Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་སོ་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
མ་མོ་དམ་ལྡན་གྱི་ལྷ་མོ་རྡོ་རྗེ་རེ་མ་ཏིའི་དགྱེས་བསྐྱེད་མ ཆོད་སྤྲིན་དུ་སྤྲོ་བའི་ཐབས་ཉུང་ངུར་བསྡུས་པ། ཆོས་ཀྱི་རྡོ་རྗེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམ་མོ་དམ་ལྡན་གྱི་ལྷ་མོ་རྡོ་རྗེ་རེ་མ་ཏིའི་དགྱེས་བསྐྱེད་མ ཆོད་སྤྲིན་དུ་སྤྲོ་བའི་ཐབས་ཉུང་ངུར་བསྡུས་པ། ཆོས་ཀྱི་རྡོ་རྗེ།next

མ་མོ་དམ་ལྡན་གྱི་ལྷ་མོ་རྡོ་རྗེ་རེ་མ་ཏིའི་དགྱེས་བསྐྱེད་མ ཆོད་སྤྲིན་དུ་སྤྲོ་བའི་ཐབས་ཉུང་ངུར་བསྡུས་པ། ཆོས་ཀྱི་རྡོ་རྗེ།

མ་མོ་དམ་ལྡན་གྱི་ལྷ་མོ་རྡོ་རྗེ་རེ་མ་ཏིའི་དགྱེས་བསྐྱེད་མཆོད་སྤྲིན་དུ་སྤྲོ་བའི་ཐབས་ཉུང་ངུར་བསྡུས་པ་བཞུགས་སོ། །ན་མོ་ཤྲཱི་གུ་རུ་ཝེ། འདིར་མ་མོའི་མཆོད་གསོལ་བྱ་བར་འདོད་པ་དག་གིས་གཏོར་ཆེན་ཤ་ཁྲག་གིས་བརྒྱན་པ་དང་། སྐྱེམས་ཕུད་དང་གསུར་ཆེན་གྱི་དུད་པ་དང་བཅས་ཏེ་རྣལ་འབྱོར་པས་ཡི་དམ་རྒྱུན་སྤྱོད་ཀྱི་ངང་ལ་འཇུག་བཞིན་མཆོད་རྫས་རྣམས་སྤེལ་སྦྱངས་ཀྱི་སྔགས་དང་ཕྱག་རྒྱ་དང་། ༀ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ཏེ། ཧཱུྃ་བྷྱོ། མ་རུངས་གདུག་པའི་བསྟན་དགྲའི་གཤེད་མ་རུ། །མ་ཅིག་བཟང་མོའི་རྣམ་རོལ་ཡེ་ཤེས་ཀྱི། །མ་མོ་དཔལ་ལྡན་ལྷ་མོ་རེ་མ་ཏི། །མ་ཐོགས་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །མ་བཀོད་རང་བྱུང་དགྱེས་པའི་གདན་ལ་བཞུགས། །མ་ལ་དད་དང་གུས་པས་ཕྱག་འཚལ་ཏེ། །མ་ཚོགས་མཉེས་བྱེད་མཆོད་རྫས་དངོས་བཤམས་རྣམས། །མ་གཙང་དྲིས་གོས་བསྲེགས་གཏོར་བཀྲུས་སྦྱངས་ཤིང་། །མ་ཡེངས་ཏིང་འཛིན་སྔགས་རྒྱས་བྱིན་རླབས་པའི། །མ་འདྲེས་ཕྱི་མཆོད་ཆུ་གཉིས་ཉེར་སྤྱོད་ལྔ། །མ་སྤང་ནང་གི་འདོད་ཡོན་ཚོགས་དང་གཞན། །མ་བཅོས་བྱང་ཆུབ་སེམས་ཀྱི་བདུད་རྩི་སྨན། །མ་དག་ཉོན་མོངས་བསྒྲལ་བའི་ཁྲག་ཆེན་པོ། །མ་ཧཱ་མཾ་སའི་གཏོར་མ་སྤུངས་པ་བཅས། །མ་དང་མཁའ་