Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་སོ་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་ཐེག་པའི་བསྟན་བསྲུང་ཆེན་མོ་རེ་མ་ཏིའི་སྐོང་བཤགས་ཀྱི་རིམ་པ་ཌཱཀྐི་གར་མཁན་བརྩེ་བའི་རྒྱང་གླུ། ཀུན་བཟང་ངེས་དོན་དབང་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་ཐེག་པའི་བསྟན་བསྲུང་ཆེན་མོ་རེ་མ་ཏིའི་སྐོང་བཤགས་ཀྱི་རིམ་པ་ཌཱཀྐི་གར་མཁན་བརྩེ་བའི་རྒྱང་གླུ། ཀུན་བཟང་ངེས་དོན་དབང་པོ།next

རྡོ་རྗེ་ཐེག་པའི་བསྟན་བསྲུང་ཆེན་མོ་རེ་མ་ཏིའི་སྐོང་བཤགས་ཀྱི་རིམ་པ་ཌཱཀྐི་གར་མཁན་བརྩེ་བའི་རྒྱང་གླུ། ཀུན་བཟང་ངེས་དོན་དབང་པོ།

རྡོ་རྗེ་ཐེག་པའི་བསྟན་བསྲུང་ཆེན་མོ་རེ་མ་ཏིའི་སྐོང་བཤགས་ཀྱི་རིམ་པ་ཌཱཀྐི་གར་མཁན་བརྩེ་བའི་རྒྱང་གླུ་ཞེས་བྱ་བ་བཞུགས་སོ། །ན་མོ་མ་ཧཱ་གུ་རུ་རཏྣ་ཡེ། དུར་ཁྲོད་བརྒྱད་སོགས་གནས་ཡུལ་ཞིང་སྐྱེས་ཀྱི། །ཚོགས་ཀྱི་འཁོར་ལོས་བསྒྱུར་མཛད་ཧེ་རུ་ཀ །རྔ་ཡབ་གླིང་གི་བདག་པོ་གང་དེ་དང་། །དབྱེར་མེད་དྲིན་ཆེན་བླ་མ་སྤྱི་བོར་རྒྱལ། །ཆོས་དབྱིངས་སྐྱེ་མེད་རྒྱལ་ཡུམ་གྱིས། །རྣམ་རོལ་ཛ་ཊཱི་དབང་ཕྱུག་ཆེ། །ཡང་བཞེངས་འདོད་ཁམས་དབང་མོ་ཡིས། །ཐུགས་དམ་བསྐང་བའི་རིམ་པ་བྲི། །དེ་ལ་འདིར་རྒྱལ་བ་ཀུན་གྱི་ཡུམ་མཆོག་མ་ཅིག་རྡོ་རྗེ་རེ་མ་ཏི་ཐུགས་དམ་བསྐང་ཞིང་དགྱེས་པ་བསྐྱེད་པའི་ཕྱིར་ན། །ཐབས་འདི་ལ་ནན་ཏན་དུ་བྱ་བར་རིག་སྟེ། དེ་ཡང་དུར་ཁྲོད་ལ་སོགས་པ་འཇིགས་ཤིང་ཡ་ང་བའི་གནས་སུ། རྟེན་གྱི་དཀྱིལ་འཁོར་མངོན་པར་འདུ་བགྱི་པར་བཤམ་པའི་མདུན་དུ་འབྲུ་ཚོམ་གྱི་དབུས་སུ། མ་མོའི་གཏོར་མ་བརྗིད་ལྡན་ཤ་ཁྲག་གིས་བརྒྱན་པ་ངར་མཐིང་གི་གདུག་དང་བཅས་པ་བཤམས། མཐའ་བསྐོར་དུ་ཆུ་གཉིས་ཉེར་སྤྱོད་ལྔ་དང་སྨན་རཀྟ་སོགས་སྦྲེང་ཚར་དུ་བཤམས། གཞན་ཡང་ཉེ་མཁོའི་ཡོ་བྱད། ཌཱ་དྲིལ། རྐང་གླིང་། རྔ་རོལ། མ་མོ་འབད་པའི་སྤོས་སོགས་