Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་སོ་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་ལྡན་ལྷ་མོའི་དྲག་པོ་ཐུན་གྱི་ཡིག་ཆུང་ཐོག་མའི་དམིགས་པ།
   
   
   
   
   
   
   
   
   
   
   
   


 
previousདཔལ་ལྡན་ལྷ་མོའི་དྲག་པོ་ཐུན་གྱི་ཡིག་ཆུང་ཐོག་མའི་དམིགས་པ།next

དཔལ་ལྡན་ལྷ་མོའི་དྲག་པོ་ཐུན་གྱི་ཡིག་ཆུང་ཐོག་མའི་དམིགས་པ།

དཔལ་ལྡན་ལྷ་མོའི་དྲག་པོ་ཐུན་གྱི་ཡིག་ཆུང་ཐོག་མའི་དམིགས་པའོ། །དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདིར་དཔལ་ལྡན་ལྷ་མོས་དྲག་པོའི་ཕྲིན་ལས་ཀྱི་དགྲ་བགེགས་ཚར་གཅོད་པའི་ལས་ཚོགས་ལས། གོང་དུ་ཕྱག་ན་རྡོ་རྗེ་བདག་བསྐྱེད་བསྙེན་པ་དང་བཅས་པ་དང་། མདུན་དུ་ལྷ་མོའི་བསྙེན་བསྒྲུབ་ལས་གསུམ་གྱིས་ཕྲིན་ལས་བྱེད་ཚུལ་རྣམས་རྒྱས་པར་གཞུང་གཞན་དུ་བཤད་པའི་ཕྱག་ལེན་ལྟར་བྱས་ལ། འདིར་སྐབས་སུ་བབ་པའི་མདུན་གྲུ་གསུམ་དང་གཟུགས་བརྙན་ཐུན་རྫས་གཏོར་མ་དང་བཅས་འཚོགས་པར་བྱས། རང་ཉིད་ལྷའི་ང་རྒྱལ་བརྟན་པའི་ངང་ནས་ཆས་དང་ལྡན་པར་བྱས་ཏེ། དང་པོར་མཁྱེན་གསོལ་ནི། ༼ཀ༽ ཧོ་དགོངས་སུ་གསོལ་ལོ། །ན་མོ་སྐྱབས་དམ་པ་རྣམས་ཀྱི་མཆོག །མགོན་དམ་པ་རྣམས་ཀྱིས་གླིང་། བསོད་ནམས་བསགས་པ་རྣམས་ཀྱིས་དཔལ་ཞིང་། བདེ་ལེགས་ཐམས་ཅད་ཀྱི་རྩ་བ། བླ་ན་མེད་པའི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཅག་ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྐྱབས་གནས་དམ་པ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་སྐྱབས་འོག་དམ་པར་བདག་ཅག་རྣམས་ཚུད་པར་མཛད་དུ་གསོལ། འདིར་བླ་མ་ཡི་དམ་ནི་གཟུ་དང་དཔང་ལ་མཁས་པ། དཔའ་བོ་མཁའ་འགྲོ་ནི་མཐུ་དང་རྩལ་ཆེ་བ། མ་མགོན་ལྕམ་དྲལ་ནི་བསྟན་པའི་བྱ་ར་ལ་མཁས་པ། བཀའ་སྡོད་ལྷ་སྲིན་སྡེ་བརྒྱད་ནི་ཤ་ཁྲག་ལ་རྔམ་པ། ལས་མཁན་དམ་ཅན་རྒྱ་མཚོ་ནི་གསོད་གཅོད་ཀྱི་ལས་ལ་བརྩོན་པ་རྣམས་ཀྱང་། དེ་རིང་རྡོ་རྗེ་ཉི་མའི་དུས་ཚོད་འདིར། སངས་རྒྱས་ཀྱི་བསྟན་པ་བསྲུང་བ་དང་སྡང་བྱེད་ཀྱི་དགྲ་བོ་གསོད་པ་དང་། གནོད་བྱེད་ཀྱི་བགེགས་གདུག་པ་ཅན་འདུལ་བའི་དོན་དུ། རྣལ་འབྱོར་པ་བདག་གི་དཔལ་དང་མགོན་མཛད་པ་ལ་མ་གཡེལ་བར། སྙན་གསན་ཅིང་ཐུགས་མཁྱེན་པར་དགོངས་སུ་གསོལ། ཧོ། དགོངས་སུ་གསོལ་ལོ། །གཞན་ཡང་ཉི་མ་བྱང་ཤར་གྱི་མཚམས། ཤིང་ཡོངས་འདུས་ས་བརྟོལ་གྱི་རྩ་བ། མཚོ་མུ་ལེ་ཏིང་གི་ནང་ཤེད། མཐིང་ཤུན་སྔོན་པོའི་གུར་ཁང་། རླུང་ནག་འཚུབས་མར་འཁྱིལ་པའི་དབུས། མེ་དཔུང་ཆེན་པོ་བསྐལ་པ་འཇིགས་པ་ལྟར་འབར་བའི་དཀྱིལ། ཐོད་པ་རྐམ་རློན་རྩིགས་པའི