མ་ཅིག་ཁྲོས་མ་ནག་མོའི་དུར་ཁྲོད་བསྐུལ་པ།

༅། །མ་ཅིག་ཁྲོས་མ་ནག་མོའི་དུར་ཁྲོད་བསྐུལ་པ་བཞུགས་སོ། །མ་འདི་ནས་ནུབ་ཀྱི་ཕྱོགས་རོལ་ནས། །ཨུ་ཙ་ལ་ཡི་དུར་ཁྲོད་ནས་། །རི་བོ་ཐམས་ཅད་རུས་པའི་རི། །རྩི་ཤིང་ཐམས་ཅད་མདའ་དང་མདུང་། །ཆུ་ཀླུང་ཐམས་ཅད་ཁྲག་དང་རྣག །སྒྲ་སྐད་ཐམས་ཅད་མཁའ་འགྲོའི་སྒྲ། །དུས་གསུམ་སངས་རྒྱས་ཐམས་ཅད་ཡ་ང་བ། །ཁྲོ་བཅུ་རྒྱུ་བ་མི་ནུས་ཤིང་། །ཕྱག་ན་རྡོ་རྗེ་འཇིག་པའི་ས། །ཨུ་ཙ་ལ་ཡི་དུར་ཁྲོད་ནས། །མ་ཅིག་ཁྲོས་མ་ནག་མོ་བཞེངས་སུ་གསོལ། །མ་ཅིག་ཁྲོས་མ་ནག་མོ་བཞེངས་ཙ་ན། །སྐུ་མདོག་ནག་མོ་འཇིགས་པའི་གཟི་མདངས་ཅན། །ཕྱག་གཡས་པས་ཞིང་ཆེན་གཡང་གཞི་སྡེབ། །བརྡབ་པས་སྣང་སྲིད་ལྷ་འདྲེ་དབང་དུ་བསྡུད། །ཕྱག་གཡོན་པས་མི་རྐང་གླིང་བུ་འབུད། །འབུད་པས་ལྷ་སྲིན་སྡེ་བརྒྱད་དམྱལ་ཐག་ཆོད། །སྤྱན་གཡས་པས་ཉི་མ་གྱེན་ལ་གཟིགས། །སྟེང་ཚངས་སོགས་ལྷ་རྣམས་དབང་དུ་བསྡུས། །སྤྱན་གཡོན་པས་ཟླ་བ་ཐུར་དུ་གཟིགས། །འོག་གྲུལ་བུམ་ཀླུ་རྣམས་དབང་དུ་བསྡུད། །ཞབས་གཉིས་ཀྲིག་ཀྲིག་ས་ལ་བརྡབ། །འཇིག་རྟེན་ཁམས་རྣམས་གཡོ་བར་བྱེད། །སྤྱི་གཙུག་ཕག་ཞལ་མཁའ་ལ་ངུར། །ངུར་བའི་ལྷ་སྲིན་སྡེ་བརྒྱད་དབང་དུ་བསྡུད། །མ་དབང་བསྡུད་མཁའ་འགྲོ་མཐུ་མ་ཆུང་། །དབང་སྡུད་མཁའ་འགྲོ་རྩལ་མ་ཞན། །རིགས་བཞི་མཁའ་འགྲོ་མཐུ་མ་ཆུང་། །རིགས་བཞིའི་མཁའ་འགྲོ་རྩལ་མ་ཞན། །ནམ་མཁའི་སྤྲིན་ཚོགས་བཞིན་དུ་འདུས་ལ་ཤོག །བར་སྣང་ཆར་པ་བཞིན་དུ་ཕོབ་ལ་ཤོག །ས་གཞི་རླུང་དམར་བཞིན་དུ་འཚུབས་ལ་ཤོག །ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། མ་ཐུགས་ཀ་ལས་ནི་འོད་ཟེར་འགྱེད། །ཞིང་ཆེན་གཡང་གཞི་ཤར་དུ་གཡུགས། །རྡོ་རྗེ་མཁའ་འགྲོ་ཕོ་ཉར་འགྱེད། །རྡོ་རྗེ་མཁའ་འགྲོའི་བརྟུལ་ཞུགས་ཀྱིས། །ཤར་ཕྱོགས་ཕོ་གདོན་རྒྱལ་པོ་དབང་དུ་བསྡུས། །མོ་གདོན་སྲིན་མོ་དབང་དུ་བསྡུས། །གཉན་སའི་ལྷ་འདྲེ་དབང་དུ་བསྡུས། །ཁྱི་དམར་རྒྱལ་འགོང་༴ གནས་གདོན་ལུས་གདོན༴ ཟ་འདྲེ་ཤི་གཤེད༴ སྲོག་གཅོད་དབུག་ལེན༴ གསོན་བདུད་གཤིན་ལྕགས༴ གོད་འདྲེ་གོད་སྲི་དབང་དུ༴ བགབ་འདྲེ་བགབ་སྲི༴ ན་ཚ་ན་འདྲེ་དབང་༴ ཆེ་འདྲེ་ཆུང་སྲི་དབང་དུ་བསྡུས། །དབང་དུ་བསྡུས་ལ་ཟིལ་གྱིས་གནོན། །ཕཊ་ཕཊ་ཕཊཿ ལྷོ་སོགས་འདྲེས།། །།