཆེ། །སྐུ་མདོག་སེར་ནག་འབར་བ་ལ། །ཕྱག་ན་དར་ནག་འཁོར་ལོ་བསྣམས། །ཁམས་གསུམ་ཐམས་ཅད་དབང་དུ་བསྡུད། །ཆེ་ཞེ་ཆེན་མོའི་ཐུགས་དམ་བསྐང་། །ཧཱུྃ། པད་མ་སྲིད་གསུམ་ཁྲག་འཐུང་འཁྲོས་པའི་དབང་མོ་ཆེ། །སྐུ་མདོག་དམར་ནག་འབར་བ་ལ། །ཕྱག་ན་ལྕགས་གཏུན་རལ་གྲི་བསྣམ། །ཁམས་གསུམ་ཐམས་ཅད་བདེ་ལ་སྦྱོར། །ཆེ་ཞེ་ཆེན་མོའི་ཐུགས་དམ་བསྐང་། །ཧཱུྃ། ལས་ཀྱི་སྟོང་གསུམ་ཁྲག་འཐུང་ཁྲོས་པའི་དབང་མོ་ཆེ། །སྐུ་མདོག་ལྗང་ནག་འབར་བ་ལ། །ཕྱག་ན་གསལ་ཤིང་ལྕགས་ཀྱུ་བསྣམ། །ཁམས་གསུམ་ཐམས་ཅད་གསལ་བར་སྦྱོར། །ཆེ་ཞེ་ཆེན་མོའི་ཐུགས་དམ་བསྐང་། །ཧཱུྃ། མཚན་ནི་དབྱིངས་ཕྱུག་ཆེན་མོ་ལ། །སྐུ་མདོག་དཀར་མོ་སེང་གེའི་གྷོ། །ལག་ན་མིའི་ཐོད་པ་ཐོག །མ་མོ་ཁྲག་འཐུང་ཐུགས་དམ་བསྐང་། །ཧཱུྃ། མཚན་ནི་སྲིད་པའི་རྒྱན་བྱེད་མ། །སྐུ་མདོག་སེར་མོ་སྟག་ལྤགས་གྱོན། །ལག་ན་སྐྲའི་ཞགས་པ་བསྣམས། །མ་མོ་ཤ་ཟན་ཐུགས་དམ་བསྐང་། །ཧཱུྃ། མཚན་ནི་བདག་ཉིད་ཆེན་མོ་ལ། །སྐུ་མདོག་ནག་མོ་ཆུ་སྲིན་གྱོན། །ལག་ན་ཞིང་གི་དབྱུག་པ་ཐོག །མ་མོ་མེ་འབར་ཐུགས་དམ་བསྐང་། །ཧཱུྃ། མཚན་ནི་གཅིག་པུ་ཆེན་མོ་ལ། །སྐུ་མདོག་ལྗང་ནག་ཤིང་ལྤགས་གྱོན། །ལག་ན་ཞིང་གི་གཡང་གཞི་ཐོག །མ་མོ་རྩིས་འདེབས་ཐུགས་དམ་བསྐང་། །ཧཱུྃ། མ་མོ་ཆེན་མོ་མེ་འབར་མ། །སྲིད་པ་ཤར་གྱི་བདག་མོ་སྟེ། །དཀར་མོ་ཆེན་མོ་སྤྱན་གཅིག་མ། །འཁོར་ནི་དཀར་མོ་འབུམ་སྡེར་བཅས། །དཀར་མོའི་ཚོགས་ཀྱི་ཐུགས་དམ་བསྐང་། །ཧཱུྃ། མ་མོ་ཆེན་མོ་མེ་འབར་མ། །སྲིད་པ་ལྷ་མོའི་བདག་མོ་སྟེ། །ནག་མོ་ཆེན་མོ་ཆེ་བ་ཅན། །འཁོར་ན་ནག་མོ་འབུམ་སྡེར་བཅས། །ནག་མོའི་ཚོགས་ཀྱི་ཐུགས་དམ་བསྐང་། །ཧཱུྃ། མ་མོ་ཆེན་མོ་མེ་འབར་མ། །སྲིད་པ་ནུབ་ཀྱི་བདག་མོ་སྟེ། །དམར་མོ་ཆེན་མོ་དབང་བསྒྱུར་མ། །འཁོར་ནི་དམར་མོ་འབུམ་སྡེར་བཅས། །དམར་མོའི་ཚོགས་ཀྱི་ཐུགས་དམ་བསྐང་། །ཧཱུྃ། མ་མོ་ཆེན་མོ་མེ་འབར་མ། །སྲིད་པ་བྱང་གི་བདག་མོ་སྟེ། །སེར་མོ་