་སྐུ་མཁར། གནམ་ལྕགས་འུར་མོ་འབར་བའི་གཞལ་ཡས་ཁང་། མི་རོ་གསར་རྙིང་མང་པོ་རྩིགས་པའི་གདན་སྟེང་ན། དུས་གསུམ་གྱིས་རྒྱལ་བ་ཞི་ཁྲོ་རམ་འབྱམས་ཀྱི་ལྷ་ཚོགས་སྤྱན་སྔར་རྒྱལ་བའི་བསྟན་པ་རིན་པོ་ཆེ་བསྲུང་བར་ཞལ་གྱིས་བཞེས་པའི། མ་ཅིག་དཔལ་ལྡན་ལྷ་མོ་ནག་མོ། མ་སྲིན་གྱི་རྒྱལ་མོ། འདོད་ཁམས་ཀྱི་གཙོ་མོ། ཁྲག་འཐུང་གི་རྒྱལ་མོ། རང་བྱུང་གི་རྗེ་མོ། ཆིབས་སུ་དྲེལ་རྟ་རྐང་གསུམ་ལ་བཅིབས་པ། མི་རོ་རྟ་རོ་ཁལ་དུ་འགེལ་བ། མི་ཁྲག་རྟ་ཁྲག་སྐོམ་དུ་འཐུང་བ། མི་ཤ་རྟ་ཤ་ཟས་སུ་ཟ་བ། མི་ལྤགས་རྟ་ལྤགས་གདན་དུ་འདིངས་བ། ནད་ཀྱི་རྐྱལ་པ་སྔ་ཤད་ལ་བཏགས་པ། ཚོན་གྱི་གྲུ་གུ་ཕྱི་ཤད་ལ་བཏགས་པ། ཕྱག་གཡས་ན་བདུད་ཀྱི་རལ་གྲི་ཕྱར་བ། དགྲ་བགེགས་ཀྱི་སྐྱེ་རྒྱུད་གཅོད་པ། ཕྱག་གཡོན་ན་བྷནྡྷ་ལྕང་ལོ་ཅན་བསྣམས་པ། དགྲ་བགེགས་ཀྱི་སྙིང་ཁྲག་ཞལ་དུ་གསོལ་བ། སྤྱི་བོའི་གཙུག་ན་ཟླ་བས་བརྒྱན་པ། མ་རིག་པའི་མུན་པ་གཏིང་ནས་སེལ་བ། ལྟེ་བའི་དབུས་ནས་ཉི་མ་ཤར་བས་སྲིད་པའི་རྒྱ་མཚོ་གཏིང་ནས་སྐེམ་པར་མཛད་པ། སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱི་བརྒྱན་པ། སྐུ་ལ་ཡེ་ཤེས་ཀྱི་མེ་འབར་བ། འཁོར་བདུད་མོ་བྱེ་བ་འབུམ་གྱིས་བསྐོར་བ། འཁོར་ཟངས་ཀྱི་མཆེ་བ་ཅན། ལྕགས་ཀྱི་སྡེར་མོ་ཅན། སྤུ་གྲིའི་སོ་ཅན། ཆུ་སྲིན་གྱིས་གདོང་པ་ཅན། ཆུ་གྲིའི་གཤོག་པ་ཅན་བྱེ་བ་འབུམ་གྱིས་བསྐོར་བ། དེ་རྣམས་ཀྱི་མི་རོ་འཁུར་ཞིང་གནམ་མཐའ་བསྐོར་བ། མི་ཤ་ཟ་ཞིང་བསྭོ་སྒྲ་འདེབས་པ། མི་ཁྲག་འཐུང་ཞིང་ཀུ་སྒྲ་སྒྲོགས་པ། མི་ལྤགས་གྱོན་ཞིང་ས་གཞིར་རྒྱུག་པ། ཤ་ཟན་གྱི་གསུས་མོ་ཆེ། ཁྲག་འཐུང་གི་མཆེ་མར་མ། རུས་མཆན་གྱི་སོ་རྣོན་མ། ཉིན་གུང་གི་སོ་བྱེད་མ། ནམ་གོང་གི་བླ་ལེན་མ། བཙན་གྱི་སོ་བ་མ། བདུད་ཀྱི་ཉུལ་ལེ་མ། དགྲ་བོའི་སྲོག་གཅོད་མ། མ་བདུད་འབུམ་གྱིས་བསྐོར་བ་རྣམས་ཀྱང་བསྒྲུབ་པ་པོས་ཅི་བཅོལ་གྱི་ལས་བསྒྲུབ་ཅིང་ཅི་བགྱིད་ཀྱི་བཀའ་ཉན་པ། བྱམས་ཤིང་བརྩེ་བའི་མ་དང་འདྲ་བ། གདུང་བའི་ཚད་ནི་སྲིང་མོ་དང་འདྲ་བ། ད་ལོ་ཡོང་བའི་བྲན་མོ་དང་འདྲ་བ། བོས་ན་འོང་བ། རྦད་ན་འགྲོ་བ། ཡག་པའི་ཁ་འཛིན་ལ་དཔའ་བ། ཉེས་པའི་ངོ་བཟློག་ལ་སྐྱེན་པ། ཡག་ཉེས་ཀྱི་གཟུ་དཔང་ལ་མཁས་པ། དམ་ལ་གནས་པའི་མཆེད་ལ་གདུང་བ་མེ་བཞིན་འབར་བ། གློག་བཞིན་འགྱུ་བ། སྲིན་བཞིན་རྔམས་པ། དམ་ཉམས་སྒྲོལ་བ། རིང་པོ་ལ་སླེབས་པ། ཆུང་ངུ་ལ་ཕོག་པ། སྲ་བ་ལ་ཕུག་པ། སྦོམ་པོ་ལ་ཆོད་པ། དྲག་པོ་སྒྲོལ་བའི་ལས་ལ་མངའ་མཛད་པ་ཁྱེད་རྣམས་ཀྱང་། དེ་རིང་རྡོ་རྗེ་ཉི་མའི་དུས་ཚོད་འདིར། དོ་ནུབ་ནམ་གྱི་གུང་ཐུན་འདི་ལ། སངས་རྒྱས་ཀྱི་བསྟན་པ་བསྲུང་བ་དང་། སྡང་བྱེད་ཀྱི་དགྲ་བོ་གསོད་པ་དང་། གནོད་བྱེད་ཀྱི་བགེགས་གདུག་པ་ཅན་འདུལ་བའི་དོན་དུ་རྣལ་འབྱོར་བདག་གི་དཔལ་དང་མགོན་མཛད་པ་ལ་མ་གཡེལ་བར་སྙན་གསན་ཅིང་ཐུགས་ཀྱི་མཁྱེན་པར་དགོངས་སུ་གསོལ། ཧོ། དཔལ་ལྡན་ལྷ་མོ་ནག་མོ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱི་རྣལ་འབྱོར་པ་བདག་གི་དུས་འདིར་བསྟན་པའི་དགྲ་བོ་སྒྲོལ་བའི་དྲག་པོའི་ཕྲིན་ལས་བྱེད་པ་འདི་ལ་གཟུ་དང་དཔང་མཛོད་ལ། དམ་ཉམས་དགྲ་བོ་རྣམས་ལ་སྔགས་ཀྱི་ལས་མཛོད། ཟོར་གྱིས་ལས་མཛོད་ཅིག །ཅེས་བརྗོད་ལ་སྙན་གསན་དབབ་བོ། །༼ཁ༽ ན་མོ་གུ་རུ། དཔལ་ལྡན་ལྷ་མོ་ནག་མོའི་སྲོག་གི་གཟེར་ཆུང་གི་མན་ངག་ལ། ལིངྐ་བསྐྱེད་པ་ནི། ཨེ་ཁང་བཛྲ་ཡཀྵ་ཁང་དེ་ཡོངས་སུ་གྱུར་པ་ལས་མདུན་དུ་གཤིན་རྗེའི་བཙོན་ཁང་ནག་པོ་ནག་ལ་གཏིང་ཟབ་པ་དེ་ཡི་ནང་དུ་ཨེ་ལས་གྲུ་གསུམ་མཐིང་ནག་གཏིངས་ཀ་ཆེ་བ། ནང་ན་གཏི་མུག་གི་མུན་པ་འཐིབ་པ། ཕྱི་ན་ཞེ་སྡང་གི་མེ་འབར་བ། ཁ་ལ་གསོད་བྱེད་ཀྱི་ཤན་པ་རྒྱུ་བ། ཟུར་ལ་བཤའ་གྲི་མདའ་མདུང་འདྲིལ་བ། ལོག་ལ་ཕྲག་དོག་གི་རླུང་འཚུབས་པ། དེ་ཡི་ནང་དུ་ཡི་གེ་ཪྣྲྀཿཡོངས་སུ་གྱུར་པ་ལས། དགྲ་བགེགས་གདུག་པ་ཅན་དེ་ཉིད་ལུས་རིད་པ། ཉམས་ཆུང་བ་མགོན་སྐྱབས་བྱེད་པའི་ལྷ་ཐམས་ཅད་དང་བྲལ་བ། འདར་ཕྲི་ལི་ལི་བྱེད་པ་ཅིག་ཏུ་གྱུར། ན་མོ། སངས་རྒྱས་ཀྱིས་བདེན་པ་དང་༴ ཞེས་པས་བདེན་སྟོབས་རྒྱས་པར་བརྗོད་ལ། ལནགསུམ་གྱིས་བར། རབ་བདུན་ནམ་ཉེར་གཅིག་ཏུ་བརྗོད་ལ་འགུགས་གཞུག་བྱ། དེ་ནས། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་མདུན་གྱི་ལྷ་མོ་ལ་ཕོག་པས། ལྷ་མོས་འཁོར་རྣམས་ལ་གཟིགས་པས། འཁོར་བདུད་མོ་བྱེ་བ་འབུམ་རྣམས་ནམ་མཁའ་གང་བར་སྤྲོས། དགྲ་བོའི་བླ་ཚེ་སྲོག་གསུམ་གར་གནས་པ་དེ་ཉིད་དཔེར་ན་ཤ་བ་ཁྱིའི་དེད་པ་བཞིན་དུ་བཀུག་ནས་འོང་བ་སྔར་བསྐྱེད་པའི་གཟུགས་ལ་ཐིམ་པར་གྱུར། ལུས་ཀྱི་བྱ་བ་ལྕགས་ཀྱུའི་ཕྱག་རྒྱ་བྱ། ངག་གི་བྱ་བ། ཛཿཧཱུྃ་བྃ་ཧོཿ བཛྲ་ཨཾ་གུ་ཤ་ཛཿ ཡིད་ཀྱིས་དམིགས་པ་གསལ་གདབ། ༼ག༽ རང་ཉིད་ཡི་དམ་དུ་གསལ་བའི་མདུན་དུ་དཔལ་ལྡན་ལྷ་མོ་ཞལ་གཅིག་ཕྱག་གཉིས་མ་སྤྱན་གསུམ་མ། མཆེ་བ་གཙིགས་པ་གཡས་རལ་གྲི་དང་གཡོན་ཐོད་ཁྲག་ཐོགས་པའི་སྐུ་མཐེ་བོང་ཙམ་ཞིག་ཕར་འཕྲོས་པས། བསྒྲུབ་བྱའི་མཆན་ཁུང་གཡོན་པ་ཤགས་ཀྱིས་བཤགས་ནས། ཙིཏྟ་གུར་སྨུག་པོ་ཕུབ་པ་ལྟ་བུ། དེ་ཡི་ནང་ན་རྣམ་པར་ཤེས་པ་ཪྣྲིཿཁ་དོག་དཀར་པོ་ཤེལ་དྭངས་པ་ལྟ་བུ་དེ། གཡས་ཀྱིས་རལ་གྲིའི་རྩེ་མོའི་གཟེར་ནས། དཔེར་ན་རྡོ་ཁབ་ལེན་གྱིས་ཁབ་བླངས་པ་བཞིན་དུ་ཐལ་གྱིས་ཕུག་ནས་གཡོན་གྱི་ཐོད་ཁྲག་གི་ནང་དུ་བཅུག་པས། བསྒྲུབ་བྱའི་སྙིང་ནང་དུ་ཕར་ལིང་ལིང་བྱེད་པར་གྱུར་པར་བསམ། དེ་ནས་བླ་འགུགས་པའོ། །དེ་ནས་བླ་འཚོལ་བ་ནི། མདུན་གྱི་ལྷ་མོའི་འཁོར་བདུད་མོ་འབུམ་གཙོ་མོ་ལ་ཐིམ། གཙོ་མོ་རང་ལ་ཐིམ་པས། རང་ངོ་བོ་ཡི་དམ་ཡིན་པ་ལ་རྣམ་པ་དཔལ་ལྡན་ལྷ་མོ་ནག་མོ་ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་མ། མཆེ་བ་བཞི་གཙིགས་པ། རལ་གྲི་དང་ཐོད་ཕྲག་འཛིན་པར་གྱུར། མདུན་དུ་བདུད་མོ་འབུམ་གྱི་ངོ་བོ་ལྕགས་ཀྱི་སྤྱང་མོ་མགོ་དགུ་མ། སྐུ་མདོག་ནག་མོ་ཕྱག་གཡས་པས་ལྕགས་སྤྱང་མགོ་དགུ་འགྱེད་པ། གཡོན་ན་ཟངས་ཀྱི་འཕར་བ་ལྕེ་བརྒྱད་པ་འགྱེད་ཐབས་སུ་བསྣམས་པ། སྐུ་ལ་ལྕགས་ཀྱི་ཚྭ་ཚྭ་འཕྲོ་བ། ཐུགས་དམ་བསྐུལ་བ་ཙམ་གྱི་མདུན་གྱི་མ་མོ་དང་རང་གི་སྐུ་ལ་ལྕགས་སྤྱང་དང་ཟངས་འཕར། མ་བདུད་དང་ལས་མཁན་སྤྲུལ་པ་དཔག་ཏུ་མེད་པ་རྣམས་མྱུར་བར་སོང་ནས་དགྲ་བོ་གསོན་བླ་གསོན་ཚེ་གར་ཡོད་པ་བཀུག་ནས་མདུན་གྱི་ལིངྒ་ལ་བསྟིམ་པར་བསམ། ༼ང༽ ན་མོ་གུ་རུ། རང་ཐོག་མར་ཡི་དམ་དུ་གསལ་བར་གཞལ་ཡས་ཁང་བཞོན་པ་དང་བཅས་བསྐྱེད་པའི་སྟེང་དུ་བྷྱོཿདམ་ཚིག་པ་བསྐྱེད་ནས་ཡེ་ཤེས་པ་སྤྱན་དྲངས་ནས། གཞུགས་སུ་གསོལ་བ། ཕྱག་འཚལ་མཆོད་རིམས། གཏོར་བསྔོས། བསྟོད་པ། སྔགས་ཕྲེང་དང་བཅས་པ་བསྐྱེད་པ་ནི་འདིའི་གནད་དམ་སྟེ། ལས་བྱང་བཞིན། ཕྱག་མཚན། རལ་གྲི། གྲི་གུག་དང་བེ་ཅོན་ནོ། །གོང་དུ་ཕྲིན་ལས་གཞུང་བསྲོང་གསུངས་པའི་གསལ་བྱེད་ཡིག་ཆུང་འདིར་མ་བྲིས་པའོ། ༈ །དགྲ་བོ་ལྷ་དང་དབྱེ་བའི་དམིགས་པ་ནི། དགྲ་བོའི་རྐང་པའི་འོག་ཏུ་ཡི་གེ་དུཿནག་པོ་གཅིག་གནས་པར་གྱུར། དེ་ལས་འོད་ནག་པོ་འཕྲོས་པས་ལུས་ཐམས་ཅད་གང་ནས། ཁོ་དུག་ལྔ་ཤིན་ཏུ་རྒྱས་པའི་ཚིག་པ་ཟོས་ནས་མ་བཟོད་པར་ཉེས་པ་སྣ་ཚོགས་པ་དུ་མ་བྱེད་པར་བསམ། དེ་ནས་བླ་མ་ཡི་དམ་མཁའ་འགྲོ་ཆ ོས་སྐྱོང་ལ་ཞུས་འབུལ་གྱི་ཚུལ་གྱིས་ཉེས་པ་བསྒྲགས་པས་ཁོའི་འགོ་བའི་ལྷ་ལྔ་ཁྲོས་ནས་གནོད་པ་བྱེད་ཅིང་། ལྷ་ཚོགས་རྣམས་ཀྱིས་རིམས་ཀྱིས་སོད་ཅིག་སྒྲོལ་ཅིག་ཅེས་ལུང་ཕོག་པས། ཁོའི་མགོན་སྐྱབས་བྱེད་པ་རྣམས་བདུད་དུ་གྱུར་ནས། ཆོས་སྐྱོང་དང་ཤན་པའི་ཚོགས་ཀྱིས་སྐད་ཅིག་ཐལ་བརྡུལ་བཞིན་དུ་བརླག་པར་བསམ། རྒྱས་པ་ལ་སྤྲོ་ན་སྲོག་གཟེར་ཡིག་ཆུང་དུ་བལྟའོ། ། ༼ཅ༽ ༈ རླུང་སྤྲོས་པའི་དམིགས་པ་ནི། གཟུང་ཐག་ལག་ནས་བཟུངས་ལ་འབོད་རྦད་གསོད་གསུམ་དྲིལ་བའི་སྔགས་ཉེར་གཅིག་བཟླས། གཟུང་ཐག་ཁོའི་སྲོག་རྩ་དམར་ནར་གྱིས་དྲང་བར་བསམས། རང་གི་སྣ་བུག་གཡས་ནས་རླུང་སྔོ་ནག་གཅིག་ཕར་སྤྲོས་པས་ཁོའི་སྣ་བུག་གཡོན་དུ་ཞུགས་ནས་ཁོའི་སྙིང་ཀར་མར་སོང་བ་དང་། རླུང་དེ་ཉིད་ལྷ་མོ་ནག་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