Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་སོ་དགུ་པ།


   
   
   
   
   
དཔལ་ལྡན་ལྷ་མོའི་སྤྱན་འདྲེན་ཆུང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་ལྡན་ལྷ་མོའི་སྤྱན་འདྲེན་ཆུང་བ།next

དཔལ་ལྡན་ལྷ་མོའི་སྤྱན་འདྲེན་ཆུང་བ།

༈ དཔལ་ལྡན་ལྷ་མོའི་སྤྱན་འདྲེན་ཆུང་བ་ནི། བྷྱོ། མ་ཡི་ནང་ནས་མ་ཅིག་མ། །སྲིང་གི་ནང་ནས་སྲིང་གཅིག་མ། །དཔལ་ལྡན་གཉེན་གྱི་རྡོ་རྗེ་རེ་མ་ཏི། །བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ་གཅིག་མ། །ལྷ་ཡི་གནས་ནས་ལྷ་མོ་ནམ་གྲུ་མ། །ཀླུ་ཡི་གནས་ནས་ཀླུ་མོ་གློག་འགྱུ་མ། །སྲིན་གྱི་ནང་ནས་སྲིན་མོ་ཤམ་ཤམས་མ། །མི་ཡི་གནས་ནས་བདུད་མོ་རེ་ཏི་མ། །དགྲ་བགེགས་བདུད་ལ་ཁྱོད་པས་ཆེ་བ་མེད། །གནས་ནི་བྱང་ཤར་མཚམས་ན་གནས། །རྒྱུག་ནི་བར་སྣང་ཁམས་སུ་རྒྱུག །སྐྱེ་འགྲོ་ཡོངས་ཀྱི་སྲོག་འཕྲོག་མ། །རྐང་ལ་ལྕགས་ཀྱིས་ལྷམ་གྱོན་མ། །སྐུ་ལ་མཛེས་པའི་རེ་ལྡེ་གསོལ། །མི་མགོ་རྟ་མགོ་མཁར་དུ་བརྩེགས། །ཐོད་པ་དགུ་བརྩེགས་གཞལ་ཡས་ནས། །མ་ཅིག་ལྷ་མོ་སྤྱན་འདྲེན་ནོ། །དོ་ནུབ་ནམ་གྱི་གོང་ཐུན་ལ། །མིང་པོ་རྡོ་རྗེའི་ལས་བཅོལ་ན། །སྲིང་མོ་དམ་ཅན་ལས་མཛོད་ཅིག །མ་བོས་པའི་ཚེ་ན་སྙན་མ་སྲ། །གཡབ་པའི་ཚེ་ན་སྤྱན་མ་རྡུལ། །བརྟེན་པའི་ཚེ་ན་རྒྱངས་མ་རིང་། །བསྐུལ་བའི་ཚེ་ན་བང་མ་བུལ། །རྦད་པའི་ཚེ་ན་མཐུ་མ་ཆུང་། འདིར་བྱོན་རྒྱལ་བའི་བསྟན་པ་བསྲུངས། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་སྤྱན་དྲངས་སོ།། །།


previousདཔལ་ལྡན་ལྷ་མོའི་སྤྱན་འདྲེན་ཆུང་བ།next