Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་སོ་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དམ་ཅན་འགར་བའི་བསྙེན་མཆོད་བྱ་ཐབས།


 
previousདམ་ཅན་འགར་བའི་བསྙེན་མཆོད་བྱ་ཐབས།no next

དམ་ཅན་འགར་བའི་བསྙེན་མཆོད་བྱ་ཐབས།

ས མ ཡ ས དྷུ ན མ དི ཀྶི དྷ བི ཛ ཧ ར ཏི སྨ།
དམ་ཅན་འགར་བའི་དབུ་ཕྱོགས་ལེགས་སོ། །
ༀ་སྭ་སྟི། བླ་མ་གསང་བདག་རྡོ་རྗེ་འཛིན། །ཕྱོགས་དུས་རྒྱལ་བ་ཐམས་ཅད་ལ། །གཉིས་མེད་གུས་པས་ཕྱག་འཚལ་ལོ། །དམ་ཅན་ཡིད་བཞིན་ནོར་བུ་ཡི། །བསྙེན་མཆོད་བྱ་ཐབས་བྲི་བར་བྱ། །དེ་ནས་ཡི་དམ་གྱི་བྱ་བ་གོང་དུ་སོང་ནས། མདུན་དུ་ལྕགས་མཁར་ནག་པོ་ཟུར་བཞི་པ་རྒྱ་ཆེ་ལ་འཕའ་མཐོ་བ་དབུ་རྩེ་བ་དང་ལྡན་པ། ཕྱི་ནང་མེད་པ་མེ་རླུང་འཚུབས་པ། དེའི་དབུས་སུ་བསྒྲུབ་བྱའི་རོ་གན་རྐྱལ་གྱི་སྟེང་དུ། །ར་སྐྱེས་ཁམས་པ་ཆེ་ལ་འཇིགས་པ། ཁ་དང་བ་སྤུའི་བུ་ག་ནས་རིན་པོ་ཆེ་ཕྱུར་བ། དེའི་གོང་དུ་ཏྲི་འོད་དུ་ཞུ་བ་ལས་ༀ་བཛྲ་ས་དྷུ་ས་མ་ཡཱ་རྒྱུགས་བྲིང་། ཐུམ་རིལ་ཛ་ཛ༔ བྷ་རི་བྷ་རི་ཛ་ཛ༔ ཤ་ལ་བཾ་ཤ་ལ་བཾ་ཛཿཛཿ ཀིང་ཀ་རི་ཀིང་ཀ་རི་ཛ་ཛཿ ཞེས་བརྗོད་པས། དམ་ཅན་རྡོ་རྗེ་ལེགས་པ། སྐུ་མདོག་སྔོ་ནག་ཞལ་གཅིག་ཕྱག་གཉིས། སྤྱན་གསུམ་མཆེ་བ་བཞི་གཙིགས་པ། གཡས་ཁྲོ་ཆུའི་དགྲ་སྟྭ་དང་། གཡོན་རའི་རྒྱལ་མཚན་རིན་པོ་ཆེའི་བཀང་བ་བསྣམས་པ། གཡས་སུ་སྟག་རལ། གཡོན་དུ་གཟིགས་ཤུབ། མདུན་དུ་ཟངས་གྲི། རྒྱབ་ཏུ་ཐོ་བ་བཙུགས་པ། ཐུགས་ཀར་ཏྲིཿལས་རང་སྔགས་ཀྱི་བསྐོར་བའོ། །བསྙེན་པ་ནི། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དམ་ཅན་ལ་ཕོག །དམ་ཅན་གྱི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས། དྲེགས་པ་ཅན་ཐམས་ཅད་ཚར་བཅད་དབང་དུ་བསྡུས། ཅི་འདོད་པའི་དངོས་གྲུབ་དང་ཁོའི་སྲོག་སྙིང་བདག་ལ་ཕུལ་བར་བསམ། བསྙེན་པ་ཡང་སྐབས་སུ་བྱ༔ གཡས་སུ་ཤ་མེད་གངས་དཀར་མ་སེང་གེ་ལ་བཅིབས་པ། གཡོན་དུ་ཁ་རག་དཔལ་མོ་བཙུན་རྒྱ་སྟག་ལ་བཅིབས་པ། རྒྱབ་ཏུ་ཀོང་བཙུན་དེ་མོ་བྱ་མོ་ནག་མོ་ལ་བཅིབས། གཡས་སུ་མོན་པ་ནག་པོ་བདུད་བྱ་ཕོ་རོག་ལ་བཅིབས་པ། གཡོན་དུ་མོན་མ་ནག་མོ་གསོད་བྱེད་བྱི་ལ་ག་པ་ལ་བཅིབས་པ། དེའི་རྒྱབ་ཏུ་སེང་ཞོན་གསུམ། སྟག་ཞོན་གསུམ། དོམ་ཞོན་གསུམ། སྤྱང་ཞོན་གསུམ། འཕར་ཞོན་གསུམ། སྤྲེལ་ཞོན་གསུམ་ར་ཞོན་གསུམ་དང་ཉི་ཤུ་རྩ་གཅིག་གིས་བསྐོར་བ། དེའི་རྒྱབ་ཏུ་མཆེད་འཁོར་སུམ་བརྒྱ་དྲུག་ཅུ། དེའི་རྒྱབ་ཏུ་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་བསྐོར་ནས་ཡོད་པར་བསམ། དེ་ནས། བདག་གི་ཐུགས་ཀའི་ཏྲིཿལས་འོད་ཟེར་འཕྲོས་གཙང་འོ་ཡུག་ནས་དེ་འདྲ་བ་སྤྱན་དྲངས་ལ་བསྟིམ་མོ་སྤྱི་བོར་གཏུམ་པོ་ཚོན་གང་བ་གཅིག་བསྒོམ། བཀའ་ཉན་གསུང་སྡོད་ཅིང་ཅི་བཅོལ་བའི་ལས་བྱེད་པར་བསམ་མོ། །དེ་ནས་ར་གསུར་དང་སྤོས་བསྲེགས་ལ་འདི་སྐད་དོ། །ཀྱཻ། ཕྱོགས་ཕྱོགས་དེ་ནི་ཕ་ཝེ་ན། །ཉི་མ་ནུབ་ཕྱོགས་ཕ་ཝེ་ན། །ཟངས་ལྕགས་འདྲེས་པའི་མཁར་ནང་ནས། །སྡེ་བརྒྱད་ཡོངས་ཀྱི་སྤྱི་བོའི་རྗེ། །ཕ་ནི་མོན་པ་ནག་པོ་ཡིན། །མ་ནི་མོན་མ་ནག་མོ་ཡིན། །བུ་དམ་ཅན་རྡོ་རྗེ་ལེགས་པ་ནི། །ཞལ་གཅིག་ཕྱག་གཉིས་བརྗིད་པའི་སྐུ། །སྐུ་ལ་དར་བེར་དགུ་བརྩེགས་གསོལ། །གསེར་ཀ་རིན་ཆེན་སྐུ་རགས་བཅིངས། །ཞབས་ལ་སག་ཏི་ལྷྭམ་པོ་ཆེ། །དབུ་ལ་སག་ཞུ་དམར་སྨུག་གསོལ། །གཡས་པས་ཁྲོ་ཆུའི་དགྲ་སྟ་ཕྱར། །གཡོན་པས་ར་ཡི་རྒྱལ་མཚན་བསྣམས། །སྟག་རལ་གཡས་ལ་གཟིགས་ཤུབས་གཡོན། །ཡ་ཚ་དཀར་པོ་གློག་ལྟར་འགྱུར། །ཟངས་གྲི་དམར་པོ་རྐེད་དུ་མཛེས། །ཆིབས་སུ་ར་སྐྱེས་ཁམ་པ་བཅིབས། །གཡས་ན་ཤ་མེད་གངས་དཀར་མ། །སེང་གེ་བཅིབས་ཤིང་གཙོ་ལ་འདུད། །གཡོན་དུ་ཁ་རག་དཔལ་མོ་བཙུན། །རྒྱ་སྟག་ཞོན་ནས་གཙོ་ལ་སྟོབས། །རྒྱབ་ཏུ་ཀོང་བཙུན་དེ་མོ་ནི། །བྱ་མོ་བཅིབས་ཤིང་གཙོ་ལ་འདུད། །གཡས་སུ་མོན་པ་ནག་པོ་ནི། །བདུད་བྱ་ཕོ་རོག་ཆིབས་སུ་ཅིབས། །གཡོན་དུ་མོན་མ་ནག་མོ་ནི། །གསོད་བྱེད་བྱི་ལ་ག་པ་བཅིབས། །ཡབ་ཡུམ་ཕོ་མོ་སྲས