འགྲོ་རྒྱ་མཚོར་མཆོད་པར་འབུལ། །མ་ཁྱོད་སྟོང་གསུམ་དབང་བསྒྱུར་གཤེགས་ཙམ་ན། །མ་འབད་རྫུ་འཕྲུལ་སྟོབས་ལྡན་ཤུགས་འགྲོ་དང་། །མ་ཡི་ཡོ་བྱད་རྣམ་མང་ཇི་སྙེད་པ། །མ་ཚངས་མེད་པས་ནམ་མཁའི་ཁམས་བཀང་ནས། །མ་ཆེན་དཔལ་ལྡན་རྡོ་རྗེ་ལྷ་མོ་ནི། །མ་འཁོར་སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་གྱི། །མ་སྲིང་འཁོར་བཅས་ཐུགས་དམ་བསྐང་གྱུར་ཅིག །མ་ནོར་ངེས་གསང་སྙིང་པོའི་རྣལ་འབྱོར་ལ། །མ་འགྱངས་མཆོག་ཐུན་དངོས་གྲུབ་སྣ་ཚོགས་སྩོལ། །མ་ཐུབ་རིང་ནས་བརྣགས་པའི་དགྲ་བོ་རྣམས། །མ་ཤོར་ད་ལྟར་བསྒྲལ་བའི་གཟུགས་ཕུང་ཚོགས། །མ་འགགས་ཡངས་པའི་ཞལ་གྱི་ཧོམ་ཁུང་དུ། །མ་བཞག་ད་ལྟར་རོལ་ཅིག་དམ་ལྡན་མ། །མ་རྒྱུད་ཡོངས་ཀྱི་གཙོ་མོ་རེ་མ་ཏི། །མ་ཅིག་བུ་བཞིན་བརྩེ་གདུང་བྱམས་པ་ཡི། །མ་གཡེལ་རྟག་ཏུ་བརྟེན་པའི་གྲོགས་མཛད་ཕྱིར། །མ་བཟོད་གདུང་བའི་དབྱངས་ཀྱིས་བསྟོད་པར་བགྱི། །མ་ཉིད་ཡེ་ཤེས་སྤྱན་ལྡན་རྣལ་འབྱོར་བདག །མ་རིག་དབང་གིས་འགལ་འཁྲུལ་གྱུར་པ་ཀུན། །མ་དམིགས་ཀློང་ཡངས་ཟང་ཐལ་ཆེན་པོའི་ངང་། །མ་ལུས་མཐོལ་ཞིང་བཤགས་སོ་བཟོད་པར་བཞེས། །མ་གྱུར་སྐྱབས་གཅིག་གུ་རུའི་དམ་བཞག་ལས། །མ་འདའ་མ་འདའ་རྡོ་རྗེ་རེ་མ་ཏི། །མ་བོར་བདག་ཅག་དཔོན་སློབ་ཆབ་སྲིད་བརྟན། །མ་དྲོས་རྒྱ་མཚོའི་འཇིངས་ལས་འགྲན་པར་མཛོད། །ཅེས་པའང་དམ་ལྡན་རྡོ་རྗེའི་ལྷ་མོའི་མཆོད་གསོལ་སྔར་གཤེགས་པ་བྱང་ཆུབ་རྒྱལ་མཚན་གྱིས་མཛད་པ་ལས། མ་འོངས་རྣལ་འབྱོར་བས་ཀྱང་དེ་བཞིན་མཛོད། ཅེས་མཐོང་བ་དང་ཡིད་ལ་འདི་ལྟར་བྱ་བར་སེམས་ཚེ་མ་མོ་དགྱེས་པའི་མཚན་མ་ངེས་པར་བྱུང་བར་བརྟེན་ནས། ངེས་གསང་སྙིང་པོའི་བསྟན་གནས་ཀཿཐོག་རྡོ་རྗེ་གདན་གྱི་གཙུག་ལག་ཁང་དུ་ཤཱཀྱའི་བན་སྡོམ་ཆོས་ཀྱི་རྡོ་རྗེས་རང་ལོ་བཅོ་བརྒྱད་པར་ཡི་གེར་བཀོད་པ་དགེའོ། །སརྦ་མངྒ་ལམ།། །།


previousམ་མོ་དམ་ལྡན་གྱི་ལྷ་མོ་རྡོ་རྗེ་རེ་མ་ཏིའི་དགྱེས་བསྐྱེད་མ ཆོད་སྤྲིན་དུ་སྤྲོ་བའི་ཐབས་ཉུང་ངུར་བསྡུས་པ། ཆོས་ཀྱི་རྡོ་རྗེ།next