Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་སོ་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་ལྡན་ལྷ་མོ་སྲོག་གི་གཟེར་ཆུང་གི་ཆོ་གའི་ལས་འགྲིགས་ཀྱི་རིམ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་ལྡན་ལྷ་མོ་སྲོག་གི་གཟེར་ཆུང་གི་ཆོ་གའི་ལས་འགྲིགས་ཀྱི་རིམ་པ།next

དཔལ་ལྡན་ལྷ་མོ་སྲོག་གི་གཟེར་ཆུང་གི་ཆོ་གའི་ལས་འགྲིགས་ཀྱི་རིམ་པ།

དཔལ་ལྡན་ལྷ་མོ་སྲོག་གི་གཟེར་ཆུང་གི་ཆོ་གའི་ལས་འགྲིགས་ཀྱི་རིམ་པ་བཞུགས་སོ། །དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དབང་ཐོབ་ཅིང་དམ་ཚིག་དང་ལྡན་པའི་གང་ཟག་གིས། སྔོན་དུ་ཕྱག་ན་རྡོ་རྗེའི་བསྙེན་པ་དང་བསྒྲུབ་པའི་མཚན་མ་མཐར་ཕྱིན་པའི་གང་ཟག་གིས། དཔལ་ལྡན་ལྷ་མོ་སྲོག་གི་གཟེར་ཆུང་བསྒྲུབ་པར་འདོད་པས། འདི་ལ་དོན་རྣམ་པ་གསུམ་སྟེ། རྫས་བསགས་པ། ལྷ་བསྒོམ་པ། བསྙེན་པའི་རིམ་པ་དང་གསུམ་མོ། །དང་པོ་རྫས་བསགས་པ་ལའང་། བསྒྲུབ་པའི་རྫས་དང་བརྟེན་པའི་རྫས་གཉིས། དང་པོ་བསྒྲུབ་པའི་རྫས་ལ། དང་པོ་གནས་དབེན་པར་བཀྲ་ཤིས་པའི་ས་ལ་མཎྜལ་གྲུ་བཞི་པ་གཅིག་བྱས་ལ། དབུས་སུ་གྲུ་གསུམ་གྲུ་གང་པ་ཅིག་བྱ། དེ་ལ་མི་ཁྲག་དང་ཁྱི་ཁྲག་རྟ་ཁྲག་གསུམ་དང་། དུར་ཁྲོད་སོལ་བ་ནག་པོ་བྱས་ལ། དེའི་ཁ་ལ་རྩང་བཅོ་བརྒྱད་མཆོག་ཕུར་གསུམ་དང་ཉི་ཤུ་རྩ་གཅིག་སྦྲེལ་བར་བཀོད། དགྲ་གཅིག་ཡོད་ཀྱང་ལིངྒ་ལྔ་བྱས་ལ། གསུམ་གྲུ་གསུམ་གྱི་ཟུར་གསུམ་དུ་བཞག །གཅིག་གཡག་རུ་རྐུག་པའི་ནང་དུ་བཞུག །གྲུ་གསུམ་གྱི་དབུས་སུ་བཞག །གཅིག་གི་སྙིང་གར་ཚོན་སྐུད་ཀྱི་ཐག་པ་བཏགས་ལ་བརྟེན་གཏོར་གྱི་ཞབས་སུ་བཅུག་གཉིས་ཐུན་རྫས་ནི་མི་བསད་པའི་མཚོན་ཆ་དང་ཡུངས་ཀར། ཡུངས་ནག །གུ་གུལ། མི་ཟི། སྐེ་ཚེ། ཤང་ཚེ། ཐང་ཕྲོམ། འབྲུ་གུ། ལྕགས་ཕྱེ། མཁར་ཕྱེ། དུག་སྣ་མང་པོ་ལས་ཁྲག །དེ་ནས་གྲུ་གསུམ་མཐོ་གང་བ་གཅིག་གི་ནང་དུ། དམ་སྲི་འདྲེ་མོའི་གཟུགས་ལ་འགུག་གཞུགས་བྱས་ལ། ཐུན་མཚམས་སུ་རང་ཉིད་ཡི་དམ་གྱི་སྔགས་ཤམ་བུ་ལ། དངོས་གྲུབ་ལ་བར་དུ་གཅོད་པའི་དམ་སྲི་ལྟེ་ཕུར་ནག་མོ་མ་ར་ཡ་ཕཊ༔ ཅེས་སོགས་པའི་རྟ་ནག་གི་རྙིག་པ་ཛ་བཞི་བྲིས་པའམ། ཡང་ན་ལྕགས་ཕུར་གྱི་བཏོག །གཉིས་པ་བརྟེན་པའི་རྫས་མདའ་བྱ་རྒོད་མ་ལ་དར་སྣ་ཚོགས་དང་སྙིང་སྣ་ཚོགས་དང་། སྟག་རས་དང་ནེའུ་ལེའི་རྐྱལ་པ་དང་། ནལ་མའི་ཤ་ཁྲག་དང་འབྲུ་སྣ་ཚོགས་ཕྱེ་མ་བྱས་ལ་བཏག་གོ། །བུད་མེད་གཞོན་ནུ་མཚན་ལྡན་ཆུར་ཤི་བའི་སྲིན་ལག་ལ། གཡབ་དར་ནག་པོ་བཏགས་ལ་མདུན་དུ་བཙུགས། དེ་ནས་ཤ་ཆེན་ཏྲི་སྙིང་བོང་བུའི་སྙིང་མི་དབང་ཤ་ཁྲག་གི་གཞི་བྱས་པས་གཏོར་མ་ཆེ་བ་གཅིག་བྱས་ལ། ལྷ་མོའི་ཙཀ་ལི་ཡང་བཏག་གོ། །ཁ་དར་ནག་གི་བཀག་ལ། གཟུགས་བྱང་གི་ཟུར་ལ་བཞག་གོ། །བརྟེན་རྫས་བསྐང་རྫས་དམ་རྫས་ཚད་ཀྱི་མཐའ་བསྐོར། འགྱེད་གཏོར་གཅིག་ཀྱང་བྱ། ཡི་དམ་གྱི་གཏོར་མ་སྤྱི་ལ་གཞུང་ལྟར་བྱའོ། །དེ་རྣམས་ནི་རྫས་བསགས་པ་དང་། དམ་བཅའ་བའི་རིམས་པའོ། །དེ་ནས་ལམ་ལ་འཇུག་པའི་ནུབ་མོ་ལིངྒ་རྣམས་བསྡུས་ལ་སྒོ་རྒྱབ་ཏུ་ཁྱེར་ལ། རང་ཉིད་ཡི་དམ་ལྷ་ཡི་ང་རྒྱལ་གྱི་ལིངྒ་ལ་འགུགས་གཞུགས་བྱས་ལ། གུ་གུལ་དང་ཁྱི་ལུད་ཀྱི་བདུག་ཅིང་ལྷ་དབྱེ་བ་དང་བསད་ལས་རྣམས་བྱས་ལ། ནང་དུ་འོང་ལ་ལིངྐ་ཐམས་ཅད་གནས་སུ་བཀོད། གཉིས་པ་དངོས་གཞི་ལ་ལྷ་བསྒོམ་པ་དང་བསྙེན་པའི་རིམ་པའོ། །དང་པོ་ལྷ་བསྒོམ་པ་ནི། དེ་ནས་གཞི་བདག་ལ་གཏོར་མ་གཏང་ལ། བཀའ་བསྒོ་བྱས་ལ་མཐུ་དཔུང་བཅོལ། བགེགས་ལ་ལན་ཆགས་གཏོར་མ་སྦྱིན་ལ་ལན་ཆགས་བྱང་བར་བསམ། དེ་ནས་ཡི་དམ་གཞུང་ལྟར་བྱས་ལ། གཏོར་མ་བསྔོ་བ་དང་། བསྟོད་པ་བསྐུལ་བ་རྣམས་བྱའོ། །དེ་ནས་ཕྱག་ན་རྡོ་རྗེ་བསྒོམ་ལ་བསྙེན་པ་ཅི་མང་བྱ། གཟུངས་རིང་ཁྱུང་སྔགས་རྣམས་བཟླས་ལ་གཏོར་མ་བསྔོའོ། །དེ་ནས་ལྷ་མོ་བསྒོམ་སྙོམས་སུ་བསྐྱེད། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་ཆེད་དུ་ཚད་མེད་བཞི་བསྒོམ་ལ། ༀ་སྭ་བྷ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་མདུན་དུ་ཡི་གེ་བྷྲཱུཾཿསྨུག་ནག་ཡོངས་སུ་གྱུར་པ་ལས། ཐོད་པ་སྐོམ་རློན་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་པ་སྒོ་བཞི་པ། ཞིང་ཆེན་གྱི་ཀ་གདུང་ཞིང་ཆུང་གི་དྲལ་དྲབས། ཤ་ཆེན་གྱི་ནག་ལེབ། ཚིལ་ཆེན་གྱི་འཕན་གདུག །ཙིཏྟའི་ཕོ་ལོང་། རྒྱུ་མའི་ལྡ་ལྡི། ཉི་ཟླའི་སྐར་ཁུང་བྱས་པ། དེའི་སྟེང་ན་ཞིང་གི་རྒྱལ་མཚན་བཙུགས་པ། ཏོག་ལ་ཞིང་གི་གདུག་འཁོར་བ། ཡངས་ཤིང་རྒྱ་ཆེ་བའི་གུར་ཁང་། དེའི་ཕྱི་རོལ་དུ་བསྐལ་པའི་རླུང་ནག་འཚུབ་མའི་དགུ་ཀློང་རླུང་གི་གུར་ཁང་། དེའི་ནང་དུ་མེ་རི་དམར་ནག་འཚུབ་མའི་གུར་ཁང་། དེའི་དབུས་སུ་མི་རོ་རྟ་རོ་བསྣོལ་ཞིང་འཕྱོ་བ། མི་ཁྲག་དང་རྟ་ཁྲག་གི་རྒྱ་མཚོ་འཁྱིལ་པ། དེའི་ནང་དུ་གྷར་ཌ་པ་ཧཱུྃ་དེ་ཡོངས་སུ་གྱུར་པ་ལས། སྲིད་པའི་བོང་བུ་དམར་ཀ་རླུང་གིས་གཤོག་པ་ཅན། ཐོད་སྐམ་འབར་བའི་སྒ་བསྟད་པ། སྲིན་པོའི་ཡ་འགལ་ལས་སྔ་རུ་བྱས་པ། སྲིན་མོའི་འགལ་ལས་ཕྱི་རུ་བྱས་པ། མིག་མཇུག་མ་ན་ཡོད་པ། རྣ་བ་གནམ་ལ་སླེབས་པ། སྤུ་རྩ་ན་ཁྲག་འཛག་པ། སྲིན་པོའི་ལྤགས་པ་ལས་སྒ་གཡོག་བྱས་པ། གོང་ཐག་དང་གློ་སྙེད་སྦྲུལ་ལ་བྱས་པ། རུས་སྦལ་ནག་པོའི་ཕོ་ཀུ་བཏབ་པ། སྔ་ཤད་གཡས་ནས་བདུད་ཀྱི་ཁྲམ་བམ། གཡོན་ནས་ཚོན་གྱི་གྲུ་གུ། ཕྱི་ཤད་གཡས་ན་བྱང་དམར་བམ་པོ། གཡོན་ནས་ནད་ཀྱི་རྐྱལ་པ། མི་མགོའི་ཐོད་དམ་བྱས་པ། སྙེད་སྨེད་ལ་མི་ལག་འཕྱང་བ། བ་སུ་ཏའི་ཞགས་པའི་མཐུར་ཆིངས་སུ་བྱས་པ། ནམ་མཁའ་ལས་མཆེད་པ་ལྟ་བུ་གཅིག་བསྐྱེད། དེའི་སྒ་གོང་དུ་ཞིང་ཆེན་བསྣོལ་བའི་སྟེང་དུ་བཾ་ལས་པདྨ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བྷྱོཿནག་མོ་གཅིག་བསམ། རང་གི་ཐུགས་ཀའི་ཧཱུྃ་ལས་བྷྱོ་ཕར་འཕྲོས་གདན་ཐོག་གི་བྷྱོ་ལ་ཐིམ་པར་བསམ། བྷྱོ་ལས་འོད་ཟེར་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད་ཚུར་འདུས་བྷྱོ་ལ་ཐིམ། རལ་གྲི་བྷྱོ་ཡི་མཚན་པ་གཅིག་ཏུ་གྱུར། བྷྱོ་དེ་ཡོངས་སུ་གྱུར་པ་ལས་དཔལ་ལྡན་ལྷ་མོ་སྐུ་མདོག་མཐིང་ནག་རྔམ་པ། ཞལ་གཅིག་ཕྱག་གཉིས་པ་སྤྱན་གསུམ་དམར་ལ་ཟླུམ་པ། རལ་པ་ཁམ་ནག་ལས་མེ་སྟག་དམར་ཙིག་ཙིག་འཕྲོ་བ། ཕྱག་གཡས་རལ་གྲི་སྡིག་པ་ཅན་ནམ་མཁར་ཕྱར་བ། གཡོན་པས་ཐོད་པ་ལྕང་ལོ་ཅན་ཁྲག་གིས་བཀང་བ་ཐུགས་ཀར་འཛིན་པ། མཆན་ན་ནེའུ་ལེའི་རྐྱལ་པའི་ཁ་ནས་རིན་པོ་ཆེ་འཕུར་བའི་ཚུལ་དུ་འཕྱང་བ། རལ་པ་དམར་སེར་གྱེན་དུ་བརྫེས་པའི་སྐྲ་མཚམས་ནས་ཐོད་པ་སྐམ་པོ་ལྔ་ཡི་དབུ་ལ་བརྒྱན་པའི་སྟེང་དུ། རིན་པོ་ཆེའི་རྩེ་བྲན་ལྔའི་བརྒྱན་པ། སྤྱི་བོ་ནས་ཟླ་བ་ཤར་བ། ལྟེ་བ་ནས་ཉི་མ་ཤར་བ། སྤྱི་གཙུག་ན་རྨ་བྱའི་རྒྱལ་མཚན་བཙུགས་པ། རྣ་བ་གཡས་པའི་གསེར་གྱི་འཁོར་ལོ་རྩིབས་བརྒྱད་པའི་ཐོག་ཏུ་སེང་གེ་འགྱིང་བ། གཡོན་ན་སྦྲུལ་ནག་གི་གདེང་ག་འཕྱོ་བ། སྙན་ཆ་གཉིས་ན་གསེར་གྱི་དྲིལ་བུ་འཁྲོལ་བ། ཞིང་ཆེན་གྱི་གཡང་གཞི་དང་། གླང་པོ་ཆེའི་ཀོ་བ་རློན་པའི་སྟོད་གཡོགས་ཤིང་། སྟག་ལྤགས་ཀྱིས་ཤམ་ཐབས་དང་མི་རྩིས་ཀྱི་རེ་ལྡེས་སྐུ་སྨད་དཀྲིས་པ། ཐོད་རློན་ལྔ་བཅུའི་དོ་ཤལ་བྱས་པ། རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་སྐུ་དང་ཡན་ལག་ཐམས་ཅད་བརྒྱན་པ། དེའི་ཐུགས་ཀར་ཉི་མའི་སྟེང་དུ་བྷྱོ་ནག་མོ་གཅིག་འཁོར་བ། དེའི་མཐར་སྔགས་ཀྱི་གཡོན་བསྐོར་དུ་འཁོར་བའོ། །བྷྱོ་དེ་ལས་ནག་མོ་འབུམ་སྤྲོས་པའི་འཁོར་བདུད་མོ་འབུམ་སྡེ་སྐུ་མདོག་ནག་མོ་རལ་པ་ཐུར་དུ་ཕྱལ་བ། གཡས་གྲི་གུག་དང་གཡོན་ཐོད་ཁྲག་ཐོགས་པ། མཆན་ན་ནད་ཀྱི་རྐྱལ་བ་སྔོ་དམར་འཆང་བ། ཞིང་ཆེན་གྱི་གཡང་གཞི་སྐུ་ལ་མནབ་པ། འཇིགས་འཇིགས་རྔམ་རྔམ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བའི་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་འཁོར་ལོ་དཀར་པོ་རྩིབས་བཞི་པའི་སྟེང་དུ་ༀ་དཀར་པོ། མགྲིན་པར་པདྨ་དམར་པོ་འདབས་མ་བཞི་པའི་ལྟེ་བར་ཨཱཿདམར་པོ། ཐུགས་ཀར་ཉི་མའི་སྟེང་དུ་རྡོ་རྗེ་སྔོན་པོ་རྩ་ལྔ་པའི་ལྟེ་བར་ཧཱུྃ་སྔོན་པོས་མཚན་པར་གྱུར། ༀ་ཤྲཱི་དཱེ་ཝི་མ་ཧཱ་ཀཱ་ལི་རེ་མ་ཏི་བཛྲ་ཌཱ་ཀི་ནེ་ཕེཾ། བདག་ཉིད་ཀྱི་ཐུགས་ཀའི་ཧཱུྃ་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། དེ་ནས་ཡེ་ཤེས་པ་སྤྱན་དྲངས་བ་ནི། སྲིན་ལག་གཡབ་དར་ཐོགས་ལ་ཚིལ་ཆེན་དང་སྤོས་དུད་ཀྱི་གསུར་བཏང་། རྐང་གླིང་འབུད། བྷནྡྷ་སྟག་སྤྲོད་ཀྱི་རྔ་བརྡུངས་ལ། འབར་བའི་ཕྱག་རྒྱས་དཔྲལ་བའི་དབྱིངས་སུ་བསྐོར་ལ། ངག་ཏུ་ཕེཾ་ཞེས་བརྗོད་ལ། བདག་ཉིད་ཀྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པའི་མདུན་གྱི་ལྷ་མོའི་ཐུགས་ཀར་ཕོག །དེའི་ཐུགས་ཀར་ནས་འོད་ཟེར་འཕྲོས་པས་བྱང་ཤར་གྱི་མཚམས་ཕྱོགས་བཅུར་འཕྲོས་པའི་ལྷ་མོ་ཡེ་ཤེས་པའི་ཐུགས་ཀར་ཕོག་པས་སྔོན་གྱི་ཐུགས་དམ་རྗེས་སུ་དྲན་ནས། ལྷ་མོ་འཁོར་བཅས་བདུད་མོ་འབུམ་གཞལ་ཡས་ཁང་དང་བཅས་པ་མདུན་དུ་བྱོན་པར་བསམ་ལ། སྤྱན་འདྲེན་པ་ནི། བྷྱོ། རླུང་ནག་དགུ་རླུང་འཚུབས་མ་འཁྱིལ་བའི་དབུས། །རིན་ཆེན་ཕོ་བྲང་ཐོད་པའི་སྐུ་མཁར་དབུས། །ཉི་ཟླའི་གདན་བཤམས་མཛེས་པའི་རོལ་མོས་བརྒྱན། །དུང་སྒོ་དཀར་མོར་ཤེལ་གྱི་སྐས་བཙུགས་ཏེ། །རྫུ་འཕྲུལ་གྲུབ་པའི་གནས་འདིར་སྤྱན་འདྲེན་ནོ། །དབང་ཕྱུག་གཙོ་མོ་ལྷ་མོ་ནག་མོའི་སྐུ། །བསྟན་པ་བསྲུང་བའི་བདུད་མོ་རེ་མ་ཏི། །མཐིང་ནག་གཅེར་བུ་ཁྲག་གི་རལ་པ་ཅན། །ནག་མོ་ཟ་བྱེད་རྔམ་པའི་མཆེ་བ་ཅན། །དབུ་སྐྲ་མཐོན་མཐིང་ལྕང་ལོར་ནམ་མཁར་འཁྱིལ། །གསེར་དང་མུ་ཏིག་གཡུ་ཡི་ལན་ཕྲན་ཅན། །དབུ་རྒྱན་མགུལ་ཆུར་ཐོད་པའི་ཕྲེང་བས་བརྒྱན། །ཆགས་པའི་སྤྱན་རྩ་དམར་པོ་གློག་ལྟར་འགྱུ། །སྒེགས་པའི་ཆ་ལུགས་རྣ་བ་སེང་གེས་བརྒྱན། །དོ་ཤལ་ཕྱག་གདུབ་དཔུང་རྒྱན་སྦྲུལ་གྱིས་བརྒྱན། །དྲག་པོའི་སྟོབས་ལྡན་ཁྲག་གི་མཆིལ་རིས་ཅན། །འཇིག་རྟེན་གསལ་བའི་ཉི་ཟླའི་སྒྲོན་མེས་བརྒྱན། །དུར་ཁྲོད་དབང་མཛད་ཞིང་ལྤགས་རེ་ལྡེ་གསོལ། །ཕྱག་མཚན་རལ་གྲིས་དུག་གསུམ་རྩད་ནས་གཅོད། །བྷནྡྷ་དམར་པོས་བདུད་ཀྱི་དམག་དཔུང་སྒྲོལ། །ཁྲམ་བམ་ནག་པོས་སྐྱེ་འགྲོ་རྩིས་ལ་འདེབས། །ནད་ཀྱི་རྐྱལ་པས་བསྟན་པ་གཉེན་པོ་བསྲུང་། །མི་འབྲལ་གཟུགས་མཛེས་ལྕགས་སྒྲོག་མཛེས་པས་བརྒྱན། །མྱུར་མགྱོགས་མཐུ་ལྡན་བདུད་མོ་དྲིལ་ཞོན་མ། །བདག་གིས་བསྒྲུབ་པའི་གནས་འདིར་སྤྱན་འདྲེན་ནོ། །སྤྲུལ་པའི་ཕྱག་བརྙན་ཀླུ་མོ་ཆུ་སྲིན་གདོང་། །བཀའ་ཡི་བློན་མོ་བ་ལམ་དྲིལ་སྣ་མ། །ལས་ཀྱི་ཕ་ཉ་ཁྲི་སྨན་ས་ལེ་མ། །སླད་ཀྱི་རྗེས་འབྲང་སེང་གེའི་གདོང་པ་ཅན། །འཁོར་བཅས་སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །ༀ་མ་ཧཱ་ཀ་ལི་རེ་མ་ཏི། ཨེ་ཧྱ་ཧི་ཨ་ཀར་ཥ་ཡ་ཛ་ཛཿ ཛ་ཧཱུྃ་བྃ་ཧོ། ཞེས་སྤྱན་དྲང་ངོ་། །བྷྱོ། མ་ཡི་ནང་ན་མ་གཅིག་མ། །སྲིང་གི་ནང་ན་སྲིང་གཅིག་མ། །དཔལ་ལྡན་གཉེན་གྱི་རྡོ་རྗེ་རེ་མ་ཏི། །བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ། །འདོད་པའི་ཁམས་ཀྱི་དབང་ཕྱུག་མ། །ལྷའི་གནས་ན་ལྷ་མོ་ནམ་གྲུ་མ། །ཀླུའི་གནས་ན་ཀླུ་མོ་གློག་འགྱུ་མ། །སྲིན་གྱི་གནས་ནས་སྲིན་མོ་ཤམ་ཤམ་མ། །མིའི་གནས་ནས་བདུད་མོ་རེ་མ་ཏི། །མིའི་བདུད་ལས་ཁྱོད་པས་ཆེ་བ་མེད། །གནས་ནི་བྱང་ཤར་མཚམས་ན་གནས། །རྒྱུ་ནི་བར་སྣང་ཁམས་ན་རྒྱུ། །སྐྱེ་འགྲོ་ཡོངས་ཀྱི་དབུགས་འཕྲོག་མ། །རྐང་གདུབ་ལྕགས་ཀྱི་ལྷྭམ་གྱོན་མ། །སྐུ་ལ་མཛེས་པའི་རེ་ལྡེ་གསོལ། །མི་མགོ་རྟ་མགོ་མཁར་དུ་བརྩིགས། །ཐོད་པ་དགུ་བརྩེགས་གཞལ་ཡས་ནས། །མ་ཅིག་ལྷ་མོ་སྤྱན་འདྲེན་ནོ། །དོ་ནུབ་ནམ་གྱི་དགུང་ཐུན་ལ། །མིང་པོ་རྡོ་རྗེས་ལས་བཅོལ་ནས། །སྲིང་མོ་དམ་ཅན་ལས་མཛོད་ཅིག །བརྣག་པའི་ཕྲིན་ལས་འགྲུབ་པར་མཛོད། །མ་བོས་པའི་ཚེ་ན་སྙན་མ་སྲ། །གཡབ་པའི་ཚེ་ན་སྤྱན་མ་རྟུལ། །བསྒྲུབ་པའི་ཚེ་ན་རྒྱང་མ་རིང་། །མངག་པའི་ཚེ་ན་བང་མ་བུལ། །རྦད་པའི་ཚེ་ན་མཐུ་མ་ཆུང་། །དམ་རྫས་བརྒྱན་གྱི་གཏོར་མ་འདི་བཞེས་ལ། །བདག་གིས་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་མན་ངག་ལ། སྲིན་ལག་གཡབ་དར་གང་རུང་ལ། བྷྲཱུྃ་ཧཱུྃ་བྷྱོ་ཛཿ མི་དབང་ཏྲི་ཁྲག་གིས་བྲིས་ལ་མདུན་དུ་ལྷ་མོ་དམ་ཚིག་པ་བསྐྱེད། རང་ཉིད་ཡི་དམ་གྱི་མདུན་གྱི་གཡབ་དར་ཡི་གེ་དང་བཅས་པའི་འོད་ཟེར་ཛ་ཡི་རྣམ་པ་ཅན་འཕྲོས་པས། བྱང་ཤར་མཚམས་ནས་ལྷ་མོ་བཞུགས་པས་ཐུགས་ཀའི་བྷྱོ་ལ་ཛའི་འཁྱུད་པའི་དུས་སྔོན་གྱི་ཐུགས་དམ་དྲན་ནས་རང་དབང་མེད་པར་གཡབ་དར་གཡབ་པ་ཙམ་གྱིས་བྱོན་པར་བསམས་ལ། མདུན་གྱི་དམ་ཚིག་པ་དང་གཉིས་སུ་མེད་པར་བསམས་ལ། བྷྱོ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་དཔལ་ལྡན་མ། །བདུད་མོ་དཔལ་ལྡན་རེ་མ་ཏི། །བདག་གིས་གདུངས་ཏེ་བོས་པའི་ཚེ། །ཉི་མ་བྱང་ཤར་ཕ་གི་ནས། །ཡོངས་འདུས་ཤིང་གི་རྩ་བ་ནས། །མཚོ་མུ་ལེ་མཐིང་གི་ནང་ཤེད་ནས། །མཐིང་ཤོག་སྔོན་པོའི་གུར་ནང་ནས། །ཐོད་པ་ལེ་བརྩིགས་གཞལ་ཡས་ནས། །བསེ་ཡི་སྐུ་མཁར་གྲུབ་བཞིའི་ནང་། །རིན་ཆེན་སྣ་བདུན་ཕོ་བྲང་ནས། །མི་རོ་རྟ་རོ་གཅལ་དུ་བཀྲམ། །མི་ཁྲག་རྟ་ཁྲག་འདམ་རྫབས་སྟངས། །དེ་ན་མ་གཅིག་ལྷ་མོ་བཞུགས། །ལྷ་མོ་ནག་མོ་རེ་མ་ཏི། །བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ་གཅིག་མ། །འདོད་པ་ཁམས་ཀྱི་དབང་ཕྱུག་མ། །ཆིབས་སུ་བོང་བུ་དམར་གྭ་བཅིབས། །ཁལ་དུ་ལྕགས་ཀྱི་དྲ་བ་མིག་དགུ་འགེལ། །མཆན་ནས་ནད་ཀྱི་རྐྱལ་པ་ཐོང་། །གཡས་ན་རལ་གྲི་སྡིག་པ་ཅན། །གཡོན་ན་གདུག་པའི་ཐོད་ཁྲག་ཐོགས། །སྟོང་གསུམ་ཀུན་གྱི་བྷྱོ་ལུགས་མཁན། །བདུད་མོ་དཔལ་ལྡན་རེ་མ་ཏི། །དམ་ཚིག་དབང་གིས་སྤྱན་འདྲེན་ནོ། །དམ་ལ་མ་འདའ་ད་ཚུར་བྱོན། །མ་ཅིག་དཔལ་ལྡན་རེ་མ་ཏི། །ཕྱག་བརྙན་བདུད་མོ་འབུམ་དང་བཅས། །རྣལ་འབྱོར་བདག་གིས་གདུང་ཏེ་བོས་པའི་ཚེ། །མཆིལ་མ་ཐུལ་ཐུལ་མ་ཐོགས་མྱུར་དུ་བྱོན། །མ་ཅིག་ལྷ་མོ་ནག་མོ་ཁྱེད། །སྔོན་ཚེ་ཕྱག་ན་རྡོ་རྗེ་ལ། །རང་རྟགས་སྲོག་གི་སྙིང་པོ་ཕུལ། །བོས་ན་འོང་བར་ཁས་བླངས་ཤིང་། །ཁས་བླངས་དམ་ལ་མ་འདའ་བར། །རྣལ་འབྱོར་བདག་གིས་ཁྱོད་བསྐུལ་ན། །དམ་ཚིག་དབང་གིས་ད་ཚུར་བྱོན། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །མ་ཅིག་ལྷ་མོ་འཁོར་ཚོགས་རྣམས། །ན་ཆུང་མཚན་ལྡན་ཆུར་ཤི་བའི། །སྲིན་ལག་གཡབ་མོས་སྤྱན་འདྲེན་ནོ། །མི་དབང་སྨིན་པའི་ཤ་ཁྲག་དང་། །དམ་རྫས་འདི་ལ་མྱུར་དུ་བྱོན། །ༀ་ཨེ་ཨ་ར་ལི་རེ་མ་ཏི་ས་མ་ཡ་ཛ་ཛཿ ཛ་ཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དེ་ནས་གདན་འབུལ་བ་ནི། བྷྱོཿ མ་ཅིག་དཔལ་ལྡན་རེ་མ་ཏི། །ཕྱག་བརྙན་བདུད་མོ་འབུམ་ཕྲག་རྣམས། །མི་རོ་གཤིབས་པའི་གདན་མཆོག་དང་། །སྲིན་པོའི་བོང་བུའི་གདན་ལ་བཞུགས། །ༀ་མ་ཧཱ་ཀ་ལི་རེ་མ་ཏི་ས་མ་ཡ་ཏིཥྛ་ལྷན། དེ་ནས་ཕྱག་འཚལ་བ་ནི། བྷྱོ། མ་ཅིག་དཔལ་ལྡན་རེ་མ་ཏི། །ནག་མོ་ཆེན་མོ་རྣལ་འབྱོར་མ། །ཕོ་ཉ་བདུད་མོ་འབུམ་ཚོགས་ལ། །བདག་ཅག་དད་པས་ཕྱག་འཚལ་ལོ། །ༀ་མ་ཧཱ་ཀ་ལི་རེ་མ་ཏི་ཨ་ཏི་པུ་ཧོ་པྲ་ཏི་ཛ་ཧོ། དེ་ནས་དམ་བསྲེ་བ་ནི། བྷྱོ། རྡོ་རྗེ་དྲི་ཆུ་བདུད་རྩིའི་མཆོག །པཉྩ་ཨ་མྲྀ་ཏ་དང་སྦྱར། །དམ་ཚིག་སྙིང་ཁྲག་ཆེན་མོ་འདི། །བསྲེས་པའི་མཆོག་སྟེ་སྲོག་གིས་སྙིང་། །མ་གཅིག་བདུད་མོ་འཁོར་ཚོགས་རྣམས། །ཁྱོད་དང་བདག་ཉིད་དམ་བསྲེའོ། །རྟག་ཏུ་དམ་ལ་མ་འདའ་ཞིག །དམ་ལ་འདའ་བས་བསྲེག་པར་བྱེད། །མ་ཧཱ་ཀུ་ཀུ་ས་མ་ཡ་མ་ཧཱ་པཉྩ་ཨ་མྲྀ་ཏ་ས་མ་ཡ་ཧཱུྃ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱི་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པའི་དེ་རྣམས་ཀྱི་ཡེ་ཤེས་ཀྱི་བདུད་རྩིའི་བཀང་བའི་བུམ་པ་ཐོགས་ནས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་དབང་བསྐུར་ལུས་གང་དྲི་མ་དག་ཆུ་ཡི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་འཇིགས་བྱེད་ཡུམ་དང་བཅས་པས་དབུ་བརྒྱན་པར་གྱུར། ཕྱག་ན་རྡོ་རྗེ་ཡིན་པར་བསམ། དེ་ནས་མཆོད་པ་འབུལ་བ་ནི། བྷྱོ། བདུད་མོ་བྱེ་བ་འབུམ་གྱི་གཙོ་མོ་ནི། །དཔལ་ལྡན་གཉེན་གྱི་རྡོ་རྗེ་རེ་མ་ཏི། །ཁྱོད་ལ་དཔྱིད་གསུམ་མཆོད་པ་དམ་པ་འབུལ་བ་ནི། །སྤོས་སྦྱོར་ས་ཡི་བདུད་རྩི་རྣམ་ལྔ་དང་། །ཏྲི་རྒོད་སྙིང་དང་རཀྟ་ག་བུར་དང་། །འཚུབས་ནག་རླུང་གི་བསྡུས་པའི་རྫས་མཆོག་འདི། །མ་དཔྱིད་ཀྱི་རྒྱལ་མོའི་ཐུགས་དམ་བསྐང་བར་མཛོད། བྷྱོ། དཔལ་ལྡན་གཉེན་གྱི་རྡོ་རྗེ་རེ་མ་ཏི། །མ་ཁྱོད་ལ་དབྱར་གསུམ་མཆོད་པ་དམ་པ་འབུལ་བ་ནི། །སྤོས་སྦྱོར་པ་ཡི་བདུད་རྩི་རྣམ་པ་ལྔ། །མེ་ཏོག་ཆུ་སྐྱེས་ཐང་སྐྱེས་རྣམ་པར་སྦྱར། །བྱུང་འཛག་ཁྲག་དང་འཆི་ཀའི་མཚལ་ཐིག་དང་། །གསོན་ཁྲག་སྤོས་དང་སྦྱར་བའི་བདུད་རྩི་འདིས། །མ་དབྱར་གྱི་རྒྱལ་མོའི་ཐུགས་དམ་བསྐང་བར་མཛོད། བྷྱོ། དཔལ་ལྡན་གཉེན་གྱི་རྡོ་རྗེ་རེ་མ་ཏི། །མ་ཁྱོད་ལ་སྟོན་གསུམ་མཆོད་པ་དམ་པ་འབུལ་བ་ནི། །འབྲས་དང་གྲོ་དང་མོན་སྲན་དང་། །ཤིང་ཏོག་སྣ་ཚོགས་སྦྱར་བའི་བདུད་རྩི་དང་། །གོ་རོ་ཙ་ཎའི་བརྫེས་པའི་རྫས་མཆོག་འདིས། །མ་སྟོན་གྱི་རྒྱལ་མོའི་ཐུགས་དམ་བསྐང་བར་མཛོད། བྷྱོ། དཔལ་ལྡན་གཉེན་གྱི་རྡོ་རྗེ་རེ་མ་ཏི། །མ་ཁྱོད་ལ་དགུན་གསུམ་མཆོད་པ་དམ་པ་འབུལ་བ་ནི། །བསད་པའི་ཤ་དང་མྱོས་པའི་ཆང་། །བསྲེགས་པའི་གསུར་དང་རློན་པའི་ཤ། །གློ་སྙིང་ནང་རོལ་མཁར་མར་བཅས། །འབྲས་བུ་མི་དབང་སྨིན་པའི་ཤ །ཚིལ་ཆེན་དྲི་དང་བདུག་སྤོས་རྣམས། །མ་དགུན་གྱི་རྒྱལ་མོའི་ཐུགས་དམ་བསྐང་བར་མཛོད། བྷྱོ། མ་ཅིག་བདུད་མོ་རེ་མ་ཏི། །ཕྱག་བརྙན་བདུད་མོ་འབུམ་སྡེ་ལ། །བུའི་མཆོད་པ་འབུལ་བ་ནི། །རྒྱ་མཚོ་འབབ་ཆུ་ཆུ་མིག་རྫིངས། །དམར་ཆེན་ཁྲག་གི་ཨརྒྷཾ་འདི། །མ་ཡི་སྐུ་ལ་ཐིམ་གྱུར་ཅིག །ༀ་མ་ཧཱ་ཀ་ལི་རེ་མ་ཏི་ས་པ་རི་ཝ་ར་ཨརྒྷཾ་པྲ་ཏིཙྪི་ཧཱུྃ་སྭཱ་ཧཱ། ཆུ་སྐྱེས་ཐང་སྐྱེས་མེ་ཏོག་དང་། །དབང་པོ་ལྔ་ཡི་མེ་ཏོག་འདི། །མ་ཡི་དབུ་ལ་ཐིམ་གྱུར་ཅིག །ཐུགས་མཆོག་དམ་པ་མཉེས་གྱུར་ཅིག །དངོས་གྲུབ་དམ་པ་སྩལ་དུ་གསོལ། །ཅེས་པ། པུཥྤེ༴ ག་བུར་གླ་རྩི་གུ་གུལ་དང་། །ཤ་ཆེན་སྤོས་ཀྱི་དུད་པ་འདི། །མ་ཡི་ཤང་ལ་ཐིམ་གྱུར་ཅིག །ཐུགས་མཆོག་དམ་པ་མཉེས་གྱུར་ཅིག །དངོས་གྲུབ་དམ་པ་སྩལ་དུ་གསོལ། །དྷུཔྤེ༴ ཉི་ཟླ་གློག་དང་གསལ་བའི་སྒྲོན། །ཞུན་ཆེན་མདངས་ཀྱི་མར་མེ་འདི། །མ་ཡི་སྤྱན་ལ་ཐིམ་གྱུར་ཅིག །ཐུགས་མཆོག་དམ་པ་མཉེས་གྱུར་ཅིག །དངོས་གྲུབ་དམ་པ་སྩལ་དུ་གསོལ། །ཨ་ལོ་ཀེ༴ ཁྲག་ཆེན་དུག་དང་སྦྱར་བ་ཡིས། །རཀྟ་དྲི་ཆབ་དམར་པོ་འདི། །མ་ཡི་ཐུགས་ཀར་ཐིམ་གྱུར་ཅིག །ཐུགས་མཆོག་དམ་པ་མཉེས་གྱུར་ཅིག །དངོས་གྲུབ་དམ་པ་སྩལ་དུ་གསོལ། །གྷནྡེ༴ ཕྱེ་མ་ལྔ་ཡི་བཤོས་བུ་དང་། །ནལ་ཤ་ཡོན་ཏན་ལྔ་ལྡན་འདི། །མ་ཡི་ལྗགས་ལ་ཐིམ་གྱུར་ཅིག །ཐུགས་མཆོག་དམ་པ་མཉེས་གྱུར་ཅིག །དངོས་གྲུབ་དམ་པ་སྩལ་དུ་གསོལ། །ནེ་ཝི་ཏྱ༴ པི་ཝཾ་གླིང་བུ་མཁར་བའི་རྔ། །བྷནྡྷ་ཆ་ལང་རྐང་གི་དུང་། །མ་ཡི་སྙན་ལ་ཐིམ་གྱུར་ཅིག །ཐུགས་མཆོག་དམ་པ་མཉེས་གྱུར་ཅིག །དངོས་གྲུབ་དམ་པ་སྩལ་དུ་གསོལ། །ༀ་མ་ཧཱ་ཀ་ལི་རེ་མ་ཏི་ས་པ་རི་ཝ་ར་ཤབྡ་པྲ་ཏིཙྪ་ཧཱུྃ་སྭཱ་ཧཱ། དེ་རྣམས་ཕྱི་ཡི་མཆོད་པའོ། །དེ་ནས་ནང་མཆོད་འབུལ་བ་ནི། ༀ་བཛྲ་མ་ཧཱ་ཀ་ལི་རེ་མ་ཏི་ཧཱུྃ། ༀ་ཨཱཿཧཱུྃ། ཞེས་ནང་མཆོད་འབུལ་ལོ། །དེ་ནས་གཏོར་མ་བྱིན་གྱིས་རླབས་ཏེ་འབུལ་བ་ནི། ཧཱུྃ། རྨད་དུ་བྱུང་བའི་གཏོར་མ་དང་། །བུམ་དང་རིལ་དང་ཕྱེད་ཚལ་དང་། །ནང་རོལ་གློ་སྙིང་མཁལ་མར་བཅས། །ཤ་དང་རུས་པ་རྐང་ཚིལ་རྣམས། །མ་བདུད་འཁོར་དང་བཅས་ལ་འབུལ། །བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །དགྲ་བོ་མ་ཧཱ་མང་ས་ལ་ཁ་ཁ་ཁཱ་ཧཱི་ཁཱ་ཧི། རཀྟ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཙིཏྟ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། བ་སུ་ཏ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཀོ་རོ་ཙ་ན་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཀིང་ནི་རི་ཏི་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། སྐྱེ་མཆེད་བཅུ་གཉིས་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། སྲོག་དང་དབུགས་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། དེ་ནས་གཏོར་མ་འབུལ། བྷྱོ། མ་ཅིག་བདུད་མོ་འཁོར་ཚོགས་རྣམས། །དམ་ཚིག་དབང་གི་སྙིང་ཁྲག་དམར་ལ་རོལ། །མ་ཅིག་ཁྲག་འཐུང་དཔག་ཚད་བརྒྱད་ཁྲིར་རྒྱུག །དམ་རྫས་རྨད་དུ་བྱུང་བའི་དམར་ཆེན་ཁྲག་ལ་རོལ། །མ་ཧཱ་རཀྟ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་རཀྟ་འབུལ། བྷྱོ། སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །མ་ཅིག་བདུད་མོ་འཁོར་ཚོགས་རྣམས། །ཐུགས་དམ་དབྱིངས་ཉིད་བསྐངས་བའི་ཕྱིར། །བདུད་རྩི་སྨན་གྱི་མཆོད་པ་འདི་བཞེས་ཤིག །མ་ཧཱ་པཉྩ་ཨ་མྲྀ་ཏ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། བདུད་རྩི་འབུལ་ལོ། །བྷྱོ། མ་ཅིག་ཆེན་མོ་འཁོར་བཅས་ལ། །ཡང་གཅིག་མཆོད་པ་འབུལ་བ་ནི། །མི་དབང་འབྲས་བུའི་ཤ་ཕྱེད་དང་། །འཆི་ཀའི་མཚལ་ཏིག་དམར་པོ་དང་། །ཤིང་ལོ་རླུང་ཁྱེར་ས་ལ་མ་རེག་དང་། །འབྲས་བུ་སྨིན་པའི་ཤིང་ཏོག་དང་། །ན་ཆུང་མ་ཡི་བྱུང་ཟད་ཁྲག །དམ་ཉམས་བྱང་སེམས་དཀར་དམར་དང་། །དྲི་རྒོད་སྙིང་དང་དབང་པོ་ལྔ། །བོང་བུའི་སྙིང་དང་ཁྲིམས་འཆལ་ཤ །རྣམ་ལྔ་བདུད་རྩིས་མཆོད་པ་འདིས། །མ་ཅིག་འཁོར་དང་བཅས་ལ་འབུལ། །བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །བསྟེན་པའི་དམ་རྫས་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། བསྟེན་པའི་དམ་རྫས་ཀྱིས་མཆོད་པ་འབུལ། བྷྱོ། མ་ཅིག་ཆེན་མོ་འཁོར་བཅས་རྣམས། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །མ་ཡི་བུ་ལ་དངོས་གྲུབ་སྩོལ། །ཡེ་ཤེས་གསང་བའི་དངོས་གྲུབ་སྩལ་དུ་གསོལ། །འདོད་ཁམས་འདུལ་བའི་དངོས་གྲུབ་སྩལ་དུ་གསོལ། །འཇིག་རྟེན་དབང་དུ་སྡུད་པའི་དངོས་གྲུབ་སྩལ་དུ་གསོལ། །ཚེ་དང་ལོངས་སྤྱོད་རྒྱས་པའི་དངོས་གྲུབ་སྩལ་དུ་གསོལ། །ཡེ་ཤེས་ལྔ་ཡི་དངོས་གྲུབ་སྩལ་དུ་གསོལ། །གྲུབ་ཆེན་བརྒྱད་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཕྲིན་ལས་བཞིའི་སྐུ་གསུང་ཐུགས་ཀྱི༴ ཤྲཱི་དེ་བི་མ་ཧཱ་ཀ་ལི་ཀ་ཡ་ཝཀྐ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་དངོས་གྲུབ་བླང་ངོ་། །བྷྱོ། བསྐལ་པའི་མེ་རླུང་འཚུབས་མའི་ཀློང་དཀྱིལ་ནས། །མ་ཅིག་ལྷ་མོ་ནག་མོ་གློག་འགྱུ་མ། །ཕོ་ཉ་བདུད་ཀྱི་བུ་མོ་འཁོར་ཚོགས་རྣམས། །མ་ཅིག་འཁོར་བཅས་བརྩེ་བས་དགོངས་སུ་གསོལ། །བདག་ཉིད་མི་མཁས་རྨོངས་པའི་དབང་གྱུར་པས། །སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གིས། །ཏིང་འཛིན་མ་གསལ་རབ་རིབ་ཁལ་ཁོལ་དང་། །སྔགས་དང་ཕྱག་རྒྱའི་གྲ་ཆགས་ཟུར་ཉམས་དང་། །ཉམས་པ་ཅན་གྱི་སྐྱོན་གྱིས་ཕོག་པ་དང་། །ཕུད་ཉམས་ལྷག་མར་གྱུར་པ་ཐམས་ཅད་དང་། །དམ་རྫས་མཆོད་རྫས་དུས་སུ་མ་འཚོགས་དང་། །དཔོན་དང་མཆེད་ལྕམ་ཐུགས་དང་འགལ་བ་དང་། །ཁྱད་པར་མ་ཅིག་ལྷ་མོའི་དམ་ཚིག་ལས། །སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གིས། །ཉམས་ཆག་ཞིག་རལ་གྱུར་པ་ཅི་མཆིས་པ། །མ་ཅིག་བདུད་མོ་འབུམ་ཚོགས་རྣམས་ལ་བཤགས། །རབ་ཏུ་བཤགས་པས་ཚངས་པའི་དངོས་གྲུབ་སྩོལ། །ཡི་གེ་བརྒྱ་པ་བཟླའོ། །དེ་ནས་བསྐང་རྫས་རྣམས་གཞུང་ལྟར་བྱིན་གྱིས་རླབས་སོ། །སྔགས་དྲུག་དང་ཕྱག་དྲུག་ལ་སོགས་པ་གཞུང་བཞིན་བྱའོ། །དེ་ནས་རོལ་མོ་དབྱངས་དང་བཅས་པའི། རྒྱས་པ་སྤྲོ་ན་གཟེར་ཆུང་བསྐང་བ་རིང་ཐུང་གཉིས། བསྐང་ཐུང་འདི་དང་གསུམ་འདོན་པར་བྱའོ། །མི་སྤྲོ་ན་འདི་ལས་འདུས་པར་སྣང་ངོ་། །བྷྱོ། དཔལ་ལྡན་ལྷ་མོ་གསན་ཅིང་དགོངས་སུ་གསོལ། །སྲིང་གཅིག་ལྷ་མོ་གསན་ཅིང་དགོངས་སུ་གསོལ། །བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ་གཅིག་མ། །ནད་དང་རིམ་གྱི་བདག་མོ་ཆེན་མོ་ཁྱོད། །ཐུགས་དམ་བསྐང་ཕྱིར་གནས་འདིར་བྱོན། །ཉམས་ཆག་གསོ་ཕྱིར་གནས་འདིར་བྱོན། །ཕྲིན་ལས་སྒྲུབ་ཕྱིར་གནས་འདིར་བྱོན། །བསྐང་ངོ་སྐལ་པར་ཐུགས་དམ་བསྐང་། །འབོད་པའི་དམ་རྫས་ཡིན་པའི་ཕྱིར། །ཞིང་ཆེན་གཡབ་མོས་ཐུགས་དམ་བསྐང་། །བསྟེན་པའི་དམ་རྫས་ཡིན་པའི་ཕྱིར། །མི་དབང་སྙིང་གི་ཐུགས་དམ་བསྐང་། །རང་བཞིན་གནས་ནས་སྤྱན་འདྲེན་ཕྱིར། །མི་རྐང་གླིང་བུའི་ཐུགས་དམ་བསྐང་། །དམ་ཚིག་གཉེན་པོ་བསྲེ་བའི་ཕྱིར། །བདུད་རྩི་སྨན་གྱི་ཐུགས་དམ་བསྐང་། །འདོད་ཁམས་གཙོ་མོ་ཡིན་པའི་ཕྱིར། །རྨ་བྱའི་རྒྱལ་མཚན་གྱི་ཐུགས་དམ་བསྐང་། །ལྗགས་ཀྱི་དབང་པོ་ཚིམ་བྱའི་ཕྱིར། །ཤ་ཆེན་རུས་པས་ཐུགས་དམ་བསྐང་། །མགྲིན་པའི་གསང་ནས་སྦྱངས་བའི་ཕྱིར། །དམར་ཆེན་རཀྟས་ཐུགས་དམ་བསྐང་། །ཚིལ་ཆེན་དྲི་ལ་སྣོམས་པའི་ཕྱིར། །གསུར་ཆེན་དུད་པས་ཐུགས་དམ་བསྐང་། །རྟག་ཏུ་མི་འབྲལ་འགྲོགས་པའི་ཕྱིར། །རྒྱུན་གྱི་གཏོར་མས་ཐུགས་དམ་བསྐང་། །ཉམས་ཆག་མ་ལུས་བསྐང་བའི་ཕྱིར། །བྱ་ནག་གཡག་ནག་ལུག་ནག་གི། །ནག་མོ་འབུམ་སྡེའི་ཐུགས་དམ་བསྐང་། །བྷྱོ། དཀར་མོ་འབུམ་སྡེའི་ཐུགས་དམ་བསྐང་། །དམར་མོ་འབུམ་སྡེའི་ཐུགས་དམ་བསྐང་། །སེར་མོ་འབུམ་སྡེའི་ཐུགས་དམ་བསྐང་། །ལྗང་མོ་འབུམ་སྡེའི་སྔོན་མོ་འབུམ་སྡེའི༴ མཐིང་ནག་འབུམ་སྡེའི་ཐུགས་དམ་བསྐང་། །དམར་ནག་འབུམ་སྡེའི་ཐུགས་དམ་བསྐང་། །སེར་ནག་འབུམ་སྡེའི་ཐུགས་དམ་བསྐང་། །ལྗང་ནག་འབུམ་སྡེའི་ཐུགས་དམ་བསྐང་། །སྔོ་ནག་འབུམ་སྡེའི་ཐུགས་དམ་བསྐང་། །སྨུག་ནག་འབུམ་སྡེའི་ཐུགས་དམ་བསྐང་། །མ་ཡེ་ཤེས་རྒྱལ་མོའི་ཐུགས་དམ་བསྐང་། །བོད་སྐྱོང་བརྟན་མའི་ཐུགས་དམ་བསྐང་། །འཛམ་གླིང་སྐྱོང་མའི་ཐུགས་དམ་བསྐང་། །མ་ཁྱོད་ཀྱང་དམ་ལ་མ་འདའ་ཞིག །ང་ཡང་དམ་ལ་མ་འདའོ། །གལ་ཏེ་དམ་ལ་ཁྱོད་འདའ་ན། །སྲོག་གི་སྙིང་པོ་མེ་འབར་བས། །རང་སྲོག་རང་གི་གཅོད་པར་བྱེད། །དེ་བས་དམ་ལ་མ་འདའ་ཞིག །ཐུགས་དམ་གཉེན་པོ་འདིར་སྐོང་ལ། །ཉམས་ཆག་ཅི་མཆིས་བཟོད་པར་གསོལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཕྲིན་ལས་དྲག་ཤུལ་མཐུ་མ་ཆུང་། །སྡང་བའི་དགྲ་ལ་རྟགས་ཕྱུངས་ཤིག །གནོད་པའི་བགེགས་ལ་ཕྲིན་ལས་མཛོད། །ཕས་ཀྱི་རྦོད་གཏོང་བཟློག་ཏུ་གསོལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་བསྟན་པ་བསྲུངས་བའི་ཆེད་དུ་འབུལ་བ་ནི། བྷྱོ། འཕྲུལ་གྱི་ཕོ་བྲང་ཐོད་པའི་ལྡིང་ཁང་ནས། །དཔལ་ལྡན་ལྷ་མོ་ནག་མོ་རེ་མ་ཏི། །སྲིན་པོ་ནག་པོའི་ཆུང་མ་རལ་པ་ཅན། །ཡ་མཚན་རྨད་བྱུང་ལྷ་མོ་འཕྲོས་པའི་གཙོ། །ཞལ་གདངས་མཆེ་གཙིགས་དྲག་པོའི་རྐན་སྒྲ་རྡེབས། །རྔམ་པའི་ཚུལ་གྱིས་དམར་ཆེན་ཁྲག་ལ་རོལ། །ཁ་འབར་ཆེན་མོ་སྲོག་གི་ཤན་པ་མོ། །ཁ་མཆུ་ཆེན་མོ་སྲོག་གིས་ཙ་ལ་མོ། །མཁའ་འགྲོ་ཆེན་མོ་བསེའ་གདོང་ལས་མཁན་མ། །སྐུ་ནི་ནག་མོ་འབུམ་གྱི་དབུས་སུ་བཞུགས། །སྐྱེ་བ་རྣམ་བཞི་བསྒྲོལ་བའི་གིང་ཆེན་མོ། །ཁྱེད་ནི་སྲིད་པ་ཀུན་གྱི་བཀུར་བར་འོས། །ཚངས་པའི་རྒྱལ་པོའི་རྨ་བྱའི་རྒྱལ་མཚན་ཕུལ། །ནམ་མཁའི་ལྷ་བྲན་རྣམས་ཀྱི་སིལ་སྙན་དྲིལ་བུ་ཕུལ། །འཆི་བདག་རྒྱལ་པོས་ཕྱག་ན་རལ་གྲི་ཕུལ། །བདུད་ཀྱི་རྒྱལ་པོས་ཁྲམ་བམ་ནག་པོ་ཕུལ། །དུར་ཁྲོད་བདག་པོས་བྷནྡྷ་ལྕང་ལོ་ཕུལ། །གནོད་སྦྱིན་རྒྱལ་པོས་ནེའུ་ལེའི་རྐྱལ་པ་ཕུལ། །རྣམ་ཐོས་སྲས་ཀྱི་སེང་གེའི་སྙན་ཆ་ཕུལ། །ཁྱབ་འཇུག་ཆེན་པོས་ཉི་མ་ཟླ་བ་ཕུལ། །ཐེག་ཆེན་རྒྱལ་པོས་གླང་ཆེན་ཀོ་རློན་ཕུལ། །མ་བདུད་རྒྱལ་མོས་རེ་ལྡེ་ཤམ་ཐབས་ཕུལ། །མ་མོ་རྣམས་ཀྱིས་ནད་ཀྱི་རྐྱལ་པ་ཕུལ། །ཀླུ་མོ་རྣམས་ཀྱི་འཕྲུལ་གྱི་མེ་ལོང་ཕུལ། །སྨན་མོ་རྣམས་ཀྱིས་ཚོན་གྱི་གྲུ་གུ་ཕུལ། །ཤ་ཟའི་རྒྱལ་པོས་ཐོད་པའི་ཕྲེང་བ་ཕུལ། །ལྷ་སྲིན་རྣམས་ཀྱིས་གསེར་གྱི་དྲིལ་བུ་ཕུལ། །ས་བདག་རྒྱལ་པོས་རུས་སྦལ་ཕོ་གུ་ཕུལ། །བཙན་གྱི་རྒྱལ་པོས་ཤྭ་དྷིལ་དཀར་ནག་ཕུལ། །སྲིན་པོའི་རྒྱལ་པོས་ལྕགས་སྒྲོག་འབར་བ་ཕུལ། །རྒྱལ་པོ་དཀར་པོས་སྤྱན་མིག་གཡས་པ་ཕུལ། །རྣལ་འབྱོར་བདག་གི་བདུད་རྩི་གཏོར་མ་ཕུལ། །རཀྟ་དམར་གྱི་ཨརྒྷ་བསྐྱེད་པ་ནས། །མ་ལ་བུས་བོས་གདུང་སེམས་མ་ཆུང་བར། །སྨུག་ནག་འཇིགས་པའི་རྒྱལ་མོ་སྐུ་བཞེངས་ལ། །ལྕགས་ཀྱུ་འདྲ་བའི་སྡེར་མོས་གཏོར་མ་ལོངས། །གྲུ་གསུམ་མཐིང་ནག་འབར་བའི་ཞལ་གདོངས་ལ། །ཟ་བྱེད་རྣོ་གདུག་འབར་བའི་མཆེ་བ་གཙིགས། །ལེ་བརྒན་ཁྲག་འཐུང་འབར་བའི་ལྗགས་རྐྱོང་ལ། །ཆོས་ཀྱི་དབྱིངས་དང་མཉམ་ཞིང་མགུལ་ལ་བསྟིམ། །ཁ་ཁ་ཁཱ་རཾ་ཁཱ་ཧི། བྷྱོ། དུར་ཁྲོད་མངའ་མཛད་ལྷ་མོ་རེ་མ་ཏི། །འདས་དང་མ་འོངས་ད་ལྟ་ཀུན་ལ་དབང་བསྒྱུར་ཞིང་། །སྟོང་གསུམ་འཇིག་རྟེན་ཁམས་ཀྱི་གཟུགས་འཕྲོག་མ། །བློ་མེད་གྲོགས་འཚོལ་བློན་པོ་རིན་ཆེན་འདྲ། །འཇིགས་པའི་མགོན་སྐྱོབ་དམག་དཔོན་རིན་ཆེན་འདྲ། །མི་འབྲལ་ཟུང་འཇུག་བཙུན་མོ་རིན་ཆེན་འདྲ། །ཐེག་པའི་དོན་དམ་གླང་པོ་རིན་ཆེན་འདྲ། །ས་བཅུ་བགྲོད་པའི་རྟ་མཆོག་རིན་ཆེན་འདྲ། །གཞན་ལ་དབང་བསྒྱུར་འཁོར་ལོ་རིན་ཆེན་འདྲ། །བསམ་འཕེལ་དོན་ལྡན་ནོར་བུ་རིན་ཆེན་འདྲ། །འཇིག་རྟེན་མགོན་པོ་ལྟར་ནི་བསོད་ནམས་འཕེལ། །ལྷ་དབང་བརྒྱ་བྱིན་ལྟར་ནི་ལོངས་སྤྱོད་ཆེ། །ཨུ་མ་དེ་བ་ལྟར་ནི་ཆེ་ལུགས་བཙུན། །ཨུ་དུམ་ཝར་བ་ལྟར་ནི་སྐྱེ་བར་དཀོན། །མེ་ཏོག་པདྨ་ལྟར་ནི་ལྷ་རྫས་མཛེས། །ནམ་མཁའི་ལྷ་བྲན་ལྟར་ནི་སྐུ་འཁྲུངས་ལེགས། །གཅན་གཟན་སེང་གེ་ལྟར་ནི་གཞན་ལ་བརྗིད། །ཕྱག་ན་རྡོ་རྗེ་ལྟར་ན་མཐུ་སྟོབས་ཆེ། །འཇམ་དཔལ་གཞོན་ནུ་ལྟར་ནི་ཤེས་རབ་ཆེ། །སྤྱན་རས་གཟིགས་དབང་ལྟར་ནི་ཐུགས་རྗེ་ཆེ། །སྤྱི་གཙུག་ནོར་བུ་ལྟར་ནི་གཙུག་ན་འབར། །འཛམ་གླིང་རྒྱལ་པོ་ལྟར་ནི་རྟག་ཏུ་བསྟོད། །དཔལ་ལྡན་རེ་མ་ཏི་ལ་བདག་གིས་བསྟོད། །དེ་ནས་བརྟེན་གཏོར་མེ་རླུང་གང་རུང་གིས་སྦྱོར་བས་བྱིན་གྱིས་རླབས་ལ་འབུལ་བ་ནི། སྔགས་ཀྱི་གཤམ་དུ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ཐོད་པའི་ཕྱག་རྒྱ་བཅིང་ལ་ལན་གཉིས་སམ་གསུམ་མམ་བདུན་གྱིས་འབུལ་ལ། ལྷ་མོ་འཁོར་དང་བཅས་པས་གསོལ་ནས་མཉེས་པར་བསམ་ལ། དེ་ནི་གནས་གཞིའི་དམིགས་པ་བྱས་ལ། བསྙེན་པ་བྱེད་ཚུལ་ནི། བདག་གི་ཐུགས་ཀའི་སྔགས་ཕྲེང་ཧཱུྃཿདང་བཅས་པ་ལས་འོད་ཟེར་དཀར་པོ་གཅིག་སྐུ་ཡི་དབྱིབས་མར་བརྒྱུད་ནས། རྡོ་རྗེ་ནོར་བུའི་རྩེར་བྱུང་ནས་བྱང་ཆུབ་སེམས་ཀྱི་མཆོད་པ་རྣམས་ཕུལ་བས་མཉེས་ཤིང་ཚིམ་པར་བསམ། འོད་ཟེར་ཡང་ལྷ་མོའི་སྐུའི་དབྱིབས་མར་བརྒྱུད་ནས་བྷྱོ་ལ་གཡོན་དུ་བསྐོར་བས། བདག་ལ་འགལ་བ་དང་ཉེས་སྐྱོན་ཐམས་ཅད་དག་པར་བསམ། ལྷ་མོའི་ཞལ་ནས་བདག་གི་ཞལ་དུ་ཚུར་ཞུགས་པའི་དུས་སུ་ཡི་གེ་གསུམ་གྱི་སྣ་དྲངས་ནས་མཆོག་ཐུན་མོང་གི་དངོས་གྲུབ་དང་ཕྲིན་ལས་རྣམ་པ་བཞིའི་དངོས་གྲུབ་དང་མཐུ་སྟོབས་ནུས་པ་བྱིན་རླབས་ཐམས་ཅད་བདག་ལ་ཕུལ་བས། བདག་བཀྲག་གཟི་མདངས་ནུས་པ་མཐུ་སྟོབས་ཐམས་ཅད་དང་ལྡན་པའི། ཁམས་གསུམ་ཐམས་ཅད་དུས་གཅིག་ཏུ་སྒྲོལ་ནུས་པ་གཅིག་བསྒོམ། ནད་དང་གནོད་པ་རྐྱེན་དང་བར་ཆད་ཐམས་ཅད་ཞི་བར་བསམ། དེ་ནས་བདག་གི་ཐུགས་ཀའི་སྔགས་ཕྲེང་ཧཱུྃ་དང་བཅས་པ་ལས་འོད་ཟེར་གཡས་སུ་ལན་གསུམ་བསྐོར་བའི་ལྷ་མོ་འཁོར་བཅས་ཐམས་ཅད་བདག་གི་དབང་དུ་འདུས་ནས་བཀའ་ཉན་གསུངས་སྡོད་བྱེད་ཅིང་ཅི་བཅོལ་པའི་ལས་ཐམས་ཅད་སྐད་ཅིག་གིས་བསྒྲུབ་པར་བསམ། སྔགས་མ་ཡེངས་བར་ཏིང་འཛིན་དང་ལྡན་པའི་རྟགས་མ་བྱུང་གི་བར་དུ་ཞག་གཅིག་གི་བར་ཐུན་བཞིར་བྱས་ལ་བཟླས་པ། འབུམ་དུང་བཟླའོ། །ཡང་ན་བདག་གི་ཅི་རིགས་བར་དུ་བསྙེན་པ་བཟླའོ། །ༀ་མ་ཧཱ་ཀཱ་ལི་རེ་མ་ཏི་ཧཱུྃ། སྙིང་པོའོ། །བྷྱོ་མ་མོ་ནག་མོ་བེ་ཏ་ལི་སིདྡྷི་ཀུ་ལུ་ཀུ་ལུ་མ་ཧཱ་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཉེ་བའི་སྙིང་པོའོ། །ཏདྱ་ཐཱ། ༀ་རུ་རུ་རོ་རུ་པཱི༴ ཏིཥྛ་བ་ཏོ་པཱི་ཙ་ཝ་ལ་ཨ་ཤུག་མེ་བྷྱོཿཧཱུྃ་ཛཿ འཇུག་ལ་མ་ཧཱ་ཀ་ལི་སོགས་ཚར་གཅིག །སྲོག་ན་འདྲེན་པའི་སྔགས་སོ། །སྙིང་པོ་ཉེ་སྙིང་སྲོག་སྔགས་འདི་གསུམ་རེ་རེ་ལ་འབུམ་ཕྲག་རེ་བཟླས་དངོས་གྲུབ་ཀྱི་མཚན་མའོ། །གྲངས་བསྙེན་འབུམ་ཕྲག་གསུམ་བྱེ་བ་གཅིག་བཟླས་ན་ཕྱག་མཚན་མཐོང་། ས་ཡ་གཅིག་བཟླས་ན་ལྷ་མོ་མངོན་དུ་མཐོང་། དེ་ནས་བསྙེན་སྔགས་ལ་ནན་ཏན་བྱེད་པ་གལ་ཆེའོ། །ཡི་གེ་བརྒྱ་པ་ཁ་སྐོང་ངོ་། །དེ་ནས་ནང་གཏོར་མ་འབུལ་བ་ནི། དཔལ་ལྡན་ལྷ་མོ་འཁོར་དང་བཅས་པའི་ལྗགས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་དུ་གྱུར་ནས་གཏོར་མའི་བཅུད་དྲངས་ནས་གསོལ་བར་གྱུར། ༀ་མ་མ་དེ་བི་ཀ་ལི་རེ་མ་ཏི་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨ་མྲྀ་ཏ་པཱུ་ཛ་ཧོ། ཞེས་པ་ལན་གསུམ་གྱི་གཙོ་མོ་དང་འབོད་རྦད་བསད་གསུམ་གྱི་སྔགས་རིང་གི་ལན་གསུམ་གཙོ་འཁོར་ཐམས་ཅད་ལ་ཕུལ། ༀ་མ་ཧཱ་ཀཱ་ལི་རེ་མ་ཏི་ས་པ་རི་ཝ་ར་ཨརྒྷཾ༴ ཅེས་པ་ནས། ཤབྡ་པྲ་ཏིཙྪ་ཧཱུྃ་སྭཱ་ཧཱ། ༀ་མ་ཧཱ་ཀ་ལི་རེ་མ་ཏི་ཧཱུྃ། ༀ་ཨཱཿཧཱུྃ། ཧཱུྃ། དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མགོན། །རང་བཞིན་དོན་རྫོགས་ཕྱིར་མི་ལྡོག་པའི་ཡུམ། །གཞོན་ནུའི་ཚུལ་འཆང་ས་བརྒྱད་གནོན་པ་མོ། །རལ་གྲི་ནེའུ་ལེ་འཛིན་ལ་ཕྱག་འཚལ་ལོ། །གཏོར་རྫོངས་ནི་གཞན་དང་འདྲའོ། །དེ་ནས་བསྟོད་པ་བྱ་བ་ནི། བྷྱོ། དཔལ་གྱི་སྲུང་མ་ཁམས་གསུམ་གཙོ་མོ་ཁྱོད། །བོང་བུའི་རྟ་མཆོག་དཔག་ཚད་བརྒྱད་ཁྲིར་རྒྱུག །རེ་ལྡེའི་སྟོད་གཡོག་སྦྲུལ་གྱི་ཤམ་ཐབས་ཅན། །འབར་བའི་དབང་རྟགས་ཕྱག་ན་རལ་གྲི་བསྣམས། །ལྟེ་བར་ཉི་ཤར་གཙུག་ན་ཟླ་རྒྱས་གསལ། །ནག་མོ་ཁྲག་འཐུང་དབྱིངས་ཀྱི་དཔལ་འབར་མ། །ཁྲམ་བམ་ནད་ཀྱི་རྐྱལ་པ་ཕྱག་ན་བསྣམས། །ནག་མོ་རེ་མ་ཏི་ལ་བདག་གིས་བསྟོད། །བདག་གི་བཙུན་པར་ཁྱོད་བསྟོད་ནས། །ཁྱོད་ལ་བཅོལ་བའི་ལས་རྣམས་ནི། །ཡུད་ཙམ་གཅིག་གིས་འགྲུབ་པར་མཛོད། །བྷྱོ། ཡང་ཐོག་དགུ་བརྩེགས་འཕྲུལ་གྱི་ཕོ་བྲང་ནས། །མ་ཅིག་ལྷ་མོ་ནག་མོ་རེ་མ་ཏི། །སྐུ་མདོག་ཉི་འོད་འབར་བའི་སྨན་གཅིག་མ། །སྐུ་ནི་མི་འགྱུར་རི་རབ་ལྷུན་པོ་འདྲ། །གསུངས་སྙན་འབྲུག་སྒྲ་ནམ་མཁའི་དབྱིངས་དང་མཉམ། །ཐུགས་ཀྱི་དཔལ་བེའུ་ཡེ་ཤེས་ལྔ་དང་ལྡན། །མགུལ་གྱི་བུམ་པ་རྨ་བྱའི་མགྲིན་པ་འདྲ། །ཕན་གནོད་མྱུར་དུ་བསྒྲུབ་པའི་མཁའ་འགྲོ་མ། །ལྗགས་ནི་པདྨ་ལེ་བརྒན་དུང་སྭོ་བཞེད། །བསྟན་པ་སྲུང་མཛད་མ་ལ་ཕྱག་འཚལ་བསྟོད། །བསྟན་པ་རྒྱས་མཛད་མ་ལ་ཕྱག་འཚལ་བསྟོད། །དགྲ་བགེགས་འདུལ་མཛད་མ་ལ་ཕྱག་འཚལ་བསྟོད། །བུ་ནོར་མཐུའི་དངོས་གྲུབ་བདག་ལ་སྩོལ། །དེ་ནས་དཔལ་ལྡན་ལྷ་མོ་ལ་ནམ་མཁའི་ལྷ་བྲན་རྣམས་ཀྱིས་རྟག་གིས་སྒོ་ནས་བསྟོད་པ་ནི། བྷྱོ། བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །རླུང་ནག་དགུ་རླུང་འཁྱིལ་པའི་ཕོ་བྲང་ནས། །མ་ཅིག་ལྷ་མོ་ནག་མོ་འདོད་ཁམས་གཙོ། །ནག་མོ་ཟ་བྱེད་འཇིགས་པའི་ཆ་ལུགས་ཅན། །མཐིང་ནག་མི་སྲིན་ཁྲག་གི་རལ་པ་ཅན། །མ་ཁྱོད་ཀྱི་སྐུ་མདོག་ནག་མོར་སྟོན་པ་ནི། །དོན་དམ་དབྱིངས་ནས་སྐྱེ་བ་མེད་པའི་རྟགས། །རལ་པ་གཡས་དང་གཡོན་དུ་འཁྱིལ། །ཡུམ་གྱི་མཁའ་ལ་སྤྲུལ་པ་འགྱེད་པའི་རྟགས། །རལ་པའི་གསེབ་ནས་མེ་སྟག་འཕྲོ་བ་ནི། །ཐུགས་རྗེའི་སྤྲུལ་སྐུ་ཕྱོགས་བཅུར་འགྱེད་པའི་རྟགས། །རལ་པ་སྤྱི་བོར་གཙུག་ཏུ་འཁྱིལ་པ་ནི། །ཐུགས་དམ་དགོངས་སྤྱོད་གཅིག་ཏུ་མཛད་པའི་རྟགས། །རྨ་བྱའི་རྒྱལ་མཚན་དབུ་ལ་གཙུག་པ་ནི། །ཕྲིན་ལས་རྣམ་བཞི་སོ་སོར་མཛད་པའི་རྟགས། །ཐོད་སྐམ་ཕྲེང་བས་དབུ་ལ་བརྒྱན་པ་ནི། །ཐུགས་རྗེའི་སྤྲུལ་སྐུའི་འགྲོ་དོན་མཛད་པའི་རྟགས། །སྙན་ཆ་གཡས་ན་སེང་གེ་འཕྱོ་བ་ནི། །དམན་མོ་ཐམས་ཅད་ཟིལ་གྱིས་གནོན་པའི་རྟགས། །སྙན་ཆ་གཡོན་ནས་སྦྲུལ་ནག་འཕྱོ་བ་ནི། །ཞེ་སྡང་མ་སྤངས་དབྱིངས་སུ་དག་པའི་རྟགས། །སྙན་ཆ་གསེར་གྱི་དྲིལ་བུ་དཀྲོལ་བ་ནི། །སངས་རྒྱས་རྣམས་ལ་བསྙེན་བསྐུར་བྱེད་པའི་རྟགས། །སྤྱན་གསུམ་དམར་ཟླུམ་ཕྱོགས་བཅུར་བགྲད་པ་ནི། །སྲིད་གསུམ་རྣལ་འབྱོར་བྱ་ར་མཛད་པའི་རྟགས། །ཞལ་ནི་དྲག་པོའི་ཧོམ་ཁུང་གདངས་པ་ནི། །དགྲ་བགེགས་གང་ཡིན་ཞལ་དུ་གསོལ་བའི་རྟགས། །རྣོ་གདུགས་མཆེ་བ་ཟུར་གསུམ་གཙིག་པ་ནི། །བསྒྲལ་བའི་ཞིང་བཅུའི་ཤ་ལ་རོལ་པའི་རྟགས། །ཞིང་ཆེན་གཡང་གཞི་སྐུ་ལ་གསོལ་བ་ནི། །ཆོས་ཉིད་ཡང་དག་དོན་དང་ལྡན་པའི་རྟགས། །གླང་ཆེན་ཀོ་རློན་གོས་སུ་གོན་པ་ནི། །ཐེག་པ་མཆོག་གི་དོན་དང་ལྡན་པའི་རྟགས། །ནམ་ཕྱེད་རེ་ལྡེ་ནག་པོས་དཀྲིས་པ་ནི། །འཇིག་རྟེན་འདི་ན་ཆེ་བཙན་ལྡན་པའི་རྟགས། །སྟག་གི་ལྤགས་པས་ཤམ་ཐབས་བྱས་པ་ནི། །དྲག་པོའི་ཆ་ལུགས་མངོན་དུ་མཛད་པའི་རྟགས། །ལྟེ་བའི་དབུས་ནས་ཉི་མ་ཤར་བ་ནི། །སྲིད་པའི་རྒྱ་མཚོ་གཏིང་ནས་སྐེམ་པའི་རྟགས། །སྤྱི་བོའི་གཙུག་ནས་ཟླ་བ་རྒྱས་པ་ནི། །མ་རིག་མུན་པ་གཏིང་ནས་སེལ་བའི་རྟགས། །ཕྱག་གཡས་བདུད་ཀྱི་རལ་གྲི་བསྣམས་པ་ནི། །དགྲ་བགེགས་སྐྱེ་ཤི་རྩད་ནས་གཅོད་པའི་རྟགས། །ཕྱག་གཡོན་བྷནྡྷ་དམར་ཆེན་བསྣམས་པ་ནི། །འཁོར་བའི་སྡུག་བསྔལ་ཁྲག་ལྟར་འཐུང་བའི་རྟགས། །མཆན་ནས་ནེའུ་ལེའི་རྐྱལ་པ་བསྣམས་པ་ནི། །སྒྲུབ་པ་པོ་ལ་དངོས་གྲུབ་སྟེར་བའི་རྟགས། །ཞབས་ལ་དབང་གི་ལྕགས་སྒྲོག་བསྒྲོགས་པ་ནི། །ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྟགས། །ཕྱིར་ཕྱོགས་བོང་བུ་དམར་ཀ་བཅིབས་པ་ནི། །ལོག་པར་ལྟ་བའི་དགྲ་བགེགས་སྒྲོལ་བའི་རྟགས། །སྲིན་པོའི་ཡ་མགལ་སྔ་རུ་བྱས་པ་ནི། །སྲིན་ཡུལ་ལངྐ་པུ་རི་བསྒྲོད་པའི་རྟགས། །སྲིན་མོའི་མ་མགལ་ཕྱི་རུ་བྱས་པ་ནི། །བདུད་དང་གཤིན་རྗེའི་གདུག་པ་དུལ་བའི་རྟགས། །གོང་ཐག་གློ་སྨེད་སྦྲུལ་ལས་བྱས་པ་ནི། །ཞེ་སྡང་གདུག་པ་ཆེན་པོ་འདུལ་བའི་རྟགས། །རུས་སྦལ་ནག་པོ་ཕོ་ཀུ་བཏབ་པ་ནི། །ཀླུ་བདུད་མ་རུང་དམ་ལ་འདོག་པའི་རྟགས། །སྔ་ཤད་བདུད་ཀྱི་ཁྲམ་བམ་བཏགས་པ་ནི། །དམ་ཉམས་དགྲ་བོ་ཁྲམ་ལ་འདེབས་པའི་རྟགས། །ཕྱི་ཤད་ནད་ཀྱི་རྐྱལ་པ་བཀལ་བ་ནི། །བསྟན་པའི་དགྲ་ལ་ན་ཁ་འབེབས་པའི་རྟགས། །དོན་དམ་བཅུད་ཀྱི་རྟགས་སུ་ཞག་གིས་ཟོ་རིས་བྱས། །ཐུགས་རྗེའི་ཆགས་པས་རྟགས་སུ་རཀྟའི་ཐིག་ལེའི་བརྒྱན། །འདུལ་བྱེད་ཕྲིན་ལས་རྟགས་སུ་ཐལ་ཆེན་ཚོམ་བུས་བྱུག །མ་མོ་འབུམ་ཕྲག་བྲན་དུ་འཁོལ་བ་ནི། །སྟོང་ཁམས་ཁྱབ་པར་དབང་དུ་བསྡུས་པའི་རྟགས། །མ་ཅིག་ཁ་ནས་མེ་འབར་རྒྱ་མཚོ་སྐེམ། །ལག་ན་རྡོ་འཕེན་རི་རབ་སི་བུར་བསིལ། །ལྷ་མོ་ཁྱེད་ལ་བདག་གི་བཙུན་པར་བསྟོད། །དཔལ་ལྡན་ལྷ་མོ་མཐུ་ཆེན་མ། །ཆོས་སྐྱོང་རྒྱལ་མོ་མི་བཟད་མ། །གསང་བའི་དབང་ཕྱུག་རྡོ་རྗེ་མཁའ་འགྲོ་མ། །བསྟན་པ་བསྲུང་མཛད་དམ་ལ་ཕྱག་འཚལ་ལོ། །རྒྱུད་འབུམ་ནས་འབྱུང་བ་ལྟར་ལྷ་མོ་དཔལ་བཞིའི་བསྟོད་དོ། །བྷྱོ། དཔལ་ལྡན་ལྷ་མོ་ཁྱོད་ལ་ཕྱག་འཚལ་ལོ། །དཔལ་ཆེན་དཔལ་དང་ལྡན་པའི་བདག་ཉིད་མ། །འགྲོ་བ་ཐུགས་རྗེས་སྐྱོབས་མཛད་བྱམས་ཆེན་མ། །མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་བ་མོ། །དངོས་གྲུབ་བདག་ལ་སྩོལ་ཅིག་དཔལ་ལྡན་མ། །མཛེས་ཤིང་ཡིད་འོངས་མཚན་དཔའི་རབ་བརྒྱན་མ། །སྲིད་གསུམ་ཀུན་དུ་གཟི་བརྗིད་དཔལ་འབར་མ། །འཇིག་རྟེན་གྲགས་པ་ཟིལ་གྱིས་གནོན་པ་མོ། །དངོས་གྲུབ་མྱུར་དུ་སྩོལ་ཅིག་བདག་ཉིད་མ། །ཉི་མ་སྟོང་གི་འོད་ཟེར་རབ་འབར་མ། །དངོས་གྲུབ་བཟང་པོར་སྩོལ་ཅིག་མཁའ་འགྲོ་མ། །བདེ་ཆེན་བདེ་བའི་ཡེ་ཤེས་ཀུན་རྫོགས་མ། །དཔལ་ཆེན་སྐུ་ལ་དགྱེས་པར་འཁྲིལ་སྦྱོར་མ། །རྣལ་འབྱོར་ཡོངས་ཀྱི་དཔལ་དང་དགྲ་བླ་མོ། །མཆོག་གིས་དངོས་གྲུབ་སྩོལ་ཅིག་ཡུམ་མཆོག་མ། །ནག་མོ་བཟང་མོ་འཇིགས་པའི་གཟུགས་ཅན་མ། །ཤེས་རབ་རལ་གྲིས་མ་རིག་རྩད་གཅོད་མ། །ནེའུ་ལེའི་དགོས་འདོད་རེ་བ་སྐོང་བ་མོ། །ནད་དང་གདོན་རྣམས་སོལ་ཅིག་དབང་ཕྱུག་མ། །ཡོན་ཏན་ཀུན་རྫོགས་དབྱིངས་ཕྱུག་ནམ་གྲུ་མ། །ལང་ཀ་པུ་རིའི་གྲོང་ཁྱེར་འཇིགས་མཛད་མ། །སྲིན་པོའི་བོང་བུ་ཞབས་ཀྱིས་གནོན་པ་མོ། །ཐུགས་རྗེས་རྟག་ཏུ་གཟིགས་ཤིག་མ་ཅིག་མ། །ཐེག་ཆེན་དོན་ལྡན་གླང་ཆེན་གོས་འཛིན་མ། །སྟོང་གསུམ་འཚུབས་མའི་ནང་ནས་འགྲོ་མགྱོགས་མ། །གསང་སྔགས་བསྒྲུབ་པའི་རྣལ་འབྱོར་སྐྱོང་བ་མོ། །བདག་ལ་བྱིན་གྱིས་རློབས་ཤིག་རྣལ་འབྱོར་མ། །ཡིད་འོང་དུང་མདོག་དཀར་ལ་རྒྱན་མཛེས་མ། །བཞི་བརྒྱ་རྩ་བཞིའི་ནད་རྣམས་སེལ་མཛད་མ། །ནད་བདག་འཆི་གདོན་ནད་རྣམས་སེལ་བ་མོ། །ནད་རྣམས་ཞི་བར་མཛོད་ཅིག་རལ་གཅིག་མ། །རིན་ཆེན་རྒྱན་དང་གསེར་མདོག་བརྗིད་འབར་མ། །རྒྱལ་སྲིད་ནོར་ཀྱང་དང་ལྡན་འབྱོར་ལྡན་མ། །ཡིད་བཞིན་ནོར་ལྟར་དགོས་འདོད་སྐོང་བ་མོ། །བསྟན་པ་རྒྱས་པར་སྤེལ་ཅིག་དཔའ་འཕེལ་མ། །ཕྲིན་ལས་ཀུན་ལ་མངའ་མཛད་ལས་མཁན་མ། །ཐོད་ལེ་བརྩེགས་པའི་མཁར་ནས་རབ་བརྗིད་མ། །གནས་མཆོག་བྱང་ཤར་མཚམས་ན་བཞུགས་པ་མོ། །དགྲ་བགེགས་དབང་དུ་བསྡུས་ཤིག་ཡུམ་མཆོག་མ། །ལྷ་ཆེན་ཆུང་མ་རྡེ་སོགས་ཀུན་སྦྱར་མ། །ལྷ་མིན་གཡུལ་བཟློག་དཀའ་ཐུབ་རལ་གཅིག་མ། །དབང་ཕྱུག་སྲས་མོ་དཀར་མོ་དུང་སྐྱོང་མ། །གཤིན་རྗེའི་ལྕམ་གཅིག་རཀྟ་ཙ་མུན་ཌི། །གདུག་པའི་དགྲ་བགེགས་ཐུལ་ཅིག་རེ་མ་ཏི། །བདག་ལ་གནོད་པའི་གདོན་དང་བགེགས་ལ་སོགས། །མི་མཐུན་ཕྱོགས་རྣམས་ཞི་བའི་ལས་མཛོད་ཅིག །འགྲོ་རྣམས་རྟག་ཏུ་བྱམས་དང་སྙིང་རྗེ་ཡིས། །དབང་དུ་བསྡུས་ནས་བདག་དང་གཅིག་ཏུ་མཛོད། །དཀོན་མཆོག་སྐུ་དགྲ་བསྟན་པའི་རུ་ཏྲ་དང་། །རྡོ་རྗེ་སློབ་དཔོན་སྐུ་དགྲར་གྱུར་པ་དང་། །རྣལ་འབྱོར་བདག་ལ་གནོད་པ་ཡི། །དགྲ་བགེགས་རྣམ་ཤེས་འགུགས་དང་གསོད་དང་བསྐྲད་པ་དང་། །ཐམས་ཅད་རྡུལ་ཕྲན་བཞིན་དུ་བརླག་པའི་ཕྲིན་ལས་མཛོད། །སྔོན་ཚེ་རྫོགས་པའི་སངས་རྒྱས་ཆེ་མཆོག་ཧེ་རུ་ཀ །ཕྱག་ན་རྡོ་རྗེ་པདྨ་འབྱུང་གནས་དང་། །རིག་འཛིན་རྒྱལ་བའི་བཀའ་ལ་མ་འདའ་བར། །བདག་གི་བཅོལ་པའི་ལས་རྣམས་འགྲུབ་པར་མཛད་དུ་གསོལ། །སྐབས་འདིར་བསྒྲལ་ལས་རྒྱས་པར་བྱའོ། །དེ་ནས་བསྐུལ་པ་བྱ་བ་ནི། བྷྱོཿ ཀྱེ་མ་ནད་དང་རིམ་གྱི་བདག་མོ་ཆེན་མོ་ཁྱོད། །གཤིན་རྗེའི་ཁམས་ཀྱི་སྲིང་གཅིག་མ། །བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ། །མཛེས་པའི་ལན་བུ་གཅིག་མ་ལ། །རེ་ལྡེ་མཛེས་པས་རྣམ་པར་བརྒྱན། །རྐང་ལ་ལྕགས་ཀྱི་ལྷྭམ་གྱོན་མ། །ཕྱིར་ཕྱོགས་དྲིལ་གྱི་ཕ་ལ་བཅིབས། །འབྱུང་པོ་ཕལ་ཆེར་ཀུན་གྱི་བདག །འབྱུང་པོ་ཡོངས་ཀྱི་ཤ་ལ་ཆེམ་ཆེམ་གསོལ། །མི་ཁྲག་ཆང་གི་ར་རོས་མྱོས། །དཔག་ཚད་བརྒྱད་ཁྲིར་བཞི་སྟོང་ཡང་། །མཚན་མོ་གཅིག་ལ་ཁྱབ་པར་ཉུལ། །རྣལ་འབྱོར་ཆེན་མོ་ཨ་ལ་ལ། །དབང་ཕྱུག་ཆེན་མོ་ཨ་ལ་ལ། །གཤིན་རྗེའི་ལྕམ་གཅིག་ཨ་ལ་ལ། །བདུད་ཀྱི་ཡུམ་གཅིག་ཨ་ལ་ལ། །མདོག་བཟང་ནག་མོ་ཨ་ལ་ལ། །ཨེ་མ་ནད་དང་རིམ་གྱི་བདག་མོ་ཆེན་མོ་ཁྱོད། །རེ་འགས་དྲག་ཏུ་ཁྲོས་པའི་ཚེ། །སྐུ་ནི་ནག་མོ་ཆེན་མོ་ལ། །བུད་མེད་ནག་མོས་སྟོང་ཁམས་ཁེངས། །རལ་པའི་སེ་ལན་མུན་ལྟར་གཏིབ། །སྤྱན་ནས་ཁྲག་གི་མཆི་མ་འཛག །ཤང་ནས་ནད་ཀྱི་རླངས་པ་འཐུལ། །ཞལ་ནས་འོ་དོད་དྲག་པོར་འབོད། །གཡས་ནས་མི་ལྤགས་གཡང་གཞི་རྡེབས། །གཡོན་ན་ནད་ཀྱི་རྐྱལ་བ་བསྣམས། །ནད་དང་རིམ་གྱི་བདག་མོ་ཆེན་མོ་ཁྱོད། །འདིར་གཤེགས་བརྒྱན་གྱི་གཏོར་མ་འདི་བཞེས་ལ། །བདག་གིས་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་དམག་བསྐུལ་བྱེད་ཡིན། བྷྱོ། མ་རི་སྨུག་ནག་དགུ་ཀླུང་ནས། །བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ། །བདུད་མོ་ནག་མོ་རེ་མ་ཏི། །རྡོ་རྗེ་ཁྲོས་མོ་གཏུམ་བག་ཅན། །བལ་ནད་རྒྱུ་གཟེར་བདག་མོ་ཁྱོད། །སྐྱེ་ཤི་གཉིས་ཀྱི་མངའ་བདག་མོ། །ཐོད་པ་དགུ་བརྩེགས་མཁར་ན་བཞུགས། །རལ་པ་ཁྲག་གི་ཆར་པ་འབེབས། ། སྤྱན་དམར་རྡོ་རྗེའི་གློག་སྟོང་འགྱུ། །རྐན་སྒྲ་རྡབས་པས་བདུད་དཔུང་འཇོམས། །མཁའ་ལ་བཞད་པས་གནམ་ལྕགས་སེར་ཆེན་འབེབས། །ཕྱག་ན་གསོད་པའི་ཁྲམ་བམ་ཐོགས། །ནད་ཀྱི་རྐྱལ་པ་དགྲ་ལ་བྷྱོ་བཟློག་མཛོད། །ཐོད་དམར་རྡོ་རྗེ་ཕྲེང་བས་བརྒྱན། །བདུད་ཀྱི་དྲིལ་ནག་རྐང་གསུམ་བཅིབས། །བདུད་ཀྱི་མངའ་བདག་རྗེས་གཅོད་མ། །དགྲ་བོ་གསོད་པའི་དུས་ལ་བབ། བྷྱོ། སྤྲུལ་པ་ཕྱག་བརྙན་ཀླུ་མོ་ཆུ་སྲིན་གདོང་། །སྦྲུལ་ནག་ཆེན་པོའི་གདུ་བུ་ཅན། །སུ་དང་འཕྲད་ན་སྲོག་ལ་རྒོལ། །དགྲ་བོ་གསོད་པའི་དུས་ལ་བབ། །རྡོ་རྗེ་བ་ལམ་དྲེལ་སྣ་མ། །ཁྲག་གི་རལ་པའི་ཅོད་པཎ་ཅན། །སྐུ་ལ་རེ་ལྡེ་གོས་སུ་གསོལ། །ཕྱག་ན་ཞིང་གི་གཡང་གཞི་རྡེབས། །ཆིབས་སུ་དྲིལ་ནག་རྐང་གསུམ་བཅིབས། །དུས་ལ་བབ་པོ་ས་མ་ཡ། །རྡོ་རྗེ་ཁྲི་སྨན་ས་ལེ་མ། །གསེར་གཡུ་སྤེལ་མའི་ཆུ་འཁོར་ཅན། །སྐུ་ལ་ལེ་བརྒན་གོས་སུ་གསོལ། །ཕྱག་ན་ཆུ་སྲིན་རྒྱལ་མཚན་ཐོགས། །ཆིབས་སུ་སོལ་བྱ་རོག་མོ་བཅིབས། །འདིར་སྤྱོན་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་དྲག་བསྐུལ་བྱེད་པ་ནི། བྷྱོ། མ་གཡེལ་མ་གཡེལ་དམ་ལ་དགོངས། །མ་གཡེལ་མ་གཡེལ་མ་ཅིག་མ། །མ་གཡེལ་མ་གཡེལ་བདུད་མོའི་ཚོགས། །མ་ཅིག་ལྷ་མོ་དཔལ་ལྡན་མ། །རྡོ་རྗེ་ལྷ་མོ་རེ་མ་ཏི། །ནད་དང་རིམ་གྱི་མངའ་བདག་མོ། །སད་དང་སེར་བའི་སྣ་འདྲེན་མ། །དམ་ཉམས་ཀུན་གྱི་སྲོག་གཅོད་མ། །དམ་ཚིག་ཅན་གྱི་གྲོགས་མཛད་མ། །རྣལ་འབྱོར་ཡོངས་ཀྱི་དགྲ་བླ་མོ། །སྐྱེ་འགྲོའི་སྲོག་ལ་མངའ་མཛད་མ། །འབྱུང་པོ་ཡོངས་ཀྱི་རྗེ་མོ་ཁྱོད། །དགྲ་བོ་དུས་མཐའ་སྡུད་བྱེད་མ། །སྲིད་གསུམ་ཟ་བའི་ལས་མཁན་མོ། །ཁམས་གསུམ་ཟ་བའི་མཐུ་མོ་ཆེ། །མཐིང་ནག་གཅེར་བུ་ཁྲག་གི་རལ་པ་ཅན། །མིག་ནས་ཁྲག་གི་མཆི་མ་འཛག །ཤང་ནས་ནད་ཀྱི་དུད་པ་འཐུལ། །ཆིབས་སུ་དྲིལ་སྔོན་རླུང་གཤོག་བཅིབས། །རེ་འགའ་ཁྲོས་ན་ཅ་ཅོ་བྱེད། །སྲིན་པོའི་བོང་བུ་དམར་གྭ་བཅིབས། །གཡས་ནས་གདུག་པའི་རལ་གྲི་ཕྱར། །གཡོན་ནས་གདུག་པའི་ཐོད་ཁྲག་ཐོགས། །སྐྱེ་འགྲོའི་སྲོག་ལ་མངའ་མཛད་མ། །མ་གཡེལ་མ་གཡེལ་དམ་ལ་དགོངས། །མ་ཅིག་བདུད་མོ་རེ་མ་ཏི། །ཕྱག་བརྙན་བདུད་མོ་འབུམ་སྡེ་རྣམས། །བུ་ལ་སྡང་བའི་དགྲ་བྱུང་གིས། །མ་ཅིག་ལྷ་མོ་རབ་མདའ་ལོག །སྡང་བའི་དགྲ་ལ་ཕྲིན་ལས་མཛོད། །མ་ཅིག་ཐུགས་དམ་དུས་ལ་བབ། །བཅོལ་པའི་ལས་ལ་མཐུ་མ་ཆུང་། །དམ་ཚིག་གཉེན་ལ་མ་འདའ་བར། །བུའི་ཕྲིན་ལས་མྱུར་དུ་སྒྲུབས། །བྷྱོ། མ་ཅིག་བདུད་མོ་རེ་མ་ཏི། །ཁྱོད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་ནས། །ལས་ཀྱི་ཕོ་ཉ་བདུད་མོ་འབུམ། །ནག་མོ་རྔམ་པའི་རལ་པ་ཅན། །མ་བདུད་ནག་མོ་འཁོར་དང་བཅས། །སྔགས་པས་བོས་ཤིང་བསྐུལ་བའི་ཚེ། །མིག་ནས་ཁྲག་གི་མཆིལ་མ་འཛག །ཁ་ནས་གདུག་པའི་ངན་སྔགས་བཟློག །ཞལ་ནས་ཀུས་འདེབས་སྟོང་གསུམ་འགེངས། །ནད་ཀྱི་ཁ་ཕུས་དགྲ་ལ་ཐོབས། །མཚན་གཅིག་དཔག་ཚད་ལྔ་རྒྱར་རྒྱུག །མ་ཅིག་བདུད་མོ་འཁོར་ཚོགས་རྣམས། །བདག་གི་ལས་སུ་ཁྱེད་མཆོད་ན། །བདག་ལ་སྡང་བའི་དགྲ་བོ་འདི། །ལོ་དང་ཟླ་བ་མ་བཞག་པར། །ཞག་དང་ཟ་མའི་དུས་མཐའ་སྡུས། །སྲོག་རྩ་དམར་པོ་རྒལ་ནས་གཅོད། །སྙིང་ཁྲག་དྲོན་མོ་ཁ་ནས་དྲོངས། །ཀུན་གཞིའི་རྣམ་ཤེས་གཞི་ནས་ཤིག །ཕུང་པོ་ལྔ་པོ་གཏན་ནས་ཐལ་བར་རློག །མ་ལ་སྡང་བའི་དགྲ་བྱུང་གིས། །མ་གཅིག་བུ་ལ་མི་དགོངས་སམ། །མིང་ལ་སྡང་བའི་དགྲ་བྱུང་ན། །སྲིང་གཅིག་ཕྲིན་ལས་མི་མཛད་དམ། །བདག་ལ་སྡང་བའི་དགྲ་བྱུང་ན། །བྲན་གཅིག་རྗེ་ལ་མི་མཛད་དམ། །མ་མོ་ནག་མོ་རེ་མ་ཏི། །ཁྱོད་ཀྱི་ལས་ཀྱི་ཕོ་ཉ་ནི། །བདུད་མོ་ནག་མོ་འབུམ་ཕྲག་འགྱེད། །ནག་མོ་འབུམ་སྡེའི་འཁོར་ཚོགས་རྣམས། །གོས་སུ་མི་ལྤགས་རློན་པ་གྱོན། །ཟས་སུ་མི་ཤ་རྟ་ཤ་ཟ། །སྐོམ་དུ་མི་ཁྲག་རྟ་ཁྲག་འཐུང་། །ལས་སུ་སངས་རྒྱས་བསྟན་པ་བསྲུངས། །སྲོག་གཅོད་ལས་ལ་ཤིན་ཏུ་དགྱེས། །ཕྱག་གཡས་གྲི་གུག་འབར་བ་ཡིས། །བསྟན་ལ་སྡང་བྱེད་སྲོག་རྩ་གཅོད། །ཕྱག་གཡོན་ཐོད་ཁྲག་དམར་པོ་ཡིས། །དགྲ་བོའི་སེམས་ཀྱི་མར་མེ་སོད། །མ་བདུད་ནག་མོ་འཁོར་ཚོགས་རྣམས། །སྔོན་གྱི་དམ་བཅའ་མ་གཡེལ་བར། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ཤིག །ཁྱོད་ལ་ཕྲིན་ལས་བཅོལ་བ་ནི། །སངས་རྒྱས་བསྟན་པ་འཇིགས་བྱེད་ཅིང་། །སློབ་དཔོན་ལ་ནི་བརྙས་བྱེད་པ། །བདག་ལ་སྡང་བའི་དགྲ་བོ་འདི། །མ་བདུད་ནག་མོ་འཁོར་བཅས་ཀྱི། །རིང་པར་ཁུག་ལ་གཟུགས་ལ་ཕོབ །འདུ་བ་རྣམ་བཞིའི་ནད་རྣམས་ཁོང་དུ་སྡུས། །དྲན་པ་མེད་པར་སྨྱོ་འབོག་བརྒྱལ་དུ་ཆུག །གཞུངས་པ་དཀར་པོ་སྲོག་རྩ་རྒལ་ནས་ཆོད། །མཁལ་མ་གཡུ་སྒོང་གསང་བའི་གནས་ནས་དྲངས། །སྲོག་རྩ་དམར་པོ་ལུས་ཀྱི་དཀྱིལ་དུ་ཆོད། །ཁ་ན་ལག་ཆུག་ཁོང་བའི་སྙིང་ཕྱུངས་ཤིག །དཔལ་གྱི་མདངས་འཕྲོག་སྐྱེ་བའི་རྒྱུན་ཐག་ཆོད། །ཁོང་ཁྲག་དྲོན་མོ་ཁ་ནས་སྐྱུགས་སུ་ཆུགས། །ཀླད་ཁྲག་དྲོན་མོ་མཆིན་པའི་གསེབ་ནས་དྲོངས། །དོན་སྙིང་རྣམ་ལྔ་ལུས་ཀྱི་རྒྱབ་ཏུ་ཕྱུང་། །ཕུང་པོ་ལྔ་པོ་གདན་ནས་ཐལ་བར་རློག །དྲན་པའི་རྣམ་ཤེས་ཙིཏྟའི་དཀྱིལ་ནས་དྲོངས། །ལྷན་ཅིག་སྐྱེས་པའི་ལྷ་དང་ཕྱེས། །མཉམ་པོར་འོངས་བའི་བདུད་དང་སྤྲོད། །འགོ་བའི་ལྷ་ལྔ་ལག་ཏུ་ཁུག །སྔགས་དང་རྫས་ཀྱི་བསྲུང་མ་འཕྲོག །ས་ལ་བརྟེན་པའི་བརྟེན་ཕུར་ཕུད། །གནམ་ན་འཇུ་བའི་འཇུ་ཐག་ཆོད། །གྲི་ཐབས་ཉི་ཤུ་རྩ་ལྔར་སོད། །བདུན་བརྒྱུད་ཚུན་ཆད་མ་བཏང་པར། །གཏིང་ནས་དྲོངས་ལ་རྩད་ནས་ཆོད། །མ་ཅིག་ཐུགས་དམ་དུས་ལ་བབ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་མ་གཅིག་མཁའ་འགྲོའི་དམག་བསྡུད་པ་ནི། བྷྱོ། དཔལ་ལྡན་ལྷ་མོ་རེ་མ་ཏི། །རླུང་ནག་འཚུབ་མ་ཀྱི་ལི་ལི། །སྟོང་གསུམ་མཁའ་འགྲོའི་དམག་བསྡུས་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །དགྲ་བོ་མི་ནོར་རྡུལ་དུ་རློག །མ་ཅིག་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོ། མ་ཅིག་དཔལ་ལྡན་རེ་མ་ཏི། །བསྐལ་པའི་མེ་རི་སྟོང་གསུམ་འུར་རུ་རུ། །སྲིད་གསུམ་རྩེ་ནས་དམག་བསྡུད་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །དགྲ་བོ་མི་ནོར་རྡུལ་དུ་རློག །མ་ཅིག་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོ། མ་ཅིག་དཔལ་ལྡན་རེ་མ་ཏི། །ཡུངས་ཀར་རྦབ་ཐུན་སྟོང་གསུམ་སི་ལི་ལི། །འདོད་ཁམས་ལྷའི་དམག་བསྡུས་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །དགྲ་བོ་མི་ནོར་རྡུལ་དུ་རློག །མ་ཅིག་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། བྷྱོ། མ་ཅིག་དཔལ་ལྡན་རེ་མ་ཏི། །ནད་ཀྱི་ན་བུན་སྟོང་གསུམ་འཐིབས་སེ་འཐིབས། །ལྷ་སྲིན་སྡེ་བརྒྱད་དམག་བསྡུས་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །དགྲ་བོ་མི་ནོར་རྡུལ་དུ་རློག །མ་ཅིག་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོ། མ་ཅིག་དཔལ་ལྡན་རེ་མ་ཏི། །ཁྲག་གི་ཆར་པ་སྟོང་གསུམ་ཤ་ར་ར། །གཤིན་རྗེའི་ཡུལ་ནས་དམག་བསྡུས་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །དགྲ་བོ་མི་ནོར་རྡུལ་དུ་རློག །མ་ཅིག་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོ། མ་ཅིག་དཔལ་ལྡན་རེ་མ་ཏི། །ཚོན་གྱི་གྲུ་གུ་སྟོང་གསུམ་ཉི་ལི་ལི། །བདུད་རྣམས་ཡོངས་ཀྱི་དམག་བསྡུས་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །དགྲ་བོ་མི་ནོར་རྡུལ་དུ་རློག །མ་ཅིག་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོ། མ་ཅིག་དཔལ་ལྡན་རེ་མ་ཏི། །ཕུར་པའི་རྩེ་མོས་སྟོང་གསུམ་ཁྲ་ལ་ལ། །བཙན་རྣམས་ཡོངས་ཀྱི་དམག་བསྡུས་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲངས། །དགྲ་བོ་མི་ནོར་རྡུལ་དུ་རློག །མ་ཅིག་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོ། མ་ཅིག་དཔལ་ལྡན་རེ་མ་ཏི། །བོང་བུའི་སྙན་མཆོག་རྒྱུགས་སེ་རྒྱུག །སྲིན་པོའི་ཡུལ་དུ་དམག་བསྡུས་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །དགྲ་བོ་མི་ནོར་རྡུལ་དུ་རློག །མ་ཅིག་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོ། མ་ཅིག་དཔལ་ལྡན་རེ་མ་ཏི། །དུག་གི་ཁ་རླང་སྟོང་གསུམ་འུ་རུ་རུ། །ཀླུའི་ཡུལ་ནས་དམག་བསྡུས་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲངས། །དགྲ་བོ་མི་ནོར་རྡུལ་དུ་རློག །མ་ཅིག་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོ། མ་ཅིག་དཔལ་ལྡན་རེ་མ་ཏི། །ནག་མོ་དམག་ཚོགས་སྟོང་གསུམ་གང་། །མཁའ་འགྲོ་ཡོངས་ཀྱི་དམག་བསྡུས་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །དགྲ་བོ་མི་ནོར་རྡུལ་དུ་རློག །མ་ཅིག་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོ། མ་ཅིག་དཔལ་ལྡན་རེ་མ་ཏི། །སྐུ་ཡི་སྤྲུལ་པས་ནམ་མཁའ་ཁེངས། །དགྲ་བོའི་གནམ་གྱི་འཇུ་ཐག་ཆོད། །གསུང་གི་སྤྲུལ་པས་བར་སྣང་ཁེངས། །དགྲ་བོ་མི་ནོར་འུབ་ཀྱིས་བསྡུས། །ཐུགས་ཀྱི་སྤྲུལ་པས་ས་གཞི་ཁེངས། །དགྲ་བོ་ཡུལ་མཁར་རྨིང་ནས་སྐྱེལ། །མ་ལ་བཅོལ་ནས་མཐུ་མ་ཆུང་། །མ་ཅིག་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །གསེར་སྐྱེམས་གཏོར། ཟོར་ལམ་དབྱེ་སྲིན་མོ་ཟ་ལམ་གོམ་པ་བདུན་ཅུའི་སྣར་གཏོར་མ་བཏབ། དམོད་ཕྲེང་རྒྱས་པར་བྱས། དེ་ནང་དུ་ལོག་ལ་བསྲུང་འཁོར་བསྒོམ། བསྒྲུབ་པའི་དུས་སུ་བསྙེན་པ་ནི། ༀ་མ་ཧཱ་ཀ་ལི་རེ་མ་ཏི། མ་མ་རུ་ལུ་རཀྴ་རེ་མ་ཏི། རུ་ལུ་རུ་ལུ་བྷྱོ་ཛ་ཛཿ ༀ་རུ་རུ་ཙ་དུར་ཨ་ཤུག་མེ། པྲ་ཏི་རུ་ཏྲ་ཁ་ཤག་རག་མོ་ཧཱུྃ། རཀྴ་ཙིཏྟ་ས་མ་ཡ་ཀུ་རུ་ཁ་ཙི་ཏ་ནན། ཨ་རུ་རུ་བེ་རུ་ཧཱུྃ། ཏི་པྲ་བ་ཏི་སི། རགྨོ་སྙིང་ཁ་ལ་རཀ་མོ་ཐུན་བྷྱོ་ཛཿཛཿ རུ་ལུ་རེ་མ་ཏི་ས་མ་ཡ་པྲ་མ་ཧཱ་ཏི། པྲ་མ་རག་མོ་རུ་ལུ་རུ་ལུ་བྷྱོ་ཛ་ཛཿ ཁ་རཀ་ཏི་ཁེཾ་ཛ་ཛཿ ཁ་ལེ་རཀ་མོ་ཐུན་བྷྱོ་ཐུན་མ་མོ་བྷྱོ། ཧཱུྃ་རགྨོ་ཪྣྲྀ་ཤ་ཀུ་རུ་ཐུན་རྦད། རག་མོ་ཨརྱ་ཛ་ཛཿ ཏི་ཁེཾ་ཁ་ལེ་བྷྱོ་བྷྱོཿ ས་མ་ཡ་དགྲ་བོ་ཪྣྲི་མ་ར་ཡ་རྦད་རྦད་སོད་སོད་ཛ་ཛཿ བསྒྲུབ་པའི་དུས་སུ་འབུམ་བཟླའོ། །ཧོ། དགོངས་སུ་གསོལ་ལོ། །སྔོན་རི་མ་ལ་ཡི་རྩེ་མོ་ནས། དཔལ་ལྷ་མོ་འཁོར་བདུད་མོ་འབུམ་དང་བཅས་པ། དཔལ་ཕྱག་ན་རྡོ་རྗེ་ལ་ཁས་བླངས་ཤིང་དམ་བཅས་པ་ནི། ཕྱི་རབ་ཀྱི་རྣལ་འབྱོར་པ་རྣམས་ཀྱི་ལྷ་མོ་ཁྱོད་ཚུལ་བཞིན་དུ་བསྒྲུབ་ནས་བདག་གི་ཅི་བཅོལ་བའི་ལས་བྱེད་དོ། །ཞེས་ཁས་བླང་བའི་དམ་ལས་མི་འདའ་བར་རྣལ་འབྱོར་པ་བདག་གི་ལྷ་མོ་ཁྱོད་ཚུལ་བཞིན་དུ་བསྒྲུབ་པར་བགྱིད་དོ། །དམ་རྫས་ཀྱི་གཏོར་མ་འདི་ཡང་ལྷ་མོ་ནག་མོ་འཁོར་བདུད་མོ་འབུམ་དང་བཅས་པ་རྣམས་ལ་འབུལ་ལོ། །དམ་ཉམས་དགྲ་བོའི་སྙིང་སྲོག་རྣམ་པར་ཤེས་པ་དེ་རྣམས་དཔལ་ལྡན་ལྷ་མོ་འཁོར་བདུད་མོ་འབུམ་དང་བཅས་པ་རྣམས་ཀྱིས་ཟ་སྐལ་དང་། འཐུང་སྐལ་དང་། རྔམ་སྐལ་དུ་བཀའི་གཏོར་མ་དམར་པོ་འདི་དང་མཉམ་པོར་བཞེས་ཤིག །རོལ་ཅིག །ཁ་ཁ་ཁཱ་ཧི་ཁཱ་ཧི། མཐུ་མ་ཆུང་། རྩལ་མ་ཞེན་ཅིག །ལོ་དང་ཟླ་བར་མ་བཞག་པར་ཞག་དང་ཟ་མར་མ་བཞག་པར་ད་ལྟ་ཉིད་དུ་སྒྲོལ་ཅིག །དེ་ནས་མཆོད་བསྟོད་བྱས་པ་ནི། གཞུང་གཞན་དུ་ཤེས་པར་བྱའོ། །དགེ་རྩ་བྱང་ཆུབ་ཏུ་བསྔོའོ། །ཡི་གེ་བརྒྱ་པས་ལྷག་ཆད་ཁ་སྐོང་ལ། བྲིས་སྐུ་ཡོད་ན་སྤྱན་དྲངས་པའི་ཡེ་ཤེས་པ་བརྟན་བཞུགས་བྱ། མེད་ན་ཡེ་ཤེས་པ་གཤེགས་ཤིང་། དམ་ཚིག་པ་རང་གི་སྙིང་ཁར་བསྡུ། དེ་ནས་ཤིས་པ་བརྗོད་པ་ནི། ཁམས་གསུམ་དབང་ཕྱུག་དཔལ་ལྡན་ལྷ་མོ་ཡི། །སོགས་བྱའོ། །བླ་མ་ཀཿཐོག་པའི་ཞལ་ཤེས་རྫོགས་སོ།། །།

དཔལ་ལྡན་ལྷ་མོའི་བསྐང་མདོས།

དཔལ་ལྡན་ལྷ་མོའི་བསྐང་མདོས་བཞུགས་སོ། །དཔལ་ལྡན་ལྷ་མོའི་བསྐང་མདོས་ཀྱི་བཅའ་ཐབས་ཞེས་བྱ་བ་ནི། དཔལ་ཆེན་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ལྷ་མོའི་བསྐང་མདོས་འདི་ནི། སྔགས་པ་དམ་ཚིག་ཉམས་པ་དང་། ནད་ཚབ་ཆེན་པོ་ཕོག་གམ། ཡི་དྭགས་ཆེན་པོ་ལུས་ཞུགས་གམ། གདོན་བགེགས་བཀྲ་མི་ཤིས་པ་བྱུང་ན་འདི་ལ་མདོས་བྱ། ལྷ་བསྙེན་ཅི་རིགས་པ་ལ་སོགས་ཏེ། གང་ལའང་འདི་བྱིན་རླབས་ཆེའོ། །དེ་ཡང་ལྷ་མོའི་བསྙེན་པ་གོང་དུ་སོང་ནས། མཆོད་རྫས་ཡོ་བྱད་བསགས་པ་ནི། ཤ་སྣ། ཁྲག་སྣ། མཐུན་རྫས་ཨ་མྲྀ་ཏ། དར་གདུག་འོད་ཟེར་སོ་སོའི། རིན་ཆེན་སྣ་ལྔ། རྒྱ་སྤོས། མེ་ཏོག་ཚོགས་པར་བྱ་ལ། བཤོས་བུ་བསླང་བ་ནི། གསང་ཕྱེ་བྲེ་གང་ལ། གཏོར་མ་སྟོད་ཟུར་གསུམ་པ་གཅིག་པ་ལེགས་པར་བྱ་ལ་ངོས་གཅིག་པདྨ་རཀྟའམ་མཚལ་གྱིས་བྱུགཿ །ངོས་གཅིག་ཁ་དེ་ཞིང་ཆེན་དཀར་པོ་བྱ། ངོས་གཅིག་ཀ་དུར་སོལ་གྱི་བྱུག །ངོས་གསུམ་དུ་ལུག་ནག་བདུན། བྱ་ནག་བདུན། ར་ནག་བདུན། བཤོས་བུའི་རྩེ་མོ་ལ་ལྷ་མོའི་འོད་ཟེར་སེར་པོ་བཞིན། ཕྱག་ན་ཁྲམ་ཕྱེས་ཀྱི་ཤེད་གཏོར་བྱ་བྲེ་ལ་བཞག་གོ། །དེ་བྱ་བ་དཔོན་སོར་གསུམ་བྱས་ལ་བཙུགས། དེའི་སྟེང་དུ་དར་ནག་གདུགས་ཕུབ། ནམ་མཁའ་མཐིང་ནག་གཅིག་བཙུགས། དེའི་ཕྱི་རིམ་ཡེ་ཤེས་མཁའ་འགྲོ་བཅུ་བཞི་ལ་ལུག་བཅུ་བཞི། དམན་མོ་ལྔ་བཅུ་རྩ་བརྒྱད་ལ་བྱ་ལྔ་བཅུ་རྩ་བརྒྱད། དབྱིངས་ཀྱི་ཡུམ་དྲུག་ལ་ལྕོང་ཁྲ་དྲུག །དེའི་རྒྱབ་ཏུ་འབྱུང་པོའི་ལོ་སྐོར་བཅུ་གཉིས། གཏོར་མའི་རྩེ་མོ་ལ་དཔལ་ལྡན་ལྷ་མོ་བོང་བུ་ལ་བཅིབ་པ། གཡས་སུ་བ་ལམ་དྲིལ་ནག་ལ་ཞོན་པ། གཡོན་དུ་ཁྲི་སྨན་མ་བྱ་མོ་ལ་བཅིབ་པ། རྒྱབ་ཏུ་སྐྱི་མཐིང་ཤ་བ་ལ་ཞོན་པ། ཁྱུང་སེང་གེ་དྲུག །བྱེ་བྲག་གི་རྩེ་མོར་གཟུག་གོ། །ཆུ་གནས། རྔོགས་ཆགས་རྣམས་རྩ་བར་གཟུག་གོ། །སྡེ་བརྒྱད་བཤོས་བུ། དེ་འདྲ་བའི་གཟུགས་འགྲོས་ཐམས་ཅད་ཚང་བར་བྱའོ། །དུག་ཁྲག །མཆན་གསེར་གཡུ་དངུལ་གསུམ། བྱེ་རུ། ཟངས་ལྕགས། ཟ་འོག་གིས་བེར་ཆེན། དར་ཚོན། རྔ་མཚོན་སྔོན་དམར། ལ་སོགས་ཏེ་མདའ་དར་ཡོ་བྱད་ཐམས་ཅད་ཚང་བར་བྱ་ལ། བསྐང་ཚོགས་སྤྱི་དང་མཐུན་པར་བྱའོ། །དེ་ནས་དུག་བྱུང་། ཁྲུས་གསོལ་མཆོད་རྫས་བྱིན་གྱིས་རླབས་ལ། ཡི་དམ་གྱི་ང་རྒྱལ་དང་ལྡན་པའི་འདི་སྐད་དོ། །ཧཱུྃ། དཔལ་ལྡན་ཐུགས་དམ་གཉེན་པོ་བསྐུལ། །ཐུགས་དམ་གཉེན་པོ་མི་བསྐུལ་དུ། །འཁོར་གྱི་འབང་ལ་བཀའ་ནན་ཆུང་། །བཙན་བཙུན་ཀུན་ལ་བཀའ་ནན་ཆུང་། །ད་ནི་དཔལ་ལྡན་ཁྱོད་ལ་ཚང་བག་ལོ། །ཁྱོད་ཀྱི་ཆོ་ལ་ང་རེ་མཁས། །ནམ་མཁའི་ཁམས་ལ་བཞུགས་ཙམ་ན། །སེམས་ཅན་སྐྱེ་ཤི་ལ མ་སྟོན་མ། །དེ་ཡང་བྱང་ཤར་རེ་མ་ཏི། །དམར་ཆེན་གཏོར་མ་འདི་བཞེས་ལ། །ཡོན་བདག་གླུད་བྱོལ་དགྲ་ལ་ཐོངས། །གནོད་བྱེད་བར་ཆད་བགེགས་ལ་ཐོང་། །རི་རབ་ཟམ་ལ་བཞུགས་པའི་ཚེ། །འབར་མ་མེ་ཁྱེར་གློག་འཕྲེང་འཛིན། །ཀླུ་རྒྱལ་ཀུན་གྱི་དགྱེས་སྡེ་མ། །ཀླུ་བྲན་ཀུན་གྱི་གཙོ་མོ་མཛད། །དེ་ཡང་བྱང་ཤར༴ དམར་ཆེན་གཏོར་མ༴ ཡོན་བདག་གླུད་བྱོལ༴ གནོད་བྱེད་བར་ཆད༴ མ་བདུན་གཙོ་མོ་མཛད་ཙམ་ན། །རྡོ་རྗེ་དཀར་མོ་དབང་ཕྱུག་མ། །གསང་སྔགས་འཆང་གི་བཀའ་ཉན་མ། །དེ་ཡང་བྱང་ཤར༴ དམར་ཆེན༴ ཡོན་བདག༴ གནོད་བྱེད༴ རྟ་མགྲིན་གཟུངས་མ་མཛད་པའི་ཚེ། ། བར་སྣང་ཁམས་ལ་ཁྱབ་པར་འཕྱོ། །དེ་ཡང་བྱང་ཤར༴ དམར་ཆེན༴ ཡོན་བདག༴ གནོད་པའི༴ སྲིན་མོ་བཞིའི་གཙོ་མོ་མཛད་པའི་ཚེ། །དཀར་མོ་ཉི་མའི་སྤྱན་གཅིག་མ། །གླིང་བཞི་མགྱོགས་མ་ལྷའི་སྲིང་། །དེ་ཡང་བྱང་ཤར༴ དམར་ཆེན༴ ཡོན་བདག༴ གནོད་པའི༴ སྲིན་མོ་བདུན་ཅུའི་ཕོ་མོའི་གཙོ་མོ་མཛད། །གནོད་བྱེད་སྲོག་འཕྲོག་སྲིན་མོ་འཁྲུང་འཁྲུང་མོ། །བརྒྱའི་གཙོ་མོ་ལས་མཁན་མ། །དེ་ཡང་༴ དམར་ཆེན༴ ཡོན་བདག༴ གནོད་པའི༴ བརྟན་མ་བཅུ་གཉིས་གཙོ་མོ་མཛད། །མ་བཙུན་ཨུག་ཆོས་དབྱར་མོ་སིལ། །དཀྱིལ་འཁོར་སྐྱོང་བར་ཁས་བླང་པས། །དེ་ཡང་༴ དམར་ཆེན༴ ཡོན་བདག༴ གནོད་པའི༴ བཟློག་བྱེད་མའི་དུས་ལ་བབ། །བཟློག་གོ་དམར་ཆེན་གཏོར་མས་བཟློག །མཚན་ཞིང་དུར་ཁྲོད་གནས་སུ་ཉུལ། །རྣལ་འབྱོར་ཐ་དག་ཚོགས་ཁང་འགྲིམས། །རྣལ་འབྱོར་དམ་ཚིག་གཙང་མི་གཙང་། །མཆེད་ལྕམ་བརྩེ་གདུང་ཆེའམ་ཆུང་། །སློབ་དཔོན་ཏིང་འཛིན་དྲོད་ཉུལ་མ། །ལེགས་ཉེས་གཉིས་ཀྱི་སྟོང་འཛིན་ཅིང་། །དམ་ཚིག་ཉམས་པའི་རྗེས་གཅོད་མ། །ཉིད་ཀྱི་སྐུ་མདོག་ནག་པོ་ལ། །རལ་པ་ནག་པོ་གཏིང་ཟབ་བཀང་། །རལ་བུའི་ཟར་བུ་གཡས་ནས་གཡོན་དུ་འཁྱིལ། །ཁ་ནས་མི་ཁྲག་རྟ་ཁྲག་འཛག །མིག་ནས་ཁྲག་འཛག་ཟུ་ལུ་ལུ། །དྲེལ་རྟ་ནག་གསུམ་སྤྱད་པའི་ཚེ། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡང་། །ཡུད་ཙམ་མཚན་མོ་གཅིག་གིས་ཁྱབ། །རྣལ་འབྱོར་ཆེན་མོ་ཨ་ལ་ལ། །དབང་ཕྱུག་ཆེན་མོ་ཨ་ལ་ལ། །ཁྱོད་ཀྱི་ལག་པ་གཡས་པ་ནས། །བདུད་ཀྱི་ཁྲམ་བམ་ནམ་མཁར་ཕྱར། །སྐྱེ་འགྲོའི་གཟུགས་སུ་སྣང་བ་ཀུན། །སང་ཕོད་དེང་སང་སུ་འཆི་བ། །དོ་ཚིགས་ཁྱོད་ཀྱི་ཁྲམ་ལ་ཐོབ། །རྒྱུ་འབྱོར་ཡོན་བདག་འཁོར་བཅས་ཀྱི། །སྐུ་གླུད་གཏོར་མ་འདི་བཞེས་ལ། །བདུད་ཀྱི་ཁྲམ་ཁ་ད་ཕྱེས་ཤིག །ཁྱོད་ཀྱི་ལག་པ་གཡོན་པ་ནས། །བཙན་གྱི་ཤྭོ་རྡིལ་དཀར་ནག་བཀྲམ། །ཤྭོ་ལ་མི་ཐེབ་མི་སྲིད་ཀྱིས། །ཤྭོ་ལ་བབ་པར་གྱུར་པ་ན། །རྒྱུ་འབྱོར་ཡོན་བདག་འཁོར་བཅས་ལ། །སྲོག་གླུད་གཏོར་མ་འདི་བཞེས་ལ། །བཙན་གྱི་ཤྭ་དྷིལ་ད་གཏོར་ཅིག །ཁྱོད་ཀྱི་མཆན་ཁུང་གཡོན་པ་ནས། །བྱང་དམར་དཀྱུས་ཀྱི་བམ་པོ་རྦེད། །སྐྱེ་འགྲོའི་གཟུགས་སུ་སྣང་བ་ཀུན། །སང་ཕོད་དེང་སོང་སུ་འཆི་བ། །དོ་ཚིགས་ཁྱོད་ཀྱི་ཁྲམ་ལ་འདེབས། །རྒྱུ་འབྱོར་ཡོན་བདག་འཁོར་བཅས་ལ། །སྲོག་གླུད་གཏོར་མ་འདི་བཞེས་ལ། །བྱང་དམར་དཀྱུས་ཀྱི་བམ་པོ་རྦེད། །ཁྱོད་ཀྱི་མཆན་ཁུང་གཡོན་པ་ནས། །ནད་ཀྱི་རྐྱལ་པ་སྔོན་དམར་ལ། །སྦྲུལ་ནག་ལྔ་བརྒྱའི་ཁ་འཆིང་ཅན། །ནད་ཡམས་དེ་ནི་དགྲ་ལ་གཏོར། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །གསང་སྔགས་འབྲས་བུའི་ཆོས་དར་ཏེ། །རྣལ་འབྱོར་གྲོང་བསྙེན་དར་དུས་ལ། །དགེ་སྡིག་འཆོལ་བར་སྤྱད་དུས་ལ། །རྣལ་འབྱོར་ཡང་ཉམས་མ་མོ་འཁྲུག །དེ་ཚེ་ཁྱོད་ཀྱི་བསྟན་པ་དར། །དེ་ཚེ་སྲིད་པའི་མ་མོ་འཁྲུག །མ་མོ་འཁྲུག་པའི་རྟགས་ཡིན་པས། །བཞི་བརྒྱ་རྩ་བཞིའི་ནད་རྣམས་དང་། །ཡེ་འགྲོགས་སུམ་བརྒྱ་དྲུག་ཅུ་དང་། །གློ་བུར་བརྒྱད་ཅུ་རྩ་གཅིག་བྱུང་། །དུས་མིན་འཆི་བ་རྣམ་བརྒྱད་དད། །ནད་ཀྱང་མ་མོ་ཁྱོད་ཀྱི་ནད། །ཁྲག་ཀྱང་མ་མོ་ཁྱོད་ཀྱི་ཁྲག །རིམས་ཀྱང་མ་མོ་ཁྱོད་ཀྱིས་རིམས། །དེ་རིང་ཡོན་བདག་འཁོར་བཅས་ཀྱི། །སྲོག་གླུད་གཏོར་མ་འདི་བཞེས་ལ། །ནད་ཀྱི་རྐྱལ་པ་ཁ་ཆིང་ལ། །མཚོན་གྱི་གྲུ་གུ་སླར་རྡོག་ཅིག །ནད་ཁ་ཆོད་ལ་རིམས་ཁ་བསྒྱུར། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །གསང་སྔགས་བོན་ལྟར་གྱེར་བ་དང་། །དགེ་སྡིག་འཆོལ་བར་སྤྱོད་པའི་ཚེ། །དཔལ་ལྡན་ལྷ་མོ་ཐུགས་འཁྲོས་པས། །ཁ་རླངས་སེར་པོ་བཏང་བའི་ཚེ། །བུད་མེད་ནག་མོ་ས་གཞི་གང་། །ནད་ཀྱིས་ན་བུན་སྤྲིན་ལྟར་གཏིབ། །དེ་ཚེ་མཚོན་གྱི་བསྐལ་པ་དར། །སྐྲང་པ་གཡན་པ་ཤུ་བ་དང་། །མཛེ་ནད་རྣམ་པ་སྣ་ཚོགས་དང་། །ནད་ཀྱང་མ་མོ་ཁྱོད་ཀྱི་ནད། །ཁྲག་ཀྱང་མོ་མོ་ཁྱོད༴ རིམས་ཀྱང་མ་མོ༴ དེ་རིང་ཡོན་བདག༴ སྲོག་གླུད་གཏོར་མ༴ མཚོན་གྱི་གྲུའུ༴ མི་དང་གླུད་དུ་ད་རྗེས་ཤིག །ནད་ཁ་ཆོད་ལ་རིམས་ཁ་བསྒྱུར། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །གསང་སྔགས་འབྲས་བུའི་ཆོས་དར་ཏེ། །རྣལ་འབྱོར་གྲོང་བསྙེན་དར་བ་དང་། །གསང་སྔགས་བོན་ལྟར་གྱེར་བ་དང་། དགེ་སྡིག་འཆོལ་བར་སྤྱོད་པ་ན། །དཔལ་ལྡན་ལྷ་མོ་ཐུགས་ཁྲོས་ནས། །བུད་མེད་སེར་པོས་ས་གཞི་གང་། །མཁའ་ལ་ནད་སྤྲིན་སེར་པོ་ཆགས། །ཆེ་བཞི་མཁྲིས་པས་བཤའ་ཡ་བཏང་། །ཤ་སེར་ཁྲག་སེར་མིག་ཀྱང་སེར། །རྒྱ་ནད་ཐམས་ཅད་དེ་ལ་བྱུང་། །ནད་ཀྱང་མ་མོ༴ ཁྲག་ཀྱང་མ་མོ༴ རིམས་ཀྱང་༴ དེ་རིང་༴ སྲོག་གླུད༴ ནད་ཀྱི༴ མཚོན་གྱི༴ དམར་ཆེན་གཏོར་མ༴ ནད་ཁ་ཆོད་ལ་རིམས་ཁ་བསྒྱུར། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །གསང་སྔགས་འབྲས་བུ་ཆོས་དར་ཚེ། །རྣལ་འབྱོར་གྲོང་བསྙེན་དར་དུས་ལ། །དགེ་སྡིག་འཆོལ་བ་སྤྱད་དུས་ལ། །རྣལ་འབྱོར་ཡང་ཉམས་མ་མོ་འཁྲུག །དེ་ཚེ་ཁྱོད་ཀྱི་བསྟན་པ་དར། །དཔལ་ལྡན་ལྷ་མོ་ཁྱོད་ཁྲོས་ནས། །ཁ་རླང་དམར་པོ་བཏང་བའི་ཚེ། །བུད་མེད་དམར་མོས་ས་གཞི་གང་། །མཁའ་ལ་ནད་སྤྲིན་དམར་པོ་ཆགས། །དེ་ཚེ་ནད་ཀྱི་བསྐལ་པ་དར། །རིམས་ནད་ཚ་བ་སྣ་ཚོགས་དང་། །ཁྱུག་ནད་རྒྱུ་གཟེར་སྣ་ཚོགས་དང་། །ཁྲག་ཏུ་སྐྱུག་པ་སྣ་ཚོགས་དང་། །ནད་ཀྱང་མ་མོ༴ ཁྲག་ཀྱང་༴ རིམས་ཀྱང་༴ བདག་དང་ཡོན་བདག༴ སྲོག་གླུད། ནད་ཀྱི༴ མཚོན་གྱི༴ དམར་ཆེན་གཏོར་མ༴ ནད་ཁ་ཆོད་ལ༴ ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །གསང་སྔགས༴ རྣལ་འབྱོར་གྲོང་༴ གསང་སྔགས་བོན་ལྟར་གྱེར་བ་དང་། །དཔལ་ལྡན་ལྷ་མོ་ཁྱོད་ཁྲོས་ནས། །ཁ་རླང་སྨུག་པོ་བཏང་བའི་ཚེ། །བུད་མེད་སྨུག་པོས་ས་གཞི་གང་། །མཁའ་ལ་ནད་སྤྲིན་སྨུག་པོ་ཆགས། །དར་ནག་རུ་མཚོན་ཐིགས་སེ་ཐིབ། །ཕྱག་ན་མདུང་དམར་ཆིམས་སེ་ཆིམ། །བ་དན་སྨུག་པོ་ལྷུབས་སེ་ལྷུབ། །སྐུ་ལ་གོ་མཚོན་ཡ་ལ་ལ། །དུག་གི་འཁྲུག་པ་བསླང་བར་བྱེད། །མཚོན་གྱི་ཆར་པ་འབེབ་པར་བྱེད། །ཁྱོད་ལ་མཐུན་པའི་རྫས་འབུལ་བ། །དམར་ཆེན་གཏོར་མ༴ སྒྲུབ་མཆོག་བདག་དང་ཡོན་བདག་ལ། །འཁྲུགས་པའི་བསྐལ་པ་ཞི་བར་མཛོད། །མཚོན་གྱི་བསྐལ་པ་ཞི་བར་མཛོད། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །གསང་སྔགས་འབྲས་བུ༴ རྣལ་འབྱོར་གྲོང་༴ གསང་སྔགས་བོན་ལྟར༴ དགེ་སྡིག་འཆོལ་བར་སྤྱད་དུས་ལ། །དཔལ་ལྡན་ལྷ་མོ་ཁྱོད་ཁྲོས་ནས། །ཁ་རླང་ནག་པོ་བཏང་༴ བུད་མེད་ནག་མོས་ས་གཞི་གང་། །ནད་ཀྱི་ན་བུན་ནག་པོ་འཁྲིགས། །དེ་ཚེ་མཚོན་གྱིས་བསྐལ་པ་དར། །ལྷོག་པ་དཀར་ནག་འབུམ་ནག་དང་། །སྐྲངས་དང་གཡན་པ་ཤུ་བ་དང་། །མཛེ་ནད་རྣམ་པ་སྣ་ཚོགས་དང་། །ནད་ཀྱང་མ་མོ་ཁྱོད་ཀྱིས་ནད། །ཁྲག་ཀྱང་མ་མོ༴ རིམས་ཀྱང་༴ བདག་དང་ཡོན༴ སྲོག་གླུད་གཏོར་མ༴ ནད་ཀྱི་རྐྱལ༴ མཚོན་གྱི་བསྐལ་བ༴ དམར་ཆེན་གཏོར་མ༴ བདག་དང་ཡོན་བདག༴ ནད་ཁ་ཆོད་ལ་རིམས་ཁ་བསྒྱུར། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །གསང་སྔགས་འབྲས་བུ༴ རྣལ་འབྱོར་གྲོང་བསྙེན༴ དགེ་སྡིག་འཆོལ་བར་སྤྱད་དུས་ལ། །གསང་སྔགས་བོན་ལྟར༴ དཔལ་ལྡན་ལྷ་མོ་ཐུགས་ཁྲོས་ནས། །ཁ་རླང་དཀར་པོ་བཏང་བ་དང་། །བུད་མེད་དཀར་མོས་ས་གཞི་གང་། །མཁའ་ལ་ནད་ཀྱི་སྤྲིན་ལྟར་གཏིབ། །དེ་ཚེ་ནད་ཀྱི་བསྐལ་པ་དར། །རླུང་ནག་འཚུབ་མ་མུ་གེ་དང་། །ཐོག་དང་སེར་བ་ཤྭ་བུད་དང་། །དུས་མ་ཡིན་པར་འཆི་བའི་ནད། །ནད་ཀྱང་མ་མོ༴ ཁྲག་ཀྱང་༴ རིམས་ཀྱང་མ༴ རྒྱུ་སྦྱོར་ཡོན་བདག༴ སྲོག་གླུད༴ ནད་ཀྱི་རྐྱལ༴ མཚོན་གྱི་བསྐལ༴ མི་དང་གླུད་དུ་ད་བརྗེ་ལ། །ནད་ཁ་ཆོད་༴ གསང་སྔགས་སྤྱོད་གྲངས་མང་པོ་ཡང་། །གཞུང་ལྟར་སྤྱོད་པ་ནོར་གྲང་ལ། །བཀའ་ལྟར་སྤྱོད་པ་དབང་ཕྱུག་བདག །མན་ངག་ཐུགས་དམ་རྒྱུད་བསྐུལ་ནས། །བདག་ཅག་རྣལ་འབྱོར་བསྒྲུབ་པ་པོ། །དཔལ་ཆེན་བདུད་རྩི་རྣམ་ལྔ་མཆོད། །ལུས་དང་གྲིབ་མ་བཞིན་དུ་མཆོད། །གསུར་ཆེན་དུད་པས་རྒྱུན་མི་ཆད། །དབང་ཕྱུག་ཕུ་ནས་གུས་འདེབས་ཀྱི། །དཔལ་ལྡན་མདའ་ན་སྙན་མ་སྲ། །རི་ལུང་མེད་པར་གུ་ཡི་ཐོབས། །དབང་ཕྱུག་མདའ་ན་གཡབ་དོར་ཅིག །དཔལ་ལྡན་ཕུ་ན་སྤྱན་མ་རྡུལ། །ནག་མོ་མང་པོའི་ནམ་མཁའ་གང་། །སྔོན་ཚེ་སྲིད་པའི་དབང་མོ་ཆེ། །དེ་ལྟར་དཔལ་ལྡན་རེ་མ་ཏི། །ལྷ་སྲིན་ཀུན་གྱི་གཤེད་བྱེད་མ། །སྐྱེ་འགྲོ་ཀུན་གྱི་བདུད་བཅོད་མ། །དགྲ་བོ་ཡོངས་ཀྱི་སྙིང་འབྱིན་མ། །བགེགས་དཔུང་ཐལ་བ་བརླག་མཛད་མ། །ཆོས་ཉིད་ངང་ལ་ཀློང་དག་མ། །ཐུགས་དང་འགལ་བ་མཛོད་པར་གསོལ། །རྫོགས་སོ། །


previousདཔལ་ལྡན་ལྷ་མོ་སྲོག་གི་གཟེར་ཆུང་གི་ཆོ་གའི་ལས་འགྲིགས་ཀྱི་རིམ་པ།next