་འཁོར་བཅས། །མཆེད་འཁོར་སུམ་བརྒྱ་དྲུག་ཅུ་དང་། །ཡོངས་འཁོར་ལྷ་སྲིན་སྡེ་བརྒྱད་རྣམས། །མ་ལུས་གནས་འདིར་གཤེགས་སུ་གསོལ། །རྒྱན་གྱི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་བསྒྲུབ་པ་པོ། །འཁོར་བསྲུང་རྐྱེན་བཟློག་དཀོར་ནོར་སྲུང་། །མི་སྡུག་དགྲ་ལ་ཆོ་འཕྲུལ་ཐོད། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །འདོད་པའི་དངོས་གྲུབ་བདག་ལ་སྩོལ། །ཁྱོད་ལ་མཆོད་པ་འབུལ་བ་ནི། །མི་དང་ར་ཡི་གསུར་དུད་དང་། །འཛམ་བུ་གླིང་གི་ཟས་ཀྱི་མཆོག །སྔོན་མོ་ནས་ཀྱིས་སྙིང་ཁུ་དེར། །རིན་ཆེན་དམ་པ་གསེར་སྐྱེམས་ནས། །དམ་ཅན་ཁྱོད་ལ་མཆོད་པ་འབུལ། །ར་ཡི་དབང་པོ་རྣམ་ལྔ་དང་། །བླ་མཁར་སྨུག་པོའི་ལོགས་ལ་ཏྲི༔ ར་དང་ཕོ་རོག་བྱི་ལིའི་སྙིང་། །ཟངས་ཁབ་ཟ་འོག་སྣ་ཚོགས་དང་། །གསེར་དངུལ་གཡུ་དང་མུ་ཏིག་དང་། །དུང་དང་བྱེ་རུ་ཟངས་ལྕགས་དང་། །མདའ་དར་མེ་ལོང་དར་སྣ་དང་། །བཀའ་ཡི་གཏོར་མ་རྒྱན་ཅན་དང་། །ཉམས་པ་བསྒྲལ་བའི་ཤ་ཁྲག་འདི། །དམ་ཅན་ཁྱོད་ལ་མཆོད་པ་འབུལ། །ཁྱོད་ལ་ཕྲིན་ལས་བཅོལ་བ་ནི། །བདག་ཅག་རྣལ་བྱོར་བསྒྲུབ་པ་པོ། །ཕྱོགས་བཞི་མཚམས་བརྒྱད་གར་འགྲོ་ཡང་། །ས་ཕྱོགས་གང་དུ་བསྡད་པའི་སར། །བཙན་གྲོགས་ལོངས་སྤྱོད་ལྡན་པ་དང་། །བསྟན་པ་དར་ཞིང་རྒྱས་པ་དང་། །ཟ་ཁ་གྲོལ་ཞིང་དཀོར་ནོར་སྤེལ། །བུ་རྟ་ན་ཚ་མི་འོང་ཞིང་། །ཅི་བསམ་དོན་རྣམས་འགྲུབ་པ་ཡི། །སྡོང་གྲོགས་རྒྱབ་བརྟེན་ཁྱེད་ཀྱིས་མཛོད། །ཁྱེད་ལ་སྔ་མའི་གཏང་རག་དང་། །ཕྱི་མའི་ཞུ་སྐྱེམས་འདི་འབུལ་གྱིས། །ཡུལ་དུ་འདུག་ན་ཡུལ་དཔོན་གྱིས། །བྱེས་སུ་འགྲོ་ན་བྱས་དཔོན་གྱིས། །ངན་དང་བསྣོལ་ལ་བཟང་དང་སྤྲོད། །ཁྱོད་ལ་རྟག་ཏུ་ལས་བཅོལ་ན། །བདག་ལ་བརྙས་བྱེད་སྡིག་ཅན་དང་། །ཉམས་པ་ཅན་གྱི་དགྲ་བོ་འདི། །དམ་ཅན་དམག་དཔུང་འཁོར་བཅས་ཀྱིས། །སྲོག་གཅོད་སྙིང་ཕྱུངས་འབྱུང་བཞི་སྤྲུགས། །མེ་དབལ་གག་ལྷོག་གཟེར་གསུམ་སོགས། །ཚ་ནད་འབྲུམ་པ་ལྷོག་གམ་རིམས། །སྲོག་སྙིང་དཀྲུག་པའི་ནད་རྣམས་ཀྱིས། །གཏན་ནས་བརླག་པའི་ཕྲིན་ལས་མཛོད། །གལ་ཏེ་དམ་ལ་ཁྱོད་འདའ་ནས། །མངག་པ་བཞིན་དུ་མ་བྱས་ན། །སྔོན་གྱི་དམ་ཚིག་ཉམས་གྱུར་པས། །དུས་ལ་མི་འདའ་ཕྲིན་ལས་མཛོད། །ༀ་བཛྲ་ས་དྷུ་ས་མ་ཡཱ། རྒྱུག་བྲིང་ཐུམ་རིལ་ཛ་ཛ། བྷ་རི་བྷ་རི་ཛ་ཛ། ཤ་ལ་བཾ་ཤ་ལ་བཾ་ཛ་ཛཿ ཀིང་ཀ་རི་ཀིང་ཀ་རི་ཛ་ཛཿ ཨེ་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི། མཆོད་ཅིག་ཕ་མོན་པ་ནག་པོ། མ་མོན་མ་ནག་མོ། བུ་དམ་ཅན་མགར་བ་ནག་པོ། ཤ་མེད་གང་དཀར་མ། ཁ་རག་དཔལ་མོ་བཙུན། ཀོང་བཙུན་དེ་མོ་སྐྱོང་། མཆེད་འཁོར་སུམ་བརྒྱ་དྲུག་ཅུ། ཡང་འཁོར་ལྷ་སྲིན་སྡེ་བརྒྱད་དང་བཅས་པ་རྣམས་ཀྱི་ཞལ་དུ་བཀའ་ཡི་གཏོར་མ་རྒྱན་གྱིས་མཆོད་པ་འདི་བཞེས་ལ། སྡང་བྱེད་ཀྱི་དགྲ་བོ་སོད། གནོད་བྱེད་ཀྱི་བགེགས་ཐུལ། བར་ཆད་ཀྱི་རྐྱེན་བཟློག །སངས་རྒྱས་ཀྱི་བསྟན་པ་སྲུང་། དཀོན་མཆོག་གི་དབུ་འཕངས་བསྟོད། རྡོ་རྗེ་སློབ་དཔོན་གྱི་སྐུ་ཚེ་བསྲིངས། བསྒྲལ་བའི་ཞིང་བཅུ་རྡུལ་དུ་བརློག །མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཞི་བ་དང་། དུལ་བ་དང་བཟློག་པ་དང་། མེད་པ་ཚད་བཅད་པའི་ཕྲིན་ལས་མཛོད་ཅིག །ཅེས་འདོད་གསོལ་བྱ། ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས། དྲེགས་པ་ཐམས་ཅད་ཚར་བཅད་ནས། བདག་ལ་ཅི་འདོད་པའི་དངོས་གྲུབ་ཐོབ་པ་བསམ། བསྙེན་པ་ཅི་ནུས་བྱ། ཞེས་པའང་ཀཿཐོག་རྡོ་རྗེའི་གདན་གྱིས་ལོངས་ཁྲོད་དུ་ཤི་ལ་ཀེ་ཏུའི་སྦྱར་བའོ། ༈ །ༀ་བཛྲ་ས་དྷུ་ས་མ་ཡ། སྲོག་ཏྲི་འདུ་མ་ར་ན། རཏྣ་ཕ་ལ་སིདྷི་ཧཱུྃ། ༀ་ཤྲི་ཏྲི་མི་ལི་ཧྲཱི་ཏྲི་ཨ་དཀར་ཤ་ཡ་རཏྣ་འདུས་འདུས་དབང་དུ་འདུས། སྲིད་པ་གསུམ་གྱི་སྐད་ཆ་ང་ལ་ཤོད། །ཟས་ནོར་ལོངས་སྤྱོད་དངོས་གྲུབ་བདག་ལ་རྩོལ། །ༀ་བཛྲ་ས་དྷུ་ས་མ་ཡཱ། རྡོ་རྗེ་འབར་བ་ཧས་བྱས་ཧུས་བྱས་ཙིཏྟ་ཨ་ར་ལི་ཧྲཱིང་ཧྲཱིང་ཛ་ཛ་སྐབས་སུ་འདོད་གསོལ་བྱའོ།། །།


previousདམ་ཅན་འགར་བའི་བསྙེན་མཆོད་བྱ་ཐབས།no next