Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་སོ་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འདོད་ཁམས་བདག་མོ་རྡོ་རྗེ་དབྱིངས་ཕྱུག་མའི་སྨིན་བྱེད་ཡོངས་འདུའི་ས་བརྟོལ།
   
   
   


 
previousའདོད་ཁམས་བདག་མོ་རྡོ་རྗེ་དབྱིངས་ཕྱུག་མའི་སྨིན་བྱེད་ཡོངས་འདུའི་ས་བརྟོལ།next

འདོད་ཁམས་བདག་མོ་རྡོ་རྗེ་དབྱིངས་ཕྱུག་མའི་སྨིན་བྱེད་ཡོངས་འདུའི་ས་བརྟོལ།

ཀྲྀ པཱ ནུ ཿ ཀོ བི དཱ ར ཀཱ མ ཏུ པ ཏཱི ཿ བ ཛྲ དྷཱ ཏུ ཤྭཱ རི སྱ བི ཛ ཧ ར།
འདོད་ཁམས་བདག་མོ་རྡོ་རྗེ་དབྱིངས་ཕྱུག་མའི་སྨིན་བྱེད་ཡོངས་འདུའི་ས་བརྟོལ་བཞུགས་སོ། །
དུས་གསུམ་རྒྱལ་བའི་བསྟན་བསྲུང་མ། །དཔལ་ལྡན་ཡུམ་ཆེན་ལ་བཏུད་ནས། །གང་དེའི་སྨིན་བྱེད་བདུད་རྩིའི་མཚོ། །ངོ་མཚར་གྲུབ་པའི་གཞུང་བཞིན་སྤེལ། །འདིར་སློབ་དཔོན་ཆེན་པོ་དྷ་ན་སང་ཀྲི་ཏ་དང་། །པདྨའི་བཀའ་སྲོལ་ལྟར་ལྷ་མོ་རང་བྱུང་རྒྱལ་མོའི་དབང་བསྐུར་གྱི་ཆོ་ག་ལ་གསུམ། སྦྱོར་བ་དངོས་གཞི་རྗེས་སོ། །དང་པོ་ལ་ཆོ་གར་མི་གཏོགས་པའི་སྦྱོར་བ་དང་། ཆོ་གར་གཏོགས་པའི་སྦྱོར་བའོ། །དང་པོ་ནི། དབེན་ལ་ཡིད་དང་མཐུན་པའི་གནས་སུ་སྟེགས་བདེ་བ་ལ། དཀྱིལ་འཁོར་ནི་མ་མོ་བྱང་ཆུབ་སེམས་རྒྱུད་ལས། མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་འདིར། །ཟླ་གམ་དབང་ཆེན་འབར་བའི་མཎྜལ། །གྲུ་ཆད་གྲུ་བཞི་སྒོ་ཁྱུད་བཞི་དང་ལྡན། །དེ་རྒྱབ་ཐོད་ཕྲེང་རྡོ་རྗེའི་རྭ་བ་མེ་དཔུང་འབར། །ཞེས་གསུངས་པ་ལྟར། དབུས་སུ་གྲུ་གསུམ་མཐིང་ནག །དེའི་ལོགས་གསུམ་ཟླ་གམ་ལ་ཁྲག་མཚོ་དམར་པོ། དེ་རྒྱབ་ཐོད་པའི་རྭ་བ་གུར་ཁང་། དེ་རྒྱབ་གྲུ་ཆད་ཐོད་པས་ཁ་བད་བྱས། དེ་རྒྱབ་ཁྲག་མཚོ་དམར་པོ་འཇིགས་སུ་རུང་བ། སྒོ་རྫོགས་རྟ་བབ་བཞི་པ། དུར་ཁྲོད་རྡོ་རྭ་མེ་རི་དང་བཅས་པ། དབུས་སུ་གྲི་གུག་ཐོད་ཁྲག་དང་ཐིག་ལེ་དམར། གྲུ་གསུམ་ཟླ་གམ་ངོས་ཀྱི་གཙོ་མོའི་མདུན་ན་གསུམ། གཡས་གཡོན་དུ་གཉིས་རེ་རྣམས་དང་ཟུར་གསུམ་དུ་ཐིག་ལེ་ནག །གྲུ་ཆད་གྲི་གུག་ཐོད་ཁྲག་བརྒྱད། ཁྲག་ཁྱམ་ལ་ཐིག་ལེ་སྨུག་པོ་རྣམས་བཀོད་པ་བྲིས་པའི་རས་བྲིས་སམ། ཚོམ་བུ་བཀོད་པའི་སྟེང་། མཉྫུའི་ཁར། ཀ་པཱ་ལའི་ནང་དབང་གི་དམར་གཏོར་སྙིང་གཟུགས་མ་གྲུ་གང་བ་གཅིག་ཟས་སྣ་དང་ཆང་ཕུད་ཀྱིས་བྲན་པ། སྐུ་ཙཀ་དང་གཏོར་གདུགས་མེ་རི་རྒྱན་བཟང་པོས་བརྒྱན་ཅིང་འཁོར་ལྷ་གྲངས་གཏོར་ཆུང་ངམ། བྷ་ལིང་གིས་མཚན་པ་དང་། མདུན་དུ་རྟེན་གཏོར་བཤམས་དེ་མཐར་སྨན་རག་སོགས་མཆོད་པས་བསྐོར། ཨ་མྲྀ་ཏའི་རྫས་ཀྱིས་གང་བའི་ཀ་པཱ་ལ་སིནྡུ་རའི་མེ་ལོང་ཆོས་འབྱུང་གི་དབུས་སུ་མ་བྷྱོཿམཚན་པས་བཀབ་པ་མདུན་དུ་བཞག །རལ་གྲི། ཐོད་ཁྲག །ནེའུ་ལེའུ་རྐྱལ་པ། སྤྲོ་ན་ཟན་ལིང་སོགས་སྒྲ་ལ་ཆས། ལྕགས་ཕུར་དང་། ཐུན་མིན་ལ་སྦྱིན་རྒྱུ། བླ་རྡོ་སྲོག་འཁོར་འདུ་བྱས། འབུལ་གཏོར་རྔ་རོལ་སོགས་ཚོགས་པར་བྱའོ། །གཉིས་པ་ནི། རྡོ་རྗེ་གཞོན་ནུའི་དག་གི་རྣལ་འབྱོར་བཟླས་པ་དང་བསྡུ་ལྡང་གི་མཐར། སྔོན་དུ་སློབ་དཔོན་རང་ཉིད་ཀྱིས་མདུན་བསྐྱེད་ལ་དམིགས་མཆོད་གསོལ་བསྙེན་པ་དང་བཅས་པ་རྒྱས་པར་གྲུབ་འཕྲལ། བྷནྡྷའི་ནང་དུ་ཡེ་ཤེས་ཀྱི་དཔལ་ལྷ་མོ་བོང་དྲེལ་མེད་པ་གཅིག་གསལ་ནས་བསྙེན་པ་ཅུང་ཟད་བྱས་པ་མཐར་འོད་ཞུ་བྱ། སློབ་མའི་ལས་བྱ་བའི་ཆེད་དུ་འཁྲུགས་བསྐང་བྱས་ནས། ལས་བུམ་དུ་བགེགས་མཐར་བྱེད་སྒྱུ་འཕྲུལ་འབྱུང་བ་ལྟར་བསྒྲུབ། གཉིས་ལའང་ཐུན་མིན་དང་ཐུན་མོང་གི་དམིགས་རིམ་བྱ་ཚུལ་ལོ། །དང་པོ། དོན་དུ་གཉེར་བའི་དད་ལྡན་དམ་ཚིག་ཐུབ་ངོས་རྣམས་ལ་ཁྲུས་དང་། ཕྱག་གི་གྲལ་དུ་འཁོད་བཅུག་སྟེ། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་མཁྱེན་བླ་ན་མེད་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེ་ཡི་ཆེད་དུ་བསྟན་པ་སྲུང་བའི་ཆོས་སྐྱོང་གི་སྨིན་བྱེད་ཞུ་སྙམ་པའི་ཐུགས་བསྐྱེད་པ་རིན་པོ་ཆེ་གསལ་བཏབ་ནས་གསན་པར་ཞུ། དེ་ཡང་ཡོན་ཏན་རིན་པོ་ཆེ་འཕགས་པ་སྡུད་པ་ལས། རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་ཚེ་བའང་མང་། དེ་ལ་བར་ཆད་བྱ་ཕྱིར་བདུད་ནི་སྤྲོ་བར་འགྱུར། ཞེས་གསུངས་པ་ལྟར་སྤྱི་དམ་པའི་ཆོས་སྒྲུབ་པའི་གང་ཟག་ལ་བར་ཆད་ཀྱི་འཚེ་བ་མང་ཞིང་། ཁྱད་པར་དུའང་བདུད་དང་ནག་པོའི་ཕྱོགས་ཐམས་ཅད་ཀྱིས་སྡང་བའི་གླགས་ཚོལ་བ་མང་བས་དེ་འདུལ་བའི་ཕྱིར། རྒྱལ་བ་ཐབས་མཁས་ལ་ཐུགས་རྗེའི་དབང་ཕྱུག་