Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་སོ་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་ལྡན་ལྷ་མོ་ནག་མོ་མཆོད་པའི་ཆོ་ག་དགྲ་བགེགས་རྡུལ་བརླག རྡོ་རྗེ་རྒྱལ་མཚན།
   
   
   
   
   
   
   
   


 
previousདཔལ་ལྡན་ལྷ་མོ་ནག་མོ་མཆོད་པའི་ཆོ་ག་དགྲ་བགེགས་རྡུལ་བརླག རྡོ་རྗེ་རྒྱལ་མཚན།next

དཔལ་ལྡན་ལྷ་མོ་ནག་མོ་མཆོད་པའི་ཆོ་ག་དགྲ་བགེགས་རྡུལ་བརླག རྡོ་རྗེ་རྒྱལ་མཚན།

ཤཱི མཾ དཱེ བི བ ཥྞ པཱུ ཛ བི དྷི ཤ ཏྲུ དྷུ ལི པྲ སྟཾ། བི ཛ ཧ ར ཏི སྨ།
དཔལ་ལྡན་ལྷ་མོ་ནག་མོ་མཆོད་པའི་ཆོ་ག་དགྲ་བགེགས་རྡུལ་བརླག་བཞུགས་སོ། །
དཔལ་ཆེན་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །མཁའ་འགྲོ་མ་མཆོད་ན། ཡི་དམ་གྱི་བྱ་བ་བརྟེན་ནས། མདུན་དུ་ཡཾཿའོད་དུ་ཞུ་བ་ལས། རླུང་གི་དཀྱིལ་འཁོར་དབྱིབས་གྲུ་བཞི། རྒྱ་ཆེ་ལ་འཕངས་མཐོ་བ། ནང་སྟོང་པར་སྒོམ། དེའི་ནང་གི་དབུས་སུ་རཾཿའོད་དུ་ཞུ་བ་ལས། མེའི་དཀྱིལ་འཁོར་དབྱིབས་རླུང་དང་འདྲ་བ་སྟེ། དེའི་ནང་དུ་བྷྲཱུཾཿའོད་དུ་ཞུ་བ་ལས་ཐོད་པའི་གཞལ་ཡས་ཁང་དབྱིབས་གྲུ་བཞི་རྒྱ་ཆེ་ཆེ་ལ་འཕངས་མཐོ་བ། ཐོད་ཁང་གི་འོག་གཞི་དུར་ཁྲོད་ས་གཞིས་གང་བར་བསྒོམ། རང་ཉིད་ཡི་དམ་གྱི་ལྟེ་བ་ནས། ཡི་དམ་གྱི་ལྟེ་བ་ནས། ཡི་གེ་ཏིཿནག་པོ་ཅིག་འཕྲོས། ཐོད་ཁང་གི་ནང་དུ་ཕོག །འོད་དུ་ཞུ་བ་ལས། བོང་བུ་དམར་གྭ་བ། དབོ་དཀར་བ། རྣ་བ་གཉིས་ཀྲོག་ཆུང་བྱས་པ། ཞིང་ལྤགས་ཀྱི་སྟན་བསྟད་པ། སྒའི་སྔ་རུ་སྲིན་པོའི་ཡ་ཐོད་ལ་བྱས་པ། མན་མཁལ་ལ་ཕྱི་རུ་བྱས་པ། ལྤག་པས་སྒ་གཡོག་བྱས་པ། སོགས་པས་སྒ་ལོག་བྱས་པ། སྦྲུལ་ནག་གི་གོང་ཐག་དང་གློ་ནན་བྱས་པ། ཞིང་ཆུ་ངུ་གཉིས་ལ་སྨད་བྱས་པའི། སྐྲ་མདུད་སྨད་ཐུང་ལ་ཡར་བཏགས་པ། ལག་པ་གཉིས་འཕྱང་བ་སྨེད་བྱིལ་བྱས་པ་ལྟ་བུའོ། །རྒྱུ་མའི་མཐུར་སྲབ་བྱས་པ། མཇུག་མའི་རྩ་བ་གཡས་གཡོན་གཉིས་ན་མིག་གཉིས་ཡོད་པ། དེའི་སྒ་གོང་དུ་ཡི་གེ་རཾཿཅིག་འོད་དུ་ཞུ་བ་ལས་ཉི་མའི་དཀྱིལ་འཁོར་དུ་བསྒོམ། དེ་ནས་ཡི་དམ་གྱི་ཐུགས་ཀ་ནས་ཡི་གེ་མཿནག་མོ་ཅིག་སྤྲོས། བོང་བུའི་སྒ་གོང་དུ་ཉི་མའི་ཐོག་ཏུ་བབ། དེ་འོད་དུ་ཞུ་བ་ལས། རལ་གྲི་ཡུ་བ་མར་བསྟན་པ། རྩེ་མོ་ཡར་བསྟན་པ། གཞུང་ས་རང་ལ་བསྟན་པ། སོ་ཕུད་ཡུ་མཚམས་ན་ཉི་མའི་ཐོག་ཏུ་མཿནག་མོ་གཅིག་ཡོད་པར་བསྒོམ། དེ་ནས་རལ་གྲི་ལས་འོད་ཟེར་འཕྲོས་ཏེ། འཇིག་རྟེན་གྱི་མཁའ་འགྲོ་མ་ཐམས་ཅད་ལ་ཕོག །ཐམས་ཅད་ལྷ་མོ་ནག་མོ་ཉིད་དུ་གྱུར། ཀུན་ཚུལ་འདུས་རལ་གྲི་ལ་ཐིམ། རལ་གྲི་འོད་དུ་ཞུ་སྟེ། ༀ་རུ་རུ་རོ་རུ་ཏྲི་ཙ་པ་ལ་ཨ་ཤུགྨེ་མ་ཧཱུྃ་མ་བྷྱོ་ཛ་ཛཿ ཞེས་བརྗོད་པས། ལྷ་མོ་ནག་མོ་སྐུ་གྱུར་ཏེ། སྐུ་མདོག་ནག་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། མཆེ་བ་བཞི་གཙིགས་པ། ཕྱག་གཡས་རལ་གྲི་ནམ་མཁར་འཕྱར་བ། གཡོན་པས་ནེའུ་ལེའི་རྐྱལ་བུ་རིན་པོ་ཆེའི་བཀང་བ་སྟ་ཟུར་གཡོན་ན་བསྣམས་པ། བོང་བུ་ལ་ཕྱིར་ལོག་ཏུ་བཅིབས་པ། མིའི་ཐོད་པ་ཡོབ་ཆེན་ལ་བརྫིས་པ། དབུ་སྐྲ་ཁམ་ནག་གྱེན་དུ་ཐོར་ཙུག་མཐོ་བ། ཐུར་དུ་ཡང་པ་ལ་བཤལ་བ། རལ་པའི་སྐྲ་མཚམས་ནས་ཐོད་པ་སྐམ་པོ་བཅུ་དྲུག་གིས་ཕྲེང་བས་རྒྱན་པའོ། །སྤྱི་བོའི་གཙུག་ན་ཟླ་བ་ཚེས་བརྒྱད་པ་དང་། རལ་པའི་སྐྲ་མཚམས་ན་རྨ་བྱའི་མདངས་ཀྱིས་བརྒྱན་པ། སྙན་གཡས་པའི་སྟེང་ནས་གསེར་གྱི་འཁོར་ལོ་རྩིབས་བརྒྱད་པའི་ཐོག་ཏུ། སེང་གེ་དཀར་མོ་གཡུའི་རལ་པ་ཅན་གཅིག་གིས་སྣན་ཆ་བྱས་པ། གཡོན་པའི་སྙན་ཆ་སྦྲུལ་ནག་ལ་བྱས་པ། སྐུ་སྟོད་ལ་ཞིང་ལྤགས་ཀྱི་ན་བཟའ་གསོལ་བ་སྐུ་སྨད་ཀྱི་སྣམ་བུ་ལྟ་བུའི་གཡས་ཕྱོགས་སུ་སྨྱུག་མའི་རེ་ལྡེ་ལ་བྱས་པ། གཡོན་པ་གླང་པོ་ཆེའི་ཀོ་རློན་ལ་བྱས་པ། སྟག་ལྤགས་ཀྱིས་ཤམ་ཐབས་ལ་སྦྲུལ་ནག་གིས་སྐེ་རག་བཅིངས་པ། ཐོད་རློན་ཕྲེང་བ་སེ་རལ་ཁར་ཐོགས་པ། ལྟེ་བར་ཉི་མ་ཤར་བའོ། །བོང་བུའི་ཁ་ངུར་ཞབས་སུ་སྐེམ་མ་ཆུ་སྲིན་མགོ་ཅན། སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་ཀྱི་བོང་བུའི་ཁ་ཁྲིད་བྱས་པ། གཡོན་ན་སྦྲུལ་ཞགས་བསྣམས་པ། ཞིང་ལྤགས་ཀྱི་ཤམ་ཐབས་ཅན། སྦྲུལ་ནག་གི་སེ་ར་ཁར་ཐོག་པའོ། །དེ་ནས་འཁོར་མ་མོ་བདུན་དང་། མ་གསུམ་དང་། སྲིང་མོ་བཞི་དང་། སེང་སྟག་འབྲུག་སྤྱང་བཞི་དང་། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་དང་འཁོར་མ་མོ་སྟོང་ཡོད་པ་ཙམ་མོས་པར་བྱའོ། །ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་སྤྱི་བོར་ཟླ་བའི་སྟེང་དུ་ༀ་དཀར་པོ་མགྲིན་པར་པདྨའི་སྟེང་དུ་ཨཱཿདམར་པོ། ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་མཐིང་ནག་གོ། །དེ་ནས་ཡེ་ཤེས་པ་སྤྱན་འདྲེན་པ་ནི། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཏེ། རི་རབ་བྱང་ཤར་མཚམས་ནས་ལྷ་མོ་འདིར་བསྐྱེད་པ་འདྲ་བ་གཙོ་འཁོར་གཞལ་ཡས་དང་བཅས་པ་བྱོན་པར་བསམ་ལ། ཀྱེ་མ་ཅིག་ལྷ་མོ་དཔལ་ལྷ་མོ། །དད་པ་དང་ནི་དམ་ཚིག་གིས། །མ་ཅིག་ལྷ་མོ་སྤྱན་འདྲེན་ནོ། །བྱང་ཤར་མཚམས་ནས་གཤེགས་སུ་གསོལ། །མ་ཅིག་ལྷ་མོ་དཔལ་ལྷ་མོ། །མ་འཚུབས་མའི་སྟེང་དུ་འཁྱིལ་པའི་དབུས་ན་བཞུགས། །བསྐལ་པའི་མེ་དཔུང་འབར་བ་དང་། །རླུང་ནག་ལྟ་བུའི་སུམ་མ་ནི། །སྐུ་ཡི་གནས་ཏེ་རྒྱན་གྱིས་མཆོག །དྲག་ཤུལ་ཁྱབ་འགྲོ་གློག་གི་བང་། །བསམ་པ་ཙམ་གྱི་གནས་སུ་ཕྱིན། །མ་དེ་ཡི་ཚུལ་དུ་གཤེགས་སུ་གསོལ། །ༀ་རུ་རུ་རོ་རུ་ཏྲི་ཙ་པ་ལ་ཨ་ཤུགྨེ་མ་ཧཱུྃ་མ་བྷྱོ་ཛ་ཛཿ ཛཿཧཱུྃ་བཾ་ཧོ། ཞེས་གཙོ་འཁོར་སོ་སོར་བསྟིམས། དེ་ནས་ཕྱག་འཚལ་བ་ནི། བྷྱོ། ནག་མོ་ཁྲག་འཐུང་རྡོ་རྗེ་རལ་པ་ཅན། །དབང་ཆེན་རྡོ་རྗེ་ཐོག་དང་སེར་ཆེན་འབེབས། །ཁམས་གསུམ་སྒྲོལ་མཛད་སྲིད་གསུམ་རྩད་ནས་གཅོད། །རལ་པ་བསིགས་པས་ཁམས་གསུམ་ཀུན་ཏུ་ཁེབ། །མཆེ་བ་གཙིགས་པས་དགྲ་བགེགས་ཞལ་དུ་འདྲེན། །མ་ལུས་དབང་དུ་བསྡུད་ལ་ཕྱག་འཚལ་བསྟོད། །མཆོད་པ་འབུལ་བ་ནི། གཏོར་མ་བྱིན་གྱིས་བརླབས་པ་