Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་སོ་དགུ་པ།


   
   
   
   
   
   
   
   
   
   
   
དཔལ་ལྡན་ལྷ་མོའི་བསྐང་གསོལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་ལྡན་ལྷ་མོའི་བསྐང་གསོལ།next

དཔལ་ལྡན་ལྷ་མོའི་བསྐང་གསོལ།

དཔལ་ལྡན་ལྷ་མོའི་བསྐང་གསོལ་བཞུགས་སོ། །དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ལྷ་མོའི་བསྐང་གསོལ་ཁྱེར་བདེ་ལ་འདི་སྐད་དོ། །བྷྱོ། ཡོངས་འདུས་ཤིང་གིས་གནས་མཆོག་ནས། །རིན་ཆེན་མཛེས་པའི་ཕོ་བྲང་ན། །བདེ་ལྡན་འཕྲུལ་གྱི་ལྡིང་ཁང་ནང་། །འགྱིང་བག་ཚུལ་གྱིས་གར་མཛད་མ། །དབང་ཕྱུག་སྲས་མོ་དུང་སྐྱོང་མ། །གདུང་བས་སྤྱན་འདྲེན་གཤེགས་སུ་གསོལ། །ཆིབས་སུ་བོང་བུ་གྭ་དམར་བཅིབས། །རལ་གྲི་ནེའུ་ལེ་ཕྱག་ན་བསྣམས། །སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན། །དཔལ་ལྡན་ལྷ་མོ་གནས་འདིར་བྱོན། །བྱང་ཤར་ཐོད་པའི་སྐུ་མཁར་ནི། །མི་རོ་འབུམ་གྱི་ཁྲི་སྟེང་ན། །དྲེལ་ནག་རྐང་གསུམ་ཆིབས་སུ་བཅིབས། །སྐུ་མདོག་ནག་མོ་རེ་ལྡེའི་བརྒྱན། །ཕྱག་ན་ཁྲམ་བམ་ཤྭ་རྡེའུ་བསྣམས། །བདུད་མོ་ཆེན་མོ་གནས་འདིར་གཤེགས། །ཀླུ་རྣམས་དབང་བསྡུད་ཆུ་སྲིན་གདོང་། །བཀའ་ཡི་བློན་པོ་བ་ལམ་མ། །ལས་ཀྱི་ཕོ་ཉ་ཁྲི་སྨན་མ། །དཔོན་གཡོག་འཁོར་བཅས་གནས་འདིར་བྱོན། །ཁྱེད་ཀྱི་ཐུགས་དམ་བསྐང་བ་ནི། །ཤ་ཁྲག་སྣ་ཚོགས་གཏོར་མ་ལ། །སྙིང་སྣ་སྣ་ཚོགས་རྒྱལ་མཚན་བཙུག །དར་ཟབ་མཛེས་པའི་རྒྱན་གྱིས་བརྒྱན། །ཤ་ཆང་སྒོག་གཙང་ལ་སོགས་པའི། །མཆོད་རྫས་སྣ་ཚོགས་གཅལ་དུ་བཀྲམ། །ཚིལ་ཆེན་དུད་པ་སྤྲིན་ལྟར་འཁྲིགས། །རཀྟའི་རྒྱ་མཚོ་རྦ་རླབས་འཁྲུགས། །ཞུན་ཆེན་མར་མེ་ཏ་ལ་ལ། །ཐོད་རྔ་མི་རྐང་དུང་ལ་སོགས། །རོལ་མོ་སྣ་ཚོགས་ཏི་རི་རི། །སྙན་པའི་འཛབ་བགྲང་ཡེ་རེ་རེ། །བདག་གི་དུག་གསུམ་དབང་གྱུར་པས། །དཔལ་ལྡན་ལྷ་མོ་འཁོར་བཅས་ཀྱི། །སྐུ་གསུང་ཐུགས་དང་འགལ་བ་རྣམས། །མཆོད་སྦྱིན་འདི་ཡིས་བསྐང་གྱུར་ཅིག །རྨ་བྱ་འཇོལ་སྒེག་ལྡན་པ་ལ། །རིན་ཆེན་སྣ་ཚོགས་གཤོག་པ་ཅན། །རིན་ཆེན་འབར་བས་སྤྱི་བོ་བརྒྱན། །མ་ཅིག་གཙོ་མོའི་ཐུགས་དམ་བསྐང་། །དེ་མོ་ནག་མོ་གསེར་མིག་མ། །ཡིད་བཞིན་ནོར་བུའི་སྐུ་ལ་བརྒྱན། །ཡོན་ཏན་དུ་མར་ལྡན་པ་འདིས། །ཁོལ་མོ་རེ་མ་ཏི་ཡི་ཐུགས་དམ་བསྐང་། །ནལ་ཕྲུག་སྙིང་དང་ནལ་བུས་ཤ་ཁྲག་དང་། །སེང་གེའི་སྙིང་དང་བྱ་ནག་སྙིང་། །ནལ་ཕྲུག་སེང་གེའི་རྒྱལ་མཚན་གྱི། །རྗེ་བློན་ཡོངས་ཀྱི་ཐུགས་དམ་བསྐང་། །ལྷ་ལུག་ནག་པོ་སྤྱི་དཀར་དང་། །བྱ་ནག་སྒོ་ང་དཀར་པོ་ལ། །ཡོན་ཏན་སྣ་ཚོགས་ལྡན་པ་འདིས། །མ་མོ་ཡོངས་ཀྱིས་ཐུགས་དམ་བསྐང་། །ཙིཏྟ་སྙིང་གི་ཐུགས་དམ་བསྐང་། །ཚིལ་ཆེན་དུད་པས་ཐུགས་དམ་བསྐང་། །མི་རྐང་གླིང་བུས་ཐུགས་དམ་བསྐང་། །གཡབ་དར་ནག་པོས་ཐུགས་དམ་བསྐང་། །ཧཱུྃ། བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་། །ཕྱག་ན་རྡོ་རྗེའི་ཐུགས་དམ་བསྐང་། །མ་ཧཱ་དཱེ་བའི་ཐུགས་དམ་བསྐང་། །ཨུ་མ་དཱེ་བའི་ཐུགས་དམ་བསྐང་། །དཔལ་ལྡན་ལྷ་མོའི་ཐུགས་དམ་བསྐང་། །མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང་། །བྲམ་ཟེ་མཆོག་སྲེད་ཐུགས་དམ་བསྐང་། །ཨེ་ཀ་ཙ་ཏིའི་ཐུགས་དམ་བསྐང་། །ཧཱུྃ། བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །རེ་ལྡེ་མགོ་ཉག་ཐུགས་དམ་བསྐང་། །དྲན་པ་དབང་བྱེད་ཐུགས་དམ་བསྐང་། །བདུད་མོ་རེ་མ་ཏི་ཡི་ཐུགས་དམ་བསྐང་། །བཀའ་བཞིན་ལས་རྣམས་སྒྲུབ་པའི་ཕྱིར། །ཆུ་སྲིན་གདོང་གི་ཐུགས་དམ་བསྐང་། །དགྲ་བགེགས་རྩད་ནས་བཅད་པའི༴ བ་ལམ་ནག་མོའི༴ བསྟན་བསྲུང་ཕོ་ཉ་འགྱེད་པའི༴ ཁྲི་སྨན་ས་ལེའི༴ སྟག་སེང་ཁྱུང་དང་བྱ་རྒོད་མགོ། །སྒོ་མ་བཞི་ཡི༴ སྨྲ་བོ་ལག་རིང་ལ་སོགས་པའི། །སྨྲ་བསྲུང་བརྒྱད་ཀྱི༴ དགྲ་བགེགས་ཁྲམ་ལ་འདེབས་པའི་ཕྱིར། །ཁྲམ་ཐོགས་བརྒྱད་ཀྱི༴ སྟོང་གསུམ་མ་ལུས་ཉུལ་བའི་ཕྱིར། །བོང་ཞོན་བརྒྱད་ཀྱི༴ བྱ་བའི་ལས་རྣམས་བསྒྲུབ༴ ནམ་གྲུ་བརྒྱད་ཀྱི༴ འཁོར་དུ་ནག་མོ་འབུམ་སྡེ་དང་། །སྲིད་པའི་མ་མོ་སྟོང་གི་ཐུགས་དམ་བསྐང་། །ཤ་ཟ་ལས་ཀྱི་སྲིན་མོའི་ཚོགས། །སྟོང་ཕྲག་དྲུག་ཅུ་རྩ་བཞིའི༴ ཤར་ཕྱོགས་དཀར་མོ་འབུམ་གྱི༴ ལྷོ་ཕྱོགས་སེར་མོ་འབུམ༴ ནུབ་ཕྱོགས་དམར་མོ་འབུམ༴ བྱང་ཕྱོགས་ལྗང་མོ་འབུམ༴ སྣང་སྲིད་ལྷ་འདྲེའི་ཐུགས༴ བརྟན་མ་བཅུ་གཉིས༴ མ་མོ་བྱེ་བའི༴ བདུད་མོ་བྱེ་བའི༴ ཁྱེད་ཀྱི་ཐུགས་དམ་བསྐང་ནས་ཀྱང་། །བདག་ཅག་འཁོར་དང་བཅས་པ་ཡི། །ལུས་ངག་ཡིད་གསུམ་བྱ་བ་རྣམས། །ཉམས་པར་གྱུར་པ་ཅི་མཆིས་པ། །དམ་ཅན་ཁྱེད་ལ་མཐོལ་ལོ་བཤགས། །ཕྱིན་ཆད་ཉམས་པ་མི་བགྱིད་འཚལ། །ཁྱེད་ལ་ཕྲིན་ལས་ལས་བཅོལ་བ་ནི། །སངས་རྒྱས་བསྟན་པ་བསྲུང་བ་དང་། །སེམས་ཅན་བདེ་ལ་འགོད་པ་དང་། །ནད་གདོན་བར་ཆད་ཞི་བ་དང་། །ཕས་ཀྱི་རྦོད་གཏོང་བཟློག་པ་དང་། །དམ་ཉམས་དགྲ་བགེགས་སྒྲོལ་བ་དང་། །བདག་གི་བསམ་པའི་དོན་རྣམས་ཀུན། །མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད། །དེ་ནས་བཤགས་པ་ནི། བྷྱོ། མི་མངོན་དབྱིངས་ནས་བཞེངས་པའི་ལྷ་མོ་ནི། །དབང་ཕྱུག་སྲས་མོ་དཔལ་ལྡན་དུང་སྐྱོང་མ། །སྲིད་གསུམ་བདག་མོ་དཔལ་ལྡན་རེ་མ་ཏི། །དཔོན་གཡོག་འཁོར་བཅས་བདག་ལ་དགོངས་སུ་གསོལ། །ཐོག་མའི་དུས་ནས་དུག་གསུམ་དབང་གྱུར་པས། །ལུས་ངག་ཡིད་གསུམ་སྡིག་བགྱིས་བགྱིད་དུ་བརྩལ། །བགྱིས་ལ་ཡི་རང་མི་དགེ་སྣ་ཚོགས་བགྱིས། །ལྷ་མོ་འཁོར་བཅས་ཁྱེད་ལ་མཐོལ་ལོ་བཤགས། །སྐུ་ཡི་དམ་ཚིག་ཡི་དམ་ལྷ་དང་འགལ། །གསུང་གི་དམ་ཚིག་སྔགས་ཀྱི་བཟླས་བརྗོད་གཡེལ། །ཐུགས་ཀྱི་དམ་ཚིག་གསང་བ་སྤེལ་བ་འདི། །ལྷ་མོ་འཁོར་དང་བཅས་ལ་མཐོལ་ལོ་བཤགས། །སྤྲུལ་པ་ནལ་ཕྲུག་བོང་དྲེལ་ནེའུ་ལེ། །གུས་པས་མཆོད་བསྟོད་མ་བྱས་ཁྲོས་ཤིང་རྩུབ། །འཚུབས་མ་སྤངས་ཤིང་རྟེན་རྫས་སྤངས་བ་རྣམས། །ལྷ་མོ་འཁོར་དང་བཅས་ལ༴ ཉ་སྟོང་ལ་སོགས་དུས་ཀྱིས་བྱེད་པ་ལ། །བསྙེན་སྒྲུབ་བསྐང་བ་དུས་ཀྱི་ཆོ་ག་ཆགས། །ཤེས་ཤིང་ཁྱད་དུ་གསོད་པ་ཅི་མཆིས་པ། །དམ་ཅན་བསྲུང་མའི་ཚོགས་ལ༴ བསྲུང་བྱ་མ་བསྲུང་སྤང་བྱ་མ་སྤངས་དང་། །བརྟེན་བྱ་མ་བརྟེན་སྒྲུབ་བྱ་མ་བསྒྲུབ་པའི། །ཁས་བླངས་དམ་བཅའ་ཉམས་པ་ཅི་མཆིས་པ། །བཟོད་པར་གསོལ་ལོ་ཚངས་པར་སྩལ་དུ་གསོལ། །བདག་གི་དུས་རྣམས་ཀུན་ཏུ་ལྷ་ཁྱོད་དང་། །སྐད་ཅིག་མི་འབྲལ་ཕྲིན་ལས་རྣམ་བཞི་ཡི། །ནམ་མཁའི་མཐའ་མཉམ་སེམས་ཅན་མ་ལུས་རྣམས། །རྡོ་རྗེ་འཛིན་པའི་ས་ལ་འཁོད་པར་ཤོག །ཡི་གེ་བརྒྱ་པ་ལན་གསུམ་མམ་བདུན་བརྗོད་པར་བྱའོ། །བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པའི་རྒྱ་གཞུང་ལགས། ༈ དེ་ནས་རེ་མ་ཏི་ལ། བདུད་རེ་ལྡེ་མགོ་ཉག་གིས། འདུལ་ཐབས་ཀྱི་དབང་གི་སྒོ་ནས་བསྟོད་པ། ལྷ་ལ་དབང་བསྒྱུར་ལྷ་མོ་དཔལ་འབར་མ། །དབང་ཕྱུག་སྲས་མོ་ལྷ་མོ་གཟི་ལྡན་མ། །སུམ་ཅུ་རྩ་གསུམ་གནས་ཀྱི་གཙོ་མོ་སྟེ། །ལྷ་མོ་རེ་མ་ཏི་ལ་ཕྱག་འཚལ་བསྟོད། །བདུད་ལ་དབང་བསྒྱུར་བདུད་མོ་རེ་མ་ཏི། །རེ་ལྡེ་འགོང་ཉག་བུ་མོ་རེ་མ་ཏི། །ནག་མོ་རྩེ་དགུའི་གནས་ཀྱི་གཙོ་མོ་སྟེ། །བདུད་མོ་རེ་མ་ཏི་ལ་ཕྱག༴ ཀླུ་ལ་དབང་བསྒྱུར༴ གཙུག་ན་རིན་ཆེན་བུ་མོ་ཡིད་འོང་མ། །རོལ་མཚོ་བདུན་གྱི་གནས་ཀྱི་གཙོ་མོ་སྟེ། །ཀླུ་མོ་རེ་མ་ཏི་ལ༴ གནོད་སྦྱིན་དབང་བསྒྱུར༴ གང་བ་བཟང་པོའི་བུ་མོ་ཤང་ཀ་ན། །ནགས་ཚལ་དྲྭ་བ་ཅན་གྱི་གཙོ་མོ་སྟེ། །གནོད་སྦྱིན་རེ་མ་ཏི་ལ་ཕྱག་འཚལ་བསྟོད། །ཞེས་མེ་ལྕེ་འབར་བའི་རྒྱུད་ཀྱི་བསྟོད་པ་ཁོལ་ཕྱུང་ལགས།། །།


previousདཔལ་ལྡན་ལྷ་མོའི་བསྐང་གསོལ།next