ཆེན་མོ་ལས་མཁན་མ། །འཁོར་ནི་སེར་མོ་འབུམ་སྡེར་བཅས། །སེར་མོའི་ཚོགས་ཀྱི་ཐུགས་དམ་བསྐང་། །སྲིད་པ་བདེ་འགྲོ་ལ་སོགས་ཏེ། །ཡེ་ཤེས་མ་མོ་བཅུ་བཞིའི་ཐུགས་དམ་བསྐང་བ་ནི། །མཁའ་ལྡིང་ནག་མོ་ཟངས་ཆུ་དང་། །ཙ་ར་རོག་པོ་མཁལ་དཀར་དང་། །ཤེལ་སྒོང་ནག་མོ་སྤྱི་དཀར་དང་། །མཁའ་ལྡིང་ནག་མོ་གསེར་མིག་དང་། །ཁྲག་གི་འོད་ཟེར་འབར་བ་དང་། །ཤ་ཆེན་ཚིལ་ཆེན་ཨ་མྲྀ་ཏ། །དམ་རྫས་རྨད་བྱུང་གཏོར་མ་དང་། །བདུད་རྩི་རྣམ་ལྔ་སྦྱར་བ་འདིས། །ཡེ་ཤེས་མ་མོ་བཅུ་བཞིའི་ཐུགས་དམ་བསྐང་གྱུར་ཅིག །འབུལ་ལོ༴ སོགས་འདྲེས། ཧཱུྃ། མེ་རླུང་འཚུབ་མའི་དཀྱིལ་འཁོར་ནས། །དཔལ་ལྡན་ལྷ་མོ་ནག་མོ་ཆེ། །སྐུ་མདོག་མཐིང་ནག་ཆེན་མོ་ལ། །ཕྲ་མེན་བཅུ་དྲུག་དབུ་ལ་རྫོགས། །རྨ་བྱའི་སྒྲོས་ནི་རྒྱན་དུ་བྱས། །ཕྱག་གཡས་རླུང་འཚུབ་རལ་གྲི་འཕྱར། །ཕྱག་གཡོན་ནེའུ་ལེ་རིན་ཆེན་མཛོད། །ཆིབས་སུ་བོང་བུ་དམར་གྭ་བཅིབ། །ནག་མོ་ཆེན་མོའི་ཐུགས༴ དེའི་གཡོག་མོ་ཁ་ཁྲིད་ནི། སྲིན་མོ་མ་དྷ་ཕུར་པའི་ལྷ། །ཀླུ་མོ་གཞོག་སྐེམ་ཆུ་སྲིན་མགོ། །སྐུ་མདོག་དམར་ནག་འབར་བ་ལ། །ལག་ན་ཁ་ཊྃ་རྩེ་གསུམ་ཐོག །ཁོལ་མོ་ནག་མོའི་ཐུགས་དམ་བསྐང་། །ཧཱུྃ། མ་ཆེན་ཐུགས་ཀྱི་སྤྲུལ་པ་ནི། །དཔལ་ལྡན་གཉེན་གྱི་རེ་མ་ཏི། །སྐུ་མདོག་མཐིང་ནག་འབར་བ་ལ། །ཞིང་ལྤག་རེ་ལྡེ་ནག་པོ་གསོལ། །ཕྱག་ན་ཁྲམ་ཤིང་ཤོ་དྷིལ་བསྣམ། །ཆིབས་སུ་དྲེལ་རྟ་རྐང་གསུམ་བཅིབ། །རེ་མ་ཏིའི་ཐུགས་དམ༴ གཡོན་གཉིས་མཛེས་པའི་ཚུལ་གྱི་རོལ། །བ་ལམ་ཆེན་མོ་དྲེལ་སྣ་མ། །ཕྱག་ན་གཡབ་དར་ནག་པོ་ཐོག །ཆིབས་སུ་བོང་ནག་ཁ་འར་བཅིབས། །བ་ལམ་ནག་མོའི་ཐུགས་དམ༴ ཁྲིས་སྨན་ནག་མོ་ལྡེམ་དྲུག་མ། །ཕྱག་ན་མི་མགོ་ཐོད་དབྱུག་ཐོག །ཆིབས་སུ་ཆུ་བྱ་རོག་མོ་བཅིབ། །ཁྲི་སྨན་སི་ལིའི་ཐུགས་དམ་བསྐང་། །ཧཱུྃ། སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ནི། །ཕྱག་བརྙན་ནག་མོ་འབུམ་གྱི་བསྐོར། །སྐུའི་སྤྲུལ་པ་ཆེན་མོ་ནི། །དཔལ་ལྡན་ནག་མོ་རེ་མ་ཛ། །སྐུ་ལ་རེ་ལྡེ་ནག་མོ་གསོལ། །ཕྱག་ན་གཤིན་རྗེ་ཁྲམ་ཤིང་བསྣམ། །ཆིབས་སུ་དྲེལ་ནག་རྐང་གསུམ་བཅིབ། །སྐུའི་སྤྲུལ་པའི་ཐུགས༴ གསུང་གི་སྤྲུལ་པ་ཆེན་མོ་ནི། །དཔལ་ལྡན་ལྷ་མོ་རེ་མ་ཛི། །སྐུ་ལ་སྨུག་ནག་འཐིབ་པ་གྱོན། །ལག་ན་ནད་ཀྱི་རྐྱལ་པ་བསྣམ། །ཆིབས་སུ་ཆུ་གླུང་ནག་པོ་བཅིབ། །གསུང་གི་སྤྲུལ་པའི་ཐུགས་དམ་བསྐང་། །ཐུགས་ཀྱི་སྤྲུལ་པ་ཆེན་མོ་ནི། །དཔལ་ལྡན་ནག་མོ་རེ་མ་ཏི། །སྐུ་ལ་མི་ལྤགས་རློན་པ་གྱོན། །ལག་ན་མི་གོ་ཁྲམ་བམ་བསྣམས། །ཆིབས་སུ་བསྭེའི་ཤ་བ་བཅིབ། །ཐུགས་ཀྱི་སྤྲུལ་པའི་ཐུགས༴ དཔྱིད་ཀྱི་རྒྱལ་མོ་གཤེགས་པའི་ཚེ། །དཀར་མོ་ཤ་རི་དུར་ཁྲོད་གནས་ཉུལ་མ། །ཁྲག་འཐུང་ཆེན་མོའི་ཐུགས་དམ་བསྐང་། །དབྱར་གྱི་རྒྱལ་མོར་གཤེགས་པའི་ཚེ། །བ་ཀ་ཧྲི་སྟི་མཁའ་ལ་ཆར་འབེབས་མ། །སྦྱོར་བདག་ཆེན་མོའི་ཐུགས༴ སྟོན་གྱིས་རྒྱལ་མོར་གཤེགས་པའི་ཚེ། །མཐིང་ནག་མི་སྲུན་རལ་པ་ཅན། །སྲོག་བདག་ཆེན་མོའི༴ རྒུན་གྱི་རྒྱལ་མོར་གཤེགས་པའི་ཚེ། །མེ་ཟ་བྲག་གྱོན་རྒྱ་མཚོའི་གཏིང་ཉུལ་མ། །ཁྲི་ཟ་སྟོང་སྒྲོལ་ཐུགས་དམ་བསྐང་། །ལྷ་མོ་བཅུ་བཞིས་ཐུགས་དམ་བསྐང་བ་ནི། །མཁའ་ལྡིང་ནག་མོ་ཟངས༴ ཙ་ར་རོག་པོ་མཁལ༴ ཤེལ་སྒོང་ནག་པོ་སྤྱི༴ མཁལ་ལྡིང་ནག་མོ་གསེར༴ ཁྲག་གི་འོད་ཟེར༴ ཤ་ཆེན་ཚིལ༴ དམ་རྫས་རྨད༴ བདུད་རྩི་རྣམ་ལྔར་སྦྱར་བ་འདིས། །ལྷ་མོ་བཅུ་བཞིས་ཐུགས་དམ་བསྐང་གྱུར་ཅིག །འབུལ་ལོ་སོགས་འདྲེས། ཧཱུྃ། སྲིན་མོ་ཆེན་མོ་ཤམ་ཤམ་མོ། །གོས་སུ་མི་ལྤགས་རློན་པ་གྱོན། །སྲིད་པ་ཆགས་བྱེད་ཆེན་མོ་ནི། །ཕྱག་ན་མོ་གྷོ་སོར་འཕྲེང་བསྣམ། །སྲིད་པ་ཀུན་གྱི་བདག་ཉིད་མ། །ཨ་ཕྱི་ཆེན་མོའི་ཐུགས༴ ཧཱུྃ། ཁྱིམ་བདག་ཆེན་མོ་རྣལ་འབྱོར་མ། །སྟག་ལྤགས་གཡང་གཞི་གོས་སུ་གྱོན། །ཕྱག་ན་རྩེ་གསུམ་འབར་བ་བསྣམ། །གསང་མཚན་ཧེ་རུ་ཀ་ནི་བྱ། །ཁྱོད་ནི་འདོད་ཁམས་གཙོ་མོ་སྟེ། །ཨ་ཕྱི་ཆེན་མོའི་ཐུགས༴ ཧཱུྃ། རྣལ་འབྱོར་ཆེན་མོ་སྲིད་པའི་བདག །ཨེ་ཀ་ཙ་ཏི་རལ་གཅིག་མ། །སྐུ་ལ་སྤྲིན་ནག་གོས་སུ་གྱོན། །ཕྱག་ན་ཁ་ཊྃ་འབར་བ་བསྣམ། །གསང་མཚན་ཕོ་ཉ་ཡོངས་ཀྱི་གཙོ། །མ་མོ་ཆེན་མོའི་ཐུགས༴ ཧཱུྃ། རིན་ཆེན་ས་སྟེག་མཛེས་པའི་མཆོག །སྐུ་ལ་མུ་སྟེགས་གོས་སུ་མནབ། །ཕྱག་ན་གཡུའི་ཟ་མ་ཏོག །ནམ་མཁའ་རྒྱལ་མོའི་ཐུགས༴ ཧཱུྃ། གྲུབ་པའི་རྣལ་འབྱོར་མཐུ་མོ་ཆེ། །བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ། །ཕྱག་ན་ཁྲམ་བམ་ཤོད་དྲིལ་བསྣམ། །གླིང་བཞི་སྤྱི་ཕུད་ཐུགས༴ ཧཱུྃ། རྣལ་འབྱོར་འཇིག་རྟེན་དབང་ཕྱུག་མ། །སྐུ་ལ་དར་དཀར་གཡུ་བྲན་མནབ། །ཕྱག་ན་གསེར་གྱི་ལྕགས་ཀྱུ་བསྣམ། །གླིང་བཞི་སྤྱི་འགྲོའི་ཐུགས༴ ཧཱུྃ། རྡོ་རྗེ་གར་གྱི་དབང་ཕྱུག་མ། །དབུ་བརྒྱ་མ་ལ་སྤྱན་སྟོང་མ། །འཇིག་ཚུལ་རྔམས་པའི་ཆ་བྱད་ཅན། །རྡོ་རྗེ་སྒེག་མོའི་ཐུགས༴ ཧཱུྃ། པད་མ་གར་གྱི་དབང་ཕྱུག་མ། །ས་བདག་ཆེན་པོ་པད་མ་འཕྲིང་། །ལག་ན་ཐོད་པ་ཁྲག་གི་བཀང་། །ས་བདག་ཆེན་མོའི་ཐུགས༴ སྲིད་པའི་མ་མོ་བརྒྱད་ཀྱི་ཐུགས་དམ་བསྐང་བ་ནི། །མཁའ་ལྡིང་ནག༴ ཙ་ར༴ ཤེལ་སྒོང་༴ མཁའ་ལྡིང་༴ ཁྲག་གི༴ ཤ་ཆེན༴ དམ་རྫས༴ བདུད་རྩི༴ སྲིད་པའི་མ་མོ་བརྒྱད་ཀྱི་ཐུགས་དམ་བསྐང་། །འབུལ་ལོ༴ སོགས༴ ཧཱུྃ། ཧར་ཏིང་དཀར་མོ་ཆེན་མོ་ལ། །བྱང་ཤར་མཚམས་ཀྱི་གྲུ་འདེག་མ། །དུན་ཏིང་ནག་མོ་ཆེན་མོ་ལ། །ཤར་ལྷོ་མཚམས་ཀྱི་གྲུ་འདེག་མ། །ཤན་ཏིང་དམར་མོ་ཆེན་མོ་ལ། །ལྷོ་ནུབ་མཚམས་ཀྱི་གྲུ༴ དུན་ཏིང་སེར་མོ་ཆེན་མོ་ལ། །ནུབ་བྱང་མཚམས་ཀྱི་གྲུ༴ གླིང་བཞི་གྲུ་འདེག་ཐུགས༴ ཧཱུྃ། ཤར་གྱི་དཀར་མོ་མཆེ་བ་གཙིགས། །ལྷོའི་ནག་མོ་ཁ་རླལ་མ། །ནུབ་ཀྱི་མ་མོ་མཆུ་འཇིབ་མ། །བྱང་གི་སེར་མོ་སྐང་ལྡག་མ། །རིག་བཞི་དམག་དཔུང་མང་པོའི་བསྐོར། །དམག་གི་རྒྱལ་མོའི་ཐུགས༴ ཧཱུྃ། ལས་ཀྱི་སྲིང་མོ་ཆེན་མོ་བཞི། །གླིང་བཞི་མགྱོག་མ་ལྷའི་སྲིང་མོ་དང་། །མཁའ་ལ་ཁྱུང་ལྡིང་གཤིན་རྗེའི་སྲིང་། །དམར་མོ་གཡག་ཐོད་ཀླུའི་སྲིང་༴ ནག་མོ་སྡེར་འཛིན་གནོད་སྦྱིན༴ ལས་ཀྱི་སྲིང་བཞིའི་ཐུགས༴ འདོད་ཁམས་མ་མོ་བཅུ་བཞིས་ཐུགས་དམ་བསྐང་བ་ནི། །མཁའ་ལྡིང་ནག་མོ༴ ཙ་ར་རོག་པོ༴ ཤེལ་སྒོང་ནག༴ མཁའ་ལྡིང་༴ ཁྲག་གི་འོད་ཟེར༴ ཤ་ཆེན༴ དམ་རྫས༴ བདུད་རྩི་རྣམ༴ འདོད་ཁམས་མ་མོ་བཅུ་བཞིས༴ འབུལ་ལོ་སོགས༴ ཧཱུྃ། དུར་ཁྲོད་གནས་པའི་མ་མོ་བདུན། །རྒྱ་མཚོ་ཆེན་མོའི་དཀྱིལ་འཁོར་ནས། །དཔལ་ལྡན་ཤུགས་འགྲོའི་བདག་མོ་སྟེ། །རི་རབ་བསྙིལ་བའི་རྔམ་སྟབས་ཅན། །རྡོ་རྗེ་ཀུན་གྲགས་ཐུགས༴ ཧཱུྃ། ཁྲོ་བོ་རྔམ་པའི་དཀྱིིལ་འཁོར་ནས། །མཛེས་པའི་ཚུལ་གྱི་འོད་འཕྲོ་ཞིང་། །འཇིག་རྟེན་འཆི་བདག་ཆེན་མོ་སྟེ། །ཀུན་ཏུ་བཟང་མོའི་ཐུགས༴ ཧཱུྃ། ཕྱག་རྒྱ་འབར་བའི་དཀྱིལ་འཁོར་ནས། །ནམ་མཁའ་སྟོང་ལ་དབང་བསྒྱུར་ཞིང་། །བདུད་དཔུང་དྲག་སྟོབས་ཀུན་འདུས་མ། །རྡོ་རྗེ་ཀུན་གསལ་ཐུགས༴ ཧཱུྃ། དམ་ཚིག་ཆེན་པོའི་དཀྱིལ་འཁོར་ནས། །ཕོ་ཉ་དྲུག་ཅུའི་གཙོ་མོ་སྟེ། །ཤ་ཆེན་ཁྲག་གི་ལོངས་སྤྱོད་མ། །ཡེ་ཤེས་མཆོག་གི་ཐུགས༴ ཧཱུྃ། ཁྲག་གི་རྒྱ་མཚོའི་དལ་ལ་གནས། །མ་མོ་གཏུམ་ཆེན་ཟ་བྱེད་མ། །རྡོ་རྗེ་ར་བའི་འཕྲེང་ཐོག་མ། །རྡོ་རྗེ་འདོད་ཆགས་ཐུགས༴ ཧཱུྃ། འོད་དཔུང་འབར་བའི་དཀྱིལ་འཁོར་ནས། །ཞགས་པ་སྟོང་གི་འདེབས་ལྡན་མ། །འབྱུང་པོ་མ་ལུས་འཆིང་མཛད་མ། །རྡོ་རྗེ་གསལ་འཕྲོའི་ཐུགས༴ ཧཱུྃ། དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་ནས། །ལྕགས་ཀྱུ་འབར་བའི་འཕྲོ་འདུ་ལས། །དམ་ཚིག་ཉམ་པ་བསྲེག་མཛད་མ། །རྡོ་རྗེ་གཡུ་སྒྲོན་ཐུགས༴ སྲིད་པའི་མ་བདུན་ཐུགས་དམ་བསྐང་བ་ནི། །མཁའ་ལྡིང་ནག་མོ༴ ཙ་ར་རོག་པོ༴ ཤེལ་སྒོང་ནག་མོ༴ མཁའ་ལྡིང་༴ ཁྲག་གི༴ ཤ་ཆེན་ཚིལ༴ དམ་རྫས་རྨད༴ བདུད་རྩི་རྣམ༴ སྲིད་པའི་མ་བདུན༴ འབུལ་ལོ༴ སོགས། ཧཱུྃ། ཕྱི་རིམས་འབར་བའི་མེ་དཔུང་ལས། །དབང་ཕྱུག་སྨུག་ནག་ཉི་ཤུ་བརྒྱད། །སྲིན་མོ་སྨུག་ནག་ཐོད་རློན་འཆང་། །ཚངས་པ་དམར་སེར་རིན་ཆེན་འཛིན། །དབང་ཕྱུག་ལྷ་ཆེན་ཏྲི་ཤུ་ལ། །གཏོག་འདོད་སྔོན་མོ་འཁོར་ལོ་འཛིན། །གཞོན་ནུ་དམར་མོ་མདུང་ཐུང་འཕེན། །རྒྱལ་བྱིན་དཀར་མོ་རྡོ་རྗེ་གདིང་། །ཀ་ལ་ནག་མོ་ལྕགས་ཀྱུ་འཛིན། །ཤར་གྱི་མ་བདུན་ཐུགས་དམ་བསྐང་། །རྡོ་རྗེ་དམར་མོ་ཐོད་ཁྲག་འཐུང་། །བདུད་རྩི་དམར་མོ་བུམ་པ་བསྣམས། །ཟླ་བ་དཀར་མོ་སུ་དྷ་རི། །བེ་ཅོན་ལྗང་གུ་དབྱུག་ཏོ་ཕྱར། །སྲིན་མོ་དམར་མོ་དུང་ཆེན་ཁྲག །ཟ་བ་ལྗང་ནག་བ་སུ་འདྲེན། །ཙནྡྷ་དམར་སེར་ར་གྷོ་ཞག །ལྷོའི་མ་བདུན་ཐུགས༴ རྡོ་རྗེ་དམར་མོ་གཏེར་འཆང་མ། །སྟོབས་ཆེན་དཀར་མོ་བྷན་དྷ་གཤོལ། །རྡོ་རྗེ་དམར་མོ་སྤུ་གྲིས་གཅོད། །འདོད་པ་དམར་མོ་འདའ་གཞུ་འགིང་། །ནོར་སྲུང་དཀར་མོ་བུམ་པ་འཛིན། །རླུང་ལྷ་སྔོན་མོ་བ་དན་འཛིན། །བུམ་པ་ཀ་རྣ་ལྕགས་སྒྲོག་དམར། །ནུབ་ཀྱི་མ་བདུན་ཐུགས༴ གསོད་མ་ནག་མོ་རལ་གྲི་ཕྱར། །མི་མོ་དམར་མོ་གསལ་ཤིང་འཛིན། །ཕག་མོ་ནག་མོ་ཆེ་ཞགས་འཛིན། །རྒན་བྱེད་ནག་མོ་ཞིང་ཆུང་ཟ། །སྣ་ཆེན་དཀར་མོ་ཐོད་ཁྲག་འཆང་། །རྡོ་རྗེ་ཆུ་སྲིན་སྦྲུལ་ཞགས་འཛིན། །ལམ་པོ་ད་ར་དབྱངས་བསྙེན་འཆང་། །བྱང་གི་མ་བདུན་ཐུགས་དམ་བསྐང་། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཐུགས་དམ་བསྐང་བ་ནི། །མཁའ་ལྡིང་ནག་པོ་ཟང༴ ཙ་ར༴ ཤེལ་སྒོང་༴ མཁའ་ལྡིང་༴ ཁྲག་གི་འོད་ཟེར༴ ཤ་ཆེན༴ དམ་རྫས༴ བདུད་རྩི་རྣམ་ལྔ༴ དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཐུགས་དམ་བསྐང་གྱུར་ཅིག །འབུལ་ལོ༴ སོགས། ཧཱུྃ། སྲིད་གསུམ་སྒྲོལ་བའི་ཁས་ཆེས་མ། །གཙོ་ཆེན་འབར་བ་བདུན་གྱི་ཐུགས་དམ་བསྐང་། །ཐོག་མེད་ཤུགས་ཀྱི་བསྒྲོད་པའི་འཕྲུལ་མོ་ཆེ། །འབར་མ་སྲིན་མོ་བདུན་གྱི་ཐུགས༴ ཅི་བགྱི་བཀའ་ཉན་ལས་བྱེད་མ། །ཕོ་ཉ་ལས་མཁན་བདུན་གྱི༴ གདུག་རྩུབ་ཐོད་དབྱུག་དྲག་པོའི་འདུལ་མཛད་མ། །སྲིན་མོ་ཐོར་རྩུག་བཞིའི༴ དཀྱིལ་འཁོར་ཕྱི་རིམ་དབང་དུ་བསྡུད་མཛད་མ། །བརྟན་མ་བཅུ་གཉིས་ཐུགས༴ ཤུགས་ཀྱི་འདྲེན་པའི་ཐུགས༴ ཕོ་ཉ་རྒྱ་མཚོ་ཅི་བགྱིས་བཀའ་ཉན་ཚོགས། །མ་སྲིང་རྒྱ་མཚོའི་ཐུགས་དམ་བསྐང་བ་ནི། །མཁའ་ལྡིང་ནག་མོ་ཟང་༴ ཙ་ར་རོག་པོ༴ ཤེལ་སྒོང་༴ མཁའ་ལྡིང་༴ ཁྲག་གི༴ ཤ་ཆེན༴ དམ་རྫས༴ བདུད་རྩི༴ མ་སྲིང་རྒྱ་མཚོའི་ཐུགས་དམ་བསྐང་གྱུར་ཅིག །འབུལ་ལོ༴ སོགས། ཧཱུྃ། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །རྡོ་རྗེ་ཡ་ཕྱིན་མཐུ་མོ་ཆེ། །རྡོ་རྗེ་དེ་ཕྱིན་རྩལ་མོ་ཆེ། །རྡོ་རྗེ་བསེ་ཕྱིན་དབང་མོ་ཆེ། །རྡོ་རྗེ་ཕག་ཕྱིན་སྟོབས་མོ་ཆེ། །དམ་ཅན་བཞིའི་ཐུགས༴ ཧཱུྃ། རི་རབ་གླིང་བཞིའི་དཀྱིལ་འཁོར་ནས། །ཤར་གྱི་སྟག་སྲིན་ཟོར་གདོང་མ། །ལྷོའི་བམ་སྲིན་དྲེད་མོང་གདོང་། །ནུབ་ཀྱི་སྐོང་སྲིན་བན་གླང་གདོང་། །བྱང་གི་འབྲང་སྲིན་ཆུ་སྲིན་གདོང་། །གདོང་མོ་བཞིའི་ཐུགས༴ ཧཱུྃ། ཐོག་བདག་ཆེན་མོ་བུ་ཡུག་མ། །གནམ་སྨན་བཅུ་གསུམ་ཐུགས༴ སྲས་མོ་མཆོག་གི་ཙ་མུན་ཏི། །མ་མོ་སྤུན་གསུམ༴ མཁའ་འགྲོ་སྡེ་བཞིའི༴ དམན་མོའི་ཚོགས་ཀྱི༴ སྐྱོང་མ་ཆེན་མོའི༴ བརྟན་མ་བཅུ་གཉིས། སྐྱོང་མ་བཅུ་གཉིས། མ་མོ་སེང་གེའི་མགོ་ཅན་དང་། །མ་མོ་སྟག་གི་མགོ༴ མ་མོ་འབྲུག་གི་མགོ༴ མ་མ་བྱ་རྒོད་མགོ༴ སྤྲུལ་པ་བཞིའི་ཐུགས༴ ཤེལ་གྱི་སེང་གེ་འབར་བ་དང་། །གསེར་གྱི་སྟག་མོ་མགོ་ལྔ་པ། །ཨུར་མོ་འབྲུག་སྔོན་སོ་སྣོན་མ། །ལྕགས་ཀྱི་ཁྱི་སྟེ་རྐང་གསུམ་པ། །ཕོ་ཉ་བཞིའི་ཐུགས༴ ལྕགས་ཀྱི་སྤྱང་མོ་གྷོ་དགུ་མ། །ཟངས་ཀྱི་ཝ་མོ་རྐང་བརྒྱད་མ། །ཕྱོགས་བཅུའི་སྟེང་གི་འཇིག་རྟེན་ནས། །དཔའ་བོ་དང་ནི་དཔའ་མོའི་ཚོགས། །མཁའ་འགྲོ་མུ་མཐའ་ཁྱབ་པའི་ཐུགས་དམ་བསྐང་། །མུ་མཐའ་ཁྱབ་པའི་ཐུགས་དམ་བསྐང་བ་ནི། །མཁའ་ལྡིང་ནག་པོ་ཟང་༴ ཙ་ར་རོག་པོ༴ ཤེལ་སྒོང་ནག་པོ༴ མཁའ་ལྡིང་ནག་མོ༴ ཁྲག་གི༴ ཤ་ཆེན༴ དམ་རྫས༴ བདུད་རྩི༴ དཔའ་བོ་དཔའ་མོའི་ཚོགས་ཀྱི་ཐུགས་དམ་བསྐང་གྱུར་ཅིག །འབུལ་ལོ༴ སོགས། སྤྲུལ་པའི་ཕོ་ཉ་མགྱོག་མའི་ཚོགས། །སེང་སྟག་དམ་དྲེད་འཕར་སྤྱང་དང་། །ལྕེ་སྤྱང་ལི་འདུ་ཝ་དང་གཟིགས། །སྟག་དང་སྲེ་མོང་བྱི་ལའི་གཟུགས། །རྒོད་ཁྱུང་ཀང་ཀ་བཞད་དང་ཁྭ། །ཀྱི་ལིང་འུག་པ་བྱ་རོག་དང་། །ནེ་ཙོ་ཁྲུང་ཁྲུང་བྱ་ཀླག་ཁྱི། །ཁ་དང་སྦྲུལ་དང་ནེ་ལེ་དང་། །སྤྲུལ་པའི་ཚོགས་ཀྱི་ཐུགས༴ སྤྲུལ་པའི་ཚོགས་ཀྱི་ཐུགས་དམ་བསྐང་བ་ནི། །མཁའ་ལྡིང་ནག་མོ་ཟང་༴ ཙ་ར་རོག་པོ༴ ཤེལ་སྒོང་ནག་མོ༴ མཁའ་ལྡིང་༴ ཁྲག་གི་འོད་ཟེར༴ ཤ་ཆེན༴ དམ་རྫས་རྨད༴ བདུད་རྩི་རྣམ་ལྔ༴ སྤྲུལ་པའི་ཚོགས་ཀྱི་ཐུགས་དམ་བསྐང་གྱུར་ཅིག །འབུལ་ལོ་སོགས་འདྲེས། བྱ་ནག །ལུག་ནག །ར་ནག །ལྕོང་ཁྲ། དེ་མོ་ནག་མོ། བམ་ཆེན་སར་པ། རྨད་དུ་བྱུང་བའི་གཏོར་མ། དམ་རྫས་ཚང་བ་ཕྱུང་ལ། ཨ་མྲིར་ཏ་དང་། ཤ་ཆེན་ལང་ལིང་དང་། ཚིལ་ཆེན་རས་རོས་དང་། ལྷུ་དུམ་ཁལ་ཁོལ་དང་། ཙི་ཏ་རཀྟ་དང་། ཚིལ་ཆེན་མར་མེ་སྦར་དང་། གསུར་ཆེན་དང་། མི་དབང་དང་། སྤོས་རྣམ་གཉིས་དང་། རས་ཆེན་གྱི་རྒྱལ་མཚན་དང་། ཕན་གདུག་དང་། གཡབ་དར་དང་། ཐོད་པ་ལྟག་སྤྲད་ཀྱི་རྔ་དང་། བྷནྡ། ཆ་ལང་། མི་རྐང་གི་ཕོ་གླིང་མོ་གླིང་དང་། ཅང་ཏིལ་དང་། མཆོག་ཕུར། ཆང་ཕུད། གསེར་སྐྱེམས། བདུད་རྩི་རྣམ་ལྔ། ལྷ་བཤོས་ཁྲག་གི་བྱུག་པ་དགུ། སེམས་ཅན་སྲོག་དབུགས་ཚང་བ། དེ་ལ་སོགས་པའི་རྫས་རྣམས་གསོག་པ་དང་། ལས་གཞུང་སོ་སོ་ནས་འབྱུང་བའི་ཐུགས་དམ་བསྐང་བ་དང་། དྲག་པོའི་ལས་བྱའོ། །ཉམས་པ་ཆེ་ན་སེམས་ཅན་གསུམ། སྦྱིན་བསྲེག་འབུམ། གཏོར་མ་འབུམ། ཉམས་པ་འབྲིང་ན་སེམས་ཅན་གཉིས། སྦྱིན་སྲེག་ཁྲི། གཏོར་མ་ཁྲི། ཉམས་པ་ཆུང་ན་སྦྱིན་སྲེག་བརྒྱ། གཏོར་མ་བརྒྱ། འཛབ་བརྒྱ་ཡང་ཡིག་བརྒྱ་དེ་དང་འདྲ། གང་བྱེད་པའི་རྒྱུད་ཀླགས། ཚ་ཚ་མཆོད་རྟེན། ཀློག་འདོན་བྱ། སྲིད་པའི་མ་མོའི་རྒྱུད་ཐམས་ཅད་ནས་བསྐང་གསོ་རིན་ཆེན་སྤུང་པ་ཞེས་བྱའོ། །རྣལ་འབྱོར་སྒྲུབ་པ་ལ་བརྩོན་པའི་དོན་དུ་མཛད་པ། མཁའ་འགྲོ་མ་ཐམས་ཅད་ཀྱི་བསྐང་གསོ་བསྡུ་ལེགས་བརྟེན་པ་རྫོགས་སོ། །རྒྱུད་ལས་ཕྱུང་བའོ། །པྲ་ཛྙཱ་སེང་ཧས་རྡོ་རྗེ་རྒྱལ་མཚན་ལ་གནང་བའོ།། །།