ཆེན་པོ་དེ་ཉིད་ཀྱིས་རྒྱུད་དང་མན་ངག་གི་ཚུལ་དུ། བར་ཆད་སེལ་ཞིང་གདུག་པ་འདུལ་བའི་བསྟན་བསྲུང་དུ་མ་ཞིག་བསྟན་པ། གངས་ཅན་གྱི་ལྗོངས་འདིར་རྡོ་རྗེ་ཐེག་པ་གསར་རྙིང་བཀའ་སྲོལ་རྣམས་སུ། ཡེ་ཤེས་དང་འཇིག་རྟེན་གྱི་རང་བཞིན་ཕོ་མོའི་རྒྱུད་དུ་གཏོགས་པའི་བསྟན་སྲུང་མི་འདྲ་བ་དུ་མ་ཞིག་བྱོན་པ་ལས། སྐབས་སུ་བབ་པ་རྗེ་བཙུན་བླ་མ་འཇམ་པའི་དབྱངས་ཤར་ཀཿཐོག་པ་ཆེན་པོ་བླ་ཆེན་སྤོབས་པ་མཐའ་ཡས་ཞེས་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་བསྟན་པའི་བདག་པོར་གཞུགས་ཤིང་ཕྲིན་ལས་ནམ་མཁའ་དང་མཉམ་པ་དེའི་སྙན་བརྒྱུད་མན་ངག་གི་ཆོས་བསྐོར་ལས་བྱུང་བ་རྡོ་རྗེའི་ཆོས་སྐྱོང་བའི་བསྲུང་མ་དཔལ་ནག་པོ་ལྕམ་དྲལ་རྣམ་གསུམ་ནས་སྙིང་ཉེ་ལ་མཐུ་བྱིན་ཆེ་བ། འགྲུབ་སླ་ལ་བཀྲ་ཤིས་པ་སྟེ་ཐུན་མོང་དང་། བླ་མ་ལྟར་བསྟེན་པས་ཡེ་ཤེས་འཆར། ཡི་དམ་ལྟར་བསྟེན་པས་དངོས་གྲུབ་སྩོལ་བ། ཚེ་འདི་ཕྱི་བར་གསུམ་གྱི་ལེགས་ཉེས་སྐྱོང་ངེས་པ་སྟེ། མཆོག་གི་ཁྱད་པར་གསུམ་དང་ལྡན་པ་རྒྱུད་ཀྱི་ཁུངས་ཆེ་བ། མན་ངག་གི་ཕྱག་ལེན་ཞིབ་པ། ནུས་མཐུ་རྣོ་ངར་གྱི་གནད་ཚངས་བ། གྲུ་ཐོབ་ཀྱི་ལུགས་བཟང་པོ་ཁྱད་པར་དུ་འཕགས་པ་བཞུགས་པ་ལས། བྱེ་བྲག་འདིར་སྤྱི་རྒྱུད་སྲིད་པ་མ་མོའི་དེམས་ཆེན་མོ་སོགས་ལས་ཟིན་ཅིང་། སྒོས་རྒྱུད་མཁའ་འགྲོ་མ་མོ་ལྕེ་འབར་མ་དང་། མ་མོ་བྱང་ཆུབ་སེམས་ཀྱི་རྒྱུད་དང་། རྡོ་རྗེ་ལྷ་མོ་ནག་མོ་དབང་ཕྱུག་མའི་རྒྱུད་དང་། འཕགས་པ་དཔལ་ལྡན་ལྷ་མོ་ནག་པོའི་སྔགས་རྒྱུད་སོགས་ཀྱིས་བསྟན་དོན་ཐུགས་ཀྱི་མ་མོ་རང་བྱུང་རྒྱལ་མོ་རེ་ཏི་བྲན་གཡོག་གི་དབང་བསྐུར་དང་རྗེས་གནང་བསྒྲུབ་པར་བགྱི་བ། ལོ་རྒྱུས་ཅུང་ཟད་འབུལ་ན། དེ་ཡང་དོན་ལ་རྒྱལ་བ་ཐམས་ཅད་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མའམ་ཀུན་ཏུ་བཟང་མོ་དང་། རྡོ་རྗེ་རྣལ་འབྱོར་མར་གྲགས་པ་ཉིད་མཚན་དང་སྐུ་ཡི་བཀོད་པ་ཙམ་ལས་ཐ་དད་མ་ཡིན་ཅིང་། ཆོས་ཐམས་ཅད་སྐྱེ་མེད་མ་མོ་རོལ་པའི་དཀྱིལ་འཁོར་གྱི་འཁོར་ལོ་སངས་རྒྱས་དང་། དེ་མ་རྟོགས་པའི་གདུལ་བྱ་ལ་ཕྲིན་ལས་དྲག་པོས་འདུལ་བའི་བཅོམ་ལྡན་འདས་བླ་མེད་ཧེ་རུ་ཀའི་ཉིད་བཞི་མུ་ཁ་ལེ་དང་དབྱེར་མ་མཆིས་པར་སྟོན་པ་ཉིད། ཐུན་མོང་གདུལ་བྱའི་ཚུར་མཐོང་ལ། ལས་ཚུལ་བསམ་གྱིས་མི་ཁྱབ་པའི་ཐབས་མཁས་ཀྱི་མཛད་པ་ཅིར་ཡང་འཆར་བས། སྔོན་རི་རབ་ཀྱི་རྩེ་མོ་སུམ་ཅུ་རྩ་གསུམ་ལྷ་ཡི་དགའ་ཚལ་དུ་ཡབ་དབང་ཕྱུག་ཆེན་པོ་དང་ཡུམ་ཨུ་མ་དཀའ་བཟློག་ལྷ་མོའི་སྲས་མོར་འཁྲུངས་ཏེ་ལྷ་མ་ཡིན་གྱི་དམག་དཔུང་ཚར་བཙད། དཀའ་ཐུབ་ཀྱི་ཚལ་བསྟེན་པས་ལྷ་མོ་དུང་སྐྱོང་མའམ། རི་ཁྲོད་ལོ་མ་གྱོན་པར་གྲགས། ལས་དབང་གིས་སྲིན་པོ་དྷ་ཤ་གྷྲི་ཝའི་གཡོ་ཐབས་ལ་བརྟེན་ནས་ཆུང་མར་ཁྱེར་བ། ཁྱོ་ཤི་བས་སྲིན་པོའི་རལ་གྲི་སོགས་ཁྱེར་ཏེ་འབྲོས་པས་ལྕེབ་ཅིང་། སྨོན་ལམ་མཐུས་ཆོས་རྒྱལ་གཤིན་རྗེའི་སྲིང་མོར་གྱུར་ནས། ཁོལ་མོ་རེ་མ་ཏིའམ་སྐེམ་མ་ཆུ་སྲིན་གདོང་དང་བཅས། རྫུ་འཕྲུལ་གྱི་བོང་དྲེལ་ལ་བཅིབས་ནས་ཕྱོགས་བཅུར་རྒྱུ་ཞིང་སེམས་ཅན་ལ་གནོད་ཚེའི་ཚུལ་སོགས་ཀྱང་མང་དུ་བསྟན་པའི་མཐར། བྲམ་ཟེ་མཆོག་སྲེད་ཀྱི་གྲོགས་སུ་བྱས་ཏེ་སྒྲུབ་ཐབས་བསྟན། བྱང་ཆུབ་ཤིང་གི་དྲུང་དུ་ཕྱིན་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོན་མཆོག་ཐུགས་རྗེ་ཅན་ལས་སེམས་བསྐྱེད་དེ་སྲོག་གི་སྙིང་པོ་འབུལ། ཁྲོ་རྒྱལ་རྟ་མགྲིན་གྱི་གསང་བའི་གཟུངས་མ་བགྱིས། དཔལ་ཕྱག་ན་རྡོ་རྗེ་ལས་དམ་མནོས་ཏེ་ས་བརྒྱད་སའི་སེམས་མར་གྱུར། སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་བསྲུང་བའི་གཙོ་མོ། ཡེ་ཤེས་ཀྱི་མགོན་པོ་རྣམས་ཀྱི་ཡུམ་དང་ལྕམ་སོགས་ཅིར་ཡང་སྟོན་པས་བཞུགས་པ་འདི་ཉིད་ཀྱི་སྒྲུབ་ཐབས་ལ་རྗེ་ན་རོ་པའི་བཀའ་སྲོལ་དུད་སོལ་མ་དང་། པཎ་ཆེན་དམར་མོའི་ལུགས་ཀྱིས་དམག་ཟོར་མ་སོགས་གསར་མའི་སྡེ་རྣམས་ཀྱང་འདི་དང་ངོ་བོ་གཅིག་ལ། མ་མོ་ཐམས་ཅད་ཀྱི་རྒྱུད་ལུང་མན་ངག་རྣམས་གྲུབ་པའི་སློབ་དཔོན་བརྒྱད་ཀྱི་ནང་ཚན་དྷ་ན་སཾ་ཀྲི་ཏ་ལ་བཀའ་བབ་པ་ལས་འདིར་དེར་ཨོ་རྒྱན་དུས་གསུམ་མཁྱེན་པ་ལ་གནང་བ་དང་། དེས་ཐུགས་སྲས་རྗེ་འབངས་ཉི་ཤུ་རྩ་ལྔའི་ནང་ཚན་མ་མོ་བྲན་ཁོལ་འབྲོག་མི་དཔལ་གྱི་ཡེ་ཤེས་ལ་གནང་བ་ནས་བཟུང་། སོ་ཟུར་གནུབ་གསུམ་སོགས་གསང་ཆེན་རྙིང་མའི་རིག་འཛིན་གསང་སྔགས་ཀྱི་རྒྱལ་པོ་གོང་མ་ཐམས་ཅད་ཀྱིས་བཀའ་སྲུང་དུ་བསྟེན་པ་དཔལ་རང་བྱུང་རྒྱལ་མོ་དང་། ཡང་སློབ་དཔོན་དྷ་ན་སཾ་ཀྲི་ལས་བཻ་རོ་ཙ་ནས་གསན་ཅིང་དེ་ལས་འབྲོག་མི་དཔལ་སེང་། དེ་ལས་རིམ་བཞིན་བརྒྱུད་པ་བླ་མ་དཔལ་འཛིན་ཆེན་པོ་ལས་ཤར་ཀཿཐོག་པས་གསན་པའི་མ་མོ་རང་བྱུང་རྒྱལ་མོའི་གཞུང་ཆེན་དང་། ཡང་སློབ་དཔོན་པདྨས་མཛད་པའི་གཞུང་ལྕགས་ཕུར་བདུན་པའམ། མ་མོ་སྲོག་སྒྲུབ་ཏུ་གྲགས་པའི་སྐོར་སུ་ཧྲིང་བ་ཞང་བཙུན་དར་མ་རིན་ཆེན་གྱིས་གཏེར་ནས་བཏོན་པ། ཞང་བཙུན་པའི་སློབ་མ་བླ་མ་བྲག་སྟོད་ཀྱི་ཅོག་རོ་ག་ཆུ་བ་ཆེན་པོ་ལས་གསན་པ་བཅས་བཀའ་གཏེར་གསུམ་ཆུ་བོ་གཅིག་འདྲེས་སུ་གྱུར་པའི་ཡེ་ཤེས་པ་ལྟར་དབང་བསྐུར་བ་དང་། འཇིག་རྟེན་པ་ལྟར་ལས་ཀྱིི་རྗེས་སུ་གནང་བ་གཉིས་འབུལ་བའི་དང་པོ་ལའང་སློབ་དཔོན་གྱི་བགྱི་བར་འོས་པ་གྲུབ་པ་སྐུ་ཉིད་ཀྱིས་བགྱི་བར་འོས་པ་སྤྱོར་བ་དབང་གི་སྣོད་སྒྲུབ་པ་དང་། དངོས་གཞི་དབང་བསྐུར་སྦྱིན་པ་གཉིས་ཀྱི་དང་པོ་བླ་མ་ལ་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་མཚམས་སྦྱར་ནས་མཎྜལ་འབུལ་དུ་བཞུགས། གསོལ་བ་གདབ་པ་འདི་ཡི་རྗེས་ཟློས་ཞུ། ཤཱཀྱ་སེང་གེའི་བསྟན་པ་ལ། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །དཔལ་ལྡན་ལྷ་མོ་ནག་མོ་ཡི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དང་། །དབང་དང་ཕྲིན་ལས་རྩལ་དུ་གསོལ། །ལན་གསུམ། མདུན་གྱི་ནམ་མཁར་བླ་མ་བླ་མེད་ཧེ་རུ་ཀ་ཡུམ་དང་བཅས་པའི་སྐུར་གསལ་བ་ལ་རྒྱལ་བ་སྲས་དང་བཅས་པས་བསྐོར་བ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་དང་། ཆོས་ཐམས་ཅད་རང་བཞིན་དག་པའི་ཆོས་སྐུ་ཡིན་པ་ལ་ངོ་མ་ཤེས་ཤིང་འཁོར་བར་འཁྱམས་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ལ་འགོད་པར་བྱ་བའི་ཆེད་དུ་སེམས་བསྐྱེད་དེ་ཚོགས་བསགས་པ་ལ། རྒྱུན་བཤགས་ཡན་ལག་བརྒྱད་པ་བྱ་བ་འདི་ཡི་ཚིག་རྗེས་སུ་དོན་དྲན་པས་རྗེས་ཟློས་ཞུ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ་སོགས་ལན་གསུམ། ཚོགས་ཞིང་དེ་དག་གི་སྤྱན་སྔར་གསང་སྔགས་རྡོ་རྗེ་ཐེག་པའི་སྤྱི་དང་བྲེ་བྲག་གི། བསྡུས་པ་རྩ་བ་དང་ཡན་ལག་གི་དམ་ཚིག་ཐམས་ཅད་འཛིན་པར་བགྱིའོ་སྙམས་པས་འདིའི་རྗེས་ཟློས་ཤིག །ༀ། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང་། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་རླབས་མཛོད། །དུས་ངན་ཐ་མའི་འཇིག་རྟེན་འདིར། །སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབ། །བྱང་ཆུབ་སྤྱོད་དཀའ་བདག་གིས་བསྐྱེད། །རྡོ་རྗེའི་རྣལ་འབྱོར་དཀྱིལ་འཁོར་འདིར། །བདག་ཅག་བསམ་པ་འགྲུབ་གྱུར་ཅིག །ལན་གསུམ། ད་ཡེ་ཤེས་མ་མོ་སྙིང་ཞུགས་ཀྱི་དབང་གི་གཞི་དང་པོ་དགོད་ཅིང་ཡེ་ཤེས་དབབ་པ་ལ་དམིགས་པ་འདི་བཞིན་མཛོད། ཁྱེད་རང་རྣམས་ཀྱི་ལུས་འོད་ཀྱི་རང་བཞིན་དུ་གྱུར་པའི་སྙིང་གའི་ནང་དུ་སྐད་ཅིག་གིས་སྤྲུལ་པའི་དྲེའུ་སྨུག་པོ་རླུང་གི་གཤོགས་པ་ཅན། རྐང་གསུམ་མྱུར་མགྱོག་རྫུ་འཕྲུལ་གྱི་རྩལ་དང་ལྡན་པ། ཐོད་སྐམ་འབར་བ་དང་བསྭེ་སྒ་དམར་པོ་སྦྲུལ་ནག་གི་གོང་སྨེད་ཅན། གཡུ་མཐུར་སྔོན་པོ། བྱི་རུ་དང་རིན་པོ་ཆེའི་སྲབ་དང་། མི་མགོ་སྐོམ་པོ་སྟོང་པའི་དམ་ལས་འཕྱང་བའི་དྲིལ་བུ་གཡེར་ཁའི་དྲྭ་བས་བརྒྱན་པའི་སྟེང་། དཔལ་ལྡན་ལྷ་མོ་སྐུ་མདོག་མཐིང་ནག་ཏུ་འདུག་པ། མེ་དཔུང་རབ་ཏུ་འབར་བ། རབ་ཏུ་ཁྲོ་པའི་ཞལ་གཅིག་སྤྱན་གསུམ་བགྲད་ཅིང་མཆེ་བ་བཞི་རྣམ་པར་གཙིགས་ནས་ལྗགས་གློག་ལྟར་འདྲིལ་བ། འགྱུར་བའི་ཁྲོ་གཉེར་བསྐྱོད་ཅིང་སྨིན་ཚུགས་དུས་རླུང་གི་བསྡུས་པའི་ཆར་སྤྲིན་ལྟར་གནག་པ་བསྡུད་པ། རལ་པ་ཁོམས་ནག་གྱེན་དུ་བརྫེས་ཤིང་མཐུར་དུ་བཤལ་བའི་ཐོད་པ་བཅུ་དྲུག་གི་རྩ་ཆིངས་དང་། ཐོད་སྐམ་ལྔས་དབུ་བརྒྱན་པ། རལ་གྲི་རྣོ་གདུག་འབར་བའི་སྡིགས་པའི་ཡུ་བ་ཅན་ཕྱག་གཡས་ན་འཛིན་ཅིང་། སྲིན་ཁྲག་བཅུད་ཀྱིས་གང་བའི་ཐོད་ཕོར་གཡོན་ན་འཛིན་པ། སྦྲུལ་དང་རུས་ཆས་སྟག་ལྤགས་གླང་ཀོ་རེ་ལྡེ་གསོལ་ཞིང་ཞིང་གི་ཕྲ་ཁེབ་གཡོ་བ། རྨ་བྱའི་མདོངས་སྒྲོ་དབུ་ལ་མཛེས་ཤིང་སྙན་ཆ་སེང་སྦྲུལ་འདོགས་པ། དཔྲལ་བར་ཟླ་བ་ཚེས་ཤིང་། ལྟོ་ན་ཉི་མ་འཆར་བ། འཇའ་ཚོན་མཐའ་སྐུད་བཏབ་པའི་དར་ནག་གི་གོ་ཟུ་བཅིང་བར་ལམ་སྟེ་གྱུར་པའི་མོས་པ་མཛོད། དེ་ཡི་གནས་གསུམ་དུ་ༀ་དཀར་ཟླ་བ། ཨཱཿདམར་པདྨ། ཧཱུྃ་མཐིང་ཉི་མ་ལ་གནས་པའོ། །དེ་ནི་དམ་ཚིག་སེམས་དཔའ་དང་ཏིང་འཛིན་སེམས་དཔའི་ཐུགས་ཀར་པདྨ་ཉི་མའི་གདན་སྟེང་ན་མཿདང་བྷྱོཿམཐིང་ཀ་འོད་ཟེར་འབར་བ་ཞིག་བསྒོམ་ནས་བླ་མ་ལ་དཔལ་རྡོ་རྗེ་གཞོན་ནུ་དངོས་ཡིན་སྙམས་པའི་འདུ་ཤེས་ཀྱིས་རྗེས་ཟློས་ཞུ། བླ་མ་རིན་པོ་ཆེ་བདག་ལ་དཔལ་ལྡན་ལྷ་མོ་དབབ་པར་མཛད་དུ་གསོལ། ཡུམ་ཆེན་མ་ཆེན་དབབ་པར་མཛད་དུ་གསོལ། ཞེས་ལན་གསུམ། གསོལ་བ་བཏབ་པས་སློབ་དཔོན་རྡོ་རྗེ་གཞོན་ནུའི་ཐུགས་ཀ་ནས་ཁྲོ་བོ་འདོད་རྒྱལ་ཞལ་གཅིག་ཕྱག་གཉིས་ལྕགས་ཀྱུ་དང་ཕུར་པ་ཐོགས་པ་སྤྲོས། ཕྱག་གཡས་ལྕགས་ཀྱུའི་བྱང་ཤར་མཚམས་ནས་ཡེ་ཤེས་སེམས་དཔའ་དཔལ་ལྡན་ལྷ་མོ་ནག་མོའི་དྲེལ་སྣ་ནས་བཟུང་། ཕྱག་གཡོན་གྱི་ཕུར་པས་ཕྱིར་འབྲང་གི་བགེགས་བསྐྲད་དེ་མདུན་དུ་སྤྱན་དྲངས་པའི་ཡེ་ཤེས་པ་སྙིང་གི་དབུས་སུ་ཞུགས། དམ་ཚིག་སེམས་དཔའ་དང་དབྱེར་མེད་དུ་གྱུར་པར་བསྒོམ་ཤིག །ཅེས་བསྐུལ་སྤོས་བསྲེགས་རོལ་མོར་བཅས། ཀྱཻ། མ་ཅིག་ལྷ་མོ་དཔལ་ལྷ་མོ། །དད་པ་དང་ནི་སོགས་མཆོད་ཕྲིན་འབྲིང་པོ་ལས་བྱུང་བའི་ཚིག་གིས་སྤྱན་འདྲེན་མཐར། ༀ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུགྨེ་ཧཱུྃ་བྷྱོ་ཛ་ཛཿ ཞེས་བདུན་ནམ་ཉེར་གཅིག་བརྗོད། ཡང་སྤོག་པའི་ཆོ་ག་བྱ་བ་ལ་དམིགས་པ་འདི་བཞིན་དུ་མཛོད་ཁྱད་པར་རང་རྣམས་ཀྱི་སྙིང་ཁར་བཞུགས་པའི་ལྷ་མོ་དྲེལ་དང་བཅས་པའི་ཞབས་སུ་ཡྃ་ཛྷིཾ་ལས་རླུང་གི་དཀྱིལ་འཁོར་ཁ་དོག་ལྗང་གུ། དབྱིབས་གཞུ་བརྡུང་བ་ལྟ་བུ། ཟུར་བཞིར་བ་དན་གཡོ་བས་མཚན་པའི་བ་དན་བསྐྱོད་རླུང་གིས་ལྷ་མོ་དང་ཁྱེད་རྣམས་ཀྱི་ལུས་བཅས་བཏེགས་ནམ་མཁའ་ལ་ལམ་ལམ་འཕྱོ། ལྷ་མོའི་སྐུ་ལས་བདུད་རྩིིས་ཆར་བབས། རང་གི་ལུས་ཐམས་ཅད་གང་། བདེ་བ་ཆེན་པོ་བཟོད་དུ་མེད་པ་འབར་སླར་ཡང་ལྷ་མོའི་སྐུ་མང་དུ་བྱུང་། སྙིང་ལ་ཐིམ། ལྷ་མོ་བླ་མ། བླ་མ་ལྷ་མོ་དབྱེར་མེད་པ་རང་སེམས་སྟོང་ཉིད་ལས་བདེ་བ་འབར་བར་བསམ། ནས་གོང་གི་སྔགས་ཀྱི་མཐར། ༀ་བེ་ཤ་ཡ་ཛྷཻཾ་ཨ་ཨཿ ཞེས་བཏང་བ་དྲག་ཏུ་བརྗོད་སྤོས་རོལ་བྱ། ཡང་མ་མོའི་ཐུགས་ཀའི་མ་བྷྱོཿལས་འོད་ཟེར་གྱེན་དུ་ཕྲོས། སྣ་བུག་གཡོན་ནས་ཚུར་བྱུང་བས་ཕྱོགས་བཅུ་ནས་རྡོ་རྗེ་རྣལ་འབྱོར་མ་དང་། ཡེ་ཤེས་ཀྱི་མཁའ་འགྲོ་ཐམས་ཅད་མ་མོ་ནག་མོའི་རྣམ་པར་སྤྱན་དྲངས་སྙིང་གི་མ་མོ་ལ་ཐིམ་པར། བསམ་ལ། བཛྲ་ཌཱཀྐ་ཌཀྐི་ནི་བྷ་ར་ཧི་བྃ་ཧ་རི་ནི་ས་མ་མོ་ནག་མོ་ཏིང་ལམ་མ་མོ་ནག་མོ་དུན་ཏིང་བྷྱོཿཛ་ཧཱུྃ་བྃ་ཧོཿ ཞེས་མང་དུ་བཟླས་ཤིང་སྤོས་རོལ་བྱ། ཡང་སློབ་དཔོན་གྱི་ཐུགས་ཀའི་འོད་དང་མ་མོའི་ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ལྟ་བུས་སྣང་སྲིད་མ་མོ་ཐམས་ཅད་ཀྱི་སྲོག་སྙིང་མ་བྷྱོཿའི་ཡི་གེར་དྲངས་ཏེ་ཁྱེད་རང་རྣམས་ཀྱི་སྙིང་གི་མ་མོ་ལ་ཐིམ་པར་བསམ། ནས་བྷྱོ་བདུན་མ་དགུ་མའི་སྔགས། མ་བྷྱོ། མ་མ་བྷྱོཿ བྷྱོཿབྷྱོཿམཿམཿབྷྱོཿམ། བྷྱོཿམ་མ་བྷྱོཿམ། བྷྱོཿམ་མ་བྷྱོཿམ། ཛ་ཛ་ཛཿ ཞེས་སྤོས་རོལ་བྱ། ཏིཥྛ་བཛྲ། ཡེ་ཤེས་པ་བསྟན་པར་གྱུར་ཅིག །ཅེས་རྡོ་རྗེ་སྤྱི་བོར་བཀོད། དེ་ཡང་མདུན་འདིར་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་རྩལ་དུར་ཁྲོད་ཆེན་པོ་འཇིགས་སུ་རུང་བ་ཐོད་སྐམ་གྱི་གཞལ་མེད་ཁང་གི་གྲུ་གསུམ་གྱི་དབུས་སུ་དཔལ་ལྡན་ལྷ་མོ་ཆེན་མོ། མདུན་དུ་ཆུ་སྲིན་གདོང་ཅན། ཟླ་གམ་ཁྲག་མཚོ་གསུམ་གྱི་མདུན་དུ་གསུམ། གཡས་གཡོན་གཉིས་རེའི་མ་བདུན་ཟུར་གསུམ་མ་གསུམ། གྲུ་ཆད་ཀྱི་སྟོད་བཞིར་སྲིང་མོ་བཞི། སྨད་བཞིར་གདོང་མོ་བཞིར། ཁྱམས་ལ་དབང་མོ་ཉི་ཤུ་རྩ་བརྒྱད་དེ་རྩ་བའི་ལྷ་བཞི་བཅུ་ཞེ་བརྒྱད། ཡན་ལག་གི་ལྷ་མོ་སྟོང་། བདུད་མོ་བྱེ་བའི་ཚོགས་རྣམས་དང་བཅས་ཏེ། དཔལ་ལྷ་མོའི་ཐུགས་ཡེ་ཤེས་ཁོ་ནའི་རྣམ་པར་འཕྲུལ་པ་ལས་འཆར་བ་རྟེན་བརྟེན་པར་བཅས་པ་མངོན་སུམ་ན་མཐོང་བར་མོས་པ་དེ་དག་སྦྱོར་བ་དབང་གི་སྣོད་དུ་བསྒྲུབ་པའོ། ༈ །གཉིས་པ་དངོས་གཞི་དབང་བསྐུར་བ་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་ལྔ་པོ། རྫས་ལ་བརྟེན་ནས་དབང་གི་ཚུལ་དུ་བསྐུར་བ་དང་། གཏོར་མ་ལ་བརྟེན་ནས་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བའོ། །དང་པོའི་དོན་དུ་མཎྜལ་འབུལ། གསོལ་བ་འདེབས་པ་འདིའི་རྗེས་སུ་ཟློས་ཤིག །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་བདག་ལ་དཔལ་ལྡན་ལྷ་མོའི་སྐུའི་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པ་ལ། ཐོད་བུམ་གཞལ་མེད་ཁང་གི་ནང་དུ་ཡེ་ཤེས་ཀྱི་མ་མོ་ཞུ་བའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མའི་ཡེ་ཤེས་བདུད་རྩིས་ཁྲུས་བྱས་ཤིང་ངག་ལམ་དུ་བསྟིམས་ཏེ་དབང་བསྐུར་བས་ལྷ་མོའི་སྐུ་ཡི་དབང་བསྐུར་བ་ཐོབ་སྟེ་རང་གི་ལུས་ལྷ་མོའི་སྐུར་གྱུར། ལུས་ཕུང་ཁམས་ཀྱི་དྲི་མ་ཐམས་ཅད་དག་པར་མོས། སྲིད་གསུམ་བྷཉྫའི་བཟང་ཁང་དུ། དུས་གསུམ་རྣམ་རྟོག་སེལ་བ་ཡི། །ཡེ་ཤེས་བདུད་རྩི་དྲི་མེད་པས། །བདེ་བ་ཆེན་པོར་དབང་བསྐུར་རོ། །ༀ་སརྦ་ཏ་ཐཱ་ག་ཏ་པྲཉྫཱ་པཱ་ར་མི་ཏ་མ་མཿཀ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་རྡོ་རྗེའི་རྩེས་བདུད་རྩིའི་ཆུ་གཏོར་སྤྱི་བོར་བཞག །ངག་ཏུ་བླུད། ཡང་གསོལ་བ་གདབ་པ་འདིའི་རྗེས་སུ་ཟློས་ཤིག །དུས་གསུམ་ནས། གསུང་གི་ཞེས་བསྒྱུར། གསོལ་བ་བཏབ་པས་མདུན་བསྐྱེད་མ་མོའི་མགྲིན་པར་ནས་ཚུར་མ་དང་བྷྱོཿཡིག་དམར་པོ་ཆར་ལྟར་བབས་བདུད་རྩིར་འཁྱིལ་བ་ངག་ལམ་དུ་རོལ་པས་ལྷ་མོའི་གསུང་གི་དབང་བསྐུར་བ་ཐོབ་སྟེ། རང་གི་ངག་ཡེ་ཤེས་ཀྱི་ལྷ་མོའི་གསུང་དུ་གྱུར། ངག་གིས་བསགས་པའི་སྒྲིབ་པ་ཐམས་ཅད་དག་པར་མོས། པདྨ་བྷཉྫའི་སྣོད་ཡངས་པོར། །རྡོ་རྗེ་མཁའ་འགྲོའི་སྙིང་རྗེའི་ཚིག །ཡི་གེ་བདུད་རྩིའི་རྒྱ་མཚོ་ཡིས། །སྐྱེ་བ་མེད་པར་དབང་བསྐུར་རོ། །སྔགས་དེ་ཡི་མཐར། ཝཀྐ་ཨ་བྷི་ཥིཉྩ་ཧཱུྃ། མགྲིན་པར་བཞག་ཧུབ་རེ་བླུད། ཡང་གསོལ་གདབས་ནས་འགྲེས། ཐུགས་ཀྱི་བསྒྱུར། སིན་ཏུ་རིའི་མེ་ལོང་གི་སྟེང་ན་ལྷ་མོ་ནག་མོ་བཞུགས་པ་དགྱེས་བཞིན་དུ་འོད་དུ་ཞུ་ཁྱེད་རང་ལ་ཐིམ། ཡིད་ཀྱི་དྲི་མ་དག །རང་སྣང་ཡེ་ཤེས་ཀྱི་ལྷ་མོ་རང་སེམས་སྟོང་ཉིད་གཞི་རྩ་དང་བྲལ་བར་ཤེས་པས་སྣང་སྲིད་མ་མོའི་སྟོང་སྲོག་ལ་རང་དབང་དུ་བསྒྱུར་ཏེ་འཁོར་འདས་ཐམས་ཅད་སེམས་སུ་ཐག་ཆོད་པའི་གདེང་གིས་ལྷ་མོའི་ཐུགས་ཀྱི་དབང་བསྐུར་ཐོབ། རང་སེམས་ལྷ་མོའི་ཐུགས་སྲོག་མི་འགྱུར་བ་བློ་བྲལ་དུ་དབྱེར་མེད་པར་དུས་ནམ་ཡང་འགྱུར་བ་མེད། སྐྱེ་བ་མེད། གནས་པ་མེད། འགགས་པ་མེད་པར་རྟོགས། ཡིད་མཚན་མའི་རྟོགས་པ་ཐམས་ཅད་དག་པར་མོས། དོན་དམ་གཉིས་མེད་བྱང་ཆུབ་སེམས་ཉིད་ཡིན། རང་སེམས་རྣམ་དག་ཆོས་དབྱིངས་ཕོ་བྲང་ནས། སྐུ་གསུང་ཐུགས་ལས་སྤྲུལ་པའི་མ་མོ་ནི། མ་ཅིག་དཔལ་ལྡན་ལྷ་མོ་རེ་མ་ཏི། སྐྱེ་མེད་དབྱིངས་ནས་འགགས་མེད་དབང་བསྐུར་རོ། །སྔགས་མཐར་ཙིཏྟ་བསྒྱུར། སིན་དྷུ་རས་སྙིང་ཁར་ཐིག་ལེ་བྱ། ཡང་། ཡོན་ཏན་གྱི། ཞེས་བསྒྱུར། དཔལ་ལྡན་མ་མོས་འགྲོ་བའི་སྡུག་བསྔལ་གཞོམས་པ་དང་། བརྩེ་བས་བདེ་བའི་ཆགས་པ་ཆེན་པོ་སྤེལ་བ་དང་། དགོས་འདོད་བསྒྲུབ་པ་རྣམས་མཚོན་པའི་ཕྱག་མཚན་རྣམས། གཏད་པས་ལྷ་མོའི་ཡོན་ཏན་གྱི་དབང་བསྐུར་བ་ཐོབ་སྟེ་རང་ལ་ལྷ་མོའི་ཡོན་ཏན་ཡོངས་སུ་རྫོགས་ཡོན་ཏན་གཞན་དོན་ལ་དབང་ཐོབ། རང་དོན་ཡིད་བྱེད་ཀྱི་དྲི་མ་དག་པར་བསམ་ལ། རྣམ་རྟོག་འཁོར་བའི་སྡུག་བསྔལ་གཅོད། ཕྱག་མཚན་ཡེ་ཤེས་རལ་གྲི་དང་། །སྡུག་བསྔལ་འཁོར་བའི་ཆགས་པ་ཁྲག །བདེ་ཆེན་རོལ་པའི་ཐོད་པ་དང་། དགོས་འདོད་ཀུན་བསྐང་ནེའུ་ལེའི། །རྐྱལ་པས་ཁྱེད་ལ་དབང་བསྐུར་རོ། །སྣང་སྲིད་མ་མོ་རྒྱ་མཚོ་ཀུན། །སྟོང་སྲོག་དབང་དུ་འདུ་བར་ཤོག །སྔགས་མཐར། གུ་ཎ་ཞེས་བསྒྱུར། ཕྱག་མཚན་ཕྱག་ཏུ་གཏད། ཡང་གསོལ་གདབ། ཕྲིན་ལས་ཀྱི༴ ཞེས་བསྒྱུར། རྡོ་རྗེ་ཕུར་བུ་འདི་ཉིད་ཕྱག་ཏུ་གཏད་པ་ཙམ་གྱིས་ལྷ་མོའི་ཕྲིན་ལས་ཀྱི་དབང་བསྐུར་བ་ཐོབ་སྟེ་རང་གིས་བསྒྲུབ་པའི་ལས་ཐམས་ཅད་ལྷ་མོའི་ཕྲིན་ལས་སུ་གྱུར། ཕྲིན་ལས་བདུད་བགེགས་དགྲ་གདོན་ཐམས་ཅད་འདུལ། ཆོས་བྱང་ཆུབ་བསྒྲུབ་པ་ལ་བར་ཆོད་ཀྱི་དྲི་མ་ཐམས་ཅད་དག་པར་བསམ་ནས། ཧཱུྃ། ཕུར་བུའི་སྲུང་མ་རེ་མཱ་ཏི། མཐིང་ནག་མི་སྲུན་གཅེར་བུ་ལ། ཨུཏྤལ་སྔོན་པོ་འཁྲིགས་འདྲའི་འོད། རྣོ་དབལ་བར་ཆད་བགེགས་ལ་གཟིར། ཕྲིན་ལས་དྲག་པོའི་དབང་བསྐུར་རོ། །སྔགས་མཐར། ཀརྨ༴ ཞེས་བསྒྱུར། ཕུར་བུ་ལག་ཏུ་གཏད་ལ་ཕྱོགས་བཅུར་འདྲིལ་གཞུགས། སྤྲོ་ན་ཟན་ལིང་མདུན་དུ་བཀོད་དེ། བསད་མནན་འཕང་བ་ཚང་མའམ། བསད་ལས་ཞལ་སྟབས་བར་དུ་བྱ། དེ་ཡན་ཆད་ནི་རྫས་ལ་བརྟེན་པ་དབང་གི་ཚུལ་དུ་བསྐུར་བའོ། །གཉིས་པ་གཏོར་མ་ལ་བརྟེན་ནས་བྱིན་རླབས་ཀྱིས་ཚུལ་དུ་བསྐུར་བའི་དང་པོ། སྐུ་ཡི་བྱིན་རླབས་དབང་གི་སླད་དུ་དམིགས་པ་འདི་བཞིན་ཞུ། སྤོས་བཏུལ་ནས་གཏོར་མ་ལ་འཛུགས། གཏོར་མ་འདི་ཉིད་དཔལ་ལྡན་ལྷ་མོ་དྲེལ་ལ་བཅིབ་པའི་སྐུར་གྱུར་པ་དང་། ཁྱེད་རང་རྣམས་ཀྱི་སྙིང་ཁར་དཔལ་ལྡན་ལྷ་མོ་དྲེལ་ལ་བཅིབ་པར་མོས། དེ་གཉིས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཉི་མ་བྱང་ཤར་གྱི་མཚམས་ནས་འདིར་བསྐྱེད་པ་དང་འདྲ་བའི་ལྷ་མོ་གྲངས་མེད་པ་བྱུང་ནས། མཚོ་ལ་ཁ་བ་བབ་པ་བཞིན་དུ་ཁྱེད་རང་གི་སྙིང་གའི་ལྷ་མོ་ལ་ཐིམ་པར་བསྒོམས་མཛོད། གུ་གུལ་དཀར་ནག་དང་ཚིལ་སྤོས་བསྲེགས། རྐང་གླིང་གིས་བསྐུལ། རྩ་སྔགས་མང་དུ་ཟླ་ཞིང་རོལ་མོ་བྱ། མཆོད་ཕྲིན་འབྲིང་པོ་ནས་འབྱུང་བའི་ཕྱག་འཚལ། བྷྱོཿ ནག་མོ་ཁྲག་འཐུང་སོགས་བརྗོད་མཐར། གཏོར་མ་མགོ་ཐོག་ཏུ་བཟུང་ནས། དཔལ་ཡེ་ཤེས་ཀྱི་ལྷ་མོ་ནག་མོ་ཆེན་མོས་རིག་པ་འཛིན་པ་འདི་ཡི་ལུས་ལ་སྐུ་ཡི་བྱིན་གྱིས་རློབས་ཤོག །ལུས་ནད་གདོན་འབྱུང་པོའི་འཚེ་བ་ལས་སྐྱོབས་ཤིག །ཅེས་གསོལ་བ་བཏབ་པས་གཏོར་མའི་ལྷ་མོའི་དཔྲལ་བ་ནས་ༀ་དཀར་པོ་ཆར་ལྟར་བབས་ཏེ་བྱུང་ཁྱེད་རང་གི་དཔྲལ་བར་ཐིམ་པས་ལུས་ལྷ་ཡི་ནུས་པ་རྫོགས་པའི་མོས་པ་མཛོད། །རྩ་སྔགས་བཟླ་ཞིང་སྤོས་རོལ་བྱ། གཉིས་པ་གསུང་གི་དབང་བསྐུར་བ་ལ་འདུན་པ་འདི་བཞིན་མཛོད། །གཏོར་མ་དེ་མགྲིན་པར་བཟུང་ལ། དཔལ་ཡེ་ཤེས་སོགས། ངག་ལ་གསུང་གི་བྱིན་གྱིས་རློབས་ཤིག །ངག་ལས་སྒྲིབ་བག་ཆགས་ལས་སྐྱོབས་ཤིག་ཅེས་གསོལ་བཏབ་པས། གཏོར་མ་འདི་དང་ཐ་མི་དད་པའི་དཔལ་ལྡན་ལྷ་མོ་དཔག་ཏུ་མེད་པ་དང་། ཙ་བའི་དཔལ་ལྷ་མོའི་མགྲིན་པ་ནས་ཨཱཿཡིག་དམར་པོ་ཆར་ལྟར་བབས། ཁྱེད་རང་གི་མགྲིན་པར་ཐིམ་པས་ངག་སྔགས་ཀྱི་ནུས་པ་དང་ལྡན་པར་མོས་ཤིག །རྩ་སྔགས་བཟླ་ཞིང་སྤོས་རོལ་བྱ། ཞར་བྱུང་མ་ལྟར་བསྟེན་པའི་བཟླས་ལུང་བླང་བ་ལ། ལྷ་མོའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཀ་རི་མ་སྔོན་མོ་གཡས་ཞིང་དབྱུག་གཡོན་ཐོད་ཁྲག་བསྣམས་པའི་ཐུགས་ཀར་ཟླ་བའི་སྟེང་དུ་རལ་གྲིའི་སོ་ཡུའི་མཚམས་སུ་མ་ནག་མོ་ལ་རྩ་སྔགས། སྲོག་སྙིང་དང་བཅས་པས་བསྐོར་བ་ལས་གཉིས་པ་ཞིག་ཐུགས་ཀའི་ནུ་འབུར་ནས་ཚུར་ལ་བྱུང་། ཁྱོད་རང་གི་སྙིང་ཁར་ཐིམ་པར་གྱུར་པའི་མོས་པས་སྔགས་འདི་རྣམས་རྗེས་ཟློས་ལན་གསུམ་ཞུ། ཕྲེང་བ་གཏད་ལ། རྩ་སྔགས་གཙོ་འཁོར་གྱི་སྲོག་སྙིང་རྣམས་བཟླར་འཇུག །གསུམ་པ་ཐུགས་ཀྱི་དབང་བསྐུར་བ་ལ་འདུན་པ་འདི་བཞིན་མཛོད། ཡང་གཏོར་མ་སྙིང་གར་བཟུང་ལ། དཔལ་ཡེ་ཤེས་སོགས་ནས། ཡིད་ལ་ཐུགས་ཀྱི་བྱིན་གྱིས་རློབས་ཤིག །ཡིད་སྡིག་པ་དང་དྲི་མ་ལས་སྐྱོབས་ཤིག །ཅེས་གསོལ་བ་བཏབ་པས་གཏོར་མ་དང་གཅིག་པའི་ལྷ་མོའི་སྙིང་ག་ནས་ལྷ་མོ་གྲངས་མེད་པ་དང་། ཁྱད་པར་དུ་མཿསྔོ་སྐྱ་ལས་འོད་ཟེར་སྣ་ཚོགས་གྲངས་མེད་པ་གཅིག་བྱུང་། ཐུགས་ཀའི་ཧཱུྃ་ལ་ཐིམ་པས་ཐུགས་གཉིས་སུ་མེད་པ་རྟོགས་པའི་ནུས་པ་དང་ལྡན་པར་བསྒོམས། ནས་རྩ་སྔགས་བཟླ་ཞིང་སྤོས་རོལ་བྱ། བཞི་པ་ཡོན་ཏན་ཕྲིན་ལས་གཉིས་ཀའི་བྱིན་རླབས་གསང་བའི་དབང་བསྐུར་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། གཏོར་མ་ལག་ཏུ་གཏད་ནས། དཔལ་ཡེ་ཤེས་སོགས་ནས། སྐལ་ལྡན་འདི་དག་གི་རྒྱུད་ལ་ཡོན་ཏན་དང་ཕྲིན་ལས་ཀྱི་བྱིན་གྱིས་རློབས་ཤིག །ས་དང་ལམ་གྱི་ཡོན་ཏན་མ་ལུས་པ་རྫོགས་ནས་ཕྲིན་ལས་རྣམ་པ་བཞི་འགྲུབ་པར་མཛད་དུ་གསོལ། ཅེས་གསོལ་བ་བཏབ་པས་ལྷ་མོའི་ལྟེ་བ་ནས་འོད་ཟེར་སེར་པོ་དང་། གསང་གནས་ནས་འོད་ཟེར་ལྗང་གུ་གྲངས་མེད་པ་བྱུང་ཁྱེད་རྣམས་ཀྱི་ལྟེ་བ་དང་གསང་བར་ཐིམ་པར་བསྒོམ་ཤིག །ༀ། གསང་བ་དུར་ཁྲོད་དབྱིངས་ཀྱི་དཀྱིལ་འཁོར་ནས། །ཁམས་གསུམ་གདུལ་བ་ཟ་བྱེད་ཆེན་མོ་སྟེ། །རྡོ་རྗེ་དྲྭ་བ་དང་ནི་གློག་འགྱུ་མ། །རུ་ལུ་རུ་ལུའི་སྒྲ་སྐད་དྲག་པོ་ཡིས། །རཀ་མོ་ཀྲོ་དྷ་ཀྵ་ཡིས་བོས་པའི་ཚེ། །ཡུན་གྱི་དཔལ་དང་མགོན་དུ་ཁྱེད་བསྟེན་ན། །མྱུར་དུ་དངོས་གྲུབ་སྩལ་གཅིག་དཔལ་ལྷ་མོ། །ༀ་རུ་རུ༴ སོགས་རྩ་སྔགས་བཟླ་ཞིང་སྤོས་རོལ་བྱ། སློབ་མ་བརྒྱུད་འཛིན་འདྲ་ཡིན་ན་གཏོར་མའི་ལྷ་དེ་ལ་བསྟིམ། གཞན་སློབ་དཔོན་གྱི་ཐུགས་དཀར་བསྟིམ། གཏོར་ཟན་མ་མོའི་དངོས་གྲུབ་ཏུ་བསམ་ནས་གསོལ་གཅིག །ཅེས་བརྗོད་བཅིང་འདྲེས་ནས་སྦྱིན། དེ་ལྟར་དབང་བསྐུར་བའི་དོན་རང་སེམས་དོན་གྱི་དཔལ་ལྡན་ལྷ་མོའི་ཐུགས་ཡེ་ཤེས་ནི་རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། སྤྲོས་པ་ཡོད་མེད་གང་ཡིན་མིན་སོགས་ཉེ་བར་ཞི་བ། དཔེ་དང་ཚིག་གིས་མི་མཚོན་པ་སོ་སོར་རང་གི་རིག་པ་རྣམ་ཀུན་མཆོག་ལྡན་གྱི་རང་བཞིན་སྒྱུ་མ་ལྟ་བུའི་རིག་སྟོང་ཟུང་དུ་འཇུག་པ་ནི་སྐྱེ་མེད་དོན་གྱི་དཔལ་ལྷ་མོ་སྟེ། དེ་རྣམས་ལུས་གནད་རང་བབ་ཏུ་ལྷོད་བག་རང་ཞིར་ཆུག །སེམས་འདས་མ་འོངས་ཡིད་བྱེད་ད་ལྟའི་རྟོག་པ་རང་ཞིར་ཞོག་ལ། དགག་སྒྲུབ་བློ་ཡིས་ངང་ཐད་ཀར་ལྷོད་དེ་བསྐྱངས་བར་བྱ་དགོས་པས་དེའང་། གལ་པོ་ལས། བསམ་དུ་མེད་དོ་སེམས་ཉིད་ནམ་མཁའ་ཆེ། སེམས་ཉིད་མ་དཔེར་ཚིག་ཆད་ཡོད་པ་ཀུན་དང་བྲལ། ཞེས་གསུངས་པ་ལྟར་ངང་བསྐྱངས་བ་ལ་བརྩོན་པར་ཞུ། ཚུལ་འདིའང་སྤུ་གྲི་ཡ་མའི་རྒྱུད་ལས། གསང་བའི་དབང་བསྐུར་ཐོབ་པ་ནི། །མ་ནོར་སྣང་བ་རང་གི་སེམས། །སེམས་ཉིད་མ་བཅོས་ཐིག་ལེའི་ངང་། །སེམས་ལ་རང་དབང་ཐོབ་པ་ན། །ཆོས་ཀྱི་སྐུ་ཡི་རང་བཞིན་ཏེ། །ཁམས་གསུམ་འཁོར་བའི་གཡུལ་ལས་རྒྱལ། །ཞེས་གསུངས་སོ། །དེ་དག་གིས་ནི་ཡེ་ཤེས་པ་ལྟར་དབང་བསྐུར་བའི་རིམ་པ་གྲུབ་བོ། །གཉིས་པ་འཇིག་རྟེན་པ་ལྟར་རྗེས་སུ་གནང་བ་བཀའ་གཏད་ཀྱི་དོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད། ཤཱཀྱ་སེང་གེའི་བསྟན་བསྲུང་མ། མ་མོ་ཡོངས་ཀྱི་གཙོ་མོ་མཆོག །དཔལ་ལྡན་ལྷ་མོ་ནག་མོ་ཡི། །རྗེས་སུ་གནང་བ་སྩལ་དུ་གསོལ། །ལན་གསུམ་འཇིག་རྟེན་པའི་མ་མོ་ལ་རྟེན་བསྐྱེད་མི་དགོས་གསུངས། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པའི་ཉི་མ་བྱང་ཤར་གྱི་མཚམས་ཐོད་པའི་སྐུ་མཁར་ནས་དཔལ་ལྷ་མོ་ནག་མོ་མ་མོ་བྱེ་བ་འབུམ་སྡེའི་བཀའ་འཁོར་དང་བཅས་སྐད་ཅིག་གི་གློག་འཁྱུགས་པ་ལྟར་སྤྱན་དྲངས་ནས་རྟེན་གཏོར་ལ་ཐིམ་པར་བསམ་ནས་རྩ་སྔགས་བཅོ་ལྔ་མ་དང་སྤོས་རོལ་བྱ། འབུལ་བའི་གཏོར་མ་བྱིན་རླབས་བྱ། དམ་བསྲེ་བའི་ཕྱིར་ནང་མཆོད་ནས་ཧུབ་གཅིག་སློབ་བུ་ལ་བྱིན་ནས། དེང་ཕྱིན་ཆད་ཁྱེད་ཀྱིས་དཔལ་ལྷ་མོ་ནག་མོ་བསྙེན་བསྒྲུབ་ལས་གསུམ་གྱི་སྒོ་ནས་རྒྱུན་དུ་བརྟེན་ཅིང་གསང་སྔགས་ཀྱི་རྩ་བ་དང་ཡན་ལག་གི་དམ་ཚིག་སྤྱི་དང་། བྱེ་བྲག་དུས་ཀྱི་གཏོར་མ་དང་བསྒྲུབ་བརྟེན་བསྐང་བའི་རྫས་དང་རྡོ་སོལ་ཆུ་མི་བསྐྱུར། བྱ་ནག་དང་ཁྱི་ནག་ལ་རྡོ་མི་བརྡེག །འཚུབས་མ་ལ་མོས་མགར་ཡུག་མི་བརྟེན། བོང་བུ་མི་བརྡེག །འཁྲུགས་སྐང་བྱ་བ་ལ་སོགས་པ་དམ་ཚིག་མཐའ་དག་ཚུལ་བཞིན་བསྒྲུབ་པ་ལ་བརྩོན་པར་བྱོས་ཤིག །སློབ་མས་ཀྱང་ཁས་བླང་བ་འདིའི་རྗེས་ཟློས། མི་ཕྱེད་རྡོ་རྗེའི་དམ་ཚིག་འདི། །གསུང་བ་གསུམ་གྱི་དབྱིངས་ནས་བྱུང་། །དཀྱིལ་འཁོར་གསུམ་གྱི་དམ་ཚིག་འདི། །གྲུབ་ན་འཇིག་པའི་དུས་མེད་པས། །དམ་ཚིག་རྣམས་ལས་བདག་མི་འདའ། །བཛྲ་ས་མ་ཡ་ན་ར་ཀན། ཞེས་དམ་བླངས། སླར་ཡང་བསྒོ་བ་ནི། སློབ་མ་དམ་པ་ཁྱེད་ཀྱིས་དེངས་ཕྱིན་ཆད་དཔལ་ལྡན་མའི་བསྙེན་བསྒྲུབ་ལས་གསུམ་འདི་དག་སུ་ལ་ཡང་གསང་བར་དམ་ནོས་ཤིག །ཅེས་བརྗོད་པས་བདུད་རྩི་ཐིག་གཅིག་ལྟེ་ཐོག་ཏུ་གཏོར། དེ་ནས་ནང་མཆོད་ཧུབ་ཆ་གཅིག་རྟེན་གཏོར་ལ་འབུལ་ནས། དམ་བསྲེ་བའི་སྐབས། ཁྱེད་དང་སློབ་བུ་དམ་བསྲེའོ། །ཞེས་སྦྱར་དམ་བསྒྲགས་པའི་སྐབས། དམ་ཚིག་དང་ལྡན་པ་འདི་དག་ལ། ཞེས་བསྒྱུར། གསང་བའི་དམ་ཚིག་གི་རྒྱ་བསྟན། མཆོད་ཕྲིན་ཆེན་མོའི་གཞུང་ནས་འབྱུང་བའི་སྨན་རཀ་གཏོར་གསུམ་འབུལ། མཆོད་ཕྲིན་འབྲིང་པོ་ནས་འབྱུང་བའི། བྷྱོཿ དབྱིངས་ཕྱུག་དཔལ་ལྡན་མས་བསྟོད། དེ་ནས་སྲིང་དང་གྲོགས་དང་བྲན་ལྟར་བསྟེན་པའི་ཟླས་ལུང་བླང་བ་ལ་དམིགས་པ་འདི་བཞིན་དུ་མཛོད། མཆོད་ཕྲིན་ཆེན་མོའི་བསྙེན་སྐབས་ཀྱི། རང་གི་ཞེས་པའི་དོད། ཁྱེད་རང་གི་ཞེས་བསྒྱུར་ནས་སྔགས་གསུམ་པོ་རེ་རེ་ནས་གསུམ་གསུམ་བཟླར་གཞུག །སློབ་བུ་ཐུན་མིན་བརྒྱུད་པ་འཛིན་ངེས་ལ་སྲོག་གི་ལས་བརྒྱད་ཀྱི་དམིགས་གནད་རྒྱུད་ནས་འབྱུང་བ་ལྟར་འབོག །རྟེན་གཏོར་སྤོས་བཅས་ལག་ཏུ་གཏད་ནས། དཔལ་ལྷ་མོ་ནག་མོ་རང་བྱུང་གི་རྒྱལ་མོ། སྐེམས་མ་ཆུ་སྲིན་མགོ་ཅན་མ་བདུན། མ་གསུམ། སྲིང་མོ་བཞི། སེང་སྟག་འབྲུག་སྤྱང་། དབང་ཕྱུག་ཉི་ཤུ་རྩ་བརྒྱད། འཁོར་གྱི་མ་མོ་སྟོང་རྩ། བདུད་མོ་བྱེ་བ་འབུམ་སྟེ་བཀའ་འཁོར་དང་བཅས་པས་དཔལ་ཆེན་པོའི་སྤྱན་སྔར་ཁས་བླངས་ཤིང་དམ་བཅས་པ་བཞིན་དུ། དམ་ལྡན་རྡོ་རྗེའི་སློབ་བུ་ཐུན་མིན་ཡིན་ན་འདི་ཞེས་བྱ་བའི་ཞེས་མིང་བརྗོད། ཐུན་མོང་ཙམ་དུ། འདི་རྣམས་ཀྱིས་རྩི་བྱིན་པའི་ཟས་ཟོ། ཅི་བཅོལ་བའི་ལས་གྱིས། ལུས་དང་གྲིབ་མ་བཞིན་དུ་འགྲོགས། སྡང་བར་བྱེད་པའི་དགྲ་ཐུལ། བར་དུ་གཅོད་པའི་རྐྱེན་བཟློག །སློབ་དཔོན་ཐུན་མོང་མིན་པ་ལ། སྐུ་བསྟན་ཅིང་རྟོགས་པའི་གྲོགས་སུ་མཛོད་ལ་ཉམས་དང་རྟོགས་པ་སྤོར། ཐུན་མོང་ཙམ་དུ། དམ་ཚིག་གི་བྱ་ར་མཛོད། དུས་འདི་ནས་བྱང་ཆུབ་ཀྱི་བར་དུ་འབྲལ་བ་མེད་པར་མཛོད་ཅིག་ཅེས་གསོལ་བ་དཔལ་ལྡན་ལྷ་མོས་ཀྱང་། བླ་མ་རྡོ་རྗེ་འཛིན་པའི་བཀའ་ཡི་བསྒོ་བ་བཞིན་རིགས་ཀྱི་བུ་ཁྱེད་ཀྱི་འགལ་རྐྱེན་བར་ཆད་ཐམས་ཅད་ངས་སེལ། མཐུན་རྐྱེན་དགེ་བ་ཐམས་ཅད་ངས་བསྒྲུབ་ཅེས་གསུང་ལྷང་ལྷང་བྱོན་པར་མོས། གཏོར་མའི་སྟོད་ནས་ཆ་གཅིག་ལྷ་མོ་ལ་འབུལ། སྨད་དེ་དངོས་གྲུབ་ཏུ་མོས་ལ་དཔོན་སློབ་ཀུན་ནས་ཅུང་ཟད་རོལ། དེ་ནས་བརྒྱུད་པ་འཛིན་ངེས་ཀྱི་སློབ་བུ་ཐུན་མིན་ལ་བླ་རྡོ་དང་སྲོག་འཁོར་སྦྱིན་ནས། རིགས་ཀྱི་བུ་ཁྱེད་ཀྱིས་དཔལ་ལྷ་མོ་ནག་མོའི་བླ་རྡོ་དང་སྲོག་གི་འཁོར་ལོ་འདི་ཉིད་མི་འབྲལ་བར་ལུས་དང་གྲིབ་མ་བཞིན་འཆངས་ཤིག །སྐལ་བ་དང་ལྡན་པ་ཁྱེད་ཅག་གི་མ་མོའི་དམ་ཚིག་གི་རིམ་པ་ཐུབ་པར་མཛོད་ཅིག །དངོས་གྲུབ་ཐོབ་པར་གྱིས་ལ་སངས་རྒྱས་ཀྱི་བསྟན་པ་བསྲུངས་ཤིག །དེ་ཕྱིན་ཆད་དཔལ་ལྡན་མའི་བསྙེན་བསྒྲུབ་ལས་གསུམ་གྱིས་ཤིག །ཅེས་བསྒོ། རྗེས་གནང་གི་གཏོར་མའི། ལྷ་ཚོགས་ཐམས་ཅད་རྗེས་ལ་བསྡུ་གཤེགས་གང་ཡང་མི་དགོས་གསུངས་སོ། །སློབ་མས་ཀྱང་ཇི་སྐད་གསུངས་པ་ལྟར་འཛིན་པར་བགྱི་འོ་སྙམས་པས་འདིའི་རྗེས་ཟློས་ཞུ། གཙོ་བོས་ཇི་ལྟར་སོགས། འདིར་དཔོན་སློབ་གཉིས་ཀས་གཏོར་མ་གསར་དུ་བཤམས་མཆོད་གསོལ་རྒྱས་པར་བྱའོ། །དེ་ནས་བཀྲ་ཤིས་བརྗོད། གཏང་རག་གི་མཎྜལ། ལུས་ལོངས་སྤྱོད་འབུལ་བ་རྣམས་སྤྱི་ལྟར་བྱའོ། །དེ་ནི་མ་གསོལ་རྒྱུན་དུ་བརྟེན་ཅིང་ཆོས་བརྒྱུད་འདི་ལ་གུས་ངོས་རྣམས་ལ་བྱའོ། །གཉིས་པ་དེ་ལ་ཐུན་མོང་གི་དམིགས་རིམ་སྤྱི་དབང་རྗེས་བྱ་ཚུལ་ལས། ཡེ་ཤེས་དབབ་པའི་བར་གང་བཞིན། དེ་ནས་གསོལ་བཏབ་མཐར། སློབ་དཔོན་རྡོ་རྗེ་གཞོན་ནུའི་ཐུགས་ཀ་ནས་ལྕགས་ཀྱུ་ལྟ་བུའི་འོད་ཟེར་འཕྲོས། ཉི་མ་བྱང་ཤར་གྱི་མཚམས། མཚོ་མུ་ལེ་མཐིང་གི་གཞལ་ཡས། ཐོད་པའི་སྐུ་མཁར་ནས། དཔལ་ལྡན་ལྷ་མོ་ཡེ་ཤེས་པ་སྤྱན་དྲངས་ཏེ་སྐད་ཅིག་གིས་ཁྱེད་རང་གི་སྙིང་གར་སིབ་ཀྱིས་ཐིམ། སྙིང་ནང་དུ་ཡེ་ཤེས་སེམས་དཔའ་ལྷ་མོ་དྲེའུ་ལ་བཅིབ་པ་ཞིག་ལ་ཐིམ་པར་བསྒོམས་ཤིག །ནས་སྤྱན་འདྲེན་དང་། ཕྱག་འཚལ་བྱ། སྤོས་ཆོག་སོགས་དོར། དབྱིངས་ཕྱུག་དཔལ་ལྡན༴ མས་བསྟོད། རྫས་ལ་རྟེན་ནས་དབང་ཡོངས་རྫོགས་བསྐུར་རྟེན་གཏོར་ལག་ཏུ་གཏད་ལ། དམ་བསྒྲགས་པའི་མཐར། དམ་ཚིག་ཁས་བླངས་ནས་འཇུག་སྟེ་རྫོགས་པར་བྱས་པས་ཀྱང་། གསོལ་ཀ་བཏང་བའི་གྲོགས་བཅོལ་བ་སོགས་པའི་སྣོད་དུ་རུང་བ་ཙམ་མོ། །དེ་ལྟར་ན་དེ་དག་གིས་གྲུབ་པའི་སློབ་དཔོན་ཆེན་པོ་དྷ་ན་སངྐྲི་ཏ་ཡི་ལུགས། སློབ་དཔོན་ཆེན་པོའི་བཀའ་སྲོག་ལས་བྱོན་པའི་བསྟན་སྲུང་གི་རྒྱལ་མོ་རྡོ་རྗེ་རེ་མཱ་ཏིའི་ཡེ་ཤེས་པའི་དབང་བསྐུར་དང་། འཇིག་རྟེན་པ་ལྟར་རྗེས་སུ་གནང་བ། རྒྱལ་བ་ཀཿཐོག་པའི་བསྟན་སྲུང་གི་གཙོ་མོ། ཐུགས་གཙིགས་ཏུ་མཛད་པ་ལེགས་པར་ཕུལ་གྲུབ་པ་ལགས། མཐར་དགེ་བ་བསྔོས་ལ་རང་གནས་སུ་བཏང་ངོ་། །གསུམ་པ་རྗེས་ལ། སླར་ཡང་སློབ་དཔོན་གྱིས་བསྐང་བཤགས་དང་། གཏོར་མ་ལ་འགུགས་གཞུགས་བྱས་ཏེ། རྗེས་ཆོག་གི་རིམ་པ་བྱའོ། །འདི་ནི་སྲིད་པ་མ་མོའི་ཡུམ་གཙོ་མོ་མུ་ཁ་ལེའི་ཐུགས་ལས་སྤྲུལ་པའི་ལྷ་མོ་རང་བྱུང་རྒྱལ་མོ་ཡིན་པས། ཤིན་ཏུ་གཉན་ཅིང་ཟབ་པས་སུ་ཐོད་ཐོད་ལ་སྤེལ་བར་མི་བྱའོ། །གང་གི་སྲོག་དབང་གི་ཤིན་ཏུ་ཟབ་པ་ལ། སྔོན་དུ་བསྙེན་པ་འགྲུབ་དགོས་ཤིང་། ཁྱད་པར་ཚོགས་དང་གཏོར་མ་མང་དུ་ཕུལ་ནས་བྱ་དགོས་གསུངས་སོ། །བསླུ་མེད་རིག་འཛིན་རྒྱུད་པའི་ཞལ་ལུང་ཆབ། །མན་ངག་ཡི་གེར་རྙིང་ནས་དུས་རིང་མོས། །འདས་ཀྱང་བྱིན་རླབས་དྲོད་ཆེན་མ། །སྙིང་ལ་སྙན་བརྒྱུད་བདུད་རྩི་ཅིར་ཡང་འཁོལ། །འདིར་འབད་གསང་བ་སྒྲོགས་པའི་ཉེས་སྐྱོན་གང་། །བླ་མ་མཁའ་འགྲོའི་ཚོགས་ལ་བཟོད་གསོལ་ཞིང་། །འདི་དགོས་ཚེ་རབས་ཀུན་ཏུ་ལྷ་མོ་ཡིས། །བྱང་ཆུབ་ལམ་གྱི་སྲུང་མར་འབྲལ་མེད་ཤོག །ཅེས་པའང་ཡུམ་ཆེན་མཁའ་འགྲོའི་བརྡས་བསྐུལ་ཏེ། གངས་ཅན་གྲུབ་གནས་ཐམས་ཅད་ཀྱི་རྒྱལ་མོ། ཤར་ཀཿཐོག་རྡོ་རྗེའི་གདན་གྱི་རི་བོའི་སྤོར། བསྟན་འགྲོར་ལྷག་བསམ་རབ་དཀར་ཟླ་བའི་ལང་ཚོས་སྙིང་ལ་བདེ་བ་ཡིན་པ། མང་ཐོས་སྙན་བརྒྱུད་འཛིན་པའི་དགེ་སློང་རིག་པ་འཛིན་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་བགྱིས་པ་དགེ་བར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །རྗེ་བླ་མ་མཆོག་གི་ཕྱག་བྲིས་དངོས་ལས་ཞལ་བཤུས་སོ།། །།


previousའདོད་ཁམས་བདག་མོ་རྡོ་རྗེ་དབྱིངས་ཕྱུག་མའི་སྨིན་བྱེད་ཡོངས་འདུའི་ས་བརྟོལ།next