Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་སོ་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མ་མོའི་ཁྲག་མདོས་ལས་བཟློག་པའི་སྨྲང་ཆེན་མོ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམ་མོའི་ཁྲག་མདོས་ལས་བཟློག་པའི་སྨྲང་ཆེན་མོ།next

མ་མོའི་ཁྲག་མདོས་ལས་བཟློག་པའི་སྨྲང་ཆེན་མོ།

༈ མ་མོའི་ཁྲག་མདོས་ལས་བཟློག་པའི་སྨྲང་ཆེན་མོའི་དབུའོ། །ཧཱུྃ། ང་ནི་དབང་ཕྱུག་ཆེན་མོ་སྟེ། །ཁམས་གསུམ་སྲིད་གསུམ་མངའ་བདག་མོ། །ང་ནི་ཁྲོ་རྒྱལ་ཀུན་གྱི་རྗེ། །ང་ནི་མ་མོ་ཀུན་གྱི་ཡབ། །ཁམས་གསུམ་སྙིང་ཁྲག་དྭངས་མའི་བདག །འགྲོ་བའི་དོན་ལ་རབ་བརྩོན་ཕྱིར། །ཡོན་བདག་སྐྱབས་གསོལ་ཐུགས་རྗེས་བཟུང་། །དེ་རིང་བདུད་ལ་མི་གཅིག་བསླུ། །དེ་རིང་བཙན་ལ་ཐར་གཅིག་དགྱེས། །དེ་རིང་ཁམས་སུ་དབང་དུ་བསྡུ། །དེ་རིང་སྲིད་གསུམ་ཟིལ་གྱིས་མནན། །དེ་རིང་མ་མོའི་ཁྲམ་གཡས་གྱིས། །སྲིད་པའི་རྒྱལ་མོ་གནས་འདིར་བྱོན། །རིམས་ཀྱི་བདག་མོ་ད་ཚུར་བྱོན། །མ་མོ་སྲིད་པའི་རྒྱལ་མོ་འདི། །འོད་སྲུང་བསྟན་པ་ནུབ་ཁ་རུ། །རྒྱལ་བ་ཤཱཀྱ་ཐུབ་པ་དང་། །སྨོན་ལམ་དུས་གཅིག་བཏབ་པའི་ཚེ། །ཤཱཀྱ་ཐུབ་པའི་བསྟན་པ་ལ། །འགྲོ་བའི་དོན་དུ་རབ་ཏུ་བརྩོན། །སྐུ་ནི་ཀུན་ཏུ་བཟང་མོ་ལ། །གསུང་ནི་སྒྲ་དབྱངས་ཚིག་ལས་འདས། །ཐུགས་ནི་སྨྲ་བསམ་བརྗོད་ལས་འདས། །ཆེ་མཆོག་འབར་བའི་སྐུ་གསུང་ཐུགས། །གསང་བའི་མཁའ་ལ་ཕྱེད་ཕྱུན་ཙམ། །ཡབ་ཡུམ་དེ་གཉིས་འཕྲོ་འདུས་ལས། །འབྱུང་བའི་རྒྱལ་མོ་ཐམས་ཅད་བསྐྱེད། །སྣང་སྲིད་མ་མོ་འབྱུང་ཞིང་འཕྲོ། །ནད་ཀྱི་སྐལ་བ་གཏོང་ཞིང་བྱུང་། །སྐྱེ་འཆི་རྩད་གཅོད་བདེ་ཀློང་ཐུགས་སུ་ཆུད། །འབྱུང་བ་ཀུན་གྱི་ཆ་སྙོམས་མ། །ཐིག་ལེ་དབྱིངས་ལ་བསྐྱེད་པའི་ཡུམ་གཅིག་མ། །ཀུན་གྱིས་ཡུམ་བདག་མ་མོ་འདིར་གཤེགས་ཤིག །སྲིད་པའི་རྒྱལ་མོ་འདིར་གཤེགས་ཤིག །གླུད་འདི་སྲིད་པའི་རྒྱལ་མོས་བཞེངས། །དེ་རིང་བཟློག་བསྒྱུར་དུས་ལ་བབ། །ནད་ཀྱི་བདག་མོ་ཅི་ཕྱིར་དུ། །རིམས་ཁ་དེ་ནི་མི་ཆོད་དམ། །དཔལ་གྱི་བདག་མོ་ཅི་ཕྱིར་དུ། །དལ་ཁ་དེ་ནི་མི་བཟློག་གམ། །རིམས་ཀྱི་བདག་མོ་ཅི་ཕྱིར་དུ། །རིམས་ཁ་དེ་ནི་མི་བསྒྱུར་རམ། །ཟློག་ཅིག་དམར་ཆེན་གཏོར་མས་བཟློག །སྒྱུར་ཅིག་ལྟས་ངན་ཡུ་སྡིག་བསྒྱུར། །ཀྱེ་མ་ཅིག་སྲིད་པའི་རྒྱལ་མོ་སྟེ། །ཁྱོད་ཀྱིས་འཁོར་ཕྱོགས་ལྷ་སྲིན་འདུལ། །ཁྱོད་ཀྱིས་བདུད་ལ་བཀའ་ནན་ཆུང་། །བཙན་བཙུན་དམུ་ལ་བཀའ་ནན་ཆུང་། །མ་བརྒྱ་དང་སྒྲལ་ཚིག་གཡོན་པ་ནས། །མི་གཤེད་དྲག་པོའི་གཞུང་བྱས་ནས། །ཐོག་དམར་བུ་ཡུག་ཆར་དུ་འབེབ། །བཀའ་ལ་འདས་ན་དམྱལ་ཐག་གཅོད། །ཁྲག་མདའ་བུ་ཡུག་ཆར་དུ་འབེབ། །བཟློག་བྱེད་མའི་དུས་ལ་བབ། །དལ་ཁ་བཟློག་ཅིང་བསྒྱུར་བྱེད་མ། །སྔགས་ཀྱི་ཐུན་ཟོར་བཟློག་བྱེད་མ། །བྱང་བསྟིམས་དང་ནི་སྐུ་དུག་དང་། ལོ་ཀག་དང་ནི་ཟླ་ཀག་དང་། །ཞག་ཀག་དང་ནི་ཟ་ཀག་དང་། །གིང་ཀག་དང་ནི་གཤེད་བཞི་དང་། །བདུད་གཡོས་དང་ནི་སྲི་ལངས་དང་། །མཚན་ལྟས་ངན་པ་བཟློག་ཏུ་གསོལ། །གཙོ་མོའི་རྦབ་ཟོར་རབ་ཏུ་དྲག །ཡུང་ཀར་རྦབ་བསྒྲིལ་ཁྲ་ལ་ལ། །གནོད་བྱེད་བར་ཆད་བགེགས་ཟོར་བཟློག ། དལ་ཁ་ཆོད་ལ་རིམས་ཁ་བསྒྱུར། །ཟློག་ཅིག་དམར་ཆེན༴ སྒྱུར་ཅིག་ལྟས་ངན༴ ཧཱུྃ། ང་ནི་དབང་ཕྱུག་ཆེན་པོ་སྟེ། །ཁམས་གསུམ་སྲིད་གསུམ་མངའ་བདག་རྗེ། །འགྲོ་བའི་དོན་ལ་རབ་ཏུ་བརྩོན། །ཡོན་བདག་སྐྱབས་གསོལ་ཐུགས་རྗེས་བཟུང་། །ཀྱཻ། རིམས་ཀྱི་བདག་མོ་སྤྱན་འདྲེན་ནོ། །བསྒྱུར་བྱེད་མ་ཅིག་སྤྱན་འདྲེན་ནོ། །བཟློག་བྱེད་མ་ཅིག་སྤྱན་འདྲེན་ནས། །དེ་རིང་བཟློག་བསྒྱུར་དུས་ལ་བབ། །གླུད་བདག་ཆེན་མོ་གཤེགས་སུ་གསོལ། །ཁྲོ་རྒྱལ་ཀུན་གྱི་ཡུམ་ཅིག་མ། །མ་མོ་ཀུན་གྱི་བྱ་མ་རྟ། །བསྟེན་བྱེད་ཀུན་གྱི་ཡང་རྗེ་མོ། །འགྲོ་བ་ཀུན་གྱི་སྲོག་བདག་མོ། །བྱང་ཤར་མཚམས་ནས་གནས་བཅས་ཤིང་། །བསྭེའི་སྐུ་མཁར་གྲུ་བཞི་ལ། །ལོགས་བཞི་དེ་ནི་མཆོང་ལས་བྱས། །གསེར་སྦྲུལ་དེ་ནི་ཁྲ་བོ་ལ། །གཉེན་པོ་དེ་ལ་སྦྲུལ་མི་འགོས། །ཟུར་བཞི་དེ་ནི་མཆོང་ལ་བྱས། །ལྕགས་དང་འཆོང་ཟུར་སྨུག་པོ་ལ། །གཉེན་ཏེ་དེ་ལ་སྦྲུལ་མི་ཁྲིད། །ཁ་བད་མཚོ་རོག་གཡུ་ལ་བྱས། །གཡུ་འོད་དེ་ནི་སྔོན་པོ་ལ། །དེ་ལ་མཐོ་སྟེ་བྱ་མི་ལྡིང་། །འགྲམ་བཞི་དེ་ནི་ལྕགས་ལ་བྱས། །ལྕགས་འགྲམ་དེ་ནི་སྔོན་པོ་ལ། །དེ་ལ་ཞབས་སུ་བྱིལ་མི་འཛུལ། །ཐ་མ་ལྕགས་རི་འབར་བས་བརྒྱན། །དེ་ཡང་དབུས་སུ་བསྒྲོད་པ་ལ། །དེ་ལ་གཉེན་ཏེ་བདུད་མི་གདའ། །སྐུ་མཁར་དེའི་ནང་དབུས་ནས། །རིན་ཆེན་ཤེལ་གྱི་སྒོ་བཙུགས་ཤིང་། །མི་རོ་རྟ་རོའི་ཁྲི་སྟེང་དུ། །གཤིན་རྗེའི་ལྕམ་གཅིག་བཞུགས་པ་ནི། །སྐུ་མདོག་མཐིང་ནག་རལ་པ་ཅན། །དབང་རྟགས་ཁྲག་གི་ཐིག་ལེ་བརྒྱན། །ཆིབས་སུ་དྲེལ་རྟ་རྐང་གསུམ་བཅིབ། །དྲྭ་བ་དགུའི་སྟོང་ལ་ཅན། །ཉིན་ཞིང་ཁྱོ་དགུ་རྐུང་སུ་བྱེད། །བཟློག་གོ་དམར་ཆེན༴ བསྒྱུར་རོ་ལྟས་ངན༴ བྷྱོ། མ་ཅིག་དཔལ་ལྡན་རེ་མ་ཏི། །རེ་སྡེ་གོང་ཉག་མན་ཆད་དང་། །བདུད་རིགས་གཏོགས་པ་ཐམས་ཅད་དང་། །བསྐོར་བསྐོར་ཞུང་ཞུང་ཕྱག་བྱས་ནས། །ཇོ་མོ་དེ་ནི་སྤྱན་མི་བཟང་། །ཕྱག་ལེན་མི་སྟེར་ཁྲོ་ཚུལ་སྟོན། །དམར་ཆེན་གཏོར་མ་འདི་བཞེས་ལ། །བདུད་ཀྱི་ལག་ནས་མི་བླ་བསླུ། །སྐྱེས་བུ་ལུང་བཙན་མན་ཆད་དང་། །ཕྱི་ནང་མཐའ་ཡས་ཐམས་ཅད་ཀྱི། །བསྐོར་བསྐོར་ཞུང་ཞུང་༴ ཇོ་མོ་དེ༴ ཕྱག་ལེན་མི་སྟེར༴ དམར་ཆེན་གཏོར་མ༴ བཙན་གྱི་ལག་ནས་མི་བླ་བསླུ༴ གནམ་ལྷ་དཀར་པོ་མན་ཆད་དང་། །ནག་མོ་གྲོང་རྒྱུག་ཡན་ཆད་ཀྱི། །བསྐོར་བསྐོར་ཞུང་ཞུང་༴ ཇོ་མོ་དེ་ནི༴ ཕྱག་ལན༴ དམར་ཆེན༴ རྒྱལ་པོའི་ལག་ནས་མི་བླ་བསླུ། །བདུད་ཀྱི་རྒྱལ་པོ་མན་ཆད་དང་། །དུར་སྲི་སྲིན་མོ་ཡན་ཆད་དང་། །བགེགས་ཕྲན་གྲོང་རྒྱུག་ཡན་ཆད་ཀྱི། །བསྐོར་བསྐོར་ཞུང་ཞུང་༴ ཇོ་མོ་དེ་ནི༴ ཕྱག་ལན་མི༴ དམར་ཆེན་གཏོར་མ༴ བགེགས་ཀྱི་ལག་ནས་མི་བླ་བསླུ། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །དུས་ལ་བབ་པའི་ཚེ་ཟད་ཀྱང་། །ལོ་གསུམ་བར་དུ་བཤོལ་ཐོབ་ཅིག །དེ་རིང་བཟློག་བསྒྱུར་དུས་ལ་བབ། །ཁྱོད་ཀྱིས་བཟློག་ན་རྦབ་ཀྱང་བཟློག །མི་ཐུབ་པ་ནི་ཅིག་ཀྱང་མེད། །ཁྱོད་ཀྱིས་བཀྱག་ནས་འབྲུག་ཀྱང་ཁྱོག། །མི་ཁྱོག་པ་ནི་ཅི་ལྟ་བུ། །ཁྱོད་ནི་བཟུང་ནས་གློག་ཀྱང་བཟུང་། །མི་ཟུན་བྱ་བ་གང་ཡང་མེད། །བཟློག་བསྒྱུར་མཛད་པའི་དུས་ལ་བབ། །བཟློག་ཅིག་དམར་ཆེན་གཏོར་མས་བཟློག །བསྒྱུར་རོ་ལྟས་ངན་ཆོ་འཕྲུལ་བསྒྱུར། །མ་མོའི་ཟོར་ཁ་བརྡ་ལ་རེ། །མ་མོའི་ཟོར་སྣ་དགྲ་ལ་རྒྱོབ། །ཡོན་བདག་གླུད་བྱོལ་དགྲ་ལ་བྱོལ། །རྒྱུ་འབྱོར་ཡན་བདག་འཁོར་བཅས་ལ། །སེར་སྣའི་ཕྱི་འགྱོད་མ་བཏང་ཅིག །མ་མོའི་རྟ་བྲོ་ཀྱི་ལི་ལི། །དྲག་པོའི་བཤུག་གླུ་ཀྱུ་རུ་རུ། །མ་མོའི་ཟོར་ཁ་བརྡ་ལ་རེ། །བཟང་ན་བཟང་གསུམ་ཤ་ར་ར། །ངན་ན་ངན་གསུམ་ཀྱི་ལི་ལི། །ལྔ་ནུབ་དྲུག་ནུབ་ཚུན་ཚད་དུ། །དུས་ན་རྒྱལ་བའི་མངའ་བདག་མཛད། །གསུམ་ནུབ་བཞི་ནུབ་ཚུན་ཆད་དུ། །གསང་སྔགས་ངས་ཀྱང་མ་བཟློག་སྟེ། །མ་མོའི་སྐྱོག་ཁ་དགྲ་ལ་སྟོན། །དཔལ་ལྡན་གཉན་གྱི་རེ་མ་ཏི། །སྔོན་ཚེ་རྒྱལ་བས་འདི་སྐད་གསུང་། །སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་བྱ། །རང་གི་སེམས་ནི་ཡོངས་སུ་དུལ། །གཞན་གྱིས་སེམས་ནི་དཀྲུགས་མི་བྱ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ད་ལྟ་ངས་ཀྱང་དེ་སྐད་བཤད། །ཡོན་བདག་དྲིན་ལེན་ཆུད་མ་གསན། །དབང་ཕྱུག་ངའི་བཀའ་མ་བཅག །ཡོན་བདག་འཁོར་དང་བཅས་པ་ཡི། །དུས་ལ་བབ་པ་ཚེ་ཟད་ཀྱང་། །ལོ་གསུམ་བར་དུ་ཤོལ་ཐོབ་ཅིག །ཀྱཻ། དཔལ་ལྡན་འཁོར་བཅས་དུས་ལ་བབ། །སོ་སོར་མཐུན་པའི་རྫས་བསོགས་པ། །སྙིང་གི་རྩ་ལགས་མ་ཉམས་དང་། །མི་དབང་འབྲས་བུ་སྨིན་པའི་ཤ། །འཆི་ཁའི་མཚལ་ཐིག་དམར་པོ་ལ། །ཉ་ཡི་རྒྱུ་ཁྲག་སྐམ་པོ་དང་། །མཐུན་པའི་རྫས་ཆེན་ཁྱེད་ལ་འབུལ། །མ་ཅིག་སྐུ་ལ་མཐུན་རྫས་འབུལ་བ་ནི། །ཆིབས་སུ་དྲེལ་ནག་ཁ་དཀར་དང་། །ནས་འབྲས་དང་ནི་གྲོ་དང་ཏིལ། །དྲེལ་ཆུང་གཞོན་ནུའི་ཤ་ཁྲག་དང་། །བཙོ་དང་ཞུ་མཁན་སྣ་ཚོགས་དང་། །མ་ཅིག་མཐུན་པའི་རྫས་སུ་བཞེས། །ཡུལ་ནི་ལྷོ་ཁ་མོན་ཁའི་ཚུལ། །མ་ཅིག་སྐྱིན་མཐིང་ཡ་མ་སྐྱོང་། །ཆིབས་སུ་ཤ་བ་དཀར་མོ་བཅིབས། །རཾ་དང་རྒྱ་སྐགས་མཚལ་དང་སྤོས། །མཛེས་པའི་མེ་ཏོག་སྣ་ཚོགས་དང་། །ཤ་བ་ཡུ་མོའི་ཤ་ཁྲག་དང་། །མ་ཅིག་མཐུན་རྫས་བཞེས་སུ་གསོལ། །མི་དང་གླུད་དུ་ད་རྗེས་ཤིག །བྷྱོ། རྡོ་རྗེ་གར་གྱི་དབང་ཕྱུག་མ། །མང་པོ་དྲི་ཟའི་བཀའ་བསྒྱུར་མ། །བདག་ཅག་རྡོ་རྗེ་སྤུན་རྣམས་དང་། །དེ་རིང་རྒྱུ་འབྱོར་ཡོན་བདག་ལ། །གཟའི་ཐོག་རྒྱུག་བྱུང་ལ་རེ། །བཟློག་གོ་དམར་ཆེན་གཏོར་མས་བཟློག །བསྒྱུར་རོ་ལྟས་ངན་ཆོ་འཕྲུལ་བསྒྱུར། །སྔོན་གྱི་བཀའ་བསྒྱུར་དམ་ཅན་མ། །དོ་ནུབ་བཟློག་བསྒྱུར་དུས་ལ་བབ། །བྷྱོ། རིན་ཆེན་གར་གྱི་དབང་ཕྱུག་མ། །མིང་པོ་གཤིན་རྗེའི་བཀའ་བསྒྱུར་ལ། །བདག་ཅག་རྡོ་རྗེ༴ དེ་རིང་རྒྱུ་འབྱོར༴ གཤིན་རྗེའི་དལ་ཀ༴ བཟློག་གོ་དམར་ཆེན༴ བསྒྱུར་རོ་ལྟས་ངན༴ སྔོན་གྱི་བཀའ་བསྒྱུར༴ དོ་ནུབ་བཟློག༴ བྷྱོ། པདྨ་རིགས་ཀྱིས་དབང་ཕྱུག་མ། །མིང་པོ་ཀླུའི༴ བདག་ཅག༴ དེ་རིང་༴ ཀླུའི་དལ་ཁ༴ བཟློག་གོ་དམར༴ བསྒྱུར་རོ༴ སྔོན་གྱིས༴ དོ་ནུབ་བཟློག༴ བྷྱོ། ལས་ཀྱི་རིགས་ཀྱིས་དབང་ཕྱུག་མ། །མིང་པོ་གནོད་སྦྱིན༴ བདག་ཅག༴ དེ་རིང་༴ གནོད་སྦྱིན༴ བཟློག་གོ་དམར༴ བསྒྱུར་རོ༴ སྔོན་གྱིས༴ དོ་ནུབ་བཟློག༴ བྷྱོ། དབང་ཕྱུག་ཕྲ་མེན་རྒྱ་མཚོ་ལ། །ཧེ་ལེན་གཅིག་ཁྱབ་བཀའ༴ བདག་ཅག༴ དེ་རིང་༴ གནོད་སྦྱིན་དལ་ཡམ༴ བཟློག་གོ༴ བསྒྱུར་རོ༴ སྔོན་གྱིས༴ དོ་ནུབ་བཟློག༴ བྷྱོ། ཨེ་ཀ་ཙ་ཏི་ཐལ་མདོག་མ། །སྐོས་རྗེ་དྲང་དཀར་དམ་ཅན་མ། །བདག་ཅག༴ དེ་རིང་༴ སྐོས་ཀྱི་བྱན་མས་བསྐུལ་ལ་རེ། །བཟློག་གོ༴ བསྒྱུར་རོ༴ སྔོན་གྱིས༴ དོ་ནུབ༴ བྷྱོ། ཨེ་ཀ་ཙ་ཏི་རལ་གཅིག་མ། །རེ་སྡེ་མགོ་ཉག་བཀའ་བསྒྱུར་དམ་ཅན་མ། །བདག་ཅག༴ དེ་རིང་༴ བདུད་ཀྱི་ཁྲམ་ལ་ཐོབ་ཏ་རེ། །བཟློག་གོ༴ བསྒྱུར་རོ༴ སྔོན་གྱིས༴ དོ་ནུབ༴ བྷྱོ། ཉི་མ་སྟོང་གི་ཐོད་ཕྲེང་མ། །གནམ་ཐིལ་དཀར་པོའི་བཀའ་བསྒྱུར་ལ། །བདག་ཅག་རྡོ་རྗེ༴ རྒྱུ་འབྱོར་ཡོན༴ རྒྱལ་པོའི་གདན་ལ་བབ་ལ་རེ། །བཟློག་གོ༴ བསྒྱུར་རོ༴ སྔོན་གྱིས༴ དོ་ནུབ༴ བྷྱོ། ནམ་མཁའི་ཁམས་ནས་ཐོག་འབེབ་མ༴ བར་ཐིལ་ཁྲ་བོའི་བཀའ་བསྒྱུར་མ། །བདག་ཅག༴ རྒྱུ་འབྱོར༴ བློན་པོའི་ཁྱིམ་དུ་བབ་ལ་རེ། །བཟློག་གོ༴ བསྒྱུར་རོ༴ སྔོན་གྱིས༴ དོ་ནུབ༴ བྷྱོ། ས་བདག་ཆེན་མོ་པདྨ་ཕྲེང་། །ས་ཐིལ་ནག་པོའི་བཀའ༴ བདག་ཅག༴ རྒྱུ་འབྱོར༴ ཡུལ་ཕྱིར་འབྱུང་པོ་བབ་ལ་རེ། །བཟློག་གོ༴ བསྒྱུར་རོ༴ སྔོན་གྱིས༴ དོ་ནུབ༴ བྷྱོ། བཙན་གྱི་གླ་བ་རོ་དང་བཙན། །བཙན་གྱི་རྟ་བབ་ཤོར་ལ་རེ། །བཟློག་གོ༴ བསྒྱུར་རོ༴ སྔོན་གྱིས༴ དོ་ནུབ༴ བྷྱོ། གནམ་ལ་ཡ་ཟ་སྨན་གཅིག་མ། །མིང་པོ་གཟའི་བཀའ་བསྒྱུར་ལ། །བདག་ཅག་རྡོ་རྗེ་སྤུན་རྣམས་ལ། །རྒྱུ་འབྱོར༴ གཟའི་དལ་ཀ་བབ་ལ་རེ། །བཟློག་གོ༴ བསྒྱུར་རོ༴ སྔོན་གྱིས༴ དོ་ནུབ༴ བྷྱོ། ལྷ་མོ་ནག་མོ་རེ་མ་ཏི། །ནོར་བུ་བཟང་པོའི་ཆོ་འཕྲུལ་བཀའ། །བདག་ཅག༴ རྒྱུ་འབྱོར༴ སྔོན་གྱིས༴ དོ་ནུབ༴ བྷྱོ། དཔལ་ལྡན་གཉེན་གྱི་རེ་མ་ཏི། །ཁྱོད་ནི་ནང་གི་སྲུང་མ་སྟེ། །དམ་རྫས་བདུད་རྩི་གཏོར་མ་འདི་བཞེས་ལ། །མ་མོ་འཁྲུགས་པའི་ཐུགས་དམ་བསྐང་གྱུར་ཅིག །བདག་ཅག༴ རྒྱུ་འབྱོར༴ གཡས་བདུད་གཡས་སུ་བྱོལ་ཁ་བཟློག །གཡོན་བདུད་གཡོན་དུ་བྱོལ་ཁ་བཟློག །བུ་ཚ་ཆུང་སྲིའི་བྱོལ་ཁ་བཟློག །སྔོན་གྱིས་གདུག་བྱེད་བྱོལ་ཁ་བཟློག །ཕ་ཚན་རྒྱབ་འདྲེ་བྱོལ༴ མ་ཚན་སྟོང་འདྲེའི་བྱོལ་ཁ༴ བདུད་ཀྱིས་ཁྲོམ་ཟུར་བྱོལ༴ བཙན་གྱི་བང་ཟུར༴ མ་མོའི་ནད་རིམས༴ བནྡྷེའི་སྔགས་ཟོར༴ བོན་པོའི་ཛོ་ཟོར༴ བྲམ་ཟེའི་ངན་སྔགས༴ རྐུ་དུག་བྱད་སྟེམས་བྱོལ༴ ལོ་ཀག་ཟླ་ཀག་ཞག་ཀག༴ ཀིང་ཀང་གཤེད་བཞིའི་བྱོལ༴ མཚན་ངན་ལྟས་ངན་བྱོལ༴ བདག་དང་ཡོན་བདག་འཁོར་བཅས་ལ། །ཕོ་བདུད་དལ་ཁ་གཡས་སུ་བསྒྱུར། །མོ་བདུད་དལ་ཁ་གཡོན་དུ་བསྒྱུར། །སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར། །དལ་ཁ་བསྒྱུར་ལ་རིམས་ཁ་བཟློག །ཡོན་བདག་གླུད་བྱོལ་དགྲ་ལ་བཟློག །སྡང་བའི་དགྲ་ལ་བྱོལ་ཁ་སྟོན། །གནོད་པའི་བགེགས་ལ་བྱོན་ཁ་སྟོན། །སྡང་བའི་དགྲ་ལ་བཏང་བའི་ཚེ། །ཡུལ་དུ་མཁར་ཞིང་རྒྱ་གྲོང་འཛིན། །ཆུང་མའི་ཞིང་ཡང་གཏན་མི་སྐྱེ། །བུ་ཚའི་རིགས་རྒྱུད་རྩད་ནས་ཆོད། །གནོད་པའི་བགེགས་ལ་བཏང་བའི་ཚེ། །གནམ་ལྷ་དཀར་པོ་ཁྲག་ཏུ་སྐྱུགས། །བྱི་ན་ཡ་ག་འདར་ཞིང་བརྒྱལ། །ད་ནི་བཟློག་བསྒྱུར་དུས་ལ་བབ། །དམག་གི་རྒྱལ་མོ་ཆེན་མོ་བྷྱོ། །དགྲ་བླའི་རྒྱལ་མོ་ཆེན་མོ་བྷྱོ། །དར་ནག་སྟོང་གི་ཚོགས་དང་བྷྱོ། །ལེ་བརྒན་སྟོང་གི་རྒྱལ་མོ་བྷྱོ། །བྷྱོ། ད་ནི་མ་མོའི་ཁྲམ་སྣ་བཟློག །རིམས་ནད་ཡམས་ཀྱི་ཁྲམ་སྣ་བཟློག །ཀག་ལ་འཁོར་བའི་ཡོན་བདག་འདི། །སྔོན་གྱིས་ལས་འཕྲོ་བྱུང་བའམ། །དུས་ལ་བབ་པའི་ཚེ་ཟད་ཀྱང་། །ལོ་གསུམ་བར་དུ་བཤོལ་ཐོབ་ཅིག །དབང་ཕྱུག་མའི་བཀའ་མ་བཅག །ཡོན་བདག་དྲིན་ལན་ཆུད་མ་གསན། །བཀའ་དང་དམ་ལ་མ་འདའ་ཞིག །འདོད་པའི་དངོས་གྲུབ་བདག་ལ་སྩོལ། །ཅི་བསམ་དོན་རྣམས་འགྲུབ་པར་མཛོད། །དཔལ་ལྡན་ལྷ་མོའི་བསྐང་མདོས་འཁྲུག་བཅོས་ཞེས་བྱ་བ་ནི། ནད་དྲག་པོའམ། མི་ཤི་བ་ཐམས་ཅད་ལ་འདི་བྱའོ། །ཁྱད་པར་དུ་ནད་ཡམས་དར་བའི་དུས་སུ་ལ་འདི་བྱས་ནས་རྒྱ་ནད་ཐམས་ཅད་མ་མོའི་ཁ་རླངས་ཡིན། དོན་འདི་ལ་བརྩོན་པར་བྱའོ། །མྱུར་དུ་ཕན་པར་སྣང་གསུངས་སོ། །བླ་མ་ཀཿཐོག་པའི་ཕྱག་ལེན་རྫོགས་སོ།། །།


previousམ་མོའི་ཁྲག་མདོས་ལས་བཟློག་པའི་སྨྲང་ཆེན་མོ།next