Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་སོ་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དམ་སྲི་ལྟེ་ཕུར་ནག་མོའི་མནན་པ།
   
   
   
   
   
   
   
   
   
   
   


 
previousདམ་སྲི་ལྟེ་ཕུར་ནག་མོའི་མནན་པ།next

དམ་སྲི་ལྟེ་ཕུར་ནག་མོའི་མནན་པ།

༈ བཛྲ་པ་ཎི་ལ་ན་མོ། དམ་སྲི་ལྟེ་ཕུར་ནག་མོའི་མནན་པ། དེ་ཡང་སྔོན་དང་པོ་ལྷ་མོ་ཆུ་སྲིན་གྱི་རྒྱལ་པོ་ཀུ་བེ་ར་གཉིས་སྦྱོར་བ་བྱས་པས་བུ་མོ་ལྟེ་ཕུར་ནག་མོ་བྱུང་སྟེ། དེ་མ་མནན་ན་བསྒྲུབ་པ་པོ་ལ་གནོད་པའི། མནན་ཐབས་ཤོག་བུ་ལ་བུད་མེད་ཀྱི་གཟུགས་བྲིས། རྐང་པ་བྱ་རྐང་འདྲ་བའི་བྲིས་པའི་སྙིང་གར། ཚེ་དང་ལོངས་སྤྱོད་ལ་བར་དུ་གཅོད་པའི་དམ་སྲི་ལྟེ་ཕུར་ནག་མོ་མ་ར་ཡཱ་ཛཿཛཿ བདུད་མོ་མ་རཱ་ཡ་ཛཿནནཿ བྱ་བ་བྲིས་མཐར་ཛའི་བསྐོར། དེ་ནས་མདུན་དུ་གྲུ་གསུམ་མཐོ་གང་བའི་ནང་དུ་བཞག །བདག་ཕྱག་ན་རྡོ་རྗེ་བསྒོམ་ལ། དེ་ནི་དམ་སྲི་ནག་མོ་གང་བྲིས་པ་ལྟར་དུ་བསྐྱེད་ལས་ཐུགས་ཀ་ནས་འོད་ཟེར་འཕྲོས་པའི་སྤྲུལ་པའི་ཚོགས་སྤྲོས་པས་བཀུག་ལ་བསྟིམ། ཕུར་པ་ཕྱག་ན་རྡོ་རྗེ་བསྐྱེད་ལ་བཏབ་ཤིང་གཟིར་བར་བསམ། དེ་ནས་རྟ་ནག་གི་རྙིད་པ་ལ་ཛ་བྲིས། ༀ་བཛྲ་ཙཎྜི་མ་ཧ་རོ་ཥ་ཎ་ཧཱུྃ་ཕཊཿ ཚེ་དང་ལོངས་སྤྱོད་དངོས་གྲུབ་ལ་བར་དུ་གཅོད་པར་བྱེད་པའམ། དམ་སྲི་ལྟེ་ཕུར་ནག་མོའི་སྲོག་ལ་མཱ་ར་ཡཱ་ཛཿ བདུད་མོ་མ་ར་ཡ་ནནཿ ཡི་དམ་སྔགས་གཤམ་དུ་བསྒྲུབ། གྲུ་གསུམ་བསྐྱེད་པ་ནི། ༀ་སྭཱ་བྷ་ཝ་སྦྱང་། སྟོང་པའི་ངང་ལས་མདུན་དུ་ཡི་གེ་ཁངཿནག་པོ་ཡོངས་སུ་གྱུར་པ་ལས། གནམ་ལྕགས་ཀྱི་ཁང་སྒྲོམ་ནག་པོ་ནང་གྲུ་གསུམ་དམར་ནག་ཏུ་འདུག་པ་ཁ་ཁྱེར་བང་རིམ་གསུམ་དང་ལྡན་པ་བང་རིམ་དང་པོ་ལ་བྱ་ཤན་མང་པོ་ལྡིང་བ། བར་མ་ལ་གཅན་གཟན་མང་པོ་རྒྱུག་པ། འོག་མ་ན་མི་རོ་དང་རྟ་རོ་མི་ཁྲག་དང་རྟ་ཁྲག་འཁྱིལ་བ། དེའི་དབུས་སུ་ཡི་གེ་ཏྲི་ཡོངས་སུ་གྱུར་པ་ལས་དམ་སྲི་བྱ་མཆུ་ཅན་མགོན་སྐྱབས་མེད་པ་སྔོ་བ་སྐྱ་བ་འདར་འཁྲི་ལི་ལི་བྱེད་པ། ཁ་ནས་སྨྲེ་སྔགས་དང་འོ་དོད་འབོད་པ། ཡན་ལག་བཞི་སྒྲོགས་སུ་བཅུག་པ་གཅིག་ཏུ་གྱུར། འགུག་གཞུག་ལན་གསུམ་གང་རུང་བྱ། ལུག་གཅིག་ལ་འགབ་འདྲེའི་སྔགས་ནི། ཡ་མ་དམ་སྲི་འགབ་འདྲེ་མ་ར་ཡ་ཛཿཛཿནནཿནནཿ དྲེའུ་ཡ་མ་ཤ་ཁུག་ནནཿ བསྔོ་རཀྨོ་ཀུ་རུ་ཀོ་ཏྲི་ཙཎྜ་དམ་སྲི་ཤ་ར་གནོད་བྱེད་འགབ་འདྲེ་དམ་སྲི་གནོད་པ་ཐམས་ཅད་མ་ར་ཡ་ནན། ཕྲེང་བསྐོར་གཅིག་བཟླ། རྡོ་ལེབ་ལ་རྡོ་རྗེ་རྒྱ་གྲམ་བྲིས་ལ་མནན། ཐུན་མཚམས་སུ་སྔར་བཞིན་བྱ། སྒྲུབ་པ་ཐོན་པ་དང་། མཆོད་རྟེན་རྙིང་པའི་འོག་གམ་ལམ་རྒྱ་གྲམ་དུ་མནན། དེ་ནས་དམ་སྲི་ལྡང་མི་ནུས་སོ། །མནན་པའི་དུས་སུ་འདི་སྐད་དོ། །ཧཱུྃཿ ཉོན་ཅིག་དམ་སྲི་ཕོ་མོ་ཉོན། །ང་ནི་དཔལ་ཆེན་གསང་བའི་བདག །ངའི་བཀའ་ལས་མ་འདའ་ཞིག །ངའི་བཀའ་ལ་མི་གནས་མེད། །དམ་སྲི་ཕོ་མོ་བྱ་བ་ཁྱོད། །གསང་སྔགས་དམ་ཚིག་ཉམས་པ་ཡིས། །དྲེག་པ་ཕོ་མོ་རྩིས་ཆོས་ཀྱི། །བདུད་མོ་ནག་མོ་གནོད་སྦྱིན་མོ། །ལས་ཀྱི་དབང་གི་སྐྱེས་པ་ཏེ། །དགྲ་བོའི་གྲ་ཚོགས་འདུས་པ་ལགས། །བསྒྲུབ་ལ་བར་དུ་གཅོད་པ་དང་། །རྣལ་འབྱོར་ཕོ་མོ་གསང་བ་དང་། ལུས་ངག་ཡིད་གསུམ་དབང་བསྡུད་བྱེད། །མྱུར་མགྱོགས་རྫུ་འཕྲུལ་གློག་གི་དབང་། །བྱ་ཡི་མགོ་ལ་མི་ཡི་ལུས། །རླུང་གི་རྐང་ལ་སྐར་ཆེན་མིག །སྤུ་གྲིས་སོ་ལ་མི་ཟིན་པ། །རྣལ་འབྱོར་རྣམས་ལ་གནོད་བྱེད་པ། སློབ་དཔོན་པདྨ་འབྱུང་གནས་ཀྱིས། །ཆད་དམ་བཀའ་ལས་མི་འདའ་བར། །བསྒྲུབ་མཆོག་རྣམས་ལ་བར་མ་གཅོད། །བདག་ལ་གནོད་པ་མ་བྱེད་ཅིག །དམ་རྫས་གཏོར་མ་འདི་ལོངས་ལ། །བསྒྲུབ་པའི་རྫས་ལ་འདིར་མ་རྔམས། །གསང་སྔགས་དམ་ཚིག་གཉེན་པོ་ཡིས། །ལས་རྣམས་བསྒྲུབ་ལས་མ་ཟིན་པར། །དབྱེའོ་དཀར་རོ་མཚམས་ཆོད་ཅིག །དཔག་ཚད་བརྒྱད་ཁྲིའི་རི་རབ་འོག །མནན་ན་མ་ལྡང་དམ་སྲི་རྣམས། །བསྐལ་པ་འདི་ལས་མན་ཆད་ནས། །ཡ་ཡམ་རྒྱལ་མོ་བྱ་བ་དང་། །མ་ཡམ་རྒྱལ་མོ་གྲུལ་ཆེན་ཡོད། །དམ་སྲི་ཕོ་མོ་དེར་སོང་ཞིག །དེ་འོག་དཔག་ཚད་བརྒྱད་ཁྲིའི་འོག །ལྕགས་མཁར་མུན་རིབ་ནང་ཤེད་ན། །གཤིན་རྗེའི་རྒྱལ་པོའི་ཆོས་བཤད་འདུག །དེའི་དྲུང་དུ་ཆོས་ཉོན་ཅིག །ཕྱི་མིག་ཡར་ལ་མ་ལྟ་ཞིག །རི་རབ་ཆེན་པོའི་འོག་ཏུ་ནོན། །རྒྱ་མཚོ་ཆེན་པོའི་གཏིང་དུ་འཕངས། །བསྐལ་པ་ཆེན་པོ་གྲངས་མེད་དུ། །སངས་རྒྱས་བསྟན་པ་མ་རྫོགས་པར། །སྟེང་གི་ཕྱོགས་སུ་མ་ལྡང་ཞིག །རྡོ་རྗེ་རྒྱ་གྲམ་ཧཱུྃ་བཅས་ཀྱི། །མནན་ནོ་དམ་སྲི་ཕོ་མོ་མནན། །བསྐལ་པའི་བར་དུ་མ་ལྡང་ཞིག །ཆོས་སྤྱོད་ཐམས་ཅད་ལ་བར་དུ་གདོན་ངན་ཕོ་མོ། རཱུ་ཏྲཱ་ཕོ་མོ། དམ་སྲི་ཕོ་མོ་རྙབ་པ་ལག་རིང་བཙན་ཡམ་ཤུད་དམར་པོ། ཐེའུ་རང་སྟོང་འཁྲུགས་དམ་སྲི་ལྟེ་ཕུར་ནག་མོ་མ་ར་ཡ་ནན། སྟྭཾ་བྷ་ཡ་ནན། མོ་ཧ་ཡ་ནན། ཧཱུྃ་ནན། ཁ་ཏཾ་མ་ར་ཡ་ནན། ཅེས་མནན་པའི་ལས་བྱས། དམར་གཏོར་གཅིག་རྒྱབ་རྡོ་རྗེ་རྒྱ་གྲམ་གྱིས་ཁ་གཅོད། རྒྱས་འདེབས་བྱ། ལས་ཀྱི་རྗེས་མི་མངོན་པ་བྱ། ཕྱིར་མི་ལྟ་བར་འོང་། རང་ཕྱག་ན་རྡོ་རྗེའི་གུར་ཁང་བསྐྱེད། དེ་ལྟར་བྱས་ན་དམ་སྲི་མི་ལྡོང་བར་འགྱུར་རོ། །འདིའི་རྒྱུད་པ་ནི། སློབ་དཔོན་བཻ་རོ་ཙ་ན། རྨ་དངོས་གྲུབ་དབེན་ཆུང་། བླ་མ་དྲག་པོ་ལོ་ཙཱ་བ་རྗེ་བཙུན་རིན་སྤུར་ལྡན། མ་ར་ཙ་ཤེས་རབ་རྡོ་རྗེ། ཡེ་ཤེས་རྡོ་རྗེ། རིན་ཆེན་འབུམ། རྗེ་བཙུན་རེ་དྷ་བ་ལ་རིམ་བཞིན་དུ་རྒྱུད་པའི་ཤིན་ཏུ་ཁོ་ན་ཡིན་པའི་གསང་རྒྱ། ཁ་ཐཾ། ས་མ་ཡ། རྒྱ་རྒྱ་རྒྱ། སརྦ་ཛ་ཡནྟུ།། །།


previousདམ་སྲི་ལྟེ་ཕུར་ནག་མོའི་མནན་པ།next