Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་སོ་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྣམ་སྲས་ཀྱི་བསྒྲུབ་པ་རིན་ཆེན་འཁྲིལ་བཞིའི་གཏོར་བསྒྲུབ་བསྙེན་མཆོད་དགོས་འདོད་ཀུན་འབྱུང་
   


 
previousརྣམ་སྲས་ཀྱི་བསྒྲུབ་པ་རིན་ཆེན་འཁྲིལ་བཞིའི་གཏོར་བསྒྲུབ་བསྙེན་མཆོད་དགོས་འདོད་ཀུན་འབྱུང་next

རྣམ་སྲས་ཀྱི་བསྒྲུབ་པ་རིན་ཆེན་འཁྲིལ་བཞིའི་གཏོར་བསྒྲུབ་བསྙེན་མཆོད་དགོས་འདོད་ཀུན་འབྱུང་

༈ རྣམ་སྲས་ཀྱི་གཟིགས་ཕྱོགས་ལེགས་སོ། །ༀ་སྭ་སྟི། ཕྱོགས་དུས་རྒྱལ་བ་ཐབས་མཁས་པས། །འགྲོ་བའི་དབུལ་འཕོང་བསལ་བའི་ཕྱིར། །རིན་ཆེན་མང་གི་སྤྲུལ་པ་གཏེར་གྱི་བདག །རིན་ཆེན་འཁྲིལ་བཞིའི་བསྙེན་མཆོད་འདི་གསལ་བྱ། །རྒྱལ་པོ་རྣམ་ཐོས་སྲས་ཀྱི་བསྒྲུབ་པ་ལ་དྲུག་སྟེ། བཅའ་ཀའི་རིམ་པ་དང་། དམ་ཚིག་པ་བསྐྱེད་པ་དང་། དེ་འདྲ་སྤྱན་དྲངས་ལ་བསྟིམ་པ་དང་། མཆོད་པ་ཕུལ་བ་དང་། སྨོན་ལམ་འདོད་གསོལ་བྱ་བ་དང་། བསྙེན་ཅིང་ཕྲིན་ལས་བཅོལ་བའོ། །དང་པོ་ནི། དེ་ཡང་བཀྲ་ཤིས་པའི་ས་ལ། པདྨ་འདབ་བརྒྱད་སྒོ་ཅན། རིན་པོ་ཆེས་སྤྲས་བྲི་བའི་དབུས་སུ། གཏོར་མ་རི་རབ་བང་རིམ་གསུམ་པ། རྩོག་ཟླུམ་རིན་ཆེ་འབར་བ། ཉི་ཟླ། བཀྲ་ཤིས་རྫས་བརྒྱད། རྒྱལ་སྲིད་སྣ་བདུན་མ་ཧེ། བྱ། འབྲུ་སྣ་དང་སྨན་སྣ་དང་། དཀར་གསུམ་དང་། མངར་གསུམ་གྱིས་བརྒྱན་པ་བཤམས་ལ། སྨན་ཕུད་དང་། སྤོས་བསྲེག་ཅིང་གཉིས་པ་ནི། དེ་ཉིད་མི་དམིགས་པའི་ངང་ལས། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་། དགོས་འདོད་འབྱུང་བའི་གཏེར་གྱི་ཕོ་བྲང་ཆེན་པོའི་དབུས་སུ། རིན་པོ་ཆེའི་གཏེར་གྱི་བུམ་པ། དེའི་སྟེང་དུ་སེང་གེ་དཀར་མོ་གཡུའི་རལ་པ་ཅན་རིན་པོ་ཆེའི་རྒྱན་ཆ་དང་ཁ་ནས་རིན་པོ་ཆེ་ཕྱུར་བ། དེའི་ཐོག་ཏུ་བྷཻཿསེར་པོ་འོད་དུ་བ་ལས། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། སྐུ་མདོག་སེར་པོ། གསེར་གྱི་རི་ལ་ཉི་མ་ཤར་བ་འདྲ་བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ཞི་མ་ཁྲོ། དབུ་སྐྲ་རལ་པ་ཡལ་ལ་བཅིང་ཤིང་ལྷག་མ་མར་ལ་གྲོལ་བས། སོག་འདབ་ཁེབ་པ། ཤ་རྒྱས་པ། ལྟོ་བ་ལྡིར། ཞབས་ཕྱེད་དྲུང་དུ་བཞུགས་པ། རིན་པོ་ཆེའི་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ། གཡས་རྒྱལ་མཚན། གཡོན་ནེའུ་ལེ་རིན་པོ་ཆེས་བཀང་ཞིང་། ཁ་ནས་དགོས་འདོད་ཐམས་ཅད་ཕྱུར་བ། ཐུགས་ཀ་ནས་བྷེཿསེར་པོ་ལ། རྩ་བའི་སྔགས་ཀྱི་འཁོར་བའོ། །དེའི་ཕྱོགས་བཞིར་བཙུན་མོ་བཞི། མོས་པས་བསྐྱེད། དེ་རྒྱབ་གནོད་སྦྱིན་བརྒྱད། དེ་རྒྱབ་ཀླུ་ཆེན་པོ་བརྒྱད། དེ་རྒྱབ་གནོད་སྦྱིན་བྱེ་བའི་ཚོགས་ཀྱིས་བསྐོར་བ། ཕྱག་ན་ལྕགས་ཀྱུ་དང་། ཞགས་པ་དང་། རིན་པོ་ཆེ་དང་། བུམ་པ་དང་། ལྗོན་ཤིང་དང་། སྙེ་མ་ལ་སོགས་པའི་ཕྱག་མཚན་སྣ་ཚོགས་བསྣམས་པ། ཤ་རྒྱས་པ། གསུས་པ་ལྡིར་བ། དངོས་གྲུབ་སྟེར་བའི་ཚུལ་དུ་བཞུགས་པར་བསམ་ལ། ༀ་བཛྲ་ས་མ་ཡ་ཛ་ཛཿ གསུམ་པ་ནི། སྤོས་བསྲེགས། དུང་འབུད། ཆ་ལང་དང་། སྡེ་རྔ་བརྡུངས་ལ། དབྱངས་སྙན་པོས་འདི་སྐད་དོ། །ཧཱུྃ། བྱང་ཕྱོགས་རིན་ཆེན་གཞལ་ཡས་ནས། །རིན་ཆེན་གཏེར་གྱི་ཕོ་བྲང་ན། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བསྟན་པ་བསྲུང་བར་ཞལ་བཞེས་པའི། །བྷེ་ལས་བྱུང་བའི་མགོན་པོ་ནི། །དཔལ་ལྡན་རྒྱལ་ཆེན་རྣམ་ཐོས་སྲས། །སྐུ་མདོག་སེར་གསལ་གསེར་གྱི་མདོག །ཕྱག་གཡས་ག་དར་རྒྱལ་མཚན་བསྣམས། །བསྟན་པའི་རྒྱལ་མཚན་དར་བར་མཛད། །ཕྱག་གཡོན་གཏེར་གྱི་ནེའུ་ལེ་འཛིན། །ཁ་ནས་རིན་ཆེན་རཏྣ་ཕྱུར། །བསྒྲུབ་པ་པོ་ལ་དངོས་གྲུབ་སྟེར། །སྐུ་ལ་རིན་ཆེན་རྒྱན་གྱིས་བརྒྱན། །འདོད་ཡོན་ལྔ་ཡི་ཆར་པ་འབེབས། །སེང་གེའི་ཁྲི་ལ་བཞུགས་སུ་གསོལ། །འཁོར་དུ་གནོད་སྦྱིན་ཆེན་པོ་བརྒྱད། །མཐུ་ཆེན་ཀླུའི་ཚོགས་ཀྱིས་བསྐོར། །གནོད་སྦྱིན་བྱེ་བ་འབུམ་དང་བཅས། །མ་ལུས་གནས་འདིར་གཤེགས་སུ་གསོལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །བཞི་པ་ནི། ཁྱོད་ལ་མཆོད་པ་འབུལ་བ་ནི། མཛེས་པའི་གཟུགས་དང་སྙན་པའི་སྒྲ། །ཞིམ་པའི་དྲི་དང་མངར་བའི་རོ། །རེག་བྱ་བདེ་འཇམ་སྣ་ཚོགས་པའི། །ལྷུན་པོ་ལྟ་བུའི་གཏོར་མ་དང་། །དམ་རྫས་སྣ་ཚོགས་བསགས་པ་དང་། །རིན་ཆེན་སྣ་ཚོགས་འབྲུ་སྣ་ཚོགས། །བཀྲ་ཤིས་རྫས་བརྒྱད་འདོད་ཡོན་ལྔ། རྒྱལ་སྲིད་རིན་ཆེན་སྣ་བདུན་དང་། །རིན་ཆེན་གཏེར་གྱི་བུམ་པ་དང་། །ཕྱིི་ནང་ལྷ་མོ་བཅུ་དྲུག་དང་། །འཕན་གདུག་བླ་རེ་བ་དན་དང་། རྒྱལ་མཚན་རོལ་མོ་སྣ་ཚོགས་དང་། །རྟ་དང་མ་ཧེ་མཛེས་པའི་བྱ། །རིན་ཐང་ཆེ་བའི་དཀོར་ནོར་དང་། །ཀན་ཏ་ཀ་རི་སེང་ཁྲོམ་སླེ་ཏྲེས་དང་། །ཆུ་སྲིན་སྡེར་མོ་དབང་པོ་ལག་པ་སོགས། །དཀར་གསུམ་འོ་མའི་རྒྱ་མཚོ་དང་། །མངར་གསུམ་སྨན་གྱི་སྡོང་པོ་དང་། །འདོད་ཡོན་ལྔ་ལྡན་མཆོད་པ་འདི། །དཔལ་ལྡན་རྒྱལ་ཆེན་རྣམ་ཐོས་སྲས། །གནོད་སྦྱིན་ཆེན་པོ་བརྒྱད་དང་བཅས། །མཐུ་ཆེན་ཀླུ་ཡི་འཁོར་ཚོགས་དང་། །གནོད་སྦྱིན་འཁོར་དང་བཅས་ལ་འབུལ། །དངོས་གྲུབ་སྩོལ་ཕྱིར་བཞེས་སུ་གསོལ། །ཁྱེད་ཀྱི་ཐུགས་དམ་བསྐང་བར་མཛོད། །ལྔ་པ་ནི། ཁྱེད་ཀྱི་ཐུགས་དམ་བསྐངས་ནས་ཀྱང་། །བདག་ཅག་རྣལ་འབྱོར་བསྒྲུབ་པ་པོ། །འདི་ནས་བཟུང་སྟེ་བྱང་ཆུབ་བར། །ཚེ་རབས་སྐྱེ་བ་ཐམས་ཅད་དུ། །བསོད་ནམས་ཡེ་ཤེས་འབྱོར་ལྡན་ཞིང་། །སྙན་དང་གྲགས་པ་ཁྱབ་པ་དང་། །འགྲོ་བ་ཐམས་ཅད་འདུན་པ་དང་། །བསམ་པ་ཡིད་བཞིན་འགྲུབ་པ་ཤོག །སྐྱེ་དགུ་ཐམས་ཅད་རབ་དགའ་ཞིང་། །ཀུན་ཀྱང་གུས་ཤིང་འདུན་པ་དང་། །ཡིད་དང་མཐུན་པའི་དབང་བྱས་ཤིང་། །གྲགས་དང་སྙན་པས་ཁྱབ་པར་མཛོད། །བྱང་ཆུབ་ལམ་ལ་གནོད་པ་ཡི། །མི་དང་མི་མ་ཡིན་པ་རྣམས། །དྲག་པོའི་ལས་ཀྱི་ཚར་ཆོད་ལ། །བསྐྲད་ཅིང་རིང་པར་བྱེད་པ་དང་། །ཡང་ཡང་མཐུ་སྟོབས་ཕྲོག་ནས་སུ། །མ་ལུས་རྡུལ་དུ་རླག་པར་མཛོད། །མགོན་པོ་ཁྱོད་ཀྱི་ཐུགས་དམ་དུས་ལ་བབ་བོ་ས་མ་ཡཱ༔ གནོད་སྦྱིན་བརྒྱད་ཀྱི་ཐུགས་དམ་དུས་ལ་བབ་བོ་ས་མ་ཡཱ༔ མཐུ་ཆེན་ཀླུ་ཡི་ཚོགས་ཀྱི་ཐུགས་དམ་དུས་ལ་བབ་བོ་ས་མ་ཡཱ༔ ད་ལྟ་ཉིད་ནས་དངོས་གྲུབ་རྩོལ་ཅིག་ཐུགས་དམ་དུས་ལ་བབ་པོ་ས་མ་ཡཱ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད་ཅིག །ཐུགས་དམ་དུས་ལ་བབ་བོ་ས་མ་ཡཱ༔ དྲུག་པ་ནི། རང་གི་སྔགས་བརྗོད་པ་ཙམ་ལས་འོད་ཟེར་སྤྲོས། རྒྱལ་པོ་རྣམ་ཐོས་སྲས་འཁོར་བཅས་ཀྱི་ཟས་ནོར་ཆོས་གསུམ་གྱི་དངོས་གྲུབ་སྟེར་བར་བསམ་ལ། ༀ་བྷེ་ཤ་མ་ན་ཡཱེ་སྭཱ་ཧཱ། རཏྣ་སི་ཏི་ཧཱུྃ་ཧཱུྃ། ཞེས་ཅི་རིགས་པར་བཟླ་བསྙེན་ཐུན་འཇོག་ཁང་། ཕོ་ཉའི་མགོན་པོ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །འཁོར་གནོད་སྦྱིན་ནོར་ལྷའི་ཚོགས་དང་བཅས་པ་རྣམས་ཀྱི། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། འགལ་རྐྱེན་བར་ཆད་ཐམས་ཅད་སོལ་ལ། མཐུན་རྐྱེན་དགེ་བ་སྤེལ། བསམ་པའི་དོན་ཐམས་ཅད་ཆོས་བཞིན་དུ་འགྲུབ་པར་མཛོད་ཅིག །ཅེས་འདོད་པའི་དོན་ལ་གསོལ་གདབ་བོ། །བར་སྐབས་སུ་བསྐང་བ་དང་། ཚོགས་དང་མེ་མཆོད་ཅི་ལྟར་འགྲུབ་ལྟར་བྱའོ། །དགོས་འདོད་ཀུན་འབྱུང་རིན་ཆེན་འཁྲིལ་བ ཞི་ཡི། །གཏོར་བསྒྲུབ་བསྙེན་མཆོད་འདིར་བསྡུས་བསོད་ནམས་དེས། །འགྲོ་བའི་དབུལ་འཕོང་སྡུག་བསྔལ་རབ་བསལ་ཏེ། འབྱོར་ལྡན་བླ་མེད་བྱང་ཆུབ་ཐོབ་པར་ཤོག །འགལ་རྐྱེན་རྩད་ཆོད་བར་ཆད་ཞི་བ་དང་། །མཐུན་རྐྱེན་དཔལ་དང་གྲགས་དང་སྐལ་བ་བཟང་། །ཐོས་འཛིན་བློ་དང་ཤེས་རབ་ཆེ་བ་དང་། །མཐར་ཐུག་བླ་མེད་བྱང་ཆུབ་ཐོབ་པར་ཤོག །རིན་ཆེན་འཁྲིལ་བཞིའི་གཏོར་བསྒྲུབ་བསྙེན་མཆོད་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་འདིས་སེམས་ཅན་ཐམས་ཅད་ལ་ཕན་ཐོབ་པར་ཤོག། །།


previousརྣམ་སྲས་ཀྱི་བསྒྲུབ་པ་རིན་ཆེན་འཁྲིལ་བཞིའི་གཏོར་བསྒྲུབ་བསྙེན་མཆོད་དགོས་འདོད་ཀུན་འབྱུང་next