གསལ་གདབ་ནི། ཀྱེ། མ་ཅིག་ལྷ་མོ་དཔལ་ལྷ་མོ། །མ་ཁྱེད་ལ་གཟུགས་ཀྱི་མཆོད་པ་འབུལ་བ་ནི། །ལྷ་མོའི་གཟུགས་དང་ཀླུ་མོའི་གཟུགས། །བཟང་བའི་གཟུགས་དང་བརྗིད་པའི་གཟུགས། །ཁ་དོག་སྣ་ཚོགས་མཛེས་པའི་གཟུགས། །ཅིར་ཡང་གྱུར་པའི་གཟུགས་ལ་སོགས། །མ་ཅིག་སྤྱན་ལ་ཐིམ་གྱུར་ཅིག །ཐུགས་མཆོག་དམ་པ་མཉེས་གྱུར་ཅིག །དངོས་གྲུབ་དམ་པ་རྩལ་དུ་གསོལ། །མ་ཅིག་ལྷ་མོ་དཔལ་ལྷ་མོ། །མ་ཁྱེད་ལ་ཕྱི་ཡི་མཆོད་པ་འབུལ་བ་ནི། །མེ་ཏོག་ཆུ་སྐྱེས་ཐང་སྐྱེས་རྣམ་པ་སྣ་ཚོགས་དང་། །བཟང་ཞིང་འབྲས་བུ་ཕུན་སུམ་ཚོགས། །མ་ཅིག་སྐུ་ལ་ཐིམ་གྱུར་ཅིག །ཐུགས་མཆོག་དམ་པ་མཉེས་གྱུར་ཅིག །དངོས་གྲུབ་དམ་པ་སྩལ་དུ་གསོལ། །མ་ཅིག་ལྷ་མོ་དཔལ་ལྷ་མོ། །མ་ཁྱེད་ལ་སྒྲ་ཡི་མཆོད་པ་འབུལ་བ་ནི། །པི་ཝཾ་གླིང་བུ་མཁར་བའི་རྔ། །རྫ་རྔ་ཅང་ཏིལ་གཎྜེ་དུང་། །ཆ་ལང་སིལ་སྙན་ལ་སོགས་ཏེ། །རིལ་བུ་རྔ་གཤང་རྣམ་པ་སྣ་ཚོགས་དང་། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །མ་ཅིག་སྙན་ལ་ཐིམ་གྱུར་ཅིག །ཐུགས་མཆོག་དམ་པ་མཉེས་གྱུར་ཅིག །དངོས་གྲུབ་དམ་པ་སྩལ་དུ་གསོལ། །ཀྱེ། མ་ཅིག་ལྷ་མོ་དཔལ་ལྷ་མོ། །མ་ཁྱེད་ལ་དྲི་ཡི་མཆོད་པ་འབུལ་ནི། །ཨ་ཀ་རུ་དང་དུ་རུ་ཀ །ཤ་ཀ་ར་དང་ལྔ་སྦྱར་བས། །ཙནྡ་དཀར་དམར་དྲི་ཞིམ་སྤོས། །མ་ཅིག་ཤངས་ལ་ཐིམ་གྱུར་ཅིག །ཐུགས་མཆོག་དམ་པ་མཉེས་གྱུར་ཅིག །དངོས་གྲུབ་དམ་པ་སྩལ་དུ་གསོལ། །ཅེས་ཕྱིའི་མཆོད་པ་རྣམས་ཀྱི་མཆོད་ནང་གི་མཆོད་པ་གཏོར་མ་བདུད་རྩི་རྒྱ་མཚོ་ཆེན་པོ། ཤ་རུས་ཁྲག་གསུམ་དང་བཅས་པ་རྣམས་ལྷ་མོ་འཁོར་དང་བཅས་པ་རྣམས་གསོལ་བར་བསམ་ཞིང་། ཀྱེ། མ་ཅིག་ལྷ་མོ་དཔལ་ལྷ་མོ། །རྡོ་རྗེ་ལྷ་མོ་ནག་མོ་ཆེ། །མ་ཅིག་ཐུགས་དམ་ཞལ་ཟས་སྣོད། །པཱ་ལ་བྷནྡ་བཅུད་ཡངས་པའི། །འཁོར་ཡུག་གཏོག་པའི་འཇིག་རྟེན་འདི། །བདུད་རྩིའི་རང་བཞིན་ཡིན་པའི་ཕྱིར། །རྫོང་དང་དཀག་བཟློག་ནག་པོ་ཆེ། །གསོལ་ལོ་རོལ་ཅིག་དགྱེས་པར་མཛོད། །མ་ཅིག་ལྷ་མོ་དཔལ་ལྷ་མོ། །མ་ཅིག་ཐུགས་དམ་ཞལ་ཟས་ནི། །བསད་པའི་ཤ་དང་མྱོས་པའི་ཆང་། །བསྲེག་པའི་གསུར་དང་རློན་པའི་ཤ། །བཙོས་པའི་ཤ་དང་ཁུ་བ་ཁྲག །ནང་རོལ་གློ་སྙིང་མཁལ་མར་བཅས། །གསོལ་ལོ་རོལ་ཅིག་དགྱེས་པར་མཛོད། །མ་ཅིག་ལྷ་མོ་དཔལ་ལྷ་མོ། །མ་ཁྱེད་ལ་ཡིད་བཞིན་མཆོད་པ་འབུལ་བ་ནི། །འབྲས་བུ་ལྔ་ཡི་ཚོམ་བུ་བདུད་རྩི་དང་། །ཀོ་རོ་ཙ་ན་དང་ནི་སྤྲིན་ཆེན་ཐལ་ཆེན་དང་། །མ་ཧཱ་མཾ་ས་རཀྟ་ཙིཏྟ་བ་སུ་ཏ། །མ་ཅིག་ཞལ་དུ་ཐིམ་གྱུར་ཅིག །ཐུགས་མཆོག་དམ་པ་མཉེས་གྱུར་ཅིག །དངོས་གྲུབ་དམ་པ་རྩལ་དུ་གསོལ། །གསོལ་ལོ་རོལ་ཅིག་དགོངས་ཤིག་ས་མ་ཡཱ། །རུ་རུ་རོ་རུ་བེ་ཏིཥྛ་བ་དྷཱ་པི་ཙ་པ་ལ་ཨ་ཤུག་མེ་ཧཱུྃ་བྷྱོ་ཁ་རཾ་ཁ་ཧི། འབྱུང་པོའི་ཕུང་པོ་ལ་ཁ་རཾ་ཁ་ཧི། དགྲ་བགེགས་འདི་ཡི་དབང་པོ་རྣམས་ལྔ་ལ་ཁ་རཾ་ཁ་ཧི། ར་རྒྱ་རཾ་པ་ལ་ཁ་ཧི། ཤིག་ཤིག་རྟོག་སྤྱོད་ཤིག །དེ་ནས་སྨན་གྱིས་མཆོད་དོ། །ཧོ། རང་བྱུང་གདོད་ནས་དག་པ་ཡི། །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུ་ལྔས་སེམས་ཅན་ཀུན་སྒྲོལ་བའི། །དུག་ལྔ་སེལ་བའི་བདུད་རྩི་འདི། །ཇི་སྙེད་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའི་ཚོགས་ཆེན་དང་། །ཁྲོ་བོའི་རྒྱལ་པོ་མཐའ་ཡས་དང་། །མ་མོ་མཁའ་འགྲོ་ཚོགས་ཆེན་དང་། །ལྷ་དང་ལྷ་མོ་གསང་བའི་བདག །ཐུགས་དམ་དབྱིངས་ནས་བསྐུལ་བའི་མཆོག །འདི་ནི་སྔོན་གྱི་དམ་ཚིག་གོ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ངང་ཉིད་ལ། །བདག་གི་དད་པས་འབུལ་ལགས་ནས། །བཞེས་ཏེ་ཀུན་ཏུ་དགྱེས་མཛོད་ལ། །ཕུལ་བའི་དངོས་གྲུབ་བདག་ལ་རྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒྷཾ་པྲ་ཏིཙྪ་ཧོ། རྡོ་རྗེ་ནག་མོ་མཆེ་བ་གཙིགས་པའི་ཞལ། །དུས་གསུམ་སངས་རྒྱས་ཀུན་དང་སྤྱོད་ཡུལ་གཅིག་པའི་ཡུམ། ། ཁམས་གསུམ་ལོག་པར་ལྟ་བ་ཐམས་ཅད་དབྱིངས་སུ་སྒྲོལ། །སྲིད་གསུམ་ཟ་བར་བྱེད་པའི་ཡུམ་རྣམས