Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
བདུད་ཀྱི་གཅོད་ཡུལ་དགོས་འདོད་ཀུན་འབྱུང་རིན་པོ་ཆེ་མུ་ཏིག་གི་ཕྲེང་བ་སྨད་ཆ། ཀུ་སུ་ལུ་པུ་ཎྱེ་ལ་ཀྵ་ས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབདུད་ཀྱི་གཅོད་ཡུལ་དགོས་འདོད་ཀུན་འབྱུང་རིན་པོ་ཆེ་མུ་ཏིག་གི་ཕྲེང་བ་སྨད་ཆ། ཀུ་སུ་ལུ་པུ་ཎྱེ་ལ་ཀྵ་ས།next

བདུད་ཀྱི་གཅོད་ཡུལ་དགོས་འདོད་ཀུན་འབྱུང་རིན་པོ་ཆེ་མུ་ཏིག་གི་ཕྲེང་བ་སྨད་ཆ། ཀུ་སུ་ལུ་པུ་ཎྱེ་ལ་ཀྵ་ས།

བདུད་ཀྱི་གཅོད་ཡུལ་དགོས་འདོད་ཀུན་འབྱུང་རིན་པོ་ཆེ་མུ་ཏིག་གི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །སྤྱི་དོན་གཉིས་པ་ནད་གདོན་གཟེར་བུ་ལ་གསུམ་སྟེ། ནད་གཅོད་པར་བྱེད་པའི་རིམས་པ་དང་། གདོན་གཅོད་པར་བྱེད་པ་དང་། ལོག་ནོན་གཟེར་བུའི་གདམས་པ་དང་གསུམ་མོ། །དང་པོ་ནད་གཅོད་ནི། འགོ་བའི་ནད་དྲག་པོ་ཡོད་པའི་སར་འགྲོ་བའི་ཚེ། སྙེམ་མ་ཞུགས་པར་ཉམས་ང་དང་བག་ཚ་མེད་པར་ལྷན་གྱིས་ཕྱིན་ལ། རང་གིས་ལུས་སེམས་ཕྲལ་ལ། ནད་དེ་ལ་ཡང་དྲག་ཏུ་སྣོམ་ཅིང་། སྣ་བུག་གིས་ནང་དུ་རྔུབ་ཅིག་ཁོང་དུ་མིད་པས་ནད་ཐམས་ཅད་རྩ་དབུ་མའི་ནང་ལ་ཡར་སོང་བས། ཐམས་ཅད་རང་བཞིན་མེད་པར་སྟོང་སང་སང་སོང་བར་བསམ་ཞིང་། ཉམས་ང་མེད་པར་བྱའོ། །ཞལ་གདམ་བཅུ་གསུམ་མ་ལས། ཁྱད་པར་ཚ་བའི་ནད་རྟགས་ལ། །རོ་སྟོད་ཡན་ཆད་གང་ཡང་རུང་། །གཟེར་གྱི་རིགས་བྱེད་མདའ་རྒྱབ་འདྲ། །དབུགས་རྒོད་ལུད་པ་ཁམས་ནག་འོངས། །དེ་ལ་དམིགས་པ་འདི་ལྟར་བྱ། །སེམས་བསྐྱེད་སྐྱབས་འགྲོ་ལུས་མཆོད་ནི། །གྲངས་མེད་བརྒྱའམ་ལོ་གྲངས་གཅིག །ཡང་ན་ཉི་ཤུ་རྩི་གཅིག་བྱ། །དེ་རྗེས་གཟེར་རམ་གང་ན་སར། །འཇིག་རྟེན་ལྷ་འདྲེ་མ་རུང་ནི། །ལག་ན་གནམ་ལྕགས་འབུག་ཆུང་གིས། །གཏམ་གྱིས་ཕུག་ནས་ཁྲག་གིས་ནད། །ཁོང་ཁྲག་ནད་དང་བཅས་པ་དེ། །འཇིགས་པའི་འདྲེ་དེས་འཇིབ་པར་བསམ། །དེ་ལ་ཅི་ནུས་གྲངས་མང་བྱ། །གཞན་ཡང་རང་གིས་མདུན་ཉིད་དུ། །མཚན་མོ་རྫས་ལ་རིག་པ་གཏད། །རིག་པ་ནང་དུ་མི་བསྐྱིལ་ན། །ཕྱིར་ཕྱུང་གླིང་བཞི་བསྐོར་བར་དམིགས། །བར་བར་སྟོང་ཉིད་སྤྲོས་བྲལ་ལ། །མ་ཡེང་རིག་པ་ཧྲིག་གེར་བཞག །ཅི་ལྟར་གཟེར་ཐུང་གར་བཅས་ཀྱང་། །དམིགས་པ་འདི་ཡིས་སོས་པར་འགྱུར། །ཚ་ནད་བཅོས་པའི་གདམ་པ་ཡིན། །བར་བར་ཆུ་ཡི་འཁོར་ལོ་ཡིས། །རོ་སྟོད་ཡན་ཆད་གང་ནས་ནི། །འཁྱག་ཅིང་འདར་བའི་སེམས་གཏད་ལ། །དམིགས་པ་གཏད་ཅིང་སྦྱང་གྱུར་ན། །ཁ་ཟས་ཤ་ཆང་དྲོད་ཅན་རྟེན། །ཚ་བའི་རིགས་བྱེད་འཇོམས་པར་འགྱུར། །གྲང་བའི་ནད་སེལ་གསུང་སྒྲོས་ནི། །སྨད་དུ་ན་བ་གྲང་བ་ཡིན། །རྒྱུ་ལོང་འཁྲོག་ཅིང་མཁལ་རྐེད་ན། །སྦོས་ཞིང་འཁྲོག་ཞིང་སྦྲང་ལ་སོགས། །དེ་ལ་དམིགས་པ་འདི་བཞིན་བྱ། །སེམས་བསྐྱེད་སྐྱབས་འགྲོ་ལུས་མཆོད་སོགས། །བརྒྱའམ་ལོ་གྲངས་ཉེར་གཅིག་བྱ། །འཇིག་རྟེན་འདྲེ་ནི་གཏུམ་པོ་གཅིག །ལུས་པོ་ལྕགས་བསྲེག་འབར་བ་ཡིས། །གྲང་བའི་རིགས་བྱེད་ཐམས་ཅད་རྣམས། །རྩྭ་སྦུར་མེ་ལ་སྲེག་པ་བཞིན། །བསྲེག་ནས་ནད་ཀྱང་མ་ལུས་ཏེ། །རུས་པ་སྔོན་པོར་གྱུར་པར་བསམ། །མ་ཡེང་རིག་པ་དེ་ལ་གཏད། །རླུང་གཉིས་ཁ་སྦྱོར་དྲག་ཏུ་བཟུང་། །གཞན་ཡང་མེ་ཡི་དཀྱིལ་འཁོར་དུ། །རང་ཉིད་ཚུད་པར་བསམ་བྱས་ལ། །རིག་པ་ནང་དུ་གཅུན་པར་བྱ། །རིག་པ་ཕྱི་རུ་མི་ཕྱུང་ནས། །དམིགས་པའི་རང་བཞིན་གསལ་གྱུར་ན། །ཅི་ལྟར་གྲང་བའི་རིགས་བྱེད་རྣམས། །མ་ལུས་སེལ་བ་བྱེད་པ་ཡིན། །རླུང་གི་ནད་སེལ་གསུང་གི་སྒྲོན་མ་ནི། །མགོ་དང་ཡན་ལག་ན་བ་དང་། །ལུས་པོ་འདར་ཞིང་འཕྱོ་སང་བྱེད། །བར་དུ་སྤྱི་ཁྱབ་ལུས་ཀུན་ཡང་། །གཡོ་ཞིང་སྐིག་པ་ལ་སོགས་ཏེ། །འགྲོ་འདོད་ཟས་ལ་ཡིད་མི་དགའ། །ད་ནི་རླུང་ནད་བཅོས་པའི་ཐབས། །རང་གི་ལུས་དང་ལོངས་སྤྱོད་ལ། །ཆགས་སེམས་འཛིན་པ་མི་བྱ་ལ། །སེམས་བསྐྱེད་སྐྱབས་འགྲོ་ལུས་མཆོད་ནི། །སྔ་མ་བཞིན་དུ་གྲངས་མེད་བྱ། །རིག་པ་རང་སར་ཀློད་ལ་བཞག །མ་རུང་གདུག་པའི་གཟུགས་ཅན་གྱིས། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །སའི་འོག་ཏུ་ཁྱེར་ནས་ནི། །ཕག་ནག་འཇིགས་པ་བརྒྱའམ་སྟོང་། །གྲངས་མེད་བསམ་གྱིས་མི་ཁྱབ་པས། །ཤ་ཟོས་ཁྲག་འཐུང་བཏེད་པར་སྒོམས། །ཤེས་པ་ཀུན་ཏུ་མི་འཕྲོ་ཞིང་། །དབང་པོ་ཞི་དམད་ཞི་གནས་ལ། །སེམས་ཉིད་མ་བཅོས་ཀློད་ལ་བཞག །དཀར་སྦྱོར་ལས། མགོ་བོ་ན་ཞིང་མ་བདེ་ན། །མགོ་བོ་པདྨ་སྟོང་དུ་གས། །ཁ་ཁར་གྱེས་ལ་ཤེས་པ་གཏད། །ཀླད་པ་བྱ་ཁྱུང་གྲངས་མེད་ཀྱིས། །ཟོས་ནས་དམིགས་མེད་ངང་ལ་བཞག །མིག་ནད་ལིང་ཏོག་ལ་སོགས་ལ། །འཇིགས་པའི་སེང་ཞོན་མགོ་མང་གིས། །མིག་གཉིས་བྲུས་ནས་བྱ་ལ་བྱིན། །ཤུལ་དུ་ཕུས་བཏབ་ལྡག་པ་ཡིས། །བདུད་སྒོ་བར་དུ་ཧ་རེ་དམིགས། །བེམ་པོ་བྱིན་ནས་སྐྱེ་མེད་སྒོམས། །ཆམ་པ་ཡ་མ་སྣ་བསུབ་ན། །སྦྲུལ་ནག་བདུག་པས་སྣ་གཉིས་ནས། །འཛུལ་ནས་སྣ་མཚུལ་ནད་རྣམས་ཟོས། །འཇིབ་ནས་རང་སར་ཡལ་བར་བསམ། །རྣ་བ་འོན་དང་གཟེར་ལ་སོགས། །འཇིགས་པའི་སེང་ཞོན་རྒྱབ་ནས་བྱུང་། །སྡིག་འཛུབ་ལྕགས་སྲེག་འབར་བ་ཡིས། །རྣ་བ་གཉིས་ནས་རྒྱབ་པ་ཡིས། །ཕར་རལ་ཚུར་རལ་སྲེག་པ་བསམ། །ལུས་པོར་བྱིན་ནས་སྤྲོས་མེད་བཞག །གང་ཞིག་ལྕེ་ནི་ན་དང་ལྐུག །སྟག་ཞོན་མགོ་མང་མདུན་ནས་བྱུང་། །ལྕེ་ནི་ཤར་མོ་བཅུ་གཅིག་བྱས། །བཅུ་གཅིག་ཁ་རུ་བཅུག་ནས་འཇིབ། །ལུས་སྦྱིན་བྱས་ནས་སྐྱེ་མེད་བསྒོམས། །སོ་ལ་སྲིན་བུ་ན་བ་ལ། །སེང་ཞོམ་མགོ་བྱས་འཇིགས་པ་བརྒྱས། །སོ་ལ་དོ་ཤལ་ཕྲེང་བ་བྱས། །ལྷག་མ་ལྷ་འདྲེ་ཡོངས་ལ་བཀྱེ། །གག་པའི་དམིགས་པ་འདི་བཞིན་བྱ། །བྱ་ཁྱུང་མེ་ཡི་གཤོག་པ་ཅན། །སྤྱང་ཀུ་སྔོན་མོ་ལྕགས་མགོ་ཅན། །ཕོ་རོག་ནག་པོ་སེར་མིག་ཅན། །དུག་སྦྲུལ་གདུག་པའི་ལྕེ་དུག་ཅན། །དེ་བཞིས་འགོས་བྱས་གྲངས་མེད་པས། །ནད་དང་ཤ་ཁྲག་བཅས་པ་ཟོས། །ཤུལ་ཡང་མ་ལུས་སྐྱེ་མེད་སྒོམས། །མིག་ཅུས་མིད་ཁུག་ན་བ་ལ། །མི་ནད་ཞེ་སྡང་སྦྲུལ་མགོ་ཅན། །ཁ་ནས་འཛུལ་ནས་ཕོ་བར་སླེབ། །ཕོ་བ་མིག་ཐག་བཅས་པ་ཟོས། །ཐོ་ལུམ་འབར་བས་ཤུལ་ཡང་སྲེག །ལྷག་མ་ཁྱུང་གིས་མ་ལུས་ཟོས། །མིག་བཅུས་ཕན་པ་ཐེ་ཚོམ་མེད། །གློ་བ་རྣག་གིས་ཁེངས་ན་ནི། །མི་ནག་དྲེད་དང་སྟག་ཞོན་གྱིས། །ཨོལ་ཁུང་ནས་འཇིབ་རྣག་ཁྲག་འཐུང་། །ཁོ་དགའ་ཡ་ལེ་ཤེས་པ་གཏད། །བར་བར་སྟོད་ཀྱི་གཟེར་ས་རུ། །དཔེར་ན་ཇ་ཚག་འདྲ་བ་ཡིས། །བུག་པ་བྱས་ནས་ནད་རླང་རྣམས། །སྔོ་དམར་དག་ཏུ་ཐོན་པར་དམིགས། །བར་བར་ཤེས་པ་གླིང་བཞི་བསྐོར། །སྐྱེ་མེད་སྤྲོས་བྲལ་ངང་ལ་བཞག །མཆིན་པར་ནམ་མཁའ་རླུང་སྐྱེས་ན། །གནམ་ལྕགས་རྡོ་རྗེ་རྒྱ་གྲམ་གྱིས། །མཆིན་པའི་དཀྱིལ་རྒྱབ་བསྐོར་བ་ཡིས། །མར་ལ་ལྕགས་བསྲེགས་རྒྱབ་པ་བཞིན། །མེལ་དུ་ཞུ་ནས་ཁྲག་ཏུ་སོང་། །མཁའ་ལ་སེང་ཞོན་སྟག་ཞོན་གྱིས། །ཟངས་ཀྱི་སྦུ་གུ་སྦྱར་ནས་འབྱོངས། །རེས་འགའ་ཁྱི་ནག་གསུམ་གྱིས་ཟོས། །རྐང་ལག་ལྷུ་ཚིག་ན་བ་ལ། །སྦྲུལ་ནག་འདོམ་དགུ་པ་གཅིག་གིས། །གང་ནའི་རྐང་ལག་བཅིངས་པར་བསམ། །བར་བར་ལུས་སྦྱིན་སྙིང་རྗེ་སྒོམས། །རྐང་དང་རུས་པ་ཁོལ་བ་ལ། །འཇིགས་པའི་མགོ་མང་ཀླུ་རིགས་ཀྱིས། །གནམ་ལྕགས་སྟྭ་སྟིལ་རྒྱབ་ནས་གཏུབ། །རྐང་དང་རུས་པ་དང་བཅས་རྣམས། །སྣང་སྲིད་ལྷ་འདྲེ་ཡོངས་ལ་བཀྱེ། །རྗེས་མེད་སྤྲོས་མེད་ངང་ལ་བཞག །རྐང་ལག་ཞ་ན་འཇུག་གཅོད་ཀྱིས། །དམིགས་པ་སྦྲུལ་གྱིས་བསྡམ་པ་དེས། །བྱ་ཁྱུང་དམར་ནག་གྲངས་མེད་ཀྱིས། །སྦྲུལ་དང་རྐང་ལག་ལྷན་དུ་ཟོས། །ལྷག་མ་མ་ལུས་སྒྱུ་ལུས་སྦྱངས། །གང་ཞིག་མོ་ནད་ན་བ་ལ། །བུ་སྣོད་ནང་དུ་ཟླ་བ་བསམ། །ཟླ་བ་ཞུ་ནས་བདུད་རྩིར་བསམ། །རྩ་སྦུག་འགྲིམ་ནས་ལུས་ཀུན་ཁྱབ། །སྦྱིན་པ་ལུས་མཆོད་ཡང་ཡང་བྱ། །གཞུང་པར་ཆུ་སེར་ཞུགས་ནས་རེང་། །གཞུང་ཚིག་ནང་དུ་ཉི་མ་འབུམ། །ཆུ་སེར་ཉི་མའི་འོད་ལ་ཐིམ། །ལུས་སྦྱིན་སྐྱེ་མེད་ངང་ལ་བཞག །མཁྲིས་ནད་མཁྲིས་པ་མིག་སེར་ལ། །མི་ནག་ལྕགས་མགོ་ལྕགས་མཆུ་ཅན། །མཆིན་ཁ་བརྡུང་ནས་མཁྲིས་པ་འཇོངས། །ལྷག་མ་བྱ་ནག་ཡོངས་ཀྱིས་ཟོས། །སྐྱེ་མེད་སྒོམ་པ་མན་ངག་ཡིན། །བད་ཀུན་སྤྱི་ཁྱབ་ན་བ་ལ། །ཨ་དཀར་དག་གིས་ལུས་ཀུན་ཁེང་། །ལུས་སྦྱིན་དཀར་ཚོགས་མཆོག་ཏུ་གཅེས། །ལྷོག་རྒོད་བྱུང་ན་འདི་ལྟར་བྱེད། །རང་ལུས་ལྕགས་ཀྱི་རྡོ་རྗེ་སྒོམ། །ལྷ་འདྲེ་རང་དང་གཉིས་མེད་སྒོམས། །འོ་དོད་འབོད་ཅིང་དྲེགས་པ་འདུལ། །སྣ་ཁྲག་བྱུང་ནས་མ་ཆོད་ན། །སྣ་ཁྲག་བྱུང་ཚད་གཏོར་མར་བསྔོ། །ལུས་དང་བཅས་པ་གཏོར་མར་བསྔོ། །རྒྱབ་ལག་བྱས་ལ་མཆོང་ཁྲབ་བྱ། །སྐྱུག་ནས་ཟས་མི་ལན་པ་ལ། །མིད་ནང་ཤ་ཡིས་བཅད་པར་བསམ། །འཕོ་བར་ཤ་སྦྲང་རྣམས་ཀྱིས་ཟོས། །ལུས་སྦྱིན་བྱ་ཞིང་ནད་ལ་ལྟ། །བཤལ་རྗེས་མ་ཆོད་ལོག་ནོན་ནི། །རྒྱུ་ཞབས་རྒྱུ་མས་བཅིངས་པར་བསམ། །དེས་ནི་མཐའ་གཏད་ལོག་ནོན་ནོ། །གསེར་ཞུན་ལས། འབྲུམ་པ་ལ་སོགས་འགོ་བའི་ནད་ལ་དམིགས་པ་འདི་ལྟར་བྱེད་པ་ཡིན། རང་གི་ལྟག་པའི་སྡུད་སྒོ་ནས། ལྷན་ཅིག་སྐྱེས་པའི་བདུད་བྱ་བ་མི་ནག་རེ་བའི་བ་དན་ཅན་གཅིག་གིས། བ་དན་གཡབ་པས་ནད་བདག་བོས་ནས། ལྟག་པའི་སྡུད་སྒོར་ཞུགས་པས། ལུས་པོ་ཀུན་ནད་བདག་གིས་གང་བར་བསམ། ཤ་ཟོས་ཁྲག་འཐུང་རུས་པ་མུར་སྟེ། ཐམས་ཅད་མཉེས་ཞིང་ཚིམས་ནས་དགའ་བར་བསམ། དེ་མ་ཐག་ཏུ་སྡེབ་ནས་ཀྱང་། ཐམས་ཅད་ཉོག་གིས་བཏང་བར་བསམ། དེའི་ངང་ནས་ཕཊ་ཅེས་བརྗོད་པས། ཐམས་ཅད་ལྕགས་རིའི་རྒྱབ་ཏུ་དོར་བར་བསམ། འབྲུམ་བུའི་རྩེ་མོ་ཏོག་ནས་ཁ་རུ་བཅུག །ཁ་ཟས་མི་འཛེམ་ཆུ་རུ་ཉལ། །དེ་རྗེས་སྐྱེ་མེད་ངང་ལ་བཞག །འདུ་བ་ཉལ་ཉིལ་གྱི་ནད་གསོ་བའི་ཞལ་ཤེས་ནི། ལུས་ཀྱི་ལྟོ་རྒྱབ་ཐམས་ཅད་ནས། གྲ་བའམ་ཁྲོས་མ་ལྟ་བུ་ཁྲེང་ཤུག་པར་བསམ། ནད་ཀྱི་ཁ་རླང་སྔོ་ན་ཁོག་སྟོད་དམར་དུ་ནས། ནམ་མཁའི་འཇའ་བཞིན་ཡལ་བར་དམིགས་པ་ཡང་ཡང་བྱེད། འདུ་བའི་ནད་སེལ་བའོ། །ཁྱད་པར་སྐྲག་མིག་གར་བྱུང་སར་བྱ་ཁྱུང་ནག་པོ་ཟངས་མེའི་མཆུ་ཅན་གྱིས། །སྐྲང་ཐོག་མཆུ་ཏོ་རྒྱབ་ནས་ཁུལ་དུ་བྲུས་ཤིང་ཟོས་པར་བསམ། སྐྲན་ལ་མི་ནག་མགོ་མང་གིས། །ཐོ་ལུམ་འབར་བས་རྒྱབ་ནས་བཤུས། །སེང་ཞོན་མི་ཁྱིས་བཟའ་བཏུང་དང་། །ཁྱུང་དང་སྦྲུལ་ལ་ཟ་རེས་དབབ། །སྙིང་ནད་སྙིང་རླུང་སྙིང་འདྲེ་ཞུགས། །སྨྱོ་འདར་ཤེས་པ་དྲན་སྟོར་ན། །སྙིང་ནི་ཚོན་རྐུད་སྣ་ལྔས་དཀྲིས། །སེམས་ནི་མར་མེ་ལྟ་བུར་བསམ། །དེ་ལ་མ་ཡེངས་གཏད་ན་སེལ། །ཡང་གཅིག་འཇའ་ཚོན་སྣ་ལྔའི་གུར། །དེ་ནང་མ་ཅིག་ཚོན་གང་བསྐྱེད། །མ་ཅིག་ཐུགས་ཀར་གསེར་གྱི་ནི། །རྡོ་རྗེ་ལངས་ནས་ཡོད་པ་ལ། །རིག་པ་གཏད་ལ་སྙིང་རྗེ་སྒོམས། །སྙིང་ནད་འཇོམ་པར་ཐེ་ཚོམ་མེད། །ཕོ་ནད་ཟས་མི་འཇུ.བ་ལ། །མི་ནག་མགོ་མང་འཇིགས་པ་ཡིས། །ཕོ་ཁར་བཏུག་ནས་འཇིབ་ཟོས་ནས། །བར་བར་ཤ་སྦྲང་དག་གིས་ཕོ་བ་ཁེངས། །ཕོ་ནད་བཅས་པར་ཟོས་པར་དམིགས། །རླུང་གཉིས་བཟུང་ལ་སྐྱེ་མེད་སྒོམ། མཆེར་ནད་དམིགས་པ་འདི་བཞིན་བྱ། མཆེར་པ་ལ་ལྕགས་སྲེག་འཁོར་ལོ་བསྐོར། །ཞུ་ནས་དོམ་ཞོན་སྦུ་གུས་འཇོངས། །དེ་ཡང་མང་བྱས་སྟོང་ཉིད་སྒོམ། །ལོང་སྲིན་ལོང་དུག་ན་བ་ལ། །ལྕགས་ཀྱི་འཁོར་ལོ་རྩིབ་བརྒྱད་པ། །རྣོ་ངར་ལྡན་པས་ལོང་ཕུག་འཁོར། །ནད་དང་ལོང་ཁ་བཅས་པ་བཞུས། །ལྕགས་སྤྱང་འབུམ་གྱིས་འཐུང་ནས་དགྱེས། །མཁལ་ནད་མཁལ་མ་གྲང་མཁལ་ལ། །བྱ་ཁྱུང་མེའི་གཤོགས་པ་ཅན། །མཁལ་མ་ཚིལ་དང་བཅས་པ་བྲོས། །གཤོག་པ་བརྡབ་པས་ཤུལ་ཡང་བསྲེགས། །རྩ་རྒྱུད་ནང་དུ་མེ་དམིགས་བཏང་། །དེས་ནི་ཞི་བར་ཐེ་ཚོམ་མེད། །རྡེལ་ནད་རླིག་རླུག་ལང་པ་ལ། །སེང་ཞོན་འཇིགས་པའི་བྱ་ནག་གི། །སྒང་པ་གཉིས་ཕྱུང་ཁྱི་ལ་བྱིན། །ཤུལ་དུ་ལྕགས་སྒང་འབར་གཉིས་བཙུད། །ཁོག་སྨད་ལྕགས་སྲེག་དམར་རྔམ་ལ། །ཤེས་གཏད་རླུང་བཟུང་ཐེ་ཚོམ་མེད། །རྩ་ཆུ་འགག་པའི་ནད་བྱུང་ན། །འདུས་མདོར་ཁྱུང་ལྔའི་མཁར་གཅིག་བརྩིགས། །བད་ཀ་ནོར་བུས་བརྒྱན་པ་གཅེས། །གཏན་དུ་བཞུགས་ཅེས་གསོལ་བ་གདབ། །འདི་ཡིས་སེལ་བ་ཐེ་ཚོམ་མེད། །བསེན་མོས་ཐིག་ལེ་འཕྲོག་པ་ལ། །ནོར་བུའི་འཇིག་རྟེན་གང་བར་བསམ། །བསེན་མོ་ནོར་བུའི་རྩེ་ལ་སྐྱོན། །ནོར་བུ་ལངས་པའི་རྩེ་ལ་ཁྱེར། །ནམ་མཁའི་དབྱིངས་ལ་གཞོན་མཛེས་འཕང་། །རྒྱ་མཚོའི་གཏིང་དུ་དངོས་མེད་སོང་། །ཡང་གཅིག་གང་རྨིས་འཛའ་མོར་བསྐྱེད། །རྟག་ཏུ་འཛའ་མོར་བྱེད་པར་བསམ། །རྟག་ཏུ་ལྷན་ཉམས་ལུས་སྦྱིན་བྱ། །ཡིད་ལ་ཆགས་མེད་སྐྱེ་མེད་སྒོམས། །བར་བར་རྡོ་རྗེའི་དམིགས་པ་བྱ། །དེས་ནི་མི་འཕྲོག་ཉམས་མྱོང་འཕེལ། །གཞང་འབྲུམ་གཉའ་མ་ཟ་བ་ལ། །རྐུབ་ནང་སྲིན་བུ་སེར་པོ་ནི། །མགོ་མང་གྲངས་མེད་བསམ་བྱས་ལ། །གཉའ་མ་སྲིན་བུ་བཅས་པ་རྣམས། །ཁྱུང་གིས་བཏུས་ཏེ་ཟོས་པར་བསམ། །སྲོག་རླུང་སྲོག་རྩ་འཆུག་པ་ལ། །དྲེད་ཞོན་ལག་རིང་བྱུང་ནས་སུ། །གཤང་ལམ་དག་ཏུ་ལག་པ་རྒྱུས། །སྲོག་རྩ་བཅད་ནས་ས་འོག་ཁྱེར། །གསེར་གྱི་ས་གཞིའི་སྟེང་དུ་ཟོས། །ས་འོག་ལྷ་འདྲེས་སྣ་དྲངས་པས། །ལུས་ཀུན་ཟོས་ནས་ས་འོག་སོང་། །སྲོག་རླུང་འཇོམས་པར་ཐེ་ཚོམ་མེད། །གྲིབ་སེལ་བའི་དམིགས་པ་ནི། རང་གི་སྙིང་ཁར་སྒོ་གཅིག་ཡོད་པར་བསམ་ལ། མཁའ་འགྲོ་དམར་མོ་ཕྱག་ན་འགུགས་བྱེད་ལྕགས་ཀྱུ་ཡིས། གྲིབ་དང་གྲིབ་བདག་ལ་སོགས་པ། སྒོ་ནས་འགྲིམ་སྟེ་ལུས་པོའི་ནང་ཐམས་ཅད་གྲིབ་དང་། གདོན་གྱིས་གང་བར་བསམ། དེ་ཡང་ཕོ་གདོན་སྙིང་ཁ། མོ་གདོན་ལྟེ་བར་འདུག་ནས། ཤ་ཁྲག་རུས་གསུམ་ཟོས་པས་མཉེས་ཞིང་ཚིམ་ནས་དགའ་བར་བསམ། དེ་ནས་རྐང་ཞབས་སུ་ཡི་གེ་ཡྃ་ལྗང་ཁུ། རྐང་བོལ་གཉིས་སུ་རྃ། ཡྃ་ལས་རླུང་བྱུང་། རྃ་ལས་མེ་སྦར་བས། ཕོ་གདོན་མོ་གདོན་རག་རག་སུ་ཚིག་ཞིང་བསྲེག་པར་བསམ། གྲིབ་སེལ་གྲིབ་སྲུང་གང་ལ་ཡང་། །མང་དུ་བྱེད་པ་མན་ངག་ཡིན། །གང་ཞིག་རྒྱུ་མ་ན་གྱུར་ཅིང་། །ཁྲག་གམ་སྐྱ་བཤལ་འཁྲོག་ལ་སོགས། །ཅི་ལྟར་བཟོད་རླག་མེད་གྱུར་ན། །རང་ཉིད་སྤྲོས་བྲལ་ངང་ལ་བཞག །རྒྱུ་མ་གཉའ་མ་ལ་སོགས་པ། །རང་གིས་མདུན་ནམ་གང་རུང་དུ། །ཁྱི་སྤྱང་བྱ་རོག་ལ་སོགས་ཀྱིས། །ཕར་འཐེན་ཚུར་འཐེན་བྱེད་པ་ལ། །ཤེས་པ་གཏད་ཅིང་དམིགས་པ་སྒོམས། །གཞན་ཡང་རང་གི་རྒྱུ་མ་ནི། །རྩི་ཤིང་བྲག་ཟུར་ལ་སོགས་པ། །དཀྲིས་ཤིང་མནར་ནས་ཁྱེར་བར་བསམ། །རླུང་གཉིས་ཁ་སྦྱོར་མཆོང་ཁྲབ་བྱ། །བཤལ་དང་སྦོས་ཞིབ་མྱུར་དུ་དབྱུང་། །ཤེས་པ་གསལ་ལ་རིག་པ་གཏད། །ཅི་ལྟར་གཟེར་ཡང་ཁྲག་ནད་སོགས། །ཆད་འགྱུར་བརྟན་པ་ཐོབ་པར་འགྱུར། །མ་ཅིག་ཞལ་གདམ་བདུད་རྩི་ཡིན། །སྲིའུ་གསོ་ན། གསེར་ཀླག་ལ། མ་ཡི་ལུས་ལ་ཡོད་དུས་ནས། དབང་བཀའ་བྱེད། ཡེ་ཤེས་ལྔ་ཡི་དབང་བསྐུར་དང་། ཡུམ་ཆེན་མོའི་དབང་བསྐུར་དང་། མ་ཅིག་གིས་ཡེ་ཤེས་དབབ་པས། སྲིའུ་ཁོང་པའི་ནང་དུ་དམིགས་ལ་དབང་བསྐུར། བཙས་པ་དང་ག་ཏེ་ཕར་ཕྱིན་རྟེན་འབྲེལ་སྙིང་པོ་གསེར་ལ་སོགས་པས་བྲིས་ལ། རབ་གནས་བྱས་ལ་བཏག །གཅོད་དབང་བྱེད། རང་གི་རིག་པ་དང་སྲིའུའི་རིག་པ་བསྲེས་ལ་ནམ་མཁའ་གོ་འབྱེད་བྱ། རང་ཉིད་མཁའ་འགྲོ་མ་སྐུ་མདོག་དམར་མོ་གཅིག་ཏུ་བསམ་ལ། རང་གི་ཕྱོགས་བཞིར་རིགས་བཞིའི་མཁའ་འགྲོ་མ་བཞི་སྒོམས། ཕཊ་བྱས་པས་མཁའ་འགྲོ་མ་དཔག་མེད་འཕྲོས་ནས། ཆུང་སྲི་ཆུང་འདྲེ་སྲིའུ་ལ་གནོད་པ་བྱེད་པ་གར་གནས་ཀྱང་། སྐད་ཅིག་ཉིད་ལ་འདིར་བཀུག་ནས། ཕཊ་ཀྱིས་རང་དང་སྲིའུ་གཉིས་ཀའི་ཤ་ཁྲག་གཏོར། ཆུང་སྲི་བཀུག་ཅིང་ཁ་རུ་བརྫོང་། དམ་ལ་མ་ཐོག་བར་དུ་བཀུག །ནང་ནུབ་གཉན་སར་གཅོད་ལ་ཁྲིད། མཛེ་ཕོ་མཛེ་མོའི་མཆིལ་སྣབ་བླུད། དེས་ནི་འཚོ་བར་ཐེ་ཚོམ་མེད། ལྐོག་མ་ན་ན། ཕཊ་གཉིས་བྱས་པ་ཙམ་གྱིས། གཅིག་གིས་རྗེ་བཙུན་མ་གྲི་གུག་ཅན་གྱིས་ལྐོག་མ་ཤ་ཁྲག་དང་བཅས་པ་བཏུབ་ཅིང་བཅད་པར་སྒོམས། གཅིག་གིས་རྗེ་བཙུན་མ་རྣམས་ཀྱིས་ཟོས་པར་སྒོམས། ཕཊ་དེ་ལ་དུས་རེ་བརྒྱ་རེ་བྱེད། དེའི་རྗེས་སུ་ལུས་སེམས་ཕྲལ་ལ་སྐྱེ་མེད་དུ་བཞག །འབྲས་ལ་ན་སར་རྡོ་རྗེ་རྒྱ་གྲམ་དམིགས། །རྒྱ་གྲམ་སྟེང་དུ་སྦུད་མཆུ་དོད། །ཁྲག་རུལ་ཆུ་སེར་རྣག་ཁྲག་རྣམས། །འགུལ་སྐྱོད་བྱས་པས་འབབ་པར་བསམས། །རྡོ་རྗེ་རྒྱ་གྲམ་འཁོར་བར་དམིགས། །སྙིང་རྗེ་ལུས་སྦྱིན་སེམས་བསྐྱེད་སྒོམས། །ངག་མནན་བཟློག་པའི་བཟློག་ཐབས་ལ། །རང་གིས་ལྕེ་རྐྱང་བའི་སྟེང་དུ། །ངག་ལ་གནོད་པར་བྱེད་པའི་རྦོད་གཏོང་སྣང་སྲིད་དང་བཅས་པ་འདུས་ནས། ཁ་བཙུམ་ཞིང་མིད་པས་ལུས་ཀུན་མེར་གྱིས་ཁེང་ནས་བདེ་སྐྱིད་ལྡན་པའོ། ༈ །ཁྲོས་མས་རྐང་པ་ནས་བཟུང་ནས་དབང་མེད་ས་ལ་བརྡབ་པས། རྡུལ་ཕྲན་བཞིན་དུ་གྱུར། རང་གི་ནད་གནས་སུ་སེམས་ཅན་ཀུན་གྱི་ནད་བསྡུ་ལ། བྱང་ཆུབ་མ་ཐོབ་ཀྱི་བར་དུ་སེམས་ཅན་ཐམས་ཅད་ཀྱི་ནད་མེད་པར་བསམ། བདག་གིས་ནད་འདི་ནམ་ཡང་མི་བཏང་པར་བསམ་ཞིང་། རླུང་ལ་སྐྱོན་ཅིང་སེམས་ཅན་ཐམས་ཅད་ཀྱིས་ནད་གཏན་ནས་མེད་ནད་རྣམས་སྡུད་སྒོ་ནས་བསྡུ་ཞིང་སྙིང་ཁར་ཐིམ། འཐུན་པའི་ལྕགས་རྒྱབ་པས་སྣང་སྲིད་ལྷ་འདྲེ་དེར་དངོས་མེད་བཏང་། དེར་གནས་སྣང་སྲིད་ལྷ་འདྲེ་རོ་བཅས་སྲིད་རྩེར་ཡར་བཏེག་ནས། དབང་ཆེན་ལ་བརྡབ། ཤ་ཁྲག་དང་བཅས་རྡུལ་དུ་སོང་། གནག་སྡོང་པོ་གསེར་ཀླག་ལས་ནད་ལུག་ནད་བཅས་པ་ལ། །ལྷན་དུ་བསྡུས་ལ་དབང་བསྐུར་བྱ། །བདག་དང་གཉིས་མེད་དབྱིངས་རིག་བསྲེ། །ཕཊ་ཀྱིས་ཤ་ཁྲག་གཏོར་ལ་བཞག །སྐབས་སུ་ཆུ་སྦྱིན་ལན་ཆགས་གཏོར། །གཉན་སར་དེ་ལ་གོད་འདྲེ་བཀུག །བདག་དང་གཉིས་མེད་ཤ་ཁྲག་དང་། །རིག་པ་གཅེར་གྲོལ་ཕུར་སྙམ་གྱིས། །གོད་འདྲེའི་ཁ་རུ་ཤ་ཁྲག་བརྫོང་། །དམ་ཐོག་ཚར་ཚད་མ་བྱུང་ཚེ། །ནན་ཏན་བསྐྱེད་ལ་རིག་པ་གཏད། །འོ་དོད་འབོད་པ་མན་ངག་ཡིན། །སྤྱིར་ན་ཚ་སྡུག་བསྔལ་གཟེར་ཟུག་ཅི་བྱུང་ཡང་། །སྔོན་གྱི་ལས་འབྲས་སྒྱུ་མ་ལྟ་བུ་ཡི། །གཞན་གྱི་སྡུག་བསྔལ་ཞི་བར་སྨོན་ལམ་འདེབས། །སྐྱོན་དག་ཡོན་ཏན་དག་དང་འཇལ་བར་ངེས། །མ་ཅིག་ལབ་སྒྲོན་ཞབས་ལ་འདུད། ལྷོག་པ་བཤའ་བའི་མན་ངག་ལ། རང་ཉིད་ལབ་སྒྲོན་ནག་མོར་བསྐྱེད་ལ། ལྷོག་རོ་ས་གཞི་དང་བཅས་པ་བླང་ནས། དགུང་རིམ་པ་བཅུ་གསུམ་གྱི་སྟེང་དུ་ཡར་ཁྱེར་ལ། མལ་དུ་ལྕགས་སྲེག་གི་ས་གཞི་དམར་ངམ་མེ་བ། ཚྭ་ཚྭ་སི་ལི་ལི་ཁོལ་བར་བྱེད་པ། ཕྱོགས་བཞི་མཚམས་བརྒྱད་དུ་མེའི་བྱ་ཁྱུང་གྲངས་མེད་པས་བསྐོར་བས་གཤོག་པ་རྡེབ་པ་ཙམ་གྱིས་མེ་རི་མེ་དཔུང་འུ་རུ་རུ་འབར་བས། དེའི་དཀྱིལ་དུ་མར་རྒྱབ་པས་ལྷོག་རོ་ནད་འདྲེ་དང་བཅས་པ་དེ་ཐར་གྱི་གཏོར་ནས་བྱ་ཁྱུང་རྣམས་ཀྱིས་ཟོས། ལྷག་མ་ནད་འདྲེ་དང་བཅས་པ་བྱ་སྒྲོ་སྲེག་པ་ལྟར་ཚིག་པར་བསམ། ཁྲོ་ཆུ་ཁོལ་མའི་མཚོ་ནང་དུ་རྒྱབ་པར་བསམ། དེ་ནས་རང་ཉིད་གཅེར་བུ་ཕུད། ཕར་འགོང་ཚུར་འགོང་ལན་གསུམ་བྱེད། རང་གི་རྐང་པ་གནམ་ལྕགས་ཀྱིས་ཕུར་པ་ཟུར་གསུམ་ཆུ་སྲིན་གྱི་དབལ་སོ་དང་ལྡན་པས། ལྷོག་རོ་ལྷོག་པ་ལྷོག་བདག་དང་བཅས་པ། ལྕགས་སྲེག་མར་ལ་རྒྱབ་པ་བཞིན་དུ་སོང་བར་བསམ། དེ་ནས་མགོ་བཅད་ནས་ཡར་ལ་འཕང་། རྔ་མ་བཅད་ལ་ཕྱིར་འཕངས། དེ་ནས་ཁྲག་ལུས་ལ་བཀུ། ཡང་ཁྱོར་བ་གང་དོ་འཐུང་། སྙེམ་མི་བྱེད་པ་ཕྱག་རྒྱ་ཆེན་པོའི་ངང་ལ་བཞག །དེ་དྲག་པོ་ཐོག་རྫིས་ཀྱི་བཤའ་ལུགས་ཡིན། ཞི་བ་ལྟར་ཡིན་ན། སྐྱབས་འགྲོ་སེམས་བསྐྱེད་བླ་མའི་རྣལ་འབྱོར་གསོལ་འདེབས་བྱ་ཞིང་། ལུས་སེམས་ཕྲལ་ལ་རང་གི་ཤ་ཁྲག་དང་ལྷོག་པ་གཉིས་བདུད་རྩིར་བསྲེས་ལ། རྡོ་རྗེ་འཆང་མན་ཆད་ཀུན་ལ་བཀྱེ། ཞི་མ་དྲག་ལ་དམར་འགྱེད་བྱ། ཕལ་ཆེར་ལ་ཐོག་རྫིས་བྱེད་པ་ཡིན། འདི་བྱེད་དུས་སྙེམས་དང་བྲལ་བ་གལ་ཆེ། དམིགས་པ་འདི་ཡི་གེའི་རིས་མེད་པས་སྙན་བརྒྱུད་བྱེད་པ་ཡིན། བདག་གི་བརྗེད་དོགས་སུ་བྲིས་པ་ཡིན་ནོ། །ཡང་རང་ལ་ལྷོག་པའི་ནད་ཕོག་ན་འདི་ལྟར་བྱ། རང་ལུས་ལྕགས་ཀྱིས་རྡོ་རྗེར་སྒོམ། །ལྷ་འདྲེ་རང་དང་གཉིས་མེད་བསྐྱེད། །འོ་དོད་འབོད་ཅིང་དྲག་པོར་འདུལ། །ཁོག་སྟོད་ན་ན། ཕཊ་གཅིག་བྱས་པས་ཁོག་སྟོད་གར་ན་ས་དེར་ཚག་མ་བཞིན་དུ་སྒོམས། རླུང་འབུད་པ་དང་སྤྲད་ནས། ནད་རྣམས་དུ་བ་སྔོ་དམར་གྱི་ཚུལ་དུ་ཕྱུ་རུ་རུ་སོང་ནས་ན་བུན་ཡལ་བ་བཞིན་སོང་བར་སྒོམས། དེ་ནི་ནང་པར་ཡར་ལངས་ཙ་གྲངས་མེད་བཅུན་པ་ཡིན། དེའི་རྗེས་སུ་གོང་དང་འདྲ། དེས་མ་ཐུབ་མཐའ་གཏད་བྱེད་པ་ནི། ཕཊ་ཀྱིས་རང་དང་གཞི་བདག་གཉིས་ཀྱི་རྣམ་ཤེས་ཀྱི་ངོ་བོ་མི་ནག་འཇིགས་སུ་རུང་བ། གཡས་ན་གནམ་ལྕགས་ཀྱིས་ཕུར་པ་དང་། གཡོན་ན་ཟངས་ཀྱི་སྦུ་གུ་དམར་ཙེ་རེ་བ་འཛིན་པ་གཅིག་ཏུ་སྒོམས། ཕཊ། གཅིག་གིས་ཕུར་པ་དེས་ཁོག་སྟོད་གར་ན་ས་དེར་རྒྱབ་ནས་ཡར་བལ་ཏེ་མལ་དུ་ཁྲག་ནད་དང་བཅས་པ་ཕྱུ་རུ་རུ་བྱུང་བར་སྒོམས། དེ་ལ་ཟངས་མའི་སྦུ་གུ་རྒྱབ་ནས་འཇོང་ཞིང་ཁོ་དགའ་ཡལ་ལེ་སོང་སྟེ། ནད་རྣམས་རྗེ་བཙུན་མར་སངས་རྒྱས་པར་སྒོམ་ཞིང་། ཕཊ་གྲངས་མེད་བརྗོད། ཁྲག་ད་ཟད་བསམ་ཙ། ན་ས་ལོག་ན་དམིགས་པ་སྤོ་བ་ཡིན། དེའི་རྗེས་སུ་གོང་དང་འདྲ། དེས་ནད་གཅོད་སོང་། གཉིས་པ་གདོན་གཅོད་པ་ལ་གཉིས་ཏེ། སྤྱིའི་གདོན་གཅོད་དང་། བྱེ་བྲག་སོ་སོའི་གདོན་གཅོད་གཉིས། སྤྱིའི་གདོན་གཅོད་ལ་གསུམ་སྟེ། རྗེ་དམ་པ་རྒྱ་གར་གྱི་ཞལ་ནས། གདོན་ཆེན་ལུས་ལ་སྦྲུལ་ལྟར་འཁྲིལ་ན། དམིགས་པ་གར་མཁན་གྱི་ལག་པ་ལྟར་བསྒྱུར་བ་དང་གཅིག །རྦོད་གཏོང་སྤྲིན་ལྟར་གཏིབ་ན། དམིགས་པ་རླུང་ལྟར་སྦུད་པ་དང་གཉིས། གདོན་བཙན་ཐབས་སུ་གནོད་ན། དམིགས་པ་མདུང་ལྟར་བསྐོར་བ་དང་གསུམ་མོ། །དེ་ལ་རྐྱེན་ངན་གྲོགས་སུ་འཁྱེར་དགོས་པ་ཡིན་གསུངས། དེ་ལ་དང་པོ་གདོན་ཆེན་ལུས་ལ་སྦྲུལ་ལྟར་འཁྲིལ་ན། དམིགས་པ་གར་མཁན་གྱི་ལག་པ་ལྟར་བསྒྱུར་བ་ལ་གསུམ། གདོན་སྐྱེངས་སུ་བཅུག་པ་དང་། གདོན་བཙོན་དུ་བཟུང་བ་དང་། གདོན་མགོ་བསྐོར་བའོ། །དེ་ལ་དང་པོ་གདོན་སྐྱེང་དུ་བཅུག་པ་ལ་གསུམ་སྟེ། ལུས་ཚོགས་སུ་འབུལ་བ་དང་། ལུས་འབྲུམ་བཙིར་བ་དང་། ཁོང་པར་ཕོ་བྲང་བཅའ་བའོ། །དེ་ལ་ལུས་ཚོགས་སུ་འབུལ་བ་ནི། གནོད་བྱེད་དེ་ཡིད་ཀྱིས་བཀུག་ནས་སྤྱན་འདྲེན་ལ། ལུས་ལིང་ཀྱིས་བོར། སེམས་ནམ་མཁར་འཕངས་སྟེ། མ་བཅོས་པའི་ངང་ལ་ལྷོད་ཀྱིས་བཞག་གོ། །ལུས་ཤ་ཁུག །དབང་པོ་དོན་སྙིང་། སོ་དང་སེན་མོ། ཐམས་ཅད་ཕངས་པ་མེད་པ་ཁོ་ལ་ཅི་འདོད་དུ་འབུལ་ལོ། །གཉིས་པ་ལུས་འབྲུམ་བཙིར་བ་ནི། བདག་གིས་ཤ་རུས་ཕྱི་ནང་གི་བར་ཐམས་ཅད་དུ། སྦལ་སྦྲུལ་ཉ་ལྕོང་སྡོམ་སྡིག་ལ་སོགས་ལྷ་འདྲེའི་རང་གཟུགས་ཀྱིས་ཁེངས་པར་བསམ་ལ། ལུས་ལ་གཅེས་འཛིན་མེད་པར་ཁྱེད་རང་རྣམས་ཀྱིས་ཟོ་ཞིག །ཁྱེར་ཅིག་ཅི་འདོད་ཀྱིས་བསམ་ལ། སེམས་ནམ་མཁར་འཕང་སྟེ། སྐྱེ་མེད་ཀྱི་ངང་དུ་ཁྲོལ་གྱིས་བཞག་གོ། །གསུམ་པ་ཕོ་བྲང་བཅའ་བ་ནི། རང་གི་ཁོང་པར་གདོན་གྱི་ཕོ་བྲང་ཁྲི་སྟན་དང་བཅས་པ་བསྐྱེད་ལ། གདོན་བྱེད་དེ་སྤྱན་འདྲེན་ནས། རང་གི་ཁོང་པར་བཞུགས་སུ་གསོལ་ལ། རང་གི་ཤ་ཁྲག་ནང་རོལ་རྣམས་འཕང་པ་མེད་པ་ཁོ་ལ་སྦྱིན། ཁྱེད་རྣམས་གར་མ་འགྲོ་ལ་འདིར་བཞུགས་ཅིག །བསམ་ལ་ངག་ཏུ་བརྗོད། ཅི་འདོད་བྱེད་དུ་བཅུག །སེམས་ནམ་མཁར་འཕངས་སྟེ། སྤྲོས་བྲལ་གྱི་ངང་ལ་སེང་ངེ་ཞོག །དེ་ནས་གདོན་སྐྱེངས་སུ་བཅུག་པ་ཡིན་ནོ། །གཉིས་པ་གདོན་བཙོན་དུ་བཟུང་བ་ནི། དེ་ལ་གསུམ་སྟེ། གདོན་བྲིད་པ་དང་གཅིག །འཛའ་བཤེས་བྱ་བ་དང་གཉིས། བརྩོན་ཁོང་དུ་བཞུགས་པ་དང་གསུམ་མོ། །དེ་ལ་དང་པོ་གདོན་བྲིད་པ་ནི། ལུས་འདི་དཔེར་ན་བདག་པོ་མེད་པའི་ཁོང་སྟོང་སྒོ་མེད་དུ། དགྲ་རྐུན་ལ་སོགས་སེམས་ཅན་སུ་ཡང་འགྲོ་བ་བཞིན། ལུས་ཀྱི་བུ་ག་དགུ་སྟེ་ཧ་རེ་ཡོད་པའི་ནང་དུ། ལྷ་འདྲེ་རྣམས་ཞུགས་ནས། གློ་སྙིང་ནང་རོལ་རྣམས་ཧབ་ཐོབ་བྱས་ནས་ཟོས་པར་བསམ་ལ། སེམས་ནམ་མཁར་འཕངས་ཏེ། སྐྱེ་མེད་ཀྱི་ངང་དུ་ལྷན་གྱིས་བཞག་གོ། །གཉིས་པ་འཛའ་བཤེས་བྱ་བ་ནི། རང་ཉིད་སྙིང་དེ་གདོན་གྱི་ཕོ་བྲང་དུ་བསམ། ནད་པའམ་གཞན་སེམས་ཅན་གྱི་གདོན་ཀྱང་སྤྱན་དྲངས་ལ་དེ་ལ་ཚུར་སྟིམ། ལུས་པོ་ཤ་ཁྲག་དབང་པོ་ནང་རོལ་ཐམས་ཅད། ཕོངས་པ་མེད་པར་ཁོང་རྣམས་ལ་ཁྱེར་བཅུག་པས། ཁྱེད་རྣམས་བདག་གིས་བྱང་ཆུབ་བསྐུལ་བའི་དྲིན་ཅན་ཡིན་པས་ལུས་འདིའི་ཤ་ཁྲག་ནང་རོལ་འདི་རྣམས་དྲིན་ལེན་དུ་འབུལ་ལོ། །ཁྱེད་རྣམས་གར་མ་འགྲོ་ལ་དུས་རྟག་ཏུ་འདིར་འདུག་ཅིག་བསམ་ལ། ངག་ཏུ་ཡང་བརྗོད། གདོན་དེ་རྣམས་ཡིད་ལ་གཅེས་པར་བསམ་ལ། རིག་པ་ནམ་མ ཁར་འཕངས་ཏེ་སྤྲོས་བྲལ་ངང་དུ་ལྷོད་ཀྱི་ཀློད། གསུམ་པ་གདོན་བརྩོན་ཁང་དུ་གཞུག་པ་ནི། རང་གི་ལུས་འདི་ཁང་པ་བཞིན་བསམ་ལ། སྒོ་དེ་ལྟག་ཁུང་དུ་དོད་པར་བསམ་ལ། སྒོ་དེ་མཉམ་པོར་འོང་བའི་བདུད་གནས་པའི་ལྟག་པའི་སྡུད་སྒོ་ཞེས་བྱའོ། །སྒོ་དེ་ཧ་རེ་བྱེ་བའི་ནང་ནས་མཉམ་པོར་འོང་བའི་བདུད་དེས་གདོན་བགེགས་རྣམས་བོས་པས་གདོན་དང་ལྷ་འདྲེ་རྣམས་སྟོན་མོ་མགྲོན་འདུས་པ་ལྟར་འོངས་ནས་སྒོ་དེར་འོངས་ནས་ལུས་མེར་གྱིས་གང་བར་བསམ། དེ་ནས་ལྟག་པའི་སྡུད་སྒོ་དེ་ཐག་གིས་ཆོད་ནས་ལྷ་འདྲེ་ཐམས་ཅད་འགྲོ་ས་མེད་དེ། དཔེར་ན་ནས་སྒྲོ་ཁ་བཅིངས་བ་ལྟ་བུར་བསམ། ཕཊ་ཅེས་བརྗོད། ལུས་སེམས་ཁྲལ་ཏེ། ལུས་ཁང་པ་རྡིབས་པ་ལྟར་ཆོམ་གྱིས་རྡིབ་ནས་ལུས་དང་ལྷ་འདྲེ་གདོན་བགེགས་དང་བཅས་པ་ཐལ་བ་རླུང་གིས་ཁྱེར་བ་ལྟར་མེད་པར་བསམ། སེམས་ནམ་མཁར་འཕང་སྟེ། སྐྱེ་མེད་དུ་ཁྲོལ་གྱིས་བཞག་གོ། །དེ་ནི་གདོན་བརྩོན་དུ་བཟུང་བ་ཡིན། གསུམ་པ་གདོན་མགོ་བསྐོར་བ་ལ་གསུམ་སྟེ། རི་དྭགས་སྨིག་སྒྱུ་དེད་པ་ལྟར་མགོ་བསྐོར་བ་དང་གཅིག །འཇའ་མཚོན་ནམ་མཁར་ཡལ་བ་ལྟར་མགོ་བསྐོར་བ་དང་གཉིས། ནམ་མཁའ་ཐུགས་ཕྲད་དུ་མགོ་བསྐོར་བ་དང་གསུམ་མོ། །དེ་ལ་རི་དྭགས་སྨིག་སྒྱུ་དེད་པ་ལྟར་མགོ་བསྐོར་བ་ནི། གདོན་ཐམས་ཅད་ཡིད་ཀྱིས་བཀུག་ལ། རང་གི་ལུས་ཀྱི་བུ་ག་དགུར་ཞུགས་ནས། དཔེར་ན་ན་བུམ་གྱི་ནང་ན་འགྲོ་བ་ལྟར། གདོན་བགེགས་རྣམས་ཀྱི་ཤ་ཁྲག་ལ་སོགས་གཟུང་འཛིན་རྒྱུ་མེད་པར་བསམ་ལ། ལུས་སེམས་ཕྲལ་ཏེ། རིག་པ་སྐྱེ་མེད་ངང་དུ་ལྷོད་ཀྱི་བཞག་གོ། །གཉིས་པ་གཞན་འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལྟར་མགོ་བསྐོར་བ་ནི། གདོན་བགེགས་ཐམས་ཅད་ཡིད་ཀྱིས་བཀུག་ལ། ལུས་སེམས་ཕྲལ་ཏེ། ལུས་བརྩིག་མཁར་ཞིག་པ་ལྟར་ཁྲོལ་གྱིས་ཐལ་ནས། ལུས་འབྱུང་བཞིའི་གཡར་པོ་ཡིན་པས་འབྱུང་བཞི་སོ་སོ་ལ་ཐིམ། ཤ་ས་ལ་ཐིམ། རུས་པ་རྡོ་ལ་ཐིམ། ཁྲག་ཆུ་ལ་ཐིམ། དབུགས་རླུང་ལ་ཐིམ། དྲོད་མེ་ལ་ཐིམ། སྐྲ་དང་བ་སྤུ་རྩི་ཤིང་ལ་ཐིམ། དེ་ལྟར་འབྱུང་བཞིའི་ལུས་འདི་སྐད་ཅིག་གིས་སོ་སོར་ཐིམ་ནས། གདོན་བགེགས་བྱེད་ཀྱི་རྒྱུ་མ་རྙེད་པར་བསམ་ལ། སེམས་ནམ་མཁར་འཕང་སྟེ་སྤྲོས་བྲལ་དུ་སངས་ཀྱི་བཞག་གོ། །གསུམ་པ་ནམ་མཁའ་ཐུགས་ཕྲད་དུ་མགོ་བསྐོར་བ་ནི། བདག་ཀྱང་ཡེ་ནས་དངོས་པོར་མ་གྲུབ་སྟེ་སྟོང་པར་སྣང་། དེ་ནས་རང་དང་གདོན་བགེགས་གང་ཡང་ཡེ་ནས་དངོས་པོར་མ་གྲུབ་པར་སྟོང་པར་སྣང་བ་ཡིན་ནོ། །དེ་ཡང་དམ་པའི་ཞལ་ནས། ཐམས་ཅད་སྟོང་པར་སྣང་བ། ནམ་མཁའ་ནང་འཕྲད་ལ་ཕྱོགས་རིས་མེད། སྟོང་པ་ནང་འཕྲད་ལ་ཕན་གནོད་མེད། ཐམས་ཅད་གང་ཡང་མ་གྲུབ་པ། སྟོང་ཞིང་སྣང་བ་ལ། གདོན་དང་གནོད་བྱེད་སུས་མི་མཐོང་། །ཅེས་གསུངས་སོ། །དེ་ནི་གདོན་མགོ་བསྐོར་བའོ། །དེ་ལྟར་དམིགས་པ་དགུར་བསྟན་པ་དེ་ནི། གདོན་ཆེན་ལུས་ལ་སྦྲུལ་ལྟར་འཁྲིལ་ནས་དམིགས་པ་གར་མཁན་གྱི་ལག་པ་ལྟར་བསྒྱུར་བ་གཅེས་སོ། །ན་མོ་གུ་རུ། རྦོད་གཏོང་སྤྲིན་ལྟར་བཏིབ་ན། དམིགས་པ་རླུང་ལྟར་སྦུད་པ་ལ་གསུམ་སྟེ། གནོད་བྱེད་ལྷ་རུ་འབོད་པ་དང་། ལྟས་ངན་གཡང་ལེན་དང་། རང་གཤེད་རང་ལ་དབབ་པའོ། །དེ་ལ་གནོད་བྱེད་ལྷ་རུ་འབོད་པ་ནི། རྦོད་གཏོང་གང་ནས་བྱུང་བའི་ཕྱོགས་དེ་ན། གནོད་བྱེད་སྤྱན་དྲངས་རང་གི་འདུག་སའི་གནས་ཁང་དེ། ཁོའི་ཕོ་བྲང་དུ་འབུལ་བས། ལུས་སེམས་ཕྲལ་ཏེ། ལུས་ཤ་ཁྲག་ནང་རོལ་དང་བཅས་པ་དེ་ཁོང་རྣམས་ལ་འབུལ། ཕོངས་སེམས་མེད་པར་སིལ་གྱིས་འབུལ་ལ། ཅི་བྱེད་བྱེད་དུ་བཅོལ། ཁྱེད་རྣམས་བདག་ལ་བྱང་ཆུབ་བསྐུལ་བའི་སློབ་དཔོན་ཡིན་པས། དུས་རྟག་པར་གནས་འདིར་བཞུགས་ཅིག །བདག་གིས་ཆེ་བའི་ལུས། ཆུང་བའི་ནོར་རྫས་རྣམས་ཅི་འབྱོར་ཁྱེད་ལ་འབུལ་བསམ། ངག་ཏུ་ཡང་བརྗོད་ལ། སེམས་ནམ་མཁར་འཕངས་ལ་སྤྲོས་བྲལ་དུ་སིང་གི་བཞག་གོ། །དེས་ཁོའི་གནོད་སེམས་ཞི་ནས། མ་མགོན་ལྷ་དང་ཆོས་སྐྱོང་དུ་གྱུར་པ་ཡིན་ནོ། །གཉིས་པ་ལྟས་ངན་གཡང་དུ་ལེན་པ་ནི། རྨི་ལམ་དུ་རྦོད་གཏོང་གི་མཚན་མ་དྲག་པོ་བྱུང་ན། སེམས་རྣམ་རྟོག་མི་བྱ་ལ། ངས་དགེ་སྦྱོར་ལེ་ལོ་ཤོར་བ་ལ། བསྐུལ་མ་འདེབས་པ་ཡིན་བསམ་ལ། ཡིད་ཀྱིས་རྨི་ལམ་ཆོ་འཕྲུལ་གང་བྱུང་བ་དེ་རང་གཟུགས་སུ་བཀུག་ལ། ལུས་ལིང་གིས་བོར་ནས་ཕང་སེམས་མེད་པར་སིལ་གིས་བཤིགས་ལ། གནོད་བྱེད་རྣམས་ལ་ཅི་དགའ་བྱེད་དུ་བཅོལ། སེམས་ནམ་མཁའ་ལ་འཕང་སྟེ་སྤྲོས་བྲལ་དུ་བཞག་གོ། །དེ་ནས་བྱད་མ་དེས་མ་ཚོར་བར་འགྲོ་ལ། རབ་ཁོའི་གཏོར་ཁྲིའམ་ཧོམ་ཁུང་གི་རྩར། འབྲིང་ཁོ་འདུག་པའི་ས་ཕྱོགས་གམ། ཐ་མ་ཡང་ཁོའི་ཕྱོགས་སུ་ཁ་བསྟན་ལ། དགའ་བ་བསྒོམ་པས། ཁོའི་རྦོད་གཏོང་དེ་ཁོ་རང་ལ་ལྡོག་གོ། །གསུམ་པ་བདེན་པའི་སྟོབས་ཀྱིས་རང་གཤེད་རང་ལ་དབབ་པ་ནི། རྦོད་གཏོང་དེ་ཡིད་ཀྱིས་བཀུག་ལ། ལུས་ལིང་གིས་བོར་ལ། སྙིང་དེ་ཤཱཀྱ་ཐུབ་པ། སེངྒེའི་ཁྲི་ལ་བཞུགས་པ། བྱང་ཆུབ་ལྗོན་ཤིང་ལ་རྒྱབ་གཏད་པ་གཅིག་བསམ། ཕུང་པོ་ལྷག་མ་རྣམས། འཕགས་པ་ཉན་ཐོས་དང་། དགྲ་བཅོམ་པའི་ཚོགས་ཀྱིས་བསྐོར་ནས་སངས་རྒྱས་ཀྱིས་ཆོས་གསུངས་པར་བསམ། དེ་ལ་རྦོད་གཏོང་རྣམས་གནོད་སེམས་ཀྱིས་འོངས་ནས། དེ་ལ་གནོང་ཞིང་འགྱོད་སེམས་སྐྱེས་ནས། སངས་རྒྱས་ཀྱི་ཞབས་དྲུང་དུ་ཆོས་ཉན་པར་བསམ་ལ། སེམས་ནམ་མཁར་འཕང་སྟེ། སྤྲོས་བྲལ་དུ་སེང་ངེ་བཞག་གོ། །དེས་རྦོད་གཏོང་དེ་ཁོ་རང་ལ་ཕར་ལོག་སྟེ། ཁོ་རང་གི་བདུད་དུ་འབེབས་པར་འགྱུར་རོ། །དམིགས་པ་གསུམ་པ་དེ་དག་རྦོད་གཏོང་སྤྲིན་ལྟར་གཏིབ་ན་དམིགས་པ་རླུང་ལྟར་སྦུད་པའི་གདམ་ངག་གོ། །གསུམ་པ་གནོད་བྱེད་བཙན་ཐབས་སུ་གནོད་ན། དམིགས་པ་མདུང་ལྟར་བསྐོར་བ་ནི། གློ་བུར་ཉམས་མི་དགའ་བ། བག་ཚ་བ། སྐྱི་ཟིང་པ། རྨི་ལམ་འཁྲུག་པ། བདུད་དང་རྟོག་པ་རྣམས་སྐྱེ་བའི་དུས་སུ་ཕཊ་བརྗོད་ལ་གཅིག་གིས་ལུས་སེམས་ཕྲན། བདག་མེད་ཀྱི་ཕུང་པོ་དེ་གནོད་བྱེད་ལ་གཟན་དུ་སྐྱུར། བརྟེན་མེད་ཀྱི་རིགས་པ་དེ་ནམ་མཁར་འཕང་། མ་བཅོས་པའི་ངང་ལ་ལྷོད་ཀྱིས་བཞག །གོང་གིས་དམིགས་པ་དེ་ལ་གང་ཟིན་གོང་འོག་མེད། དེས་ཡིད་ལ་གང་བྱུང་སྒོམ་མོ། །དེས་གནོད་བྱེད་དང་རིག་པ་ཐུགས་ཕྲད་ཞི་ནས། བར་ཆོད་ཐམས་ཅད་ཆོས་ཉིད་དུ་སློང་བར་བྱེད་དོ། །དེས་དམིགས་པ་གདོན་ཐོག་དབབ་པ། དྲག་སྔགས་ཀྱི་ནུས་པ་ཁྱད་དུ་གསོད་པའི་གདམ་ངག་གོ། །དེའི་སྤྱིའི་གདོན་གཅོད་སོང་། གཉིས་པ་བྱེ་བྲག་སོ་སོའི་གདོན་གཅོད་ནི། རྒྱལ་འགོང་དག་གིས་གདུག་པའི་མིའི། །ཉེར་ཞི་རིན་ཆེན་སྒྲོན་མ་ལས། །ལྷ་སྐུ་རྟེན་གསུམ་འབབ་ལ་སོགས། །གསེར་གཡུ་རིན་ཆེན་གནས་དང་འཁོར། །ལི་ལི་སྤྲེའུ་རི་བོང་དང་། །གཅན་གཟན་རིགས་དང་བན་བོན་རིགས། །བཙུན་པ་བུ་ཆུང་ཆོ་འཕྲུལ་སོགས། །ཆུ་དང་ཤྭ་རྦུད་ཤལ་རོང་དང་། །གནག་ཁྱུ་བྱ་དཀར་ཁྱི་ལ་སོགས། །བསམ་གྱིས་མི་ཁྱབ་པ་དམིགས་ཤིང་། །མགོ་དང་ཡན་ལག་དོང་ཀ་སོགས། །སྐམ་ཁོལ་བྱེད་ཅིང་ལྷུ་ཚིག་ན། །ལུས་སྡུག་ཡིད་ཀྱང་མི་དགའ་ཞིང་། །ཁྲོ་གཏུམ་བྱེད་ཅིང་ཚིག་པ་ཟ། །རྒྱལ་འགོང་ནད་དུ་ཤེས་པར་བྱ། །དེའི་གཅུན་ཐབས་འདི་ལྟར་བྱ། །རང་གདོན་འདྲེ་ཡི་གཙོ་བྱས་པའི། །ནམ་མཁས་ཁྱབ་ཚད་སེམས་ཅན་རྣམས། །སྔོན་འགྲོ་སྐྱབས་སེམས་ལུས་མཆོད་བྱ། །དེ་ནས་རང་ལུས་ལྷ་ཁང་གྱོ་འདབ་གསུམ་པ་གཅིག་ཏུ་བསམ། ནང་དུ་འབག་རིགས་དང་རྒྱལ་དཀོར་ཁྲ་གཅོ་གེར་ཡོད་པར་བསམ་ལ། དེའི་ནང་དུ་གསེར་ཁྲིའི་སྟེང་དུ། གཡས་སུ་རྒྱལ་པོ་གསེར་ཐུལ་ཅན། བན་ཆེན་དང་། བོན་ཆེན། སྐྱེ་བོ་ཤན་པ་གྲི་ཐོག །རྟ་གླང་པོ། ཁྱི་སྤྲེལ། ར་ཕག་བྱ་གསུམ། ཤ་མར་ཐུད་གསུམ། འབྲུ་རིགས། གསེར་བྲེ། དངུལ་བྲེ། རེ་རེ་ལ་ཡང་བརྒྱ་བརྒྱ་ཡོད་པ་བསམ། གཡོན་དུ་རྒྱལ་མོ་ལ་བསེན་མོའི་ཚོགས་ཀྱིས་བསྐོར་བར་བསམ། ཕཊ་བྱས་པས་སྒོ་འདེན་པར་བསམ། དེ་རྣམས་ནང་ནས་ཟོས། སྔོན་རྒྱབ་གཉིས་ནས་སྟག་གཉིས། གཡས་གཡོན་གཉིས་ནས་གཟིག་གཉིས། དེ་ནས་སྔུན་རྒྱབ་གཡས་གཡོན་གཉིས་ནས་ཟོས་པར་བསམ། ཕཊ་བྱས་པས་ཁོང་རྣམས་དགའ་ཡལ་ཡལ་སོང་བར་བསམ། ཕྱི་ནང་གི་ཤ་ཁྲག་ཀུན་ཟོས་ནས་མེད་པར་བསམ། དེའི་གནས་ཀྱི་ལྷ་ཁང་འདྲེ་ཅན་དུར་ཁྲོད་དེར། ཀླུ་གནས་རི་གཉན་མ་ཡིན་ཏེ། །འདི་ཡང་རྟོག་པ་ཆོད་མི་ནུས། །དེ་ཕྱིར་གཉན་ཐོག་འགྲོ་བ་གཅེས། །དེ་ལྟར་བྱས་ཀྱང་མ་ཆོད་ཅིང་། །རྒྱལ་པོའི་མགོ་བསྐོར་བྱུང་བ་ན། །ཐོད་པ་གྲི་གུག་གིས་བཅད་ནས། །གདོན་དང་ལུས་པོ་འཐས་པ་ཡང་། །རྦད་ཀྱིས་བཅད་ནས་ཐོད་པར་བླུགས། །རྨི་ལམ་གང་བྱུང་ཐོད་པར་སྦྱངས། །བྱིན་གྱིས་རླབས་ནས་སྔར་ལྟར་གསོལ། །གང་ཞིག་དམུའི་ནད་རྣམས་ན་གྱུར་ན། །ལུས་ལྗི་སྐྱུག་དང་སྨྲ་མི་གྲོལ། །གཉའ་དང་འོན་དང་འཐིབ་ལ་སོགས། །ཤེས་པ་ལྗི་ཞིང་འཐིབ་པ་དང་། །གང་ཞིག་ནད་པའི་རྨི་ལམ་དུ། །རྟ་ཕྱུགས་ལུག་ཁྱུ་ཕུག་རོན་དང་། །སྐྱ་མི་མང་དང་མུན་རུབ་དང་། །ཤེས་པ་མི་གསལ་འཐིབ་པར་འགྱུར། །དེ་འདྲ་བྱུང་ན་དམུའི་གདུབ་པའོ། །བདུད་ཀྱི་རྟགས་ཀྱང་འདི་ལྟ་སྟེ། །མགོ་ལུས་མེད་པར་ཁོལ་ཤིང་ན། །ཕ་མ་ལ་སོགས་ཉེ་དུར་སྤྲུལ་ཞིང་འོངས། །ཤེས་པ་འཕྱོ་ཞིང་གཉིད་མི་ཉན། །ནུབ་མོ་གཉིད་པའི་རྨི་ལམ་དུ། །མུན་པས་གཡོག་དང་རྟ་ནག་ཞོན། །གོས་ནག་གྱོན་དང་གཡག་ནག་གིས་བརྡུང་། །སྐྱ་མི་མང་པོས་ཁྲིད་པ་རྨིས། །དེ་འདྲ་བྱུང་ན་བདུད་ཀྱི་གདུབ་པ་ཡིན། །བཙན་གྱིས་ནད་རྣམས་འདི་ལྟར་སྟོན་ཏེ། །ལུས་པོ་ཁོར་བུར་གཟེར་བ་དང་། །སྙད་མེད་ཆུ་བུར་བྱུང་བ་དང་། །མི་དམར་སྐྱ་དམར་མང་པོ་ཡིས། །ཁྲིད་ནས་རྒྱལ་ཁམས་བསྐོར་བ་རྨིས། །དེ་ནི་བཙན་གྱི་ཆོ་འཕྲུལ་ཡིན། །དེ་གསུམ་གཅོད་ལུགས་འདི་ལྟར་བྱ། །རང་གདོན་འདྲེ་ཡིས་གཙོར་བྱས་པའི། །ནམ་མཁའ་མཐའ་ཁྱབ་སེམས་ཅན་ལ། །སྔོན་འགྲོ་སྐྱབས་སེམས་ལུས་མཆོད་བྱ། །དེ་ནས་གསུམ་སྦྱོར་འདི་ལྟ་སྟེ། །རང་གི་ལུས་ཀྱི་བདག་པོ་ནི། །ལྐུག་པར་སྨྲ་བར་མི་འགྱུར་བའི། །གྲི་ཐོག་ཤན་པ་དཔག་མེད་དང་། །གཡག་ནག་རྭ་ལ་མེ་འབར་འཕྲོས། །བརྡུང་ཞིང་ཤ་རུས་མེད་པར་བཏང་། །དེ་རྒྱབ་མི་དམར་གྲི་ཐོག་ནི། །སྣང་སྲིད་ཁེང་པ་ཙམ་བྱུང་ནས། །ཤ་རུས་ཁྱེར་ནས་དགའ་མགུར་ལྡན། །རང་སར་སུན་སུན་སོང་བར་བསམ། །རྣལ་འབྱོར་བདག་གིས་ཏིང་འཛིན་ནི། །ནད་པའི་སེམས་དང་རང་སེམས་གཉིས། །གཅིག་ཏུ་བསྲེ་ལ་མཁའ་ལ་བསྲེ། །ལུས་པོ་ལྷ་འདྲེ་མ་ལུས་ལ། །མཆོད་པར་འབུལ་བ་མན་ངག་ཡིན། །བཙན་གནས་བྲག་དང་ཆུ་གནས་སོགས། །གོང་གསུམ་མདའ་སྟོང་འདྲ་བའམ། །ཆུ་བོ་ཆེན་པོའི་འགྲམ་དུ་གཅོད། །གཞན་མ་རྒྱ་ཡ་ཆོད་མི་ནུས། །དེ་ལྟར་བྱས་ཀྱང་མ་ཆོད་ཅིང་། །བཙན་གྱི་མགོ་བསྐོར་བྱུང་བ་ན། །བེམ་རིག་མི་ཕྲལ་རིར་སྐྱུར་བྱ། །ཁོ་རང་འདོད་པ་ཚིམ་པར་བསམ། །གྲང་མང་བྱས་པས་མྱུར་དུ་སེལ། །ཀླུ་བདུད་ལ་སོགས་ཀླུ་རིགས་ཀྱི། །ནད་ཀྱིས་ཟིན་པའི་ལས་ངན་དེ། །མཚོ་དང་ཆུ་མིག་ནེའུ་སེང་ངམ། །སྦྲུལ་དང་ལྕང་མོ་ངང་དུར་དང་། །ཀླུའི་ཆོ་འཕྲུལ་བསམ་མི་ཁྱབ། །ལུས་པོ་ཟ་ཞིང་འགུལ་འཁྲིག་མང་། །ཤ་བཀྲ་བས་ལྡག་གླང་ཤུ་དང་། །ཤ་རོ་རྨའམ་སེར་ཁ་འབྱུང་། །གཉིད་མེད་སེམས་ཡང་མི་དགའ་ཞིང་། །འགྲོ་སྙིང་འདོད་ཅིང་རྟགས་མཚན་རྣམས། །རོག་ལ་གསང་ཞིང་ཡིད་མི་ཆེས། །དེ་ནི་ཀླུ་ཡི་དུག་གི་ཟིན་པའོ། །གཉན་གྱི་ཟིན་ནམ་གནོད་པ་ནི། །སྦལ་དང་ཆུ་རྟ་བ་གླང་དང་། །གཅན་གཟན་རྣམ་པ་སྣ་ཚོགས་རྨིས། །རང་གི་ལུས་ཀྱི་ཚིག་རྣམས་ཁོལ། །རོ་སྟོད་གཟེར་ཞིང་ཤེས་པ་འཕྱོ། །འཐབ་དང་འདོད་ཅིང་ཚིག་པ་ཟ། །རྨི་ལམ་ལ་སོགས་རྟགས་རྣམས་ཏེ། །བྱུང་ན་གཉན་གྱི་ཆོ་འཕྲུལ་ཡིན། །ས་བདག་གདུག་པའི་ཆོ་འཕྲུལ་ནི། །སྦལ་པ་བྱི་བ་ལུག་ལ་སོགས། །སྡོམ་སྡིག་རི་དྭགས་ལ་སོགས་རྣམས། །གཉན་དང་ས་བདག་ཆོ་འཕྲུལ་སྟེ། །ཁྱད་པར་ས་བདག་ཆོ་འཕྲུལ་ཡིན། །རྐང་ལག་རུས་པ་ཀུན་ན་ཞིང་། །ཁྱད་པར་ལུས་ལྗི་ཤེས་པ་འཐིབ། །བྱིང་བ་ལ་སོགས་ས་བདག་ནད། །དེའི་གཅོད་ཐབས་འདི་ལྟར་བྱ། །རང་གདོན་འདྲེ་ཡིས་གཙོ་བྱས་པའི། །ནམ་མཁའི་ཁྱབ་ཚད་སེམས་ཅན་ལ། །སྔོན་འགྲོ་སྐྱབས་སེམས་ལུས་མཆོད་བྱ། །རང་གི་གདོས་བཅས་ལུས་པོ་འདི། །སྦྲུལ་ནག་མགོ་དགུ་ཟེ་བ་ཅན། །གླང་དམར་མེ་སྟག་འཕྲོ་བ་གཅིག །སྦལ་པ་ཁྲ་བོ་ཆེན་པོ་གཅིག །གཞན་ཡང་སྦལ་སྦྲུལ་འབུམ་ཕྲག་གིས། །སྒྱུ་ལུས་གདོས་བཅས་ལུས་པོ་ལ། །མལ་ཀྱང་མ་བཞག་སུན་གྱིས་ཟོས། །མ་ཡེངས་རིག་པ་དྲག་ཏུ་བཅུན། །རྣལ་འབྱོར་བདག་གིས་ཏིང་འཛིན་ནི། །ནད་པའི་སེམས་དང་རང་སེམས་གཉིས། །སྤྲོས་བྲལ་ནམ་མཁའི་དཀྱིལ་དུ་བཞག །དམིགས་པས་དྲག་ཏུ་གཅུན་ཕཊ་ཀྱིས་གདབ། །རྨ་ཤུ་ལ་སོགས་གར་ན་སར། །ཆུ་ཡིས་བཀྲུས་ནས་གཉན་སར་གཏོར། །ནད་པའི་ཤ་ཁྲག་མ་ལུས་པ། །གཉན་སའི་གཞི་བདག་དེ་ལ་ནི། །གུས་པའི་ཚུལ་གྱིས་འབུལ་བར་བསྒོམ། །ཀླུ་གཉན་སའམ་མཛེ་ཅན་ནམ། །གཉན་གནས་ལྷ་ཁང་ལ་སོགས་པའི། །གཉན་སར་ཉམས་ལེན་བྱེད་པ་གཅེས། །དེ་ལྟར་བྱས་ཀྱང་མ་ཆོད་ཅིང་། །ས་བདག་མགོ་བསྐོར་བྱུང་བ་ན། །རིག་པ་ཌཱ་ཀིའི་བེམ་པོ་བཤག །ཤ་རུས་ལྤགས་པ་བརྡལ་བའི་སྟེང་། །གཏིང་ནས་འགུལ་སྐྱོད་མེད་པར་བསམ། །བདུན་ལས་མང་བ་མི་བྱའོ། །གང་ཞིག་མཛེ་ནད་གཅོད་པ་ལ། །རི་གཉན་གདུག་པར་ཕྱིན་པ་དང་། །སྔོན་འགྲོ་ལུས་མཆོད་སྦྱིན་པ་བྱ། །དེ་ནས་ནད་གཅོད་དམིགས་པ་ནི། །རང་གིས་རིག་པ་དབྱིངས་སུ་འཕངས། །ལུས་པོ་ཤ་ཁྲག་དཔག་མེད་ལ། །ཕྱི་ནས་སྦྲུལ་དང་སྦལ་བས་ཟོས། །ཞབས་ནས་ཉ་དང་ལྕང་མོས་ཟོས། །ལྷག་མ་རྗེས་མེད་སྟོང་པར་བསམ། །གཞན་ཡང་ཚ་ཚ ག་ཤ་མགུལ་ལ། །དུག་སྦྲུལ་འཇིགས་པས་ཟོས་པར་བསམ། །ཤ་རོ་སྦྲིད་བམ་གར་བྱུང་སར། །གླང་དམར་དུག་གི་ཁ་རླང་ཅན། །ཕས་ཕས་བརྡུང་ནས་ཟོས་པར་བསམ། །རྨ་དང་ཤུ་ཐོར་གར་བྱུང་སར། །ཟངས་ལྕགས་སྦྲང་བུ་འབུམ་གྱིས་འཇིབ་པར་བསམ། །བལ་ལྡག་ཤུ་བུར་གར་བྱུང་སར། །ཕོ་རོག་འབུམ་གྱིས་གཏོར་བར་བསམ། །སྣ་ཁྲག་ཆུ་རྣག་གར་བྱུང་སར། །ཁྱི་ནག་འབུམ་གྱིས་ལྡག་པར་བསམ། །ཞ་ཁུམ་རེང་བ་གར་བྱུང་སར། །མཁའ་འགྲོ་འབུམ་གྱིས་གཏུབ་པར་བསམ། །ཚ་ཚག་ཚ་བེར་གར་བྱུང་སར། །ལྕགས་སྲེག་ཕུག་པས་བསུར་བར་བསམ། །ཡང་ཡང་གནད་དུ་དྲིལ་ལ་སྒོམས། །སྟོང་ཉིད་དགོངས་པས་ཟིལ་གྱིས་མནན། །ལུས་སྦྱིན་མཆོད་པ་ལན་ཆགས་བརྔན། །གཟེར་འདེབས་དམིགས་པས་ནད་གདོན་གཅོད། །དེ་ཡང་དང་པོ་གདོན་གྱི་གནོད་པ་དེ། །མཚོ་དང་ཆུ་མིག་ལ་མི་ཁྱེར་ནས། །ཡུན་རིང་དག་ལ་སྐམ་གཅོད་བྱེད། །དེ་ནས་གཤེར་གཅོད་བྱེད། ཅེས་ཉེར་ཞི་སྒྲོན་མ་ལས་གསུངས་སོ། །ཙི་ཏི་ཛྭ་ལའི་ནད་ལས་གྲོལ་བར་ཤོག །གཟའ་བདུད་ལ་སོགས་གཟའ་བརྒྱད་དང་། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་། །ཀླུ་གཉན་སྡེ་བརྒྱད་ཀུན་སྡང་བས། །དེ་ལ་དྲོད་ཚད་འདི་ལྟར་འབྱུང་། །ཐོག་དང་མདའ་རྡོ་རལ་གྲི་སོགས། །འདབ་ཆགས་རིགས་དང་སྐར་མདའ་དང་། །ཀ་བ་བུ་ཡུག་འཚུབ་ལ་སོགས། །རང་ཉིད་གཡོག་གམ་ཁྱེར་བ་ལ། །སེར་བ་འབབ་དང་སྤྲིན་གཏིབ་པ་དང་། །སྤྱང་ཀི་རྨི་དང་འོད་ལ་སོགས། །ཐིབ་པའི་རྟགས་ནི་འདི་ལྟ་སྟེ། །ཁ་ཡོ་མིག་སླེ་མེ་རིས་དང་། །ཆུ་བུར་ལ་སོགས་ཞ་དང་རེངས། །གཏམ་འཆལ་ཁ་ཆུ་མིག་ཆུ་འཛག །རྒྱལ་དང་སྐྱུག་ལ་སོགས་པ་རྣམས། །བཟའ་བདུད་གདུག་པས་ཟིན་པའི་རྟགས། །དེའི་བཅོས་ཐབས་འདི་ལྟར་བྱ། །རང་གདོན་འདྲེ་ཡིས་གཙོས་བྱས་པའི། །ནམ་མཁའ་ཁྱབ་ཚད་སེམས་ཅན་ལ། །སྔོན་འགྲོ་སྐྱབས་སེམས་ལུས་སྦྱིན་བྱ། །རང་གི་སྒྱུ་ལུས་ཕུང་པོ་ལ། །གཟའ་བདུད་འཇིགས་པའི་མགོ་དགུ་དང་། །ཉི་མ་ལ་སོགས་གཟའ་བརྒྱད་དང་། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་། །གདོང་མོ་བཞི་ལ་སོགས་པ་ཡིས། །སྡོང་ཡའི་ལྷ་སྲིན་སྡེ་བརྒྱད་ལ། །ཤིན་ཏུ་ཡིད་མཛེས་སྐྱེས་བུ་ཡིས། །ཕུང་པོ་གདུང་ནས་ཡང་ཡང་འབུལ། །བར་བར་སྤྲོས་བྲལ་ངང་ལ་བཞག །རྣལ་འབྱོར་གཅོད་མཁན་ཏིང་འཛིན་གྱིས། །ནད་པའི་སེམས་དང་རང་སེམས་གཉིས། །གཅིག་ཏུ་བསྲེ་ལ་ནམ་མཁར་འཕང་། །ནད་པའི་སྒྱུ་ལུས་ཕུང་པོ་ནི། །གཟའ་བདུད་ལ་སོགས་ལྷ་འདྲེ་ཡིས། །མ་བཞག་ཟོས་ཁྱེར་ལྷག་མ་མེད་པར་དམིགས། །གཞན་ཡང་ལྷ་འདྲེ་མ་ལུས་པའི། །ཟོས་ཞིང་རང་སར་བུན་སོང་ནས། །དགའ་ཡལ་འདོད་པ་འགྲུབ་པར་བསམ། །ཀླུ་གཉན་ལྷ་ཁང་དུར་ཁྲོད་མཛེ་ཅན་རྣམས་སུ་གཅོད་པའོ། །ཨེ་ཀ་ཙ་ཏི་ལ་སོགས་པ། །མ་མོ་མཁའ་འགྲོ་ཤ་ཟ་དང་། །བསེན་མོ་ཐེལ་རང་གྲོང་རྒྱུག་གིས། །ལྟས་དང་ཆོ་འཕྲུལ་འདི་ལྟ་སྟེ། །མོ་རིགས་མཛོའམ་དྲེལ་ལ་ཞོན། །སྦྲ་ནག་ཕུབ་ཞིང་ཤ་ཁྲག་གཅོད། །བདག་ལ་བརྩེ་ཞིང་ཤ་ཁྲག་སྟོབས། །གཞན་ཡང་བུད་མེད་མང་འདུས་སྟེ། །མི་སྡུག་ཆོ་འཕྲུལ་ཆགས་པ་སྤྱོད། །རྨིས་པ་མ་མོའི་ཆོ་འཕྲུལ་ཡིན། །རང་ཉིད་སྐྱུག་དང་ཁྲག་རྣག་འཛག །ཁྲག་བཤལ་ཁྲག་ནི་སྐྱུག་དང་རིམས། །སྒོ་ཡི་ནོར་ལ་གོད་ཡམ་འོང་། །དེ་རྣམས་མ་མོའི་ཆོ་འཕྲུལ་ཡིན། །མ་མོ་མཚོ་སྨན་ལ་སོགས་དང་། །དམ་སྲི་བསེན་མོའི་ཚོགས་རྣམས་ཀྱིས། །གདུག་རྩུབ་ཉོན་མོངས་གཅོད་པ་ནི། །རང་གདོན་འདྲེ་ཡི་གཙོར་བྱས་པའི། །མཁའ་མཉམ་སེམས་ཅན་ཐམས་ཅད་ལ། །སྔོན་འགྲོ་སྐྱབས་སེམས་ལུས་མཆོད་བྱ། །འཁྲུལ་པའི་བདག་བཟུང་ཕུང་པོ་འདི། །ཨེ་ཀ་ཙ་ཏི་ལ་སོགས་པའི། །མ་མོ་མཁའ་འགྲོ་སྨན་བཙུན་དང་། །གནོད་བྱེད་སྲིན་པོ་བདུད་མོ་དང་། །དམ་སྲི་སྲིན་མོ་ཕུང་འདྲེ་མོ། །མ་ལུས་ཐམས་ཅད་འདུས་པ་ལ། །ཤ་ཁྲག་དམར་གྱིས་ཚིམ་བྱས་ནས། །རང་དགའ་ཀུན་ཀྱང་གནས་སུ་གཤེགས། །ནད་པ་ལ་དམིགས་པ་ཡང་ཡང་བྱ། །སློབ་དཔོན་རྣལ་འབྱོར་ཏིང་འཛིན་གྱིས། །ནད་པའི་སེམས་དང་རང་སེམས་གཉིས། །གཅིག་ཏུ་བསྲེ་ལ་མཁའ་ལ་འཕངས། །སྣང་སྲིད་ལྷ་འདྲེ་མ་ལུས་དང་། །གཅན་སྤྱང་སྟག་གཟིག་དོམ་དྲེད་དང་། །གནས་པའི་ལྷ་འདྲེ་ལ་སོགས་ཀྱིས། །དགྱེས་ནས་སོ་སོར་སོང་བ་ནི། །རང་དང་ནད་པ་གཉིས་ཀས་དམིགས། །མ་མོ་མཁའ་འགྲོ་འདུས་པ་ནི། །མཚོའམ་དུར་ཁྲོད་དག་ལ་གནས། །དབེན་གནས་སྙིང་པ་ལ་སོགས་པ། །ཁྱད་པར་མི་གཙང་མཛེ་ཡུག་དང་། །དམེ་པོ་སྡིག་ཅན་དམ་མེད་ལ། །འདི་ཡི་གཅོད་གནས་ཆོད་མི་འགྱུར། །ཅེས་སོ། །ཐོག་གི་རྟགས་ནི། མགར་གྱི་ཚྭ་ཚྭ་འཕྲོ་བ་དང་། མགར་བྱས་པ་དང་། ལྕགས་སྲེག་པ་དང་། སྦྲང་བུའི་སྐད་ལྟར་གཟིར་སྒྲ་གྲགས་པ་དང་། ཙིར་སྒྲ་རྣ་བར་གྲགས་ན་ད་ལྟ་ཉིད་དུ་འོངས། དེ་ལ་ཐོག་སྲུང་བཟློག་གཅོད་གསུམ་གྱི་ཤན་འགྱེད་ནི། དང་པོ་བསྲུང་འཁོར་ལ། ཕཊ་གཉིས་བྱས་པ་ཙམ་གྱིས། གཅིག་གིས་རང་ཉིད་རྗེ་བཙུན་མ་སྐུ་མདོག་དམར་མོ། རང་འདྲ་བའི་མཁའ་འགྲོ་མ་བཞིས་བསྐོར་ཏེ། དབུ་ལ་རྡོ་རྗེ་རྩ་ལྔ་པ། ལྔ་ལྔ་རེའི་ནང་དུ་རིགས་ལྔ་བསྐྱེད་ལ། སྟེང་གི་ནམ་མཁའ་ལ་ཤཱཀྱ་ཐུབ་པ་ལ་བསྐལ་བཟང་གི་སངས་རྒྱས་སྟོང་རྩ་གཉིས་ཀྱིས་བསྐོར་ནས་བཞུགས་པར་སྒོམས། ཕཊ་གཅིག་གིས་རང་གི་ཐུགས་ཀར་གསེར་གྱི་གའུ་ཁ་སྦྱོར་གྱི་ནང་དུ། སྲུང་བྱ་འཁོར་ཁལ་རྟ་དང་བཅས་པ་ཚུད་པའི་སྟེང་དུ། མེའི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་གཡོན་དུ་འཁོར་བ་ལས། ཡེ་ཤེས་ཀྱི་མེ་ཆེན་པོ་འབར་བས། ཐོག་བདག་ཐོག་དང་ཐོག་བྱེད། སྤྲིན་འབྲུག་དང་བཅས་པ་ཧྲག་གིས་སྲེག་པར་བསམ། ཡང་ན་མཐའི་ལྕགས་རིའི་རྒྱབ་ཏུ་དེད་ནས་སོང་བར་བསྒོམ། དེ་ནི་ཐོག་སྲུང་གི་ཤན་འབྱེད་དོ། །གཉིས་པ་བཟློག་པའི་ཤན་འབྱེད་ནི། རང་གི་རིགས་པའི་ངོ་བོ་དེ། །གསེར་གྱི་རྡོ་རྗེ་རྩེ་དགུ་པ། །ཕཊ་ཀྱིས་ནམ་མཁའི་དབྱིངས་སུ་འཕང་། །ཐོག་བདག་ཐོག་དང་ཐོག་བྱེད་རྣམས། །ཕར་རྫུར་ཚུར་རྫུར་དྲྭ་བར་བཏང་། །རྡོ་རྗེའི་འོད་ལ་མ་ལུས་ཐིམ། །རྗེ་བཙུན་དམར་མོར་གྱུར་པར་བསམ། །ངག་ཏུ་ཕཊ་གཅིག་བརྗོད་པ་ཙམ་གྱིས་ཡལ་ནས་སྟོང་པའི་ངང་ལ་བཞག །དེ་ནི་བཟློག་པའི་ཤན་འབྱེད་དོ། །ད་ནི་ཐོག་གཅོད་ངོ་བོ་ནི། ཐུགས་ཀར་གསེར་གྱི་རྡོ་རྗེ་ནི། །རྩེ་དགུ་ཕཊ་ཀྱི་མཁའ་ལ་འཕང་། །ཐོག་བདག་ཐོག་དང་ཐོག་བྱེད་རྣམས། །རྡོ་རྗེའི་འོད་ལ་ཐིམ་པར་བསམ། །ངག་ཏུ་ཕཊ། རྡིག་ཆོམ་བྱེད་ཅིང་མར་བྱུང་ནས། །རང་དང་ནད་གདོན་ལ་སོགས་པ། །ཤ་ཁྲག་བཅས་པ་གཉན་སལ་བརྡལ། །སྣང་སྲིད་ལྷ་འདྲེ་བསྟོད་པར་བསམ། །མ་ཞི་བར་དུ་ཕཊ་ལ་གྲངས་མེད་བརྗོད་པ་མན་ངག་ཡིན། །རྗེས་སུ་ཕཊ་ཀྱིས་སྐྱེ་མེད་སྒོམ། །དེས་ཐོག་གི་སྲུང་བཟློག་གཅོད་གསུམ་གྱི་ཤན་འབྱེད་སོང་། ཡང་ན་ཐོག་གི་དམིགས་པ་ནི། མ་ཅིག་གཟེར་བུའི་གདམ་པ་ལས། ཐོག་ཉིད་སྐད་ཅིག་དྲན་རྫོགས་ཀྱིས། །གནམ་ལྕགས་ཐོ་ལུམ་འབར་བ་ཡིས། །རང་དང་གཉན་སར་ལྷན་དུ་གདལ། །སྟོང་པ་ཉིད་ལ་མ་བཅོས་བཞག །དཀར་སྦྱོར་ལས་ཐོག་སེར་སྦྲག་མའི་དམིགས་པ་ནི། །འོག་ཏུ་ཉི་མ་སྟེང་ཟླ་བ། །ཉི་ཟླ་གའུ་ཁ་སྦྱོར་ནང་། །རང་དང་ཡུལ་ཞིང་འཁོར་བཅས་རྣམས། །ལྷ་འདྲེ་དང་བཅས་གང་བར་དམིགས། །ཟླ་བའི་སྟེང་དུ་མ་གཅིག་དང་། །ཡི་དམ་སངས་རྒྱས་མཁའ་འགྲོའི་ཚོགས། །སྤྲིན་ལྟར་གཏིབ་ལ་ཤེས་པ་གཏད། །དཀར་ཚོགས་དམིགས་པ་གོང་དང་འདྲ། །གློག་འབྲུག་ཐོག་འོག་སྟོང་པར་བསམ། །དེས་ནི་འོང་བར་མི་སྲིད་དོ། །ཡང་མ་ཅིག་གི་དམིགས་པ་ཕྲན་ཚིག་ལས། སེར་བ་ལ་རང་ཡུམ་ཆེན་མོ། རྩི་ཤིང་ནགས་ཚལ་ཐམས་ཅད་རྗེ་བཙུན་མ་ལ་མེ་རི་མེ་དཔུང་འབར་བས་གང་ནས། སེར་བདག་ཐམས་ཅད་བསྲེག་པར་བསམ། སྙེ་མ་དང་ཡུང་མ་ཐམས་ཅད་ལབ་སྒྲོན་དཀར་དམར་ནག་པོ་གསུམ་སྒོམ་སྟེ། ཕཊ་རྐང་དུང་ལ་སོགས་འབུད་ནས་བཤད་པ་དྲག་པོ་བཏོན་ཕཊ་བྱའོ། །གཅོད་སྒར་པ་བྱིན་པོའི་ཚར་ཚད་རྫོགས་ལ། རེ་རེ་ལ་ཚར་ཚད་མ་བྱུང་ནས་ཆག་ན། གཞི་བདག་བཀུག་ལ་རང་དང་ལྷན་ཅིག་ཏུ་སྦྲུལ་ནག་གིས་དཀྲིས། ཕོ་བྲང་ཕཊ་སྒྲས་གདབས་མགོ་བཏུམ། གོས་ཀྱི་ཐ་མ་རྡོས་མནན་ལ་ཉལ། ངག་ཏུ་མི་རྣམས་ལ་ཚར་ཚད་བྱུང་ནས་ཐལ། ཁྱེད་རང་རེ་གཉིས་འཁོར་བ་མ་སྟོང་གི་བར་དུ་ལྷན་ཅིག་སྡོད་པ་ཡིན་བྱ། ཡིད་ལ་ཡང་བསམ། དེས་ཚར་ཚད་འོང་བ་ཡིན། དེས་གདོན་གཅོད་སོང་། གསུམ་པ་ལོག་གནོན་གཟེར་བུའི་གདམས་པ་ནི། གཉན་སར་གློ་བུར་ན་བའམ། ལུས་ལ་རྨ་དང་ཆགས་གྲུག་བྱུང་ཞིང་། སྔར་གྱི་ནད་ལྡོག་ན། ལོག་པའི་རྟགས་ཡིན་པས། ནད་པའི་སྔུན་དུ་མེ་ཆེན་པོ་བྱས་ལ། ཁྱི་ལུད་མི་ལུད་མཛེ་གོས་དོར་རྟ་ལ་སོགས་པའི་རྫས་ངན་བསྲེག་ལ། ནད་པའི་ཁྲུས་ཆུ་བླུགས་ནས་ཐབས་བསུར་ཆེན་པོ་བྱ། ནད་པའམ་རོག་གི་འོ་དོད་འབོད་ཅིང་འདི་ཤི་ན་རོ་འདིར་སྲེག །ནང་རོལ་འདིར་མནར། སྣང་སྲིད་ལྷ་འདྲེ་རྣམས་ཉོན་ཅིག་འདིར་འདུས། འདིའི་ཤ་ཁྱེར་ཁྲག་འཐུང་། མགོ་ཆོད། སྙིང་ཕྱུང་། ཅེས་བརྗོད། སེམས་ནམ་མཁའ་ལ་འཕང་། ལུས་དེ་མེ་ལ་སྲེག་ནས་ཐལ་བ་བུན་གྱིས་སོང་བར་བསམ། ནུབ་མོ་ཉལ་བའི་དུས་སུ། གཉན་ས་གོ་ཟློག་བྱ་བ་ཡིན་པས། གོས་མགོ་བཞུག་བསྒྱུར་ནས་གྱོན། མགོ་ཕྱིར་རྗེས་སུ་བསྟན་ལ་ཉལ་ལོ། །དེ་ནི་ཁྲུས་འདོན་ཁྲ་བོ་ཡིན་ནོ། །ནད་པའི་ཁྲག་གཏར་ལ་མེ་ནང་དུ་བླུག་ཅིང་། བྱེད་ལས་གོང་ལྟར་བྱེད་པ་ནི་ཁྲུས་འདོན་ནག་པོའོ། །ནད་པའི་ཁྲུས་ཆུ་རི་བྲག་ཐམས་ཅད་ལ་གཏོར་ཞིང་གོང་ལྟར་བྱེད་པ་ནི། ཁྲུས་འདོན་དཀར་པོའོ། །གཉན་སར་ཡུན་རིང་བསྡད་ཀྱང་ཆོ་འཕྲུལ་མ་བྱུང་ན། གསོལ་བ་དྲག་ཏུ་འདེབས་པ་དང་། ཁྲོ་བོའི་དྲག་སྔགས་བཟླ་རི་བསྙིལ། རྦབ་བསྒྲིལ། མཚོ་དཀྲུག །མཚོ་དཀྲུག་པའི་དམིགས་པ་ནི། མ་ཅིག་གིས་ཕྱག་ན་གསེར་གྱིས་རྡོ་རྗེ་རྩེ་ལྔ་པ་བསྣམས་ནས། ཀླུའི་གནས་ཁང་ཐམས་ཅད་དཀྲུག་པར་བསམ་མོ། །ཤིང་བཅད་དེའི་དམིགས་པ་ནི། མ་ཅིག་གིས་ཕྱག་ནས་གསེར་གྱིས་ཟོར་བ་བསྣམ་ནས་དེར་གནས་པའི་བ་སྤུ་དང་། ཅོ་དོ་བྲེད་པར་བསམ་མོ། །ན་བ་བརྐོ་དེའི་དམིགས་པ་ནི། མ་ཅིག་གིས་ཕྱག་ན་གནམ་ལྕགས་ཀྱིས་འཇོར་བསྣམ་ནས། ཁོའི་ཡུལ་ཁམས་མིང་ནས་བཤིགས་པར་བསམ། བྲག་བརྡུང་པ་ལ་སོགས་པ་བྱེད། དེའི་དམིགས་པ་ནི། མ་ཅིག་གིས་ཕྱག་ནས་གནམ་ལྕགས་ཀྱིས་རྡོ་རྗེ་བསྣམས་ནས། ཁོའི་གནས་ཁང་ལ་རྒྱབ་ནས་ཤིག་ཤིག་བྱེད་པར་བསམ། དེ་ནི་ཕྱི་ཡི་མཐའ་གཏོད་དོ། །ཕྱིའི་མཐའ་གཏད་དེ་རྣམས་ནི། བཤན་པ་ལག་དམར་དང་འདྲ་བས་མི་བྱེད་པ་གལ་ཆེ། དེ་ན་གང་བྱེད་ན་གསང་བའི་མཐའ་གཏད་བྱེད་པ་ཡིན་ཏེ། བྲག་དང་ཕ་འོང་མ་སློང་ན། ངག་ཏུ་ཕཊ་གཅིག་བརྗོད་པ་ཡིས། རིག་པ་གསེར་གྱི་རྡོ་རྗེ་རྒྱ་གྲམ་གྱིས། བྲག་རི་རྨིང་ནས་བཤིག་པར་བསམ། ངག་ཏུ་ཕཊ་གཅིག་བརྗོད་པ་ཙམ་གྱིས། གནས་པའི་ལྷ་འདྲེ་ཐམས་ཅད་ཀུན། རང་དབང་མེད་པར་ཞབས་སུ་བཙུད། །བཀའ་ཉན་གསུང་སྡོད་བྱེད་པར་བསམ། །ཕཊ་དེ་གཉིས་ལ་བརྒྱ་རེ་བརྗོད། །སྙིང་རྗེ་ལུས་སྦྱིན་ཀུན་ལ་འགྲེས། །རི་བོ་ཆེ་དང་ལ་བཙས་མ་སློང་ན། །ངག་ཏུ་ཕཊ་བརྗོད་པ་ཙམ་གྱིས། །སེངྒེ་སྟོབས་ལྡན་འགྱིང་བ་ཡིས། །རི་རྒྱལ་རྨིང་ནས་བཤིག་པར་སྒོམ། །ངག་ཏུ་ཕཊ་གཅིག་བརྗོད་པ་ཙམ་གྱིས། །གནས་པའི་ལྷ་འདྲེ་གོང་ལྟར་རོ། །མཚོ་དང་ན་འཁོར་ཆེན་པོ་མ་སློང་ན། །ཁྲོས་པའི་བྱ་ཁྱུང་དཔག་མེད་ཀྱིས། །གཤོག་པ་སྡེར་མོ་མེ་རུ་འབར། །མཚོ་ལ་ཧུབ་བཏང་དྲངས་བར་སྒོམ། །ངག་ཏུ་ཕཊ་གཅིག་བརྗོད་པ་ཙམ་གྱིས། །གནས་པའི་ཀླུ་སྲིན་གོང་ལྟར་རོ། །ཤིང་གཅིག་གཉན་པོ་མ་སློང་ན། །ངག་ཏུ་ཕཊ། རིག་པ་རྒྱ་སྟྭ་ངར་མས་ནི། །ཤིང་ཕུང་རྩད་ནས་བཅད་པར་བསམ། །ངག་ཏུ་ཕག་གཅིག་བརྗོད་པ་ཙམ་གྱིས། །གནས་པའི་ལྷ་འདྲེ་གོང་ལྟར་རོ། །ཤིང་ནགས་འཐུག་པོ་མ་སློང་ན། །ངག་ཏུ་ཕཊ་གཅིག་བརྗོད་པ་ཙམ་གྱིས། །རིག་པ་རལ་གྲི་ངར་ལྡན་གྱིས། །འཕྲ་བཅད་སྦོམ་བཅད་བྱེད་པར་བསམ། །ངག་ཏུ་ཕཊ་གཅིག་བརྗོད་པ་ཙམ་གྱིས། །གནས་པའི་ལྷ་འདྲེ་གང་ལྟར་རོ། །ཆུ་མིག་མ་སློང་མཐའ་གཏད་ནི། །ངག་ཏུ་ཕཊ་གཅིག་གིས། །རིག་པ་རྗེ་བཙུན་དམར་མོ་ཡིས། །ཆུ་མིག་དཀྲུག་ནས་ཧུབ་ཀྱིས་བཏབ། །ཡུལ་མི་གཅིག་པར་འཕོས་ནས་ནི། །ཤུལ་དུ་གྲམ་པ་སྐམ་པོར་བསམ། །ངག་ཏུ་ཕཊ་གཅིག༴ གནས་པའི་ཀླུ་སྲིན་གོང་ལྟར་རོ། །ས་ཕུག་བྲག་ཕུག་མ་སློང་ན། །ངག་ཏུ་ཕཊ། རིག་པ་ཐོ་ལུམ་འབར་བ་ཡིས། །རྨིང་ནས་བཤིག་ཏེ་བརླག་པར་བསམ། །ངག་ཏུ་ཕཊ༴ གནས་པའི་ལྷ་འདྲེ་གོང་ལྟར་རོ། །ལམ་སྲང་རྒྱ་གྲམ་བྲག་སྲང་དང་། །གོང་བུ་མདའ་སྟོང་འདྲ་བ་རྣམས། །མ་སློང་མཐའ་གཏད་བྱེད་པ་ནི། །ངག་ཏུ་ཕཊ༴ རིག་པ་རྡོ་རྗེའི་བྲག་རིར་གྱུར། །བྲག་གསང་རྒྱུ་ལམ་བཅད་པར་བསམ། །ངག་ཏུ་ཕཊ༴ རྒྱུག་པའི་ལྷ་འདྲེ་གོང་ལྟར་རོ། །ལུང་པ་སུམ་མདོ་མ་སློང་ན། །ངག་ཏུ་ཕཊ༴ རིག་པ་ཁྲོ་བོ་སྟོབས་ཆེན་གྱུར། །རྫུ་འཕྲུལ་སྤྲུལ་པ་དཔག་མེད་ཀྱིས། །རི་རྒྱལ་རྩེ་མོ་མན་ཆད་དང་། །གནམ་ས་རི་བྲག་ཡན་ཆད་ཀྱིས། །ལྷ་འདྲེ་འགྲོ་དབང་མེད་པར་བསམ། །ངག་ཏུ་ཕཊ༴ ལྷ་སྲིན་སྡེ་བརྒྱད་གོང་ལྟར་རོ། །ལྷ་ཁང་མཆོད་རྟེན་ཁང་རལ་མ་སློང་ན། །གནམ་ལྕགས་རྡོ་རྗེ་རྩེ་དགུ་ཡིས། །ཁྲོལ་གྱིས་བཤིག་ནས་དཔུང་གིས་བཏང་། །གནས་པའི་ལྷ་འདྲེ་གོང་ལྟར་རོ། །དུར་ཁྲོད་ཚོང་འདུས་མ་སློང་ན། །ངག་ཏུ་ཕཊ་གཅིག༴ རིག་པ་རྡོ་རྗེ་རྩེ་དགུ་ཡིས། །ཕར་རྫུར་ཚུར་རྫུར་བྱེད་པར་བསམ། །ངག་ཏུ་ཕཊ༴ གནས་པའི་ལྷ་འདྲེ་གོང་ལྟར་རོ། །སྒོང་རྒྱུད་རི་སུལ་ཟམ་པ་མ་སློང་ན། རང་ཉིད་གླང་པོ་ཆེ་གཟི་བརྗིད་དང་ལྡན་པས། གཞོག་གཡས་ཀྱི་ཉིན་མོ། གཡོན་གྱི་སྲིབ་མོ། མགོའི་རི་རབ་རྩེ། འཇུག་མས་ལུང་མདོ་ཁེབ་པར་བསམ། ཐང་ཆེན་སྒང་ལེབ་མ་སློང་ན། གསེར་གྱི་མཆོད་རྟེན་ཆེན་པོ་གཅིག་གིས་ཁེབ་པར་བསྒོམ། རི་རྒྱུད་མ་སློང་མ་ཐུལ་ན། རིགས་ལྔ་འདོམ་བསྐོར་དམིགས་པ་ནི། དབུས་སུ་རྣམ་སྣང་རིགས་བཞི་ཕྱོགས་བཞི། སྐུ་སྨད་གནམ་ལྕགས་ཕུར་པ་ཡིས། །རིའི་ཁུག་པར་ཟུག་པར་བསམ། །རིགས་ལྔ་གཡས་བསྐོར་བྲོ་འཁྲབ་པས། །འདམ་ལ་ཕུར་པས་བསྐོར་བ་ལྟར། །གནས་པའི་ལྷ་འདྲེ་ཐམས་ཅད་ཀུན། །བཀའ་ཉན་གསུང་སྡོད་བྱེད་པར་བསམ། །གཉན་ས་གཉན་ཆེན་མ་སློང་ན། །རང་ཉིད་ལྕགས་ཀྱི་སྡིག་པ་མགོ་དགུ་པ། །སྤྱན་ནས་ཚྭ་ཚྭ་མེ་སྟག་འཕྲོ་བ། ཁ་ནས་མེ་འབར་བ། ཤང་ནས་དུད་པ་འཐུལ་བ། ལག་པ་བཅོ་བརྒྱད་གཡས་གཡོན་གདེང་པ། གཉན་ས་དེར་གནས་པའི་ལྷ་འདྲེ་རྣམས་དང་། ས་རྡོ་ཕར་འཕེན་ཚུར་འཕེན་བྱས་ནས། རི་བྲག་རྩི་ཤིང་ལ་གནས་པའི་ལྷ་འདྲེ་ཐམས་ཅད་ཕར་དཀྲུག་ཚུར་དཀྲུག་བྱས་པར་བསམ། ཁས་བླངས་དམ་བཅས་བཀའ་ཉན་གསུང་སྡོད་བྱས་པར་བསམ། དེས་མ་སློང་ན་ནང་གི་མཐའ་གཏད་བྱས་པ་ནི། ཕཊ་བྱས་པ་ཙམ་གྱིས། ཕཊ་གཅིག་གིས་ཁྲ་ཐེར་དེ་ལབ་སྒྲོན་མཐིང་ནག་གཅིག་ཏུ་བསྐྱེད་ལ། གཅིག་གི་ཆོན་ཐག་དེ་ལྕགས་ཀྱི་དྲྭ་བར་བསྐྱེད། གཅིག་གིས་ཆོན་ཕུར་བཞི་དེ་རྗེ་བཙུན་མ་མེ་འབར་བ་བཞི་བསྐྱེད། གཅིག་གིས་རྔ་སྒེ་རྣམས་རྗེ་བཙུན་མར་བསྐྱེདནས། ཁྲོ་བོའི་སྔགས་བརྗོད་པ་ཙམ་གྱིས། རང་ཉིད་ཁྲོ་བོ་འཇིགས་སུ་རུང་བ་གཅིག་ཏུ་བསྒོམ་པའི་ཐུགས་ཀ་ནས་ཁྲོ་ཆུང་ཞིང་ལྤགས་འཛིན་པ་རང་འདྲ་བ་གྲངས་མེད་པ་འཕྲོས་པས་ས་གཞི་སིང་གི་གང་བར་བསྒོམ་ལ། གཅེར་བུ་ལངས་ཏེ། གོས་ནང་མ་ནི་མགོ་མཇུག་བསྒྱུར་ཏེ་ས་ལ་བརྡབ་པ་དང་སྤྲད་ལ། ཕཊ་བརྗོད་ཅིང་ཁྲ་ཐེར་ལ་གཡོན་བསྐོར་བདུན་རེ་བྱེད་པ་ཡིན། དེའི་དམིགས་པ་ནི། ཁྲོ་བོ་ཀུན་གྱིས་གནས་གདན་གྱི་མགོར་ཞིང་ལྤགས་བརྡབ་པ་ཙམ་གྱིས། ས་གཞི་དང་བཅས་པ་འདར་ཆུམ་ཆུམ་བྱེད་སྟེ། གནས་གདོན་ཀུན་གྱིས་ཕྱག་རྒྱ་བཅའ་ཞིང་། བཀའ་ཉན་གསུང་སྡོད་བྱེད་པར་བསམ། དེ་ནི་ནང་གི་མཐའ་གཏད་དོ། །ཡང་ན་མཐའ་གཏད་དམིགས་པ་ནི། རིག་པ་ཕུད་ནས་ཌཱ་ཱཀིར་བསྐྱེད། ཕཊ་བརྗོད་ཌཱ་ཱཀིའི་ཐུགས་ཀ་ནས། མཁའ་འགྲོ་དམར་མོ་ཐོ་བ་ཅན། ལྕགས་ཀྱུ་འཛིན་པ་གྲངས་མེད་སྤྲོས། སྡེ་བརྒྱད་མ་ལུས་བཀུག་ནས་བཅོམ་སྒོ་དགུ་གདངས་པའི་ནང་བཙུད་ནས། སྒོ་དགུ་རྃ་དང་མེ་ཡིས་བཅད། །ལུས་དང་དབྱེར་མེད་འདྲེས་པར་བསམ། །རྩ་རྣམས་རཾ་གྱིས་ཕྲེང་བ་བྱ། །བོལ་གོང་གཉིས་ལ་རཾ་གཉིས་བྱ། །རཾ་ཡཾ་བརྗོད་པས་ཌཱ་ཀི་ཡིས། །ཐུགས་ཀ་ནས་ཀྱང་ཡཾ་རཾ་འཕྲོས། །ཡྃ་དང་རྃ་ལ་ཐིམ་པ་ཡིས། །མེ་རླུང་སྦྱོར་བས་ཐལ་བར་བཏང་། །ཐུན་རྟིང་ཌཱ་ཀིའི་ཐུགས་ཀ་ནས། །ཡཾ་བྱུང་རླུང་གིས་གཏོར་ནས་སུ། །བྃ་བྱུང་ཆུས་བཀྲུས་སྐྱེ་མེད་བསྒོམ། །སྲོག་ལ་ཐུག་ན་མིན་པ་མི་བྱའོ། །མཐའ་གཏད་བྱེད་པའི་ལག་ལེན་ནི། །དང་པོ་གསང་བའི་མཐའ་གཏད་བྱེད། །དེས་མ་ཉན་ན་ནང་གི་མཐའ་གཏད་བྱེད། །དེས་མ་ཉན་ན་ཕྱི་ཡི་མཐའ་གཏད་བྱེད་དོ། །ཡང་ན་མཐའ་གཏད་འབྱུང་བཞིའི་གཟེར་ནི། མཐའ་གཏད་མེའི་གཟེར་བུ་ལ་དམིགས་པ་འདི་ལྟར་བྱ། སུར་ནག་སྤེན་མ་ལ་སོགས་པའི་ཤིང་གང་ཡིན་ལ། མེ་ཐོ་དགུ་བཅིང་། དེ་ནས་བསྲེག་གཞི་ས་སྟེག་སྟེང་རྡུལ་ཚོན་ནམ་སོལ་བས་གྲུ་གསུམ་དབུས་སུ་ཡི་གེ་ཧཱུྃ་བྲིས། དེ་སྟེང་ཤིང་སྣ་ཚོགས་གྲུ་གསུམ་བརྩེགས། བརྩིག་མར་དང་འབྲུའི་ཕྱེ་མ་བསྲེས་ལ་ལུས་བཀྲུ་བའི་ཆུ་དང་རྩའི་ཆུས་སྦྲུས་ལ། ལུས་ལ་དྲུག་ཡག་བྱེད་ལ་རོ་འདྲ་བ་གཅིག་བྱེད་ལ་གོས་ཀྱིས་གཏུམ་ལ་བཞག །ཁྲུས་ཆུས་ལན་ཆགས་བརྒྱ་དང་རྩ་བརྒྱད། ཤ་དུམ་བུ་བརྒྱ་དང་རྩ་བརྒྱད། སྐྲ་སེན་དྲི་མ་རྣམས་ཀྱང་བླུགས། སྐྲ་སེན་རྣམས་མགོ་རྐང་ལག་སོ་སོར་བཙུག །དེ་ནས་གཞིའི་སྟེང་དུ་རྩི་ཤིང་སྣ་ཚོགས་བརྩིགས། དྲི་ཆུ་མཐའ་གཏད་མགོ་ལྟར་བྱ་སྟེ། རང་ཁྲོས་མར་བསྐྱེད། ནད་པའི་རྣམ་ཤེས་སྤར། འགུགས་བཞུགས་བྱས། བེམ་པོ་དང་དབྱེར་མེད་ལིངྒ་ངར་མི་ཆང་བུ་ཤ་དུམ་འདི་ལ་སོགས་མེ་སྤར་མེ་དེ་ཉིད་སྡིག་པ་ནག་པོ་ངོ་བོ་ཁྲོས་མ་བསྒོམ་ཁ་གདངས་པས། ཡ་འགལ་གནམ། མ་འགལ་ས་ཁ་ནས་མེ་དམར་པོ་ལྷབ་ལྷབ་འབར་བ། ལུས་གཉེར་མས་གང་བའི་གསེབ་ན། མེའི་ཚྭ་ཚྭ་འཕྲོ་བ་གཅིག་ཏུ་བསམ། ༀ། གྲུ་གསུམ༴ སྡིག་བསྐུལ་འདོན། དེ་ནས་ངར་མི་དེ་ལག་ཏུ་བཟུང་ལ། རང་ཉིད་རྗེ་བཙུན་ཁྲོས་མ་ནག་མོར་བསྒོམ་ལ། ནད་པ་དེའི་ལུས་ལ་གནོད་པའི་རྒྱལ་བསེན་ཀླུ་ལ་སོགས་པ་ཕོ་གདོན་རྒྱལ་འགོང་དམ་སྲི། མོ་གདོན་འདྲེ་མོ་བསེན་མོ། ཀླུ་གདོན་ཐེའུ་རང་འབྱུང་པོ། ནད་འདྲེ་ཅོང་སྲི། ལུས་གདོན་རྒྱབ་བརྟེན་དང་བཅས་པ། ནད་ནད་བདག་དང་བཅས་པ་གདོན་སྣ་འདྲེན་དང་བཅས་པ་གནམ་ལྕགས་སྡིག་གི་རྒོད་འབར་བའི་ཞལ་དུ་བཏབ་བོ་བཞེས་ཤིག །ཕཊ། སྡིག་པ་ཆེན་པོ་དེའི་ཞལ་དུ་འཕངས་པར་བསམ། ངར་མི་དེ་མེ་ནང་དུ་འཕངས། ཧཱུྃ། ལུས་གདོན་ནད་འདྲེ་གཅོང་སྲི་རྣམས། །གནམ་ལྕགས་སྡིག་པའི་ཞལ་དུ་བསྟབ། །བཞེས་ཤིག་རོལ་ཅིག་ཁ་རཾ་ཁ་ཧི། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲོངས། །ཅེས་བརྒྱ་རྩ་བརྗོད་ལ། ལན་ཆག་རེ་དང་ཤ་དུམ་རེ་སྤྲད་ལ་མེ་ནང་དུ་འཕང་པའི་དུས་སུ། ནམ་མཁའ་གོ་འབྱེད་བྱེད་ཅིང་ཤ་ཁྱེར་ཁྲག་ཁྱེར་བྱེད་དོ། །སྡིག་པ་དེའི་ཁར་ལུས་ལྟོས་པ་མེད་པར་འཕང་པར་འདོད། དེ་ནས་ནད་པ་གང་ཡོད་དེ་མེ་ལ་མཆོང་བཅོལ་ལ། རང་ཉིད་རྗེ་བཙུན་མ་ཁྲོས་མ་ནག་མོ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་བསྒྲད་པ་མཆེ་བ་བཞི་གཙིག་པ། རབ་ཏུ་ཁྲོས་པ་ཆ་བྱད་ཅན། ཕྱག་ན་མེའི་ཧོམ་གཟར་བསྣམས་པ། མེ་ཐོ་དགུ་དེ་གཅིག་སྤར་ལ། དེ་ནས་འདོན་ལྟར། ཧཱུྃ། ཤར་ཕྱོགས༴ ལྷོ༴ ནུབ༴ བྱང་༴ དབུས༴ འོག༴ མཚམས་བཞིར། བྱང་ཕྱོགས་སོགས་མཐའ་ནས་ནར་འདེད་ཡིན་གསུང་། མཆན། རྒྱབ་དུས་འོ་དོད་ཆེན་པོ་གཅིག་བྱ། དེ་ནས་ནད་པ་གང་ཡོད་ཀྱི་ཚུལ་དང་བསྟུན་ནས་མེ་ཐོ་རྣམས་སྤར་ལ། མུས་མུས་ཚུར་བླང་ལ་རྒྱབ། མེ་ཐོ་རེ་རེ་དེ་རྗེ་བཙུན་མའི་ཕྱག་གིས་ཧོམ་གཟར་དུ་དམིགས་ལ་རྒྱབ་པས། ནད་པ་དེའི་ལུས་གདོན་གང་ཡིན་པ་དེ་ནག་ཐུལ་ཐུལ་སོང་བར་བསམ། དེ་ནས་མི་བཞིའི་ནད་པའི་གཟུགས་བཞི་ལ་བཟུང་ལ་མེའི་ཁ་ལ་མཆོང་འཁྲབ་བྱ། ཡང་ན་ནད་པ་ཕྱར་བའི་ནང་དུ་སྐྱོག་བྱས་ལ་མེའི་ཁར་སྟབ་པར་བྱ། ནད་པ་ཉམས་ཆུང་ན། དེ་ནས་ཐང་ལ་ནར་གྱིས་བཞག །མེ་ཧོམ་གྱི་སྡིག་རྒོད་འོད་དུ་ཞུ་ནས་ཧཱུྃ་གྱུར་པ་དེ་དབྱིངས་སུ་གཤེགས་པར་གྱུར། དེ་ནས་དེ་ནུབ་བདག་གཞན་གང་གིས་ཀྱང་། ཕཊ་དང་དམིགས་པ་གང་ཡང་མི་བྱ་བར་མགོ་མཇུག་བཟློག་ལ་གནམ་ས་གོ་བཟློག་བྱ། ལུས་གཅེས་འཛིན་ཕྲལ་ལ་ཉལ་ལ་བསྡད། ཕྱིར་ནང་ཕཊཿ རང་གི་ཐུགས་ཀ་ནས་ནད་པའི་རྣམ་ཤེས་དེ་ཐིག་ལེ་འོད་དང་བཅས་ཕར་འཕྲོས་ནས། སྤྱི་བོ་ནས་ཞུགས་སྙིང་ཁར་ཐིམ་པར་གྱུར། །དམིགས་པ་འདི་ལྟར་བྱས་གྱུར་ན། །ལུས་གདོན་ཇི་ལྟར་དབྱིངས་ཆེ་ཡང་། །སློང་ཚད་ནད་ཀྱི་ཆོད་ཚུལ་མྱུར་དུ་འབྱུང་ངོ་། །མཐའ་གཏད་མེའི་གཟེར་བུ་མ་ཅིག་གིས་ཐུགས་བཅུད་གཅིག་བརྒྱུད་མིན་པ་བཀའ་རྒྱ་ཡོད། ཨཐྎ། ༈ མཐའ་གཏད་ཆུའི་གཟེར་བུ་ལ། དམིགས་པ་འདི་ལྟར་རོ། །རང་གི་རྣམ་ཤེས་དེ་དབང་པོ་སྒོ་ལྔར་བུད། རང་གི་ལུས་པོ་དེ་རྒྱ་མཚོ་ཆེན་པོ་ལྔ་རུ་བསྐྱེད་ལ། རང་གི་རིག་པ་འདི་གནམ་ལྕགས་ཀྱིིས་རྡོ་རྗེ་རྩེ་དགུ་པ་གཅིག་གིས་ཐང་རེ་རྒྱ་མཚོའི་ཞབས་སུ་ཕར་འཛུལ་ཚུར་འཛུལ་བྱས་པས། རྒྱ་མཚོ་ཡང་ཧྲག་ཧྲག་བཏང་བར་བསམ། ཐང་རེ་རྒྱ་མཚོའི་ཁ་ནས་ཡར་བུད་པས་རྒྱ་མཚོ་ཡང་ཕྱུ་རུ་རུ་བྱུང་བར་བསམ། རང་དང་ནད་པ་གང་ཡང་གཅེར་བུར་བུད་ལ། མཚོ་ཆུ་མིག་གང་ཡིན་ཡང་། རང་གི་ལུས་པོ་དཀྲུས་ལ་ཕྱོགས་མེད་ཀུན་ཏུ་གཏོར་ལ་སྣང་སྲིད་ལྷ་འདྲེ་ལ་འོ་དོད་འབོད། གཉན་ས་འདི་ན་གནས་པའི་ལྷ་འདྲེ་སྡེ་བརྒྱད་རྣམས་དང་། ཀླུ་གཉན་ས་བདག་གི་རིགས་སུ་གྱུར་པ་རྣམས་དང་། མཚོ་ཆུ་མིག་འདི་ལ་གནས་པའི་ཀླུ་རྒྱལ་རིགས་རྡོ་རྗེ་རིགས། དམང་རིགས། བྲམ་ཟེའི་རིགས། གདོལ་པའི་རིགས། ཐམས་ཅད་ངའི་ལུས་པོ་འདི་ཤ་ཁྲག་གི་ལོངས་སྤྱོད་རྒྱ་ཆེན་པོ་འདི་ཚོགས་གསོགས། བདུད་རྩིའི་ལོངས་སྤྱོད་དུ་འབུལ་ལོ། །ཁྱེད་རྣམས་ཀྱང་ཟག་མེད་ཀྱི་བདུད་རྩི་ལ་ལུས་ལོངས་སྤྱོད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །དམིགས་པ་འདི་ནི་གཉན་དང་ཀླུ་གཉན་ས་བདག་གནོད་པ་ཐམས་ཅད་འཕྲལ་གྱིས་ཆོད་པར་འགྱུར་རོ། །མ་ཅིག་གི་ཐུགས་བཅུད་ཆུའི་མཐའ་གཏད་གཟེར་བུ་གཅིག་བརྒྱུད་མིན་པ་བཀའ་རྒྱ་ཡོད། ཨཐྎ། ༈ ད་ནི་མཐའ་གཏད་འབྱུང་བཞིའི་གཟེར་བུ་ལས། ཕཊ་ཀྱིས་རིགས་པ་དབྱིངས་སུ་འཕང་། ལུས་ནི་འབྱུང་བཞི་ཁ་ཁར་ཕྱེས། ངར་མི་དཀར་སེར་དམར་ལྗང་བཞི། དཀར་པོ་ཤར་དུ་བཞག །སེར་པོ་ལྷོ། དམར་པོ་ནུབ་ཏུ། ལྗང་ཁུ་བྱང་དུ་བཞག །འབྱུང་བཞི་ཡང་དེའི་ཁ་དོག་བསྟིམ། ནུབ་མོ་བཞི་ལ་ངར་མི་ལ་མགོ་བསྟན་རེས་བྱས་ལ་ཉལ། དཀར་པོ་ལ་མགོ་བསྟན་དུས་སུ། ལྷའི་བུའི་བདུད་དཀར་པོ་དཔག་ཏུ་མེད་པས་ཤ་ཁྱེར་ཁྲག་ཁྱེར་བྱ། དེ་བཞིན་དུ། སེར་པོ་ལ་ཉོན་མོངས་པའི་བདུད་སེར་པོ། དམར་པོ་ལ་ཕུང་པོའི་བདུད་དམར་པོ། ལྗང་གུ་ལ་འཆི་བདག་གི་བདུད་ནག་པོ་དཔག་ཏུ་མེད་པ་ལ་ཤ་ཁྱེར་ཁྲག་ཁྱེར་བྱ། ལུས་འདར་བ་དང་། གཡེང་བ་དང་། དེའི་དུས་སྒོ་ཕྱི་ནང་གི་མཚམས་སུ་མཆོང་ཁྲབ་བྱེད་ལ། ཧ་ཧ་ཕཊ་ཕཊ་ཀྱི་སྒྲ་འདེབས་ལ། གཞོག་གཡས་གཡོན་ཐམས་ཅད་ཐལ་ལྕགས་རྒྱབ་ཅིང་འོ་དོད་ཆེན་པོ་བཏབ། རིག་པ་དབྱེར་མེད་ནམ་མཁའ་ལ་བསྟིམ། བེམ་པོ་འབྱུང་བཞི་སོ་སོར་བསྟིམ། སྣང་སྲིད་ལྷ་འདྲེ་ཁྱེད་རྣམས་ལ། བེམ་རིག་གཉིས་གཅེས་འཛིན་ཡོད་དམ་མེད། ཡོད་ན་ལུས་ཤ་ཁྲག་གིས་གཏོར་མ་རྒྱ་ཆེན་པོ་འདི་ཁྱེད་རྣམས་གང་འདོད་ལ་ཚོགས་སུ་འབུལ། གཟའ་ཁྱི་གོ་འདུས་ལ་ནུབ་མོ་བཞི་མཆོང་ཁྲབ་དང་ཧ་ཕཊ་བྱེད། ངར་མི་འབྱུང་བཞི་སོ་སོར་བསྟིམ། དམར་པོ་བསྲེག །སེར་པོ་ས་ལ་བསྟིམ། དཀར་པོ་ཆུ་ལ་བསྟིམ། སྔོན་པོ་ནམ་མཁའ། རིག་པ་རྣམ་ཤེས་འབྱུང་བཞི་ལ་གཏད། སོ་སོར་དེ་ལྟར་བྱའོ། །ལུས་སེམས་ཕྲལ་དབྱིངས་རིགས་བསྲེ། དེ་ནི་འབྱུང་བཞིའི་མཐའ་གཏད་ཀྱི་གཟེར་བུ། མ་ཅིག་གི་གསང་སྒྲུབ་འདི། གཅིག་བརྒྱུད་མིན་པ་བཀའ་རྒྱ་མཛད། རྣལ་འབྱོར་པ་དད་པ་ཆེ་ཞིང་ཆོས་ལ་བརྩོན་པ་དང་། ཕྱི་མའི་དོན་ལ་བརྩོན་ནས། རི་ཁྲོད་བྱེད་པ་དེ་རྣམས་ལ་གཅིག་རྒྱུད་གྱིས་ལ་དམིགས་པ་རེ་རེ་སྟོན། ལར་ནན་ལྟར་མ་འཆུན་མིན་པ། འདི་རྣམས་སྡིག་ཆེ་བས་གསང་ནས་གཅིག་བརྒྱུད་གྱིས། མཁའ་འགྲོའི་སྙིང་ཁྲག་ཨ་མ་རང་གི་ཐུགས་བཅུད་དམ་པ་ཡིན་ནོ། །གོང་གི་མཐའ་གཏད་དེ་རྣམས་གང་བྱེད་ཀྱང་། ནུབ་མོ་ཉལ་བའི་དུས་སུ་གཉན་ས་གོ་བཟློག་བྱ་བ་ཡིན་པས། གོས་མགོ་མཇུག་བསྒྱུར་ནས་གྱོན། མགོ་ཕྱི་རྗེས་སུ་བསྟན་ནས་ཉལ། ཁྲ་ཐེར་གྱི་མཁའ་འགྲོ་སྡེ་ལྔ་ཁྲོས་མ་ནག་མོ་ལྔ་རུ་བསྒོམ། ཆོན་ཐག་དེ་ལྕག་གི་དྲྭ་གུར་དུ་སྒོམས། སྟེང་གི་ནམ་མཁའ་གདན་དུ་གཏིང་། ཉི་ཟླ་ཞབས་ཀྱི་འོག་ནས་ཤར། ས་གཞི་རིན་ཆེན་གདུག་ལྟར་ཕུབ། རྩི་ཤིང་བྲག་རི་མཐུར་དུ་སྐྱེས། ལྷ་འདྲེ་རྣམས་ལ་གནས་མེད་པས་བདག་ལ་ཤིན་ཏུ་ཁྲོས་པར་བསམ། གོང་གི་མཐད་གཏད་དེ་རྣམས་བྱེད་པའི་དུས་ན། མའི་བདུད་བཞི་ལམ་ཁྱེར་ལས། ལྔ་བདུན་དགུ་གསུམ་ལྷ་འདྲེའི་ལ་ཚིག་ཡིན། །ཅེས་པས། ཞག་ལྔའམ་བདུན་ཚུན་ཆད་ལ་མ་སློང་ན། གོང་བཞིན་མཐའ་གཏད་བྱ་སྟེ། དེ་མ་སློང་བ་སློང་བའི་གནད་དོ། །ཆོ་འཕྲུལ་རེ་རེ་ཙམ་བྱུང་ནས་ཚར་ཚད་མ་བྱུང་ན། གོང་བཞིན་དུ་སྟེ་དེ་ནི་མ་སྙོལ་སྙོལ་པའི་གནད་དོ། །དཀར་སྦྱོར་ལས། ཆོ་འཕྲུལ་ཚར་ཚད་འདྲེས་ནས་མགོ་སྐོར་ན། དེ་ལ་གསེར་གྱི་ལྡེའུ་མིག་དགོས། རིག་པ་ཕུད་ནས་ཌཱ་ཀིར་བསྐྱེད། །བེམ་པོའི་རྐང་ལག་གསུམ་བཅད་ནས། །སྒྱེད་པོར་བཅུག་ནས་ཡུལ་ཆེན་བཀལ། །གཉན་སའི་རི་བྲག་གྲི་རྩེས་གཏུབ། །ཆུ་མཚོ་ཀ་པཱ་ལ་ཡིས་བཅུས། །བེམ་པོ་དང་བཅས་སྤེལ་ནས་སུ། །མགྲོན་རྣམས་ཐམས་ཅད་ཌཱ་ཀིར་དམིགས། །མཆོད་སྦྱིན་གང་ལྟར་དགྱེས་པ་ཡིས། །འདྲེས་པ་འབྱེད་པར་ཐེ་ཚོམ་མེད། །མ་ཆོད་ཆོད་པའི་མཆོག་ཡིན་ནོ། །དེ་ནི་མ་འབྱེད་འབྱེད་པའི་གནད་དོ། །སློང་ནས་སྙེལ་མ་ཐུབ་ན་ནི་རྒྱུན་དུ་ཆོ་འཕྲུལ་འོང་བ་སྟེ། དེ་ལ་མནན་པའི་གནམ་ས་ཆ་ལང་བརྡེབ་དཀྲུག་བྱེད་པ་ནི། མ་ཅིག་གི་ཞལ་གདམས་སྙན་རྒྱུད་ལས། རང་ཉིད་མཁའ་འགྲོ་མ་ཁམ་ནག་གཟི་བརྗིད་ལྡན་པ་གཅིག་ཏུ་བསམ། ཕྱག་གཡས་པས་གནམ་བཟུང་། གཡོན་པས་ས་བཟུང་ལ་གནམ་ས་ཆ་ལང་བརྡེབ་བརྡེབ་བྱས་པས་དེའི་བར་ན་གནས་པའི་ལྷ་འདྲེ་རྣམས་བསྲུབ་ཅིང་འཕུར་བ་དང་། བཅར་བ་དང་། རྙོག་པས་སྐད་ངན་འདོན་ཞིང་ཁས་བླངས་དམ་བཅས་པའི་ཚད་ཚད་མ་བྱུང་བར་དུ་གཟིར། དེ་ལྟར་བྱུང་བ་དང་ལྷོད་པའོ། །འདི་ནི་སློང་ནས་སྙོལ་མ་ཐུབ་ན་མིན་པ་མི་བྱེད་དོ། །དེས་ནི་མ་སྙོལ་སྙོལ་བའི་གནད་དོ། །མཐའ་གཏད་བྱེད་པ་ལ་ཡང་། དམ་པ་རྒྱ་གར་གྱི་ཞལ་ནས། མ་རན་མཐའ་ལ་གཏད་པ་དང་། །མི་དགོས་མཐའ་གཏད་བྱེད་པ་ནི། །ལྷ་འདྲེའི་ཚིག་པ་ཧུར་ལོག་ནས། །གཉིས་ཕུང་ཡ་ངའི་ལམ་ལ་འགྲོ་ཉན་གདའ། །ཅེས་གསུངས་པས། དུས་མ་རན་པ་དང་། མི་དགོས་པའི་མཐའ་གཏད་བྱས་ན། བཤན་པ་ལག་དམར་དང་འདྲ་ཞིང་། ལྷ་སྲིན་རྣམས་ཚིག་པ་ཟ་ནས་ཚེ་འདིར་ཚེ་ཐུང་ནད་མང་། མ་ཉེས་པའི་ཁ་ཡོག་ཆེན་པོ་འབྱུང་། མི་དགེ་བ་སྣ་ཚོགས་ཆར་པ་འབབས་པ་ལྟར་འོངས་ཞིང་། ཕྱི་མ་མནར་མེད་ཀྱི་གནས་སུ་འགྲོ་བས། གང་རུང་རུང་དུ་མཐའ་གཏད་མ་བྱེད་ཅིག །གང་རུང་དུ་མཐའ་གཏད་མི་བྱེད་པ་ཤིན་ཏུ་གལ་ཆེའོ། །མི་དགོས་ཁ་མེད་བྱུང་ན་གོང་གི་མཐའ་གཏད་གང་རུང་རེ་ཙམ་བྱེད་པས་ཆོག །ཡང་ནད་གཅོད་པ་བྱེད་པ་ལ། ཞི་བའི་གར་ཉི་ཤུ་རྩ་བཞིའི་དམིགས་པ་ལ། སྐུའི་དམིགས་པ་ནི། རང་ཉིད་མཁའ་འགྲོ་སྐུ་མདོག་དཀར་མོ་རིགས་ལྔའི་དབུ་རྒྱན་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེའི་ཐུགས་ཀར་འོད་ཟེར་གྱི་ཆུ་རྒྱུན་བྱུང་བས་ནད་པའི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་པར་བསམ། བླ་མ་བརྒྱུད་པ་ལ་གསོལ་བ་བཏབ་པ་ལ་རྟེན་པ་ཞི་བའི་གར་སྟབས་སོ། །དབང་ལ་རང་ཉིད་མཁའ་འགྲོ་མ་དམར་མོ་གཅིག་བསྐྱེད། དེ་ལ་མཁའ་འགྲོ་མ་དམར་མོའི་ཚོགས་ཀྱིས་བསྐོར་བར་བསྒོམས་ལ། ནད་པའི་རིག་པ་རང་ལ་བསྟིམ། ནད་པ་བེམ་པོ་དང་བཅས་པ། གྲི་གུག་གི་བཙག་ལ་ཐོད་པར་བླུགས། འཕགས་པའི་ཚོགས་ལ་འབུལ་ལོ། །དྲག་པོ་ནི་ནད་པ་ལ་ཨར་གཏད་བྱ། རང་ཉིད་མཁའ་མ་སྐུ་མདོག་མཐིང་ནག་བྱ། གཡས་གྲི་གུག །གཡོན་ཐོད་ཁྲག །སྐུ་ལ་རུས་རྒྱན་ཅན། འཁོར་དེ་འདྲ་བའི་ཚོགས་ཀྱིས་བསྐོར་བར་བསྐྱེད་ལ། ཕཊ་དྲག་བྱ་བའི་སྐད་བྱུང་། ནད་པ་ཡང་སྔང་ཞིང་འདར་བར་བསྐྱེད། དེ་སྐུ་ཡི་དམིགས་པ་གསུམ་མོ། །གསུང་གི་དམིགས་པ་ལ། རང་ཉིད་མཁའ་འགྲོ་མ་སེར་མོ་ཞལ་གཅིག་ཕྱག་གཉིས་པ་གཡས་དྲྭ་བ་མ། གཡོན་དྲིལ་བུ། ཕཊ་བྱས་པས་འཁོར་མཁའ་འགྲོ་མ་མང་པོའི་བསྐོར་བ། ཕཊ་ཧ་དྲག་པོ་བྱས་ལ། ནད་པའི་ལུས་ཀྱི་གདོན་དེ་མཐའི་མུན་པ་གསིབ་ཀྱིས་སོང་བར་བསམ། ནད་པ་ལ་བྱིན་རླབས་བྱ། གར་ན་སར་ཕུས་གཏབ། གསུང་གི་གཅིག །རྒྱས་པ་ལ་རང་ཉིད་མཁའ་འགྲོ་མ་དམར་མོ་ཞལ་གཅིག་ཕྱག་གཉིས་གྲི་གུག་ཐོད་ཁྲག་ཅན་གཅིག་བསྒོམ། ནད་པའི་རིག་པ་རང་ལ་བསྟིམ། ཤ་ཁྲག་ཐོད་ཞལ་ནང་དུ་བླུགས་ལ། མཁའ་འགྲོ་མ་རྣམས་ཀྱིས་གསོལ་བར་བསམ། གསུང་གི་གཉིས། དྲག་པོ་ལ། རང་ཉིད་མཁའ་འགྲོ་མ་སྐུ་མདོག་མཐིང་ནག །ཞལ་གཅིག་ཕྱག་གཉིས་མཚོན་ཆ་སྣ་ཚོགས་ཐོག་སྟེ། ཧ་ཕཊ་དྲག་པོ་བསྒྲགས་པས། བེམ་པོ་དེ་མཁའ་འགྲོ་མས་བཙག་ནས་གསོལ་བར་བསམ། གསུམ་པའོ། །ཐུགས་ཀྱི་འདུལ་བ་ལ་རང་ཉིད་མཁའ་འགྲོ་མ་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། དབུ་ལ་རིགས་ལྔས་བརྒྱན་པ། ཕཊ་བྱས་པས་ཐུགས་ལས་མཁའ་འགྲོ་མ་གྲངས་མེད་བསྐྱེད། ནད་པ་ལ་བྱིན་རླབས་བྱས་པས་སྡུག་བསྔལ་ཞི་བར་བསམ། རྒྱས་པ་ལ་རང་ཉིད་མཁའ་འགྲོ་མ་དམར་མོ་ཞལ་གཅིག་ཕྱག་གཉིས། སྟག་ལྤགས་རློན་པ་གོན་པ་གཅིག་གིས། ནད་པའི་རིག་པ་རང་ལ་བསྟིམ། མཁའ་འགྲོས་ནད་པའི་རྐེ་ལ་འཇུས་ནས་ལྕགས་བསྲེག་གིས་ས་གཞི་ལ་རྒྱབ་པས། གཞོབ་ཧྲག་གིས་བཏང་བར་བསམ། གཉིས། དྲག་པོ་ལ། རང་ཉིད་མཁའ་འགྲོ་མ་མཐིང་ནག་ཞལ་གཅིག་ཕྱག་གཉིས། སྐུ་སྟོད་སེངྒེའི་གཡང་གཞི་གྱོན་པ། སྐུ་སྨད་ཆུ་སྲིན་གཡང་གཞི་བརྒྱན་པ་གཅིག་བསྒོམ། ནད་པའི་རྣམ་ཤེས་རང་ལ་བསྟིམ། མཁའ་འགྲོ་མའི་འོད་ཀྱི་བེམ་པོ་ལ་མེ་འབར་བས་ཚིག་པར་བསམ། གསུམ་པ། ཡོན་ཏན་གྱིས་འདུལ་བ་ནི། རང་ཉིད་མཁའ་འགྲོ་མ་སྐུ་མདོག་དམར་ལྗང་ཞལ་གཅིག་ཕྱག་གཉིས། སྐུ་ལ་རིན་པོ་ཆེས་བརྒྱན་པ། ཕྱག་གི་སོར་མོ་རྣམས་མཁའ་འགྲོ་ལྔར་བསྐྱེད། བྱིན་གྱི་རླབས་པས་ནད་པ་སོས་པར་བསམ། གཅིག །རྒྱས་པ་ལ་མཁའ་འགྲོ་མ་དམར་མོ་ཞལ་གཅིག་ཕྱག་གཉིས། ཕྱག་སོར་ལྔ་གཅན་གཟན་ལྔར་གྱུར་ནས། ལུས་ནད་འདྲེ་དང་བཅས་པ་ཟོས་པར་བསམ་མོ། །གཉིས་པ། དྲག་པོ་ལ་རང་ཉིད་མཁའ་འགྲོ་མ་སྐུ་མདོག་མཐིང་ནག །ཞལ་གཅིག་ཕྱག་གཉིས། གཡས་པས་མེ་དཔུང་བསྣམ་པ། ནད་པའི་རིག་པ་རང་ལ་བསྟིམ། ནད་པའི་ལུས་ལ་མེ་དཔུང་རྒྱབ་པས། ནད་འདྲེ་དང་བཅས་བསྲེག་པར་བསམ། གསུམ། ཕྲིན་ལས་དམིགས་པ་ལ། བདག་ཉིད་མཁའ་འགྲོ་མ་ལྗང་མོ་ཞལ་གཅིག་ཕྱག་གཉིས། ཕྱག་ན་བདུད་རྩིའི་བུམ་པ་བསྣམ་པ། ནད་པའི་མགོ་ཐོག་ཏུ་བཞག་ལ་ནད་སེལ་ལུས་འདྲེ་དང་བཅས་པ་དག་པར་བསམ། གཅིག་རྒྱས་པ་ལ་རང་ཉིད་མཁའ་འགྲོ་མ་དམར་མོ་ཞལ་གཅིག་ཕྱག་གཉིས། ཕྱག་གཡས་ན་རྡོ་རྗེ་རྩེ་ལྔ་བསྣམ་པ། ནད་པ་ལ་རྒྱབ་པས། ལུས་ནད་འདྲེ་དང་བཅས་པ་གཞོབ་ཏུ་བཏང་བར་བསམ། གཉིས། དྲག་པོ་ལ། རང་ཉིད་མཁའ་འགྲོ་མ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས། ཕྱག་ན་གནམ་ལྕགས་ཀྱིས་འཁོར་ལོ་རྩིབ་སྟོང་དང་ལྡན་པ་བསྣམས་པ། ནད་པའི་རིག་པ་རང་ལ་བསྟིམ། འཁོར་ལོ་ནད་པ་ལ་རྒྱབ་པས། ནད་པ་འདྲེ་དང་བཅས་པ་ཧྲག་གིས་བཏང་བར་བསམ། གསུམ། ཞི་བའི་གར་སྟབ་ཉི་ཤུ་རྩ་བཞིའི་དམིགས་པ་ལས། བཅོ་ལྔ་སོང་བས་མཁའ་འགྲོས་འདུལ་བའི་རྒྱུད་རྫོགས་སོ།། །།ད་ཕོ་རྒྱུད་ཀྱིས་འདུལ་བའི་དམིགས་པ་ལ། བདག་ཉིད་ཡེ་ཤེས་ཀྱི་ཁྲོ་བོ་དཀར་པོ་ཞལ་གཅིག་ཕྱག་གཉིས། སྤྱན་གསུམ་པ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་བསྣམ་པ། ནད་པའི་མགོ་ཐོག་ཏུ་བཞག་ལ། རྡོ་རྗེའི་ལུས་ལ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བྱུང་བས་ནད་ཞི་བར་བསམ། གཅིག །ཡང་སྐུའི་བྱིན་རླབས་ལ། རང་ཉིད་ཁྲོ་བོ་དཀར་པོ་སྦྲུལ་ཞགས་བསྣམ་པ། ནད་པའི་རིག་པ་རང་ལ་བསྟིམ། སྦྲུལ་ཞགས་ནད་པའི་སྐེ་ལ་བཏག་ནས། རི་རབ་ལ་རྒྱབ་པས། ཤ་ཁྲག་རུས་པ་ཐར་གྱིས་སོང་བས། སྡེ་བརྒྱད་རྣམས་ཀྱིས་ཟོས་པར་བསམ། གཉིས། ཡང་ཞི་བ་ལ། རང་ཉིད་ཁྲོ་བོ་ཆེན་པོ་སྐུ་དམོག་སྔོ་སྐྱ་བ་གཅིག་ཏུ་བསྐྱེད། སྐུ་ལ་མེ་རི་འབར་བ་ལས། ནད་པའི་རིག་པ་རང་ལ་བསྟིམ། ནང་དང་འདྲེ་དང་བཅས་པ་བསྲེག་པར་བསམ། གསུམ། རྒྱས་པ་ལས། བདག་ཉིད་ཁྲོ་བོ་ཆེན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། སྡང་མིག་འཇིག་ཚུལ་དུ་གཟིགས་པ། ལྗགས་ལས་ཡེ་ཤེས་ཀྱི་མེ་འབར་བས་གདོན་བགེགས་རྣམས་ཚིག་པར་བསམ། གཅིག །ཡང་རྒྱས་པ་ལས། བདག་ཉིད་ཁྲོ་བོ་དམར་ནག་པ། ནད་པའི་རིག་པ་རང་ལ་བསྟིམ། ཕཊ་བྱས་པས་རང་གི་ཐུགས་ཀ་ནས། ལྗགས་རྡོ་རྗེ་རྩེ་ལྔ་ལས་མེ་སྟག་འཕྲོས་པས། ནད་པ་དང་བཅས་པ་གཞོབ་རག་ཀྱིས་སོང་བར་བསམ། གཉིས། ཡང་རྒྱས་པ་ལས། བདག་ཉིད་ཡེ་ཤེས་ཀྱི་ཁྲོ་བོ་སྔོ་སྐྱ་བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཡེ་ཤེས་ཀྱི་རལ་གྲི་ནམ་མཁའ་ལ་ཕྱར་བ། ནད་འདྲེ་དང་བཅས་པའི་མགོ་ལུས་གསེས་པར་བསམ་མོ། །རྒྱས་པ་ལ་གསུམ་མོ། །ད་ནི་དྲག་པོ་ལ། བདག་ཉིད་ཁྲོ་བོ་དཀར་པོ་ཞལ་གཅིག་ཕྱག་གཉིས། རྡོ་རྗེ་དང་ལྕགས་ཀྱུ་བསྣམས་པ། ནད་པའི་རིག་པ་རང་ལ་བསྟིམ། ནད་པའི་སྙིང་ནས་རྡོ་རྗེ་དང་ལྕགས་ཀྱུས་བཟུང་ནས། ཐལ་བར་བརླག་པར་བསམ་མོ། །གཅིག །ཡང་དྲག་པོ་ལ། བདག་ཉིད་ཁྲོ་བོ་མཐིང་ནག་སོར་མོ་རྣམས་ཡེ་ཤེས་ཀྱི་བྱ་ཁྱུང་དུ་གྱུར་ནས། ནད་པའི་རིག་པ་རང་ལ་བསྟིམ། ཐུགས་ལས་མེ་འཕྲོས་ནད་པའི་འདྲེ་དང་བཅས་པ་ཧྲག་གིས་བཏང་བར་བསམ། གཉིས། ཡང་དྲག་པོ་ལ། བདག་ཉིད་ཡེ་ཤེས་ཀྱི་ཁྲོ་བོ་མཐིང་ནག་ཞལ་གཅིག་ཕྱག་གཉིས། ཐུགས་ལས་ཡེ་ཤེས་ཀྱི་ཁྲོ་བོས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་གང་བ། ནད་པའི་རིག་པ་རང་ལ་བསྟིམ། ནད་པ་འདྲེ་དང་བཅས་པ་དེ། ཡེ་ཤེས་ཀྱི་ཁྲོ་བོ་གྲངས་མེད་ཀྱིས་གསོལ་བར་བསྐྱེད། གསུམ། མ་ཅིག་གིས་གར་སྟབས་ཉི་ཤུ་རྩ་བཞིའི་དམིགས་པ་འདི། ནད་པ་ལ་འདེབས་དུས་དང་པོ་ཚོགས་བྱ། བླ་མ་ཡི་དམ་མཁའ་འགྲོ་ལ་གསོལ་བ་གདབ། དང་པོ་ཞི་བའི་དམིགས་པ་བྱ། དེ་ནས་རྒྱས་པ། དེས་མ་ཐུབ་ན་དྲག་པོའི་དམིགས་པ་སྤོ་ཞིང་བྱ། ནད་འདུལ་དམིགས་པ་ཁ་བསྒྱུར་བྱ་བ་རྫོགས་སོ།། ༈ །།ཕ་དམ་པ་རྒྱ་གར་ལ་ཕྱག་འཚལ་ལོ། །གཅོད་ཀྱི་ཡང་གཅོད་ཀྱི་མན་ངག་འདི་ལ་གཉིས་སྟེ། མི་ལ་གཅོད་པ་དང་། མི་མ་ཡིན་ལ་གཅོད་པ་གཉིས་ལས། དང་པོ་ནི་བྱད་མ་དང་ཐུག་ན། གཏི་མུག་གི་རྒྱ་མཚོ་མེ་རེ་རེ་ཁོལ་བའི་དབུས་སུ། ཞེ་སྡང་གི་རི་རབ་ཟུར་གསུམ་པ་ཤིན་ཏུ་རྣོ་བ། གནམ་ལྕགས་ཀྱི་ཕུར་པ་མེ་ནང་ནས་བཏོན་པ་འདྲ་བ་ལྟ་བུ་གཅིག་བསྒོམ་ལ། དེའི་རྩེ་མོ་ལ་བྱད་མའི་ང་རྒྱལ་གྱི་དབེན་ཁང་ཁྲ་ལྟེམ་མེ་བ་གཅིག་བསྒོམ་པའི་དབུས་སུ་བྱད་མ་གང་ཡིན་པ་དེ་ལ་བསྒོམ་ལ། དེའི་སྤྱི་བོའི་སྟེང་ན་བྱད་མའི་བླ་མ་དེ་སྒོམ། བྱད་མའི་མདུན་ན་ཁོ་རང་གི་ཡི་དམ་ཆོས་སྐྱོངས་བསྒོམ། གཡས་སུ་ཕ་བུ་སྤུན་ཟླ། གཡོན་དུ་མ་དང་སྲིང་མོ་ཆུང་མ། ཉེ་དུ་ཉེ་འབྲེལ་རྣམས་བསྒོམ། རྒྱབ་ཏུ་ཟས་ནོར་རྣམས་བསྒོམ། ཤིན་ཏུ་ཟབ་པའི་གདམ་ངག་འདིའི་གནད་ཀྱིས་རང་གི་ཤ་ཁྲག་གི་ཁོའི་དབེན་ཁང་དེ་དམར་ལྟེམ་གྱིས་གང་བར་བསམ། དེ་ནས་ཕྲག་དོག་གི་བསུབ་མ་ནི། རླུང་ནག་གིས་འཚུབ་མ་ལྟར་འུར་སྒྲ་དང་། ཆོམ་སྒྲ་དང་། ཚག་སྒྲ་དང་བཅས་པ་ཀྱི་ལི་ལི་སྒ་ར་ར་གཡོན་དུ་འཁོར་བ་གདམ་ངག་འདིའི་གནད་ཀྱིས། ཁོའི་མགོ་ཐོག་གི་བླ་མ་ཡར་བཀྱག་ནས། བླ་མ་དེ་ཡང་ཁྲག་གི་སུབ་མས་ཁ་ཕྱིར་ལོག་ཏུ་བསྐོར་ནས། དེ་རྣམས་ཁོ་ལ་ཞེ་ལོག་ནས་ཁོ་དང་བྱེ་བར་བསམ། དེ་བཞིན་དུ་ཁོའི་བསམ་སྦྱོར་ངན་པའི་ལས་ངན་སྟོབས་དང་། རང་གི་གདམ་ངག་གིས་གནད་ཀྱིས། ཁོ་རང་གི་བསྒོམ་པའི་ལྷ་དང་ལྷ་མ་སྲིན་སྡེ་བརྒྱད་དང་བཅས་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་བཅས་པ་ཐམས་ཅད་ཀྱང་། ཁྲག་གི་སུབ་མས་ཁ་ཕྱིར་ལོག་ཏུ་ཀྱི་ལི་ལི་སྒ་ར་ར་འཁོར་བར་བསམ། ཡིད་འཁྲུག་སྟེ་བྱད་མ་ལ་ལེ་ལན་བདས་ནས། བྱད་མའི་མགོ་བཅད། སྙིང་དྲངས་ནས་ཟོས། ཁྲག་འཐུང་རུས་པ་འཆོམ་པར་བསམ། དེ་ནས་རང་གི་ལག་པ་གཡས་པས་སྔར་བསྒོམ་པའི་རི་རབ་རྒྱ་མཚོ་དང་བཅས་པ་དེ་ཡར་བླངས་ནས་མར་རྒྱབ་པས། བྱད་མའི་དབེན་ཁང་ཆོས་སྐྱོང་དང་བཅས་པ་དེ་རི་རབ་ཕུར་པའི་དབལ་སོ་དང་འདྲ་བ་དེས་དབང་ཆེན་གསེར་གྱི་ས་གཞི་ལ་ཐམ་གྱིས་འཛེར་ནས་ཤ་ཁྲག་ཐམས་ཅད་ཆལ་གྱིས་འཐོར་བར་བསམ། ཁོའི་ཆོས་སྐྱོངས་ལྷ་སྲིན་སྡེ་བརྒྱད་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་པོ་ཐམས་ཅད་ཀྱིས་ཁོའི་ཤ་ཟོས་ཁྲག་འཐུང་རུས་པ་འཆོམ་པར་བསམ། ལུས་ཀྱི་ལྷག་མ་མ་ལུས་བར་བསམ། ཁོ་རང་གི་རྣམ་པར་ཤེས་པ་ཆོས་ཉིད་དུ་བསྟིམ་པར་བྱའོ། །དེ་ནས་རང་ཉིད་ཀྱིས་ཀྱང་སྟོང་པ་ཉིད་དང་སྙིང་རྗེའི་ངང་ལ་མ་ཡེང་བར་གནས་པར་བྱའོ། །དེ་ཡང་རང་ཤུག་གི་སྙིང་རྗེ་གཅིག་སྐྱེས་ཚར་ཚད་ཡིན་ནོ། །ཆོ་འཕྲུལ་ཆེ་ན་བཟང་ཚར་ཚད་གཞུང་དང་འདྲ་བ་ཡིན་གསུངས། བྱད་མ་ངོས་ཟིན་ན་ཪྣྲིའམ་ཏྲི་ལས་སྔ་མ་བཞིན་བསྒོམ་པར་བྱའོ། །སྤྱིར་བྱད་མའམ་ལྷ་འདྲེ་གང་ལ་ཡང་རུང་སྟེ། རང་གི་ཤ་ཁྲག་སུབ་བསྐོར་གྱིས་བསྐོར་བ་དང་། ཁོ་རང་གིས་བསམ་སྦྱོར་ངན་པའི་སྟོབས་ཀྱིས། རང་གཤེད་རང་ལ་བསྐོར་བས། ཁོའི་ཡི་དམ་ཆོས་སྐྱོངས་ཉེ་དུ་ཡོན་བདག་རྣམས་ཀྱིས། སྤང་ནས་བྱེར་བར་བསམ། སྡེ་བརྒྱད་རྣམས་ཀྱི་ལེ་ལན་བརྡས་ནས། ཁོའི་ཤ་ཟོས་ཁྲག་འཐུང་བ་མན་ངག་ཡིན། མི་མ་ཡིན་ལྷ་འདྲེ་ལ་བྱེད་ན། སྔར་གྱི་དབེན་ཁང་མལ་དུ། ལྷ་ཁང་བསྒོམ་པའི་ནང་དུ་མི་མ་ཡིན་གྱི་རྒྱལ་པོ་ལ། སྤྲེའུ་བུ་ཆུང་བནྡྷེ་དང་། བསེན་མོས་བསྐོར་བར་བསམ། བསེན་མོ་ལ་བུད་མེད། བཙན་ལ་སྐྱ་མི་མི་རྟ་དམར་པོ་བསྒོམ། བདུད་ལ་མི་ནག་རྟ་ནག་ཅན། ཀླུ་ལ་མཚོ་ཀྱི་ལི་ལི་དང་། ཆུ་མིག་མགོ་དགུ་པའི་ནང་ན་མི་ལུས་སྦྲུལ་མགོའི་གདེང་ཀ་བདུན་དང་ལྡན་པ། སྨད་སྦྲུལ་དུ་འཁྱིལ་བ་ལ། འཁོར་སྦྲུལ་དང་སྦལ་པ་ཉ་དང་ལྕོང་མོ་དུད་འགྲོ་སྣ་ཚོགས་ཀྱིས་བསྐོར་བར་བསམ་ལ། སྤྱིར་ལྷ་འདྲེའི་ཆོ་འཕྲུལ་མངོན་ཡང་རུང་། རྨི་ལམ་དུ་བྱུང་ཡང་རུང་སྟེ། གང་ཡིན་པ་དེ་ཤ་ཁྲག་མཚོ་དཀྱིལ་གྱི་རི་རབ་ཟུར་གསུམ་དུ་བསྒོམ། རང་གིས་ཤ་ཁྲག་ཐམས་ཅད་ཀྱི་རྒྱ་མཚོ་ཀྱི་ལི་ལི་འཁོར་བས། ལྷ་འདྲེ་རྣམས་མགོ་འཁོར་ནས་ཡིད་འཁྲུག་སྟེ། ཁྲག་ལྷད་ལྷད་སྐྱུགས་པར་བསམ་མོ། །ཡང་རི་རབ་རྒྱ་མཚོ་དང་བཅས་པར་ཡར་བླང་ནས་མར་རྒྱབ་པས་ལྷ་འདྲེ་རྣམས་ཤ་ཁྲག་དམར་ཐ་ར་ར་ཐོར་བར་བསམ། སྟོང་ཉིད་བསྒོམ་པར་བྱའོ། །གདོན་ངོས་མ་ཟིན་ན་ཪྣྲིའམ་ཏྲི་ལས་གོང་ལྟར་བསྐྱེད། བསྙོན་པ་ལ་བྱེད་ན་ལུས་ལྷ་ཁང་དུ་བསྒོམས། གང་ལ་ཡང་ཆོ་འཕྲུལ་བྱུང་ན་འདོད་ཐོག་ཡིན། དེ་དུས་བརྩོན་འགྲུས་ཤིན་ཏུ་བསྐྱེད། ནུབ་གཅིག་གཉིས་ལ་ཆོ་འཕྲུལ་ལྷུང་གི་འགྲོ། བྱམས་དང་སྙིང་རྗེ་གནད་དུ་བསྣུན། གཅོད་ཀྱིས་རྒྱལ་ཁམས་གང་ལག་ཀྱང་། །ཡང་རིགས་འདི་འདྲའི་གདམ་པ་མ་བཀོད་ཕྱིར། །གྲུ་གསུམ་སྙིང་གི་དབུས་སུ་བཞག་ནས་ནི། །བཀའ་རྒྱ་དམ་དུ་གནས་པར་བྱ། །བདག་འདྲ་མཁའ་འགྲོ་ལབ་སྒྲོན་གྱིས། །གཅོད་ཀྱི་ནང་གི་ཡང་གཅོད་འདི། །སུ་ལའང་མ་སྤེལ་ཐུགས་ཀྱི་ནང་དུ་བཅུག །གཅེས་པས་བུའི་ལག་ཏུ་བཞག །གཅིག་རྒྱུད་མ་གཏོགས་གཉིས་ལ་སྤེལ་བ་ན། །སྟོང་གསུམ་མཁའ་འགྲོས་ཆད་པ་ཆོད། །ཟབ་བརྒྱུད་གཡོག་མོ་ལ་བྱིན་ཏེ། །འདི་བཞག་སྐད། ༈ ཡང་ན་བྱད་བཟློག་བསྡུས་པ་འདི་མ་ཅིག་གི་དམིགས་པ་ཕྲན་ཚེག་ལས། ལྟར་བྱ་སྟེ། རང་གི་སྤྱི་བོར་མདའ་གང་གི་སར་ལབ་སྒྲོན་མཐིང་ནག་གཅིག་བསྒོམ། རང་གི་རྣམ་པར་ཤེས་པ་དེ་ཡར་སྤར། ལུས་པོ་དེ་མ་ཅིག་ལབ་སྒྲོན་གྱིས་བཤུས་ནས། ཕྱལ་གྱིས་བཏིང་པའི་སྟེང་དུ། རང་གི་ཤ་རུས་ཁྲག་གསུམ་སྤུང་པ་དང་། རང་གི་མཉམ་པོར་འོང་བའི་བདུད་བོས་ནས། བྱད་མ་རྦོད་གཏོང་དང་བཅས་པ། བྱད་མ་ལྷ་སྲུང་དང་བཅས་པ། བྱད་མ་སྡེ་ཚན་དང་བཅས་པ་འདིར་ཤོག་ཅིག །ཅེས་བོས་པས་དེར་འདུས་པར་བསམ། ལབ་སྒྲོན་གྱིས་ལྤགས་པའི་ཁ་བསྡུས་ནས། རྒྱུ་མས་བཅིངས་ཏེ་ཡང་ཡང་རྒྱབ་པས་བྱད་མ་གནོད་བྱེད་ཀྱི་ཤ་ཁྲག་དམར་ཐར་ཐར་སོང་བར་བསམ། དམིགས་པ་ལྕགས་སྲེག་གི་ས་གཞི་ལ་བརྡབ་པས། གཞོབ་རག་རག་བཏང་བར་བསམ། ཕཊ་བརྒྱ་སྟོང་ཅི་མང་བྱ། ༈ དུར་གཅོད་རྒྱས་པ་ལ། བླ་མ་ཌཱ་ཀིའི་ཚོགས་ལ་ཕྱག་འཚལ་ལོ། །དྲག་སྔགས་རིང་མོའི་ཁུང་ཕྱུང་བ་ལ་འདི་ལ་གསུམ་སྟེ། སྟྲི་དུར། རས་དུར། ཆུང་དུར། གསུམ་དུ་གཅོད་པ་ཟེར་གསུངས། དེ་གསུམ་ཆུན་གཅིག་ཏུ་གཅོད་པ་ལ། སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན། དངོས་གཞི་ཉམས་སུ་ལེན་པ་ནི། གང་ཤི་བ་དེའི་རོའམ་རོ་གོས་ལ་གྲི་སྲི་ཤ་བའི་མགོ་ཅན་བྲི། གཟུགས་སྐྱེ་མཆེད་ཚང་བ་བྱ། རང་གི་ཕྱོགས་བཞི་ཐོ་བཞི་བརྩེགས། ཐོ་བཞིའི་རྩ་རུ་དུག་ཤིང་གི་ལིང་ག་བཞི་བཅིངས་ལ། དོག་པ་སྔོ་དམར་གྱི་རྒྱ་གྲམ་དུ་བྲེས་པས་བསྒྲིལ། དེ་ནས་རང་ཉིད་ཀྱི་ཕཊ་བརྗོད་པས་ཕ་དམ་པ་རྒྱ་གར་སྐུ་མདོག་མཐིང་ནག་བཞེངས་པའི་ཚུ། སྤྱན། གསུམ་མཆེ་བ་རབ་ཏུ་གཙིགས་པ། སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱི་བརྒྱན་པ། གཡས་པས་ཐོད་པའི་ཌཱ་མ་རུ་དཀྲོལ་བ། གཡོན་པས་མི་རྐང་གིས་གླིང་བུ་ཚག་ཚག་འབུད་པ་གཅིག་བསྒོམ། དེའི་དབུ་ཐོག་དུ་བྃ་གསར་སྙིང་བསྣོལ་མའི་ཁྲི་སྟེང་དུ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་ཟངས་ཀྱི་མདོག་ལྟ་བུ། དབུ་སྐྲ་ཐོར་ལྕོགས་གྱེན་དུ་བཅིང་བ། སྤྱན་གསུམ་མི་མངོན་པའི་དབྱིངས་སུ་གཟིགས་པ། ཐོད་སྐམ་གྱི་དབུ་བརྒྱན་དང་། ཐོད་རློན་གྱི་དོ་ཤལ་བྱས་པ། སྐུ.ལ་ཞིང་ཆེན་གཡང་གཞི་ཁྲག་འཛག་པ། གཡས་པས་ཟངས་ཀྱི་གྲི་གུག་རྡོ་རྗེའི་ཡུ་བ་བྱས་པ་ནམ་མཁར་འཕྱར་བ། གཡོན་པས་ཟངས་མའི་ཞགས་པ་དམར་ཝེང་ངེ་བ་གྲུ་མོར་བཀོན་ཞིང་ཐོད་ཞལ་ཐུགས་ཀར་འཛིན་པ། ཁ་ཊྭྃ་ག་ལ་འཁྱུད་པ། བཀྱག་ན་རི་ཡང་འཁྱོག་པ་མནན་ན་ས་གཞི་ནོན་པ། སྐུ་གཟི་བརྗིད་དང་ལྡན་པ་གཅིག་བསམ། དེའི་གཡས་ཕྱོགས་སུ། དུར་ཁྲོད་ཀྱི་མཁའ་འགྲོ་སྐུ་མདོག་ནག་མོ། གཡས་ལྕགས་ཀྱུ། གཡོན་ཐོད་ཞལ། སྐུ་ལ་དུར་ཁྲོད་ཀྱི་རྒྱན་པ། འཁོར་དུ་ནག་མོ་འབུམ་གྱིས་བསྐོར་བ་བསྒོམ། གཡོན་ཕྱོགས་སུ་ལས་ཀྱི་མཁའ་འགྲོ་སྐུ་མདོག་ལྗང་ནག །གཡས་རལ་གྲི་གཡོན་ཐོད་ཁྲག །སྐུ་གར་སྟབས་ཀྱི་འགྱིང་བག་ཅན་ལ་མཁའ་འབུམ་གྱིས་བསྐོར་བར་བསྒོམས། དེ་ལ་སོགས་པའི་མཁའ་འགྲོ་མ་གྲངས་མེད་པས་བསྐོར་བར་བསམ། དེ་ནས་རང་གིས་ཕཊ་བརྗོད་པས། ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ནས། གྲི་སྲི་ལ་སོགས་གང་ཡིན་པ། དང་པོ་ནད་ཀྱི་སྣ་འདྲེན་པ། བར་དུ་ནད་ཀྱི་ཚང་བཅའ་བ། ཐ་མར་ཁའི་དབུག་འཕྲོག་པ། ཁོང་གི་སྲོག་གཅོད་པ་དེའི་གཙོ་བྱས་པའི་སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས་འོད་ཟེར་ལྕགས་ཀྱུ་ལྟ་བུའི་སྙིང་དཀར་ནག་མཚམས་ནས་བཟུང་ཞིང་བཀུག་པས། ཁ་རླུང་གིས་དེད་པ་བཞིན་དུ་འཚུབ་ཉི་ལི་ལི་བསྡུས་ནས་རོ་རས་དང་ཐོ་བཞི་ཤིང་གཟུགས་ལ་བསྟིམ། གཞན་ཡང་གནས་གདོན་ལུས་གདོན་གཉིས་ཀྱི་གཙོ་བྱས་པ་རྣམས་མདུན་དུ་བསྒོམ། དེའི་རྒྱབ་ཏུ་རང་འདྲ་བ་གྲངས་མེད་ཀྱིས་ཧ་དང་ཕཊ་ཀྱི་སྒྲ་དི་རི་རི་བྱེད་པས་བསྐོར་བར་བསྒོམ་ནས། སྙིང་རྗེ་ཚད་མེད་པ་དང་། ཤ་ཁྱེར་ཁྲག་ཁྱེར་ལ་སོགས་སྤྱི་དང་མཐུན། རྗེས་སུ་བསྔོ་བ་སྨོན་ལམ་བཏབ་ནས། མི་དམིགས་པས་རྒྱས་གདབ། དེ་ནས་སྐད་ཅིག་གིས་ངང་ལ། རང་གིས་ཐུགས་ཀ་ནས་ཧཱུྃ་མཐིང་ནག་གྲངས་མེད་པ་འཕྲོས་ནས། གནམ་ས་བར་སྣང་ས་རྡོ་བྲག་རྩི་ཤིང་ནགས་ཚལ་ཀུན་ལ་ཕོགས་པས། དེ་རྣམས་ཀྱང་མཁའ་འགྲོ་མ་གྲངས་མེད་པར་གྱུར་ནས། ཐམས་ཅད་ཀྱང་སྐུ་མདོག་དམར་མོ་གཡས་ལྕགས་ཀྱུ། གཡོན་པས་ཐོད་པའི་ཞལ་བུ་འཛིན་པ། སྟོང་གསུམ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱིས་ཚེ་བཀྲག་མདངས་གཟི་བརྗིད་ཐམས་ཅད་འབྱུང་བའི་བཅུད་མདངས་ཀུན་བསྡུས་ནས་ཐོད་པའི་ཞལ་བུ་རྣམས་ལྟེབས་ཀྱིས་བཀང་ནས། མཁའ་འགྲོ་མ་རྣམས་ཀྱིས་གསོལ་ནས་མཉེས་པར་བསམ་ལ། དེ་ནས་མཁའ་འགྲོ་མ་ཐམས་ཅད་གཅིག་ལ་གཅིག་ཐིམ་ནས་མཁའ་འགྲོ་མ་དེ་ཡང་རང་གི་ཐུགས་ཀར་ཐིམ། རང་བཀྲག་མདངས་དང་གཟི་བརྗིད་ལྡན་པར་བསམ། དེ་མ་ཐག་ཏུ་ཕཊ་བརྗོད་པས། རང་གི་ཐུགས་ཀ་ནས་མཁའ་འགྲོ་མ་སྐུ་དམོག་དམར་མོ་གཡས་གྲི་གུག །གཡོན་ལྕགས་ཀྱུ་འཛིན་པ་དཔག་ཏུ་མེད་པ་འཕྲོས་ནས། གྲི་སྲི་ལ་སོགས་གང་ཡིན་དེའི་རྐེ་གྲི་གུག་གིས་རྦད་རྦད་བཅད་པར་བསམ། དེ་ནས་རང་ཉིད་མཁའ་འགྲོ་མ་དེས་ཁོའི་ལུས་ཤག་གིས་བཤས་ནས་ལྤགས་པ་དེ་ཕྱལ་གྱིས་བཏིང་བ་དེར། བདག་ལུས་ཐ་མལ་པའི་ཤ་ཁྲག་དང་། ཁོའི་ཤ་ཁྲག་རྣམ་ཤེས་བཅས་པ་ཉིལ་གྱིས་སྤུང་པར་བསམ། དེ་རྣམས་ཐམས་ཅད་མཁའ་འགྲོ་མ་རྣམས་ཀྱིས། གཙོ་འཁོར་དང་བཅས་པ་ཀུན་གྱིས་གསོལ་ནས་རྗེས་ཀྱང་མེད་པར་བསམ། དེ་ནས་ཕྱི་ཐུན་གཅིག་ལ་རང་གི་ཕཊ་གཅིག་བརྗོད་པས། ཐུགས་ཀ་ནས་མཁའ་འགྲོ་མ་སྐུ་མདོག་དམར་མོ་གཅིག་གིས་གཡས་པས་ཟངས་མའི་གྲི་གུག །གཡོན་པ་ཟངས་མའི་ཞག་པ་དམར་པོ་བསྣམ་ནས། གྲི་སྲིའི་མགུལ་དུ་འཕངས་པས་ཧྲིག་གིས་བཟུང་ནས། ཕར་འཕེན་ཚུར་འཕེན་བྱས་པས། སྐད་ངན་ཙེ་རེ་རེ་འདོན་ཅིང་བདག་ལ་སྲོག་སྙིང་ཕུལ་བའི་སྒྲ་འདོན་པར་བསམ། བར་བར་གྲི་གུག་གིས་ལུས་དུམ་བུར་གཏུབ་ནས། གཟུགས་ཕུང་ཤ་ཁྲག་ཉིལ་གྱི་བཏང་བ་དེ། རང་དང་གཙོ་འཁོར་ཀུན་གྱིས་ཟོས་པས་ལྷག་མ་མེད་པར་བསམ། བརྒྱ་བསྐོར་དག་ཏུ་བཟུང་བའོ། །དེ་ནས་ཤིང་མིའི་མགུལ་གྱི་སྣལ་མ་སྔོ་དམར་ལ་འཐེན་ཅིང་། ཆོས་ཚད་མ་བྱུང་བར་དུ་གཅུན་པའོ། །ཆོད་ཚད་བྱུང་བ་དང་། ཡོན་བདག་ཕོ་མོའི་ངར་མི་དང་། རོ་རས་ཤིང་གིས་མེ་རྣམས་དྲག་པོའི་མེ་ལ་སྲེག་པའོ། །དམིགས་པ་ནི་རང་གི་མདུན་དུ་རྗེ་བཙུན་མ་མེ་ཞལ་གནམ་དུ་གདངས་པའི་ནང་དུ་བསྐྱེད་པའི་གཟུགས་དང་རང་གི་ཤ་ཁྲག་དང་བཅས་པ་ཉི་ལི་ལི་སྤུང་སྤུང་སོང་བར་བསམ་ཞིང་མེ་སྦར་ལ་ཚིག་འདི་ལྟར་བརྗོད། ཧཱུྃ། རྒྱལ་བའི་ཡུམ་ཆེན་རྣལ་འབྱོར་མ། །སྐུ་མདོག་དམར་མོ་དྲག་པོའི་ཚུལ། །ཞབས་གཉིས་གར་ཐབས་བདུད་བཞི་འདུལ། །དྲག་པོའི་མཆེ་བ་རབ་ཏུ་གཙིགས། །རལ་པ་དམར་སེར་གྱེན་དུ་བརྗིད། །གཡས་པས་གྲི་གུག་འཕྱར་བ་ཡིས། །དུར་ཁྲོད་གནས་བརྒྱད་ཚོགས་སུ་བསྒྲོལ། །གཡོན་པས་ཐོད་ཁྲག་འཛིན་པ་ཡིས། །གྲི་སྲི་གྲི་ནག་ཕུག་སྲི་དང་། །ཆུང་སྲི་གནོད་བྱེད་ཞལ་དུ་གསོལ། །དྲག་བྱེད་མཁའ་འགྲོ་འབུམ་གྱིས་བསྐོར། །དྲག་པོའི་གནས་སུ་སྐུ་བསྐྱོད་ལ། །ཆོས་ཉིད་བདེན་པའི་མེ་ཆེན་སྤར་དུ་གསོལ། །རྣམ་རྟོག་དུག་ལྔའི་ཕུང་པོ་བསྲེག་ཏུ་གསོལ། །བགས་ཆགས་འཁྲུལ་པའི་རྐྱེན་སྣང་གཞོམ་དུ་གསོལ། །དྲག་བྱེད་མཁའ་འགྲོ་འབུམ་གྱིས་བསྐོར། །དྲག་པོའི་གནས་ནས་སྐུ་བསྐྱོད་ལ། །ཆོས་ཉིད་བདེན་པའི་མེ་ཆེན་སྤར་དུ་གསོལ། །རྣམ་རྟོག་དུག་ལྔའི་ཕུང་པོ་བསྲེག་ཏུ་གསོལ། །བག་ཆགས་འཁྲུལ་པའི་རྐྱེན་སྣང་གཞོམ་དུ་གསོལ། །རང་བྱུང་གསལ་བའི་མེ་ཆེན་སྦར་དུ་གསོལ། །བག་ཆགས་འཁྲུལ་བའི་གནོད་བྱེད་བསྲེག་ཏུ་གསོལ། །འཁྲུལ་པ་གཉིས་འཛིན་གྱི་བདུད་ཆེན་གཞོམ་དུ་གསོལ། །ཅེས་བརྗོད། དེ་ནས་སྔགས་བརྗོད་པ་ནི། བཾ་ཧ་རི་ཎི་ས་ཛྭ་ལ་རཾ། གནོད་བྱེད་གྲི་སྲི་ཤ་ཏྲུམ་མ་ར་རྦད་ནན། ཅེས་བརྗོད་ལ་སྦྱིན་སྲེག་བླུག་གོ། །ཡོན་བདག་ཕོ་མོ་ཀུན་ལག་པ་སྦྲེལ་ལ་བསྐོར། ངར་མི་ཤ་དུམ་ཁྲག་དུམ་སྲེག །བར་བར་དུ་བདག་གཞན་ཀུན་གྱི་རིག་པ་སྤར་ཞིང་། མི་དམིགས་པའི་ངང་ལ་བཞག་གོ། །རྗེས་སུ་མཁའ་འགྲོ་བཞིའི་བརྡུང་བ་ནི། ཧཱུྃ། བྲོ་འདི་གང་དང་གང་གི་བྲོ། །བྲོ་འདི་ཕ་བརྒྱུད་དཔའ་བོ་བྲོ། །ཕ་བརྒྱུད་དཔའ་བོའི་བྲོ་བརྡུང་པས། །ཕྱི་སྟོང་ཉིད་ངང་དུ་སངས་སེ་སང་། །བར་མཉམ་ཉིད་ངང་དུ་པྲི་ལི་ལི། །ནང་ཡེ་ཤེས་ངང་དུ་ཡ་ལ་ལ། །གདོན་འདྲེ་བགེགས་མགོ་ལ་ཆེམ་སེ་ཆེམ། །ཧཱུྃ། བྲོ་འདི་གང་དང་༴ བྲོ་འདི་མ་བརྒྱུད་མཁའ༴ མ་བརྒྱུད་མཁའ༴ ཕྱི་སྟོང་ཉིད༴ བར་མཉམ༴ ནང་ཡེ་ཤེས༴ གདོན་འདྲེ་བགེགས་མགོ༴ ཧཱུྃ། བྲོ་འདི༴ བྲོ་འདི་སངས་རྒྱས་མཁའ༴ སངས་རྒྱས་མཁའ༴ ཕྱི་སྟོང་༴ བར་མཉམ༴ ནང་ཡེ་ཤེས༴ གདོན་འདྲེ་བགེགས་མགོ་ལ༴ ཧཱུྃ། བྲོ་འདི༴ བྲོ་འདི་མཁའ་འགྲོ་སྡེ་ལྔའི་བྲོ། །མཁའ་འགྲོ་སྡེ་ལྔའི༴ ཕྱི་སྟོང་༴ བར་མཉམ༴ ནང་ཡེ་ཤེས༴ གདོན་འདྲེ་བགེགས༴ བསྔོ་བ་སྨོན་ལམ་གདབ། ཚོགས་མཆོད་ལ་འབད་པ་གལ་ཆེ། འདི་རྣམས་གཅིག་བརྒྱུད་ཡིན་པས་ཀུན་ལ་གསང་། མ་ཅིག་གིས་སྲས་ལ་གདམས་པའོ། །གཅིག་བརྒྱུད་མིན་པ་ཀུན་ལ་མི་སྤེལ་བའི་བཀའ་རྒྱ་དམ་པ་ཡོད། བཀྲ་ཤིས་བདེ་ལེགས་བྱང་ཆུབ་དོན་དུ་བསྔོ། ཤིང་མི་བཞིའི་ཁོང་པར་ཤ་མགོ་ཅན་བཞི། ཞབས་སུ་གཅིག །གཉན་ས་སྤོ་དུས་ཁྱེར་རྒྱུ་གཅིག །ཉིན་ཛ་སྟག་ལིང་གང་བདེས་བྲིས་ལ་སྒྲོ་བར་བསོགས། ཁུག་རྟག་མ་བྱུང་བར་དུ་དགུག་གཞུག་ཅི་ཚར་བྱ། ཁུག་རྟགས་བྱུང་ནས་བསད་ལས་བྱ། གསོད་རྟགས་ཚར་ཚད་ལ་སོགས་མ་ཐོན་བར་དུ་ནན་ཏན་བྱས་ལ་གཏད། ཚར་ནས་སྦྱིན་བསྲེག་བླུག་ལ་སྤོ་བ་ཡིན། རང་གི་ཞབས་སུ་ལྕགས་ཀྱིས་ཁོང་སྒྲོམ་སྒོ་མེད་ཀྱི་ནང་དུ་ལས་ཀྱི་གཤིན་རྗེ་ཁ་གདངས་བའི་ནང་དུ་རང་ཉིད་ཁྲོས་མ་ནག་མོ་ཞབས་གཉིས་གནམ་ལྕགས་ཀྱི་ཕུར་པ་དམར་ཟང་ངེ་བས་འདོར་རེས་བྱས་པས། གཤིན་རྗེའི་ཁ་ནང་དུ་བཅུག་ལ་བསད་པ་ཡིན། གྲི་སྲིའི་རྣམ་ཤེས་མི་སྤང་། ཡང་དུར་གཅོད་བསྡུས་པ་བྱེད་ན། དུར་དེ་གཞལ་ཡས་ཁང་པ་གྲུ་བཞི་སྒོ་བཞི་པ་གཅིག་ཏུ་བསྒོམ། དེའི་ནང་དུ་པྃ་ལས་པདྨ་རཾ་ལས་ཉི་མའི་དཀྱིལ་འཁོར་གཅིག་ཏུ་བསྒོམ། དེའི་ཡིད་དུ་མ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྐུ་མདོག་དམར་མོ། ཁ་ནས་ཡེ་ཤེས་ཀྱི་མེ་འབར་བ་གཅིག་ཏུ་བསམ། གཞལ་ཡས་ཁང་པའི་སྟེང་དུ་བདག་ཉིད་ཡུམ་ཆེན་མོ་ཁྲོས་མ་ནག་མོ་གཟི་བརྗིད་དང་ལྡན་པ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། མཆེ་བ་བཞི་གཙིག་པ་གཡས་གྲི་གུག་གཡོན་ཐོད་ཁྲག་བསྣམ་པ་གཅིག་བསྒོམ། དེའི་ཐུགས་ཁ་ནས་མཁའ་འགྲོ་མ་ལག་ན་གྲི་གུག་ཅན། ལྕགས་ཀྱུ། ལྕགས་སྒྲོག །ཞགས་པ་ཐོགས་པ་གྲངས་མེད་པ་ཁྲི་ཕྲག་སྟོང་ཕྲག་སྤྲོས་པས། ཟ་འདྲེ་ཤིག་ཤེད་དྲི་ཟ་དང་བཅས་པ་ཕྱོགས་བཞི་མཚམས་བརྒྱད་དང་བཅས་སྟེང་འོག་ཐམས་ཅད་ནས་དགུག་གཞུག་བྱས་པས། ཡེ་ཤེས་ཀྱི་མཁའ་འགྲོ་མ་ཁ་ནས་མེ་འབར་བ། དེའི་མེ་ལྕེ་ཁ་ནས་སྦྲང་བུ་སོང་བ་བཞིན་བསྒོམ། ཡུམ་ཆེན་མོའི་ཕྱག་གཡས་ན་མི་ལྤགས་ཀྱི་གཡང་གཞི་དམར་ཐིང་ངེ་བ་གཅིག་བསྒོམ་ལ། དེ་གཡུག་པས་བདག་དང་ཡོན་བདག་གི་ཚེ་ལ་བརྐུ་བ་སྲོག་ལ་འཇབ་པ། གདོན་བགེགས་ཀྱི་རིགས་སུ་གྱུར་པ། ཟ་འདྲེ་ཤི་གཤེད་དང་བཅས་་བྱད་མ་ལྷ་སྲུང་དང་བཅས་པ་བཏུམ་ནས་ཡར་སུམ་ཅུ་རྩ་གསུམ་ལྷ་གནས་སུ་ཁྱེར་ནས། མར་དབང་ཆེན་གསེར་གྱི་ས་གཞི་ལ་གཅར་གྱིས་བརྟབ་ནས་སང་བས། ཐལ་བ་རྡུལ་ཕྲན་བཞིན་དུ་བརླག་པར་བསམ། གཡོན་ན་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་གཅིག་བསྣམ་ནས། གདོན་བགེགས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་མདུན་དུ་བཀུག་ལ། རྡོ་རྗེ་རྒྱབ་པས་ཐལ་བ་རྡུལ་ཕྲན་བཞིན་དུ་བརླག་ཅིང་སྒྲོ་མེ་ལ་བསྲེག་པ་བཞིན་བསམ་མོ། །སྟོང་པ་ཉིད་ཀྱི་ངང་ལ་བཞག །དམིགས་པ་དེ་གསུམ་ལ་ཡང་གྲངས་མེད་བྱེད། ནད་པ་རྒྱབ་འདྲེ་ཅན་དང་། སྨྱོན་པ་དང་། སྲི་བསད་པ་དང་། ཤི་ཁ་བཅད་པ་དང་། གྲི་འདུལ་བའི་གདམ་པ་ཡིན་ནོ། །དུར་གཅོད་རྒྱས་བསྡུས་སོང་། ༈ །ཆར་སློང་བཞུགས་སོ། །གང་ཞིག་འགྲོ་བའི་དོན་བྱེད་ཅིང་། །སེམས་ཅན་རྣམས་ལ་ཕན་བདག་ཕྱིར། །ཆར་དབབ་གདམས་པ་འདི་ལྟར་བྱ། །མཚོའམ་ཆུ་མིག་མཉན་ས་རུ། །གསང་ནས་རང་ཉིད་འགྲོ་བར་བྱ། །ཕྱོགས་ཀྱི་ཕྱེ་ཕུད་འོ་ཕུད་བསོག །གང་འཚོགས་ཆུ་གཏོར་རྒྱ་ཆེན་བྱ། །སེམས་བསྐྱེད་སྐྱབས་འགྲོ་འདི་བཞིན་བྱ། །སྤྱིར་ཡང་ཁམས་གསུམ་སེམས་ཅན་དང་། །སྒོས་ཡུལ་ཕྱོགས་འདི་ཡི་སེམས་ཅན་རྣམས། །མུ་གེས་གདུང་བས་སྙིང་རེ་རྗེ། །བདག་གི་ལུས་སྲོག་འདི་དག་ནི། །ལྷ་ཀླུ་རྣམས་ལ་སྦྱིན་པར་བཏང་། །དེའི་དངོས་གྲུབ་བདག་ལ་ནི། །ཡུལ་ཕྱོགས་འདི་རུ་ཆར་ཕབ་ནས། །བདུད་རྩི་ཆར་ཆེན་ཕབ་པར་བསམ། །ལུས་མཆོད་བརྒྱ་སྟོང་གྲངས་མེད་ཕུལ། །བར་བར་སྤྲོས་བྲལ་ངང་ལ་བཞག །ཆར་པ་འབེབས་གྱུར་ཐེ་ཚོམ་མེད། །གལ་ཏེ་ཞག་གསུམ་ལྔ་ལ་སོགས། །བསྡད་ཀྱང་ཆར་པ་མེད་གྱུར་ན། །གནད་ཀྱི་གདམས་པ་འདི་ལྟར་བྱ། །རང་ཉིད་གཅེར་བུ་ཕཊ་ཀྱི་གདབ། །རིག་པ་ངར་བསྐྱེད་བརྟུལ་བཤུག་བྱ། །གདེང་ཐོབ་རྣལ་འབྱོར་གང་ཞིག་གིས། །ཁྱུང་གི་ཏིང་འཛིན་བཟུང་བྱས་ལ། །ཀླུ་དང་ས་བདག་ཐམས་ཅད་ནི། །འདར་ཞིང་ཆར་པ་ཕབ་པར་བསམ། །རིག་པ་ངར་བསྐྱེད་ཕཊ་ཀྱི་གདབ། །ཡང་ན་རྫས་སྦྱོར་ཨར་ལ་གཏད། །ཆར་ཕོབ་རྗོད་ཅིང་མཆོང་ཁྲབ་བྱ། །དེས་ནི་མི་ཕེབ་མི་སྲིད་དོ། །ཕེབ་ནས་ཀླུ་གཉན་ཡུལ་བདག་ལ། །མཆོད་པ་བྱ་ཞིང་ལུས་མཆོད་དོ། །བྱམས་པའི་སེམས་ནི་བསྒོམ་པར་བྱ། །ཆར་འབེབ་ཞལ་གདམ་བདུད་རྩི་ཡིན། ༈ རང་ན་བའམ། ནད་པ་ཚབ་ཆེན་དང་གཉན་ཐོག་ཏུ་འགྲོ་མ་བདེ་བ་ཡིན་ན། རྒྱལ་པོ་གནད་གཅོད་ལྟར་བྱེད་པ་ནི། གྲོགས་མཆེད་གཅིག་རྗེ་བཙུན་མ་དམར་མོའི་ང་རྒྱལ་དང་ལྡན་ནས། གཉན་སའི་ས་རྡོ་བུམ་གཏེར་གྱི་ཚུལ་དུ་བཟུང་ལ། ས་ཕྱོགས་དེའི་ལྷ་འདྲེ་བསྟིམ་ནས། འདུག་སར་སླེབ་པ་དང་། དབང་སྡུད་ཟིལ་ནོན་ཚོགས་འགྱེད་རྗེས་ཆོག་ལ་སོགས་ཉམས་ལེན་གཞུང་ལྟར་བྱ། ཆོད་པ་དང་རྡོ་གཏེར་ཕལ་འཕངས། བསྔོ་བ་སྨོན་ལམ་བྱེད། དེ་ལྟར་བརྒྱ་རྩ་བརྒྱད་བཅད་པས་ཆོག ༈ །ཁྱིམ་གཅོད་ནི། ཟིལ་ནོན་ལ་སོགས་ལམ་གྱི་བྱེད་ལས་སྤྱི་དང་མཐུན་པ་རྫོགས་ནས། ཁྱད་པར་དུ་གནས་ཀྱི་བྱེད་ལས་ཀྱི་སྐབས་སུ། འབོད་པ་ཐམས་ཅད་བྱེད་ནས། ཞབས་སུ་ལྕགས་མཁར་བསྒོམ་པའི་སྐབས་སུ་ཕཊ་ཀྱིས་རང་ཉིད་ཁྲོས་མ་ནག་མོའི་ཐུགས་ཀ་ནས། གནམ་ལྕགས་ཀྱིས་ཐོ་ལུམ་ཆེན་པོ་གཅིག་གིས་ཁྱིམ་དེ་ན་གནས་པའི་ལྷ་འདྲེ་གནས་ཁང་ཐམས་ཅད་བཅོམ་བརྡུང་བྱས་ནས། ལྷ་འདྲེ་ཁོ་རང་གིས་གནས་ཁང་འདྲེ་དང་བཅས་པ་རང་གི་ཞབས་ཀྱི་ལྕགས་ཁང་གི་ནང་དུ་ཚུད་པར་བསྒོམ། དེ་ནས་གཏན་བཏིང་བ་ལ་སོགས་ཉམས་ལེན་བཅུན་ལུགས་སྤྱི་དང་མཐུན། མཐར་གཉན་ས་ཆོད་པ་དང་། རུ་བ་ཡིན་ན་སྐྱ་བ་དང་སྤྲད་ལ། རྗེས་ཆོག་བྱེད་ལུགས་སྤྱི་དང་མཐུན། ཁང་པ་ཡིན་ན་རྗེས་ཆོག་ཚར་ནས། ཕཊ་བརྗོད་ཅིང་ལྷ་འདྲེ་ཐམས་ཅད་སོ་སོར་གཤེགས་པར་བསྒོམ། ཁང་པ་གཞལ་ཡས་ཁང་བྱིན་གྱིས་བརླབ་ལ་རབ་གནས་བྱའོ། །དེས་ཁྱིམ་གཅོད་སོང་། ༈ །རོ་གཅོད་དམིགས་པ་དྲིལ་བ་ནི། རང་ཉིད་ཁྲོས་མས་རོ་ནི་རྡོ་རྗེ་ཡིས། །ཕར་འཕང་ཚུར་འཕང་ཕཊ་ཀྱི་གཟིར། །དེ་ནི་རོ་འདུལ་དམིགས་པའོ། །དེ་ནས་རུམ་ལ་ཉམས་ལེན་སྐྱོངས། །མོ་རི་རང་རོ་གཅིག་ཏུ་བསྲེ། །ཕཊ་ཀྱི་རིག་པ་གཏེར་དུ་སྦ། །ལྷ་འདྲེ་ཡོང་ལ་ཚིམས་པར་སྦྱིན། །འཇིགས་ན་རང་གི་རོ་ཡང་འཇིགས། །འཇིགས་ཡུལ་འཇིགས་མཁན་རྩ་གདར་བཅད། །འཁྲུལ་པ་བདེན་འཛིན་སྒྱུ་མར་བསྒོམ། །སྟོང་ཉིད་རིག་པའི་རྩལ་སྦྱངས་བྱ། ༈ །བེམ་རོ་མ་བཞུགས་སོ། །བེམ་རོ་མའི་ཉམས་ལེན་ནི། སྤྱི་བོར་མ་ཅིག་ལབ་སྒྲོན་བསྒོམ་ལ། རང་གི་རྣམ་པར་ཤེས་པ་དེ་ཐིག་ལེ་དཀར་ལ་དམར་བ་བྱ་མ་གསར་གྱི་སྒོ་ང་ཙམ་གཅིག་བསམ་པ་དེ། ཕཊ་བྱས་པ་དང་སྙིང་ཁ་ནས་སྤྱི་བོར་བུད་སྡེ། མ་ཅིག་གི་ཐུགས་ཀར་ཐིམ་ནས་མ་ཅིག་དང་བཅས་པ་ནམ་མཁར་འཇའ་འོད་དུ་ཡལ་བར་བསམ། ལུས་པོ་འགྱེལ་བ་ལས་རང་གདོན་དང་གཉན་སའི་གདོན་གྱི་གཙོ་བྱས་སྣང་སྲིད་ཀྱི་ལྷ་འདྲེ་རྣམས་ཀྱིས་གཏོར་མ་བྱ་ཁྱིས་བཏོག་པ་ལྟར་ཁྱེར་བར་བསམ་ཞིང་། ངག་ཏུ་གཞན་འཕྲུལ་དབང་བྱེད་མན་ཆད་ས་འོག་ས་སྟེང་ཡན་ཆད་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་མ་ལུས་པ་རྣམས་ཀྱིས། བདག་གིས་ལུས་ཕྱི་ཤ་གཟུགས་དྲུག །ནང་ཆ་བུ་དགུ། སོ་སེན་མོ། སྐྲ་བ་སྤུ། ཤ་དང་ལྤགས་པ། རྐང་དང་ཚིལ་བུ། ཁྲག་དང་རྒྱུ་མ། དབང་པོ་རྣམ་པ་ལྔ་དང་དོན་སྙིང་། བཀྲ་གཟི་མདངས། སོ་སོར་གང་འདོད་ཁྱེར་གཅིག །ཁྱེད་རྣམས་ལ་བདག་གི་ལན་ཆགས་འཁོར། བུ་ལོན་སོད། ཤ་འཁོན་བྱང་། ཁྱེད་རྣམས་སྡུག་བསྔལ་བྲལ། བདེ་བ་དང་ལྡན་པའི་རྒྱུར་གྱུར་ཅིག །ཅེས་བརྗོད། དེ་ལྟར་བརྒྱ་འམ་སྟོང་ལ་སོགས་གྲངས་ཅི་མང་དུ་བྱའོ། ༈ །ཐུགས་རྗེ་ཆེན་པོའི་ཞི་གཅོད་ཉམས་སུ་ལེན་པར་འདོད་པས། སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སོང་ནས། སྐད་ཅིག་གིས་གདན་དྲང་ཐ་དད་མེད་པར། པཾ་ལས་པདྨ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱིས་སྟེང་དུ། རང་གིས་སེམས་གྱི་ངོ་བོ་ཡི་གེ་ཧྲཱིཿདཀར་པོ་ཚེག་དྲག་དང་བཅས་པ། དེ་ལས་འོད་འཕྲོས་སེམས་ཅན་གྱི་དོན་བྱས་ནས། འོད་ཟེར་ཚུར་འདུས་ཧྲཱིཿལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། རང་ཉིད་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་པས་བདག་ལ་གནོད་པར་བྱེད་པའི་བགེགས་དང་། གཉན་ས་ལ་གནས་པའི་གཞི་བདག་གིས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་མཆོད་སྦྱིན་འདེག་པའི་ཕྱག་རྒྱ་མཛད་པ། གཡོན་པས་ཕྲེང་བ་དམར་པོ་བསྣམ་པ། རལ་པའི་ཐོར་ཚུག་གྱེན་དུ་བཅིང་པ་ལ། དར་དང་རིན་ཆེན་སྣ་ཚོགས་ཀྱིས་བརྒྱན་པ། ཞབས་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧྲཱིཿདཀར་པོ་དེའི་མཐར་ཡི་གེ་དྲུག་པས་གཡས་བསྐོར་དུ་འཁོར་བར་བསམ། དེ་ལས་འོད་ཟེར་འཕྲོས་པས། བདག་ལ་གནོད་པར་བྱེད་པའི་གདོན་བགེགས་འབྱུང་པོ་དང་། གཉན་ས་ལ་གནས་པའི་གཞི་བདག་གིས་གཙོ་བྱས་པའི་སྣང་སྲིད་ལྷ་འདྲེ་རིགས་དྲུག་གི་སེམས་ཅན་ཐམས་ཅད་འོད་ཟེར་གྱིས་བསྡུས་ནས། རང་གིས་ཕྱོགས་བཞི་དང་ཉེ་འཁོར་དུ་ཡོད་པར་བསམ། དེ་ནས་ཡི་གེ་དྲུག་པ་བསྒྲང་པ་ཙམ་གྱིས་ཐུགས་ཀའི་ཧྲཱིཿདང་སྔགས་ཕྲེང་ལས། ཡེ་ཤེས་ཀྱི་བདུད་རྩི་ཁ་དོག་དཀར་པོ་བྱུང་ནས། ཕྱག་གཡས་པའི་འཛུབ་མོ་ལྔའི་ཁ་ནས་དཀར་ཀྱི་ལི་ལི་བབས་ནས། བདག་ལ་གནོད་བྱེད་འབྱུང་པོ་གདོན་བགེགས་དང་། གཉན་ས་ལ་གནས་པའི་གཞི་བདག་དང་། སེམས་ཅན་ཐམས་ཅད་ཀྱིས་མཐོང་བས། སྡང་སེམས་དང་སྡུག་སེམས་ཞི་ནས། ཐུགས་རྗེ་ཆེན་པོའི་སྐུར་གྱུར་པར་བསམ། མ་ཐོབ་པ་ཐམས་ཅད་ཀྱི་བདུད་རྩི་ལྷག་མ་ལ་ལོངས་སྤྱོད་ནས། ཐམས་ཅད་ཡི་གེ་དྲུག་པ་མགྲིན་གཅིག་ཏུ་འདོན་པར་བསམ། དེ་ནས་རང་ཉིད་ལ་སྐུ་དྲིན་ཆེ་ཟེར་བསྟོད་ནས། སྡང་སེམས་ཞི་ནས་ཕྱག་འཚལ། ལ་ལས་བསྐོར་བ་བྱེད་པར་བསྒོམ། ཐུན་འཇོག་པའི་དུས་སུ་འདས་མ་འོངས་ད་ལྟར་ནས་བ་ཡིད་ལ་མི་བྱར། གནས་ལུགས་ཕྱག་རྒྱ་ཆེན་པོའི་ངང་ལ་འཇོག་གོ། །དེའི་རྗེས་སུ་བདག་གི་ལུས་སྦྱིན་དུ་བཏང་བའི་དགེ་བའི་རྩ་བ་འདིས། འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྤྱན་རས་གཟིགས་དབང་ཕྱུག་དང་སྐུ་མཉམ་པར་གྱུར་ཅིག །གསུངས་མཉམ་པར་གྱུར་ཅིག །ཐུགས་མཉམ་པར་གྱུར་ཅིག །ཡོན་ཏན་ཕྲིན་ལས་དང་མཉམ་པར་གྱུར་ཅིག །མཛད་པ་མཉམ་པར་གྱུར་ཅིག །ཨཐྎ། དམ་ཆོས་བདུད་ཀྱི་གཅོད་ཡུལ་འདི། མ་ཅིག་ལབ་ཀྱི་སྒྲོན་མས་ཟངས་རི་མཁར་དམར་དུ་ཐོད་སྨྱོན་བསམ་འགྲུབ་ལ་རྒྱུད་དོ། །དེ་ནས་རིམ་པར་བརྒྱུད་ནས་བདག་ལའོ། ༈ །གཉན་སར་ཇག་རྐུན་དོག་ན། ཇག་གཅོད་མགོ་འཕྱང་མ་བྱེད་པ་ནི། གོང་གིས་གནས་ཀྱི་བྱེ་བྲག་ལྕགས་ཁང་བསྒོམ་པའི་དུས་སུ། ཕཊ་བརྗོད་པ་ཙམ་གྱིས་ལྕགས་ཁང་གིས་ཁ་ན་ལྕགས་སྲེག་གི་དྲ་བ་ས་བཀབ་པའི་དྲྭ་མིག་ཏུ་ཪྣྲི་མགོ་ཐུར་དུ་བསྟན་པ་གྲངས་མེད་བསམ། ཪྣྲི་ཡོངས་གྱུར་པ་ལས་ཇག་རྐུན་གང་ཡིན་པ་མགོ་ཐུར་དུ་བསྟན་ནས་དྲྭ་མིག་ཏུ་རྐང་བོལ་འཐོག་ནས་ལུས་གདོན་དང་གནས་གདོན་གཉིས་ཀྱི་རྩ་ན་མགོ་འཕྱང་བ། དེ་ལ་ཇག་རྐུན་བསྟིམ་ཞིང་སྐབས་སྐབས་སུ་འགུགས་འདྲེན་ཅི་ནུས་བྱའོ། །དེ་ཡན་ཆད་ཀྱི་གཟེར་བུའི་གདམས་པ་སོང་། ༈ སྤྱི་དོན་གསུམ་པ་སྤྱི་ཆིང་གལ་མདོའི་རིམས་པ་ལ་བཅོ་ལྔ་སྟེ། སྤྲ་བཏགས་ལེགས་ཉེས་ཀྱི་ཆིང་། སྤྱོད་ལམ་རྣམ་བཞིའི་ཆིང་། སློང་ཚད་ཚར་ཚད་ཀྱི་ཆིང་། འདྲ་མིན་ཤན་འབྱེད་ཀྱི་ཆིང་། ལོག་རྒྱུག་འཇམ་གསུམ་གྱི་ཆིང་། བུག་རལ་འཁྱམ་གསུམ་གྱི་ཆིང་། བདུད་བཞི་གེགས་སེལ་གྱི་ཆིང་། གོལ་ཤོར་ཤན་འབྱེད་ཀྱི་ཆིང་། མཁའ་འགྲོ་སྡེ་ལྔའི་མངོན་རྟོགས་ཀྱི་ཆིང་། ལས་བཞིའི་སྦྱིན་སྲེག་གིས་ཆིང་། དབང་བསྐུར་ཆོས་སྒོོ་འབྱེད་པའི་ཆིང་། ངོ་སྤྲོད་ནམ་མཁའ་སྒོ་འབྱེད་ཀྱི་ཆིང་། ལྷན་ཐབས་གནད་ཀྱི་ཕྲེང་པའི་ཆིང་། དམ་པའི་འཕྲུལ་གཅོད་ཀྱི་ཆིང་། གཅོད་ཁྲིད་གསལ་སྒྲོན་གྱི་ཆིང་ངོ་། །དང་པོ་སྤྲ་རྟགས་ལེགས་ཉེས་ཀྱི་ཆིང་ནི། མའི་སྦ་ཡིག་ལས། སྟོབས་དང་ལྡན་པའི་སྐྱེས་བུ་ཡིས། །གཞན་ཕན་དམིགས་པ་སྐྱོང་བ་ནི། །ཕན་དང་མི་ཕན་བརྟག་པ་དང་། །ནད་གཞི་ཆེ་ཆུང་ལེགས་ཉེས་དང་། །གདོན་རིགས་གང་ཡིན་དབྱེ་བ་ནི། །སྤྲ་ལྟས་བརྟག་ཅིང་སྤང་ལེན་བྱེད། །འདི་ལ་མན་ངག་གསུམ་ཡིན་ཏེ། །མཁའ་འགྲོ་གསང་བའི་ཏིང་འཛིན་གྱིས། །ལས་དང་ལེགས་ཉེས་རྟགས་ཐབས་དང་། །སྤང་ལེན་ཐབས་དང་བཤན་འབྱེད་ཐབས། །ནད་པ་དག་གིས་དྲོད་ཚད་རྟགས། །སྐྱབས་འགྲོ་གསོལ་བ་རིམ་བཞིན་བཏབ། །རང་རིག་ཧྲཱིཿལས་རྡོ་རྗེ་རྣལ་འབྱོར་མ། །དམར་མོ་གྲི་གུག་ཐོད་ཁྲག་འཛིན། །གང་ཡིན་ནད་པ་ཚོགས་སུ་བསྒྲལ། །རིག་པ་རང་གི་ཐུགས་ཀར་བསྟིམ། །ཤ་ཁྲག་ལོངས་སྤྱོད་བསམ་མི་ཁྱབ། །མགྲོན་ལ་ཡང་ཡང་བཀྱེ་བ་ཡིས། །འཁོར་འདས་དགོངས་པ་རྫོགས་པར་བསམ། །དམ་ལ་བཏག་ཅིང་གཉིས་མེད་སྒོམ། །དེ་ནས་རང་རིགས་མཁའ་འགྲོ་མས། །གཡས་པས་ལྕགས་ཀྱུ་ཁ་བརྒྱད་ཀྱིས། །གནོད་བྱེད་གང་ཡིན་སྙིང་ནས་བཟུང་། །རང་དབང་མེད་པར་སྲོག་ནས་དྲངས། །སྐད་ངན་ཙེ་རེ་འདོན་ནས་ནི། །སྐྲགས་སྔངས་འདར་ཞིང་སྲོག་སྙིང་ཕུལ། །དེ་ནས་ཐུན་དུ་བཅད་ཅིང་མདུན་དུ་སྒོམ། །དེ་ནས་སེང་གེའི་ཉལ་སྟབས་ཀྱིས། །ཏིང་འཛིན་འདི་དང་ལྡན་པར་བྱ། །བདག་གིས་རིག་པ་ཡི་གེ་ཨཱཿ ནད་པའི་ནང་དུ་ཡོད་པར་བསམ། །དེ་ལ་རིག་ཤེས་གཏད་ལ་ཉལ། །གཉིས་པ་རྨི་ལམ་ཡུལ་ཡིན་པས། །གདོན་རྣམས་ཕན་དང་མི་ཕན་གཉིས། །དང་པོ་གདོན་ངོས་བཟུང་བ་ནི། །ཞང་བློན་མི་དཔོན་བནྡེ་དང་། །སྤྲེལ་དང་ཆུ་ཆེན་མེ་འབར་དང་། །རྟ་ཁྱི་ལྷ་ཁང་བུ་ཆུང་རྣམས། །གནོད་སྐྱེལ་འཛིང་དང་རྒོལ་ལ་སོགས། །ཕོ་གདོན་རྒྱལ་འགོང་འབྱུང་པོ་ཡིན། །གྲོང་རལ་ར་ཁྱི་ཕག་བུད་མེད། །བྱ་ནག་རླུང་ནག་ཁྱི་མོ་ནག །མཛོ་མོ་རྟོལ་མོ་གང་རལ་དང་། །སྦྲ་གུར་ནིལ་སེང་མོ་གདོན་སྨན། །སྦལ་སྦྲུལ་ཉ་ལྕོང་བསྐྱེད་ཤིང་ཆུ། །གཞོན་ནུ་བླུ་བྲིད་བ་གླང་ལུག །མཛེ་སྤྲང་རིགས་ནི་ཀླུ་ཡིན་ནོ། །གཡག་དང་མི་ནག་ཁྱི་ནག་དང་། །རྟ་དང་མུན་ནག་ས་སུབ་འཐིབ། །དེ་རྣམས་བདུད་དུ་ཤེས་པར་བྱ། །ཐོག་སེར་རླུང་སུབ་སྔགས་པ་དང་། །མགར་དང་ཚྭ་ཚྭ་གཟའ་གདོན་ཡིན། །ཕུག་རོན་མི་ནག་ལྐུག་པ་དང་། །མུན་རུབ་ལུག་ཁྱུ་བཙུད་རྨིས་ན། །དམུའི་རིགས་སུ་ཤེས་པ་བྱ། །རྟ་པ་རླུང་འཚུབ་མི་དམར་དང་། །སྤྱང་ཁུ་ཁྱི་དམར་རྨིས་ན་བཙན། །བན་བོན་ཞུབ་ཅན་ཆས་བརྒྱན་ཅན། །གཞི་མ་གཉན་གྱི་ཆོ་འཕྲུལ་ཡིན། །མི་རྒན་ར་ཐོད་བྱ་ཕོ་དང་། །བུ་ཙ་ར་རླག་ཐེའུ་རང་ཡིན། ༈ །གསུམ་པ་ཕན་དང་མི་ཕན་ནི། །གོང་དུ་རྨིས་པ་དེ་རྣམས་ཀྱིས། །གུས་པ་ཕུལ་དང་དགའ་ཚིག་བཟློ། །དབང་དུ་འདུས་པས་སོས་པར་ངེས། །ཁ་ཟས་སྟེར་དང་ལས་གྲོགས་བྱེད། །དམ་ལ་ཐོག་པས་སོས་པར་ངེས། །ལྷུང་དང་བྲོས་དང་བརྡུང་བཏག་དང་། །བསད་བཅད་བརྡུལ་དུ་བརླག་པ་དང་། །བསྐྱེད་ཤིང་བཅད་དང་ཆུ་སྐམ་དང་། །ལྷ་ཁང་འདེར་སོ་ཞིག་དང་བསྒྱེལ། །ཁྱི་ནག་བསྐོར་དང་བུད་མེད་དུ། །མི་དམ་ཤི་དང་ནོར་རྫས་བོར། །གདོན་རྣམས་ཐུབ་པར་ཐེ་ཚོམ་མེད། །གྱེན་ལ་འཛེགས་དང་མེ་ཏོག་འཐུ། །གྱོད་དང་ཁ་མཆུ་ཤག་ལས་རྒྱལ། །མཁར་ལེན་སོ་མ་སྐས་ལ་འཛེག །གོས་གྱོན་ཁ་ཟས་ཡིད་འོངས་སྟེར། །བོར་རྙེད་ཡི་གེ་བྲི་ཀློག་བྱེད། །དར་ཕྱར་དུང་འབུད་ལྷ་ཆ་བསྐྲོལ། །དེ་རྨིས་བཟང་རྟགས་ནད་པ་སོས། །སེམས་བསྐྱེད་དག་པས་ཕན་བདག་བྱ། །ཅེས་གསུངས་སོ། ༈ །གཉིས་པ་དེ་ལས་བཟློག་པ་ནི། །ཟིལ་གྱི་ནོན་དང་འཇིགས་གཟུགས་སྟོན། །ཡིག་ཆ་ལྷ་སྐོར་སྟོར་དང་རུལ། །རྩ་བའི་སློབ་དཔོན་ཁྲོས་ནས་བཀྱོན། །མ་སྲིང་འདུན་བྱས་ཆས་ངན་སྟོན། །བྷ་ག་སྟོན་དང་ཁྲོས་འཐབ་བྱེད། །རང་ཉིད་བཅིང་རྟགས་རྨིས་པ་དང་། །གོས་ངན་གོ་དང་ཐུར་དུ་སོང་། །ཚ་རྒོད་བྱིན་དང་བུ་རམ་དང་། །དེ་རྣམས་ཤིན་ཏུ་སྤང་བར་རིགས། །གཅན་སྤྱང་རྒོལ་དང་འཐབ་པ་དང་། །ཆོ་འཕྲུལ་འགའ་རེ་བསྟན་ཡང་བཟོད། །འདམ་དང་མི་གཙང་གོས་ངན་རྣམས། །ནད་གཞི་ཆེ་སྟེ་ཐུབ་པར་འོངས། །གཞན་ཡང་རྨི་ལམ་བཟང་བ་འདྲ། །ལྷ་ཆ་བོར་དང་ཡིག་ཆ་སྟོར། །ཤིན་ཏུ་ངན་པས་སྤངས་བར་བྱ། །རང་ཉིད་བཅིང་རྟགས་རྨིས་པ་ནི། །ངན་པ་ཡང་དག་ཡིན་པ་དེས། །ནད་པ་མི་སོས་རང་ཡང་བརླག །གཞན་ཡང་རྨི་ལམ་ཅི་ངན་ཡང་། །ལྷ་ཆ་དཀྲོལ་དང་སྟོར་རྙེད་དང་། །ཡིད་དགའ་མ་སྲིང་ཆས་བཟང་ན། །དངོས་གྲུབ་ཡིན་ཏེ་བཟང་པོར་འོང་། །རྨི་ལམ་བཟང་ངན་བསྲེ་བ་ནི། །ཉམས་ཚད་ཡིན་པས་དམིགས་པས་གཟིར། །དེ་ལྟར་ལེགས་རྟགས་སྤང་བླང་བྱ། །ཅེས་གསུངས་སོ། །དེས་ཕྲ་བརྟགས་སོང་། ༈ གཉིས་པ་སྤྱོད་ལམ་རྣམ་བཞི་ལ་གཉིས་ཀྱི་དང་པོ། ཉལ་བའི་རྣལ་འབྱོར་ནི། ཉལ་བ་དང་སྤྲད་ནས། ཕཊ་གཉིས་བྱས་པ་ཙམ་གྱིས། གཅིག་གིས་མ་ཅིག་ལབ་སྒྲོན་གྱིས་སྐྱིལ་ཀྲུང་ཐོག་ཏུ་རང་གིས་མགོ་སྔས་པར་བསམ། གཅིག་གིས་རང་གིས་རྣམ་པར་ཤེས་པ་མ་ལབ་སྒྲོན་གྱི་ཐུགས་ཀར་ཐིམ་པར་བསྒོམ། དེ་ནི་འཕོ་བའི་ཆིང་ངོ་། །ཡང་ཕཊ་གསུམ་བྱས་པ་ཙམ་གྱིས་གཅིག་གིས་མ་ཅིག་གིས་སྟེང་ན། གསེར་གྱི་ཁྲི་ཐོག་ན་ཤཱཀྱ་ཐུབ་པ་ལ་བསྐལ་བཟང་གིས་སངས་རྒྱས་སྟོང་རྩ་གཉིས་ཀྱིས་བསྐོར་ནས་བཞུགས་པ་དེས། གནས་གདོན་ལུས་གདོན་ལ་སོགས་བཀའི་ལྷ་མ་སྲིན་སྡེ་བརྒྱད་ལ་ཆོས་བཤད་པར་སྒོམས། དེ་ནི་སྟེང་ལྷ་ཚོགས་ཀྱི་ཆིང་། ཡང་ཕཊ་གཅིག་གིས་རང་གིས་བེམ་པོ་དེ། བློས་ཁྱབ་ཚད་གཅིག་ཏུ་གྱུར་པར་བསྒོམ། དེ་ནས་བར་ལུས་ཀྱི་ཆིང་། གཅིག་གིས་ཞབས་ལྕགས་མཁར་ནང་གིས་གནས་གདོན་ལུས་གདོན་གཉིས་དང་། ས་ཕྱོགས་དེར་གནས་པའི་ལྷ་འདྲེ་ཐམས་ཅད་ཁེབ་ནས་གར་ཡང་འགྲོ་དབང་མེད་པར་བསམ། དེས་ནི་མགོ་བསྐོར་མི་འོངས་བའི་གནད་དོ། །ཉིལ་ཆུང་འཕར་ནོན་གྱི་དམིགས་པ་ཞེས་ཀྱང་བྱའོ། །དེ་ནི་འོག་གདོན་ཚོགས་ཀྱིས་ཆིངས། དེས་ཉལ་བའི་རྣལ་འབྱོར་གྱི་ཆིང་བཞི་སོང་ནས། ༈ གཉིས་པ་འགྲོ་འདུག་གི་རྣལ་འབྱོར་ལ། བེམས་རོ་མ་བྱེད་པ་ཡིན་ཏེ། ཕཊ་གཉིས་བྱས་པ་ཙམ་གྱིས། གཅིག་གིས་རྣམ་ཤེས་སྤྱི་གཙུག་ཏུ་ལབ་སྒྲོན་གྱི་ཐུགས་ཀར་ཐིམ་པར་བསྒོམ། གཅིག་གིས་རང་གི་བེམ་པོ་འགྱེལ་བ་དེ། ལྷ་འདྲེ་རྣམས་ཀྱིས་ཧབ་ཐོབ་བྱེད་པར་བསྒོམ། སྤྱོད་ལམ་རྣམ་བཞི་གང་བྱེད་ཀྱང་དེ་ལྟར་བསྒོམས། སྤྱི་གཙུག་ཏུ་མ་གཅིག་དང་འདུ་འབྲལ་མེད་པར་པར་བསྒོམ་མཛོད་དང་། གཅོད་པ་ཅི་ལྟར་ངན་ཡང་འཕོ་བ་མི་དགོས་གསུངས། ཡང་ལངས་ནས་འགྲོ་དུས་གོམ་པ་སྤོ་བ་དང་སྤྲད་ལ། ཕཊ་གཅིག་བྱས་པ་ཙམ་གྱིས། མལ་དུ་ཤཱཀྱ་ཐུབ་པ་གོང་བཞིན་བཞུགས་ནས་ཆོས་གསུངས་བར་བསྒོམ། ཚུར་ཕེབ་ཙ་ཛཿཧཱུྃ་བཾ་ཧོཿབྱས་པ་ཙམ་གྱིས། ཤཱཀྱ་ཐུབ་པ་གཙོ་འཁོར་རང་གི་ཐུགས་ཀར་ཐིམ་པར་བསྒོམས། དེ་ནི་རྣལ་འབྱོར་པ་རང་གི་གནས་སྲུང་གིས་དམིགས་པ་ཡིན། ནད་པའི་གནས་སྲུང་གིས་དམིགས་པ་ནི། ནད་པ་རང་ལངས་ནས་འགྲོ་བའི་མལ་དུ་རོ་ཆེ་ལ་བཾ་པ་རུལ་བ་གཅིག་གིས་གཉན་ས་དེ་ནོན་པར་བསམ་མོ། །དེ་ནི་ནད་པ་རང་གིས་བྱེད་ལས་སོ། །དེས་གཉིས་པ་སྤྱོད་ལམ་རྣམ་བཞི་སོང་། ༈ གསུམ་པ་སློང་ཚད་ཚར་ཚད་ཀྱི་ཆིང་ལ་ལྔ་སྟེ། མའི་སྦ་ཡིག་ལས། སློང་ཚད་ཆོ་འཕྲུལ་འོངས་དང་གཅིག །ཆོད་ཚད་ནད་གདོན་སེལ་ཐབས་གཉིས། །ཚར་ཚད་དངོས་གྲུབ་འབྱུང་དང་གསུམ། །ནད་ཅན་དང་ནི་ནད་མེད་ལ། །སོ་སོར་འོང་བ་སྟན་དང་བཞི། །འདྲ་མིན་མགོ་བསྐོར་འོངས་དོག་པས། །སོ་སོར་ཤན་འབྱེད་ཤེས་དང་ལྔ། །དང་པོ་སློང་ཚད་ཆོ་འཕྲུལ་ལ། །ཕྱི་ནི་ལྷ་འདྲེའི་སློང་ཚད་དང་། །ནང་དུ་ན་ཚའི་སློང་ཚད་དང་། །གསང་བ་ཉོན་མོངས་སློང་ཚད་དང་། །ནད་པ་བྱིན་ཆེན་སློང་ཚད་དང་། །ནད་མེད་རྣལ་འབྱོར་སློང་ཚད་དང་། །དང་པོ་ལྷ་འདྲེའི་སློང་ཚད་ལ། །མངོན་སུམ་གཟི་བྱིན་རྨི་ལམ་སུམ། །དང་པོ་མངོན་སུམ་སློང་ཚད་ནི། །གཉན་ས་དེ་རུ་ཕྱིན་པའི་ཚེ། །མ་ཉེས་ཁ་ཡོག་ཕོག་པ་དང་། །འབར་ཞིང་བསྐུར་པ་འདེབས་པ་དང་། །ཕ་རོལ་གཞན་གྱི་རང་ཉིད་ལ། །བརྡུང་དང་བཀྱིག་དང་ཤ་བྲེག་དང་། །མི་བསྙེན་སྒྲོག་ཅིང་གསོད་གྲབ་བྱེད། །དུག་བྱིན་པ་དང་འཕྲོག་འཐེན་དང་། །སྔར་མཐུན་པའི་སློབ་དཔོན་དང་། །མཆེད་གྲོགས་ཡོན་མཆོད་གཉེན་འབྲེལ་རྣམས། །བྱེ་དང་བྲལ་དང་འགྲས་པ་དང་། །གློག་འབྲུག་ཐོག་སེར་རླུང་འཚུབ་དང་། །ས་གཡོས་ཆོམ་ཆག་འུར་སྒྲ་དང་། །མིང་ནས་བཟུང་ཞིང་འབོད་པ་དང་། །མི་སྡུག་གཟུགས་སྟོན་རྣ་ལྕགས་འདེབས། །གཞན་ཡང་རྫ་འཁྲོག་རྦབ་འདྲིལ་དང་། །རི་འཕེན་ཉི་ཟླ་བརྡེག་པ་དང་། །ཉ་སྦལ་འཁྲུག་དང་འབུ་སྤྲང་འཐིབ། །ཉིན་པར་མུན་རུག་ཟླ་བ་ཤར། །མགོ་བཅད་སྙིང་ཕྱུང་ཁྱེར་ལ་སོགས། །མདོར་ན་སྐྲག་ཅིང་འཇིགས་པ་འབྱུང་། །གཉིས་པ་གཟི་བྱིན་སློང་ཚད་ནི། །གཉན་སར་ཕྱིན་ནས་བ་སྤུ་གཡོ། །ལུས་འདར་རྡུལ་དང་འཕུར་ལ་ཁད། །སྔང་བ་ལ་སོགས་ཅིར་ཡང་འབྱུང་། །གསུམ་པ་རྨི་ལམ་སློང་ཚད་ནི། །མེས་ཚིག་ཆུས་ཁྱེར་རྦབ་འདྲིལ་དང་། །རི་དྭགས་གཙོ་བོ་ཞང་བློན་དང་། །སྐྱ་འཁལ་སྐྱ་མི་ངོ་མི་ཤེས། །ཁྲབ་ཅན་ར་ལུག་བ་གླང་དང་། །བྱ་དང་གཅན་གཟན་ལ་སོགས་དང་། །གོང་དུ་བཤད་པའི་ཆོ་འཕྲུལ་རྣམས། །རྨི་ལམ་དག་ཏུ་འབྱུང་བར་འགྱུར། །དེ་གསུམ་ཕྱི་ཡི་སློང་ཚད་ཡིན། །གཉིས་པ་ནང་གི་སློང་ཚད་ནི། །སྤྱི་བོའི་གཙུག་ནས་རྐང་མཐིལ་བར། །སྐྲང་འབུར་ཤུ་བ་ཐར་ཐོར་དང་། །གཉན་སློག་གག་པ་འབྲས་རིམ་དང་། །གླང་ཤུ་བལ་ལྡག་འབྲུམ་བུ་དང་། །འཁྲུ་དང་སྐྱུག་པ་ལ་སོགས་དང་། །གཞན་ཡང་ན་ཚ་ཟུག་གཟེར་ཆེ། །རྐྱེན་བག་ཙམ་ལ་སྐྲག་སྔང་འབྱུང་། །དེ་རྣམས་ནང་གི་སློང་ཚད་དོ། །གསུམ་པ་གསང་བའི་སློང་ཚད་ནི། །ཡིད་ནི་འཕྱོ་གསང་འཁྱེར་བ་དང་། །མི་དགའ་ཀུན་ལ་ཚིག་པ་ཟ། །བསྒོམ་མི་འདོད་དང་བློ་ནོར་དང་། །དོན་མེད་ཁྲོ་ཚིག་ཟ་བ་དང་། །ང་ནི་ཆོས་ལོག་འདི་དང་འཕྲད། །བསྐྱུར་ནས་གཞན་དུ་འགྲོ་སྙིང་འདོད། །ལྕིབ་སྙིང་འདོད་དང་ས་ཕྱོགས་དང་། །མཆེད་གྲོགས་ཡིད་དུ་མི་འོང་འབྱུང་། །རྒོད་འཕྲོ་བྱིང་དང་རྨུག་པ་དང་། །བཀྲེས་སྐོམས་འཇིགས་སྐྲག་འདར་སྔང་དང་། །བཟའ་བཏུང་ཡིད་མི་འོང་པ་དང་། །ཐེ་ཚོམ་ཟ་དང་གཅོད་ལ་འགྱོད། །ཉིན་མཚན་ཕུལ་དུས་མེད་པ་དང་། །གྲིབ་སོ་འགུགས་ནས་འཇིག་སྐྲག་ཆེ། །སྐད་འདོན་མི་ནུས་མལ་མི་བདེ། །མདོར་ན་ཡིད་ཀྱི་ཁོང་འཁྲིག་མང་། །རྣམ་རྟོག་སློང་བའི་ཚད་ཡིན་ནོ། །བཞི་པ་ནད་པའི་སློང་ཚད་ནི། །གོང་གི་ཆོ་འཕྲུལ་དེ་རྣམས་དང་། །ཁྱད་པར་ནད་པའི་རྨི་ལམ་སྔར་བས་འཁྲུག །གཅོད་པས་ཁྱིམ་དང་རིམ་གྲོ་སྨན་དཔྱད་དགའ། །བསམ་པའི་འདུན་པ་སྐྱོ་བ་དང་། །གཉན་ས་དེ་རུ་ཕྱིན་པ་དང་། །ན་ཚ་ཆེ་ཞིང་ཕྱིར་ཐུ་བསམ། །གཞན་ཡང་རྨི་ལམ་ཉམས་སྣང་དུ། །ཡིད་དུ་མི་འོང་སྣ་ཚོགས་འབྱུང་། །སློང་ཆེན་ཡིན་པས་ངོ་མཚར་ཆེ། །གདེངས་དང་ལྡན་པས་ཉམས་སུ་བླངས། །བླ་མའི་གདམ་ངག་གཅུན་པ་གཅེས། ༈ །ལྔ་པ་རྣལ་འབྱོར་སློང་ཚད་ནི། །གང་གི་དེ་རྣམས་འོང་སྟེང་དུ། །ཁྱད་པར་བུད་མེད་ཁྱེའུ་ཆུང་གིས། །བསླུ་ཞིང་དངོས་སུ་བརྡེག་པ་དང་། །ཡུལ་དུ་མ་འདུག་ཟེར་བ་དང་། །འདྲེ་དངོས་ཆོ་འཕྲུལ་མང་སྟོན་འོང་། །དེ་ནི་སློང་བའི་ཚད་ཡིན་ཏེ། །དགའ་དང་མི་དགའ་ཞེ་འདོད་བྲལ། །ཉམས་ལེན་ལ་ནི་འབད་པར་བྱ། །གཉིས་པ་ཆོད་ཚད་ལ་ཡང་གསུམ། །ནད་ཅན་དང་ནི་ནད་མེད་གཉིས། །དེ་ལ་ཕྱི་ནང་གསང་བ་གསུམ། །དང་པོ་ནད་ཅན་དེ་ལ་ནི། །རུ་བ་སྐྱས་པ་བཅག་པ་དང་། །དམག་གཟིང་འོང་དང་བྲོས་ཞོག་དང་། །སྐེད་ཤིང་ཆགས་དང་ཆུ་མིག་སྐམས། །བཅིང་ཐག་བཅད་དང་དངོས་སུ་ཐར། །བུད་མེད་ངུ་དང་ཤི་དང་བསྲེག །སེམས་ཅན་བཏག་ཟིན་གྲོལ་བ་དང་། །ཟས་ནོར་མི་ལ་ཤོར་བ་དང་། །གོས་ཕུད་གཅེར་བུ་ཁྲུས་བྱེད་རྣམས། །ནད་པ་དག་གིས་ཆོད་ཚུལ་ཡིན། །གཉིས་པ་ནད་མེད་ཆོད་ཚུལ་ནི། །འཐབ་པ་རྡུམ་བྱས་ཕོ་བྲང་བརྟན་པ་དང་། །བསྙེན་བཀུར་ཞབས་རྟོགས་བྱེད་པ་དང་། །རྟ་ནོར་བ་གླང་འབུལ་བ་དང་། །ཤིང་ཐོག་ཇ་ཆང་ལོ་ཡག་རྣམས། །རྣལ་འབྱོར་པ་ཡིས་ཆོད་ཚད་ཡིན། །དང་པོ་ཕྱི་ཡི་ཆོད་ཚད་ནི། །ཆོ་འཕྲུལ་སླར་ལ་འཇམ་པ་དང་། །འཐབ་པ་རྡུམ་པ་བྱེད་པ་དང་། །གློ་སྙིང་འཕྲོག་ཐལ་གཏད་པ་དང་། །ཤ་སྒོ་རི་ལ་གྲམ་པ་དང་། །ངོ་མི་ཤེས་པའི་བུད་མེད་དང་། །ཞང་བློན་སྟག་ཤར་གང་འཚོགས་ཀྱིས། །ཕྱག་དང་ཞབས་གཏོག་བྱེད་པ་དང་། །དངོས་གྲུབ་ཡིན། མཆན། དར་ཟབ་གསེར་དངུལ་རྟ་ལུག་འབྲུ། །དངོས་གྲུབ་ཡིན། སྲོག་སྙིང་ཕུལ་དང་ཆོས་ཞུས་དང་། །བྱིན་རླབས་སྐྱབས་འགྲོ་སེམས་བསྐྱེད་ཞུ། །དེ་རྣམས་གཉན་སའི་ཆོད་ཚད་ཡིན། །གཉིས་པ་ནང་གི་ཆོས་ཚད་ནི། །ནང་ན་ན་ནད་པ་སོས་པའི་ཆོད་ཚད་ཚ་སྔར་བས་ཆུང་བ་དང་། །ལུས་པོ་ཡང་དང་ཟ་མ་འདོད། །རྣག་ཁྲག་ཆུ་སེར་འཛག་པ་དང་། །སྐྱུག་སྦྱོང་ལ་སོགས་བྱེད་པ་དང་། །ཁང་གསར་བརྡུང་དང་བང་གསར་བརྩིགས། །ནག་པོའི་ཁུང་དུ་འཛུལ་ནས་ཐར། །ཤོ་གྲུ་རྩོད་པ་རྒྱལ་བ་དང་། །ཁྲལ་དང་བུ་ལོན་མཇལ་བ་དང་། །ལུས་ཀྱི་སྲོ་ཤིག་འཕྱག་པ་དང་། །གོས་ཧྲུལ་ཕུད་དང་སྙི་ཕུད་ཕྱག །མདའ་མདུང་རྣོ་མཚོན་བཟུང་བ་དང་། །གདོན་ཕུད་རྟགས། དམག་མི་ཚོང་པ་བན་བོན་སོང་བ་དང་། །ལྷ་ཁང་འགྱེལ་དང་སྡེར་སོ་ཞིག །དྲི་ཆེན་དྲི་ཆུ་འདོར་བ་རྨིས། །ཡིད་ནི་སྟོང་ཞིང་དགའ་ལ་བདེ། །ལུས་ལས་སྦལ་སྦྲུལ་ལྕོང་མོ་དང་། །སྡོམ་སྡིག་གྲོག་སྦུར་འབུ་སྲིན་དང་། །བུ་ཆུང་སྤྲེའུ་ལི་ལི་བུད་པ་རྨིས། །ངོ་ཤེས་སེམས་ཅན་ཤི་སྲེག་དང་། །ཤ་ཉེ་ཤི་དང་ནོར་ཤོར་དང་། །ཆུ་སྐམ་ཤིང་སྐམ་རིར་མེ་ཤོར། །ཉི་ཟླ་ཤར་དང་སྐས་ལ་འཛེགས། །གངས་དཀར་རྩེར་ཕྱིན་ནམ་མཁའ་གཡའ་དག་དང་། །ཤེལ་དང་ནོར་བུ་བུམ་གཏེར་རྙེད། །གོས་གསར་གོན་དང་མཁར་ལན་ཚར། །ནམ་ལངས་ཁྲུས་བྱས་གྱེན་ལ་འགྲོ། །མཆོད་རྟེན་བསྐོར་བྱེད་མཁའ་ལ་འཕུར། །ངོ་ཚ་མེད་པར་གཅེར་བུར་རྒྱུག །མེ་ཏོག་དཀར་སེར་ཐུ་བ་དང་། །དར་ཕྱར་ལྷ་ཆ་དཀྲོལ་བརྡུང་རྨིས། །ནད་གདོན་དག་གིས་ཆོད་ཚད་ཡིན། །གསུམ་པ་གསང་བའི་ཆོད་ཚད་ནི། །ཡིད་དགའ་བདེ་ཞིང་སྤྲོ་བ་དང་། །དད་པ་སྐྱེ་ཞིང་ཏིང་འཛིན་གསལ། །ན་ཚ་ཆུང་ཞིང་ངེས་ཤེས་སྐྱེ། །དེ་ནི་གསང་བའི་ཆོད་ཚད་དོ། ༈ །སྤྱི་དོན་གསུམ་པ་ཚར་ཚད་བསྟན་པ་ལ་གསུམ་སྟེ། ཕྱི་དང་ནང་དང་གསང་བ་སྟེ། །དང་པོ་ཕྱི་ཡི་ཚར་ཚད་བསྟན་པ་ནི། །རྨི་ལམ་ཟང་ཟིང་འཇམ་པ་དང་། །དབང་ཞུ་ཕྱག་དང་བསྐོར་བྱེད་དང་། །ཆོས་ཞུ་སྡོམ་ལེན་ཞབས་ཏོག་རྣམས། །ཕྱི་ཡི་ལྷ་འདྲེའི་ཚར་ཚད་ཡིན། །ནད་ཞི་ལུས་བདེ་སེམས་གསལ་ལ། །ཤ་ཉེ་ཤི་སྲེག་ཐལ་བ་རླུང་ཁྱེར་དང་། །སྦལ་སྦྲུལ་འབུ་སྲིན་ཚིག་སྐམ་དང་། །གྲོང་ཞིག་གཟའ་བསྲེག་ནོར་ཤོར་དང་། །རུ་སྐྱས་ཟག་འདོར་ཁྲུས་བྱས་ཁོང་ཁྲག་བཤད། །ནད་གདོན་ནང་གི་ཚར་ཚད་དོ། །གསང་བ་དག་གི་ཚར་ཚད་ནི། །སྲོག་སྙིང་ཕུལ་ལ་དམ་བཅའ་དང་། །དགོངས་པ་གདེངས་ལྡན་ཉམས་ང་མེད། །ལྷ་འདྲེ་ཉེ་རིང་མི་རྩི་བར། །མཉམ་པའི་ངང་དུ་གནས་པ་དང་། །རྣམ་པར་རྟོག་པ་མི་སྐྱེ་ཞིང་། །སྟོང་གསལ་དགོངས་པ་རྩིས་ཟིན་དང་། །འདྲེ་ཡང་རང་གི་སེམས་སུ་ཤེས། །ན་ཚ་ཆོས་ཉིད་ངང་དུ་དག །རྣམས་རྟོགས་ཁྲུལ་འགྲིབ་མི་འབྱུང་བར། །རིགས་པར་ངར་ལྡན་གསལ་ལེ་བ། །བདེ་གསལ་ངང་དུ་ཧྲིག་གེ་བ། །མཉམ་བཞག་ངང་དུ་སྐད་དེ་བ། །མཚན་བཅས་ཀྱི་དམིགས་པ་མི་འཛིན་པ། །མཚན་མེད་ངང་དུ་མཉམ་གནས་ན། །གསང་བ་དག་གིས་ཚར་ཚད་དོ། །སྤྱིར་ཕྱི་ཡི་ཚར་ཚད་སྙད་ཅན་ནི། །རྫས་དང་བཟའ་བཏུང་ཐམས་ཅད་ལ། །སྙད་ཅན་བྱུང་ན་མ་ཆོད་དོ། །སྙད་མེད་བྱུང་ན་ཆོད་པའོ། །ནང་གི་ཚར་ཚད་སྙད་ཅན་ནི། །ཚར་ཚད་བྱུང་ཡང་ཡིད་མ་བདེ་ན་མ་ཆོད། །ཚར་ཚད་བརྡའ་ཙམ་བྱུང་ནས་ཡིད་བདེ་ན་ཆོད། །མཆོག་དང་ཐུན་མོང་གི་དངོས་གྲུབ་དེ་རུ་རྫོགས། །གདེངས་ལྡན་གྱི་རྣལ་འབྱོར་ཡིན་པར་གསུངས། །དེ་ལྟར་དྲོད་ཚད་དང་ལྡན་པར་བྱེད་ལ། །དང་པོ་ཕྱི་ནང་གསང་གསུམ་དང་མ་ལྡན་ན། །གཉན་སར་བསྡད་པའི་དོན་མི་འབྱུང་། །དེ་ཕྱིར་དང་པོ་སློང་བའི་ཚད་གསུམ་དང་ལྡན་པའི་དུས། །གདེངས་ལྡན་མཐར་སྐྱོལ་ཉམས་སུ་བླང་། །གཉིས་པ་ཆོད་པའི་ཚད་དང་མ་ལྡན་ན། །དགྲ་ཟིན་འདྲེས་པའི་འཐབ་མོ་འདྲ། །ཆོད་ཚད་གསུམ་དང་ལྡན་པས་ཉམས་སུ་བླངས། །དེ་ནི་ཚར་ཚད་གསུམ་དང་མ་ལྡན་ན། །མེ་ཐོག་སྐྱེ་འཕྲོ་ལུས་པ་དང་། །སྐུ་མཁར་བརྩིག་འཕྲོ་ལུས་དང་འདྲ། །མཆོག་ཐུན་དངོས་གྲུབ་མི་འབྱུང་བས། །ཚད་དང་ལྡན་པས་ཉམས་སུ་ལང་། །ཡང་གཉན་སའི་འདྲེ་ཆེ་ཆུང་གི་ཆ་ཤས། ཏིང་ངེ་འཛིན་ཁུལ་མ་ཁུལ་དང་། དགོངས་པ་ཟིལ་གྱི་གནོན་མ་ནོན་དང་། སྔར་གྱིས་འཁྲེབ་མ་འཁྲེབ་ཀྱིས་ཁྱད་པར་དང་། རང་གི་ནད་གདོན་གྱི་སྒྲིབ་པ་ཆེ་ཆུང་གི་ཆ་ཤས་དང་། དྲོད་ཚད་ཀྱང་སྔ་ཕྱི་དང་དངོས་གྲུབ་ཆེ་ཆུང་དང་། ནད་གདོན་ཆེ་ཆུང་གི་ཁྱད་པར་འབྱུང་སྟེ། ལ་ལས་ནུབ་གཅིག་ལ་སློང་ཚད། ཆོད་ཚད། ཚར་ཚད་ཀུན་རྫོགས་པ་ཡོང་ཡོད། ནུབ་མོ་གསུམ་ལ་རྫོགས་པ་ཡང་ཡོད། ཉི་ཤུ་ཚུན་ཆད་ནས་རྫོགས་པ་ཡང་ཡོད། དེ་ལྟར་འདྲ་མིན་དུ་འབྱུང་བས། ཆོ་འཕྲུལ་དང་ཚར་ཚད་གང་བྱུང་ཡང་། ནང་ནུབ་ཀྱི་ཡིད་ལ་བཟུང་བ་གལ་ཆེ། དེ་ལྟར་ལག་ལེན་དང་། དམར་ཁྲིད་དང་། བླ་མའི་ཞལ་གྱི་གདམས་པ་རྣམས། ཉམས་སུ་ཚུད་པ་གནད་དུ་ཆེའོ། །མཆོད་པར་འོང་ན་རྗེས་སྙོག་ཡང་ཡོད། ཆོད་ནས་སྡོད་ན་ནད་བསྣོན་པ་ཡང་ཡོད། དེ་ཕྱིར་དྲོད་ཚད་གལ་ཆེ། སློང་ཚད་གསུམ་དང་མ་ལྡན་ན། ནད་པ་ལ་ནད་གདོན་བག་ལ་ཉལ། རྣལ་འབྱོར་པ་ལ་ཉོན་མོངས་བག་ལ་ཉལ། དེ་ཕྱིར་སློང་ཚད་གལ་ཆེ། ཆོད་པའི་ཚད་དང་མ་ལྡན་ན། ནད་པའི་ནད་མི་ཆོད་ཅིང་། རྣལ་འབྱོར་པའི་ཉོན་མོངས་རྣམ་རྟོག་མི་ཆོད། ཚར་བའི་ཚད་དང་མ་ལྡན་ན། ནད་པའི་ནད་མི་ཕན་རྐྱེན་དངོས་གྲུབ་ཏུ་མི་འཆར། རྣལ་འབྱོར་ཉམས་རྟོགས་ཡེ་ཤེས་སུ་མི་སློང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མི་འབྱུང་། ཅེས་གསུངས་སོ། །ཆོད་ཚད་དང་ཚར་ཚད་ལ་ཡང་ཆོ་འཕྲུལ་འདྲ་བའི་ཚར་ཚད་དང་། ཚར་ཚད་འདྲ་བའི་ཆོ་འཕྲུལ་གཉིས་འདྲ་མིན་འབྱུང་བས་ངོས་བཟུང་བ་གལ་ཆེ། བླ་མའི་གདམ་ངག་ལ་བསླབ་པར་བྱ། གཉན་ས་གཅིག་ཏུ་རྫོགས་པ་དང་། གཉན་སའི་ནུས་པ་ལ་རག་ལས་པས་བཏང་བཞག་ལ་མཁས་པ་གལ་ཆེ་སྟེ། གདམ་ངག་བསླབ་ཅིང་ནན་ཏན་བྱའོ། །དང་པོ་སློང་ཚད་རྨི་ལམ་ངན་པ་ལ་སོགས་ཡིད་ལ་མི་འོང་བ་སྣ་ཚོགས་འབྱུང་། བར་དུ་ནོན་ཚད་ཅི་ཡང་མི་འབྱུང་། ཐ་མ་ཆོད་ཚད་བཟང་པོ་འབྱུང་། དེ་ནི་ཚད་གསུམ་གྱི་ཞབས་བསྡུའོ། །དེ་ལྟར་ཚར་ཚད་ཅི་བྱུང་ཡང་ཆགས་ཞེན་དང་དགའ་བྲོད་རློམ་སེམས་གང་ཡང་མི་བྱེད་ཅིང་རྨི་ལམ་བཞིན་དུ་ཤེས་པར་བྱ། ༈ བཞི་པ་འདྲ་མིན་ཤན་འབྱེད་ཀྱིས་ཆིང་ལ་དྲུག་སྟེ། དང་པོ་གནས་གདོན་ལུས་གདོན་གཉིས་ཀྱིས་ཤན་འབྱེད་ཅིང་ངོ་ཤེས་པ་ནི་ལུས་གདོན། ངོ་མ་ཤེས་ན་ནི་གནས་གདོན་ཡིན། དང་པོ་ངོ་ཤེས་དེ་ནས་ངོ་མ་ཤེས་པར་གྱུར་ན། གནས་གདོན་ལུས་གདོན་དུ་བརྫུས་པ་ཡིན། དང་པོ་ངོ་མ་ཤེས། དེ་ནས་ཤེས་ན་ལུས་གདོན་གནས་གདོན་དུ་བརྫུས་པ་ཡིན། ངོ་སྦས་འགྱུར་ལྡོག་བྱས་ན་གནས་གདོན་ཡིན། སྔར་རྨི་ལམ་དུ་ཁྱི་རྟ་འདེར་སོ་ལ་སོགས་རྨིས་ནས་གནོད་པ་རྣམས་ད་བྱུང་ན་ལུས་གདོན་ཡིན། དང་པོ་ལུས་གདོན་གྱི་ཆོ་འཕྲུལ་བྱུང་ནས། རྗེས་སུ་གནས་གདོན་གྱི་ཆོ་འཕྲུལ་བྱུང་ན་གནས་གདོན་ཞན་པ་ཡིན། སྔོན་དུ་གཉན་སའི་ཆོ་འཕྲུལ་བྱུང་ན། རྗེས་སུ་ལུས་གདོན་གྱི་ཆོ་འཕྲུལ་བྱུང་ན་འབྲིང་བ་ཡིན། གཉན་སའི་ཆོ་འཕྲུལ་རྟག་པར་བྱུང་ནས། ལུས་གདོན་གྱི་ཆོ་འཕྲུལ་འོང་མ་ནུས་ན་གཉན་ས་དྲག་པ་ཡིན། ཚར་ཚད་ཆོ་འཕྲུལ་དུས་གཅིག་འོང་བའི་རིགས་ཀྱང་ཡོད། དེས་གནས་གདོན་ལུས་གདོན་གཉིས་ཀྱི་ཤན་འབྱེད་ཀྱང་སོང་། ༈ གཉིས་པ་ཆོ་འཕྲུལ་དང་ཚར་ཚད་གཉིས་ཀྱི་ཤན་འབྱེད་ལ། ཆོ་འཕྲུལ་འདྲ་བའི་ཚར་ཚད་ནི། མདའ་མདུང་ལ་སོགས་མཚོན་རྒྱབ་པའམ། མཛོ་གཡག་ལ་སོགས་རྭ་ཅན་གྱིས་བརྡུང་ནས་ལུས་ལ་རྣག་ཁྲག་བཤད་པ། ཁྱི་སྤྱང་གིས་རྨུག་པ། མི་ནག་གི་བཤས་པ། རང་དང་ཉེ་དུ་གང་དམར་ཤི་བ། རང་གི་ཁང་པ་འགྱེལ་བ་དང་། མེ་ལ་ཤོར་བ་དང་། ཟོག་གང་དམར་སྟོར་བ། དགྲ་ལ་ཤོར་བ་རྨིས་པ། དུག་ལ་རྗེན་ཟས་བྱས་པ་དང་། སྟོང་གསུམ་མེས་ཚིག་རླུང་གིས་གཏོར་བ། རང་གི་རང་ཟོས་པ་དང་། ལུས་ཁྱུང་སྦྲུལ་ཉ་ཆེན་པོས་མིད་ལ་ལུས་རྡུལ་ཕྲན་བཞིན་དུ་གཏོར། རང་གི་རང་གིས་ཟོས་པ་དང་། གཞན་ལ་བྱིན་པ་གཞན་གྱིས་གློ་སྙིང་རང་ལ་བྱིན་ནས་ཟོས་པ་རྨིས་ན། ཆོ་འཕྲུལ་འདྲ་བའི་ཚར་ཚད་དོ། །ཚར་ཚད་འདྲ་བའི་ཆོ་འཕྲུལ་ནི། གོས་ནག །བལ་ནག །གོས་སྔོན་ཁྲབ། སྔོ་ཚོད་འཐུང་དང་སྒོག་སྔོན་ཟ། སྦང་མ་ཚ་གཡེར་སྒོག་གསུམ་དང་། ཐུར་དུ་སོང་དང་ལུད་གསེབ་ཕྱིན། ཁུང་དུ་འཛུལ་དང་མུན་པས་གཏིབ། ཤ་བཙོས་རླངས་ཅན་ཤ་ཁྲག་རློན་པ་དང་། གྲོ་མོན་རམ་པ་མར་ནག་ལྕགས་སྤྱད། བུ་རམ་ནག་འདུར་སྟེར་བ་དང་། གཤིན་པོ་ཚོ་འདུས་ནས་བསྐྱེལ་བསུ་བཀུར་སྟི་བྱེད་པ། མེ་ཏོག་དམར་པོའི་གླིང་དུ་ཕྱིན་པ། ལུས་ལ་གོས་དམར་སར་པ་གོན་པ། མགོ་ལ་ཞྭ་ནག་ཞྭ་སྔོན་གོན་པ། གདན་སྔོ་ནག །བུད་མེད་རིགས་མི་འདྲ་བ་མང་པོས་བཀུར་བསྟི་བྱེད་པ་རྣམས་ནི། མགོ་བསྐོར་བའི་ཚར་ཡིན་པས། ད་རུང་མལ་དུ་བསྡད་པར་བྱའོ། །དེས་ཆོ་འཕྲུལ་ཚར་ཚད་གཉིས་ཀྱིས་ཤན་འབྱེད་སོང་། སྤྱིར་ཆོད་དཀའ་སླ་གཉིས་ལ། རོ་དང་དུར་ཁྲོད། ལྷ་ཁང་གོག་པོ། མི་མང་པོ་ཤི་བའི་ཕུང་ཤུལ་རྣམས་འཕྲལ་འཇིག་ཏེ་འདྲིས་སླ་གཏིང་ཐུང་བ་ཡིན། གད་ཕུག་དང་། བྲག་ཕུག་དང་གྲོག་ཕུག་རྣམས་འཕྲལ་ཕུག་གཉིས་ཀར་འཇིགས་པ་ཡིན། ཤིང་གཅིག་ཆུ་མིག་རྒྱ་མཚོ་ཕ་འོང་རྣམས། སླར་མི་འཇིགས་ཀྱང་གཏིང་ཆེ་བྱིང་ཆེ། འདྲིས་དཀའ་བ་ཡིན། པེ་ཀར་རྒྱལ་པོ་དཀོར་བདག་རྣམས་ནི་ཤེས་པ་རྩུབ་རིགས་པ་མཐོ་དམན་ཆེ། འཕྲལ་ཆོ་འཕྲུལ་འང་གདུག་རྩུབ་ཆེ་ཡང་སློང་བ་སླ། བྱིང་ཆུང་ནོན་པ་བསླའོ། །དམ་སྲི་དང་སྲིན་མོ་མ་མོ་རྣམས་ནི། སེམས་ལ་ཆགས་པ་ཆེ། ཐིག་ལེ་འཕྲོག །རིག་པ་འཕྲོག །རིག་པ་འགྲོ་སྙིང་འདོད། སེམས་མི་བདེ་སློང་བ་སླ། ནོན་པ་སླ་ཕྱི་འབྲང་བྱེད་དུ་འོང་བ་ཡིན། ཀླུ་བདུད་ཀླུ་གཉན་ས་བདག་ས་སྲིན་རྣམས་གཉིད་ཆེ་ཤེས་པ་འཐིབ། རིག་པ་མི་གསལ། བྱིང་རྨུག་བྱེད་པ་ཡིན། འཕྲལ་མི་འཇིགས་སློང་བ་དཀའ། བྱིང་ཆེ་ནོན་དཀའ། འཕྲལ་ཆོ་འཕྲུལ་ཆུང་། གདུབ་རྩུབ་མི་བསྟན། གཏིང་ཆེ་ཞེ་གནག་པ་ཡིན། བཙན་དང་ཐེལ་རང་ཡུལ་ལྷ་མ་སངས་རྣམས་ཟང་ཟིང་མང་། རྨི་ལམ་གཏད་མེད་མང་པོ་སྟོན། མིང་ནས་འབོད། བཤུས་པས་འདེབས། འོ་དོད་འབོད། རྒྱུད་འགྲོལ་མང་། གནོད་པ་ཆུང་། བྱིང་ཆུང་། ཚན་ཆུང་། སློང་བ་སླ། ནོན་པ་སླ་བ་ཡིན། མ་སློང་བ་དང་མ་ནོན་པ་ཐམས་ཅད་ལ། རྒྱུན་སྲིང་བ་གལ་ཆེ་བ་ཡིན། རོ་དང་འདྲེ་ལ་གཅོད་པ་སླ། ན་ཚ་དང་སྡུག་བསྔལ་ལ་གཅོད་པ་དཀའ། དེ་བས་ཆགས་སྡང་ཆོས་བརྒྱད་ལ་གཅོད་པ་དཀའ། ཕྱི་གཅོད་པ་བས་ནང་གཅོད་པ་དཀའ་བགོ་ཆེ། དངོས་གྲུབ་མྱུར་བ་ཡིན་ནོ། །ཕན་དགའ་ཕན་འདོད་ཞན་པ་སྤོང་། ན་ཚ་ཆོ་འཕྲུལ་ཅི་བྱུང་ཡང་། ཐེ་ཚོམ་ཡིད་གཉིས་སྤང་བར་བྱ། གསུམ་པ་མོ་རྩིས་སྨན་གསུམ་གྱི་ཤན་འབྱེད་ནི། དང་པོ་མོ་དང་རྩིས་ལ་བརྟེན་ནས་གཅོད་པ་སློང་བའི་ཚེ། ཁྱིམ་ན་ཁྲིད་དེ་ལྟོ་དགེ་བཤེས་པ་རིམ་གྲོ་བྱས་ན། བཤའ་ལུག་ཐག་བཤལ་དང་འདྲ་བས་མྱུར་ཏུ་ཤི་བ་ཡིན་ཏེ། གསུང་སྒྲོལ་ལས། གཅོད་པ་ནད་སློང་བའི་ཚེ། མོ་རྩིས་གཉིས་ལ་རྟེན་ནས་སུ། ཁྱིམ་དུ་ཁྲིད་དེ་ལྟོ་དགེ་དང་། །ཤེས་པ་རིམ་གྲོ་བྱས་པ་བཞིན། །ནད་པ་མྱུར་དུ་འགྲོ་བ་ཡིན། །ཅེས་སོ། །དེས་མོ་རྩིས་ཀྱི་ཤན་འབྱེད་སོང་། གཉིས་པ་སྨན་པས་རྩ་ཆུ་ལ་བརྟག་སྟེ། ཚ་གྲངས་ལ་སོགས་ནད་རྣམས་ངོ་ཤེས་པར་བྱས་ནས། ནད་གང་ཡིན་སོ་སོར་དམིགས་པས་གཅུན་ཏེ། དེས་ཀྱང་མ་ཐུབ་ན་མཐའ་གཏད་བྱེད་ཅིང་རྒྱབ་འདྲེ་སྣང་སྲིད་ཡོངས་ལ་གཏད་ཅིང་། ནད་བཅུད་སོ་སོའི་རྩི་དགུ་སྨན་བཅུ་བྱེད་པ་ཡིན་ཏེ། གསུང་སྒྲོས་ལས། སྨན་པས་རྩ་ཆུ་གཉིས་ལ་བརྟག །ཚ་གྲངས་ལ་སོགས་ཤན་འབྱེད་ནས། །སོ་སོར་བཅུན་ཏེ་རྒྱབ་འདྲེ་རྣམས། །སྣང་སྲིད་ཀུན་ལ་གཏད་ནས་སུ། །ནང་བཅུད་རྩི་སྨན་གང་འགྲོ་བྱེད། །ཅེས་སོ། །དེས་མོ་རྩིས་སྨན་གསུམ་གྱི་ཤན་འབྱེད་སོང་། བཞི་བ་ཆོ་འཕྲུལ་དང་། སེམས་ཅན་རང་རྒྱུད་པ་གཉིས་ཤན་འབྱེད་ནི། དང་པོ་ཆོ་འཕྲུལ་ནི། རང་གི་ཉལ་མལ་ན། སྦལ་ལྕོང་སྦྲུལ་གསུམ་ལ་སོགས་པའི་སེམས་ཅན་སྣང་ན། ཕཊ་ཅིག་བྱས་པ་ཙམ་གྱིས་རང་ཉིད་མ་ཅིག་ལབ་སྒྲོན་སྐུ་མདོག་མཐིང་ནག་ཏུ་གྱུར་པར་སྒོམས། ཡང་ཕཊ་ཉི་ཤུ་རྩ་གཅིག་བྱས་པ་ཙམ་གྱིས་རང་གི་ཐུགས་ཁ་ནས་མདའ་རྒོད་སྒྲོ་མ་ཉི་ཤུ་རྩ་གཅིག །གནམ་ལྕགས་གྱིས་མདེའུ་ཚྭ་ཚྭ་སི་ལི་ལི་འཕྲོ་བ་ཉི་ཤུ་རྩ་གཅིག་འཕྲོས་བས། སེམས་ཅན་གང་ཡིན་པའི་སྙིང་དཀར་ནག་མཚམས་སུ་རྒྱབ་པས་ཐལ་བ་བུན་གྱིས་སོང་བར་བསྒོམས། དེས་སེམས་ཅན་གང་ཡིན་པ་དེ་རང་གི་ཐོག་ཚུར་འཆོང་བའམ། ཡང་ན་སྐྱེས་པའམ། ཕིར་ཕྱུང་བས་ཐལ་ན། ཆོ་འཕྲུལ་ཡིན་པས། ཕཊ་དྲག་ཏུ་བརྗོད་ཅིང་། སེམས་ཅན་གང་ཡིན་པ་དེ། འཇིགས་སུ་རུང་བ་གཅིག་རེད་པར་བསམ་ཞིང་། ཁོའི་ཁ་དེར་རང་རང་ཕེབ་པར་བསམ་ཞིང་། ཁོས་ཟོས་པར་བསྒོམ་ལ། སྨད་ཀྱིས་བརྫིས་ནས་ཁོ་ཡི་ཐོག་ཏུ་འདུག་པ་ཡིན། དེ་ནི་ཆོ་འཕྲུལ་གྱི་ཤན་འབྱེད་དོ། ༈ །ད་ནི་སེམས་ཅན་རང་རྒྱུད་པའི་ཤན་འབྱེད་ནི། སེམས་ཅན་དེ་བྲོས་པས་ཐར་ན་གར་འགྲོར་ཐོང་ལ། དེའི་རྗེས་སུ་ཐེ་ཚོམ་མི་བྱེད་པ་གལ་ཆེའོ། །དེ་མན་རང་བཞིན་ཐོག་ཏུ་སྡད་ན། སེམས་ཅན་གང་ཡིན་པ་དེ་བསད་དོགས་པ་དང་། ཐེ་ཚོམ་བྱས་ན་རང་ཉིད་ན.བའམ། ཤི་དོག་པའི་ཕྱིར་ཤན་འབྱེད་པ་ཡིན། དེ་ཆོ་འཕྲུལ་དང་སེམས་ཅན་རང་རྒྱུད་གཉིས་ཀྱི་ཤན་འབྱེད་པ་སོང་། ༈ ལྔ་པ་མི་དང་མི་མ་ཡིན་པའི་ཤན་འབྱེད་པ་ནི། ནུབ་མོའམ་རང་ཁེར་གཅོད་བྱེད་པའི་ཚེ། མངོན་སུམ་དུ་སྣང་སྲིད་པ་མཐོང་ན། ཕཊ་ཅིག་བྱས་པ་ཙམ་གྱིས་རང་ཉིད་ཁོ་ཡི་ཁར་ཕབ་སྟེ། ཁོས་ཟོས་པར་བསྒོམ་ལ། ཕཊ་མང་དུ་བརྗོད། དེས་རང་ཞིར་འགྲོ་བ་ཡིན་སྟེ། དེའི་རྗེས་སུ་རང་ཉིད་ཀྱང་། སྐྱེ་མེད་ངང་དུ་འདུག་པ་ཡིན་ནོ། །མིའི་ནང་ནས་དགྲ་བྱུང་བས་ཁྲ་ཐེར་ལ་སོགས་ཅ་ཅོ་ཤོར་ན། བྱམས་སྙིང་རྗེ་བསྔོ་བ་སྨོན་ལམ་གྱིས་གདབ་བོ། །དེས་མ་ནུས་ན་ཁོའི་རྗེས་ལ་བཟུང་ལ། གཉན་ཁྲོད་འདི་ཉིད་ཡིན་ནམ་ལོག་གི་གཉན་ཆེན་ལ་གཏད་ནས། ཚར་ཚད་མ་བྱུང་གིས་བར་དུ་མཐའ་གཏད་བྱེད་པ་ཡིན། ཚར་ཚད་བྱུང་ནས་མཐུ་དང་མནན་པ་ལ་སོགས་བླ་མའི་ཞལ་ལས་ཤེས། དེས་མི་དང་མི་མ་ཡིན་པའི་ཤན་འབྱེད་པ་སོང་། དྲུག་པ་སྐྱོན་དང་ཡོན་ཏན་གཉིས་ཤན་འབྱེད་པ་ལ། དང་པོ་སྐྱོན་ནི། གཅོད་དབང་མ་ཐོབ་པར་སློབ་དཔོན་གྱི་ཕྱིར་འཆད་ཅིང་རང་གིས་ཉམས་སུ་ལེན་པ་དང་། སློབ་མས་ཀྱང་དབང་མ་ཐོབ་པར་ཉམས་སུ་ལེན་ཅིང་། མན་ངག་བཅུན་པས་ནད་པ་ལ་སོགས་དངོས་གྲུབ་སྐབས་རེ་བྱུང་ཡང་། དཔོན་སློབ་གཉིས་ཀ་ཚེའི་དུས་བསྟུང་ནས། ན་ཚ་དྲག་པོས་ཤི་བར་བྱེད་ཅིང་དམྱལ་བ་འགྲོ་བ་ཡིན་ཏེ། དཔལ་དུས་ཀྱི་འཁོར་ལོ་ལས། དབང་མེད་པ་ལ་དངོས་གྲུབ་མེད། །བྱེ་མ་བཙིར་བའི་མར་དང་འདྲ། །དེ་བས་དབང་བསྐུར་དམ་པ་ནི། །རབ་ཏུ་འབད་དེ་བླང་བྱར་བྱ། །ཅེས་པ་དང་། སྤྱི་རྒྱུད་ལས་ཀྱང་། གང་གིས་རྒྱུད་ལུང་ང་རྒྱལ་གྱིས། །དབང་བསྐུར་མེད་པར་འཆད་ཅིང་ཉན། །ཉམས་སུ་ལེན་ཅིང་མན་ངག་གིས། །དངོས་གྲུབ་སྐབས་རེ་ཐོབ་ན་ཡང་། །སློབ་དཔོན་སློབ་མ་གཉིས་ཀ་ནི། །ཚེ་ལ་བསྟུང་ནས་ཤི་མ་ཐག །དངོས་གྲུབ་མི་ཐོབ་དམྱལ་བར་འགྲོ། །ཅེས་སོ། །དེས་སྐྱོན་སོང་ནས། ཡོན་ཏན་ནི། དབང་ཐོབ་ཅིང་སློབ་དཔོན་གྱི་ཕྱིར་འཆད་ནས་དཔོན་སློབ་གཉིས་ཀས་ཉམས་སུ་ལེན་ཅིང་མན་ངག་གིས་གཅུན་ན། ནད་ཕན་པ་ལ་སོགས་དངོས་གྲུབ་གང་ཡང་ཐོབ་ཅིང་། ཕྱི་མར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་གང་ཡང་ཐོབ་པ་ཡིན་ཏེ། དཔལ་དུས་ཀྱི་འཁོར་ལས། ཡོངས་སུ་རྫོགས་པའི་དབང་ཐོབ་ནས། །སངས་རྒྱས་གོ་འཕང་རྒྱང་མི་རིང་། །ལག་ན་རིན་ཆེན་ཐོག་པའི་མིས། །ལོངས་སྤྱོད་རྒྱང་མི་རིང་བ་བཞིན། །དངོས་གྲུབ་མྱུར་ཏེ་ཐེ་ཚོམ་མེད། །དེས་སྐྱོན་དང་ཡོན་ཏན་གཉིས་ཀྱི་ཆིངས་སོ། ༈ །ལྔ་པ་ལོག་རྒྱུག་འབྱམ་གསུམ་གྱི་ཆིང་ལ་གསུམ་སྟེ། གཅོད་ལོག་པ་དང་། རྒྱུག་པ་དང་། འབྱམས་པའོ། །དང་པོ་ལོག་པ་ལ་གཉིས་སྟེ། ལོག་པའི་རྒྱུ་དང་། ལོག་ནོན་རང་གི་ངོ་བོ་གཉིས་སོ། །དང་པོ་ལ་བཞི་སྟེ། གཞུང་ཆུང་ལས་གཞི་རང་གི་འདྲེས་བསྒྱུར་ནས་ལོག་པ་དང་། གཉན་སའི་ལྷ་འདྲེས་བསྒྱུར་ནས་ལོག་པ་དང་། སྤྱོད་པ་མ་ལེགས་པ་དང་། གཏན་ལོག་ཆེན་པོ་དང་བཞིའོ། །དང་པོ་གཉན་ཁྲོད་དུ་འགྲོ་ཁར་སྐྲག་ཤུམ་ཤུམ་བྱེད་ནས་འགྲོ་མ་སྤོབ་པ་དང་། སྐྱོན་མང་པོ་བྱུང་ནས་འགྲོ་བཤོལ་བའོ། །གཉིས་པ་ནི་གཉན་སར་ལྷ་འདྲེའི་ཆོ་འཕྲུལ་འཇིགས་པ་བྱུང་ནས་བྲོས་པ་དང་། ངན་པ་ལ་ངན་པར་འཛིན་པ་དང་། བཟང་པོ་ལ་དགའ་བྲོད་དུ་འཛིན་ན་ལོག །གསུམ་པ་ནི་བྱང་ཆུབ་སེམས་དཔའི་བསླབ་བྱ་འགལ་བའི་སྤྱོད་པ་བྱེད་པའོ། །བཞི་པ་སྤྱིར་ཆོས་ཐམས་ཅད་དང་འགལ་བའི་སྤྱོད་པ་ངན་པ་རྣམས་བྱེད་པའོ། །གཉིས་པ.གཅོད་ལོག་ན་སྟག་མོས་ཝ་ཤ་ལེན། ཅེས་གསུངས་པས། གཉན་སར་ཕྱིན་ནས་ལྷ་འདྲེའི་ཆོ་འཕྲུལ་འཇིགས་པ་བྱུང་ནས་བྲོས་ན། རིག་པ་ངར་བསྐྱེད། ལྟ་བ་གཟེང་བསྟོད། མན་ངག་གནད་དུ་བསྣུན། མི་ཕོད་པ་ལ་ཐོག་རྫིས་བྱེད་ནས། བྲོས་ས་གང་ཡིན་པའི་གཉན་ས་དེར་ཕྱི་རྗེས་སུ་འོང་ནས་བསྡད་ཅིང་། མངོན་རྟོགས་ཀྱི་རིམ་པ་གོང་ལྟར་ཉམས་སུ་ལེན་ཅིང་། ཁྱད་པར་དུ་གང་ན་ཡོད་པའི་གནམ་ས་ཆ་ལང་རྡེབ་དཀྲུག་གིས་མཐའ་གཏད་བྱེད་ཅིང་། ཚར་ཚད་མ་བྱུང་གིས་བར་དུ་བསྡད་དོ། །དེ་ནི་སློང་ཆེན་སྙེམ་ཞུགས་ལོག་ནོན་གྱི་གནད་དོ། །གཉིས་པ་སྡུག་པ་ནི། གནད་གཅོད་སྡུག་ན་ལྷ་འདྲེ་གནད་ཀྱིས་བསྐུལ། ཅེས་གསུངས་པས། ཆོ་འཕྲུལ་ཚར་ཚད་གང་ཡང་མ་བྱུང་ན་སློང་མ་ཐུབ་པ་ཡིན་ཏེ། དེ་ལ་གོང་དུ་བསྟན་པའི་ཕྱི་ནང་གསང་གསུམ་གྱི་མཐའ་གཏད་གང་དགོས་སྐབས་དང་བསྟུན་ལ་བྱའོ། །གསུམ་པ་འབྱམས་པ་ནི། བུ་ལོན་སོད་རྟིང་བདས། ཁ་མཆུ་དུམ་རྟིང་བཟློག་ཟེར་བ་ཡིན་པས། ཆོ་འཕྲུལ་ཚར་ཚད་ཚུལ་བཞིན་དུ་བྱུང་ཡང་། ད་དུང་མལ་དུ་བསྡད་ན་འབྱམས་པ་ཡིན་ཏེ། དེའི་རྟགས་ལ། གོས་ནག་པོ་བསྐོན་ཆིས་སམ། མི་རྣམས་ངོ་འཛུམ་ནག་པ་དང་། གྱེན་ལ་འགྲོ་ཆིས་བྱེད། རྡོ་འཕྲོ་ཐུར་ལ་འགྲོ་ཆིས་བྱས་པའམ། གོས་ཕུད་ནས་གྱོན་ཆིས་བྱས་པ་དང་། ཞལ་ལྕེ་མདུན་མ་བྱས་རྒྱབ་བཟློག་པའམ། སྤྱད་པ་ཁྱེར་རྒྱབ་ཚུར་ལ་གཏད་པའམ། ཁྲལ་བུ་ལོན་སོད་རྒྱབ་བདས་པ་རྨིས་པ་དང་། གཞན་ཡང་སྦྲུལ་བྱུང་ནས་བསྐོར་བ་དང་། སྐྱས་པ་ལང་ལོང་ཚུར་ལ་བྱུང་བ་དང་། སེམས་ཅན་གྲོལ་ཟིན་བཏག་ཆིས་བྱས་པའམ། ཞིང་རྨོ་ཆིས་བྱས་པ་རྨིས་ན། ཆོད་རྒྱབ་བསྡད་ཡུན་རིང་ན་ནད་བསྣོན་ཆིས་ཡིན་ཏེ་འབྱམས་པའོ། །དེ་ལ་གཅོད་འབྱམས་ན་རྣལ་འབྱོར་ཐལ་བ་སྟོར་ཅེས་གསུངས་པས། མྱུར་དུ་སྤོང་བར་བྱའོ། །དེས་ལོག་རྒྱུག་འབྱམས་གསུམ་གྱི་ཆིངས་སོ། །དྲུག་པ་བུག་རལ་འཁྱམས་གསུམ་གྱི་ཆིང་ལ་གསུམ་སྟེ། བུག་པ་དང་། རལ་བ་དང་། འཁྱམས་པའོ། །དང་པོ་གཅོད་བུག་པ་ནི། གཉན་ས་ནས་ལོགས་སུ་ཉིན་བསྐོར་ལ་སོང་ཀྱང་མ་ཕེབས་ནས། ཞག་ལ་ཐོག་ན་བུག་པ་ཡིན་ཏེ། གཅོད་བུག་ན་དམིགས་པ་རྒྱང་ཞག་གཅེས། ཅེས་གསུངས་པས་ཞག་ལ་ཐོག་ན་སྔར་གྱི་གཉན་ས་དེར་རང་ཉིད་འདུག་པར་བསྒོམ་ཞིང་སྔར་ལྟར་ཉམས་ལེན་ལ་གཅུན་པར་བྱའོ། །གཉིས་པ་རལ་བ་ནི། གཉན་སར་ཆོད་མ་ཚུད་པར་འགྲོ་དགོས་བྱུང་ན་རལ་བ་ཡིན་ཏེ། འགྲོ་མི་དེས་རྡོ་གཏེལ་བཟུང་བ་ནི། རང་གི་ཞབས་ནས་རྡོ་བླང་ནས། ཧཱུྃ་བྲིས། རང་ཉིད་རྗེ་བཙུན་མར་བསྐྱེད། འོད་ཟེར་ལྕགས་ཀྱུ་ལྟར་འཕྲོས་པས། ལྷ་འདྲེ་ཐམས་ཅད་བསྡུས་ནས་རྡོ་ལ་བསྟིམ། རང་གིས་མཛུ་གུ་ལྔ་མཁའ་འགྲོ་མ་ལྔར་བསྒོམས་ནས། གནས་པོ་དེ་ཙིར་གྱིས་བཟུང་བར་བསྒོམ། སྣོད་དུ་བཅུག་ལ། སྣོད་དེ་ལྕགས་ཀྱི་སྤར་བུར་བསམ་པའི་ཁ་སྦྲུལ་ནག་གི་བསྡོམ་པར་བསྒོམ། དེ་ལུས་ལ་འཆང་ཞིང་ཁྱེར་ནས་རང་གི་ཞབས་སུ་བཅུག་ལ། གར་འདུག་ས་དེར་སྔར་གྱི་གཉན་ས་དེར་ཡིན་པར་བསྒོམ་ལ། ཚར་ཚད་མ་བྱུང་བར་དུ་སྔར་ལྟར་ཉམས་ལེན་བྱའོ། །གཅོད་རལ་ན་རྡོ་རྗེའི་གོ་ར་གཅེས། ཅེས་གསུངས་པས། འགྲོ་མི་དེ་ཐལ་བ་དང་། མལ་དུ་འདུག་མིའི་གཅོད་པ་རྣམས་ཀྱིས་དཔོན་དེས། རང་ཉིད་ཁྲོས་མ་ནག་མོར་བསྒོམ་ལ་ཐུགས་ཀ་ནས་གནམ་ལྕགས་ཀྱིས་རྡོ་རྗེ་དཔག་ཏུ་མེད་པ་འཕྲོས། རྡོ་རྗེའི་གུར་ཁང་ཆེན་པོ་གཅིག་ཏུ་གཅོད་སྒར་བ་ཀུན་ཚུད་པར་བསྒོམ། གཅོད་པ་གཅིག་པུ་ཡིན་ཞིང་མལ་དུ་འདུག་མི་མེད་ན། རྡོ་གཏེལ་བཟུང་དགོས། རྡོ་རྗེའི་གོ་ར་ནི་མི་དགོས་གསུངས། གསུམ་པ་འཁྱམ་བ་ནི། གཉན་མིག་མ་ནོན་པ་ཡིན་ཏེ། གཅོད་འཁྱམས་ན་ལྷ་འདྲེའི་བརླ་བཟུང་གཅེས། ཅེས་གསུངས་པས། གཉན་ས་དེའི་གཉན་མིག་མ་ནོན་ན། གཉན་མིག་ལོགས་སུ་སྣང་ན། དེའི་ས་རྡོ་ཤིང་གསུམ་བླངས་ལ་རང་གི་ཞབས་སུ་བཅུག་གོ། །དེས་བུག་རལ་འཁྱམས་གསུམ་སོང་། ༈ བདུན་པ་བདུད་བཞི་གེགས་སེལ་གྱི་ཆིང་ལ། གཉིས་སྟེ། བདུད་ཀྱི་ངོ་བོ་ངོས་བཟུང་བ་དང་། དེ་ཉིད་བསལ་བའི་ཐབས་སོ། །དང་པོ་ལ་གསུམ་སྟེ། དང་པོ་བདུད་ཀྱི་ངོ་བོ་ནི་གཉིས་འཛིན་གྱི་ཤེས་པ་རང་རྒྱུད་པ་ཡིན་ནོ། །གཉིས་པ་ངེས་ཚིག་ནི། གང་ཞིག་དགེ་བ་ལ་བར་དུ་གཅོད་པར་བྱེད་པས་ན་བདུད་ཞེས་བྱའོ། །གསུམ་པ་དབྱེ་བ་ལ་བཞི་སྟེ། བཀའ་ཚོམ་ལས། ཐོག་བཅས་བདུད་དང་ཐོག་མེད་བདུད། །དགའ་བྲོད་བདུད་དང་སྙེམ་བྱེད་བཞི། །ཅེས་གསུངས་པས། དང་པོ་ཐོག་བཅས་ཀྱི་བདུད་ནི། ཕྱི་སྣང་བ་མངོན་པར་ཞེན་ཅིང་། གཟུགས་སྒྲ་དྲི་རོ་རེག་བྱའི་ཆོས་ལ་སོགས། བཟང་པོ་ལ་ཆགས་ཤིང་། ངན་པ་ལ་སྡང་བ་ཡིན་ལ། བར་པ་ལ་གཏི་མུག་ཡིན། ལག་ལེན་དུ་མི་དང་གཅན་གཟན་ལ་སོགས། དངོས་སུ་བྱུང་བ་ལ་སྐྲག་ཅིང་བྲོས་པས། སྣང་བ་དགྲར་ལང་པ་ལ་ཟེར་རོ། ༈ །གཉིས་པ་ཐོག་མེད་ཀྱི་བདུད་ནི། སྤྱིར་ཉོན་མོངས་པ་དུག་ལྔ་དང་། གཟུང་འཛིན་ལ་སོགས་རྣམ་རྟོག་གི་ཀུན་ཏུ་བཏག་པ་རྣམས་ཡིན་ལ། ལག་ལེན་དུ་མི་དང་གཅན་གཟན་ལ་སོགས་པ་དངོས་སུ་བྱུང་བ་ལ་སྐྲག་ཅིང་བྲོས་པས། སྙང་བ་དགྲར་ལངས་ལ་ཟེར་རོ། ༈ །གཉིས་པ་ཐོག་མེད་ཀྱི་བདུད་ནི། སྤྱིར་ཉོན་མོངས་པ་དུག་ལྔ་དང་གཟུང་འཛིན་ལ་སོགས་རྣམ་རྟོག་གི་ཀུན་ཏུ་བཏགས་པ་རྣམས་ཡིན་ལ་ལག་ལེན་དུ་གཉན་སར་རྨི་ལམ་ངན་པ་ལ་སོགས་འདྲེ་གདོན་ལ་སྐྲག་ཅིང་བྲོས་པས་གདོན་གྱི་སྣ་འདྲེན་རེད་ནས་ན་ཚ་སྡུག་བསྔལ་སླར་ཡང་འཕེལ་བ་ཟེར། ༈ གསུམ་དགའ་བྲོད་ཀྱི་བདུད་ནི། སྤྱིར་ཉམས་དང་ཏིང་འཛིན་ལ་སོགས་འཇིག་རྟེན་གྱི་བསྙེན་བཀུར་ལོངས་སྤྱོད་ལ་དགའ་ཞིང་བྲོད་པ་ཡིན་ལ། ལག་ལེན་དུ་གཉན་སར་ན་ཚ་སྡུག་བསྔལ་ཞི་བ་དང་། རྨི་ལམ་བཟང་པོ་དང་། དགྲ་གདོན་གྱི་མི་ཚུགས་པ་ལ་སོགས་པའི་བྱིན་རླབས་ཕྲ་མོ་ལ་དགའ་ཞིང་བྲོད་པ་ལ་ཟེར། ༈ བཞི་པ་སྙེམས་བྱེད་ཀྱི་བདུད་ནི། སྤྱིར་འཁོར་འདས། ལྷ་འདྲེ། ཕན་གནོད་བདེ་སྡུག་ལ་སོགས་པའི་གཉིས་འཛིན་རྣམས་ཡིན་ལ། ལག་ལེན་དུ་གཅོད་པ་བྱིན་རླབས་ཡོད་དམ་མེད། ན་ཚ་ཕན་ནམ་མི་ཕན། གཉན་ཁྲོད་འགྲིམ་ཕོད་དམ་མི་ཕོད། སྐྱོན་ཡོད་མེད་ལ་སོགས་ལ་མོ་བཏབ་སྟེ། གཏོ་དགེ་བྱེད་ནས། ན་ཚ་ཨེ་དྲག་བསམ་པ་ལྟ་བུ། དུར་ཁྲོད་དང་ལུང་སྟོང་དང་། འབྲོག་དགོན་པ་ལ་སོགས་པའི་ས། གཉན་ཁྲོད་རྣམས་སུ་ཕྱིན་ཡང་། བདག་ལ་བར་ཆད་དང་གནོད་པ་མི་འབྱུང་སྟེ། ཅིའི་ཕྱིར་ཞེ་ན། བདག་ལྟ་བུ་ལ་ལྷ་དང་བླ་མས་སྤྱན་གྱིས་གཟིགས། དཀོན་མཆོག་གསུམ་གྱིས་ཐུགས་རྗེས་སྐྱོབས། དཔའ་བོ་མཁའ་འགྲོས་སྲུང་སྐྱོབ་བྱེད་པའི་སྙེམས་འཆང་བ་དང་། གཅོད་ཀྱི་གདམས་པ་ཟབ་མོ་ཡོད་སྙམས་པའི་གདེང་འཆང་བ་དང་། ནང་དུ་ལྷ་མེད་འདྲེ་མེད་ཀྱི་སྟོང་ཉིད་རྟོགས་པའི་ཉམས་ལེན་ཡོད་བསམ་པའི་ངོམ་པ་དང་། ལྷ་འདྲེའི་ཆོ་འཕྲུལ་ཅི་བྱུང་ཡང་ལུས་སྦྱིན་པས་ཆོག་སྟེར་ནུས་ན་འདྲེ་འོང་མི་ནུས། ཁྱེར་མི་ནུས། བཟའ་མི་ནུས། ཁོ་རང་ལོག་ནས་འགྲོ་བས། དེ་ལྟར་བྱས་པས་ཆོག་སྙམ་ནས་གཅོད་བྱེད་པ་ལ་ཟེར། གོང་དུ་བསྟན་པའི་ཐོག་བཅས་ཀྱི་བདུད་དེ་ལ་ནམ་ཡང་མི་ཕོད་པའི་ཡུལ་དྲུག་ཡོད་དེ། མེ་དང་། ཆུ་དང་། དུག་དང་། མཚོན་དང་། ཁྱི་དང་། གཡང་ཟ་རྣམས་ཀྱི་སྲོག་ལ་བརྒོལ་བས་མི་ཕོད་དོ། །གཞན་ཡང་རྡོ་ཚེ་ཟད། ས་ཚེ་ཟད། ཤིང་ཚེ་ཟད། དེ་རྣམས་ཀྱིས་སྲོག་ལ་རྒོལ་བས་མི་ཕོད་སྟེ། མ་ཅིག་གིས། ཤལ་རོང་སྒྱེད་པོ་མི་བཙུགས་འཚལ། །བྲག་ཟུར་ཕྱམས་རྩེ་མི་བརྫི་འཚལ། །ཅེས་གསུངས་སོ། །དེས་བདུད་བཞིའི་ངོས་བཟུང་བ་སོང་། ༈ གཉིས་པ་བདུད་དེ་ཉིད་བསལ་བའི་ཐབས་ལ་གསུམ་སྟེ། བློ་རབ་འབྲིང་ཐ་མ་གསུམ་གྱི་བསལ་བ་དང་། དམ་ཚིག་གི་སྒོ་ནས་བསལ་བ་དང་། ཡོན་ཏན་གྱི་སྒོ་ནས་ཞབས་བསྡུ་བའོ། །དང་པོ་ལ་གསུམ་སྟེ། དང་པོ་བློ་རབ་ཀྱི་འདྲེ་བདུད་དང་རང་སྣང་དུ་གཅོད་པའི་ཐབས་ནི། མ་ཅིག་ལབ་སྒྲོན་མས། རེ་བ་མེད་པ་སངས་རྒྱས་གཅོད། །དོག་པ་མེད་པས་འཁོར་བ་གཅོད། །ཉམ་ང་མེད་པ་འདྲེ་བདུད་གཅོད། །འགོས་འཛེམས་མེད་པས་ནད་རིམས་གཅོད། །གཅོད་བྱ་མེད་པས་ཆོས་ཀུན་གཅོད། །ཅེས་གསུངས་པས། དེ་ལྟ་བུའི་དོན་ནི་གཅོད་གསང་སྤྱོད་རྣལ་ལམ་མའི་ནང་དུ་གསལ་བས་དེར་ཤེས་སོ། །གཉིས་པ་བློ་འབྲིང་གིས་འདྲེ་བདུད་གཅོད་པའི་ས་བཙལ་བ་ནི། འདྲེ་བདུད་ཁྱོད་ལུས་ལ་གནོད་དམ་སེམས་ལ་གནོད། ལུས་ནི་བེམ་པོ་རྡོ་དང་ཁྱད་མེད་པས་རྡོ་ལ་འདྲེ་བདུད་གནོད་དམ། སེམས་ནི་དངོས་མེད་ནམ་མཁའ་དང་ཁྱད་མེད་པས། ནམ་མཁའ་ལ་འདྲེ་བདུད་གནོད་དམ། སེམས་ངས་མ་མཐོང་བ་ལ། འདྲེ་བདུད་ཀྱིས་གང་ནས་མཐོང་སྙམ་པའོ། །སེམས་ལྷོད་ཀྱིས་ཀློད་ལ་བཞག་གོ། ༈ །གསུམ་པ་དབང་པོ་ཐ་མས་འདྲེ་བདུད་ཉིད་ལ་གཏད་པ་ནི། ཟབ་དོན་ཐུགས་སྙིང་ལས། གནས་པོ་བདུད་ལ་གཡར་བས་གཞི་འབྲས་གཅིག་ཏུ་འདྲེས། སྐྱེལ་མ་དགྲ་ལ་བཅོལ་བས་འཇིགས་མེད་བཙན་སར་ཐར། ནད་པ་འདྲེ་ལ་བཅོལ་བས་ནད་མེད་བདེ་བར་འཚོ། ལམ་ཁྱེར་རྐྱེན་ལ་བྱས་པས་མི་མཐུན་འགལ་རྐྱེན་བྲལ། ཞེས་པ་ནི། གཉན་ས་དེ་རུ་སླེབ་ནས་ཉམས་ལེན་འདི་ལྟར་བྱ་སྟེ། འཁོར་བ་ཐོག་མ་མེད་པ་ནས་ལུས་ངག་ཡིད་གསུམ་བདག་ཏུ་བཟུང་ནས། གཅེས་འཛིན་བྱས་པས་གནས་སྐབས་སུ་འདྲེ་དང་གདོན་བགེགས་གནོད། ན་ཚ་དང་སྡུག་བསྔལ་བྱུང་། མཐར་ཐུག་ཁམས་གསུམ་དུ་འཁོར། རིགས་དྲུག་ཏུ་འཁྱམ། དེ་བདག་འཛིན་གྱི་ལན་པ་ཡིན་པས། ད་ནི་ངའི་ལུས་འདིས་རྒྱུ་སྔོན་གྱིས་ལས་ལ་གྲུབ། རྐྱེན་ཕ་མའི་འདོད་ཆགས་གིས་བསྐྱེད། འབྲས་བུ་དལ་འབྱོར་གྱི་མི་ལུས་ཐོབ། དབང་པོ་སྐྱེ་མཆེད་ཐམས་ཅད་ཚང་བའི་ལུས་པོ་འདི་མཛེས་ཤིང་གཙང་བ་ཡིད་དུ་འོང་བ་གཅེས་ཤིང་ཕོངས་པ། དགོས་ཤིང་མཁོ་བའི་ལུས་འདི། སྤྱིར་འགྲོ་དྲུག་སེམས་ཅན་གྱི་བླུད་དུ་འབུལ། དགོས་དྲིན་ཅན་ཕ་མའི་དོན་དུ་བསྔོ། ཡང་དགོས་ལྷ་འདྲེ་ཁྱེད་ཚོའི་དོན་དུ་གཏོང་བས། རིང་ན་གྲང་མོར་ཟོ། མི་རིང་ན་ཆོས་ལ་ཟོ། ཞེན་པ་ཏིལ་འབྲུ་ཙམ་ཡང་མི་བྱེད་དོ། །སུ་འདོད་པས་ཁྱེར་གཅིག་བྱས་པས། ལུས་ལ་ཆགས་ཞེན་མི་བྱེད་པར་མཆིལ་སྣབ་བཞིན་དུ་བོར་ལ་བཞག །མཛེ་རོ་བཞིན་དུ་བསྐྱུར་ལ་ཐོང་། ཕྱི་ས་བཞིན་དུ་སྤང་ལ་བཏང་། ས་རྡོ་བཞིན་དུ་བདག་འཛིན་མེད་པར་བཞག །འདྲེ་དང་གདོན་བགེགས་རྣམས་ལུས་པོ་ཀྱི་མ་ལུས་པར་ཟོས་པར་བསྒོམ་ལ་ལུས་དངོས་འཛིན་ཅན་དེ་ནི་ཁྱོད་ཆོས་ཟོས། སེམས་སྟོང་པ་ཉིད་ནི་ངོ་བོ་མི་འདུག །དེ་ལ་བདག་འཛིན་དང་གཅེས་འཛིན་གྱི་དགོས་པ་མི་འདུག །ཉ་ར་བྱ་རྒྱུ་དང་སྲུང་རྒྱུ་མི་འདུག །ལུས་ཀྱི་དུཿཁ་དང་གཉེར་ཁ་མི་དགོས་པར་འདུག །སྙམ་ལ་ལྷོད་དེ་འཇོག་པ་ཡིན། གཅོད་མཁན་ཕལ་ཆེར་ལུས་མི་གཙང་བའི་ཕུང་པོ་རྣག་ཁྲག་གི་རྐྱལ་པ། ངར་སྣབ་ཀྱི་ཕུང་པོ་འདི་བདག་ལ་དགོས་པ་མི་གདའོ། །སུ་འདོད་པས་ཁྱེར་ཅིག་ཟེར་ཏེ། དེ་ལ་སྐྱོན་བཞི་ཡོད་པས་མི་འཐད་དོ། །གཅིག་ཏུ་ཞེན་ནས་སྦྱིན་པར་གཏོང་ན་མ་དག་པའི་སྦྱིན་པར་འགྲོ་ནས་ཚོགས་མི་རྫོགས། གཉིས་པ་ལ་བདག་ལ་མི་མཁོ་བ་གཅིག་འདྲེ་ལ་སྦྱིན་ཡང་མི་ཕན་ཏེ་ཁོ་ལ་མི་མཁོ། གསུམ་པ་འདྲེས་ཁྱེར་དུ་བྱུང་དོགས་པའི་སྣ་བཀབ་ཏུ་འགྲོ། བཞི་པ་ལུས་མི་གཙང་བའི་ཐུམ་པོ་ཡིན་པས། འདྲེ་ཞེན་པ་ལོག་ནས་མི་འདོད་ལ་རེ་བའི་ཕྱིར་ཡིན་པས་མི་འཐད་དོ། །འོ་ན་ཅི་ལྟར་བྱེད་ན་ལས་མཐའ་གསུམ་ལ་གོ་བ་ལེན་དགོས་ཏེ། ལས་མཐའ་གསུམ་ནི་ང་ན་ང་ཐོག་བཏང་། སྐྱུག་ནི་བྲོ་ན་བྲོ་ཐོག་ཏུ་བཏང་། འཇིགས་པ་འཇིགས་པའི་ཐོག་ཏུ་བཏང་། ཅེས་གསུངས་པས། ཡང་ན་ང་ཐོག་ཏུ་བཏང་བ་ནི། སེམས་ཅན་འདི་ཙམ་གཅིག་འཁོར་བར་འཁྱམ་པ་ལ། ང་གཅིག་པུ་འཁོར་བར་འཁྱམས་ན་ཅི་ཡིན། འདི་རྣམས་སྡུག་བསྔལ་གྱི་མནར་ན། ང་གཅིག་པོ་སྡུག་བསྔལ་བ་ཅི་ཉེས། སེམས་ཅན་འདི་རྣམས་ཐམས་ཅད་ཀྱི་དོན་དུ། བདག་གིས་ལུས་ངག་ཡིད་གསུམ་གླུད་དུ་བསྔོ་བ་ལ་འགྲོ་སྙམ་པའི་འདུན་པ་དང་ལྡན་པས། ཡ་ང་བ་བག་ཚ་བ་གང་བྱུང་བ་ལ་མི་བྲོས་པར་སླར་དེ་ཀ་བརྒྱུད་དེ་ཕཊ། ཅེས་བརྗོད་དོ། །ལུས་ངག་ཡིད་གསུམ་ཤིང་བཅད་ནས་འགྱེལ་བའི་སྡོང་པོ་ལྟར་ཁྲེས་སེ་བསྐྱུར་བར་བྱའོ། །སྐྱུག་བྲོ་ན་བྲོ་ཐོག་ཏུ་བཏང་བ་ནི། གང་སྐྱུག་བྲོ་བའི་མི་གཙང་བའམ། ཤ་རུལ་ལ་སོགས་པའམ། གོས་རུལ་ལ་སོགས་ཡིད་ཡུལ་དུ་གང་སྐྱུག་བྲོ་བའི་སྟེང་དུ་སྙེམ་ཞུགས་པ་དེ་ཀ་ཆེད་དུ་གཉེར་ལ། གཟའ་བཏུང་གོས་སོགས་ལོངས་སྤྱོད་དེ་སྐྱུག་བྲོ་ན་སྐྱུག་པ་སླར་འཐུང་ཞིང་། རྗེས་སུ་ཅི་ཡང་མི་དམིགས་པའི་ངང་ལ་བསྐྱུར་བར་བྱའོ། །མི་ཕོད་པ་ལ་ཐོག་བརྫིས་བཏང་བ་ནི། ལུས་ངག་ཡིད་གསུམ་གྱིས་ལ་སྤྱོད་པ་རྦུད་ཆོད་ལ་བཏང་ལ། ལྷ་འདྲེ་མི་གསུམ་ལ་སོགས་གང་མི་ཕོད་ཅིང་། ཐེ་ཚོམ་དང་སྙེམ་ཞུགས་པ་དེ་ཉིད་ཀྱི་དུས་སུ་རྟོགས་པ་སྣ་མ་བསྐྱིལ་བར་ཉམས་བྱུང་རྒྱལ་དུ་བཏང་། གང་ལ་ཆགས་པ་དེ་སྤང་། སྡང་བ་དེ་དང་དུ་བླངས་མདོར་ན་གཉིས་འཛིན་གྱི་མདུད་པ་བཤིག་ལ། སྣང་བ་ཐམས་ཅད་ཐད་ཀར་བཅད་ལ་བཞག །དེ་རྣམས་བྱས་པས་བདུད་ལམ་དུ་སློང་ཉོན་མོངས་པ་གྲོགས་སུ་འཆར། ལྷ་འདྲེ་སྲིད་དུ་ཆོད། བདག་ཏུ་འཛིན་པའི་འཁྲི་བ་ཆོད། འཁྲུལ་སྣང་ཞིག །ལྷ་འདྲེ་མི་གསུམ་དབང་དུ་འདུ། ཅི་བྱས་ལམ་དུ་འགྲོ། བྱང་ཆུབ་ཀྱི་གོ་འཕང་བརྙེས་པར་འགྱུར་རོ། །དེ་ནི་གཙང་ཙོག་རོ་སྙོམ་འཇིགས་པ་ཐོག་བརྫིས་ཀྱི་གནད་དོ། །དེས་ནི་བློ་རབ་འབྲིང་ཐ་མའི་སྒོ་ནས་བདུད་བས ལ་བ་སོང་། ༈ པདྨའི་གཏེར་གཅོད་ལས། གཉིས་པ་དམ་ཚིག་གི་སྒོ་ནས། བདུད་བསལ་བ་ལ་གསུམ་སྟེ། ལྟ་བའི་དམ་ཚིག །བསྒོམ་པའི་དམ་ཚིག །སྤྱོད་པའི་དམ་ཚིག་གོ། །ལྟ་བའི་དམ་ཚིག་ནི། ཡར་སངས་རྒྱས་ལ་རེ་བ་མི་བཅའ། མར་ངན་སོང་ལ་ཉམས་མི་ང་། འཆི་བདག་གི་གཤིན་རྗེའི་བཀའ་ཆད་དང་། བསུན་མ་བྱུང་ཡང་སྐྲག་འཇིགས་མི་བྱ། དབང་ཕྱུག་ཆེན་པོ་བྱུང་ཡང་གྲུབ་མཐའ་མི་སྤང་། བདུད་བྱེ་བ་དུང་ཕྱུར་གྱི་དམག་དཔུང་བྱུང་ཡང་གཡོ་འགུལ་མི་བྱ། རང་གི་སྙིང་ཁར་མདའ་བཙུག་ཀྱང་ཁོང་ཁྲོ་མི་བྱ། འགྲོ་བ་ཁྲི་ཕྲག་དུས་གཅིག་ལ་རྒྱལ་ནད་ཀྱིས་འཆི་བར་མཐོང་ཡང་། སེམས་བསྐྱེད་མི་དོར། རང་ད་ལྟ་ཉིད་དུ་སངས་རྒྱས་ཀྱང་། རང་དོན་དུ་གཞན་སུ་ལ་ཡང་གནོད་འཚེ་མི་བྱེད། གནམ་ས་ཐམས་ཅད་དུས་གཅིག་ལ་འཁྲུགས་ཀྱང་དགོངས་པ་ལ་གཡོ་བ་མེད། ལྟ་བ་ཀློང་གྱུར་གྱི་ངང་དུ་ཐག་ཆོད་ལ་བཞག་གོ། །བསྒོམ་པའི་དམ་ཚིག་ནི། སྔོན་འགྲོའི་ཏིང་ངེ་འཛིན་ལ་གནས་པའི་ཚེ། རང་འདོད་ཀྱི་འཁྲི་བ་ཅུང་ཟད་ཀྱང་མི་བསམ། དངོས་གཞིའི་ཏིང་ངེ་འཛིན་ལ་གནས་པའི་ཚེ། གཞན་དོན་གྱི་བློ་རྒྱ་མི་བསྐུམ་ཞིང་ཇེ་ཆེར་བསྐྱེད་ལ། མི་དང་མི་མ་ཡིན་པའི་བསྐུལ་སྤྱོད་ཟེར་ཏེ། སློང་གི་ཆོ་འཕྲུལ་ལ་སོགས་ཅི་བྱུང་ཡང་རི་བོ་ལྟར་གཡོ་འགུལ་མེད་པ། རྒྱ་མཚོའི་འཇིངས་ལྟར་ཁ་གཏིང་མེད་པ། ཉི་ཟླ་ལྟར་གསལ་འགྲིབ་མེད་པ་དང་། རྒྱུན་འབབས་ཀྱི་ཆུ་བོ་ལྟར་རྒྱུན་ཆད་མེད་པ། ནམ་མཁའ་ལྟར་ཡང་དོག་མེད་པ། ས་གཞི་ལྟར་འཕོ་འགྱུར་མེད་པར་བྱ། དེ་ཡང་ལུས་དུར་ཁྲོད་ཀྱི་རོ་བཞིན་དུ་བསྐྱུར། ངག་པི་ཝང་གི་གསང་ཐག་བཅད་པ་ལྟར་བསྐྱུར། སེམས་རན་འཐག་ཆུ་བཅད་པ་ལྟར་བསྐྱུར། ལུས་ངག་ཡིད་གསུམ་གྱི་འདུ་ཤེས་ཐམས་ཅད་སོག་ཕོན་ཐག་པ་བཅད་པ་ལྟར་ཤིག་སེ་བསྐྱུར་ལ་བཞག་ཅིང་། གཡོ་འགུལ་བསམ་སེམས་སྲག་སྲིག་གང་ཡང་མི་བྱའོ། །སྤྱོད་པའི་དམ་ཚིག་ནི། ཉན་ཐོས་ཀྱི་འདུལ་ཁྲིམས། བྱང་ཆུབ་སེམས་དཔའི་བསླབ་པ། གསང་སྔགས་ཀྱིས་དམ་ཚིག་རྣམས་མ་ཉམས་པར་བསྲུང་ཞིང་། དེ་རྣམས་དང་མི་འགལ་བར་བྱེད་པ་ནི། སྤྱོད་པའི་དམ་ཚིག་ཡིན་ལ། བྱེ་བྲག་ཏུ་ལྷ་ལ་སོགས་པ་རང་ལ་ཕན་པར་བྱེད་པ་རྣམས་ལ་དགའ་བའི་འདུན་པས་གསོལ་མཆོད་མི་བྱ། འདྲེ་བདུད་ལ་སོགས་པས་རང་ལ་གནོད་བྱ་བ་ཅི་བྱས་ཤིང་འཁོན་དུ་ཅི་བཙལ་ཀྱང་། དེ་རྣམས་གང་ལ་ཡང་ངན་ལན་ཁྲོ་གཏུམ་རྣམ་འགྱུར་ངན་པ་གནོད་སེམས་ངན་སྤྱོད་གང་ཡང་མེད་པར་བྱེད་པ། བཟང་བྱས་ངན་བྱས་གང་ཡང་ཁྱད་མེད་པ། དུག་དང་བདུད་རྩི་རོ་མཉམ་པ། གཅོད་བྱེད་པའི་དུས་སུ་གཞུང་ལུགས་ཀྱིིས་ཆོས་ཉམས་སུ་ལེན་ལུགས་ཚུལ་བཞིན་མ་གཏོག་པ་གཞན་གང་ཡང་མི་བྱེད། ཁྱད་པར་དུ་རིགས་བྱེད་མཐའ་དག་སྤང་སྟེ། རྒྱ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་བྱུང་ཡང་རྩིས་མི་བྱ། བྲམ་ཟེ་པྲ་སེ་ན་བྱུང་ཡང་མོ་མི་བཏབ། གཤིན་རབ་མི་བོ་བྱུང་ཡང་བོན་མི་བྱེད། ཕྱག་ན་རྡོ་རྗེ་བྱུང་ཡང་སྲུང་སྐྱོབ་མི་ཞུ། གལ་ཏེ་རང་ལ་གཞན་གྱི་བསྐུར་བའི་སླད་དུ་བྱས་ཀྱང་མི་དགག་པར་དེ་ལ་སྤྲོ་བ་མི་བསྐྱེད་དོ། །ཐམས་ཅད་གཞན་དོན་དུ་བསྔོ། འཇིག་རྟེན་གྱི་བྱ་བ་ལ་མི་འཇུག །གཞན་འདྲེ་འདུལ་ལ་སོགས་པའི་རིམ་གྲོ་ལ་མི་འགྲོ། གཅོད་ལ་འགྲོ་བའི་དུས་གསང་། གནས་མི་བསྟན། ཚར་ཚད་སློང་ཚད་མི་བསྒྲག་གོ། །དངོས་གྲུབ་ཅི་བྱུང་ཡང་སྤྲོ་བ་མི་བྱ། ལེགས་ཉེས་ཀྱི་ལྟས་ཅི་བྱུང་ཡང་དགག་སྒྲུབ་མི་བྱ། ལྷ་འདྲེས་ཆོ་འཕྲུལ་ཅི་བསྟན་ཅིང་སྣང་སྲིད་ཐམས་ཅད་གཡོ་བའི་སློང་ལ་སོགས་ཕྱི་ནང་གསང་གསུམ་ཅི་བྱུང་ཡང་། ཁྱད་མེད་གལ་མ་མཆིས་སུ་བོར། གང་ལ་ཡང་སྙམ་སྙེམ་མེད་པར་ཐག་ཆོད་རྦུད་ཆོད་དུ་བཏང་། སྨྱོ་སྤྱོད་ཀྱིས་དབང་གིས་གཉན་སར་ཐབ་གཞོབ་དང་། ས་རྐོ་རྡོ་ཟློག་ཤིང་བཅད་ཆུ་མིག་དཀྲུག་མཚོ་བརྡུང་། བྲག་བཤག་པ་ལ་སོགས་པ་ལྷ་འདྲེའི་གནས་ལ་སོགས་ལ་ཐུབ་ཐུབ་རུང་རུང་གང་ཡང་ཆེད་དུ་གཉེར་ནས་མི་བྱ། སྟབ་ཀྱིས་དེ་འདྲ་རང་ངམ་གཞན་གྱིས་བྱེད་པ་བྱུང་ན་ཡང་། དེ་རྣམས་ལ་རྣམ་རྟོག་ཁོང་འཁྲིག་སྙམ་སྙེམ་གང་ཡང་མི་བྱ། རྫས་ངན་གྱི་དུད་པ་མི་བཏང་། དུས་མ་ཡིན་པར་ཕཊ་སྐད་མི་གདབ། གཅོད་ཀྱི་སྒྲ་མི་སྒྲོག །གཅོད་ཀྱི་གདམ་པ་འདི་གཉན་གཉན་འདྲ་ཡང་མི་གཉན་པ། སླ་སླ་འདྲ་ཡང་དཀའ་བ། ལྷོད་ལྷོད་འདྲ་ལ་དམ་པ། དམ་དམ་འདྲ་ལ་ལྷོད་པའི་ཆོས་ཡིན་པས། དམ་ཚིག་དང་ལྡན་པས་འཚོ་ཤེས་པ་གལ་ཆེའོ། །ཡང་གཅོད་ལ་འགྲོ་ཚུལ་ནི། ཞེ་སྡང་དང་འགྲན་སེམས་ཀྱིས་མི་འགྲོ། རྒོ་ཉོ་དང་ཕོ་ཚོད་ཀྱིས་མི་འགྲོ། ཕོ་རུས་དང་ཁེ་དྲག་ཀྱིས་མི་འགྲོ། ང་རྒྱལ་དང་ཆེ་ཚུལ་གྱིས་མི་འགྲོ། དྲེགས་པ་དང་རང་འདོད་ཀྱིས་མི་འགྲོ། རྙེད་པ་དང་བཀུར་བསྟིས་མི་འགྲོ། ངེས་འབྱུང་གིས་དད་པ་ཆེན་པོས་འགྲོའོ། །དེས་དམ་ཚིག་སྒོ་ནས་བདུད་བསལ་བ་སོང་། པདྨའི་གཏེར་གཅོད་ལས། གསུམ་པ་ཡོན་ཏན་གྱི་སྒོ་ནས་ཞབས་བསྡུ་བ་ནི། ལར་སྤྲོས་བཅས་ཟང་ཟིང་དུ་མ་བས། སྤྲོས་མེད་ཕ་རོལ་ཕྱིན་པའི་དོན་ལ། ཐུན་གཅིག་མཉམ་པར་བཞག་པ་གནད་ཆེ། གཉན་ཁྲོད་བརྒྱ་སྟོང་བསྐོར་བབས་སྐད་ཅིག་མའི་སྙེམ་ཐག་ཆོད་པ་གལ་ཆེ། འདུས་བྱས་ཀྱི་ཟས་ནོར་དཔག་ཏུ་མེད་པ་དངོས་སུ་གཏོང་བ་བས། ཞེན་འཛིན་དང་བྲལ་བའི་དམིགས་པས་ལུས་སྦྱིན་པར་བཏང་ཞིང་དགེ་སྦྱོར་ཐུན་རེ་བསོད་ནམས་ཆེ། ཕལ་པའི་གནས་སུ་ལོ་གཅིག་བསྒོམ་པ་ལས། གཉན་ས་རི་ཁྲོད་དུ་ཞག་གཅིག་གི་ཉམས་ལེན་བྱེད་པ་འགྱུར་ཆེ། ཆོས་སྤྱིའི་ཉམས་ལེན་རྒྱུག་དེད་ཟླ་བ་གཅིག་བྱས་པ་བས། བདུད་ཆོད་པའི་གདམས་པ་ཐུན་གཅིག་ཉམས་སུ་བླངས་པས་ལམ་རྟགས་མྱུར། ཚེ་འདིའི་འདུ་འཛི་བསོད་ནམས་ཀྱིས་ལོངས་སྤྱོད་དཔག་ཏུ་མེད་པ་བྱས་པ་བས། འདོད་ཡོན་གྱི་འཁྲི་པ་ཆོད་དེ་ཆོག་ཤེས་ཀྱིས་འདུན་པ་སྐད་ཅིག་མ་རེ་སྐྱེས་པ་དཔལ་འབྱོར་ཆེ་བ་ཡིན། ཐུན་མོང་གི་བསམ་པ་བཟང་པོ་མང་པོ་བས། མཆོག་གིས་སེམས་བསྐྱེད་གཅིག་གི་ནང་དུ་འདུས་པས་དགའ་བ་ཡིན། གཉེན་པོ་སྟོབས་དང་བཅས་པས་བསྒོམས་བདེ་གསལ་མི་རྟོགས་པ་ཤར་བ་བས། གཉེན་པོ་དང་བྲལ་བའི་སྒོམ་རང་བབས་གཞི་ཐོག་ཏུ་ཕེབས་སྟོབས་ཆེ་བ་ཡིན། ཤེས་བྱའི་གནས་མང་པོ་ལ་མཁས་པ་བས། དོན་གྱི་ཤེས་བྱ་གཅིག་ཤེས་པ་གལ་ཆེ་བ་ཡིན། ལར་ཆོ་འཕྲུལ་དང་བར་ཆད་ཅི་བྱུང་ཡང་། བདག་ལ་སྲུང་དུ་གསོལ་བརྒྱ་ཐམ་པ་བས། གསོད་ཅིག་ཟོ་གཅིག་ཁྱེར་གཅིག་ཅེས་པའི་ཚིག་གཅིག་གིས་དགའ་བ་ཡིན། ལྷ་སྲུང་བརྒྱ་ལ་ར་མདར་བཟློག་པ་བས། ལྷ་འདྲེ་སྟོང་ལ་ཟ་རུ་བཅོལ་བས་དགའ་བ་ཡིན། ལུས་ལ་སྲུང་བ་བརྒྱ་བཏག་པ་བས། ན་དགའ་ཤི་སྐྱིད་ལན་གཅིག་གིས་དགའ་བ་ཡིན། དེས་ཡོན་ཏན་གྱི་སྒོ་ནས་ཞབས་བསྡུ་བ་ན་སོང་། ༈ བརྒྱད་པ་གོལ་ཤོར་གྱི་ཆིང་བསྟན་པ་ལ་གཉིས་སྟེ། དང་པོ་གོལ་ཤོར་ས་ལ་ནི། ལྷ་འདྲེ་ལ་ཐུབ་ཆོད་དང་། ཐོ་ཅོ་དྲག་ལས་སུ་བྱས་ན་གོལ། ཚེ་འདིའི་སྙན་གྲགས་དང་། སྙོམ་ལས་སུ་བྱས་ན་གོལ། ནད་ཆོད་དང་འཇིགས་སྐྱོབས་ཀྱི་དབང་དུ་བྱས་ན་གོལ། གཉིས་པ་ཤོར་ས་ནི། གཅོད་ཤ་སྦྱོར་དུ་ཤོར་བ་ནི། གཉན་སར་བུད་མེད་བརྟེན་པའོ། །གཅོད་དྲག་སྔགས་སུ་ཤོར་བ་ནི། གཉན་སར་འདྲེ་གདོན་འོང་དོག་ནས། ཁྲོ་བོའི་བསྐྱེད་རིམ་དང་དྲག་སྔགས་བཟླ་བའོ། །གཅོད་ཐ་མལ་དུ་ཤོར་བ་ནི། ལོང་གཏམ་དང་གཉིད་དང་། ཐ་མལ་རང་ཁར་འགྲོ་བའོ། །དེས་གོལ་ཤོར་གཉིས་སོང་། སྤྱིར་གཅོད་འདི་ལ། མ་ཅིག་གིས་ཞལ་ནས། ཆེ་བ་གསུམ་གྱི་ངར་བསྐྱེད། ཅེས་གསུངས་པས་ལྟ་བའི་རྦད་ཁམས་ཆེ་བ། གདམ་ངག་གི་ལོ་རྒྱུས་ཆེ་བ། ལུས་སྲོག་གི་གཏོང་ཕོད་ཆེ་བའོ། །ཡང་གཅོད་འདི་ལ་ལྟ་བསྒོམ་སྤྱོད་འབྲས་ཀྱིས་གཏན་ལ་ཕབ་དགོས་སྟེ། མལ་ས་གཉན་ས་རི་ཁྲོད། ལྟ་བ་ལྷ་མེད་འདྲེ་མེད། བསྒོམ་པ་ལྗེན་ཉལ་འཕྲིག་མེད། སྤྱོད་པ་རོ་སྙོམ་ཐོག་རྫིས། རིམ་གྲོ་ཤ་ཁྱེར་ཁྲག་ཁྱེར། ཉམས་ལེན་ན་དགའ་ཤི་སྐྱིད། ལམ་ཁྱེར་ཕུང་པོ་གཟན་བསྐྱུར། དམ་ཚིག་དགེ་མེད་སྡིག་མེད། འབྲས་བུ་གཉིས་མེད་ལྷུན་གྲུབ་འདི་ཉམས་སུ་བླངས་པར་བྱའོ། །ཅེས་ཟབ་དོན་ལས་གསུངས་སོ། ༈ །ཡང་གཅོད་འདི་ལ་ཕྱི་ནང་གསང་གསུམ་གྱིས་སྒོ་ནས་གཏན་ལ་ཕབ་དགོས་སྟེ། མ་ཅིག་གིས་ཞལ་ནས། གཉན་ས་རི་ཁྲོད་འགྲིམ་པ་ཕྱི་ཡི་གཅོད། །ཕུང་པོ་གཟན་དུ་སྐྱུར་བ་ནང་གི་གཅོད། །བདག་འཛིན་རྩད་ནས་གཅོད་པ་གསང་བའི་གཅོད། །ཅེས་གསུངས་པའི་དོན་ནོ། །ཡང་གཅོད་འདི་ལ་ཐེག་པ་ཆེན་པོའི་ལམ་གལ་ཆེ་སྟེ། མ་ཅིག་གིས། བྱམས་དང་སྙིང་རྗེ་སེམས་བསྐྱེད་གསུམ། །གཅོད་ཀྱི་གཞུང་ལམ་འགྲོ་ས་ཡིན། །ཅེས་གསུངས་སོ། །ཡང་གཅོད་འདི་ལ་ཐེམ་པ་གསུམ་གྱི་སོ་བཙུག་པ་ནི། དཀར་སྦྱོར་ལས། སྔ་ཐེམ་སྔ་རུ་མ་ནོན་ན། །དགྲ་ངན་དག་ལ་བྱ་ཤོར་འདྲ། །དེ་ལ་ཟིལ་ནོན་གནད་བདུན་དགོས། །ཅེས་པའི་དོན་ནི། གོང་དུ་ཟིལ་ནོན་གྱི་སྐབས་སུ་སོང་། །བར་ཐེམ་བར་དུ་མ་ནོན་ན། །དཔའ་བོའི་ལག་གིས་མཚོན་ཤོར་འདྲ། །དེ་ལ་རྡོ་རྗེའི་སྦྲུལ་ཞགས་དགོས། །ཅེས་གསུངས་པའི་དོན་ནི། གཞུང་གིས་འགྲོས་དང་མན་ངག་གི་གཅུན་ཐབས་དང་། འགྲོ་ན་རྡོ་གཏེས་བཟུང་བ་རྣམས་ཡིན་ནོ། །ཕྱི་ཐེམ་ཕྱི་རུ་མ་ནོན་ན། །ནོར་ལེན་ཕྱི་རྗེས་བསྙག་པ་འདྲ། །དེ་ལ་དམག་དཔོན་ཁྱུང་ནག་བཞག །ཅེས་གསུངས་པའི་དོན་ནི། རྗེས་ཆོག་གི་སྐབས་སུ་གསལ་ལོ། །ཡང་གཅོད་འདི་ལ། ཚད་རྣམ་པ་གསུམ་དང་ལྡན་དགོས་ཏེ། དེ་ཡང་རྣལ་འབྱོར་པའི་ཚད་གསུམ་དང་། ལྷ་འདྲེའི་ཚད་གསུམ་མོ། །དང་པོ་རྣལ་འབྱོར་པའི་ཚད་གསུམ་ལ། དང་པོ་འཐེན་ཚད་ནི། ཆོ་འཕྲུལ་དང་ཚར་ཚད་མ་བྱུང་གི་བར་དུ་གཅུན་པའོ། །གཉིས་པ་ལྷོད་ཚད་ནི། ཚར་ཚད་བྱུང་ཡང་ད་དུང་ཞག་རེ་མལ་དུ་བསྡད་ལ། མགོ་སྐོར་རྗེས་སྙོག་ཨེ་འོང་བརྟག་གོ། །གསུམ་པ་དཀྲོལ་ཚད་ནི། ཚར་ཚད་ལེགས་པོ་ཐོན་ནས་རྗེས་ཆོག་བྱེད་ནས་སྤོ་བར་བྱའོ། །གསུམ་པ་ལྷ་འདྲེའི་ཚར་ཚད་གསུམ་ནི། ཆོ་འཕྲུལ་དང་ཚར་ཚད་གསུམ་མོ། །ཡང་གཅོད་འདི་ལ་གནད་དགུ་དག་གིས་འཛེར་བསྡོམ་དགོས་ཏེ། དེ་ཡང་འདོན་མི་འབྲོས་པར་མྱུར་བའི་གནད། རོ་བསྲེས་དབྱིངས་བསྲེས་བསྡེབ་ན་ཆུན་གཅིག་ཏུ་ཆོད་པའི་གནད། མ་སློང་སློང་བའི་གནད། མ་འབྱེད་པ་འབྱེད་པའི་གནད། མ་བསྙོལ་ན་བསྙོལ་བའི་གནད། མགོ་སྐོར་མི་འོང་བའི་གནད། སློང་ཆེན་སྙེམས་ཞུགས་ལོག་ནོན་གྱི་གནད། གཙང་རྩོག་རོ་སྙོམ་འཇིགས་པ་ཐོག་རྫིས་ཀྱིས་གནད། དཀར་ནག་ཤན་འབྱེད་ལྷ་འདྲེ་རོལ་ཁྲིད་དང་དགུའོ། །འདི་རྣམས་གཞུང་གི་སྟོད་སྨད་བར་གསུམ་དུ་གསལ་ལོ། །ཡང་གཅོད་འདི་ལ་ཕཊ་བརྗོད་དགོས་པའི་དོན་ནི། དམ་པ་རྒྱ་གར་གྱིས། ཕཊ་ཀྱིས་གདམས་པ་འདི་ལ་བཅུ་གཉིས་སྟོན་པར་བྱེད་པ་འདི་ལ། ཕཊ་བསྐྱེད་པར་བྱེད་པའི་ཡུལ་གསུམ་དང་གཅིག །ཕཊ་འཕེལ་བར་བྱེད་པའི་གྲོགས་གསུམ་དང་གཉིས། ཕཊ་གཟེང་བསྟོད་པའི་དུས་གསུམ་དང་གསུམ། ཕཊ་ལྟ་བའི་གདེང་གསུམ་དང་བཞི། ཕཊ་བསྒོམ་པའི་ཉམས་གསུམ་དང་ལྔ། ཕཊ་སྤྱོད་པའི་ངེས་མེད་གསུམ་དང་དྲུག །ཕཊ་ཐོབ་པའི་འབྲས་བུ་གསུམ་དང་བདུན། ཕཊ་དྲན་པ་གསུམ་དང་བརྒྱད། ཕཊ་གསེང་བ་གསུམ་དང་དགུ། ཕཊ་བསྒྱུར་བ་གསུམ་དང་བཅུ། ཕཊ་རྒྱུན་ཆད་མེད་པ་གསུམ་དང་བཅུ་གཅིག །ཕཊ་ལ་བཟླ་བ་གསུམ་དང་བཅུ་གཉིས་སོ། །དེ་ལ་དང་པོ་ཕཊ་སྐྱེ་བར་བྱེད་པའི་ཡུལ་གསུམ་ནི། ཕྱི་སྣང་བའི་ཡུལ་ལ་ཆགས་ཞེན་སྐྱེས་ན་ཕཊ་བྱ། ནང་འཛིན་པའི་སེམས་ལ་ཉོན་མོངས་སྐྱེས་ན་ཕཊ་བྱ། བསྒོམ་པའི་དུས་བྱིང་རྨུག་སྐྱེས་ན་ཕཊ་བྱ། ཕཊ་སྐྱེ་བའི་ཡུལ་ནི་གསུམ་མོ། །ཕཊ་འཕེལ་བར་བྱེད་པའི་གྲོགས་གསུམ་ནི། རྒྱུད་པའི་བླ་མ་དང་མཇལ་དུས་སུ། བྱིན་རླབས་འཕེལ་བའི་གྲོགས་སུ་འགྲོ་བས་ཕཊ་བྱ། རི་ཁྲོད་འགྲིམས་པའི་དུས་སུ། དགེ་སྦྱོར་འཕེལ་བའི་གྲོགས་འགྲོ་བས་ཕཊ་བྱ། གཅིག་པུར་འགྲོག་པའི་དུས་སུ་ཉམས་མྱོང་འཕེལ་བའི་གྲོགས་སུ་འགྲོ་བས་ཕཊ་བྱ། ཕཊ་འཕེལ་བར་བྱེད་པའི་གྲོགས་གསུམ་མོ། །ཕཊ་གཟེང་བསྟོད་པ་གསུམ་ནི། མི་མང་པོའི་གསེབ་ནས་རིག་པ་ངར་ཅན་གཟེང་བསྟོད་དེ་ཕཊ་བྱ། རང་གཅིག་པོའི་དུས་སུ་དྲན་པས་གཟེང་བསྟོད་དེ་ཕཊ་བྱ། སྒོམ་པའི་དུས་སུ་གསལ་བ་ལ་གཟེང་བསྟོད་དེ་ཕཊ་བྱ། ཕཊ་གཟེང་སྟོད་པ་ལ་གསུམ་མོ། །ཕཊ་ལྟ་བའི་གདེང་གསུམ་ནི། དུས་གསུམ་མཐའ་བྲལ་རྟོགས་པས་ལྟ་བའི་གདེངས་ཏེ་ཕཊ་བྱ། ལྷུག་པར་རྟོགས་པས་ལྟ་བའི་གདེངས་ཏེ་ཕཊ་བྱ། གཉིས་མེད་བདེ་ཆེན་རྟོགས་པས་ལྟ་བའི་གདེངས་ཏེ་ཕཊ་བྱ། ཕཊ་ལྟ་བའི་གདེངས་གསུམ་མོ། །ཕཊ་བསྒོམ་པའི་ལམ་གསུམ་ནི། ཁྲོམ་གསེབ་ཏུ་བླ་མ་བསྒོམ་ཏེ་ཕཊ། རང་གཅིག་པུའི་དུས་སུ་དཔའ་བོར་བསྒོམ་སྟེ་ཕཊ་བྱ། ལས་བྱེད་ཀྱི་དུས་སུ་དུམ་བུར་བསྒོམ་སྟེ་ཕཊ་བྱ། ཕཊ་བསྒོམ་པའི་ལམ་གསུམ་མོ། །ཕཊ་སྤྱོད་པའི་ངེས་པ་མེད་པ་གསུམ་ནི། དུས་ལ་ངེས་པ་མེད་དེ་ཕཊ་བྱ། གནས་ལ་ངེས་པ་མེད་དེ་ཕཊ་བྱ། གྲོགས་ལ་ངེས་པ་མེད་དེ་ཕཊ་བྱ། ཕཊ་སྤྱོད་པ་ངེས་མེད་གསུམ་མོ། ཕཊཿཀྱི་འབྲས་བུ་གསུམ་ནི། སེམས་ལ་རྟོགས་པ་མེད་པས་རྟོགས་པའི་འབྲས་བུ་ཆོས་སྐུ་ཐོབ་དེ་ཕཊ་བྱ། ངག་སྒྲ་ལ་རང་བཞིན་མེད་པར་རྟོགས་པས་འབྲས་བུ་ལོངས་སྐུ་ཐོབ་སྟེ་ཕཊ་བྱ། ལུས་ཀྱིས་སེམས་ཅན་གྱི་དོན་བྱེད་ནུས་པས་འབྲས་བུ་སྤྲུལ་སྐུ་ཐོབ་སྟེ་ཕཊ་བྱ། ཕཊ་ཐོབ་པར་བྱེད་པའི་འབྲས་བུ་གསུམ་མོ། །ཕཊ་དྲན་པ་གསུམ་ནི། གསོལ་འདེབས་ཀྱི་དུས་བླ་མ་དྲན་པར་བྱ་སྟེ་ཕཊ་བྱ། བསྐྱེད་རིམས་ཀྱི་དུས་སུ་ཡི་དམ་དྲན་པར་བྱས་ཏེ་ཕཊ་བྱ། འཇིགས་པར་འགྲོ་བའི་དུས་སུ་ཌཱ་ཀི་དྲན་པར་བྱ་སྟེ་ཕཊ་བྱ། ཕཊ་དྲན་པ་གསུམ་མོ། །ཕཊ་གསེང་བ་གསུམ་ནི། ལུས་བྱིང་ན་ཕྱག་དང་བསྐོར་བས་གསེང་དེ་ཕཊ་བྱ། ངག་བྱིང་ན་མདོ་དང་སྙིང་པོས་གསེང་དེ་ཕཊ་བྱ། སེམས་བྱིང་ན་ཏིང་ངེ་འཛིན་གྱིས་བསིང་དེ་ཕཊ་བྱ། ཕཊ་གསེང་བ་གསུམ་མོ། །ཕཊ་བསྒྱུར་བ་གསུམ་ནི། ལུས་ཀྱི་བྱ་བ་བསྒྱུར་དེ་ཕཊ་བྱ། ངག་གི་ཅལ་ཅོལ་བསྒྱུར་ཏེ་ཕཊ་བྱ། སེམས་ཀྱི་དྲན་རྟོགས་བསྒྱུར་ཏེ་ཕཊ་བྱ། ཕཊ་བསྒྱུར་བ་གསུམ་མོ། །ཕཊ་རྒྱུན་ཆད་མེད་པ་གསུམ་ནི། ལུས་ཟག་བཅས་ཀྱི་དགེ་བ་རྒྱུན་ཆད་མེད་དེ་ཕཊ་བྱའོ། །ངག་བཟླས་བརྗོད་རྒྱུན་ཆད་མེད་དེ་ཕཊ་བྱའོ། །སེམས་ཏིང་ངེ་འཛིན་ལ་རྒྱུན་ཆད་མེད་དེ་ཕཊ་བྱའོ། །ཕཊ་རྒྱུན་ཆད་མེད་པ་གསུམ་མོ། །ཕཊ་ལ་བཟླ་བ་གསུམ་ནི། གཞི་གཉིས་མེད་ཤེས་པ་ལ་ལྟ་བ་མེད་དེ་ཕཊ་བྱ། རྩ་བ་མཐོང་བ་ལ་བསྒོམ་པ་མེད་དེ་ཕཊ་བྱ། དོན་རྟོགས་པ་ལ་རྣམ་སྨིན་མེད་དེ་ཕཊ་བྱ། ཕཊ་ལ་བཟླ་བ་གསུམ་མོ། །དམ་པ་རིན་པོ་ཆེས་མཛད་པའི་ཕཊ་ཆོས་སུམ་ཅུ་སོ་དྲུག་གོ། ༈ །དགུ་པ་མཁའ་འགྲོ་སྡེ་ལྔའི་མངོན་རྟོགས་ཀྱི་ཆིང་ནི། མཁའ་འགྲོ་སྡེ་ལྔའི་ཚོགས་ལས་ཟུར་དུ་ཡོད་པས་དེར་གསལ་ལོ། །བཅུ་པ་དབང་བསྐུར་ཆོས་སྒོ་འབྱེད་པའི་ཆིང་ནི། མཁའ་འགྲོ་སྡེ་ལྔའི་དབང་ཆོག་ཟུར་དུ་ཡོད་པས་དེར་གསལ་ལོ། །བཅུ་གཅིག་པ་ངོ་སྤྲོད་ནམ་མཁའ་གོ་འབྱེད་ཀྱི་ཆིང་ནི། ངོ་སྤྲོད་ནམ་མཁའ་སྒོ་འབྱེད་ཟུར་དུ་ཡོད་པས་དེར་གསལ་ལོ། །བཅུ་གཉིས་པ་ལས་བཞི་སྦྱིན་བསྲེགས་ཀྱིས་ཆིང་ནི་ལོགས་སུ་ཡོད་པ་ལ་གསལ། བཅུ་གསུམ་པ་ལྷན་ཐབས་གནད་ཀྱིས་ཕྲེང་བས་ཆིང་། བཅུ་བཞི་དམ་པའི་འཕྲུལ་གཅོད་ཀྱི་ཆིང་། བཅོ་ལྔ་པ་གཅོད་ཁྲིད་གསལ་སྒྲོན་གྱི་ཆིང་དང་གསུམ་ནི་ཟུར་དུ་གསལ་ལོ། །ཡང་ལུས་ལ་ནད་མེད་དང་ཞིང་གཅོད་ཡིན་ན་ཐོག་མའི་ཟིལ་ནོན་འཕེན་ས་དབང་སྡུད། དམར་འགྱེད་ལ་སོགས་པའི་ནད་གཅོད་ཐབས་དང་བཅས་པ་གཅིག་ཀྱང་མི་དགོས། དེ་ན་ཅི་བྱེད་ན་ཐོག་མ་སེམས་བསྐྱེད་དང་། གནས་ཚུལ་བཞི་དང་། བར་དུ་སྐྱབས་འགྲོ་སེམས་བསྐྱེད་གསོལ་འདེབས་བདུད་རྩི་དཀར་འབྱེད། དམར་འགྱེད་འདོད་ཡོན་ལྔ་ལ་དམིགས་པ་དུས་རེ་ལ་ཉི་ཤུ་རྩ་གཅིག་དང་། གཏོར་གཞོང་མས་བསྔོ་བ་སྨོན་ལམ་དང་། གཏོར་ལེན་གོང་དུ་ཡོད་པ་ལྟར་སྤྱི་སྐབས་བྱའོ། །ནད་ཅན་གཉན་མིག་བཙལ་བ་དང་། ནད་མེད་དགེ་སྦྱོར་སྐྱོང་བ་གཉིས། ཞི་དྲག་གཅུན་ཐབས་སོ་སོར་གཅེས། ཞེས་གསུངས་པའི་དོན་ནོ། །དེ་རྣམས་ཀྱིས་དངོས་གཞི་ཉམས་ལེན་གྱིས་རིམས་པ་སོང་། ༈ སྤྱི་དོན་གསུམ་པ་རྗེས་ཀྱི་ཆོ་ག་ནི། ནང་པར་སྔ་མོ་ནས་དཔོན་སློབ་ཀུན་གྱིས་གཉན་སར་གར་འགྲོ་སར་ཟིལ་གནོན་གོང་བཞིན་འཕངས། དེ་ནས་དཔོན་སློབ་ཀུན་གྱི་གཅོད་ཐུན་སྐོར་གཅིག་རྫོགས་པ་དང་། དེམ་བྱེད་དེ་ནི་ཁྲ་ཐེར་བྱེད་ཅིང་། ཟིལ་ནོན་ནང་མ་བསྡུ་བ་ནི། ཤར་ནས་རྔ་རྐེ་རིམས་པར་གཡས་བསྐོར་དུ་བསྡུ་ཞིང་། ཤར་དུ་བུདྡྷ་ཌཱ་ཀི་ནི་ཧཱུྃ། ཅེས་བརྗོད་ཅིང་། སངས་རྒྱས་མཁའ་འགྲོ་བདག་གིས་ཐུགས་ཀར་བསྡུ། དེ་བཞིན་དུ་ལྷོར་རཏྣ་ཌཱ་ཀི་ནི་ཧཱུྃ། རིན་ཆེན་མཁའ་འགྲོ་བདག་གི་ཐུགས་ཀར་བསྡུ། ནུབ་དུ་པདྨ་ཌཱ་ཀི་ནི་ཧཱུྃ། པདྨ་མཁའ་འགྲོ་བདག་གི་ཐུགས་ཀར་བསྡུ། བྱང་དུ་ཀརྨ་ཌཱ་ཀི་ནི་ཧཱུྃ། ལས་ཀྱི་མཁའ་འགྲོ་བདག་གི་ཐུགས་ཀར་བསྡུ། ཁྲ་ཐེར་བཟོ་བའི་དུས་སུ་བཛྲ་ཌཱ་ཀི་ནི་ཧཱུྃ་བརྗོད་ཅིང་། རྡོ་རྗེ་མཁའ་འགྲོ་བདག་གི་ཐུགས་ཀར་བསྡུ། དེ་ནས་ཕཊ་བརྗོད་ཅིང་། སྟན་བཀྱག་ནས་སྔར་རྡོ་གཏེལ་ཁྲིད་ཟིན་ཡོད་ན། ལེན་ནས་སྐུད་པ་དཀྲོལ་ཞིང་ཟུར་དུ་བཞག །ལྕགས་ཁང་ནང་གི་གནས་གདོན་ལུས་གདོན་རྣམས། རྒྱ་གྲོག་ཚང་ལ་རྡོག་རྟོ་ཕོག་པ་བཞིན་དུ། ལྕགས་ཁང་གི་ཁར་ཟིངས་ཀྱི་བུད་ནས་ཕྱིའི་ལྷ་འདྲེ་རྣམས་དང་ལྷན་ཅིག་ཏུ་ཡོད་པར་བསྒོམ། དེ་ཡང་དཀར་ནག་ཤན་འབྱེད་ལྷ་འདྲེ་རོལ་ཁྲིད་ཀྱིས་གནད་ཅེས་གསུང་པས། ཕཊ་བརྗོད་པ། རང་ཉིད་ཁྲོས་མ་ནག་མོར་བསྒོམ་པའི་མདུན་དུ་རྡེའུ་གཅིག་བཞག་ལ། ངག་ཏུ། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། ཅེས་སོགས་ཀྱི་མཐར། ལྷ་འདྲེ་ཁྱེད་རྣམས་ཀྱིས་ནང་ནས་བདག་ཅག་རྣལ་འབྱོར་པའི་བཀའ་ལ་མི་ཉན་པ་གསུང་ལ་མི་བསྟོད་པ། དངོས་གྲུབ་མི་སྟེར་བ། ཕྲིན་ལས་མི་སྒྲུབ་པ། མགོ་བསྐོར་རྗེས་སྙོག་ཕྱིར་འབྲང་བྱེད་པ་ཡི་ལྷ་འདྲེ་གང་ཡིན་པ་ཐམས་ཅད་རྡེའུ་འདི་ལ་ཁུག་ཅིག །ཨངྐུ་ཤ་ཛ། ཅེས་འགུག་འདྲེན་མང་དུ་བྱའོ། །སྐུད་པས་དཀྲིའོ། །དེ་ནས་བླང་ནས་གཅོད་རལ་བའི་སྐབས་ཀྱི་རྡོ་གཏེལ་བཟུང་ནས་ཁྱེར་ལུག་དང་མཐུན་ནོ། །དེ་ནས་ཁྲེས་སེ་བསྒྲིག་པ་ཡིན་ཏེ། གལ་ཏེ་ཆར་པ་བབས་ན་ཀུན་གྱི་མལ་སྟན་ཕུད་ཅིང་ཕཊ་བརྗོད་པ་ཙམ་གྱིས། རང་ཉིད་རྗེ་བཙུན་མ་སྐུ་མདོག་དམར་མོ་རེ་རེ་བསྒོམ་ལ། ཀུན་གྱི་ཤིང་ཕྲ་མའི་ལྕགས་མཚན་གྱིས་གོ་ཁ་བཤད་ཅིང་ཕཊ་བརྒྱ་བརྗོད། ངེད་འདི་ནས་ཚེར་སྤོ་བ་ཡིན་པས། གནས་སུ་མ་ཕེབ་ཀྱི་བར་དུ་ཁ་ཆར་མ་བཏང་ཅིག །ཅེས་བརྗོད། དེའི་དམིགས་པ་ནི། དེར་གནས་པའི་ས་བདག་ཀླུ་གཉན་རྣམས་བྲ་མའི་ལྕགས་ཚན་གྱིས་བཤད་ནས་ཁ་ཆར་མི་བཏང་བར་ཁས་བླངས་ཏེ། དེ་རྣམས་ཀྱི་དབང་པོ་སྒོ་ལྔ་ནས་མེ་དམར་ཕྱུ་རུ་རུ་འབར་ནས། སྣང་སྲིད་ལྷ་ཀླུ་ས་བདག་རྣམས་ཚིག་ལ་ཁད་དེ་ཆར་བཅད་པས། ནམ་མཁའ་དྭངས་ཞིང་ཉི་མ་ཚ་བར་བསྒོམ། ཀུན་གྱིས་དེ་ལྟར་ཉམས་སུ་ལེན་པ་གལ་ཆེ་བ་ཡིན། དེ་ནས་ཁལ་རྟ་ཡོད་ན་བཀལ་ཐོན་པ་དང་། དེ་ཡང་། རྗེས་ལ་དག་པ་རྣམ་གསུམ་ནི། རྗེས་ཆོག་བྱས་པས་སྣང་སྲིད་དག །ཅེས་གསུངས་པས། ཕཊ་བརྗོད་པ་ཙམ་གྱིས་སྔར་གྱི་ལྕགས་ཁང་དེ་ཉིད་ཡོངས་སུ་འགྱུར་པ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ས་གཞི་འདོད་ཡོན་སྣ་ཚོགས་འབྱུང་བ་བཞི་རུ་བསྐྱེད་ལ། དེའི་སྟེང་དུ་རང་དང་ལྷ་འདྲེ་ཐམས་ཅད་སློབ་དཔོན་སློབ་བུའི་ཚུལ་དུ་བསྒོམ། དེ་ནས་རང་ཉིད་མལ་གྱི་ཉལ་སར་སྐྱིལ་ཀྲུང་བཅས་ནས་བསྡད་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྐྱབས་འགྲོ་དང་སེམས་བསྐྱེད་དེ། སྭ་བྷ་ཝས་སྟོང་པར་གྱུར་པའི་ངང་ལས། བྷྲཱུཾ་ལས་རིན་པོ་ཆེ་སྣ་ཚོགས་གྲུབ་པའི་ས་གཞི་རྣམ་པར་དག་པའི་དབུས་སུ། པཾ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་ཧྲཱིཿདཀར་པོ་འོད་ཟེར་ཀུན་ཏུ་འཕྲོ་བ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད། སེམས་ཅན་ཐམས་ཅད་སྨིན་འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས་བདག་ཉིད་ཐུགས་རྗེ་ཆེན་པོ་ཁ་སར་པ་ནི་སྐུ་མདོག་དཀར་པོ་ཞལ་ཅིག་ཕྱག་གཉིས་པ། གཡས་མཆོད་སྦྱིན། གཡོན་པདྨ། དར་དང་རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ། ཞབས་སེམས་དཔའི་སྐྱིལ་ཀྲུང་དུ་བཞུགས་པའི་དབུ་ལ། ཟླ་བའི་གདན་ལ་བླ་མ་འོད་དཔག་མེད་བཞུགས་པ། དེ་གཉིས་ཀྱི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཟླ་བའི་སྟེང་ཧྲཱིཿ ཧྲཱིཿལས་འོད་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྱན་དྲངས་བཛྲ་ས་མ་ཡ་ཛ་ཛཿ ཛཿཧཱུྃ་བཾ་ཧོཿ ཡེ་ཤེས་པ་དང་དམ་ཚིག་པ་གཉིས་སུ་མེད་པ་ལས་མཆོད་པ་ནི། ༀ་བཛྲ་ཨརྒྷཾ་པྲ་ཏིཙྪ་ཡེ་སྭཱ་ཧཱ། ཅེས་སོགས་ཀྱིས་མཆོད་ནས། སྐྱོན་གྱི་མ་གོས་སྐུ་མདོག་དཀར། ཅེས་སོགས་ཀྱིས་བསྟོད་ནས། རང་གི་ཐུགས་ཀའི་ཧྲཱིཿའི་མཐའ་བསྐོར་དུ། ཡི་གེ་དྲུག་པས་གཡས་སུ་འཁོར་བར་བསམ། དེ་ནས་ངག་ཏུ་ༀ་མ་ཎི་པདྨེ་ཧཱུྃ། ཅེས་བརྒྱ་རྩ་བརྒྱད་བགྲང་ཞིང་། ཡིད་ཀྱི་ཐུགས་ཀའི་ཡི་གེ་དྲུག་པ་ལས་འོད་ཟེར་བདུད་རྩིའི་འདོད་ཡོན་ཕུན་སུམ་ཚོགས་པར་སྤྲོས་པས་གནས་གདོན་ལུས་གདོན་སྣང་སྲིད་ཀུན་དེར་གནས་པའི། ལྷ་འདྲེ་རྣམས་ཀྱི་སྡིག་སྡུག་ནད་དང་བསྣད་ཡར་རྨས་འགྲམ། གནས་ཁང་ཞིག་རལ། ནོར་གྱི་ཤོར་གོད་ལ་སོགས་སོས་ནས། ལུས་ཀྱི་ལང་ཚོ་བཀྲག་མདངས་དང་ལྡན་ཞིང་ལྷ་འདྲེ་རང་དང་གནས་ཁང་དང་ལོངས་སྤྱོད་ཀྱིས་ལྷ་འདྲེ་གཞན་གྱིས་ལུས་དང་གནས་ཁང་ལོངས་སྤྱོད་ཐམས་ཅད་ཟིལ་གྱིས་མནན་པར་བསམ་མོ། །དེ་ནས་ཡུམ་ཆེན་གྱིས་རྗེས་ཆོག་ནི། ཕཊ་རང་ཉིད་མ་ཅིག་དཀར་མོ། ཕཊ་མདུན་དུ་ཡུམ་ཆེན་སེར་མོ། ཕཊ་བར་དུ་སྣང་སྲིད་ལྷ་འདྲེ་རྣམས་བསམ་མོ། །མ་ཅིག་ཡུམ་ཆེན་གཉིས་ཀྱི་ཐུགས་ཀའི་ཨ་དཀར་སེར་ལས་འོད་ཟེར་ལ་སོགས་སྔར་ལྟར་བབས་པས། སྣང་སྲིད་ཀྱི་དོན་སྔར་ལྟར་བསམ་ཞིང་། ཕཊ་ཅེས་སོགས་དང་། དམིགས་པ་བརྒྱ་རྩ་བརྒྱད་དང་། ༀ་ག་ཏེ་གང་སྐབས་བཟླའོ། །ཡུམ་ཆེན་རྗེས་ཆོག་གོ། །དེ་ནས་ཕཊ་གཉིས་བཟླས་པ་ཙམ་གྱིས་གཅིག་གིས་སྣང་སྲིད་ལྷ་འདྲེ་ཐམས་ཅད་མཉེས་ནས། ལྷ་འདྲེ་རྣམས་ཀྱིས་བྱིས་པ་དཀར་མཛེས་ཡིད་དུ་འོང་བའི་རོ་གཅིག་རང་ལ་འཆི་བ་མེད་པ་ཚེའི་དངོས་གྲུབ་ཏུ་ཕུལ་བར་བསམ། གཅིག་གིས་ཡུམ་ཆེན་རང་ལ་ཐིམ་ནས། རང་ཉིད་རྗེ་བཙུན་མ་དམར་པོ་གཅིག་ཏུ་གྱུར་པའི་གྲི་གུག་གིས་རྩེ་མོས་རོ་དེ་བླངས་ནས་གཡོན་གྱི་ཀ་པཱ་ལའི་ནང་དུ་བཅུག་སྟེ། གྲི་གུག་གིས་རྒྱབ་པ་དམར་ཉོབ་ཀྱིས་སོང་བར་བསམ། ངག་ཏུ་རཾ་ཡཾ་ཁཾ་གསུམ་བརྗོད་པ་ཙམ་གྱིས་ཐུགས་ཀ་ནས་མེ་ཆུ་རླུང་གསུམ་སྤྲོས་པས། ཤ་ཁྲག་གི་དངོས་པོ་སྲེག་སྦྱོང་བཀྲུས་ནས་དྭངས་མ་ལ་ༀ་ཨཱཿཧཱུྃ། གཉིས་བརྗོད་པ་ཙམ་གྱིས་གཅིག་གིས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་གྱུར་པར་བསྒོམ། གཅིག་གིས་རང་གི་འཐུང་བ་ཙམ་གྱིས་གཟི་བརྗིད་ལོངས་སྤྱོད་ཕུན་སུམ་ཚོགས་ཏེ། ཚེའི་དངོས་གྲུབ་ཏུ་གྱུར་པར་བསྒོམས། ཞེས་དངོས་གྲུབ་བླང་ངོ་། །དེ་ནས་ཡིག་བརྒྱ་བསྔོ་བས་དགེ་རྩ་དག །ཅེས་གསུང་པས། མ་འབྱོར་པ་དང་ཉམས་པ་དང་། གང་ཡང་བདག་བློ་གཏི་མུག་པས། །ལེགས་སྤྱོད་འདི་ལ་ཉེས་བྱས་གང་། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པ། །དེ་ཀུན་གནས་བདག་རྣམས་ཀྱིས་བཟོད་པར་གསོལ། །གང་ཡང་བདག་ཅག་ལས་དང་པོ་པའི་སེམས་ཅན་དུ་གྱུར་པས། གཅོད་ཡུལ་ཉམས་སུ་བླང་བ་ལ། ཆད་པ་དང་ལྷག་པ་གོང་འོག་འཁྲུག་པ་ཏིང་ངེ་འཛིན་མི་གསལ་བ། མཆོད་པའི་དངོས་པོ་ཆུང་ཞིང་ངན་པ་གཙང་སྦྲས་ལ་ཕྱེད་པ། མདོར་ན་ཉེས་པའི་ཚོགས་ཅི་མཆིས་པ་ཐམས་ཅད་བཟོད་པར་མཛད་དུ་གསོལ། ༀ་བཛྲ་ས་ཏྭ་ས་མ་ཡ་ཅེས་སོགས་ཡི་གེ་བརྒྱ་པ་ལྷག་ཆད་ཁ་བསྐང་བར་བྱའོ། །དེ་ནས་བསྔོ་བ་ནི། ཟབ་དོན་ཐུགས་སྙིང་ལས་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། གྲུབ་ཐོབ་གཅོད་ཀྱི་བརྒྱུད་པའི་བླ་མ་ཐམས་ཅད་བདག་དང་སྣང་ཞིང་སྲིད་པའི་ལྷ་འདྲེ་ཐམས་ཅད་ལ་དགོངས་སུ་གསོལ། ལྷ་འདྲེ་ཁྱེད་རྣམས་ཀྱིས་དང་པོ་བདག་ལ་ཆོ་འཕྲུལ་གདུག་རྩུབ་བསྟན་ཞིང་གནོད་པ་བསྐྱལ་བ་དང་། ཕྱི་ནས་གུས་པར་འདུད་ཅིང་ཕན་བཏག་པ་དང་། བདག་གིས་ཀྱང་ཁྱེད་རྣམས་ལ་སྤྱོད་ལམ་འཇམ་པོས་ལུས་སྦྱིན་པར་བཏང་བ་དང་། སྤྱོད་ལམ་རྩུབ་མོས་གནོད་པ་བསྐྱལ་བ་ལ་སོགས་པ་ཐབས་སྣ་ཚོགས་ཀྱིས་སྒོ་ནས་ལྷ་འདྲེ་བྱང་ཆུབ་ཀྱི་ལམ་ལ་བཀོད་པའི་དགེ་བའི་རྩ་བ་ལ་བརྟེན་ནས་ལྷ་འདྲེ་ཁྱེད་རྣམས་ཀྱི་རྒྱུད་ལ་ཡོད་པའི་བསམ་སྦྱོར་ཉོན་མོངས་པའི་གདུག་རྩུབ་ཐམས་ཅད་ཞི་ནས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །ཁྱེད་རྣམས་ཀྱིས་བདག་ལ་མཐོ་མཚམ་ཞིང་གནོད་པ་བསྐྱལ་བ་དང་། ཕྱིས་ནས་ཆོས་བྱས་ཅིང་གུས་པར་བཏུད་པའི་དགེ་བའི་རྩ་བ་ལ་བརྟེན་ནས། རྒྱལ་པོ་བྱམས་པའི་སྟོབས་དང་། གནོད་སྦྱིན་ཤ་ཟ་སྤུན་ལྔ་བཞིན་དུ། བདག་གིས་འཁོར་གྱི་འདུས་པ་དང་པོར་གྱུར་ཅིག །ཁྱེད་རྣམས་ཀྱིས་ལས་ངན་གྱི་སྒྲིབས་པ་བག་ཆགས་དང་བཅས་པ་སྐད་ཅིག་ཉིད་ལ་བྱང་ཞིང་དག་ནས་ཀུན་མཁྱེན་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག །རྣལ་འབྱོར་པ་བདག་གིས་ཀྱང་ལྷ་འདྲེ་ཁྱེད་རྣམས་ལ་ལུས་སྦྱིན་པ་བཏང་བ་དང་། བྱམས་པའི་སེམས་ཀྱིས་ཁྱེད་རྣམས་རྗེས་སུ་བཟུང་བའི་དགེ་བའི་རྩ་བ་ལ་བརྟེན་ནས། རྒྱལ་པོ་ཟླ་འོད་དང་། རྒྱལ་བུ་དགེ་དོན་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་མྱུར་དུ་རྫོགས་ནས་རང་གཞན་ཐམས་ཅད་དོན་གཉིས་ལྡན་པའི་སངས་རྒྱས་རིན་པོ་ཆེ་མྱུར་དུ་ཐོབ་པར་གྱུར་ཅིག །ཅེས་བསྔོ་བ་བྱའོ། །སྤྱིར་རྗེས་ཆོག་འདི་རྣམས་གཟབ་ན་གཅོད་ལམ་དུ་འགྲོ་བ་ཡིན་པས། ཤིན་ཏུ་གལ་ཆེའོ། །དེ་ནས་བཀྲ་ཤིས་ནི། བཅོམ་ལྡན་ཤཱཀྱ་ཐུབ་པ་ཡིས། ཅེས་སོགས་གོང་དུ་གཏོར་གཞོང་མའི་འགབ་ཏུ་ཡོད་པའི་བཀྲ་ཤིས་དེ་ལྟར་བྱའོ། །དེ་ནས་སྔར་རྡོ་གཏེལ་ཁྲིད་ནས་ཡོད་ན། རང་གི་ཡིག་དྲུག་བཟླ་ཞིང་རྡོ་གཏེལ་ལ་ཕུ་བྱེད་ཅིང་། རྡོ་གཏེལ་དེ་ཐུགས་རྗེ་ཆེན་པོར་བྱིན་གྱིས་རླབས་ལ་དཀར་ཐ་ར་ར་རང་རང་གི་གནས་སུ་ཐལ་བར་བསྒོམ་ལ། སྔར་གྱི་གཉན་ས་དེ་ལ་རང་གི་རྒྱབ་བསྟན་ནས་རྡོ་གཏེལ་རྒྱབ་ཏུ་འཕང་ངོ་། །དེ་ནས་ཐབ་ཁ་མལ་བསྡུད་གཉན་མིག་དག །ཅེས་གསུངས་པས། ཀཾ་ཀ་ནི་དང་ཡིག་བརྒྱ་བརྗོད་ཅིང་། ཉལ་ས་དང་ཐབ་ཁ་བཤིག་གོ། །དེ་ནས་ལྷ་འདྲེ་རྣམས་ལ་རྟེན་གྱི་སྐྱེལ་དར་བཞག་པ་ནི། རྡོ་ལ་ཡིག་དྲུག་བརྐོ་ལ་ཐུགས་རྗེ་ཆེན་པོར་བསྒོམ། ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། གཉན་ས་འདིར་གནས་པའི་སྣང་སྲིད་ཀྱི་ལྷ་འདྲེ་བཀའི་ལྷ་མ་སྲིན་སྡེ་བརྒྱད་རྣམས་ཀྱིས་ཡི་གེ་འདི་ཕྱག་འཚལ་བའི་རྟེན། མཆོད་པ་འབུལ་བའི་གནས། གསོལ་བ་བཏབ་པའི་ཡུལ་དུ་འབྱུང་བར་གྱུར་ཅིག །ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཕཊ། འཇུག་བསྡུད་ཕྱིར་བཞག་རྣམ་གསུམ་ནི། །ཤ་སོགས་སྣང་སྲིད་བཞག་པ་གཅེས། །ཅེས་གསུངས་པས། ཕཊ་གཅིག་བྱས་པ་ཙམ་གྱིས་རང་གི་ཤ་ཁྲག་ཉིལ་གྱིས་སོང་སྟེ། གཉན་ས་སྟིམ་གྱིས་གང་ནས་མལ་དུ་ལྷ་འདྲེ་རྣམས་ཀྱིས་བསྒོ་བཤའ་བྱེད་པར་བསམ་ལ། ངག་ཏུ་བདག་གིས་གནས་པོ་ཆེན་པོ་གནས་བདག་ཆེན་པོ་འདི་རྣམས་ལ། ཁྱོད་སྣང་ཞིང་སྲིད་པའི་ལྷ་འདྲེ་ཐམས་ཅད་ཀྱིས་གནོད་དང་འཚེ་བ་མ་བྱེད་གཅིག །གལ་ཏེ་བདག་གིས་གནས་པོ་འདི་ལ་གནོད་པ་བྱས་ན། ཡེ་ཤེས་ལྷའི་དམག་ཚོགས་འདྲེན། གནམ་ལྕགས་རྡོ་རྗེའི་སྒྱོག་རྒྱབ། ཡུང་དཀར་དྲག་པོའི་ཐུན་བརྡེག །འཁོར་ལོ་འབར་བས་རྩིབ་ལ་སྐྱོན། དེ་བས་ལོངས་སྤྱོད་ཆེན་པོ་འདིས་ཚིམ་པར་གྱིས་ལ། སྤྱིའི་ལྷ་འདྲེ་ཐམས་ཅད་ཀྱིས་གནས་བདག་འདི་རྣམས་ལ་གནོད་འཚེ་མ་བྱེད་ལ། དགའ་མགུར་བྱང་ཆུབ་ཀྱི་སེམས་དང་ལྡན་ནས། སོ་སོ་རང་རང་གི་གནས་སུ་གྱེས་ཤིག །ཅེས་བརྗོད། ཤེས་པ་ཀེང་རུས་གར་བྱེད་གཅེས། བཞད་པའི་གད་རྒྱང་བཅུ་གཉིས་གཅེས། ཅེས་གསུངས་པས། ཕཊ་ཅེས་བརྗོད་པས་ཁྲོས་མ་དགུ་ལ་སོགས་པའི་ཕྱི་ཡི་ཟིལ་ནོན་ཐམས་ཅད་བདག་གིས་ཐུགས་ཀར་བསྡུ། དེ་ནས་འགྲོ་བ་དང་སྤྲད་ལ་ཕཊ་གཅིག་བརྗོད་པས་རང་གི་རུས་པ་ཕྱི་ན་ཤ་དང་ཆུ་རྒྱུས་མེད་པ། ནང་ན་རྐང་དང་ལྷ་བ་མེད་པའི་རུས་པ་དཀར་སི་ལི་བ། རྐང་དང་ལྷ་བ་ལྷུ་ཚིག་གི་བར་ན་མེ་ལྷབ་ལྷབ། དུ.བ་ཐུལ་ཐུལ་བྱེད་པ་གར་ཁྱུག་ཁྱུག་བྱེད་ནས་ངག་ཏུ། ཧ་ཧ། ཧི་ཧི། ཧུ་ཧུ། ཧེ་ཧེ། ཧོ་ཧོ། ཧཾ་ཧ། ཅེས་པ་བཞད་པའི་གད་རྒྱང་བཅུ་གཉིས་སྒྲོག་ཅིང་། ཕྱི་བལྟས་མི་བྱེད་ཅིང་གཉན་ས་མ་བུད་ཀྱི་བར་དུ་འགྲོ་བ་ཡིན། དེ་ནས་ཕ་ལྟའི་གཉན་མགོ་མཐོང་བ་དང་། དབང་བསྡུད་ལ་སོགས་གོང་དང་འདྲ་བ་ཡིན། གཅོད་འཕྲོ་མི་བཅད་ན་གོང་གི་དེ་ལྟར་བྱེད་པ་ཡིན་ལ། གཅོད་འཕྲོ་བཅད་ནས་ཁྱིམ་དུ་འགྲོ་ན། གོང་ལྟར་རྡོ་གཏེལ་བཟུང་མི་དགོས། གད་རྒྱང་བཅུ་གཉིས་སྒྲོག་ཅིང་། ཡར་མར་མི་མཐོང་བའི་ས་མཚམས་སུ་ཁྱུང་ནག་བཞག་དགོས་ཏེ། དཀར་སྦྱོར་ལས། ཕྱི་ཐེམ་ཕྱི་རུ་མ་ནོན་ན། ནོར་ལེན་ཕྱི་རྗེས་སྙག་པ་འདྲ། དེ་ལ་དམག་དཔོན་ཁྱུང་ནག་བཞག །ཅེས་གསུངས་པས་ཡར་གཉན་ས་མི་མཐོང་། མར་ཁང་པ་མི་མཐོང་བའི་མཚམས་སུ། ཐོ་གཅིག་བརྩིག་ལ་བྱ་ཁྱུང་གི་སྐུའམ། ཁྲོཾ་བྲིས་ལ་ཁ་ཕྱི་རྗེས་སུ་བསྟན་ནས་བཞག་ལ། ངག་ཏུ་ཁྲོཾ་ཁྲོཾ་ཞེས་བརྗོད་པས་བྱ་ཁྱུང་ནག་པོ་མེའི་གཤོག་པ་ཅན་གསུམ་གྱིས་ལག་སྦྲེལ་ནས་ཁ་ཕྱི་རྗེས་སུ་གྱུ་ནས་ཡོད་པར་བསྒོམ། དེ་ནས་ཕཊ་བརྗོད་པས་རང་དང་གནས་ཁང་གི་བར་ལ་འོད་སྣམ་ཤར་ཙམ་གྱིས་འབྲེལ་པའི་ལམ་ལ། ཕཊ་བརྗོད་པས། རང་གི་རྣམ་པར་ཤེས་པའི་ངོ་བོ་གསེར་གྱི་རྡོ་རྗེ་རྩེ་ལྔ་པར་གྱུར་ནས་ཧྲི་ལི་ལི་འོད་ཀྱི་ལི་ལི་སོང་ནས་ཁྱིམ་དུ་ཕྱིན་པར་བསྒོམ་མོ། །ནད་པ་མི་སྐྱ་ཕོ་མོ་དང་། གཅོད་དམིགས་བཟུང་མི་ཤེས་པ་ཡིན་ན། རྗེས་ཆོག་གི་བྱེད་ལས་ཐམས་ཅད་གཅོད་དཔོན་གྱི་རོག་བྱེད་དགོས་སོ། །སྤྱིར་གཅོད་བྱེད་པ་ལ་གཅོད་མགོ་དང་། གཅོད་འཕྲོ་གཟབ་པ་རྣལ་འབྱོར་དམ་ཚིག་ཡིན། ཅེས་གསུངས་པས། གཅོད་འཕྲོ་གཅོད་ནས་ཁྱིམ་དུ་འགྲོ་བསམ་པའི་གཉན་ས་དེ་ལ་སློང་ཚད་དང་ཆོད་ཚད་ཚུལ་བཞིན་དུ་ཐོན་པ་གལ་ཆེའོ། །དེས་རྗེས་ཀྱི་བྱ་བ་སོང་། དེ་ལྟར་སྦྱོར་དངོས་རྗེས་གསུམ་གཅིག་ཏུ་དྲིལ་བའི་སྒོ་ནས། བདུད་ཀྱི་གཅོད་ཡུལ་དགོས་འདོད་ཀུན་འབྱུང་རིན་པོ་ཆེ་མུ་ཏིག་གི་ཕྲེང་བ་ཞེས་བྱ་བ་སོང་ངོ་། །ཀྱེ་མ་འདི་ལ་མི་བརྩོན་སུ་ཞིག་ཡོད། །རྒྱལ་བའི་རྒྱལ་ཚབ་དགོངས་རྒྱུད་དམ་ཆོས་འདི། །ཐར་པའི་ལམ་སྟོན་འདྲེན་མཆོག་དམ་པ་ཡིན། །ཟབ་རྒྱས་ཀུན་ཁྱབ་ཀུན་ཕན་ནོར་བུ་འདི། །ཕྱོགས་འཛིན་གྲུབ་མཐའ་སྤང་བའི་ཐོ་བ་ཡིན། །རིན་ཆེན་རིན་ཐང་མེད་པའི་གཅོད་གཞུང་འདི། །གདུལ་བྱ་དང་བ་འདྲེན་པའི་ལྕགས་ཀྱུ་ཡིན། །ཆོས་པའི་ཤན་འབྱེད་ཆོས་ཀྱི་གསེར་གླིང་ཡིན། །ལྷ་འདྲེ་དབང་སྡུད་གསང་བའི་ལྕགས་ཀྱུ་ཡིན། །ཉོན་མོངས་ལམ་སློང་ཡེ་ཤེས་མེ་དཔུང་ཡིན། །བར་ཆད་ལམ་སློང་བཀྲ་ཤིས་དཔལ་འབར་ཡིན། །འཆི་བདག་བདུད་དཔུང་སྲུང་བའི་འཁོར་ལོ་ཡིན། །ནད་རྣམས་ཀུན་འཇོམས་སྨན་གྱི་རྒྱལ་པོ་ཡིན། །དྲག་སྔགས་ཀུན་བཟློག་བྱད་མ་འབུམ་སྡུག་ཡིན། །བྱང་ཆུབ་ལམ་སྒྲོན་ཐར་པའི་ཐེམ་སྐས་ཡིན། །འཆི་བ་ལམ་སློང་ཆོས་སྐུའི་ཞིང་ཁམས་ཡིན། །ཀྱེ་མ་འདི་ལ་མི་འཇུག་སུ་ཞིག་ཡོད། །གཅོད་གཞུང་ཟབ་རྒྱས་རྒྱ་མཚོ་རྒྱ་ཆེན་ལས། །ཉུང་འདུས་ཟབ་དོན་དོན་འདི་བཀོད་པ་ནི། །ཚད་མ་གསུམ་ལྡན་མན་ངག་དམ་པ་ཡིན། །རང་བཟོ་ཕོ་ཚོད་འདི་ལ་མ་མཆིས་སྙམ། །འོན་ཀྱང་མ་ཤེས་ལོག་ཤེས་འགལ་འཁྲུལ་ཚོགས། །གཅོད་བརྒྱུད་མཁས་གྲུབ་རྣམས་ལ་གཟོད་པར་གསོལ། །ལེགས་པའི་ལམ་སྟོན་དགེ་བའི་ཚོགས་མཆིས་ན། །འགྲོ་ཀུན་བདུད་བཞིའི་མཐའ་ལས་རྒྱལ་བར་ཤོག །གཅོད་གཞུང་འདི་རང་བཟོ་དང་ཕོ་ཚོད་མ་ཡིན་པའི་དོན་ནི། མ་ཅིག་གིས་གསུངས་པའི་ཞལ་གདམ་བཅུ་གསུམ་མ། བཅུ་བཞི་མ། ཉེར་ཞི་རིན་ཆེན་སྒྲོན་མ། དྲག་སྔགས་རིང་མོ། སྡོང་པོ་གསེར་ཀླག །སྤ་ཡིག་ལ་སོགས་རྣམས་དང་། ཨཱརྱ་དེ་བས་མཛད་པའི་གཞུང་ཆུང་། དམ་པ་མཛད་པའི་དམིགས་པ་སྐོར་གསུམ། པཎྜི་ཏ་དོན་ཡོད་རྡོ་རྗེས་མཛད་པའི་ཟབ་དོན་ཐུགས་སྙིང་། ཀུན་དགས་མཛད་པའི་གཅེས་པ་ཉེར་གཅིག །རྒྱ་མཚོ་ཆུ་གཏེར། ཚད་མེད་དཔའ་འབྱོར་མཛོད་ཆེན། མ་ཅིག་མ་ཅིག་གི་ཞལ་གདམ་གསེར་ཞུན་མ། མ་ཅིག་གིས་གསེར་ཐུར་མ། ཡེ་བློས་མཛད་པའི་དཀར་སྦྱོར། ཨོ་རྒྱན་པདྨས་མཛད་པའི་གཏེར་གཅོད། གཞན་ཡང་བླ་མ་གོང་མ་རྣམས་ཀྱིས་མཛད་པའི་ཡིག་སྣ་ལ་སོགས་མན་ངག་རྣམས་ལ་བརྟེན་ནས། བདུད་ཀྱི་གཅོད་ཡུལ་དགོས་འདོད་ཀུན་འབྱུང་རིན་པོ་ཆེ་མུ་ཏིག་ཕྲེང་བ་ཞེས་བྱ་བ་འདི། ཀཿཐོག་པའི་འབངས་ཀྱི་ཐ་མར་གྱུར་པའི་ཀུ་སུ་ལུ་པུ་ཎྱེ་ལ་ཀྵ་ས་སྦྱར་བ་རེ་ཞིག་རྫོགས་སོ།། །།དཔེ་འདི་ཕྱོགས་དུས་གནས་སྐབས་ཐམས་ཅད་དར་ཞིང་རྒྱས་པར་གྱུར་ཅིག །མངྒ་ལཾ། ཤུ་བྷཾ།


previousབདུད་ཀྱི་གཅོད་ཡུལ་དགོས་འདོད་ཀུན་འབྱུང་རིན་པོ་ཆེ་མུ་ཏིག་གི་ཕྲེང་བ་སྨད་ཆ། ཀུ་སུ་ལུ་པུ་ཎྱེ་ལ་ཀྵ་ས།next