། མཆེ་བ་བཞི་གཙིགས་པ། ཕྱག་གཡས་པས་གྲི་གུག་དང་། གཡོན་ཐོད་ཁྲག་བསྣམས་པ། བསྒྲུབ་བྱའི་རྣམ་པར་ཤེས་པ་མར་མེ་འབར་བ་ལྟར་དཀར་ད་ལ་ལ་བྱེད་པ་དེ། གཡོན་པའི་ཐོད་ཁྲག་གི་ནག་ཐུལ་གྱིས་བཏང་བར་བསམ། གཡས་པའི་གྲི་གུག་གི་རྩ་ཨ་བ་དྷུ་ཏིའི་ཞེས་བྱ་བའི་དངོས་སུ་སྒལ་ཚིག་གསེར་གྱི་དང་རྩེ་བརྩེགས་པ་འདྲ་བའི་དངོས་ནས། སྲོག་རྩ་ཞེས་བྱ་བའི་ཕྱི་དཀར་ལ་ནང་དམར་བ། གསེར་གྱི་རྡབས་ཤིང་བརྐྱང་པ་འདྲ་བའི་ནང་ན་ཀུན་གཞིའི་རྣམ་པར་ཤེས་པ་ཞའོ་མིག་ཅན། ལོང་བ་རྐང་བ་ཅན་ཞོན་པ། ཚོགས་དྲུག་ཀུན་ཏུ་རྒྱུག་པར་བྱེད་པ་གནས་པ་དེ་རྦད་ཀྱིས་བཅད་པར་བསམ། དེ་ནི་སེམས་ཀྱི་མར་མེ་བསད་པ་དང་། སྲོག་རྩ་དམར་པོ་རྒལ་ནས་གཅོད་པའི་ལས་སྦྱོར་ཡིན་ནོ། །ཡང་རང་གི་སྣ་བུག་གཡོན་པ་ནས་ཧཱུྃཿསྔོན་ནག་གཅིག་ཕར་འཕྲོས་པས་ཁོའི་སྣ་བུག་གཡས་སུ་ཞུགས་ནས་ཁོའི་སྙིང་ནང་དུ་ཧཱུྃཿའོད་ཟེར་ལྔ་འཕྲོས་པར་བསམ། འོད་ཟེར་དེའི་ཁོའི་རྒྱུད་ལ་ཡོད་པའི་བདུད་རྩི་དང་། སྨན་དང་སྔགས་ཀྱི་ནུས་པ་དང་། བཀྲག་དང་གཟི་དམངས་དང་སྲུང་སྐྱོབས་ཐམས་ཅད་བསྡུས་ནས་ཧཱུྃ་ལ་ཐིམ། སྔགས་ཕར་འཕྲོས་པས་རླུང་དེས་ཧཱུྃ་དེ་བཀྱག་ནས། ཚངས་པའི་བུ་གར་དྲངས་པ། བདག་གི་སྣ་བུག་གཡས་སུ་ཞུགས། ཐུགས་ཀའི་ཧཱུྃཿལ་ཐིམ་པས་བདག་བཀྲག་དང་གཟི་མདངས་ནུས་མཐུ་དང་ལྡན་པས་ཟླ་བ་ཡར་གྱི་ངོས་བཞིན་དུ་གྱུར། ཁོ་ལྕིམ་ལོ་ལ་བ་མོ་ཕོག་པ་ལྟར་བསམ། རྐྱལ་རྙིང་གཅུས་པ་ལྟར་ནག་རྙིད་རྙིད་སོང་བར་བསམ། རྒྱས་པ་ལ་སྤྲོ་ན། ཡིག་ཆུང་གི་ཞལ་གདམས་སུ་བལྟའོ། །དེ་ནི་སྲུང་མ་འཕྲོག་པ་བདུད་རྩི་དྲང་བའོ། ། ༼ཆ༽ ཕུར་ཐུན་གྱི་དམིགས་པ་ནི། ༀ་སྭ་བྷ༴ སྟོང་པའི་ངང་ལས་དྲག་པོའི་ཕུར་པ་སྟོད་དཔལ་ལྡན་ལྷ་མོ་ནག་མོ་ཞལ་གཅིག་ཕྱག་གཉིས་མ་རལ་གྲི་དང་ཐོད་ཁྲག་ཐོགས་པ་སྨད་མགར་བའི་སོལ་ལམ་ནས་བསྟན་པ་ལྟ་བུ་མེ་ཡི་ཚྭ་ཚྭ་འཕྲོ་བ་ཟུར་གསུམ་དུ་འཁོར་མ་མོ་གསུམ་གནས་པའི་རྒྱ་མདུད་གོང་མ་ལ་ༀ་དཀར་པོ། རྐེད་པར་ཨཱཿདམར་པོ། རྒྱ་མདུད་འོག་མ་ལ་ཧཱུྃཿནག་པོ། རྩེ་མོར་ཕཊཿདམར་ནག་གིས་མཚན་པ། རང་གིས་ཐུགས་ཀའི་ཧཱུྃ་གིས་འོད་ཟེར་གྱིས་རང་བཞིན་གྱིས་གནས་ནས་བསྐྱེད་པ་ལྟ་བུའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བྃ་ཧོ། གཉིས་སུ་མེད་པར་གྱུར། ལིངྒ་གསལ་བར་དམིགས་ལ། དགྲ་བགེགས་ཀྱི་སྤྱི་བོར་བཏབ་པའི་ༀ་དྲངས་པས་རང་གི་སྤྱི་བོའི་ༀ་ལ་ཐིམ་པས། རང་བཀྲག་དང་གཟི་མདངས་དང་ལྡན་པར་གྱུར། མགྲིན་པར་བཏབ་པའི་ཨཱཿདྲངས་པས་རང་གི་མགྲིན་པའི་ཨཱཿལ་ཐིམ་པས་རང་ཉིད་ནུས་པ་དང་ལྡན་པར་གྱུར། སྙིང་གར་བཏབ་པའི་ཧཱུྃ་ནྲི་དྲངས་པས་རང་གི་ཐུགས་ཀའི་ཧཱུྃ་ལ་ཐིམ་པས། རང་ཉིད་བློ་གྲོས་དང་ལྡན་པར་གྱུར། ཁམས་དང་སྐྱེ་མཆེད་ལ་བཏབ་པའི་བཀྲག་དང་གཟི་མདངས་ཐམས་ཅད་བསྡུས་ནས་རང་ལ་ཐིམ་པས་རང་ཉིད་མཐུ་སྟོབས་དང་ལྡན་པར་གྱུར། ཁོ་ནི་མེ་ཏོག་སད་ཀྱི་ཁྱེར་བ་ལྟར་གྱུར། ལྟེ་བར་བཏབ་པའི་རྩ་ཡི་འཁོར་ལོ་ཐམས་ཅད་བཅོམ། མགོ་བོར་བཏབ་པའི་གཟུགས་ཕུང་རྡུལ་དུ་བརླག །སྙིང་ཀར་བཏབ་པས་རྣམ་པར་ཤེས་པ་སྙིང་ཀར་ནག་གི་མཚམས་ནས་རཀྟ་བྱེའུའི་ཀླད་པ་ཙམ་ཞིག་ཡོད་པ་དེ་བཅོམ། སྲོག་རྩར་བཏབ་པས་ལུས་སྲོག་རྟེན་དང་བྲལ། བླ་གནས་སུ་བཏབ་པའི་བླ་གནས་ཀྱི་རྟེན་ཐམས་ཅད་བཅོམ་པར་བསམ། དེ་ལ་ཏིང་འཛིན་གསལ་བའི་ངང་ནས། ༀ་མ་ཧཱ་ཀ་ལི་རེ་མ་ཏི༴ ཞེས་པས་སྔགས་ཐུན་མང་དུ་བརྡེགས། སྔགས་པ་ནང་འགྲས་བྱུང་ན་སྐུ་གསུང་ཐུགས་ཀྱི་སྦྱོར་བ་བཤིགས་པའི་མན་ངག་གོ། ། ༼ཇ༽ དེ་ནས་དར་མ་གསུམ་དུ་བསད་པའི་ལྕགས་ལས་བྱས་པའི་རལ་གྲིའི་བརྟེན་ཅིང་། དགྲ་བོའི་སྙིང་གི་ནང་དུ་མ་མ་བྷྱོ་བྷྱོ་རལ་གྲིས་ཡུ་བ་ལ་བྷྱོས་མཚན་པ་གཅིག་གནས་པར་གྱུར། ༀ་མ་ཧཱ་ཀ་ལི་རེ་མ་ཏི༴ ཅེས་སྔགས་དྲུག་ཅུ་རྩ་གཅིག་བརྟེགས། མཚོན་ཐུན་གྱིས་དམིགས་གསལ་ནི། སྔགས་བཟླས་ཤིང་བསྐུལ་པ་བྱས་པ་ཙམ་གྱིས། དགྲ་བོའི་སྙིང་དཀར་ནག་གི་མཚམས་སུ་རལ་གྲི་གཡོན་དུ་འཁོར་བའི་ཤག་ཤག་གཤེགས་པར་བསམ། རང་ལྷ་མོར་གསལ་བའི་ཕྱག་གིས་རལ་གྲིས་བརྡེགས་པ་དང་། འཁོར་གྱིས་ལྷ་མོ་རྣམས་ཀྱི་བརྡེགས་པས་སྤྱི་གཙུག་ནས་རྐང་མཐིལ་གྱིས་བར་དུ་ཤག་ཤག་གཤགས་ནས་དུམ་བུར་གཏུབ་པར་བསམ་ལ་སྔགས་ཐུན་བརྡེག་གོ། ། ༼ཉ༽ དེ་ནས་དུག་ཐུན་སོགས་ཐུན་སྣ་ཚོགས་ཀྱི་དམིགས་པ་ནི། དགྲ་བོ་ལ་དུག་ཐུན་སྣ་ཚོགས་བརྡེགས་པའི་དུག་ཐུན་གྱིས་དུག་སྣ་ཚོགས་ཀྱིས་བཏབ་པར་གྱུར། ཁྲག་ཐུན་ཁྲག་ནད། ཕོ་ལོག་གླང་ཐབས་གག་ལྷོག །མཛེ། འབྲུམ་བུ། ཕོལ་མིག །ཚ་ནད་སྣ་ཚོགས་ཀྱིས་བཏབ་པར་གྱུར་པའི་དགྲ་བོ་མྱལ་མྱལ་སོང་བར་བསམ། རྡོ་ཐུན་དང་ཟངས་ཐུན་དང་ལྕགས་ཐུན་རྣམས་ནི་མ་མོ་དང་བདུད་མོ་ཤན་པའི་ཚོགས་སུ་གྱུར་ནས་གཅན་གཟན་གྱི་གོད་རོ་བཞིན་དུ་ལ་ལས་ཤ་ཟོས་ལ་ལས་ཁྲག་འཐུང་། ལ་ལས་རུས་པ་འཆོས་པར་བསམ། ༀ་མ་ཧཱ་ཀ་ལི་རེ་མ་ཏི༴ ཞེས་སྔགས་དྲུག་ཅུ་རྩ་གཅིག་གིས་བརྟེག ། ༼ཏ༽ བསྟབས་པའི་དམིགས་པ་ནི། དང་པོ་བྱིན་རླབས་པ་ལ། ༀ་ཨཱཿཧཱུྃཿ བྷནྡྷའི་སྣོད་ཡོངས་ཤིང་རྒྱ་ཆེ་བའི་ནང་དུ་དགྲ་བགེགས་བསྒྲལ་བའི་གཏི་མུག་ཤ་ཡི་རི་བོ། འདོད་ཆགས་ཁྲག་གི་རྒྱ་མཚོ་ཞེ་སྡང་རུས་པའི་ཕུང་པོ། འདོད་པའི་ཡོན་ཏན་ལྔ་དང་ལྡན་པ། ནམ་མཁའ་དང་མཉམ་པར་གྱུར། ༀ་ཨཱཿཧཱུྃ། ཞེས་པས་བརྗོད། རང་གི་མདུན་དུ་རྟེན་གཏོར་དེ་ཉིད་དཔལ་ལྡན་ལྷ་མོ་འཁོར་དང་བཅས་པ་རྣམས་རྔམས་པས་ཞལ་གདངས་ཤིང་མཆེ་བ་གཙིགས་པ། འཁོར་དྲག་བྱེད་བསམ་གྱིས་མི་ཁྱབ་པ་དང་བཅས་པ་རྣམས་ཀྱིས་དགྲ་བགེགས་ཀྱི་ཤ་ཁྲག་རུས་གསུམ་བསྟབས་པ། འཁོར་དང་བཅས་པ་རྣམས་ཀྱིས་གཅན་གཟན་གྱི་གོད་རོ་བརྟོད་པ་བཞིན་དུ་ཤ་རྣམས་ཟོས། ཁྲག་རྣམས་འཐུང་། རུས་པ་རྣམས་འཆོས་ནས་ཏིལ་འབྲུ་ཙམ་ཡང་མ་ལུས་པ་གསོལ་བར་བསམ། ༼ཐ༽ དེ་ནས་རྒྱུན་གཏོར་བྱིན་རླབས་དམིགས་པ་དང་བཅས་པས་ཞོར་ལ་གཏོར་མའི་ཞལ་གདམས་དང་། ཕྲན་ཚེག་གིས་ཞལ་གདམས་འགའ་བྲིས་ཏེ། བརྟེན་གཏོར་གྱི་རྒྱུ་ནི་ཤ་ལྔ་བདུད་རྩི་དང་བཅས་པ་ནལ་བུའི་ཤ་ཁྲག་སོགས་ཐོད་པའི་སྣོད་དུ་བཤམས་ལ། དར་ནག་གི་གུར་ཕུབ་ལ་དུས་བཞིའི་ཐུན་དྲུག་ཏུ་བྱིན་གྱིས་རླབས་ལ་ལས་བྱང་གི་སྐབས་སུ་འབུལ། བསྟབས་ཞེས་བརྗོད་ལ། དུམ་བུར་གཏུབ་སྟེ་གཏོར་ཆུང་དང་བཅས་པ་ལྷ་མོའི་ཞལ་དུ། དེ་ནས་ལྷ་མོ་འཁོར་དང་བཅས་པ་ལ་དགྲ་བགེགས་ཀྱི་རུ་པ་བསྟབས་པ་ནི། ༼ཏ༽ བྷྱོ། རི་རབ་རི་ཡི་རྩེ་མོ་ནས། །ཡོངས་འདུས་ཤིང་གིས་རྩ་བ་ནས། །མཚོ་མུ་ལེ་མཐིང་གི་ནང་ཤེད་ནས། །དཔལ་ལྡན་ཡེ་ཤེས་མགོན་པོ་དང་། །དཔལ་ལྡན་ལྷ་མོ་ནག་མོ་གཉིས། །འཁོར་དུ་བདུད་མོ་འབུམ་གྱི་བསྐོར། །ཀུན་ཀྱང་དགྲ་བོའི་ཤ་དང་ཁྲག་ལ་དགྱེས། །ཀུན་ཀྱང་དགྲ་བོའི་གསོད་དང་གཅོད་ལ་བརྩོན། །ཟ་བྱེད་གསོད་བྱེད་མ་བདུན་འཁོར་བཅས་རྣམས། །གངས་རི་ཙམ་གྱི་མཆེ་བ་གཙིགས། །གནམ་ས་ཙམ་གྱི་ཞལ་གདངས་ལ། །གློག་དམར་ཙམ་གྱི་ལྗགས་བརྐྱོང་ལ། །ཉི་ཟླ་ཙམ་གྱི་སྤྱན་བགྲོད་ལ། །སྟོང་གསུམ་ཙམ་གྱི་མྱིད་པ་རུ། །གནོད་བྱེད་བྱད་མ་དགྲ་བགེགས་ཞལ་དུ་བསྟབས། །བག་ཆགས་ཀུན་སྦྱངས་འཁོར་བའི་ལམ་བཀག་ཕྱིར། །ཟ་བྱེད་མི་འགྱུར་ཆོས་ཉིད་ཀློང་དུ་རོལ། །བཛྲ་ཡཀྴ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ། དགྲ་བགེགས་གཟུགས་ཀྱི་ཕུང་པོ་དང་། །ཚོགས་ཀྱི་ཞལ་ཟས་གཏོར་མ་འདི། །དཔལ་ལྡན་ལྷ་མོ་ནག་མོ་ཡིས། །ཞལ་དུ་བསྟབས་སོ་ཁ་རཾ་ཁ་ཧི། །བདུད་མོ་བ་ལམ་དྲེའུ་སྣ་མ། །སྲིང་གཅིག་ཁྲི་སྨན་ས་ལེ་མ། །ཁོལ་མོ་ཆུ་སྲིན་གདོང་པ་ཅན། །བསྟན་པའི་གཙོ་མོ་སྐྱིད་འཐིང་མ། །དུས་བཞིའི་རྒྱལ་མོ་ཆེན་མོ་བཞི། །ནང་གི་བློན་མོ་འཁོར་བཅས་ཀྱི། །ཞལ་དུ་བསྟབས་སོ་ཁཱ་རཾ་ཁཱ་ཧི། གཞན་ཡང་བདུད་མོ་བྱེ་བ་འབུམ། །ཤ་དང་ཁྲག་ལ་རྔམ་པ་ཡིས། །མ་མོའི་ཚོགས་ཀྱིས་ཞལ་དུ་བསྟོབ། །ཁུག་ཆོས་དབྱར་མོ་ལ་སོགས་པའི། །བརྟན་མ་བཅུ་གཉིས་འཁོར་བཅས་ཀྱིས། །ཞལ་དུ་བསྟབས་སོ་ཁཱ་རཾ་ཁཱ་ཧི། །གཞན་ཡང་ལས་ལ་སྐྱེས་པ་ཡིས། །གནོད་སྦྱིན་མོ་དང་ཤ་ཟ་མོ། །ཤ་ཁྲག་ཟས་སུ་ཟ་བ་ཡིས། །ཕོ་ཉ་མ་མོའི་ཚོགས་རྣམས་ཀྱིས། །ཞལ་དུ་བསྟབས་སོ་ཁཱ་རཾ་ཁཱ་ཧི། །མགུལ་དུ་སྦྲིང་ངོ་ཨ་ར་ལི། །དབྱིངས་སུ་བསྟིམ་མོ་ས་མ་ཡ། །ཐོག་ཐོག་ལྗིབ་ལྗིབ་ཧུབ་ཀྱིས་ཐོབ། །བསྟབས་པ་བདག་གི་མི་ནོར་ལ། །བཞེས་པ་ཁྱོད་ཀྱི་མ་ནོར་ཅིག །གསོལ་ལོ་རོལ་ཅིག་ཁ་རམ་ཁཱ་ཧི། །མ་ཧཱ་མཾ་ས་ལ་ཁཱ་ཧི། །མ་ཧཱ་རཀྟ་ལ་ཁཱ་ཧི། །མ་ཧཱ་ཙིཏྟ་ལ་ཁཱ་ཧི། །མ་ཧཱ་བ་སུ་ཏ་ལ་ཁཱ་ཧི། །མ་ཧཱ་ཀོ་རོ་ཙ་ན་ལ་ཁཱ་ཧི། །མ་ཧཱ་ཀིང་ནི་རི་ཏི་ལ་ཁཱ་ཧི། བཞེས་ཤིག་རོལ་ཅིག །དཔལ་ལྡན་ལྷ་མོ་འཁོར་བཅས་ཀྱི་སངས་རྒྱས་ཀྱི་བསྟན་པ་བསྲུངས་ཤིག །དཀོན་མཆོག་གི་དབུ་འཕང་བསྟོད་ཅིག །སྡང་བྱེད་ཀྱི་དགྲ་སོད་ཅིག །གནོད་བྱེད་ཀྱི་བགེགས་ཐུལ་ཅིག །བར་ཆད་ཀྱི་རྐྱེན་བཟློག་ཅིག །ཅེས་བརྗོད་ལ་གཟུགས་ཆ་གཉིས་སུ་བྱ་བའི་ཆ་གཅིག་ལིང་ཆུང་བཅས་པ་རྟེན་གཏོར་དུ་བསྟབས། གཅིག་རྒྱུན་གཏོར་དུ་བསྣན་ལ་བཞག །དེ་ནས་རྒྱུན་གཏོར་དགྲ་ཕྱོགས་སུ་འཕངས་ལ་བསྐུལ་བ་བྱ་བ་ནི། ༼ཐ༽ བྷྱོ། སྣང་སྲིད་མ་མོ་རབ་མདར་ལོགས། །ལྷ་སྲིད་སྡེ་བརྒྱད་རབ་མདར་ལོགས། །བདུད་མོ་འཁོར་ཚོགས་རབ་མདར་ལོགས། །བདག་གིས་མ་ལན་མ་ཉེས་སོ། །བྷྱོ། སྣང་སྲིད་མ་མོ་དམ་ལ་འདུས། །ལྷ་སྲིན་སྡེ་བརྒྱད་དམ་ལ་འདུས། །བདུད་མོ་འཁོར་ཚོགས་དམ་ལ་འདུས། །བདག་གིས་མ་ལན་མ་ཉེས་སོ། །བྷྱོ། སྣང་སྲིད་མ་མོ་དགྲ་ལ་ཆ་རེ་རན། །ལྷ་སྲིན་སྡེ་བརྒྱད་དགྲ་ལ་ཆ་རེ་རན། །བདུད་མོ་འཁོར་ཚོགས་དགྲ་ལ་ཆ་རེ་རན། །བདག་གིས་མ་ལན་མ་ཉེས་སོ། །བསྟན་པ་བཤིགས་པའི་དགྲ་བོ་ལ། །ནད་ཀྱི་བདག་མོས་ནད་སྣ་དྲོངས། །ཡམས་ཀྱི་བདག་མོས་ནད་སྣ་དྲོངས། །རིམས་ཀྱི་བདག་མོས་ནད་སྣ་དྲོངས། །ཁྲག་གིས་བདག་མོས་ནད་སྣ་དྲོངས། །ནད་ཀྱི་རྐྱལ་པ་དགྲ་ལ་ཕྱེ། །ཚོན་གྱི་གྲུ་གུ་དགྲ་ལ་རྐྱོང་། །ཐོག་དང་ཟོར་གྱི་སྣ་དྲོངས་ལ། །དགྲ་བོའི་ཡུལ་དུ་དམག་ལ་ཆོས། །དགྲ་བོའི་མི་མཁར་དམར་པོ་རྩེ་ནས་ཤིག །ས་མཁར་སྐྱ་བོ་རྨིང་ནས་ཤིག །མ་ལ་ལས་བཅོལ་མཐུ་མ་ཆུང་། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ༀ་མ་ཧཱ་ཀ་ལི་རེ་མ་ཏི་དགྲ་ལ་ཐུན་བྷྱོ་བྷྱོ། དཔལ་ལྡན་ལྷ་མོའི་དྲག་པོ་ལས་ཐུན་གྱི་ཆོ་ག་རྫོགས་སོ། །སངས་རྒྱས་བསྟན་པ་བསྲུང་བའི་མཚོན་ཆར་ཤོག །བསྟན་པའི་རྒྱལ་མཚན་རབ་ཏུ་བརྟན་གྱུར་ཅིག །བཟློག་སྔགས་བྱེད་ན་བྷྱོ་རྣམས་ཀྱི་ཤམ་དུ་བཟློག་གོ་ཞེས་པ་གདབས་ལ་བཟློག །དཔལ་ལྡན་ལྷ་མོའི་སྲོག་གི་གཟེར་ཆུང་གི་རྒྱུད་ནས་བཏུས་པའོ། །ལས་རིམ་ཐུན་གྱིས་ཞལ་གདམས་རྒྱུད་ལས་བྱུང་བ། སློབ་དཔོན་པདྨ་འབྱུང་གནས་ཀྱི་མཛད་པའོ། །གཞན་ལ་བཤད་ན་མཁའ་འགྲོའི་ཆད་པ་འབྱུང་བའི་ཤིན་ཏུ་དམ་པས་གསང་བར་བྱའོ། །ས་མ་ཡ། ན་ར་ཀན། བཀའ་རྒྱ། སྦས་རྒྱ། གསང་རྒྱ། ཨཐྎ། དགེ་ལེགས་འཕེལ།། །།


previousདཔལ་ལྡན་ལྷ་མོའི་དྲག་པོ་ཐུན་གྱི་ཡིག་ཆུང་ཐོག་མའི་དམིགས་པ།next