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེ་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། བྷྱོ། དབྱིངས་ཕྱུག་དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །འགྲོ་བ་ཐུགས་རྗེས་སྐྱོང་ཕྱིར་ཡུམ་གྱི་ཚུལ། །མཚན་མའི་སྐྱོན་སྤངས་སྐུ་མདོག་ནག་མོར་སྟོན། །དྲག་ཤུལ་སྤྱོད་ཕྱིར་གཅེར་བུ་སྲིན་མོའི་ཚུལ། །ལྷ་ཆེན་འདུལ་ཕྱིར་སྡང་མིག་རོལ་པ་བསིགས། །སྐྱེ་ཤི་རྩད་གཅོད་ཟ་བྱེད་མཆེ་བ་གཙིགས། །འཁོར་བ་ལྗགས་ལ་ལྡག་ཕྱིར་རྐན་སྒྲ་ལྡེག །དུག་ལྔ་སེལ་ཕྱིར་རྨ་བྱའི་མདངས་ཀྱི་བརྒྱན། །བྱང་ཆུབ་སེམས་ལྡན་སྤྱི་གཙུག་ཟླ་རྒྱས་གསལ། །དམ་ཚིག་བྱ་ར་མཛད་ཕྱིར་སྤྱན་རྩ་དམར། །ལྷ་མིན་གཡུལ་ངོ་བཟློག་ཕྱིར་མདུང་དང་རུ་མཚོན་བསྣམས། །སྲིད་གསུམ་བསྒྲལ་ཕྱིར་ཤེས་རབ་རལ་གྲི་བསྣམས། །དགྲ་བགེགས་འདུལ་ཕྱིར་ནད་ཀྱི་རྐྱལ་པ་ཐོག །དབུལ་བ་སེལ་ཕྱིར་ནེའུ་ལེ་རྐྱལ་བུ་བསྣམས། །འཆི་བདག་བཟློག་ཕྱིར་སྙན་གཡས་སེང་གེས་བརྒྱན། །གདུག་པ་འདུལ་ཕྱིར་ཀླུ་དབང་སྙན་ཆས་བརྒྱན། །འབྱུང་པོ་སྔངས་ཕྱིར་ཐོད་པའི་ཕྲེང་བས་བརྒྱན། །རྣལ་འབྱོར་སྐྱོང་ཕྱིར་དྲིལ་ཆེན་སྒྲ་སྙན་སྒྲོགས། །ཀླུ་ཆེན་འདུལ་ཕྱིར་སྦྲུལ་གྱི་སྐེ་རཀ་བཅིངས། །བདུད་དཔུང་དཔའ་སྐུམ་ཞིང་ལྤགས་གོས་སུ་གྱོན། །ཐེག་ཆེན་དོན་ལྡན་གླང་ཆེན་ཀོ་རློན་གསོལ། །དཔའ་གཏུམ་བསྟན་ཕྱིར་སྟག་གི་ཤམ་ཐབས་མཛད། །སྨོན་ལམ་མི་འདོར་སྐུ་སྨད་རེ་ལྡེས་སྐྲིས། །མཛེས་པར་བྱ་ཕྱིར་རྐང་སྒྲོགས་ལྕགས་ལས་བྱས། །ཉོན་མོངས་མཚོ་སྐམ་ལྟེ་བ་ཉི་མས་བརྒྱན། །སྲིན་པོ་འདུལ་ཕྱིར་ཆིབས་སུ་བོང་བུ་བཅིབས། །སྟོང་གསུམ་བགྲོད་ཕྱིར་འཚུབས་མའི་ཀློང་ན་བཞུགས། །དུར་ཁྲོད་གནས་ཕྱིར་གཡོག་འཁོར་མང་པོས་བསྐོར། །འཁོར་བ་འཇིགས་ཚེ་སེམས་ཅན་སྡུག་བསྔལ་རྣམས། །ལྷ་མོ་ཁྱེད་ཀྱི་ཞལ་དུ་ཐམས་ཅད་ཞུགས་གྱུར་ཏེ། །བརྩེ་ལྡན་ཐུགས་རྗེས་འགྲོ་ཀུན་བསྐྱངས་ནས་ཀྱང་། །བྱང་ཆུབ་སྤྱོད་པའི་ཐར་ལམ་སྟོན་མཛད་པ། །ལྷ་མོ་མཐུ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །དེ་ནས་ཕྲིན་ལས་བཅོལ་ཚིག་ནི། ༀ་ཨཱཿཧཱུྃ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་མཆོད་ཅིང་འབུལ་བའི་གནས་ནི། དཔལ་ལྡན་ལྷ་མོ་ནག་མོ། སྐུ་ཡི་མ་མོ། གསུང་གི་མ་མོ། ཐུགས་ཀྱི་མ་མོ། ཡོན་ཏན་གྱི་མ་མོ། ཕྲིན་ལས་ཀྱི་མ་མོ། འཁོར་མ་སྲིང་རྒྱ་མཚོའི་ཚོགས་དང་བཅས་པ་ལ། དམ་རྫས་བཀའི་གཏོར་མ་རྒྱན་གྱི་མཆོད་པ་འདི་བཞེས་ལ། སྡང་བར་བྱེད་པའི་དགྲ་ཐུལ་ཅིག །གནོད་པར་བྱེད་པའི་བགེགས་ཆོམ་གཅིག །བར་ཆད་ཀྱི་རྐྱེན་བཟློག་ཅིག །བསྒྲལ་བའི་ཞིང་བཅུ་རྡུལ་དུ་རློག་ཅིག །བདག་ཅག་རྣལ་འབྱོར་པའི་བསམཔ་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། མ་བྷྱོཿཛཿལས་བྱུང་བ་མ་མོའི་ཚོགས། །གཅན་སྤྱང་བོང་དྲིལ་འབྱུང་བ་བཞི་ལ་བཅིབས། །དཔལ་ལྡན་ལྷ་མོ་རི་ཏི་མཆེད་བཞི་སོགས། །འཁོར་བཅས་མ་མོའི་ཚོགས་ལ་ཕྱག་འཚལ་བསྟོད། །བཟླས་པ་བྱ་བ་ནི། ཐུགས་ཀར་ཡེ་ཤེས་སེམས་དཔའ་ལྷ་མོ་གོའུ་རི་མ་སྔོན་མོ་གཡས་ཞིང་དབྱུག་གཡོན་ཐོད་ཁྲག་བསྣམས་པ། དེའི་ཐུགས་ཀར་ཟླ་བ་དང་རལ་གྲིའི་སོ་ཡུ་མཚམས་ནས་མ་ནག་མོ་གཅིག་བསྒོམ་པ་ཡི་གེ་བཅོ་ལྔ་པས་སྐོར་བའོ། །དེའི་མཐར་བསྐོར་དུ། ༀ་རུ་རུ་རོ་རུ་ཏྲི་ཙ་པ་ལ་ཨ་ཤུག་མེ་མ་ཧཱུྃ་མ་བྷྱོ་ཛ་ཛཿ ཞེས་སོགས། བཟླས་པའི་འཕྲོ་འདུ་གཞུང་བཞིན་བྱའོ། །ཚར་ནས་ཡེ་ཤེས་སེམས་དཔའ་གཤེགས་མི་དགོས། འཁོར་རྣམས་སྙེམ་མ་བཅས་པ་མ་མོའི་ཐུགས་ཀར་བསྡུས། བོང་བུ་མ་མོ་ལ་ཐིམ། མ་མོ་བདག་གི་ཐུགས་ཀར་ཐིམ། གཞལ་ཡས་ཁང་མེ་དཔུང་གི་དམིགས་པ་གཤེགས། སྨོན་ལམ་བསྐུལ་བ་དང་བདག་སྐབས་དང་སྦྱར། བླ་མ་ཀཿཐོག་པའི་ཕྱག་ལེན་ལྟར། བཀའ་ལུང་ཤཱཀྱའི་དགེ་སློང་རྡོ་རྗེ་རྒྱལ་མཚན་གྱིས་སྒྲོ་བསྐུར་དང་བྲལ་བར་བྲིས་པ་རྫོགས་སོ། །


previousདཔལ་ལྡན་ལྷ་མོ་ནག་མོ་མཆོད་པའི་ཆོ་ག་དགྲ་བགེགས་རྡུལ་བརླག རྡོ་རྗེ་རྒྱལ་མཚན།next