Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་སོ་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
མ་མོ་འཁྲུངས་བསྐང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམ་མོ་འཁྲུངས་བསྐང་།next

མ་མོ་འཁྲུངས་བསྐང་།

མ་མོ་འཁྲུགས་བསྐང་གི་དབུ་ཕྱོགས་སོ། །མ་མོའི་འཁྲུགས་པ་བསྐང་བ་ནི། ཤིན་ཏུ་གཉན་པས་གལ་ཐོད་ཐོད་དུ་མི་བྱའོ། །བྷྱོ༔ སྙིགས་མ་ལྔ་ཡི་དུས་བྱུང་ན༔ བཀའ་བཞིན་མི་བྱེད་བཀའ་སྩལ་བཀྲམ༔ གསང་སྔགས་མི་གསང་ནོར་ལ་བརྩེང༔ བོན་དུ་གྱེར་ཞིང་གྲོང་བསྙེན་བྱེད༔ མངོན་དུ་གྱེར་ཞིང་མངོན་སྤྱོད་བྱེད༔ དོན་མི་རྟོགས་ཤིང་ཟུང་དུ་སྤྱོད༔ ནང་འཐབ་བྱེད་ཅིང་འདུལ་ཁྲིམས་ཉམས༔ སློབ་དཔོན་ཕ་མའི་བཀའ་བཅག་ཅིང༔ སྐྱེ་བོ་རང་སྡིག་སྤྱོད་པའི་ཚེ༔ དེ་ཚེ་སྲིད་པའི་མ་མོ་འཁྲུགས༔ འཁྲུག་པའི་མ་མོའི་ཐུགས་དམ་བསྐང༔ བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང༔ གཞན་ཡང་མ་མོ་འཁྲུག་པའི་རྒྱུ༔ མཆོད་པ་ལོ་ཟླར་འདས་པ་དང༔ ཁས་བླང་དགེ་བ་ཆགས་པ་དང༔ ཡོ་བྱད་ཉམས་དང་རྫས་མ་ཚངས༔ བཟླས་བརྗོད་བར་ཆད་བྱེད་པ་དང༔ ཕུད་ཉམས་ལྷག་མའི་གཏོར་མ་དང༔ བདེན་ནམ་མི་བདེན་བསམ་པ་དང༔ ཐེ་ཚོམ་སོམ་ཉི་ཟོས་པ་ཡི༔ སྒྲུབ་པའི་མ་མོ་འཁྲུག་པར་འགྱུར༔ དེ་ཚེ་སྲིད་པའི་མ་མོ་འཁྲུག༔ འཁྲུག་པའི་མ་མོའི་ཐུགས་དམ་བསྐང༔ བསྐང་ངོ་བསྐལ༔ སྐུ་ཡི་ཕྱག་རྒྱ་རིང་དུ་སྤང༔ རྡོ་རྗེ་སློབ་དཔོན་མ་མཉེས་དང༔ རྡོ་རྗེ་སྤུན་ལ་དམ་ཚིག་མེད༔ སྐུ་ཡི་དམ་ཚིག་ཉམས་གྱུར་པའི༔ དེ་ཚེ་སྲིད་པའི་མ་མོ་འཁྲུག༔ འཁྲུག་པའི་མ་མའི་ཐུགས་དམ་བསྐང༔ བསྐང་ངོ་བསྐལ་པའི༴ གཞན་ཡང་དམ་ཚིག་ཉམས་པའི་རྒྱུ༔ བཟླས་བརྗོད་ཕྱག་རྒྱ་རྒྱུན་ཆད་པས༔ གསུང་གི་དམ་ཚིག་ཉམས་གྱུར་པའི༔ བསྐང་ངོ་༴ གསང་བའི་མན་ངག་སྤེལ་བ་ཡིས༔ ཐུགས་ཀྱི་དམ་ཚིག་ཉམས་གྱུར་པའི༔ བསྐང་ངོ་༴ ཏ་ན་གཱ་ན་ལྔ་མི་སྤྱོད༔ ཡན་ལག་དམ་ཚིག་ཉམས་གྱུར༴ བསྐང་ངོ་༴ མ་མོ་འཁྲུག་པའི་སྤྱོད་པ་ནི༔ ཡུག་ས་དག་ལ་ཆགས་པ་དང༔ སྦྲུམ་མ་མི་དགའ་བཅུག་པ་དང༔ ཕ་མེད་བུ་ཚ་སྤངས་བ་དང༔ བོང་བུ་བརྩེགས་བརྡུང་བསྒྱུར་བ་དང༔ རལ་གྲི་དག་ལ་མ་མོས་དང༔ རྨ་བྱ་རིང་དུ་སྤངས་པ་དང༔ ཁུ་བ་དཀར་དམར་མ་བརྟེན་དང༔ མ་ལ་དད་པ་ལོག་པ་དང༔ ནེའུ་ལེ་རྐྱང་པ་བཀྲམ་པ་དང༔ ཤིང་ལོ་རླུང་ཁྱེར་མ་བཟུང་དང༔ རྡོ་སོལ་ཆུ་ལ་བསྒྱུར་བ་དང༔ འཚུབས་མཐོང་ནས་མ་མོས་དང༔ རྗེས་ཆགས་མ་བྱང་རཀྟ་སྤངས༔ ཡོངས་སུ་མ་སྨིན་སེམས་ཅན་ལ༔ ལྷ་ཡི་ཁ་དོག་བསྟན་པ་དང༔ སྙིང་པོ་གསང་སྔགས་གྱེར་བ་དང༔ ཕྱག་རྒྱ་གཞན་ལ་གྱེར་བ་དང༔ རྟག་ཏུ་དམ་ཚིག་བཟློ་བ་དང༔ དུས་ཚོད་མཆོད་པ་ཆགས་པ་དང༔ བསྙེན་པ་གྲངས་ཀྱི་མ་ཐེམ་དང༔ སངས་རྒྱས་སྐུ་གཟུགས་མ་བྲིས་དང༔ བྲམ་ཟེ་མཆོག་སྲིད་སྤངས་པ་དང༔ དམ་ཚིག་ཕྱག་རྒྱ་མ་བརྟེན་དང༔ བྱ་ནག་ལུག་ནག་ཁྱི་ནག་མ་བརྟེན་དང༔ མཆེད་དང་ལྕམ་དྲལ་ཞེ་གཅོད་པས༔ མ་མོ་དཔོན་གཡོག་འཁྲུགས་པར་འགྱུར༔ དེ་ཚེ་སྲིད་པའི༴ མ་མོ་འཁྲུག་པའི༴ བསྐང་ངོ་བསྐལ་པའི༔ གཞན་ཡང་དམ་ཚིག་ཉམས་པའི་རྒྱུ༔ མ་ཉེས་བགེགས་ཆེན་བཏགས་པ་དང༔ ས་བདག་ཀླུ་གཉན་རྒྱུད་དཀྲུག་དང༔ དམ་ཚིག་ཉམས་སུ་བཅུག་པ་དང༔ མི་ཐུབ་ལྷ་འདྲེ་དོ་བསྡོས་པས༔ འཇིག་རྟེན་མ་མོ་འཁྲུག་པར་འགྱུར༔ དེ་ཚེ་སྲིད༴ འཁྲུག་པའི་མ་མོའི༴ བསྐང་ངོ་༴ གཞན་ཡང་མ་མོ་འཁྲུག་པའི་རྒྱུ༔ བཀའ་དྲིན་ཅན་གྱི་སློབ་དཔོན་ལ༔ སྒྱུ་མའི་ནོར་གྱིས་མ་མཉེས་པས༔ དྲིན་ཆེན་དམ་ཚིག་མི་སྟེར་རོ༔ དངོས་གྲུབ་ཐོབ་པའི་རྒྱུ་ཡང་མེད༔ རང་ཉིད་ཤེས་རབ་ཆུང་བ་ཡིས༔ དོན་དམ་རྟོགས་པའི་དུས་ཡང་མེད༔ འཇིག་རྟེན་མ་མོ་འཁྲུག་པར་འགྱུར༔ དེ་ཚེ་སྲིད༴ འཁྲུག་པའི༴ བསྐང་ངོ་༴ གཞན་ཡང་མ་མོ་འཁྲུག་པའི་རྒྱུ༔ མཚན་མ་ཅུང་ཟད་བུལ་བའི་ཚེ༔ མ་མོ་གནད་ལ་བོར་ནས་ནི༔ མི་མཐུན་འཁོར་ལོ་བཅས་བྱས་ནས༔ མ་མོ་འཁྲུག་པའི་སྔགས་ཀྱང་བཟླས༔ སྙིང་རྟོག་བྱེད་ཅིང་ལས་ཀྱི་གཟེར༔ སེམས་འཁྲུག་ང་རོ་མི་བསྙེན་པས༔ དམ་དུ་བདར་ཅིང་གཡབ་མོ་འདེབས༔ དེ་ཚེ་སྲིད༴ འཁྲུག་པའི༴ བསྐང་ངོ་༴ མ་མོ་འཁྲུག་པའི་འཇིག་རྟེན་དུ༔ མི་མཐུན་སྣ་ཚོགས་འབྱུང་བར་འགྱུར༔ མ་མོ་ནང་འཐབ་མཚོན་ཆ་འཁྲུག༔ གཅན་གཟན་འཁྲུག་ཅིང་འཐབ་པ་དང༔ བྱ་ནག་རྣམས་ཀྱང་ནང་འཐབ་བྱེད༔ མེ་ཡི་ལུས་ལ་ཚིག་ཉམས་བྱེད༔ བུད་མེད་སྨྲ་བ་མང་པོ་བྱེད༔ ངུ་འབོད་བྱེད་ཅིང་འཐབ་མོ་བརྡེབ༔ ངོ་འཛུམ་ནག་ཅིང་ཁ་དོག་ངན༔ གོས་ཀྱང་ཁ་དོག་ངན་པ་ཡིན༔ དགྲ་བྱུང་ཟེར་ཞིང་ཕུ་མདར་རྒྱུག༔ མིག་ཚུག་ལག་བསྩོག་བརྒོལ་བར་འགྱུར༔ དམག་མི་རྣམས་ཀྱང་ནང་འཐབ་བྱེད༔ འཁོར་ཡང་མི་བརྟན་དབྱེན་ལ་དགའ༔ བདག་ཀྱང་མི་དགའ་རླུང་སེམས་འཕྱོ༔ ཡིད་ལ་མི་འདོད་སྣ་ཚོགས་འབྱུང༔ འཇིག་རྟེན་འདི་ན་གཟའ་ཡང་འཁྲུགས༔ སྐར་མདའ་ལྷུང་དང་ས་གཡོས་འཁྲུགས༔ འུར་སྒྲ་ཐུག་ཆོམ་མི་ཆད་གྲགས༔ ཁྲག་གི་ན་བོན་དམར་དང་སེར༔ ནག་པོས་སྟོང་གསུམ་གང་བ་དང༔ སྔོན་པོས་སྟོང་གསུམ་འབྱུང་བར་འགྱུར༔ ཁྲག་གི་ཆར་པ་སྟོང་ཁམས་གང༔ ཐོག་དང་སེར་བ་བུ་ཡུག་འཚུབས༔ དུས་མིན་ཁ་ཆར་དྲག་པོ་འབེབས༔ འཚུབས་མ་མང་པོས་རི་ལུང་གང༔ མི་ལ་སྲོག་ཆགས་ཐམས་ཅད་སྡང༔ གཤིན་རྗེ་ཨ་ཝ་གླང་མགོ་ཡི༔ ས་རིམ་པ་དགུ་ཡི་འོག་ཤེད་ན༔ མཛེ་ནད་རྣམ་པ་སྣ་ཚོགས་བཏང༔ གདོན་དང་ཡམས་ནད་མང་བར་བྱེད༔ དེ་ཚེ་བསྐང་བར་བྱེད་པ་ཡིན༔ བསྐང་ངོ་བསྐལ༴ ཚད་ནད་འབྲུམ་ནད་མང་པོ་བཏང༔ རིམ་ནད་སྣ་ཚོགས་འབྱུང་བར་འགྱུར༔ གློ་བུར་ནད་ཚ་མང་བ་དང༔ ཕྱུག་དང་ཞིང་ནི་གདོན་གྱི་ཁྱེར༔ དེ་ཚེ་བསྐང༴ བསྐང་ངོ༴ གཞན་ཡང་མ་མོ་འཁྲུག་པའི་རྟགས༔ བྲོས་ཤིང་མི་སྡུག་གཟུགས་སུ་སྟོན༔ རྒྱབ་ཀྱི་ཕྱོགས་སུ་ཚུར་ལ་བླངས༔ འཁོར་ར་བྱེད་ཅིང་བྲང་ལ་བརྡུངས༔ ཆེ་ཚུལ་བྱེད་ཅིང་བ་ག་སྟོན༔ དེ་ཡང་མ་མོ་འཁྲུག་པའི་རྟགས༔ དེ་ཚེ་སྲིད་པའི༴ འཁྲུག་པའི༴ བསྐང་ངོ༔ གཞན་ཡང་མ་མོ་འཁྲུག་པའི་རྟགསཿ རལ་གྲི་ཆགས་དང་བོང་བུ་འཐིང༔ དྲེལ་ཁྱི་ཕྲད་དང་རྨ་བྱ་རྙག༔ ཟླ་བ་ཕྱེད་དང་ཉི་མ་ཐལ༔ མེ་ཡི་ཚིག་དང་ཆུ་ཡི་ཁྱེར༔ དེ་ཡང་འཁྲུག་པའི་མ་མོ་ཡང༔ བསྐང་ངོ་༴ གཞན་ཡང་མ་མོ་ཆད་པའི་རྟགས༔ བྱ་ནག་གཏོར་མ་མི་ཟ་ཞིང༔ བཅའ་རོག་བྱེད་ཅིང་ཕར་ལ་འགྲོ༔ ཐིབ་ཐིབ་དང་ནི་ཏལ་ཏལ་སྨྲ༔ རིང་གྲོགས་བྱེད་ཅིང་འབོད་འགྲོགས་བྱེད༔ བུད་མེད་མང་པོ་ངུ་བཞིན་དུ༔ བཀྲ་མི་ཤེས་པའི་ཚིག་ཀྱང་བརྗོད༔ རང་ཉིད་གཅེར་བུར་བུད་པ་དང༔ གོས་དང་ཁ་དོག་ངན་པ་རྨིས༔ འཚུབ་མ་ཐུད་དུ་འཁྱིལ་བ་དང༔ རྐེད་དུ་ཆགས་དང་རལ་བ་དང༔ མཐུར་དུ་རྒྱུག་ཅིང་དུམ་བུར་བཏང༔ དེ་ཡང་མ་མོ་ཆད་རྟགས་ཡིན༔ དེ་ཚེ་བསྐང་བར་བྱེད་པ་ཡིན༔ འཁྲུག་པའི་མ་མོའི༴ བསྐང་ངོ་༴ གཞན་ཡང་མ་མོ་ཆད་རྟགས་ཡིན༔ རྒོལ་ཞིང་ངོ་ནག་ཆོ་ངེས་འདེབས༔ མཚོན་བྱུང་དགྲ་རྒོལ་ཕུ་མདར་རྒྱུགས༔ འཇིག་རྟེན་བུད་མེད་མང་པོ་ནི༔ ངུ་འབོད་ཐལ་མོ་བརྡེབ་ཅིང་བྱོན༔ ངོ་ནག་བྱེད་ཅིང་འབེབས་མི་ཉན༔ དེ་མ་ལྟར་བསྟེན་པའི་ཉམས་རྟགས་ཡིན༔ བསྐང་ངོ་༴ ཁྲེལ་འཛེམ་བྱེད་ཅིང་ལྐོག་ན་གབ༔ ངོ་ནག་བྱེད་ཅིང་འཐབ་མོ་འོང༔ དེ་སྲིང་ལྟར་བསྟེན་པའི་ཉམས་རྟགས་ཡིན༔ བསྐང་ངོ་༴ མཚང་བྲུ་འཐབ་མོ་གསང་ཞིང་བྱེད༔ ཚུལ་ལ་གཏམ་ཞིང་ཕར་ལ་འགྲོ༔ དེ་མཛའ་ལྟར་བསྟེན་པའི་ཉམས་རྟགས་ཡིན༔ དེ་ཚེ་སྲིད་པའི་མ་མོ་འཁྲུག༔ འཁྲུག་པའི་མ་མོའི༴ སྐོང་ངོ་༴ ལྟོ་མཁོན་བྱེད་ཅིང་ངོ་འཛུམ་ནག༔ མཆུ་འབུག་བྱེད་ཅིང་ལྐག་ན་གབ༔ འཐབ་མོ་བཏགས་སོ་ཞེས་ཀྱང་ཟེར༔ དེ་དྲན་ལྟར་བསྟེན་པའི་ཉམས་རྟགས་ཡིན༔ དེ་ཚེ་སྲིད་པའི༴ འཁྲུགས་པའི་མ་མོའི༴ བསྐང་ངོ་༴ གཞན་ཡང་མ་མོ་ཆད་རྟགས་ནི༔ བོང་བུ་མཆོང་སྟག་འགྲོས་ཀྱང་བྱེད༔ གསོད་དང་རྒོལ་དང་གཅོད་པ་མཐོང༔ རླུང་ནག་འཚུབས་མའི་ནང་ནས་ཕྱིན༔ ཚུར་ལ་མི་འོང་ཕར་ལ་འགྲོ༔ གཅན་གཟན་ཕར་སྤྱང་མང་པོས་ཀྱང༔ ཟ་འདོད་བྱེད་ནས་ཕར་ལ་འགྲོ༔ འབུད་དུ་བཟུང་ཞིང་བུད་མེད་ཀྱང༔ ནའོ་ཚའོ་ཟེར་ཞིང་ཕར་ལ་འགྲོ༔ བུད་མེད་རྐུབ་དང་བཱ་ག་བཟུང་ཞིང་དུ༔ ཟ་འདོད་བྱེད་ནས་ཕར་ལ་འགྲོ༔ ཟ་འདོད་སྦྱོར་འདོད་ཟེར་ཞིང་ནི༔ ཚུལ་ལ་མི་འོང་ཕར་ལ་འགྲོ༔ དེ་ཚེ་བསྐང་བར་བྱེད་པ་ཡིན༔ སྐོང་ངོ་༴ གཞན་ཡང་མ་མོ་ཆད་རྟགས་ནི༔ བུད་མེད་ཤིན་ཏུ་ངུ་བ་དང༔ བོང་བུ་ཤའམ་ཆགས་པ་དང༔ རལ་གྲི་ཆག་གམ་ནེ་ལེ་ཤི༔ མེ་རླུང་ལྕགས་སྒྲོག་ཤིང་དམ་ཆགས༔ སྦྱོར་དང་ནད་དང་རྒོལ་བ་དང་༔ ངུ་དང་མཁུན་དང་སྐྱུགས་པ་དང༔ རྒྱལ་དང་མགོ་ན་གླད་པ་དང༔ སྣ་ཁྲག་བྱུང་དང་རྨ་རྩལ་འདོད༔ ཤི་དང་ན་དང་ཚ་བ་དང༔ བྱིང་དང་རྨུག་དང་རྒོད་བ་དང༔ དེ་ཚེ༴ བསྐང་ངོ་༴ དགྲ་གཟུགས་མདུན་དུ་བཞག་བྱས་ནས༔ མི་ཁྲག་རྟ་ཁྲག་ཕྱར་ནས་ནི༔ ལྷ་གཉན་གཟུ་དང་དཔང་བཙུགས་ཏེ༔ གནམ་དུ་འོ་དོད་བོས་ནས་ནི༔ ཉིན་ཁྱེར་མཚན་ཁྱེར་བྱས་ནས་སུ༔ དམིགས་བྱ་མི་འཆི་མི་གྲངས་འཕེལ༔ ཡིད་ཀྱང་ཆད་ལ་ལྷ་ཡང་གན༔ དེ་ཚེ་བསྐང་༴ བསྐང་ངོ་༴ གཞན་ཡང་བར་ཆད་ཞུགས་པའི་རྟགས༔ རང་ཡང་འཇིགས་ཤིང་འགྲོ་སྙིང་འདོད༔ གཉིད་བྲོ་སྙིང་ནི་མི་དགའ་སྨྲ༔ སྐྱེ་ཞིང་བཀྲེས་ལ་ཁ་རློན་བྱེད༔ ངུ་སྙིང་འདོད་ལ་འགྲོ་སྙིང་འདོད༔ བུད་མེད་གཟུགས་མཐོང་རྐུབ་དང་བཱ་ག་སྟོན༔ དེ་ཚེ༴ བསྐང་ངོ་༴ གཏོར་མ་དུས་ལས་ཡོལ་བའི་ཚེ༔ བཱ་ག་སྟོན་དང་སྔོན་གྱི་དབང་རྟགས་སྟོན༔ དུད་པ་འཁྲིགས་དང་བུད་མེད་གླེན་པ་མཐོང༔ དེ་ཚེ༴ བསྐང་ངོ་༴ མ་མོ་དབང་དུ་མ་འདུས་ན༔ མི་སྡུག་གཟུགས་སུ་སྟོན་ཅིང་འདྲེ་མོར་བརྫུས༔ གཅན་གཟན་ཟ་འོང་མ་མོས་གཤེག་འཁྲུག་གོ༔ དེ་ཚེ་བསྐང་༴ བསྐང་ངོ་༴ བསྒྲུབ་རྟགས་རིང་བའི་རྟགས་སུ་རྒྱང་གླུ་ལེན༔ བར་ཆད་འོང་བའི་རྟགས་སུ་འབག་འབུག་བཟློ༔ སོ་སྒྲ་སྒྲིགས་ནས་གཞན་དང་འཐབ་མོ་འོང༔ ཁ་ལ་འོ་འབྱམས་སྦྱོར་བ་འདོད་པ་ཡིན༔ དེ་ཚེ་བསྐང་༴ བསྐང་ངོ་༴ མ་མོ་བཞད་ན་དགྲ་བགེགས་བསྒྲལ་བའི་རྟགས༔ སྦྱོར་བ་བྱེད་ན་དངོས་གྲུབ་སྟེར་བའི་རྟགས༔ བྲོ་གར་བྱེད་ན་ཅི་བསམ་འགྲུབ་པའི་རྟགས༔ འཛུམ་བག་ལྡན་པས་རང་ཉིད་ཚེ་རིང་རྟགས༔ ཤ་བ་ཞོན་ན་དཀོར་ནོར་འཕེལ་བའི་རྟགས༔ དེ་ཚེ་བསྐང་༴ བསྐང་ངོ་༴ གཞན་ཡང་མ་མོ་བཞུགས་པའི་མཚན་མ་ནི༔ མངོན་སུམ་བྱུང་ངམ་རྟགས་ཀྱི་རྨི་ལམ་དང༔ དངོས་གྲུབ་བླང་བའི་ཆེད་དུ་ཡང༔ ཡང་ནས་ཡང་དུ་ཐུགས་དམ་བསྐང༔ ད་ནི་མ་མོ་འབོད་པའི་རྫས་ལྔའི་ཐུགས་དམ་བསྐང༔ གཡབ་དར་ཏས་སྟི་མི་ཚིལ་དང༔ ལྕོག་ཞུན་བདུག་སྤོས་དག་གི་བསྐང༔ མ་མོ་འབད་པའི་རྫས་དྲུག་ནི༔ ཐོད་པའི་རྟགས་སྤྲོད་སྐུ་མཁར་དང༔ ཐོད་བརྩལ་རལ་གྲི་གཡང་གཞི་དང༔ བྱ་ནག་གཤེལ་ནག་གོ་ཟུ་ནག་པོ་ཡིས༔ བསྐང་ངོ་༴ ཡང་མ་མོ་མཆོད་པའི་བསྐང་བ་ནི༔ ཀེ་རའི་ཤ་དང་དེ་མོའི་ཤ༔ དྲི་ཤ་དབང་པོ་རྣམ་ལྔ་དང༔ འཆི་ཁ་མཚལ་ཐིག་དམར་པོ་ཡིས༔ ཤ་ཁྲག་གཏོར་མ་བདུད་རྩི་དང༔ གུར་གུམ་མངར་ཁྲག་ཨ་མྲྀ་ཏ༔ ཤེལ་ནག་བྱང་སེམས་དཀར་དམར་གྱིས༔ མ་མོ་རྣམས་ཀྱི༴ བསྐང་ངོ་༴ མུར་མཐར་ཁྱབ་པའི་ཐུགས་དམ་བསྐང༔ མ་ལྟར་འཁྲུག་པའི་བསྐང་བ་ནི༔ ན་ཆུང་ཚལ་དང་མི་དབང་ཤ༔ རཀྟ་བདུད་རྩི་ཤ་མེད་དང༔ དབུགས་མེད་སྲོག་མེད་རྣམས་ཀྱིས་བསྐང༔ ཁྲག་མེད་རུས་མེད་རྣམས་ཀྱིས་བསྐང༔ བྲན་ལྟར་འཁྲུག་པའི་བསྐང་བ་ནི༔ ཁ་ཏི་ཤ་དང་དྲེལ་གྱི་ཤ༔ རྐང་དམར་ཟངས་ཀྱི་གླད་པ་དང༔ ཤིང་ཏོག་མེ་ཏོག་རྣམས་ཀྱིས་བསྐང༔ སྲིང་ལྟར་འཁྲུག་པའི་བསྐང་བ་ནི༔ དྲེལ་གྱི་ཤ་དང་སྤྱང་མོའི་ཤ༔ རྟ་ནག་ཤ་དང་རཀྟས་བསྐང༔ བསྐང་ངོ་༴ མཛའ་ལྟར་འཁྲུགས་པའི་བསྐང་བ་དང༔ ངང་པ་དང་ནི་སོ་བྱ་དང༔ བྱ་ནག་དང་ནི་ལུག་ནག་དང༔ ཨ་མྲི་ཏ་ཡི་ཐུགས་དམ་བསྐང༔ རྗེ་མོ་འཁྲུག་པའི་བསྐང་བ་ནི༔ རཀྟ་སྨན་དང་གླད་པས་བསྐང༔ དམ་བདར་འབོད་ཅིང་ཟིལ་གྱིས་གནོན༔ བདུད་རྩི་དྲོང་ལ་གསོལ་བ་འདེབས༔ ཡང་ཞིག་ཐུགས་དམ་བསྐང་བ་ནི༔ ཏྲི་ཤུལ་ཕྱག་རྒྱ་འདི་ཡིས་བསྐང༔ ཁ་ཊྭཾ་ཁ་དང་རལ་གྲི་མུ་ཏྲས་བསྐང༔ འབྲུ་ཟན་ངར་མིའི་རྒྱས་པས་བསྐང༔ བྱ་གཅན་སྣ་ཚོགས་གཟུགས་ཀྱིས་བསྐང༔ གོམ་པའི་སྟབས་ཀྱི་གར་གྱིས་བསྐང༔ བྷནྡྷ་རཀྟས་བསྐང་བས་བསྐང༔ སྦྱིན་སྲེག་ཆེན་པོ་རྣམས་ཀྱིས་བསྐང༔ ཤ་ཆེན་རྣམས་དང་གཏོར་མ་དང་༔ གླང་པོ་ཆེན་པོ་རྣམ་བཅུ་དང༔ བྱ་རོག་ཤ་དང་དེ་མོའི་ཤ༔ དེ་མོའི་སྒོ་ང་རྣམས་ཀྱིས་བསྐང༔ བསྐང་ངོ་༴ ཞིང་གི་ཁོག་པ་དུར་ཁྲོད་དང༔ ཤ་ཁྲག་རྣམ་པ་སྣ་ཚོགས་དང༔ འཇིག་རྟེན་འདས་དང་འཇིག་རྟེན་གྱིས༔ མཁའ་འགྲོ་རྣམས་ཀྱིས་ཐུགས་དམ་བསྐང༔ རས་ཀྱི་མི་མགོ་གཏུམ་པོ་ལ༔ དམན་མོ་རྣམས་ཀྱིས་མིང་བྲིས་ནས༔ བོང་བུ་ཞོན་ནས་སྔགས་ཀྱིས་བསྐོར༔ འབྲུ་ཟན་ཤ་ཆེན་ཨ་མྲི་ཏ༔ ཁྲག་དང་སྙིང་དང་མི་དགོས་བསྐང༔ རིན་ཆེན་རྣམ་པ་སྣ་ཚོགས་དང༔ སྣ་ཚོགས་སྦྱོར་བ་བདུག་སྤོས་དང༔ བུ་ཆུང་སྙིང་དང་རྫས་ཀྱིས་བསྐང༔ བསྐང་ངོ་༴ ཙིཏྟ་རྩ་ལག་མ་ཉམས་དང༔ བུ་ཆུང་སྦུ་གུ་མ་ཉམས་དང༔ ན་ཆུང་འབྱུང་བའི་མཚལ་དང་ནི༔ བྷནྡྷ་མཚན་ལྡན་ནང་དུ་ནི༔ སྨན་དང་མཚལ་གྱི་བཀང་བས་བསྐང༔ བསྐང་ངོ་༴ གླང་ཆེན་ཤ་དང་མི་དབང་ཤ༔ ནེའུ་ལེ་དང་རྨ་བྱའི་ཤ༔ བུད་མེད་གཙང་མར་སྦྱོར་བ་ཡིས༔ བྱང་ཆུབ་སེམས་དང་ཚལ་གྱིས་བསྐང༔ བྱ་ནག་ཤེལ་ནག་བོང་བུ་ཡིས༔ སྨན་དང་གཏོར་མ་མང་པོས་བསྐང༔ ཤིང་འབྲས་མེ་ཏོག་སྣ་ཚོགས་དང༔ ཤ་ཁྲག་མི་དབང་རྡོ་སོལ་དང༔ རལ་གྲི་ལ་སོགས་རྫས་རྣམས་ཀྱིས༔ བསྐང་ངོ་༴ སྲོག་མེད་མ་ནི་སྲོག་གི་བསྐང༔ དབུགས་མེད་མ་ནི་དབུགས་ཀྱིས་བསྐང༔ ཤ་མེད་མ་ནི་ཤ་ཡིས་བསྐང༔ རུས་མེད་མ་ནི་རུས་ཀྱིས་བསྐང༔ ཁྲག་མེད་མ་ནི་ཁྲག་གི་བསྐང༔ བསྐང་ངོ་༴ གཞན་ཡང་སྲོག་གིས་བསྐང་བ་ནི༔ བྱ་ནག་ལུག་ནག་སྲོག་གིས་བསྐང༔ མི་དབང་བྱ་ལུག་སྙིང་གིས་བསྐང༔ མི་རུས་རྐང་ཀིང་ལ་སོགས་པའི༔ རྒྱུད་པའི་འབྲེལ་བས་རྣམས་ཀྱི་ནི༔ མོ་རིགས་དག་གི་མངལ་ཁྲག་དང༔ ན་ཆུང་ལས་བྱུང་ཟག་པའི་ཁྲག༔ མི་དབང་སྙིང་ཁྲག་རྣམས་ཀྱིས་བསྐང༔ ཡང་ཞིག་རྫས་ཀྱི་བསྐང་བ་ནི༔ བདག་གི་སྤྱི་བོར་ཁྲག་དང་ནི༔ སྣ་ཁྲག་བྱ་མོའི་སྙིང་ཁྲག་དང་༔ ཁྲག་སྣ་མང་པོས་བསྐང་གྱུར་ཅིག༔ ཤེལ་ནག་སྤྱི་དཀར་མང་པོ་རིགས༔ དམིགས་པ་རྐང་དང་རྐང་མར་བཅས༔ བམ་དང་རྟ་དང་གུ་གུ་གླང༔ གླད་པའི་རྩ་ཆེན་ཕུག་པའི་ཁྲག༔ སྲིན་ལག་ཁྲག་དང་སྣ་ཁྲག་དང༔ གཞན་ཡང་ཁྲག་སྣ་མང་པོ་ཡི༔ ཡང་ནས་ཡང་དུ་མཆོད་པ་འབུལ༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ བྱ་ཁྱི་ར་ལུག་ཕག་དང་གཡག༔ ཤ་ཁྲག་གཏོར་མ་མང་པོ་དང༔ སྙིང་སྣའི་ཚོགས་ཀྱིས་ཐུགས་དམ་བསྐང༔ རྡོ་རྗེ་རྒྱལ་པོ་རྒྱལ་ཐེབ་དང༔ ལས་ཀྱི་ཀརྨ་གྲོགས་མཆེད་དང༔ བདག་ཅག་འདིར་འདུས་འཁོར་དང་བཅས༔ རྒྱུ་འབྱོར་ཡོན་བདག་འཁོར་བཅས་ལ༔ མི་ལ་ན་ཚ་མ་བཏང་ཅིག༔ ཕྱུག་ལ་གོད་ཁ་མ་བཏང་ཅིག༔ ཞིང་ལ་བཙའ་སད་སེར་གསུམ་མ་བཏང་ཅིག༔ བདུད་ཀྱི་ཞགས་པ་ནག་མོ་ཆོད༔ གཤིན་རྗེའི་ཁྲམ་ཁ་དགྲ་ལ་བསྒྱུར༔ བཙན་གྱི་ཤྭ་དྷིལ་དགྲ་ལ་སྤོས༔ བདག་ཅག་རྣལ་འབྱོར་འཁོར་བཅས་ལ༔ ཚེ་ལ་བར་ཆད་མ་བཏང་ཅིག༔ སྲོག་ལ་ཧུར་ཐུམ་མ་བཏང་ཅིག༔ དབུས་ཀྱི་གཙོ་མོ་མ་ཡོ་ཅིག༔ འཁོར་གྱི་མ་མོ་མ་འཁྲུག་ཅིག༔ ནང་གི་གཙོ་མོ་མ་འཁྲུག་ཅིག༔ ཕྱི་ཡི་བརྟན་མ་མ་གྱེས་ཅིག༔ བསྐང་ངོ་བསྐལ་བར་ཐུགས་དམ་བསྐང༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ གནོད་པར་བྱེད་པའི་དམ་སྲི་དང༔ སྡང་བར་བྱེད་པའི་དགྲ་བོ་རྣམས༔ ལོ་དང་ཟླ་བ་མ་བཞག་ཅིག༔ ཞག་དང་ཟ་མར་མྱུར་དུ་སྒྲོལ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ དཔལ་ལྡན་ལྷ་མོ་ནག་མོའི་བསྐང་བ་རྫོགས་སོ༔ དགེའོ༔ ༔


previousམ་མོ་འཁྲུངས་བསྐང་།next