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །གཉིས་པ་རང་ཉིད་ལྷ་ཡི་རྣལ་འབྱོར་ལ་གནས་པའི་ངང་ནས་ཆོ་གའི་ལས་གཞུང་བསྲངས་ནས་བསྙེན་བསྟོད་ཡན་སོང་ནས། གསུམ་པ་ཐུགས་དམ་བསྐང་བའི་རིམ་པ་དངོས་ལ་རྣམ་པ་བཞི་ལས། དང་པོ་བསྐང་རྫས་བྱིན་རླབས་ནི། སྟོང་པའི་ངང་ལས་སོགས་ནས། མ་མོ་ཆེན་མོ་རྡོ་རྗེ་རེ་མ་ཏི་ལ་སོགས་པ་བསྟན་སྲུང་དམ་ཅན་རྒྱ་མཚོའི་སྤྱན་ལ་ལམ་དུ་འབྱུང་བར་གྱུར་ཅིག །ༀ་སརྦ་སོགས་ནས། ཁམ་སྭཱ་ཧཱ། བར་གྱི་གནས་ཡོ་བསྐང་རྫས་བཅས་བྱིན་གྱིས་རླབས་སོ། །གཉིས་པ་ཐུགས་དམ་བསྐང་བའི་རིམ་པ་རོལ་མོ་དབྱངས་བཅས། ཧཱུྃ་བྷྱོ། རྡོ་རྗེ་སྲིན་མོ་ཆེན་མོ་རེ་མ་ཏི། །རྡོ་རྗེའི་བཀའ་སྡོད་ཕོ་ཉ་བྲན་གཡོག་བཅས། །རྡོ་རྗེ་པདྨའི་ཐུགས་དམ་གཅེར་དགོངས་ལ། །རྡོ་རྗེའི་ཐ་ཚིག་བཞིན་དུ་ད་ཚུར་བྱོན། །རྣམ་མང་མཆོད་པའི་བྱེ་བྲག་སྣ་ཚོགས་པ། །ནམ་མཁའ་མཛོད་ཀྱི་སྒོ་འཕར་ཡང་ཕྱེས་ནས། །སྔགས་རྒྱ་ཏིང་འཛིན་དག་པའི་བྱིན་རླབས་པ། །མ་ཁྱེད་ཐུགས་དམ་བསྐང་བའི་དཔྱིད་དུ་སྤྲོ། །གསར་རྙིང་ཐོད་རྩེགས་གླད་ཞག་ཞལ་བས་མཛེས། །ལྕང་ལོའི་ཁ་བད་རྒྱུ་མའི་དྲ་ཕྱེད་འཕྱོང་། །དབུགས་བྲལ་རྒྱལ་མཚན་ཞིང་གི་བླ་རེ་དང་། །རྔམ་བརྗིད་རོལ་པ་དྲག་པའི་ཕོ་བྲང་འདིས། །རེ་ཏི་བྲན་གཡོག་འཁོར་བཅས་ཐུགས་དམ་བསྐང་། །ལྕང་ལོར་བཅས་པའི་བྷནྫའི་སྣོད་ཡང་པོར། །ནང་གསང་ཕྱི་ཡི་དགྲ་བགེགས་བསྒྲལ་བ་ཡི། །ཤ་རི་ཁྲག་མཚོ་རུས་པའི་གྲམ་ཁྲོད་འཁྲིགས། །རྨད་བྱུང་གཏོར་མ་རྒྱན་ལྡན་དམ་པ་འདིས། །འདོད་ཁམས་དབང་ཕྱུག་འཁོར་བཅས་ཐུགས་དམ་བསྐང་། །རྩ་བརྒྱད་ཡན་ལག་སྟོང་སྦྱར་ར་ས་ཡན། །དམར་ཆེན་རཀྟའི་རྒྱ་མཚོ་སྦུ་འཕྲེང་འཁྲིགས། །འབྲུ་བཅུད་འཆི་མེད་བདུད་རྩིའི་སྐྱེམས་སོགས་ཀྱིས། །རེ་ཏི་བྲན་གཡོག་འཁོར་བཅས༴ གཟུགས་རེག་སྒྲ་སྙན་དྲི་ཞིམ་རོ་བདའ་དང་། །ཏ་ན་ག་ན་སྦྱོར་སྒྲོལ་གསང་མཆོད་ཆེ། །གསང་རྟེན་ཙིཏྟ་ཤིང་ལོ་རླུང་ཁྱེར་སོགས། །ཕྱི་ནང་གསང་བའི་རྟེན་རྫས་སྣ་ཚོགས་ཀྱིས། །འདོད་ཁམས་དབང་ཕྱུག་འཁོར་བཅས༴ དབང་པོའི་མེ་ཏོག་ཚིལ་གསུར་དུད་སྤྲིན་འཁྲིགས། །རྐང་ཆེན་སྒྲོན་མེ་མཁྲིས་སྣའི་དྲི་ཡི་ཁྱབ། །ཤ་རུལ་ཞལ་ཟས་རྐང་གླིང་ཐོད་རྔ་སོགས། །མཆོད་པའི་བྱེ་བྲག་རྣམ་མང་རྒྱ་ཆེན་པོས། །རེ་ཏི་བྲན་གཡོག་འཁོར་བཅས༴ རྣམ་བཀྲ་དར་གྱི་རྒྱན་ལྡན་རྟ་ནག་དང་། །མི་སྡུག་རྭ་རྩེ་གཡོ་བའི་ཞོལ་ཆེན་ཚོགས། །འཇམ་ལེགས་སྤུ་སྡུག་ཡིད་འོང་ལུག་ནག་དང་། །དགྲ་བགེགས་གླད་པ་འགེམ་པའི་བྱ་ཚོགས་ཀྱིས། །འདོད་ཁམས་དབང་ཕྱུག་འཁོར་བཅས༴ འཇིགས་རུང་མཆེ་གཙིགས་རྔམས་པའི་མི་ནག་དང་། །མོན་མོ་ནག་མོ་དགྲ་ལ་དུག་ནད་འདེབས། །དམ་ཉམས་སྲོག་འཕྲོག་དམ་དང་གཅན་སྤྱང་དང་། །དར་གྱི་ཅོད་པཎ་གཡོ་བའི་ཁྱི་ནག་འདིས། །རེ་ཏི་བྲན་གཡོག༴ ལོང་ཀའི་ཡུལ་གྱི་མགྲིན་བཟང་དམར་གྭ་ལ། །སྲིན་ཐོད་དགའ་དང་ལྤགས་པས་རབ་གཡོགས་ཤིང་། །གོང་སྨེད་སྲབ་མཐུར་གདུག་པའི་སྦྲུལ་གྱིས་བརྒྱན། །འཛམ་གླིང་ཡུད་ཀྱིས་བསྐོར་བའི་ཞེན་པ་འདིས། །འདོད་ཁམས་དབང་ཕྱུག་འཁོར་བཅས༴ མི་ལྤགས་གོས་དང་རེ་ལྡེའི་སྨད་གཡོག་དང་། །རྨ་བྱའི་གདུག་ལ་ཉི་མ་ཟླ་བས་བརྒྱན། །རླུང་ནག་འཚུབས་གུར་ནད་རྫིང་ཁྲག་ཞག་མཚོ། །སྲ་རྣོ་གོ་མཚོན་སྤྱན་གཟིགས་རྣམ་མང་འདིས། །རེ་ཏི་བྲན་གཡོག་འཁོར༴ རལ་གྲི་འབར་བ་ནེ་ལེའི་རྐྱལ་བུ་དང་། །ནད་ཀྱི་རྐྱལ་པ་ཚོན་གྱི་གྲུ་གུ་དང་། །བདུད་ཀྱི་ཁྲམ་ཤིང་ཤྭ་དྷིལ་དཀར་ནག་སོགས། །མགོ་ཕྲེང་བྱུག་པ་དུར་ཁྲོད་རྒྱན་རྣམས་ཀྱིས། །འདོད་ཁམས་དབང་ཕྱུག་འཁོར་བཅས༴ ཕྱག་རྒྱ་ལྔ་དང་སྙན་རྒྱན་སེང་གེ་སྦྲུལ། །མདའ་དར་མེ་ལོང་དུང་ཤྭོས་རྒྱན་པ་དང་། །རི་གླིང་གསེར་གྱི་རི་བདུན་རོལ་མཚོ་བདུན། །ཉི་མ་ཟླ་བ་ལྷ་མའི་དཔལ་འབྱོར་རྣམས། །རེ་ཏི་བྲན་གཡོག༴ གཞན་ཡང་འཁོར་བཅས་སྲིད་པའི་དཔལ་འབྱོར་ཚོགས། །དངོས་སུ་འབྱོར་བཤམས་ཡིད་ཀྱི་ལེགས་སྤྲུལ་ནས། །རྒྱལ་པོར་འོས་པ་བདུན་དང་རིན་ཆེན་བརྒྱད། །ཀུན་བཟང་མཆོད་སྤྲིན་རབ་འབྱམས་དཔག་མེད་འདིས། །འདོད་ཁམས་དབང་ཕྱུག༴ ཆོས་དབྱིངས་བཟང་མོ་ཨེ་ཀ་ཛ་ཊི་མ། །གདུག་པ་འདུལ་ཕྱིར་འདོད་ཁམས་དབང་ཕྱུག་གི། །སྐུར་བཞེངས་ཡེ་ཤེས་མེ་མོ་ལྷུན་གྱིས་གྲུབ། །ཡིད་ཆོས་གསོལ་འདེབས་བླ་མེད་རྟེན་མཆོག་འདིས། །རེ་ཏི་བྲན་གཡོག་འཁོར་བཅས་ཐུགས་དམ་བསྐང་། །གསུམ་པ་བཤགས་པ་བྱ་བ་ནི་སྒོ་གསུམ་གནོང་འགྱོད་དང་བཅས་པས། ཧཱུཾ་བྷྱོ། དབྱིངས་ཀྱི་རྒྱལ་མོ་ཡེ་ཤེས་རོལ་པའི་རྩལ། །མ་མོ་ཆེན་མོ་དམ་ལྡན་རེ་མ་ཏཱི། །འཁོར་ཚོགས་སྡེ་དང་བཅས་པ་མ་ལུས་པ། །ཐུགས་རྗེའི་བདག་ལ་གསན་ཅིང་དགོངས་སུ་གསོལ། །བདག་ཅག་མི་ཤེས་རྨོངས་འཁྲུལ་ལེ་ལོ་ཡིས། །སློབ་དཔོན་སྨོད་དང་གསང་སྔགས་བཟླས་བརྗོད་གཡེལ། །གསང་བཅུ་བསྒྲག་ཅིང་མན་ངག་འཆལ་བར་སྤྱོད། །རྩ་བའི་དམ་ལས་འགལ་བ་མཐོལ་ལོ་བཤགས། །མི་སྤང་ལྔ་དང་དང་ལེན་སྤྱོད་བྱ་ལྔ། །ཤེས་བྱ་ལྔ་དང་བསྒྲུབ་བྱ་ལྔ་ལ་སོགས། །རྩ་བ་ཡན་ལག་དམ་ཚིག་ཉམས་པ་རྣམས། །རང་གནང་འགྱོད་པ་ཆེན་པོས་བཤགས་པར་བགྱི། །ཐུགས་རྗེའི་གཏེར་གྱུར་ལྷ་མོ་ཁྱོད་ཉིད་ཀྱིས། །བདག་ཅག་དཔོན་སློབ་ཡོན་ཆོད་འཁོར་བཅས་རྣམས། །གཡེལ་མེད་རྟག་ཏུ་སྲུང་ཞིང་སྐྱབས་པ་ལ། །གཏང་རག་དུས་སུ་མ་མཐོང་མཐོལ་ལོ་བཤགས། །བསྟན་དང་བསྟན་འཛིན་ཡོངས་ལ་གནོད་པ་ཡི། །དམ་ཉམས་དགྲ་བགེགས་སྡིག་ཅན་དེ་དག་ལ། །དབང་བསྐུར་བྱིན་རླབས་བྱམས་ཀྱིས་སྐྱོང་བ་སོགས། །ཁྱོད་ཀྱི་ཐུགས་དམ་འགལ་ཉམས་མཐོལ་ལོ་བཤགས། །ཕྱི་ནང་གསང་བའི་མཆོད་རྫས་རྟེན་རྫས་ལ། །རྒྱུ་ཆུང་ཕུད་ཉམས་འབག་རྩོག་དྲི་མས་གོས། །དུས་ཀྱི་མཆོད་གཏོར་ཆགས་ཤིང་ཉམས་པ་སོགས། །སྒོ་གསུམ་གནང་འགྱོད་དྲག་པོའི་བཤགས་པར་བགྱི། །ཁྱོད་ནི་དམ་ཚིག་གཉེན་ལ་རྟག་གནས་ཤིང་། །བདག་གི་ཉམས་ཆག་ཕྲ་མོ་བྱུང་སྲིད་ན། །མི་དམིགས་ཆོས་ཉིད་ཀློང་དུ་བཟོད་བཞེས་ནས། །འགྱུར་མེད་དག་ཅིང་ཚང་པར་སྩལ་དུ་གསོལ། །ཅེས་ཡིག་བརྒྱ་བརྗོད་ཅིང་དགོས་པ་ཅན་ལ་སྐབས་སུ་སྲུང་མ་དང་ཁོན་བཅུག་བཤགས་པ་ནི་གཞན་དུ་ཤེས་སོ། ༈ །བཞི་པ་འཕྲིན་ལས་བཅོལ་བ་ནི། ཧཱུཾ་བྷྱོ། དེ་ལྟར་དགྱེས་མཆོད་ཉམས་ཆག་བཤགས་པའི་མཐུས། །ཁྱོད་ཀྱི་མཐུ་སྟོབས་ཉི་མ་བྱེ་བའི་གཟིས། །ཕས་རྒོལ་ཀུ་མུ་ཏ་ཚལ་ཟུམ་བྱས་ནས། །བདག་སོགས་བསྟན་འཛིན་པད་ཚལ་རྒྱས་པར་མཛོད། །བདག་ཅག་དཔོན་སློབ་རྒྱུ་འཁོར་བཅས་ལ། །ནད་མུག་མཚོན་འཁྲུགས་དལ་ཡམས་བར་ཆད་བདུད། །བཤད་སྒྲུབ་སྡེ་དགོན་འཇིགས་པའི་སྦྱོར་རྩུབ་ཀུན། །མ་ལུས་ཞི་ཞིང་ཚེ་བསོད་ཡེ་ཤེས་སྟོབས། །ཐོས་བསམ་བསྒོམ་པའི་ཡོན་ཏན་རྒྱས་པར་མཛོད། །སྣང་སྲིད་འཁོར་འདས་རླུང་སེམས་སྣང་བ་ཀུན། །དབང་དུ་འདུས་ཤིང་བདུད་བཞིའི་ཉེར་ཚེའི་དགྲ། །མ་ལུས་དྲག་པོ་བརླག་པའི་ཕྲིན་ལས་མཛོད། །གནས་སྐབས་མི་མཐུན་ལས་རྒྱལ་གྲིབ་བཞིན་འགྲོགས། །མཐུར་ཐུག་ཟག་བྲལ་འགྱུར་མེད་ཐིག་ལེའི་གཞིར། །མངོན་གྱུར་གདོད་མའི་དཔལ་མཆོག་དང་པོ་ཉིད། །ཧེ་རུ་ཀ་དཔལ་མྱུར་དུ་འགྲུབ་པར་ཤོག །ཅེས་ཕྲིན་ལས་བཅོལ་བ་དྲག་ཏུ་བྱའོ། །དེ་ལྟར་རྡོ་རྗེའི་བསྟན་སྐྱོང་ཆེན་མོ་དཱེ་ཝ་ཊི་དགྱེས་བསྐྱེད་བསྐོང་བཤགས་ཀྱི་རིམ་པ་ཌཱཀྐི་གར་མཁན་བརྩེ་བའི་རྒྱང་གླུ་ཞེས་བྱ་བ་འདིའང་བསྟན་བསྲུང་ཆེན་མོ་དགྱེས་པའི་མཚན་མ་བྱུང་བར་བརྟེན་ཏེ། ཆོས་རྗེ་ཀཿཐོག་པའི་བྲན་གྱི་ཐ་ཤལ་གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པ་ལ་མོས་པ་ལམ་བྱེད་ཀྱི་སྤྲུལ་མིང་རྨོངས་བཏུལ་བ་ལ་འགྱུར་མེད་ཀུན་བཟང་ངེས་དོན་དབང་པོ་ཞེས་པའི་ཀཿཐོག་རྡོ་རྗེའི་གདན་གྱིས་གཙུག་ལག་ཁང་གིས་མགོན་ཁང་རབ་འཇིགས་རྩུབ་འགྱུར་ཚལ་དུ་རྡོ་རྗེ་གཞོན་ནུའི་བསྙེན་བསྒྲུབ་ཀྱིས་མཐུན་སེང་ཞིག་ཏུ་འཕྲལ་བྱུང་དུ་བྲིས་པ་དགེ། མངྒ་ལཾ། །དགེའོ།། །།


previousརྡོ་རྗེ་ཐེག་པའི་བསྟན་བསྲུང་ཆེན་མོ་རེ་མ་ཏིའི་སྐོང་བཤགས་ཀྱི་རིམ་པ་ཌཱཀྐི་གར་མཁན་བརྩེ་བའི་རྒྱང་གླུ། ཀུན་བཟང་ངེས་དོན་དབང་པོ།next