Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་སོ་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མ་ཅིག་རང་བྱུང་རྒྱལ་མོའི་མཆོད་གསོལ་འབྲིང་པོ་ངོ་མཚར་འདོད་འཇོའི་རོལ་མཚོ།
   
   
   
   
   
   


 
previousམ་ཅིག་རང་བྱུང་རྒྱལ་མོའི་མཆོད་གསོལ་འབྲིང་པོ་ངོ་མཚར་འདོད་འཇོའི་རོལ་མཚོ།next

མ་ཅིག་རང་བྱུང་རྒྱལ་མོའི་མཆོད་གསོལ་འབྲིང་པོ་ངོ་མཚར་འདོད་འཇོའི་རོལ་མཚོ།

མ་ཅིག་རང་བྱུང་རྒྱལ་མོའི་མཆོད་གསོལ་འབྲིང་པོ་ངོ་མཚར་འདོད་འཇོའི་རོལ་མཚོ་བཞུགས། དཔལ་ལྡན་ཁྲག་འཐུང་བདག་མེད་མཁའ་འགྲོའི་གར། །བདུད་བཞིའི་རོ་ལ་རྣམ་བསྒྱུར་བླ་མ་དང་། །གཉིས་མེད་སྲུང་མ་མཆོག་དེར་གུས་བཏུད་ནས། །ཡུམ་ཆེན་མཆོད་པའི་ཆོ་ག་རྣམ་པར་དབྱེ། །འདི་ལ་གསུམ། སྦྱོར། དངོས། རྗེས་སོ། །དང་པོ། རྟེན་གཏོར་སྙིང་གཟུགས་དང་། འབུལ་གཏོར། སྨན་རག་ཕྱི་ནང་གི་མཆོད་པས་གཡོན་དུ་བསྐོར་བའི་མདུན་སྟེགས་དང་། རང་གི་མདུན་ན་རྡོར་དྲིལ། ཌཱ་མཱ་རུ། ཁྱད་པར་གྱི་གཡབ་དར། རྔ་རོལ། རྐང་གི་གླིང་བུ་སོགས་ཚོགས་པར་བྱས་ལ། བདག་གི་རྣལ་འབྱོར་བཟླས་པ་བསྡུ་ལྡང་གི་བྱ་བ་བཅས་མཐར་ཕྱིན་པར་བྱས་ཏེ། ཧཱུྃ་བིགྷྣཱན་ཀྲྀ་ཏཱ་ཕཊ྄། རྃ་ཡྃ་ཁྃ་གིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་དུར་ཁྲོད་རོལ་པའི་གཞལ་མེད་ཆེན་པོར་བྷྲཱུྃ་ༀ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་ཕྱི་ནང་གསང་བའི་མཆོད་རྫས། ངོ་བོ་སྟོང་ཉིད་ལ་རྣམ་པ་བདེ་སྟོང་གི་ཡེ་ཤེས་མཆོད་པའི་སྤྲིན་རབ་འབྱམས་སུ་འཆར་བར་གྱུར། ༀ་སརྦ་བིདྤུ་ར་སོགས་དང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་དང་། ༀ་བཛྲ་ཨརྒྷཾ་ནས་ཤཔྟའི་བར་དང་། ༀ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཨཱཿཧཱུྃ། ༀ་མ་ཧཱ་རཀྟ་ཨཱཿཧཱུྃ། ༀ་མ་ཧཱ་བ་ལིནྟ་ཨཱཿཧཱུྃ། བཛྲ་སྥ་ར་ཎ་ཁཾ། གཉིས་པ་ལ། རྟེན་བསྐྱེད། སྤྱན་དྲངས། དབང་བསྐུར། མཆོད་བསྟོད་བྱ་བའོ། །དང་པོ་ནི། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད། དེ་ཡི་ཆེད་དུ་དཔལ་ལྡན་ལྷ་མོ་ནག་མོ་བསྒོམ་པར་བྱའོ། །ༀ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་མདུན་དུ་ཡྃ་འོད་དུ་ཞུ་བ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ། དབྱིབས་གྲུ་བཞི་རྒྱ་ཆེ་ལ་འཕང་མཐོ་བ་ནང་སྟོང་པར་བསྒོམ། དེ་ཡི་ནང་གི་དབུས་སུ་རྃ་འོད་དུ་ཞུ་བ་ལས་མེ་ཡི་དཀྱིལ་འཁོར་དམར་པོ་དབྱིབས་རླུང་དང་འདྲ་བ་སྟེ། དེ་ཡི་སྟེང་དུ་བྷྲཱུྃ་འོད་དུ་ཞུ་བ་ལས་ཆུ་སྲིན་བྱེ་བ་ས་ཡའི་ཐོད་པའི་རྩིག་རྨང་། དྲེགས་པའི་ཐོད་དགུའི་རྩིག་པ། ཐོད་པའི་གཞལ་ཡས་ཁང་དབྱིབས་གྲུ་བཞི་འཕང་མཐོ་ལ་རྒྱ་ཆེ་བ་བསེ་སྨུག་པོའི་སྒོ་བཞི་རྟ་བབས་འདོད་སྣམ་གཡུ་འོད་སྔོན་པོ་འབར་བའི་མདའ་ཡབ་ཀྱི་ལོགས་དང་བཅས་པ། ཞིང་ཆེན་ཚལ་པ་དང་གསོན་པོ་གཅལ་དུ་བཀྲམ་པའི་གདན། དོན་སྣོད་དབང་པོའི་རྒྱན་གྱིས་ཉེ་བར་སྤྲས་ཤིང་གྲུ་གསུམ་ཟླ་གམ་ཁྲག་མཚོ་ཐོད་རྭ་གྲུ་ཆད་ཁྲག་ཁྱམ་དང་བཅས་པའི་ལྷ་གནས་སུ་རོ་ཡི་གདན་བསྒྱེལ་བ། རུས་པའི་སྐུ་མཁར་ལྕོགས་ཆུང་གི་གློ་འབུར་འོག་གནམ་ལྕགས་ཨུརྨོའི་གཟེར་གྱིས་བཏབ་པའི་དུར་ཁྲོད་ཆེན་པོའི་ས་གཞི། མི་རོ་དང་རྟ་རོ་གཅལ་དུ་བཀྲམ་པ། མི་ཁྲག་དང་རྟ་ཁྲག་གི་འདམ་བསྒྱེལ་བ། དགྲ་བགེགས་ཀྱི་སྙིང་ཁྲག་ཞག་ཏུ་འཁྲུགས་པའི་རྒྱ་མཚོ། མེ་རླུང་འུར་འུར་འཐབ་པའི་གནམ་ལྕགས་འབར་བའི་རི་བོ་འཇིགས་སུ་རུང་བ་དང་བཅས་པར་གསལ་བར་གྱུར། ཐོད་ཁང་དེ་ཡི་ནང་དབུས་སུ་རང་ཉིད་ཡི་དམ་གྱི་ལྟེ་བ་ནས་ཡི་གེ་ཏི་ནག་པོ་གཅིག་སྤྲོས་འོད་དུ་ཞུ་བ་ལས་སྤྲུལ་པའི་བོང་བུ་དམར་གྭ་དབོ་དཀར་བ། རྣ་བ་གཉིས་དཀྲོག་ཆུང་བྱེད་ཅིང་རླུང་ནག་འཚུབས་མའི་དབུས་སུ་རྒྱུག་པ། རླུང་གི་གཤོག་པ་གཡེངས་ཤིང་། རྫུ་འཕྲུལ་མྱུར་མགྱོགས་ཀྱི་རྩལ་ཅན། །ཞིང་ལྤགས་ཀྱི་སྟན་བཏོད་ཅིང་། སྒ་ཡི་སྔ་རུ་སྲིན་པོའི་ཡན་འགལ་དང་རིན་པོ་ཆེ་འབར་བས་མཚན་ཅིང་། སྲིན་མོའི་མན་འགལ་གཉེར་མའི་ལྤགས་པ་སྐམ་རིད་ཁྲོལ་མ་ལས་ཕྱི་རུ་བྱས་པ། ལྤགས་པའི་སྒ་གཡོག་དང་སྦྲུལ་ནག་གི་གོང་ཐག་དང་གློ་ནན། ཞིང་ཆུང་ངུ་གཉིས་ཀྱི་སྨེད་བྱིལ་སྐྲ་མདུད་སྨེད་ཐུང་ལ་ཡར་བཏགས་པའི་ལག་པ་གཉིས་འཕྱང་བ། གཡུ་མཐུར་སྔོན་པོ། བྱི་རུ་དང་རྒྱུ་མའི་ཐུར་སྲབ་མི་མགོ་སྐམ་པོ་སྟོང་པའི་དོམ་དོམ་གཡེར་ཁའི་དྲྭ་བས་རྒྱན་པ། རུས་སྦལ་ནག་པོའི་ཕོག་གུ་བཏབ་ཅིང་། སྔ་ཤད་ལ་ཁྲམ་བམ་དང་། ཚོན་གྱི་གྲུ་གུ་འདོགས་པ། ཕྱི་ཤད་ལ་བྱང་དམར་བམ་པོ་དང་། ནད་ཀྱི་རྐྱལ་པ་བཀལ་པ། མཇུག་མའི་གཡས་གཡོན་ཡེ་ཤེས་ཀྱི་མིག་གཉིས་ལྷག་པོར་བལྟ་བའི་སྒ་གོང་དུ་རྃ་ལས་ཉི་མའི་དཀྱིལ་འཁོར་དུ་བསྒོམ། དེ་ནས་རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་ཡི་གེ་མཿནག་པོ་གཅིག་སྤྲོས། བོང་བུའི་སྒ་གོང་ཉི་མའི་ཐོག་ཏུ་བབ། མཿའོད་དུ་ཞུ་བ་ལས་རལ་གྲི་ཡུ་བ་མར་བསྟན་པ། རྩེ་མོ་ཡར་བསྟན་པ། གཞུང་པ་རང་ལ་བསྟན་པ། སོ་ཡུའི་མཚམས་སུ་ཉི་མའི་ཐོག་ཏུ་མཿནག་མོས་མཚན་པར་བསྒོམ། དེ་ནས་རལ་གྲི་ལས་འོད་ཟེར་འཕྲོས། འཇིག་རྟེན་གྱི་མཁའ་འགྲོ་མ་ཐམས་ཅད་ལ་ཕོག །ཐམས་ཅད་ལྷ་མོ་ནག་མོ་ཉིད་དུ་གྱུར། ཀུན་ཚུར་འདུས་རལ་གྲི་ལ་ཐིམ། །རལ་གྲི་འོད་དུ་ཞུ་སྟེ། ༀ་རུ་རུ་རོ་ཙ་པ་ལ་ཨ་ཤུགྨེ་ཧཱུྃ་བྷྱོ་ཛ་ཛཿ དཔལ་ཡེ་ཤེས་ཀྱི་ལྷ་མོ་ནག་མོའི་སྐུར་གྱུར་ཏེ། སྐུ་མདོག་ནག་མོ་ནག་པོའི་སྤྲིན་དང་བུང་བ་ལྟར་གནག་པ། ཤིན་ཏུ་སྒེག་ཅིང་གཏུམ་རྔམ་བཟོད་པར་དཀའ་བའི་གཟི་བྱིན་ཅན་ཞལ་གཅིག་ཕྱག་གཉིས། སྤྱན་གསུམ་དམར་པོ་ཁམས་གསུམ་དུ་བཟློག་ཅིང་གཟིགས་པ། མི་རོ་རེང་པོ་ཞལ་དུ་བཅུག་ནས་རྣོ་གདུག་གི་མཆེ་བ་བཞི་གཙིག་པ། ཕྱག་གཡས་སྡིག་པ་ཅན་གྱི་ཁྲོ་ཆུའི་རལ་གྲི་སྙན་གཡས་ཀྱི་ཐད་ནམ་མཁའི་ལ་འཕྱར་བ། གཡོན་པས་བདུད་ཁྲག་གིས་བཀང་བའི་ཐོད་པ་ཞལ་དུ་སྟོབ་པའི་ཚུལ་གྱིས་ཐུགས་ཀར་བསྣམས་ཤིང་། མཆན་གྱི་སྟྭ་ཟུར་གཡོན་ན་ནེའུ་ལེའི་རྐྱལ་པ་རིན་པོ་ཆེས་བཀང་བ་འཛིན་པ། བོང་བུ་ལ་ཕྱིར་ལོག་ཏུ་བཅིབ་ཅིང་། མི་ཡི་ཐོད་པའི་ཡོབ་ཆེན་ལ་བརྫིས་པ། དབུ་སྐྲ་ཁམས་ནག་གྱེན་དུ་ཐོར་ཚུགས་སུ་མཐོ་བ་ཀླུ་རྗེའུ་རིགས་ཀྱིས་བཅིངས་ཤིང་། ཐུར་དུ་ཡང་ས་ལ་བཤལ་བའི་གསེབ་ནས་མེ་སྟག་འཕྲོ་བ། རལ་པའི་སྐྲ་མཚམས་ནས་ཚུར་ཐོད་པ་སྐམ་པོ་བཅུ་དྲུག་གི་ཕྲེང་བའི་རྩ་ཆིངས་དང་། རིན་པོ་ཆེའི་རྩེ་བྲན་ཅན་གྱི་ཐོད་སྐམ་ལྔས་དབུ་བརྒྱན་པ། སྤྱི་བོར་ཟླ་བ་ཚེས་བརྒྱད་པ་དང་། རྨ་བྱའི་མདོངས་ཀྱིས་བརྒྱན་ཅིང་། སྙན་ཆ་གཡས་ན་གསེར་གྱི་འཁོར་ལོ་རྩིབ་བརྒྱད་པའི་ཐོག་ཏུ་དུང་གི་སེང་གེ་དཀར་མོ་གཡུ་ཡི་རལ་པ་ཅན་འཕྱོ་ཞིང་གཡོན་ན་སྦྲུལ་ནག་གི་མགུལ་པ་ལས་གསེར་གྱི་དྲིལ་བུ་བསིལ་པ། ལྷ་མ་ཡིན་ཧེ་རན་ཀེ་ཤུ་ལ་སོགས་པའི་ཐོད་པའི་དོ་ཤལ་སེ་རལ་ཁར་ཐོགས་པ་དང་། སྐུ་སྟོད་ལ་ཞིང་ལྤགས་ཀྱི་ན་བཟའ་གསོལ་བ། སྐུ་སྨད་ཀྱི་རྣམ་བུ་གཡས་ཕྱོགས་སུ་སྨུག་མའི་རེ་ལྡེ་དང་། གཡོན་པས་གླང་པོ་ཆེའི་ཀོ་རློན་ལས་བྱས་པ། སྟག་ལྤགས་ཀྱི་ཤམ་ཐབས་ལ་སྦྲུལ་ནག་གི་སྐུ་རགས་བཅིངས་པ། ལྟེ་བར་ཉི་མ་འཆར་ཞིང་། རུས་པའི་རྒྱན་ཆ་ལྔས་མཛེས་པ། ཀླུ་ཆེན་བརྒྱད་གཤིབ་པའི་སྐ་རགས། སྐུ་ལ་ཁྲག་གི་ཐིག་ལེ། ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུ་བཏབ་པ། ཞབས་ལ་དབང་གི་ལྕགས་སྒྲོག་བཅིངས་ཤིང་ཡེ་ཤེས་ཀྱི་མེ་རླུང་འཚུབས་མའི་དབུས་ན་འགྱིང་བའོ། །བོང་བུའི་ཁ་ངུར་ཞབས་སུ་སྐེམས་མ་ཆུ་སྲིན་གྱི་མགོ་ཅན་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས། གཡས་ཀྱིས་བོང་བུ་ཁ་ཁྲིད་ཅིང་གཡོན་ན་སྦྲུལ་ཞག་གི་ཞགས་པ་བསྣམས་པ། ཞིང་ལྤགས་ཀྱི་ཤམ་ཐབས་ཅན། སྦྲུལ་ནག་གི་སེ་རལ་ཁར་ཐོགས་པ། གྲུ་གསུམ་ཟླ་གམ་ངོས་ན། གཙོ་མོའི་མདུན་ན་གསུམ་རེ། གཡས་གཡོན་ན་གཉིས་རེ་བཅས་པའི་མ་བདུན་ནི། ཀུན་གྲགས་ཀུན་བཟང་ཀུན་གསལ་མོ། །ཡེ་ཤེས་མཆོག་དང་འོད་ཆགས་མ། །གསལ་འཕྲོ་རྡོ་རྗེ་གཡུ་སྒྲོན་བཅས། །ནག་མོ་གྲི་ཐོད་གར་གྱིས་རོལ། །ཟུར་གསུམ་མ་གསུམ་ཛ་ཛི་ཛུ། །ལྕགས་ཀྱུ་ཐོད་ཁྲག་ལྡག་ཅིང་རྔམ། །དེ་ཡི་ཕྱི་རོལ་གྲུ་ཆད་ལ། །དཀར་སྔོ་དམར་སེར་སྲིང་མོ་བཞི། །སེང་སྟག་འབྲུག་སྤྱང་གདོང་མོ་བཞི། །བ་དན་ཐོད་ཁྲག་འཐུང་ཞིང་གཏུམ། །ཁྲག་ཁྱམ་ཤར་ལྷོ་ནུབ་བྱང་ན། །ཞི་རྒྱས་དབང་དྲག་ལས་མཛད་པའི། །བདུན་བདུན་དབང་ཕྱུག་ཉེར་བརྒྱད་སྨུག །རྡོ་རྗེ་དུང་དམར་ཐོགས་པ་བརྗིད། །དེ་ཐམས་ཅད་ཀྱང་ཞིང་གི་གདན་ལ་མེ་རི་གོས་སུ་གྱོན་ཅིང་རླུང་འཚུབས་ཆིབས་སུ་བཅིབ་པ། རལ་པ་ནག་པོ་ཐུར་དུ་གཏིབ་ཅིང་། ཁྲོ་གཏུམ་མི་བཟད་པས། བསྟན་དགྲ་དམ་ཉམས་པ་གང་ན་འདུག་ཀྱང་ཡམ་དང་སྨྱོ་འབོག་ནད་སྤྲིན་ཆར་དུ་འབེབས་ཤིང་། མཆེ་རྩེ་དགྲ་སྟྭ་ལྟར་གཟས་པ། དུར་ཁྲོད་ཆས་ཀྱིས་བརྒྱན་ཅིང་། སྒྲུབ་པ་པོའི་རེ་བ་ཡོངས་སུ་སྐོང་བར་བྱེད་པའི་བདག་ཉིད་ཅན་ནོ། །དེ་ཡི་ཕྱི་རོལ་དུ་བྷྱོཿཡིག་ལས་སྐྱེས་པའི་འཁོར་མ་མོ་སྟོང་དང་། བདུད་མོ་བྱེ་བ་འབུམ་སྡེའི་ཚོགས་རྣམས་ཏེ། ཤ་ཟ། ནམ་གྲུ། སྲིན་མོ། གནོད་སྦྱིན་མོ། རི་རབ་དང་། རྒྱ་མཚོའི་གཏིང་དང་། བར་སྣང་ལ་གནས་པ་རྣམས་དང་། དམོད་པའི་མཚོན་ཆ་ཅན་དང་། ཡེ་ཤེས་ལས་དང་། དུར་ཁྲོད་ཀྱི་མ་མོ་མཁའ་འགྲོ། སྤྲུལ་པ་ཡང་སྤྲུལ་བྱེ་བ་འབུམ་སྡེ་དང་བཅས་པ། གཟུགས་དང་ལག་ཆ་སོགས་གཅིག་ཏུ་མ་ངེས་པ། ཀུན་ཀྱང་ཕྲིན་ལས་རྣམ་བཞིའི་རོལ་པ་འདོད་དགུར་བསྒྱུར་བས། ས་དང་ནམ་མཁའ་བར་སྣང་གི་ཁྱོན་ཡོངས་སུ་གང་བའི་སྤྲིན་ཆེན་པོ་འཕྲོ་བ་གཅིག་ཏུ་གྱུར། ལྷ་མོའི་སྤྱི་བོར་ཟླ་བའི་སྟེང་དུ་ༀ་དཀར་པོ། མགྲིན་པར་པདྨའི་སྟེང་དུ་ཨཱཿདམར་པོ། ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་མཐིང་ནག། འཁོར་གྱི་མ་མོ་རྣམས་ཀྱི་ཐུགས་ཀར་བྷྱོཿམཐིང་ནག་རེས་མཚན་པར་གྱུར། གཉིས་པ་ནི། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་བྱང་ཤར་མཚམས་དཔག་བསམ་ཤིང་གི་དྲུང་། མུ་ལེ་མཐིང་གི་མཚོ་ནས། དཔལ་ལྷ་མོ་ནག་མོ་ཡེ་ཤེས་པ་འདིར་བསྐྱེད་པ་དང་འདྲ་བ་གཙོ་འཁོར་གཟལ་ཡས་ཁང་དང་བཅས་པ་སྐད་ཅིག་གིས་སྤྲིན་གྱིས་ཕུང་པོ་གཏིབ་པ་ལྟར་བྱོན་ནས་དམ་ཚིག་པ་ལ་ཐིམ་པར་གྱུར། རྡོ་རྗེ་ག་གོ་ནའི་རྒྱ་བཅས། ༀ་ཤྲཱི་མ་ཧཱ་ཀཱ་ལི་བཛྲ་ས་མ་ཡ་ཛཿཛཿ རྔ་རོལ་དབྱངས་སྙན་གྱིས་འགྱུར་བ་སྦྱར་ཏེ། ཀྱཻ། མ་ཅིག་ལྷ་མོ་དཔལ་ལྷ་མོ། །དད་པ་དང་ནི་དམ་ཚིག་གིས། །མ་ཅིག་ལྷ་མོ་སྤྱན་འདྲེན་ནོ། །བྱང་ཤར་མཚམས་ནས་གཤེགས་སུ་གསོལ། །རྐང་པས་དམན་པའི་ཤོ་ལོ་ཀ་གསུམ་མ་མོ་བྱང་ཆུབ་སེམས་རྒྱུད་ལས་ཏེ། འཇིག་བྱེད་ཆེན་མོ་གཤེགས་སུ་གསོལ། །སྤྱོད་པ་རླབས་ཆེན་གཤེགས་སུ་གསོལ། །ཤུགས་དྲག་མཐུ་ཆེན་གཤེགས་སུ་གསོལ། །ཁྱབ་འགྲོ་རྩལ་ཆེན་གཤེགས་སུ་གསོལ། །དགྲ་བགེགས་འདུལ་བྱེད་གཤེགས་སུ་གསོལ། །ཡོན་ཏན་འཆི་བཟློག་གཤེགས་སུ་གསོལ། །ཁྲག་འཐུང་ཆེན་མོ་གཤེགས་སུ་གསོལ། །འཇིག་རྟེན་འཁྲུག་ཆེན་གཤེགས་སུ་གསོལ། །བདུད་ཀྱི་ཡུམ་གཅིག་གཤེགས་སུ་གསོལ། །གཤིན་རྗེའི་ལྕམ་གཅིག་གཤེགས་སུ་གསོལ། །འདོད་ཁམས་དབང་ཕྱུག་གཤེགས་སུ་གསོལ། །མཿ འཚུབས་མ་སྟོང་དུ་འཁྱིལ་བའི་དབུས་ན་བཞུགས། །བསྐལ་པའི་མེ་དཔུང་འབར་བ་དང་། །རླུང་དམར་ལྟ་བུའི་འཚུབས་མ་ནི། །སྐུ་ཡི་གནས་ཏེ་རྒྱན་གྱི་མཆོག །དྲག་ཤུལ་ཁྱབ་འགྲོ་གློག་གི་བང་། །བསམ་པ་ཙམ་གྱིས་གནས་སུ་བྱོན། །མ་དེ་ཡི་ཚུལ་དུ་གཤེགས་སུ་གསོལ། །བྷྱོཿ ལྷ་ཡི་ནང་ནས་ཨུ་མའི་སྲས། །བཅོམ་ལྡན་འོད་སྲུང་བསྟན་པ་ལ། །ཤཱཀྱ་སེང་གེ་མགོན་དེ་ཡི། །བསྟན་པ་སྲུང་བར་སྨོན་ལམ་བཏབ། །དེ་ཉིད་དུས་སུ་སྨིན་པ་ཡི། །དཔལ་ལྡན་ལྷ་མོ་མཐུ་ཆེན་གཙོ། །ཆོས་སྐྱོང་རྒྱལ་མོ་གཤེགས་སུ་གསོལ། །བྷྱོཿ དཔལ་ལྡན་མ་ཆེན་དབྱིངས་ན་རྟག་བཞུགས་ཀྱང་། །སྐུ་གསུང་ཐུགས་ཀྱི་རྣམ་འཕྲུལ་བསམ་མི་ཁྱབ། །སྣ་ཚོགས་འཇིགས་པའི་གཟུགས་སུ་བསྟན་མཛད་མ། །སྲིད་གསུམ་དབང་མོ་འཁོར་བཅས་གཤེགས་སུ་གསོལ། །སྐྱེ་འགགས་གནས་གསུམ་བྲལ་ལས་མ་གཡོས་ཀྱང་། །སྐུ་མཆོག་རི་རབ་ཆེ་དང་འཁྲིལ་མཛད་ཅིང་། །ཉི་ཟླ་ལྟེ་བའི་ཐད་ནས་སྤྲུལ་མཛད་མ། །སྲིད་གསུམ་བྷ་གར་བསྡུད་མཛད་གཤེགས་སུ་གསོལ། །དཔལ་ལྡན་ལྷ་མོ་འགྲོ་ཀུན་བྱམས་པ་མོ། །སེམས་ཅན་ཀུན་ལ་བྱམས་པ་མ་དང་འདྲ། །མི་བསླུ་དམ་ཚིག་རྗེས་སུ་དགོངས་མཛོད་ལ། །བདག་ལ་བརྩེར་དགོངས་གནས་འདི་ཉིད་དུ་བྱོན། །བྷྱོཿ སྔོན་ཚེ་བྱང་ཆུབ་ཤིང་དྲུང་དུ། །ཐུབ་པ་ཆེན་པོའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་ལྟར། །སངས་རྒྱས་བསྟན་པ་སྲུང་བ་དང་། །འགྲོ་ཀུན་བདེ་ལ་འགོད་པའི་ཕྱིར། །དཔལ་ལྡན་ལྷ་མོ་གཤེགས་སུ་གསོལ། །མ་རུ་རྩེ་ཡི་སྒོ་འགྲམ་དུ། །ཇི་ལྟར་ཁས་བླངས་དམ་བཅས་པའི། །ཁས་བླངས་དམ་ནས་བློས་བསྐུལ་གྱིས། །དམ་ཚིག་བཞིན་ལས་གཤེགས་སུ་གསོལ། །གསང་སྔགས་སྲུང་མ་དམ་ཚིག་ཅན། །འཁོར་བཅས་གཤེགས་ཤིང་བཞུགས་སུ་གསོལ། །ཨེ་ཧྱ་ཧི། ༀ་རུ་རུ་རོ་ཙ་པ་ལ་ཨ་ཤུགྨེ་ཧཱུྃ་བྷྱོ་ཛཿཛཿ ཛཿཧཱུྃ་བྃ་ཧོཿ ཨ་གཙྪ་ཡ་ཨ་གཙྪ་ཡ་ཧཱུྃ་ཛ། བཞུགས་སུ་གསོལ་བ་ནི། བྷྱོཿ རླུང་སྤྲིན་ཤུགས་འཆང་མགྲིན་བཟང་དམར་གྭའི་གདན། །དུར་ཁྲོད་རོ་དབུས་མཁའ་འགྲོ་མས་བསྐོར་ཏེ། རྒྱུ་བའི་ལྷ་མོ་གཏུམ་རྔམས་ང་རོ་ཅན། །དཔལ་ལྡན་མཐུ་ཆེན་འཁོར་བཅས་བཞུགས་སུ་གསོལ། །པདྨ་ཀ་མ་ལ་ཡེ་སྟམ༔ གསུམ་པ་ནི། ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བཛྲ་ས་མ་ཛཿས་སྤྱན་དྲངས། འདི་ལ་མངོན་པར་དབང་བསྐུར་དུ་གསོལ། །ཞེས་གསོལ་བ་བཏབ་པས་ཐུགས་ཀ་ནས་རིགས་ཀྱི་ཡུམ་བཞི་བུམ་པ་ཐོགས་པ་སྤྲོས། ༀ་སརྦ་ཏ་ཐ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུངས་ཤིང་ཁྲུས་བྱས་པས། དྲི་མ་ཐམས་ཅད་ཆུ་ཡི་རྒྱུན་གྱིས་སྐུ་ལུས་དཀར་ལྷག་གེར་གྱུར། དབང་རྟགས་སུ་རལ་པའི་རྩ་བ་ཐོད་པ་བཅུ་དྲུག་གི་མདུན་ནས་བརྩམས། ཀོའུ་རི་མ་ལ་སོགས་ཏེ་གནས་ཡུལ་གྱི་མ་མོ་བཅུ་དྲུག་གིས་དབུ་བརྒྱན་པར་གྱུར། སྤྱི་བོར་པད་ཟླ་ཉི་མའི་གདན་ལ་བླ་མ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་མཉམ་པར་སྦྱོར་བའི་སྦྱོར་མཚམས་ནས་བྱང་སེམས་ཡེ་ཤེས་ཀྱི་བདུད་རྩིས་མ་མོའི་ལུས་ཐམས་ཅད་གང་། དྲི་མ་ཐམས་ཅད་དག །མཐུ་སྟོབས་ནུས་པའི་གཟི་བྱིན་མཆོག་ཏུ་འབར། རང་གི་དམ་ཚིག་ཉམས་ཆག་ཐམས་ཅད་དག །གྲིབ་ཐམས་ཅད་སོལ། རྡོ་རྗེ་སེམས་དཔའ་མ་མོ་ལ་ཐིམ་པས། མཐུ་སྟོབས་ནུས་པ་མཆོག་ཏུ་འབར་བར་གྱུར། ཡི་གེ་བརྒྱ་པ་ལན་བདུན་བཟླ། འདི་ནི་དམ་ཚིག་བདུད་རྩིའི་ཆུ། །བསྲེ་བའི་མཆོག་སྟེ་སྲོག་གི་སྙིང་། །དམ་ཚིག་རྣམས་ལས་འདའ་མ་བྱེད། །སྙིང་དང་སྙིང་གི་བུར་བྱའོ། །མ་ཧཱ་པཉྩ་ས་མ་ཡ་ཨ་མྲྀ་ཏ་ཧཱུྃ། དམ་ཚིག་གི་རྒྱ་བཅས། བྷྱོཿ གདོད་མའི་མགོན་པོ་ཤཱཀ་ཐུབ་གསང་བའི་བདག །དྷ་ན་སང་ཀྲི་སློབ་དཔོན་པདྨ་སོགས། །རབ་འབྱམས་རྩ་བརྒྱུད་བླ་མའི་དམ་མནོས་བཞིན། །རྣལ་འབྱོར་བདག་ལ་མ་སྲིང་བུ་ལྟར་སྐྱོབས། །ༀ་ཤྲཱི་མ་ཧཱ་ཀཱ་ལི་དེ་ཝི་བཛྲ་ས་མ་ཡ་རཀྵནྟུ། ཞར་བྱུང་མངའ་གསོལ་ཡང་། བྷྱོཿ བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཁ་དོག་ཡི་གེ་མཚན་མའི་དཔེ་བྲལ་ཡང་། །བསམ་གྱིས་མི་ཁྱབ་ཉམས་བརྒྱར་ཤར་བའི་གཟུགས། །མཐུ་ཆེན་དྲག་ཤུལ་དཔལ་ལྡན་མ་མོ་ནི། །རྩ་བརྒྱུད་བླ་མའི་ངོ་བོར་མངའ་གསོལ་ལོ། །ཡི་དམ་དཀྱིལ་འཁོར་མཆོག་ཏུ་མངའ་གསོལ་ལོ། །མ་མོ་མཐུ་ཆེན་མཁའ་འགྲོར་མངའ་གསོལ་ལོ། །བསྟན་སྲུང་ཀུན་གྱི་གཙོ་བོར་མངའ་གསོལ་ལོ། །སྐལ་ལྡན་སྐྱོངས་མ་ཆེན་མོར་མངའ་གསོལ་ལོ། །རིག་འཛིན་སྲུང་མ་མཆོག་ཏུ་མངའ་གསོལ་ལོ། །མནའ་ཟན་རྣམས་ཀྱི་གཤེད་པོར་མངའ་གསོལ་ལོ། །དུས་གསུམ་ནད་ཀྱི་སྨན་པར་མངའ་གསོལ་ལོ། །དམ་ཉམས་ཞིང་བཅུའི་གཤེད་དུ་མངའ་གསོལ་ལོ། །ས་ལམ་བར་ཆད་སེལ་མཛད་མངའ་གསོལ་ལོ། །ཉམས་པའི་སྙིང་ཁྲག་འཐུང་བར་མངའ་གསོལ་ལོ། །ཆོས་འཁོར་སྐྱོངས་བའི་སྲུང་མར་མངའ་གསོལ་ལོ། །རྣལ་འབྱོར་བདག་གི་མགོན་དུ་མངལ་གསོལ་ལོ། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་མཛོད། །བཞི་པ་ལ་དྲུག །ཕྱག་འཚལ་བ། ཕྱི་མཆོད། ནང་མཆོད། གསང་མཆོད། ཐུན་མིན། བཤགས་པ་དང་། བསྟོད་པ་དབུལ་བའོ། །དང་པོ་ནི། བྷྱོཿ ནག་མོ་ཁྲག་འཐུང་རྡོ་རྗེ་རལ་པ་ཅན། །དབང་ཆེན་རྡོ་རྗེ་ཐོག་དང་སེར་ཆེན་འབེབ། །ཁམས་གསུམ་སྒྲལ་མཛད་སྲིད་གསུམ་རྩད་ནས་གཅོད། །རལ་པ་བསིགས་པས་སྟོང་གསུམ་ཀུན་ཏུ་ཁྱབ། །མཆེ་བ་གཙིགས་པས་དགྲ་བགེགས་ཞལ་དུ་འདྲེན། །མ་ལུས་དབང་དུ་བསྡུད་ལ་ཕྱག་འཚལ་བསྟོད། །ༀ་ཤྲཱི་མ་ཧཱ་ཀཱ་ལི་རེ་མ་ཏི་ན་མོ་ན་མ་མི་པྲ་ཏིཙྪ་ཧོ། གཉིས་པ་ནི། ཡན་ལག་བརྒྱད་ལྡན་བདུད་རྩིའི་རྒྱ་མཚོ་འཁྱིལ། །དྲི་བཟང་སྦྱར་བ་འཆི་མེད་ཞབས་བསིལ་ཆུ། །རྣམ་བཀྲ་ཡིད་འོང་ཆུ་སྐྱེས་འདབས་བཟང་བཞད། །ལྷན་སྐྱེས་སྦྱར་བའི་དྲི་བཟང་ཞིང་ཀུན་ཁྱབ། །ནོར་བུ་ཉི་ཟླ་གསལ་བྱེད་སྒྲོན་མ་རྡལ། །ག་བུར་ཙནྡན་གུརྒུམ་བྱུགས་པའི་ཆབ། །རོ་བརྒྱ་ལྷ་ཡི་བཟའ་བ་སྟོང་དུ་དཀྲིགས། །དུང་དང་སིལ་ཆོལ་སྙན་པའི་རོལ་མོ་ཡིས། དཔལ་ལྡན་མ་ཆེན་སྲིད་གསུམ་དབང་མོ་ནི། །ཀུན་ཏུ་མཉེས་པའི་མཆོད་སྤྲིན་ཆེན་པོ་རུ། །ཐོགས་མེད་ཏིང་འཛིན་བློ་ཡིས་ལེགས་སྤྲུལ་ཏེ། །སྣ་ཚོགས་སྲིད་པ་ཁྱབ་པའི་བཀོད་པས་མཆོད། །ༀ་ཤྲཱི་མ་ཧཱ་ཀཱ་ལི་དེ་ཝི་ས་པཱ་རི་ཝ་ར་བཛྲ་ཨརྒྷཾ་ནས་ཤཔྟ་པྲ་ཏིཙྪ་ཡེ་སྭཱ་ཧཱ། གསུམ་པ་ནི། ཀྱཻ་མ་ཅིག་ལྷ་མོ་དཔལ་ལྷ་མོ། །མ་ཁྱོད་ལ་གཟུགས་ཀྱི་མཆོད་པ་འབུལ་བ་ནི། །ལྷ་མོའི་གཟུགས་དང་ཀླུ་མོའི་གཟུགས། །བཟང་བའི་གཟུགས་དང་བརྗིད་པའི་གཟུགས། །ཁ་དོག་སྣ་ཚོགས་མཛེས་པའི་གཟུགས། །ཅིར་ཡང་བསྒྱུར་བའི་གཟུགས་ལ་སོགས། །མ་ཅིག་སྤྱན་ལ་ཐིམ་གྱུར་ཅིག །ཐུགས་མཆོག་དམ་པ་མཉེས་གྱུར་ཅིག །དངོས་གྲུབ་དམ་པ་སྩལ་དུ་གསོལ། །མ་ཅིག་ལྷ་མོ་དཔལ་ལྷ་མོ། །མ་ཁྱོད་ལ་མཆོད་པ་སྣ་ཚོགས་འབུལ་བ་ནི། །མེ་ཏོག་ཆུ་སྐྱེས་ཐང་སྐྱེས་རྣམ་པ་མང་པོ་དང་། །བཟང་ཞིང་འབྲས་བུ་ཕུན་སུམ་ཚོགས། མ་ཅིག་སྐུ་ལ་ཐིམ་གྱུར་ཅིག །ཐུགས་མཆོག་དམ་པ་མཉེས་གྱུར་ཅིག །དངོས་གྲུབ་དམ་པ་སྩལ་དུ་གསོལ། །མ་ཅིག་ལྷ་མོ་དཔལ་ལྷ་མོ། །མ་ཁྱོད་ལ་སྒྲ་ཡི་མཆོད་པ་འབུལ་བ་ནི། །པི་ཝཾ་གླིང་བུ་འཁར་བའི་རྔ། །རྫ་རྔ་ཅང་ཏེའུ་གྷནྜེ་དུང་། །ཆ་ལང་སིལ་སྙན་ལ་སོགས་ཏེ། །དྲིལ་བུ་རྔ་དབྱངས་སྣ་ཚོགས་དང་། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །མ་ཅིག་སྙན་ལ་ཐིམ་གྱུར་ཅིག །ཐུགས་མཆོག་དམ་པ་མཉེས་གྱུར་ཅིག །དངོས་གྲུབ་དམ་པ་སྩལ་དུ་གསོལ། །མ་ཅིག་ལྷ་མོ་དཔལ་ལྷ་མོ། །མ་ཁྱེད་ལ་དྲི་ཡི་མཆོད་པ་འབུལ་བ་ནི། །ཨ་ཀ་རུ་དང་དུ་རུ་ཀ །ཤ་ཀ་ར་དང་ལྔ་སྦྱར་བའི། །ཙནྡན་དཀར་དམར་དྲི་སྤོས་ཆབ། །མ་ཅིག་ཐུགས་ཀར༴ ཐུགས་མཆོག༴ དངོས་གྲུབ༴ མ་ཅིག༴ མ་ཁྱེད་ལ་རོ་ཡི་མཆོད་པ་འབུལ་བ་ནི། །ལྷ་ཡི་ཟས་སྣ་དམ་ཉམས་ཀྱི། །སྙིང་གི་ཁུ་བས་ལེགས་སྦྱར་བ། །ཞལ་ཟས་ཤ་ཁྲག་རུས་པར་བཅས། །མ་ཡི་ལྗགས༴ ཐུགས་མཆོག༴ དངོས་གྲུབ༴ མ་ཅིག༴ མ་ཁྱེད་ལ་རེག་བྱའི་མཆོད་པ་འབུལ་བ་ནི། །སྟག་གླང་ཞིང་གི་ཤུན་པ་དང་། །ལྷ་རྫས་དར་སྣའི་གོས་བཟང་པོ། །མ་ཅིག་སྐུ་ལ༴ ཐུགས་མཆོག༴ དངོས་གྲུབ༴ ༀ་ཤྲི་མ་ཧཱ་ཀཱ་ལི་དེ་ཝི་རེ་མ་ཏི་རཱུ་པ་ཤཔྟ་གནྡྷེ་ར་ས་སྤཪྴེ་ཨ་ཧཱུྃ། བཞི་པ་ལ་གཏོར་མ། སྨན། རཀྟ། མཆོད་སྤྲིན་སྤྲོ་བའོ། །དང་པོ་ནི། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་གཏོར་མའི་སྟེང་འདོད་ཡོན་གྱི་ལྷ་མོ། བར་བདུད་རྩིའི་རྒྱ་མཚོ་འོག་དགྲ་བགེགས་ཀྱི་ཤ་ཁྲག་རུས་པའི་ཕུང་པོ། ཟེར་བདུན་རྩི་ལྔ་དང་། སྙིང་པོ་ཤ་ལྔས་ཁྱབ་པ། དོན་ཡེ་ཤེས་ལྔ་ཡི་མཆོད་པ་བླ་ན་མེད་པར་སྤྲོ་བར་གྱུར། རང་གི་ཐུགས་ལས་འོད་ཟེར་འཕྲོས། མ་མོ་ལ་ཕོག །མ་མོ་གཏོར་སྟེགས་ཀྱི་སྟེང་དུ་བཞུགས་ནས་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མའི་བཅུད་དྲང་སྟེ་གསོལ་བར་གྱུར། ཀྱཻ། མ་ཕམ་དཔལ་ལྡན་ལྷ་མོ་ནི། །སྙིང་རྗེའི་རོ་ཡིས་རྟག་དགའ་བས། །འཁོར་བའི་ཁྲག་མཚོ་རྒྱས་པར་རོལ། །དངོས་གྲུབ་ཞལ་ནི་མཆེ་བ་གཙིགས། །མགོན་མེད་འགྲོ་ལ་མཐུས་སྐྱོབས་ཀྱང་། །ཉམས་པ་གསོད་པས་སྡིག་ཅན་གྱི། །སྲོག་གི་ཤན་པ་མི་བཟད་ཀྱང་། །བྱང་ཆུབ་སེམས་ནི་ཆེས་འཕེལ་བ། །འགལ་བ་མེད་པ་མ་ལགས་སམ། །དེ་ལྟའི་ཡ་མཚན་ལྷ་མོ་དེ། །རྨད་བྱུང་ཏིལ་མར་མཚོ་དབུས་ན། །རེས་འགའ་སྣུམ་ལ་རེས་འགའ་ནི། །མེ་ཟ་བྲག་གྱོན་རྒྱ་མཚོའི་ཀློང་། །སྐེམ་སྐྱ་མཚན་མོ་ནག་མོ་ནི། །རླུང་འཚུབ་མཁའ་ལ་འགྲོ་བ་དེ། །འཇའ་ཚོན་འབར་བ་གོས་སུ་ཀླུབ། །རེས་འགའ་ཡི་དྭགས་གྲོང་ནའང་། །སྐལ་མཚུངས་ཚུལ་སྟོན་འབྱུང་པོ་མ། །རེས་འགའ་མཁའ་འགྲོའི་ཚོགས་ཁང་དབུས། །དུར་ཁྲོད་བརྒྱད་ན་འགྲིམ་མཛད་མ། །ཅང་ཏེ་འུ་ནི་དྲག་ཏུ་དཀྲོལ། །རུས་པའི་རྒྱས་ཆ་སི་ལི་ལི། །མི་རྐང་གླིང་བུ་ཀྱུ་རུ་རུ། །མ་མོ་མཁའ་འགྲོ་སྣ་ཚོགས་བསྐོར། །མཿ ཚོགས་ཀྱི་གཙོ་མོ་གཏོར་མའི་ལས། །ཀུན་ཏུ་བསྒྲུབས་པ་གནས་ཡུལ་ཉུལ། །རྡོ་རྗེ་འཛིན་པ་རྣམས་ཀྱི་ཡུམ། །རིགས་སྔགས་འཆང་ལ་བདེ་ཆེན་སྤེལ། །འཇམ་དཔལ་དབྱངས་ཀྱི་ཡུམ་མཛད་ཙ། །དབྱངས་ཅན་ལྷ་མོ་ཞེས་སུ་གྲགས། །སྤྱན་རས་གཟིགས་ཡུམ་མཛད་ཙ་ན། །གསང་བ་ཡེ་ཤེས་མཁའ་འགྲོའི་གཙོ། །རྡོ་རྗེ་འཛིན་པའི་ཡུམ་གྱུར་པར། །གཏུམ་མོ་ཞེས་གྲགས་རེས་འགར་ཡང་། །དེ་དག་ཀུན་གྱི་འབངས་གྱུར་མ། །ཡིད་འོང་རི་དྭགས་མིག་ཅན་སྐུ། །དཀར་མོ་དུང་སྐྱོང་དབྱར་ཟླ་རར། །མངའ་མཛད་ཞ ི་ཚུལ་རིན་ཆེན་རྒྱན། །མཛེས་པའི་དོ་ཤལ་འཕྱང་འཕྲུལ་ཀླུབ། །ནོར་འཆང་མ་ལ་གསེར་འོད་ཀྱིས། །རིན་ཆེན་ལྷུན་པོ་སྦགས་འདྲ་བ། །ཚེ་གཡང་བདག་མོ་དཔལ་ལྷ་མོ། །ལྷ་མོ་བརྒྱད་ཀྱི་འཁོར་གྱིས་བསྐོར། །འཇིག་རྟེན་ཡིད་ལ་དབང་མེད་པ། །འགུགས་པར་བཏབ་པའི་ལྕགས་ཀྱུ་འཛིན། །ཡིད་འཕྲོག་པད་རག་ལྷུན་པོ་བཞིན། །ཁམས་གསུམ་དབང་བསྡུད་རིག་བྱེད་མ། །སྟོན་དང་དཔྱིད་ཟླ་ར་བ་ནི། །དབང་བསྒྱུར་རྒྱལ་མོ་ལྷ་མོའི་མཚན། །དྲག་ཤུལ་མ་རུང་སྲིན་མོ་ཡི། །གཟུགས་འཛིན་ཁྱོད་ནི་དྲག་པོ་སྟེ། །དགུན་གྱི་ནམ་ལ་དགྲ་བོ་བཅོམ། །མཐའ་ཡས་མཐུ་དང་རྫུ་འཕྲུལ་གཏེར། །སད་དང་སེར་བའི་སྣ་འདྲེན་མ། །ནད་དང་རིམ་གྱིས་བདག་མོ་སྟེ། །རེས་འགར་པཪྞ་ཤ་བ་རི། །འཆི་མེད་སྨན་གྱི་ལྷ་མོའང་ཡིན། །ཅིར་ཡང་འཕྲུལ་བའི་སེམས་མ་ནི། །མཆོད་བསྟོད་གསོལ་ལོ་གཏོར་མས་མཆོད། །གཏོར་མའི་གནས་འདིར་གཤེགས་སུ་གསོལ། །ཀྱཻ། རྨད་དུ་བྱུང་བའི་གཏོར་མ་དང་། །བུམ་དང་རིལ་དང་ཕྱེད་ཚལ་དང་། །ཀུ་ཀུ་རྟ་གླང་ན་ར་སོགས། །ཤ་ཆེན་ཐང་དམར་བརྡལ་བས་མཆོད། །མ་ཅིག་ལྷ་མོ་དཔལ་ལྷ་མོ། །མ་ཅིག་ཐུགས་དམ་ཞལ་ཟས་སྣོད། །པཱ་ལས་བྷནྡྷ་བཅུད་ཡངས་པའི། །འཁོར་ཡུག་གཏོགས་པའི་འཇིག་རྟེན་འདིར། །བདུད་རྩིའི་རང་བཞིན་ཡིན་པའི་ཕྱིར། །རྫོང་དང་དཀའ་བཟློག་ནག་མོ་ཆེ། །གསོལ་ལོ་རོལ་ཅིག་དགྱེས་པར་མཛོད། །མ་ཅིག་ལྷ་མོ་དཔལ་ལྷ་མོ། །མ་ཅིག་ཐུགས་དམ་ཞལ་ཟས་ནི། །གསོད་པའི་ཤ་དང་མྱོས་པའི་ཆང་། །བསྲེགས་པའི་བསུར་དང་རློན་པའི་ཤ། །བཙོས་པའི་ཤ་དང་ཁུ་བ་ཁྲག །ནང་རོལ་གློ་སྙིང་མཁལ་མ་བཅས། །གསོལ་ལོ་རོལ་ཅིག་དགྱེས་པར་མཛོད། །མ་ཅིག༴ མ་ཁྱེད་ལ་ཡིད་བཞིན་མཆོད་པ་འབུལ་བ་ནི། །འབྲས་བུ་ལྔ་ཡི་ཚོམ་བུ་བདུད་རྩི་དང་། །ཀ་རོ་ཙ་ན་དང་ནི་དྲི་ཆེན་དང་། །མ་ཧཱ་མཱཾ་ས་རཀྟ་ཙིཏྟ་བ་སུ་ཏ། །མ་ཅིག་ཞལ་དུ༴ ཐུགས་དམ༴ དངོས་གྲུབ༴ གསོལ་ལོ་རོལ་ཅིག་དགོངས་ཤིག་ས་མ་ཡ། མ་མོ་བྱང་ཆུབ་སེམས་རྒྱུད་ལས་བྱུང་བ། མ་མོ་འདིར་སྤྱོན་དམ་ཅན་རྣམས་སྤྱོན་ཅིག །འབྱུང་པོ་འབྱུང་མོའི་ཤ་ནི་ཟན་བས་ཞིམ། །མ་མོ་དམ་ཅན་འདིར་སྤྱོན་ཁྲག་ལ་སྤྱོན། །འབྱུང་པོ་འབྱུང་མོའི་ཁྲག་ནི་ཆང་བས་ཞིམ། །མ་མོ་དམ་ཅན་འདིར་སྤྱོན་རུས་ལ་སྤྱོན། །འབྱུང་པོ་འབྱུང་མོའི་རུས་པ་མར་བས་ཞིམ། །ཤ་ཁྲག་རུས་པའི་དམ་རྫས་འདི་གསོལ་ལ། །བདག་གི་བཅོལ་པའི་ལས་འདི་མཐར་དབྱུང་ཞིག །རུ་རུ་བེ་ཏིཥྛ་བ་དོ་པི་ཙ་པ་ལ་ཨུ་ཤུགྨོ་ཧཱུྃ་བྷྱོ་ཛཿཛཿ བྃ་མ་བྃ་མ་མ་ཁཱ་ཧི་ཁཱ་ཧི། དགྲ་བགེགས་ཀྱི་མ་ཧཱ་མཱཾ་ས་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་ཙིཏྟ་ལ་ཁཱ་ཧི། མ་ཧཱ་ཀི་ནི་ཏི་ལ་ཁཱ་ཧཱི། མ་ཧཱ་ཀ་རོ་ཙ་ན༴ འབྱུང་པོའི་ཕུང་པོ༴ དགྲ་བགེགས་འདི་ཡི་དབང་པོ་རྣམ་ལྔ་ལ༴ ར་རྒྱ་རམ་པ་ལ༴ ཤིག་ཤིག་རྟོག་དཔྱོད་ཅིག །མ་བྷྱོ་རུ་རུ་ཁཱ་ཧི། གཉིས་པ་ནི། རང་བྱུང་གདོད་ནས་དག་པ་ཡི། །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་ཡི་གྲུབ་པའི་རྫས། །རྒྱུད་དྲུག་སེམས་ཅན་ཀུན་སྒྲོལ་བའི། །དུག་ལྔ་སེལ་བའི་བདུད་རྩི་འདི། །ཇི་སྙེད་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་མའི་ཚོགས་ཆེན་དང་། །ཁྲོ་བོའི་རྒྱལ་པོ་མཐའ་ཡས་དང་། །མ་མོ་མཁའ་འགྲོའི་ཚོགས་ཆེན་དང་། །ལྷ་དང་ལྷ་མིན་གསང་བའི་བདག །ཐུགས་དམ་དབྱིངས་ཉིད་བསྐུལ་བའི་ཕྱིར། །འདི་ནི་སྔོན་གྱི་དམ་ཚིག་གོ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་ཀྱི་ངང་ཉིད་ལས། །བདག་ཅག་དད་པས་འབུལ་ལགས་ན། །བཞེས་ཏེ་ཀུན་ཏུ་དགྱེས་མཛོད་ལ། །ཕུལ་བའི་དངོས་གྲུབ་བདག་ལ་སྩོལ། །ༀ་ན་མ་སརྦ་ཏཱ་ཐཱ་ག་ཏ་མ་ཧཱ་ཨརྒྷཱཾ་པྲ་ཏིཙྪ་ཧོ། དུས་གསུམ་བཞུགས་པའི་བཀའ་བརྒྱུད་བླ་མ་དང་། །དངོས་གྲུབ་འབྱུང་གནས་རྒྱུད་སྡེའི་དཀྱིལ་འཁོར་ལྷ། །ཡེ་ཤེས་མཁའ་འགྲོ་དམ་ཅན་རྒྱ་མཚོར་བཅས། །རྣམ་པར་དག་པའི་བདུད་རྩིས་མཆོད་པར་བགྱི། །ༀ་ན་མ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒྷཾ་པྲ་ཏིཙྪ་ཧོ། བྷྱོཿ རྡོ་རྗེ་ལྷ་མོ་ནག་མོ་མཆེ་བ་གཙིགས་པའི་ཞལ། །དུས་གསུམ་སངས་རྒྱས་ཀུན་དང་སྤྱོད་ཡུལ་གཅིག་པའི་ཡུམ། །ཁམས་གསུམ་ལོག་པར་ལྟ་བ་ཐམས་ཅད་དབྱིངས་སུ་སྒྲོལ། །སྲིད་གསུམ་ལོག་འདྲེན་ཟ་བར་བྱེད་པའི་ཡུམ་རྣམས་ལ། །རྣམ་པར་དག་པའི་དམ་རྫས་བདུད་རྩིའི་མཆོད་པ་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་རྒྱ་མཚོ་སྩོལ། །ༀ་ན་མ་སརྦ་ཏ་ཐ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཨརྒྷཾ་པྲ་ཏིཙྪ་ལ་ཁ་རཾ་ཁ་ཧི། དབང་ཕྱུག་ཆེན་མོ་ཀུན་གྱི་སྲིང་། །རྣལ་འབྱོར་ཀུན་གྱི་མ་ཅིག་མོ། །མཚན་བཟང་ནག་མོ་རེ་མཱ་ཏི། །མ་སྟོང་མ་མོའི་འཁོར་ཚོགས་ལ། །རྣམ་དག་དམ་རྫས་བདུད་རྩི་འབུལ། །ཐུགས་རྗེས་བརྩེ་བས་བཞེས་སུ་གསོལ། །ༀ་མ་ཧཱ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། གསུམ་པ་ནི། ཆགས་པ་ཁམས་གསུམ་སྙིང་གི་རཀྟ་ནི། །དམར་སེར་ལྦུ་ཕྲེང་ཆལ་ཆིལ་གཡོ་བ་ཅན། །རྣམ་པར་འཁྲུགས་པའི་ཞག་གི་རྒྱ་མཚོ་ལས། །རྦ་རླབ་དམ་རྫས་ཁོལ་བ་བདག་གིར་བཞེས། །ༀ་མ་ཧཱ་རཀྟ་ལ་ཁཱ་ཧི། བཞི་པ་ནི། བྷྱོཿ སྟོང་གསུམ་ཁྱོན་ལ་འཕྱ་བས་བརྒལ་ནུས་པའི། །རྣམ་དག་ཡིད་ཀྱི་དོ་རར་ཏིང་འཛིན་གར། །རབ་བསྒྱུར་ཤེས་རབ་སྟོང་པའི་སྨིན་ལེགས་མའི། །ཕྱག་ན་ཛམྦུ་གསེར་གྱི་ཡོ་གོའི་དབུས། །ཕྱུར་བུར་སྲུངས་པའི་རྣམ་མང་མཆོད་པའི་གཏེར། །དཔག་ཡས་ཕུན་ཚོགས་འོད་སྟོང་འཕྲོ་བའི་མཛོད། །ཀུན་བཟང་རྣམ་པར་རོལ་པ་ལས་བྱུང་བའི། །བདེ་ཆེན་རྡོ་རྗེའི་འཁོར་ལོས་བདེ་བར་རོལ། །ༀ་ན་མ་སརྦ་ཏ་ཐཱ་ག་ཏ༴སོགས་ནམ་མཁའ་མཛོད་སྔགས་རྒྱ་བྱ། ལྔ་པ་ནི། ཨེ་ཡིག་རོལ་པ་ཆོས་འབྱུང་གཏུམ་མོའི་མེས། །ཝཾ་དཀར་ཁུ་བར་བཞུས་ནས་བླུགས་པའི་རྒྱུན། །སེམས་ཀྱི་རྡོ་རྗེ་བུང་བས་འཐུང་བ་ལས། །ལེགས་བྱུང་བདེ་སྟོང་སྦྲང་རྩིའི་མཆོད་ཡོན་སྟོབས། །དོན་དམ་ལྷ་ལམ་ཡངས་པའི་པད་དཀར་སྣོད། །རྣམ་རྟོག་ཕྱེ་མར་འཐགས་པ་རོ་མཉམ་བཅུད། །རྫོགས་པ་ཆེན་པོས་སྦྱར་བ་ལས་བྱུང་བའི། །གཉིས་མེད་བཤོས་བུ་གཏོར་མའི་འཇིག་རྟེན་འབུལ། །ཁམས་གསུམ་རྒྱུ་བ་ཡོན་བོར་འཁྱོགས་པའི་མིག །བློ་བྲལ་ཟུར་མདངས་བཀུག་པའི་ལྷན་སྐྱེས་ཀྱི། །མཛའ་ན་དྷཱུ་ཏིར་སྦྱོར་བས་དགའ་བ་ཡི། །རེག་བྱ་སྤྲོས་བྲལ་ལུས་ཕྲ་ཁྱོད་ཀྱི་གཉེན། །ཡེ་ཤེས་རྡོ་རྗེ་རལ་གྲིའི་འཁྲུལ་འཁོར་གྱིས། །བདག་འཛིན་བདུད་སྡེའི་མགོ་བོ་ཕྱེ་མ་བརྒྱར། །བཀས་པ་ལས་བྱུང་སྒྲོལ་བ་བདེ་ཆེན་དུ། །ཤར་བས་ཕྱོགས་ལས་རྣམ་རྒྱལ་མཚོན་ཏེ་མཆོད། །དྲུག་པ་ལ་གཉིས་ཀྱི། དང་པོ་ནི། བྷྱོཿ མི་མངོན་དབྱིངས་ནས་བཞེངས་པའི་ལྷ་མོ་ནི། །དབང་ཕྱུག་སྲས་མོ་དཔལ་ལྡན་དུང་སྐྱོང་མ། །སྲིད་གསུམ་བདག་མོ་དཔལ་ལྡན་རེ་མ་ཏི། །དཔོན་གཡོགས་འཁོར་བཅས་བདག་ལ་དགོངས་སུ་གསོལ། །ཐོག་མེད་དུས་ནས་དུག་གསུམ་དབང་གྱུར་པས། །ལུས་ངག་ཡིད་གསུམ་སྡིག་བགྱིས་བགྱིད་དུ་རྩལ། །བགྱིད་ལ་ཡི་རངས་མི་དགེ་སྣ་ཚོགས་བགྱིས། །ལྷ་མོ་འཁོར་བཅས་ཁྱེད་ལ་མཐོལ་ལོ་བཤགས། །སྐུ་ཡི་དམ་ཚིག་ཡི་དམ་ལྷ་དང་འགལ། །གསུང་གི་དམ་ཚིག་སྔགས་ཀྱི་བཟླས་བརྗོད་གཡོལ། །ཐུགས་ཀྱི་དམ་ཚིག་གསང་བ་སྤེལ་བ་འདི། །ལྷ་མོ་འཁོར་དང་བཅས་ལ་མཐོལ་ལོ་བཤགས། །སྤྲུལ་པ་ནལ་ཕྲུག་བོང་དྲིལ་ནེའུ་ལེ། །གུས་པས་མཆོད་བསྟོད་མ་བྱས་ཁྲོས་ཤིང་བརྩུབ། །འཚུབ་མ་སྤངས་ཤིང་རྟེན་རྫས་སྤངས་བ་རྣམས། །ལྷ་མོ་འཁོར་དང་བཅས་ལ་མཐོལ་ལོ་བཤགས། །ཉ་སྟོང་ལ་སོགས་དུས་ཀྱིས་ཕྱེད་པ་ལ། །བསྙེན་བསྒྲུབ་བསྐང་བ་དུས་ཀྱི་ཆོ་ག་ཆགས། །ཤེས་བཞིན་ཁྱད་དུ་གསོད་པ་ཅི་མཆིས་པ། །དམ་ཅན་སྲུངས་མའི་ཚོགས་ལ་མཐོལ་ལོ་བཤགས། །བསྲུང་བྱ་མ་སྲུངས་སྤང་བྱ་མ་སྤངས་དང་། །བརྟེན་བྱ་མ་བརྟེན་བསྒྲུབ་བྱ་མ་བསྒྲུབས་པའི། །ཁས་བླངས་དམ་བཅའ་ཉམས་པ་ཇི་མཆིས་པ། །བཟོད་པར་གསོལ་ལོ་ཚངས་པར་སྩལ་དུ་གསོལ། །བདག་གི་དུས་རྣམས་ཀུན་ཏུ་ལྷ་ཁྱོད་དང་། །སྐད་ཅིག་མི་འབྲལ་ཕྲིན་ལས་རྣམ་བཞི་ཡིས། །ནམ་མཁའི་མཐའ་མཉམ་སེམས་ཅན་མ་ལུས་རྣམས། །རྡོ་རྗེ་འཛིན་པའི་ས་ལ་འགོད་པར་ཤོག །གཉིས་པ་ནི། བྷྱོཿ རྡོ་རྗེ་འཆང་ཡུམ་བདེ་བ་ཆེན་མོ་ནི། །ཆར་སྤྲིན་དང་མཚུངས་འཇིག་པའི་སྐུ་མདོག་ཅན། །དྲག་ཤུལ་ག་ཞས་གདུག་པའི་སྙིང་འབྱིན་པའི། །རྣོ་དཀར་ཆེ་བ་གངས་རི་ལྟ་བུར་གཟེངས། །གདུག་པ་དུས་མཐའི་མེ་ལྟར་འབར་བ་ཡི། །སྨིན་མ་འཁྱོགས་པོས་བདུད་རིགས་གཞོབ་ཏུ་བསྲེག །ལོག་འདྲེན་སྙིང་ཆུ་ཚོམ་གྱི་རྒྱུན་ལས་འབབ། །ཨ་ལ་ཧ་ལའི་གད་རྒྱང་ས་གསུམ་གཡོ། །སྟོང་ཁམས་ཀུན་ཁྱབ་ཕྲིན་ལས་རོལ་པ་འཛིན། །ཅིར་ཡང་འཆར་བ་མ་མ་རུ་ལུའི་སྒྲས། །གསང་བ་མཁའ་འགྲོ་མ་ཚོགས་དབང་དུ་བསྡུད། །དུར་ཁྲོད་ཆེན་པོ་བརྒྱད་ལ་མངའ་མཛད་མ། །ཕྱག་གཡས་སྲ་བརྟན་རྡོ་རྗེའི་ཁྲབ་ཆེན་ཀྱང་། །བརྟན་པ་འཕྲོག་སྟེ་དུམ་བུར་འདྲལ་བ་ཡི། །མཐོན་མཐིང་ནམ་མཁའི་མདངས་འཚེར་རལ་གྲི་ནི། །རྣོ་ངར་ལྡན་པས་དམ་ལོག་མགོ་བོ་གཅོད། །ལྷ་མིན་ཁྲག་གིས་བཀང་བའི་མི་ཐོད་ནི། །དབང་ཕྱུག་མྱོས་པས་དཀའ་ཐུབ་བརྩོན་པ་བཞིན། །སྲིན་ཞལ་ཉེར་རླབ་ཆུ་གཏེར་འཁྲུགས་པ་ལྟར། །རྣམ་པར་སྡུད་པའི་དབྱིངས་སུ་ལེགས་པར་སྟོབས། །དཔལ་ལྡན་རྨད་བྱུང་འགྲོ་བའི་མ་མ་ནི། །སྐུ་གསུམ་རྒྱལ་བའི་བསྟན་པ་ཀུན་སྲུང་ཞིང་། །དམ་ཚིག་ལྡན་པ་ཀུན་གྱིས་མགོན་གྱུར་པ། །དབྱིངས་ཀྱི་མཁའ་འགྲོ་ཡུམ་ལ་ཕྱག་འཚལ་བསྟོད། །བྷྱོཿ དབྱིངས་ཕྱུག་དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །འགྲོ་བ་ཐུགས་རྗེས་སྐྱོངས་ཕྱིར་ཡུམ་གྱིས་ཚུལ། །མཚན་མའི་སྐྱོན་སྤངས་སྐུ་མདོག་ནག་མོར་སྟོན། །དྲག་ཤུལ་སྤྱོད་ཕྱིར་གཅེར་བུ་སྲིན་མོའི་ཚུལ། །ལྷ་ཆེན་འདུལ་ཕྱིར་སྡང་མིག་རལ་པ་བསིགས། །སྐྱེ་ཤི་རྩད་གཅོད་ཟ་བྱེད་མཆེ་བ་གཙིགས། །འཁོར་བ་ལྗགས་ལ་འདྲིལ་ཕྱིར་རྐན་སྒྲ་རྡེབ། །དུག་ལྔ་སེལ་ཕྱིར་རྨ་བྱའི་མདངས་ཀྱིས་བརྒྱན། །བྱང་ཆུབ་སེམས་ལྡན་སྤྱི་གཙུག་ཟླ་རྒྱས་གསལ། །དམ་ཚིག་བྱ་ར་མཛད་ཕྱིར་སྤྱན་རྩ་དམར། །ལྷ་མིན་གཡུལ་ངོ་བཟློག་ཕྱིར་མདུང་དང་རུ་མཚོན་བསྣམས། །སྲིད་གསུམ་བསྒྲལ་ཕྱིར་ཤེས་རབ་རལ་གྲི་བསྣམས། །དགྲ་བགེགས་འདུལ་ཕྱིར་ནད་ཀྱི་རྐྱལ་པ་ཐོགས། །དབུལ་བ་སེལ་ཕྱིར་ནེའུ་ལེའི་རྐྱལ་བུ་བསྣམས། །འཆི་བདག་བཟློག་ཕྱིར་སྙན་གཡས་སེང་གེས་བརྒྱན། །གདུག་པ་འདུལ་ཕྱིར་ཀླུ་དབང་སྙན་ཆས་བརྒྱན། །འབྱུང་པོ་འདུལ་ཕྱིར་ཐོད་པའི་ཕྲེང་བས་བརྒྱན། །རྣལ་འབྱོར་སྐྱོབས་ཕྱིར་དྲིལ་ཆུང་སྒྲ་སྙན་སྒྲོགས། །ཀླུ་ཆེན་འདུལ་ཕྱིར་སྦྲུལ་གྱི་སྐ་རགས་བཅིངས། །བདུད་དཔུང་དཔའ་བསྐུམ་ཞིང་ལྤགས་གོས་སུ་གྱོན། །ཐེག་ཆེན་དོན་ལྡན་གླང་ཆེན་ཀོ་རློན་གསོལ། །དཔའ་གཏུམ་བསྟན་ཕྱིར་སྟག་གི་ཤམ་ཐབས་ཅན། །སྨོན་ལམ་མི་དོར་སྐུ་སྨད་རེ་ལྡེས་དཀྲིས། །མཛེས་པར་བྱ་ཕྱིར་རྐང་སྒྲོགས་ལྕགས་ལས་བྱས། །ཉོན་མོངས་མཚོ་སྐེམ་ལྟེ་བར་ཉི་མས་བརྒྱན། །སྲིན་པོ་འདུལ་ཕྱིར་ཆིབས་སུ་བོང་བུ་བཅིབ། །སྟོང་གསུམ་བགྲོད་ཕྱིར་འཚུབས་མའི་ཀློང་ན་བཞུགས། །དུར་ཁྲོད་གནས་འདིར་འཁོར་གཡོག་མང་པོས་བསྐོར། །འཁོར་བ་འཇིགས་ཚེ་སྡུག་བསྔལ་སེམས་ཅན་རྣམས། །ལྷ་མོ་ཁྱེད་ཀྱི་ཞལ་དུ་ཐམས་ཅད་ཞུགས་གྱུར་ཏེ། །བརྩེ་ལྡན་ཐུགས་རྗེས་འགྲོ་ཀུན་སྐྱོབས་མཛོད་ཅིང་། །བྱང་ཆུབ་སྤྱོད་པའི་ཐར་ལམ་གསལ་མཛད་པ། །ལྷ་མོ་མཐུ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །བྷྱོཿ འཆི་མེད་ལམ་ཀུན་གང་བའི་ཆུ་འཛིན་ནི། །དཔག་ཡས་ཕྱོགས་འཁོར་ཀུན་ཁྱབ་དྲི་བཞོན་བཅས། །མངོན་པར་མཛེས་པའི་དབུས་སུ་རྒྱུ་བ་ལ། །ཆུ་སྲིན་མགོ་བོས་བརྒྱན་པའི་ཕྲ་མེན་མས། །བ་སུ་ཏ་ཡི་ཞགས་པས་དམ་བཞག་པ། །རླུང་གི་ཤུགས་འཆང་མགྲིན་བཟང་གྭ་པའི་སྟེང་། །བསིལ་ཟེར་བདུད་རྩིར་ཉིལ་བའི་ག་བུར་དབང་། །རྟ་བདུན་མོ་ཡི་དབལ་འཆང་འོད་བརྒྱ་པ། །སྐུ་ཡི་གནས་ནས་མུན་པའི་མདངས་འཕྲོག་ཅིང་། །ཡ་མཚན་པད་དཀར་བཞད་པའི་དཔལ་འཛིན་ལྷ། །ལྷ་མོ་ཁྱེད་ལ་དྭངས་བའི་སེམས་ཀྱིས་སུ། །ཇི་སྲིད་དྲན་པ་དེ་སྲིད་མདུན་གྱི་མཁའ། །རབ་འབར་མེ་རླུང་ལྡིང་གུར་དབུས་ན་བཞུགས། །སྣ་ལྔའི་འཇའ་གུར་འོད་ཀྱི་ཟིལ་པ་ཅན། །ཕུན་ཚོགས་རྐང་འཐུང་འཁྱིལ་བའི་ལྗོན་བཟང་གི། །འདབ་མ་ལས་སྐྱེས་ཁུ་བཅུད་རོ་བརྒྱ་པ། །ༀ་ཨཱཿཧཱུྃ་གིས་བྱིན་གྱིས་རླབས་ཏེ་འབུལ། །ལྷ་ལམ་མུན་པས་སྦགས་འདྲ་ཁྲོས་པའི་སྐུར། །སྤྱན་ཟླུམ་ནོར་བུ་གསུམ་འཁྱིལ་རྣོ་དཀར་ཚེམ། །གངས་རི་ལྟར་མཛེས་གློག་དམར་ལྗགས་སུ་འདྲིལ། །ལྷ་མིན་ཐོད་པའི་སྣོད་འཆང་ལྷ་དམག་རྫོང་། །ལྟོ་རླུང་ཆུ་ཁུར་འཁྲིགས་པའི་དབུས་ནས་ཐོན། །ཐུགས་རྗེས་ལི་ཤིའི་ལྡིང་ཁང་བསུང་ཞིམ་འདི། །བསྟན་པ་འཛིན་པར་མཆོད་པའི་བདུག་སྤྲིན་ལགས། །གནམ་སྔོན་དུམ་བུ་བླངས་འདྲའི་མཚོན་ཆ་དང་། །རིན་ཆེན་གཏེར་སྣོད་འཛིན་པའི་དཔལ་ལྷ་མོ། །འཁོར་བ་ཁྲག་གི་རྒྱ་མཚོར་རྟག་འགྲོ་ཡང་། །ཞི་བ་མྱ་ངན་འདས་ལ་ཕྱིར་གཟིགས་པའི། །འདོད་འབྱུང་དཔག་བསམ་ཡལ་ག་དུད་པ་ནི། །བདེ་བ་ལྷན་སྐྱེས་ཕང་ཕུང་འབྲས་བུའི་ཁུར། །རྣམ་པར་རྒྱས་འཛིན་རྣམ་དག་ལམ་བཟང་རོས། །སྐལ་པ་སྦོམ་པོའི་སྐལ་ལྡན་མཐའ་དག་ཀུན། །རྒྱལ་བའི་བསྟན་པ་ཆུ་གཏེར་ཆེན་པོ་ནི། །མང་ཐོས་གྲུ་བོ་ཡོངས་འཛིན་དེད་དཔོན་གྱིས། །དྲིན་ལས་བརྒལ་ཏེ་ངེས་གསང་རྡོ་རྗེའི་ཐེག །རྒྱུད་དོན་རིན་ཆེན་དབང་རྒྱལ་ཉེར་ཐོབ་ཅིང་། །བཤད་སྒྲུབ་ཀླུང་བརྒྱ་འདུ་བའི་མ་དྲོས་པ། །བསླབ་གསུམ་གདེངས་ཀ་རིམ་གཉིས་འོད་འཕྲོ་ཞིང་། །དགེ་འདུན་ཀླུ་དབང་ཚོགས་ཀྱིས་ཉེར་བསྟེན་པ། །བསྟན་པ་རྒྱ་མཚོའི་དཔལ་ཡོན་བརྒལ་བར་མཛོད། །ཤཱཀྱའི་བསྟན་པའི་བང་མཛོད་འགྲོ་འདིའི་གཉེན། །རྒུད་པའི་མི་མཐུན་སྲུང་མ་ཁྱེད་གཉེར་ཁ། །སྔོན་སྨོན་རྟེན་འབྲེལ་མཐུ་ཡིས་རབ་བསྐོས་ཕྱིར། །བསམ་པའི་རེ་ཀུན་བསྒྲུབ་མཛད་མ་ལ་བསྟོད། གསུམ་པ་རྗེས་ལ། བསྙེན་པ་འབུམ་བསྟོད་བསྐང་གསོལ་དང་། །བསྐུལ་དང་གཏོར་མ་འདེགས་མཐའ་བསྡུད། །དང་པོ། བདག་ཡི་དམ་དུ་གསལ་བའི་ཐུགས་སྲོག་གི་འོད་ཀྱིས་མ་མོའི་ཐུགས་ཀར་ཕོག་ཐུགས་རྒྱུད་བསྐུར་བར་གྱུར། གང་ནོན་ཡི་དམ་གྱི་རྩ་སྔགས་ཅུང་ཟད་བཟླས། མ་མོའི་ཐུགས་ཀར་ཧ་ལས་ལྷ་མོ་ཀའུ་རི་མ་སྔོན་མོ་གཡས་ཞིང་དབྱུག་གཡོན་ཐོད་ཁྲག་བསྣམས་པ། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་རལ་གྲི། དེའི་སོ་ཡུའི་མཚམས་ན་མ་ནག་པོ་གཅིག་ལ་ཡི་གེ་བཅོ་ལྔས་ཡོངས་སུ་བསྐོར་བ་བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་སྔགས་ཕྲེང་ལ་ཕོག །དེ་ལས་འོད་ཟེར་འཕྲོས། ཕྱོགས་བཅུ་དུས་བཞིའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ། སྐུ་གསུང་ཐུགས་ཀྱི་བྱིན་བསྡུས། སླར་ཡང་དེ་ལས་འོད་ཟེར་འཕྲོས། བསྟན་པ་ལ་སྡང་བའི་དགྲ་བགེགས་ཐམས་ཅད་ཚར་བཅད། ཡེ་ཤེས་དང་འཇིག་རྟེན་གྱི་མ་མོ་སྣང་སྲིད་དྲེགས་པའི་ཚོགས་ཐམས་ཅད་ཀྱི་སྲོག་གི་སྙིང་པོ་རང་དབང་མེད་པར་བསྡུས། མ་མོའི་ཐུགས་སྲོག་ལ་ཐིམ། གཟི་བྱིན་མཆོག་ཏུ་འབར་བའི་འོད་ཀྱིས་ཕྲིན་ལས་རྣམ་པ་བཞི་ཅིར་ཡང་བསྒྲུབ་བསམ་ལ། ༀ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུགྴེ་ཧཱུྃ་བྷྱོཿཛ་ཛཿ ཞེས་རྡོ་རྗེ་ནག་མོ་དབང་ཕྱུག་མའི་རྒྱུད་ཀྱི་ལུགས་ཀཿཐོག་པས་བཞེད་པའི་སྔགས་བཅོ་ལྔ་མ་དང་། ཡང་འཕགས་མ་ལྷ་མོ་ནག་མོའི་རྒྱུད་ལས། ༀ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུགྴེ་མ་ཧཱུྃ་མ་བྷྱོ་ཛ་ཛ། ཞེས་བཅུ་བདུན་གསུངས། མཿབྷྱོཿམ་མ་བྷྱོཿ བྷྱོ་བྷྱོ་མཿ མ་བྷྱོཿམ། བྷྱོ་མ་མཿབྷྱོཿམ། ཞེས་བྷྱོཿབདུན་མ་དགུ་མའི་མ་མོའི་སྤྱི་དྲིལ་བསྙེན་མཐར། མ་མོའི་ཐུགས་ཀ་ནས་འོད་ཀྱི་ཕྲེང་བའི་རང་བཞིན་སྔགས་ཀྱི་འཁོར་ལོ་གཉིས་པ་ཞིག་བྱུང་ནས་རང་གི་ཐུགས་ཀར་ཐིམ་པར་བསམ་ནས་ཅུང་ཟད་བཟླས་སོ། །སྔགས་དོན་ནི། ༀ་ནི་ཡེ་ཤེས་ལྔ་ལྡན་ལ། །རུ་རུ་ཀོ་རི་རོ་རུ་ནི། །སེང་ཧ་ཙ་པ་ལ་རལ་གཅིག །ཨ་ཤུག་གསང་བའི་མ་བདུན་དང་། །མ་ཧཱུྃ་མ་བྷྱོ་ཛ་ཛཿནི། །སྒོ་མ་འཁོར་གཡོགས་བཅས་པའོ། །ཞེས་ངེས་པ་བསྐྱེད། གཉིས་པ་ནི། སྔགས་བཅོ་ལྔ་པའི་མཐར། ས་པཱ་རི་ཝ་ར་ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་ལན་བདུན་ནམ་གསུམ་གྱིས་འབུལ། ཤྲཱི་མ་ཧཱ་ཀཱ་ལི་དེ་ཝི་ཁྲག་འཐུང་གི་རྒྱལ་མོ། དུར་ཁྲོད་ཉུལ་མ། ཆོས་འཁོར་དང་བས་མཐའ་དང་སྡེ་དགོན་གཉན་པོའི་སྲུང་མ་དམ་པ། མིང་བརྒྱ་མ་ལ་མཚན་སྟོང་མ། རྡོ་རྗེ་འཛིན་པའི་བཀའ་ལ་སྡོད་ཅིང་། གསུང་གི་བྲན་བྱེད་པ། རྣལ་འབྱོར་པའི་མ་མ་གཅིག་པུ། རབ་འཇིགས་སྐུ་ཡི་མ་མོ། གཏུམ་རྔམས་གསུང་གི་མ་མོ། སྤྲུལ་པ་ཐུགས་ཀྱི་མ་མོ། མི་ཟད་ཡོན་ཏན་གྱི་མ་མོ། དྲག་ཤུལ་ཕྲིན་ལས་ཀྱི་མ་མོ། འཁོར་མ་སྲིང་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱིས་དམ་རྫས་བཀའ་ཡི་གཏོར་མ་རྒྱན་གྱིས་མཆོད་པ་འདི་བཞེས་ལ། རྒྱལ་བའི་བསྟན་པ་དང་། བསྟན་འཛིན་གྱི་དབུ་འཕང་བསྟོད་ལ། འཇིག་རྟེན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་བདག་ཅག་ལ། སྐྱེ་བོ་སྡང་བར་བྱེད་པའི་དགྲ་ཐུལ། འབྱུང་པོ་གནོད་པར་བྱེད་པའི་བགེགས་ཆོམས། འགལ་རྐྱེན་བར་དུ་གཅོད་པ་ཕྱིར་བཟློག ། བསྒྲལ་བའི་ཞིང་རྣམས་ཐལ་བའི་རྡུལ་དུ་བརླག་སྟེ། རྒྱུད་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་བཤད་སྒྲུབ་འཕེལ་བ་དང་། ལམ་རིམ་པ་གཉིས་གསང་བའི་དཀྱིལ་འཁོར་འདིར་འདུས་པ་རྣམས་ལ། མཐུན་རྐྱེན་ལེགས་ཚོགས་སྨོན་པའི་དོན་ཐམས་ཅད་མྱུར་བ་ཉིད་དུ་འགྲུབ་པའི་ཕྲིན་ལས་རྒྱ་ཆེན་པོ་མཛོད་ཅིག །གསུམ་པ་ནི། བྷྱོཿ སྐྱེ་མེད་རྣམ་དག་མཁའ་དབྱིངས་དག་པ་ནས། །སྣང་ལ་མ་འགགས་སྣ་ཚོགས་གཟུགས་སུ་ཤར། །སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུར་སྟོན་པ། །ཧཱུྃ་ལས་བསྐྱེད་པའི་དཔལ་ཆེན་ཧེ་རུ་ཀ །ཡེ་ཤེས་ཐུགས་ཀྱི་ཁྱད་པར་ཆེན་པོ་ལས། །དུར་ཁྲོད་དབྱིངས་ནས་ཕྱག་རྒྱའི་སྐུར་གསལ་བར། །མདོག་བཟང་ནག་མོ་རལ་པའི་ཟར་བུས་བརྒྱན། །རྒྱན་དང་ཆ་ལུགས་སྣ་ཚོགས་འཇིགས་པས་བརྗིད། །རླུང་འཚུབ་ནང་ན་སྐུ་ཡི་ཕྱག་རྒྱ་གསལ། །རླུང་ནག་ནང་ནས་རལ་གྲི་ཕྱུང་བའི་ཚུལ། །དགྲ་བོ་གང་ལ་བྱ་བ་རྩད་གཅོད་མ། །གཡོན་ན་ནེའུ་ལེའི་རྐྱལ་པ་ཐོགས་པ་ནི། །ལོག་ཉམས་མི་མགོ་བཅད་པ་སྦེད་པའི་སྣོད། །སྔོན་ཁྱོད་དམོད་པའི་མཚོན་འཆང་ཆེན་མོ་ལ། །གསང་བ་པས་ཞུས་བླ་མེད་ཧེ་རུ་ཀས ། །སྤྲུལ་པའི་དཀྱིལ་འཁོར་ཆེན་པོར་ལེགས་བཏུལ་ནས། །སྦོམ་པོ་དབང་མོ་ནས་བཟུང་ཕྱི་ནང་གསང་། །དབང་བསྐུར་ས་བརྒྱད་ནོན་པའི་སེམས་མར་གྱུར། །ཐིག་ལེ་ཆོས་ཀྱི་སྐུ་ལ་མཉམ་གནས་ཀྱང་། །སྣང་སྲིད་འབྱུང་ལྔ་བྷ་ག་ཡུམ་ལྔའི་ཀློང་། །སྤྲུལ་སྐུས་འདོད་པ་ཁམས་ཀྱི་དབང་ཕྱུག་མ། །སངས་རྒྱས་བསྟན་ལ་གནོད་པ་ཟ་སྐལ་དུ། །གཏད་ནས་རྣམ་བཞིའི་འཁོར་སྲུངས་བཀའ་བསྒོས་པ། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །ཕྲིན་ལས་རྒྱ་མཚོ་གྲུབ་པ་ཁྱོད་ལ་བསྟོད། །བྷྱོཿ ཡང་དག་དོན་ལྡན་ཡེ་ཤེས་ལྷ་མོ་ནི། །བསྐལ་མང་སྔོན་ནས་རྒྱལ་བའི་ཞལ་མཐོང་བ། །ངང་ཚུལ་ཆོ་རོལ་གཅིག་ཏུ་མ་འཚལ་ཡང་། །ལྷ་ཆེན་སྲས་མོ་སྲིན་པོའི་ཆུང་མར་གྱུར། །ལྷག་པའི་མཐུ་ཅན་གཤིན་རྗེའི་བུ་མོ་ལ། །རོ་ཐང་ནག་པོར་ཕྱག་ན་རྡོ་རྗེ་ཡིས། །རྟ་མགྲིན་གསང་དབང་སྤྱི་བོར་རྒྱས་བཏབ་ཅིང་། །ལུས་ངག་ཡིད་ལ་ཧེ་རུ་ཀ་དཔལ་དང་། །ཐུགས་ཀྱི་དཔལ་བེའུ་རིགས་ལྔའི་སངས་རྒྱས་ལྔ། །ཕྲ་མེན་བཅུ་དྲུག་ལ་སོགས་རྒྱན་རྣམས་དང་། །རྡོ་རྗེ་ཕོ་ཉ་དྲུག་ཅུ་རྩ་བཞི་ནི། །འཁོར་དུ་དབང་བསྐུར་མཐུ་རྩལ་ཕ་རོལ་སོན། །པདྨ་དམ་པའི་དཔལ་གྱི་སངས་རྒྱས་སུ། །རྒྱལ་བས་ལུང་བསྟན་ད་ལྟ་ཤེས་སྒྲིབ་སྦྱོང་། །སྲིད་གསུམ་འགྲན་ཟླ་མེད་ལ་ཕྱག་འཚལ་བསྟོད། །བྷྱོཿ ལྷ་ཆེན་སྲས་མོ་མ་ཕམ་རོ་ལངས་མ། །ཀླུ་མོ་གཞོག་སྐམ་ཕུར་ལྷ་ཆུ་སྲིན་གདོང་། །ཁྱོད་ཀྱི་ཁོལ་མོ་རེ་མཱ་ཏི་ཞེས་གྲགས། །བསྟན་སྲུང་བྲན་དུ་གྱུར་ལ་ཕྱག་འཚལ་བསྟོད། །བྷྱོཿ ནམ་མཁའ་སྟོང་ལ་དབང་བསྒྱུར་ཞིང་། །འགྲོ་བའི་སྲོག་ལ་མངའ་མཛད་མ། །མ་གསུམ་སྲིང་ལ་སོགས་པ་ཡིས། །བྱེ་བ་ཕྲག་མང་སྤྲུལ་ལ་བསྟོད། །དབྱར་ཞིང་ནམ་མཁའི་ཁམས་ན་རྒྱུག །འབྲུག་དང་གློག་གི་བདག་པོ་མཛད། །ལྕེ་དང་བུ་ཡུག་འབེབ་མཛད་མ། །གློག་མ་སྤྲིན་ལ་ཕྱག་འཚལ་ལོ། །དཔྱིད་ཅིང་ཀུན་ལ་བྲོད་མཛོད་མ། །ཆུ་བོ་ཀུན་གྱི་སྣ་འདྲེན་མ། །ཆུ་བོ་ཀུན་གྱི་གཞུང་འབྱམས་མ། །ནག་མོ་གཙོ་ལ་ཕྱག་འཚལ་ལོ། །སྟོན་ཞིང་འབྲས་བུ་སྨིན་མཛད་མ། །སྤང་པོ་དེ་ནི་ཁ་སེར་ལ། །འབྲུ་དང་ལོ་ཡི་བཅུད་ལེན་མ། །མི་རྣམས་ཀུན་གྱི་དཔལ་འཕྲོག་མ། །གློག་འགྱུ་མ་ལ་ཕྱག་འཚལ་ལོ། །དགུན་ཞིང་རྒྱ་མཚོའི་གཏིང་ན་བཞུགས། །ཁམས་གསུམ་ཀུན་གྱིས་རྒྱས་འདེབས་མ། །ཀླུ་འབྲུག་ཀུན་གྱིས་དགྱེས་སྡེ་མོ། །གློག་འགྱུ་མ་ལ་ཕྱག་འཚལ་ལོ། །བཞི་པ་ནི། ཧཱུྃ་བིགྷྣཱན་ཧ་ཀྲིཏ་ཕཊ྄། ཀྱིས་བསངས། རྃ་ཡྃ་ཁྃ་གིས་སྦྱངས། སྟོང་པའི་ངང་ལས་གནས་ཁང་དུར་ཁྲོད་དྲག་པོའི་བཀོད་པ་འབྱམས་ཀླས་པའི་དབུས་སུ། །འཇིགས་རུང་ཐོད་པ་བསེ་ལྕགས་ཀྱི་མཁར། །དམ་ཉམས་པའི་དགྲ་བོ་བསྒྲལ་བའི་མགོ་རུས་དོན་སྣོད་དབང་ལྔ། ནལ་བུའི་སྙིང་། བྱ་ནག་ཁྱི་ནག །སྲིན་གྱི་བོང་བུ་དམར་གྭ་སོགས། ཕྱི་ནང་གསང་བའི་མཆོད་རྫས། རྟེན་རྫས། སྒྲུབ་རྫས། བསྐང་རྫས། ཁྱད་པར་གྱི་རྫས་རྣམས་ངོ་བོ་ཡེ་ཤེས་ལ། རྣམ་པ་ལྷ་རྫས་ཀྱི་མཆོད་སྤྲིན་མ་ཚངས་བ་མེད་པ། བདེ་སྟོང་ཟག་པ་མེད་པའི་དཔལ་དུ་ཅིར་ཡང་འཆར་ཞིང་རྒྱས་པར་གྱུར་ཅིག །ནམ་མཛོད་ཀྱི་སྔགས་རྒྱས་བྱིན་རླབས་ནས། བྷྱོཿ མ་ཅིག་ལྷ་མོ་གསན་ཅིང་དགོངས་སུ་གསོལ། །སྲིང་གཅིག་ལྷ་མོ་གསན་ཅིང་དགོངས་སུ་གསོལ། །བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ་གཅིག་མ། །ནད་དང་རིམ་གྱི་བདག་མོ་ཆེན་མོ་ཁྱོད། །ཐུགས་དམ་བསྐང་ཕྱིར་གནས་འདིར་གཤེགས་སུ་གསོལ། །ཉམས་ཆག་སེལ་ཕྱིར་གནས་འདིར་གཤེགས་སུ་གསོལ། །ཕྲིན་ལས་སྒྲུབ་ཕྱིར་གནས་འདིར་གཤེགས་སུ་གསོལ། །ཧཱུྃ། བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །འབོད་པའི་དམ་རྫས་ཡིན་པའི་ཕྱིར། །ཞིང་ཆེན་གཡབ་མོས་ཐུགས་དམ་བསྐང་། །རང་བཞིན་གནས་ནས་སྤྱན་འདྲེན་ཕྱིར། །མི་རྐང་གླིང་བུའི་ཐུགས་དམ་བསྐང་། །མཆོད་པའི་མཐུན་རྫས་ལགས་པས་ན། །རོལ་མོ་སྒྲ་ཡིས་ཐུགས་དམ་བསྐང་། །དམ་ཚིག་གཉན་པོ་བསྲེ་བའི་ཕྱིར། །བདུད་རྩི་སྨན་གྱི་ཐུགས་དམ་བསྐང་། །བརྟེན་པའི་དམ་རྫས་ཡིན་པའི་ཕྱིར། །མི་དབང་སྙིང་གིས་ཐུགས་དམ་བསྐང་། །འཆི་ཁའི་མཚལ་ཏིག་དམར་པོ་དང་། །རྡོ་སོལ་མེ་ཡིས་ཐུགས་དམ་བསྐང་། །དགོས་པའི་དམ་རྫས་ཡིན་པའི་ཕྱིར། །ཤིང་ལོ་རླུང་ཁྱེར་སར་མ་ལྷུང་། །དགྱེས་པའི་དམ་རྫས་ཡིན་པའི་ཕྱིར། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། །བདུག་སྤོས་མར་མེ་དྲི་ཞལ་ཟས། །རོལ་མོ་ཕྱི་ཡི་མཆོད་པ་དང་། གཟུགས་སྒྲ་དྲི་རོ་རེག་ཆོས་དང་། །མི་རྟ་གླང་ཁྱི་བྱ་ཤ་ལྔ། །བྱང་སེམས་རྒྱུད་པ་རཀྟ་སོགས། །བདུད་རྩི་གསང་མཆོད་ཐུགས་དམ་བསྐང་། །མགྲིན་པའི་གསང་ནས་སྦྱོར་བའི་ཕྱིར། །ར་བྱ་དགྲ་ཁྲག་ཐུགས་དམ་བསྐང་། །ལྗགས་ཀྱི་གཟའ་བའི་དམ་རྫས་སླད། །བཤོས་གཙང་ཆང་ཁུར་སྒོག་ཙོང་དང་། །དགྲ་བགེགས་ཤ་ཁྲག་ནལ་བུའི་ཤ། །ཤ་རུས་ཚོགས་ཀྱིས་ཐུགས་དམ་བསྐང་། །སྒྲུབ་པའི་དམ་རྫས་ཡིན་པའི་ཕྱིར། །རྟག་གཏོར་ཆེན་པོས་ཐུགས་དམ་བསྐང་། །མ་དང་མི་འབྲལ་འགྲོགས་པའི་ཕྱིར། །རྒྱུན་གཏོར་ཆེན་པོས་ཐུགས་དམ་བསྐང་། །ཕྱི་ནང་གསང་རྟེན་ཡིན་པའི་ཕྱིར། །བོང་བུ་གྭ་དམར་ལུག་ནག་དང་། །དེ་མོ་རྨ་བྱ་དར་ནག་པོ། །བྷནྫ་རྨ་བྱ་ནལ་བུ་ཡི། །རྒྱལ་མཚན་ཨ་མྲྀ་ཏ་མྱོས་བྱེད། །གྲི་ནལ་སྙིང་གིས་ཐུགས་དམ་བསྐང་། །སྐུ་གསུང་ཐུགས་རྫས་ཡིན་པའི་ཕྱིར། །བྲིས་ལུགས་སྐུ་དང་རྔ་དབྱངས་དང་། །དྲིལ་བུ་ཅང་ཏེའུ་བསྐུལ་བའི་སྒྲ། །ཛབ྄་དང་ཏིང་འཛིན་ཐུགས་དམ་བསྐང་། །འདོད་ཁམས་གཙོ་མོ་ཆེན་པོ་ལ། །རྒྱལ་སྲིད་བདུན་དང་རྫས་རྟགས་བརྒྱད། །རི་རབ་གླིང་བཞི་ཉི་ཟླ་དང་། །གོ་ཁྲབ་མཚོན་ཆའི་རིགས་ཐམས་ཅད། །སྐུ་འབག་ཕོད་ཀ་རུས་རྒྱན་ཞྭ། །ཕྲེང་བ་དར་སྣ་དཔག་བསམ་ཤིང་། །ཐོད་པ་ལྕགས་བསེ་རིན་ཆེན་ཁང་། །ལྕེ་སྤྱང་རི་དྭགས་གཡུང་དྭགས་དང་། །ཆུ་གནས་དབུགས་རྐྱལ་མདའ་དར་ཤ །ཁྲག་ནད་བསྐྱིལ་བའི་དུག་རྫིང་མཚོ། །ནད་རྐྱལ་ཁྲམ་ཤིང་དཔག་བསམ་ཤིང་། །ཚོན་གྱི་གྲུ་གུ་སྦྲུལ་ཞགས་དང་། །རླུང་འཚུབས་འཇའ་གུར་བྱང་དམར་བམ། །མེ་ལོང་སྒྲ་སྦྱར་ཏིང་ཏིང་ཤག །སྒ་དང་ལན་ཚ་སྤོད་ཀྱི་རིགས། །ཚིལ་གསུར་རྣམ་བྱ་མི་ནག་དང་། །ཤང་ཤང་འཁྲུང་འཁྲུང་ལ་སོགས་བྱ། །འཇོལ་བེར་ནག་པོ་རྣ་རྒྱན་སྦྲུལ། །སེང་གེ་དང་ནི་གསེར་འཁོར་དྲིལ། །ཆུ་སྲིན་ལྤགས་དང་ཞིང་ལྤགས་དང་། །གླང་ཀོ་སྟག་ཤམ་རེ་ལྡེ་དང་། །དུང་ཆེན་དམར་བསྐྱིལ་རལ་གྲི་དང་། །ནེའུ་ལེ་རྐྱལ་ལ་སོགས་པ། །མཐུན་རྫས་ཀུན་གྱིས་ཐུགས་དམ་བསྐང་། །ཧཱུྃ། གཞན་ཡང་ལྷ་གཡག་ངར་སྒྲས་སྟོང་གསུམ་ཁེང་། །གནམ་ལྕགས་རྡོ་རྗེའི་རྭ་རྩེས་དགྲ་བོའི་སྙིང་། །སྙིང་རྗེར་འདྲལ་བ་གདུག་པའི་འགྱིང་ཞོལ་ཅན། །ལྕེ་དམར་ནམ་མཁའི་ཁམས་སུ་ལྷབ་ལྷབ་འདིས། །རེ་ཏི་མ་གསུམ་མ་བདུན་སྲིང་གདོང་བཞི། །དབང་ཕྱུག་མ་སྟོང་བྱེ་འབུམ་སྤྲུལ་པའི་འཁོར། །ཕྱི་རོལ་དུར་ཁྲོད་རྒྱ་མཚོ་ལ་གནས་པའི། །སྣང་སྲིད་མ་མོའི་ཚོགས་ཀྱི་ཐུགས་དམ་བསྐང་། །ཐུགས་དམ་གཉན་པོ་འདི་བསྐང་ནས། །ཉམས་ཆག་གྱུར་ན་བཟོད་པར་གསོལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཕྲིན་ལས་དྲག་ཤུལ་མཐུ་མ་ཆུང་། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ལྔ་པ་ནི། བྷྱོཿ ཀུན་ཏུ་བཟང་མོ་དབྱིངས་ཡུམ་ཕ་རོལ་ཕྱིན། །བདེ་བ་ཆེན་པོའི་དགའ་མ་རྣལ་འབྱོར་མ། །གང་འདུལ་སྤྲུལ་པའི་ཆོ་རོལ་དཔལ་ལྷ་མོ། །སྐྱེ་མེད་ཀློང་ནས་གསན་ཅིང་དགོངས་སུ་གསོལ། །སྣང་བ་འཁྲུལ་པ་རྟག་འཁྱམས་མཁའ་མཉམ་འགྲོ། །སྲིད་མཚོར་ཐོག་མ་མེད་ནས་དྲིན་ཆེ་བ། །དེ་ཀུན་གཏན་དང་འཕྲལ་བདེ་ཀུན་གྱི་སྒོ། །ཐུབ་བསྟན་རིན་ཆེན་མཆོག་ལས་གཞན་ཡོད་མིན། །འོན་ཀྱང་ད་དུས་སྙིགས་མའི་མཐར་ལྷུང་བས། །རྒྱལ་གསུངས་འཆད་དང་སྒྲུབ་པ་ཆེས་ཉམས་ཤིང་། །ལྷག་པར་རྡོ་རྗེའི་ཐེག་དང་བླ་མེད་བསྟན། །ཤིན་ཏུ་འཆལ་བའི་གླིང་འདིའི་བདེ་སྐྱིད་ཟད། །ཁྱད་པར་གང་ལ་བརྟེན་ན་ཚེ་གཅིག་གིས། །མིག་འཕྲུལ་ལྟ་བུར་འཇའ་ལུས་ལ་བགྲོད་ཐབས། །དཔལ་ལྡན་མདོ་དང་སྙིང་པོའི་རྒྱུད་ཀྱི་རྒྱལ། །འཛིན་པའི་བསྟན་འཛིན་སྐྱེས་བུ་མ་དམིགས་སམ། །མཆིས་ཀྱང་ཐོས་བསམ་སློབ་སྒྲུབ་ཕྲིན་ལས་ཚོགས། །རིམ་པར་འགགས་ལས་དངོས་གྲུབ་གཉིས་ཀྱི་དཔལ། །དགུན་གྱི་ཆུ་བཞིན་འབྲི་བ་མ་གཟིགས་སམ། །རྡོ་རྗེ་མཁའ་འགྲོ་ཆེན་མོ་བྲན་དང་གཡོག །སྲིང་གཅིག་བརྩེ་ལྡན་རྡོ་རྗེའི་དམ་ཚིག་ཅན། །རྒྱལ་བསྟན་སྤྱི་དང་ཁྱད་པར་སྙིང་པོའི་བསྟན། །ས་ཡི་སྟེང་འདིར་རྒྱས་པའི་ཕྲིན་ལས་མཛོད། །ལྷག་པར་རྩ་བར་བརྒྱུད་པའི་བླ་མ་དང་། །རྒྱལ་བ་གཉིས་པ་ཀུན་མཁྱེན་རྡོ་རྗེ་འཆང་། །ཀཿཐོག་པ་ཡི་སྤྱན་སྔར་ཁས་བླངས་བཞིན། །བླ་མེད་རྒྱུད་སྡེ་ཀུན་གྱི་སྤྱི་བོ་པ། །གསང་བ་སྙིང་པོའི་བསྟན་པ་འཛིན་པ་ཡི། །རིག་འཛིན་དགེ་སློང་དགེ་འདུན་འདུས་པའི་སྡེ། །ཕྱོགས་མཐར་དར་ཞིང་རྒྱས་པར་མཛད་དུ་གསོལ། །བརྩེ་མ་མཁའ་འགྲོ་ཁྱོད་ལ་མཆོད་པའི་ཚོགས། །རབ་འབྱམས་ནམ་མཁའ་གང་བར་ཡོངས་སྤྲུལ་ཏེ། །གདུག་ཅན་བསྟན་དགྲ་བསྒྲལ་བའི་ཤ་ཁྲག་རུས། །རཀྟའི་ཆུ་གཏེར་ལྦུ་བའི་ཕྲེང་བར་འཕར། །དབང་པོ་རྣམ་ལྔའི་བཀྲག་མདངས་འོད་ཟེར་གསལ། །ཚིལ་ཆེན་བདུག་པའི་དུད་སྤྲིན་མཁའ་ལ་འཁྱིལ། །དམར་གྱི་གཏོར་མ་བྲག་རི་ཁྲོས་པ་འདྲ། །བདུད་རྩི་ཨ་མྲྀ་ཏ་ཡིས་རྦ་རླབས་ཁོལ། །ཟློས་གར་བསྒྱུར་བའི་བྱ་ནག་ཀླད་ལ་ལྡིང་། །མཐུན་རྫས་སྣ་ཚོགས་ཡིད་འོང་ཆར་ལྟར་འཐིབ། །ཅེ་སྤྱང་རྣམས་མང་ངུར་སྐད་གླུ་རུ་ལྡིར། །རྐྱང་ཤེས་གྱི་ལིང་སྨུག་ཆུང་དྲེའུ་བོང་། །དམར་གྭ་སྦྲུལ་དང་རུས་པའི་སྒ་ཆས་བརྒྱན། །དངོས་སུ་འབྱོར་དང་ཡིད་ལས་རབ་བྱུང་བ། །ཕུན་ཚོགས་སྲིད་པའི་དཔལ་ཡོན་ཅི་མཆིས་ཀུན། །ལྷ་མོ་ཁྱེད་ལ་དངས་བའི་སེམས་ཀྱི་འབུལ། །ཉམས་ཆག་མ་ལུས་སོ་སོར་བཤགས་པར་བགྱི། །བདག་ནི་མི་ཤེས་བྱིས་པའི་རང་བཞིན་ཅན། །ཁྱེད་ནི་མཁའ་དབྱིངས་ལྟ་བུའི་རྣལ་འབྱོར་མ། །དེ་ཕྱིར་སྐུ་གསུང་ཐུགས་དང་འགལ་བ་ཆགས། །བསམ་པ་འགྲུབ་པའི་དངོས་གྲུབ་སྩལ་དུ་གསོལ། །དྲུག་པ་བསྐུལ་བ་ནི། བསྐུལ་གཏོར་བཏེགས། འདི་མ་མོ་གསང་རྒྱུད་ལས་འབྱུང་བ་དངོས་སུ་གབ་སྟེ། བྷྱོཿ ཀྱེ་མའོ། །ནད་ཀྱི་བདག་མོ་ཆེན་མོ་སྟེ། །གཤིན་རྗེའི་ལྕམ་གྱི་སྲིང་གཅིག་མོ། །མཛེས་པའི་ལན་བུ་གཅིག་མ་ལ། །རེ་ལྡེ་མཛེས་པས་རྣམ་པར་བརྒྱན། །ཆ་ལུགས་མ་ལུས་འཆང་བྱེད་མ། །རྐང་སྒྲོག་ལྕགས་ཀྱིས་རབ་ཏུ་དཀྲིས། །ཕྱིར་ཕྱོགས་དྲིལ་གྱི་ཕ་ལ་བཅིབ། །འབྱུང་པོ་ཕལ་ཆེར་ཀུན་གྱིས་རྗེ་མོར་མཐོང་། །འབྱུང་པོ་ཕལ་ཆེར་ཤ་ལ་ཆེམ་ཆེམ་ཟ། །མི་ཁྲག་ཆང་གིས་ར་རོར་མྱོས། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡང་། །མཚན་མོ་གཅིག་ལ་ཁྱབ་པར་ཉུལ། །སོང་ཞིག་དེ་ནི་དགྲ་རྣམས་ལོང་། །རལ་པ་འབར་བ་སྟོང་ཁམས་མངགས། དགྲ་རྣམས་ཁྲག་གིས་སྐམ་གྱི་རྒྱ་མཚོ་བསྐྱིལ། །དགྲ་རྣམས་ཤ་ནི་ཁྱོད་ཀྱིས་རྒྱག་མིད་ཅིག །འཕང་བས་དགྲ་ཡི་སེམས་འདྲེན་མ། །དུས་ལ་བབས་ཀྱིས་ད་ཟོ་ཞིག །རྣལ་འབྱོར་ཆེན་མོ་ཨ་ལ་ལ། །དབང་ཕྱུག་ཆེན་མོ་ཨ་ལ་ལ། །གཤིན་རྗེའི་ལྕམ་མོ་ཨ་ལ་ལ། །བདུད་ཀྱི་ཡུམ་གཅིག་ཨ་ལ་ལ། །མདོག་བཟང་ནག་མོ་ཨ་ལ་ལ། །མཚན་བཟང་རེ་ཏི་ཨ་ལ་ལ། ཀྱེ་མའོ། །ནད་དང་རིམས་ཀྱི་བདག་མོ་ཆེན་མོ་ཁྱོད། །རེས་འགའ་དྲག་ཏུ་འཁྲོས་པའི་ཚེ། །སྐུ་ནི་མཐིང་ནག་ཆེན་མོ་ལ། །བུད་མེད་ནག་མོས་སྟོང་ཁམས་གང་། །རལ་པ་སིལ་བུ་མུན་ལྟར་གཏིབ། །སྤྱན་ནས་ཁྲག་གི་མཆི་མ་འཛག །ཤངས་ནས་ནད་ཀྱི་དུད་པ་འཐུལ། །ཞལ་ནས་འོ་དོད་དྲག་པོ་འབོད། །གཡས་ནས་ཞིང་གི་གཡང་གཞི་བརྡེབ། །གཡོན་ན་ནད་ཀྱི་རྐྱལ་པ་ཐོགས། །ནད་དང་རིམས་ཀྱི་བདག་མོ་ཆེན་མོ་ཁྱོད། །འདིར་བྱོན་རྒྱན་གྱི་གཏོར་མ་འདི་བཞེས་ལ། །སྡང་བའི་དགྲ་འདི་ད་ལྟ་ཉིད་དུ་སོད། །རྣལ་འབྱོར་བདག་གི་བཅོལ་པའི་ཕྲིན་ལས་མཛོད། །ༀ་ཏདྱ་ཐཱ། རུ་རུ་བེ་ཏི་སྟ་པ་དེ་ས། རུ་རུ་རོ་རུ་བེ་ཏི་སྟ་པ་དེ་སྭཱ་ཧཱ། ཏདྱ་ཐཱ། རུ་རུ་བ་ཏོ་རྟི་བ་དོ་མ། རུ་རུ་རོ་ཏིཥྛ་ས་དོ་ཧཱུྃ་ཛཿ སྙིང་པོ་འདི་གལ་ཆེན་ལན་དྲུག་ཅུ་བརྗོད་གསུངས། གདུང་བའི་ང་རོ་དབྱུང་ནས་གཏོར་མ་དགྲ་ཕྱོགས་སུ་འཕང་ངོ་། །བདུན་པ་ནི། གཏོར་མ་དཔལ་འབར་གྱིས་མཛེས་པ་ལ་དགུག་གཞུག་བྱས་པ་བཏེགས། ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིས་བྱིན་རླབས། མ་མོའི་སྤྱི་དྲིལ་དང་འཁོར་སྔགས་ཀྱི་མཐར། ས་པཱ་རི་ཝ་ར་ཤ་ཏྲུཾ་མཱཾ་ས་རཀྟ་ཨི་དཾ་བ་ལིཾན་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་ནམ་ཉེར་གཅིག་གིས་ཕུལ། ཀྱཻ། བཅོམ་ལྡན་ཤཱཀྱ་སེང་གེའི་སྤྱན་སྔ་རུ། །ཁྱོད་ཀྱིས་དེངས་ནས་འཁོར་བ་ཇི་སྲིད་བར། །བསྟན་སྲུངས་འགྲོ་སྐྱོངས་དམ་བཅས་ཕྲིན་ལས་བཞིན། །འདིར་བྱོན་བ་ལིང་རི་ལྟར་སྤུངས་པ་དང་། །མཚོ་ལྟར་བསྐྱིལ་བའི་སྨན་རག་འདི་བཞེས་ཤིག །སྔར་བཅོལ་ལས་ཀྱི་བཏང་རག་གཉེན་པོ་དང་། །ད་བཅོལ་ཕྲིན་ལས་གཉེན་པོ་བསྒྲུབ་ཕྱིར་བཞེས། །དཔལ་ལྡན་མ་ལ་ཕྲིན་ལས་བཅོལ་བ་ནི། །ཀ་ཆེན་ལྷ་ཀླུས་བྱས་པའི་གཞལ་མེད་ཁང་། །ཁ་བད་གཡུ་འོད་འཕྲོ་བ་ཐོད་པའི་མཁར། །ག་ཛ་མུ་ཏིག་དོ་ཤལ་བརྒྱན་པའི་མཐར། །ང་རོས་འབོད་པའི་མ་ཚོགས་བྱེ་བ་ཡི། །ཅ་ཅོས་འཇིགས་བསྐྱེད་དྲག་པོའི་དུར་ཁྲོད་གནས། །ཆ་མེད་ཅིར་ཡང་འགྱུར་བ་མུ་ལེའི་མཚོར། །ཇ་རིལ་མགོ་སྐམ་ལྔ་ཡིས་དབུ་བརྒྱན་ཅིང་། །ཉ་རྒྱས་ཉི་ཟླའི་གཙུག་དང་ལྟེ་བའི་རྒྱན། །ཏ་གན་བདེ་བར་རོལ་མཁས་དཔལ་ལྷ་མོ། །ཐ་ཆད་སྡང་དགྲའི་སྙིང་གཟེར་མཆེ་བ་གཙིགས། །ད་ལྟ་བདག་གི་མདུན་འདིར་གཤེགས་ནས་ཀྱང་། །ན་མོ་སོར་འདབ་གཡོ་བའི་ཕྱག་གིས་བསྐུར། །པ་པཱྃ་སྒྲིབ་པས་ཁེང་བ་ཞིང་བཅུའི་ཁྲག །ཕ་མཐའ་ཡོངས་བྲལ་ཏིང་འཛིན་གྱིས་བརླབས་པའི། །བ་གླང་བྱ་རྟ་ཁྱི་སོགས་ཤ་ལྔ་དང་། །མ་ད་ན་དང་བདུད་རྩི་ལྔའི་ཚོགས། །ཙ་ཏུར་ཁྲག་ཞག་ཐལ་མཚན་ཁྱོད་ཀྱིས་གསོལ། །ཚ་ཟེར་ཉི་ལྟར་འབར་བའི་སྤྱན་ཟུང་གིས། །ཛ་ལང་བདུད་སྡེའི་ཚོགས་རྣམས་ཐལ་བར་རློག །ཝ་ལྟར་ལོག་ལྟས་བརྒྱལ་བའི་སློབ་བུ་ཡང་། །ཞྭ་རོངས་ལྐུག་སོགས་ཆད་པས་ཆོམ་ལ་ཕོབ། །ཟ་སྐལ་ཁྲམ་ལ་བཏབ་ནས་ཚོན་གྱིས་ཆིངས། །འ་འུར་མེ་ལུང་འཐབ་པའི་གུར་ཁང་ནས། །ཡ་མ་རཱ་ཛའི་སྲིང་གཅིག་བདག་ཅག་སྐྱོངས། རྭ་བ་རབ་དཀར་གངས་རིའི་ཡུལ་ལྗོངས་འདིར། །ལ་ལ་ཙམ་མིན་ཐུབ་བསྟན་བཀའ་དྲིན་ཅན། །ཤ་ཟ་འདུལ་མཛད་མཚོ་སྐྱེས་རྡོ་རྗེ་ཞེས། །ས་གསུམ་འགྲོ་བའི་མགོན་དེའི་དམ་མནོས་ལྟར། །ཧ་ཧ་སྔ་འགྱུར་རྒྱུད་སྡེའི་ལེགས་བཤད་དང་། ཨ་ཏིའི་སྒོམ་གྲྭ་རྒྱས་པའི་ཕྲིན་ལས་ལ། །ཧི་ཧིའི་བཞད་སྒྲ་འབྱིན་པ་ཁྱོད་གསོལ་ན། །ཨ་ལ་ལ་ཧོ་སྙིང་གི་བདུད་རྩིར་མཛོད། །ཅེས་ཐུགས་དམ་བསྐུལ་བའི་རོལ་མོ་བཅས་རྡོ་རྗེ་ཤུགས་རྒྱས་སྒྲུབ་ཁང་གི་སྟེང་དུ་བསྐྱལ་ལོ། །བརྒྱད་པ་ནི། ༀ་ཤྲཱི་མ་ཧཱ་ཀཱ་ལཱི་དེ་ཝི་རེ་མ་ཏི་ས་པཱ་རི་ཝ་ར་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། སྨན་རག་འབུལ། མ་བྷྱོ་ཛ་ལས་བྱུང་བ་མ་མོའི་ཚོགས། །ཅེ་སྤྱང་བོང་དྲིལ་འབྱུང་བ་བཞི་ལ་ཆིབས། །དཔལ་ལྡན་ལྷ་མོ་རེ་ཏི་མཆེད་བཞི་སོགས། །འཁོར་བཅས་མ་མོའི་ཚོགས་ལ་ཕྱག་འཚལ་བསྟོད། །ༀ་བདག་ནི་རང་རིག་ཡེ་ཤེས༴སོགས། ཕུར་པ་ལས་འབྱུང་བའི་བརྟིང་བཤགས་བྱ་བའམ། མ་རྙེད་ཡོངས་སུ༴སོགས་དང་། ཡི་གེ་བརྒྱ་པས་བཤགས། འཁོར་རྣམས་སྐེམ་བཅས་མ་མོའི་ཐུགས་ཀར་ཐིམ། །བོང་བུ་མ་མོ་ལ་ཐིམ། མ་མོ་ཡང་བདག་གི་ཐུགས་ཀར་ཐིམ། གཞལ་ཡས་ཁང་དང་མེ་རླུང་ཡང་སྟོང་པ་ཉིད་དུ་གྱུར། སྨོན་ལམ་ནི། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི། །ས་ལ་འགྲོ་བས་སངས་རྒྱས་ཀྱི། །ལམ་དེ་ཐམས་ཅད་མཐར་ཕྱིན་ཤོག །བཀྲ་ཤིས་ནི། རྣལ་འབྱོར་མ་དཔལ་སྙིང་རྗེའི་བདུད་རྩི་ལས། །ཡུམ་གྱུར་རྡོ་རྗེའི་རིགས་ཏེ་བུ་ལ་བརྩེ། །གཏུམ་ཆེན་རྔམས་མ་རྒྱུད་ཀྱི་བསྟན་པ་བསྲུངས། །གསང་བ་དབྱིངས་ཕྱུག་མཁའ་འགྲོའི་བཀྲ་ཤིས་ཤོག །དེ་ལྟར་གོང་མའི་གསུངས་བཟང་ལེགས་བཤད་ཀྱི། །ལང་ཚོས་རྣམ་འཁྱུད་སྙིང་གི་མཛའ་ན་མོ། །དོན་མཐུན་སྐལ་བཟང་ཚོགས་ལ་སྐྱེས་སུ་བྱིན། །འདོད་དོན་བདེ་མགུལ་རོལ་ཕྱིར་བརྟེན་པར་རིགས། །དེ་ལས་ཐོབ་པའི་རྣམ་དཀར་དགེ་བ་ནི། །ཏི་སེ་བརྩེགས་མའི་གངས་རི་ལས་འོངས་ལྟ། །དགེ་ཚོགས་ཆུ་རླུང་མ་ལུས་གཅིག་བསྡུས་ནས། །རྣམ་མཁྱེན་རྒྱ་མཚོར་འཇུག་པའི་ཕྱིར་བསྔོའོ། །དེ་ལྟར་རྒྱུད་དང་མན་ངག་ཀུན་གྱི་བཅུད་འགལ་མེད་དུ་བསྡེབས་པ་འདིའང་། བླ་མ་ཀཿཐོག་པའི་ཞབས་སེན་སྙིང་ལ་རྟག་ཏུ་གནས་པས་གསང་ཆེན་རྒྱུད་སྡེ་རིན་པོ་ཆེ་ལ་བློ་གྲོས་ཀྱི་སྣང་བ་ཅུང་ཟད་རྒྱས་པ་ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་ཆོས་ཀྱི་རྒྱ་མཚོས། ཤར་ཀཿཐོག་གི་ཡང་དབེན་བཀྲ་ཤིས་བདེ་ལྡན་གླིང་དུ་སྦྱར་བ་དགེ་ལེགས་འཕེལ། །སརྦ་མངྒ་ལཾ།། །།


previousམ་ཅིག་རང་བྱུང་རྒྱལ་མོའི་མཆོད་གསོལ་འབྲིང་པོ་ངོ་མཚར་འདོད་འཇོའི་རོལ་མཚོ།next