Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
   
ཁྲོས་མ་ནག་མོའི་དབང་སྡུད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཁྲོས་མ་ནག་མོའི་དབང་སྡུད།next

ཁྲོས་མ་ནག་མོའི་དབང་སྡུད།

༅། །ཁྲོས་མ་ནག་མོའི་དབང་སྡུད་བཞུགས་སོ། །བླ་མ་ཡུམ་ཆེན་མཁའ་འགྲོ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་བསྟོད། །འགྲོ་རྣམས་ཐར་པ་ཐོབ་བྱའི་ཕྱིར། །ལུས་ཀྱི་མཆོད་སྦྱིན་འདིར་བརྗོད་བྱ། །རང་ཐ་མལ་དུ་གནས་པའི་རྣམ་པར་ཤེས་པ་དེ། ཡི་གེ་ཧཱུྃ་མཐིང་ནག་གི་རྣམ་པར་སྤྱི་གཙུག་ཚངས་པའི་བུ་ག་ནས་ཐོན། གནས་འགྱུར་གྱིས་ཁྲོས་མ་ནག་མོ། ཞལ་གཅིག་ཕྱག་གཉིས་པ། ཞལ་གདངས་བ་མཆེ་བ་གཙིག་པ། ལྗག་འདྲིལ་བ། གཡས་ཉི་མའི་སྤྱན་ནི་དམར་ཀྱི་ལི་ལི། གཡོན་ཟླ་བའི་སྤྱན་ནི་ངང་སྒ་ར་ར། དབུས་ཀྱི་སྤྱན་ལ་ཉི་ཟླ་སྐར་གསུམ་གའུ་དམར་ནག་ཏུ་འཁྲུག་པ། རལ་པ་ཟར་བུ་གྱེན་དུ་ཟིངས་པ། ཕག་ཞལ་ནག་པོ་སྤྱི་གཙུག་ཏུ་ཐོན་པ། ངུར་བའི་སྒྲས་ཁམས་གསུམ་མ་ལུས་དབང་དུ་བསྡུད་པ། ཟེ་བ་དམར་པོ་མེ་ལྟར་འབར་བ། མི་མགོ་སྐམ་པོ་ལྔས་དབུ་ལ་རྒྱན་པ། རློན་པ་ལྔ་བཅུ་རྩ་གཅིག་གི་དོ་ཤལ་བྱས་པ། ཞབས་གཡས་པ་གཡོན་པའི་བླ་ལ་གཏད་པ། ཕྱི་རྟིང་གི་བྷ་ག་ལ་བཅར་བ། རྐེད་པ་སྒེག་པ་ནུ་མ་འབུར་བ། བཅུ་དྲུག་ལོན་པའི་ན་ཚོད་དང་ལྡན་པ། གྲུ་མོ་ན་ཁ་ཊྭཱྃ་ཁ་འཛིན་པ། ཞབས་གཡོན་པ་འགྱིང་སྟབས་ཀྱི་ཚུལ་དུ་མར་བརྐྱང་པས། དམྱལ་བ་ན་རག་གི་སྒོ་བཞི་ནོན་པ། དབུ་སུམ་ཅུ་རྩ་གསུམ་གྱི་ལྷ་གནས་སུ་སླེབ་པ། སྐུ་སྟོད་ཡན་ཆད་ནམ་མཁའ་ལ་ཁྱབ་པས། ལྷ་ཁམས་ཐམས་ཅད་དབང་དུ་བསྡུད་པ། སྐུ་སྨད་མན་ཆད་ས་གཞི་ལ་ཁྱབ་པ། ཀླུ་ཁམས་ཐམས་ཅད་དབང་དུ་བསྡུད་པ། སྐེད་པ་རྡོ་རྗེ་སྤྲུག་པས་བར་སྣང་ལ་ཁྱབ་པ། སྣང་སྲིད་ལྷ་འདྲེ་དྲེགས་པ་ཅན་ཐམས་ཅད་དབང་དུ་བསྡུད་པ། སྐུ་ལ་ཁྲག་གི་ཐིག་ལེ། ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུ། མི་ལྤག་གི་གཡང་གཞི། གླང་ཆེན་གྱི་ཀོ་རློན། སྟག་ལྤགས་ཀྱིས་ཤམ་ཐབས། རུས་པ་དང་རིན་པོ་ཆེའི་རྒྱན་དྲུག་གིས་བརྒྱན་པ། ཕྱག་གཡས་པས་མི་ལྤགས་གིས་གཡང་གཞི་ཁྲག་དམར་རྩ་རེ་བ། གླད་ལ་གཡུག་ཅིང་ས་ལ་གདབ་པས། ཁམས་གསུམ་དབང་དུ་བསྡུད་པ། གཡོན་པས་མི་རྐང་གླིང་བུ་རྩེར་རྩེར་འབུད་པ། སྲིད་གསུམ་ཟིལ་གྱིས་ནོན་པ། དེའི་སྤྱི་གཙུག་ན་མ་དབང་བསྡུད་ཀྱི་ཁྲོས་མ་ནག་མོ་ལ། དབང་བསྡུད་ཀྱི་མཁའ་འགྲོ་མ་འབུམ་གྱིས་བསྐོར་བར་གྱུར། ཕཊཿ མ་མི་མངོན་ནམ་མཁའི་དབྱིངས་རུམ་ན། །སྤྱི་གཙུག་པད་ཟླའི་གདན་སྟེང་ན། །མི་མིན་ཡེ་ཤེས་མཁའ་འགྲོ་མ། །མ་ཅིག་ལབ་སྒྲོན་དྲག་མོའི་ཞལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྐུ་མདོག་མཐིང་ནག་འཇིག་པ་ལ། །སྤྱན་གསུམ་སྤྱན་རྩ་དམར་ལ་འཁྲུག །དབུ་སྐྲ་དམར་སེར་ཟི་ར་ཁོལ། །རུས་པའི་རྒྱན་གྱིས་རབ་ཏུ་མཛེས། །སྤྱི་གཙུག་བཀའ་བརྒྱུད་བླ་མ་བཞུགས། །བླ་མའི་བྱིན་བརླབས་ཤ་ར་ར། །གཡས་སུ་དཔའ་བོའི་ངར་དང་བཅས། །དཔའ་བོས་བྲོ་བརྡུང་ཁྲིགས་སེ་ཁྲིག །གཡོན་དེར་དཔའ་མོས་མདངས་དང་ལྡན། །དཔའ་མོས་གར་བྱེད་ཁྱུགས་སེ་ཁྱུག །དབང་སྡུད་མཁའ་འགྲོ་འབུམ་གྱི་བསྐོར། །ཕྱག་གཡས་མི་ལྤག་གཡང་གཞི་འཕྱར། །གཡོན་པས་མི་རྐང་གླིང་བུ་འབུད། །མི་ལྤག་གཡུག་ལ་གླིང་བུ་བུས། །གཡུག་པས་ལྷ་འདྲེ་དབང་དུ་བསྡུད། །གཡུག་པས་བྱད་མ་དབང་དུ་བསྡུད། །སྟེང་གདོན་ལྷ་དང་དྲང་སྲོང་བསྡུས། །འོག་གདོན་ཀླུ་དང་ས་བདག་བསྡུས། །བར་གདོན་ལྷ་སྲིན་སྡེ་བརྒྱད་བསྡུས། །ལྷ་དང་ལྷ་མིན་དབང་དུ་བསྡུས། །མི་དང་མི་མིན་དབང་དུ་བསྡུས། །དབང་བསྡུད་མཁའ་འགྲོ་མཐུ་མ་ཆུང་། །མི་ལྤགས་གཡང་བཞི་རྩལ་མ་ཞན། །མི་རྐང་གླིང་བུ་ངར་མ་ཆུང་། །རིགས་བཞི་མཁའ་འགྲོ་བང་མ་བུལ། །སྲིད་པའི་རྩེ་མན་ཆད་དང་། །ན་རག་དམྱལ་བ་ཡན་ཆད་དུ། །ནམ་མཁའི་སྤྲིན་ཚོགས་བཞིན་དུ་བསྡུས་ལ་ཤོག །བར་སྣང་ཆར་པ་བཞིན་དུ་བོབ་པ་ཤོག །ས་གཞི་རླུང་དམར་བཞིན་དུ་འཚུབས་ལ་ཤོག །མཆོད་པ་རྒྱ་ཆེན་འདི་ན་ཆེ། །བཟའ་བ་ཤ་ནི་འདི་ན་ཆེ། །བཏུང་བའི་ཁྲག་གི་འདི་ན་ཆེ། །མུར་བའི་ལྷ་བ་འདི་ན་སྣུམ། །གོན་པའི་ལྤགས་པ་འདི་ན་དྲོ། །ཕཊཿ སྤྱིར་སྟོང་གསུམ་གྱི་སྟོང་ཆེན་པོའི་བཀའ་ཡི་ལྷ་མ་སྲིན་སྡེ་བརྒྱད། སྒོས་ལྷོ་རྒྱལ་འཛམ་གླིང་འདིའི་བཀའི་ལྷ་མ་སྲིན་སྡེ་བརྒྱད། ཡང་སྒོས་གཉན་ས་འདིའི་སྟོད་སྨད་བར་གསུམ་ལ་གནས་པའི་སྟེང་གི་ལྷ། འོག་གི་ཀླུ་བར་གྱི་གཉན་ཐམས་ཅད་བདག་ཁྲོས་མ་ནག་མོའི་བཀའ་ཉན་དང་གསུང་སྡོད་ཀྱི་ཚུལ་དུ་འུར་གྱིས་འདིར་འདུས་ཤིག །ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཐམས་ཅད་འདུས་པར་བསམ་མོ། ༈ །གཞུང་དམིགས་འབུམ་ལྟར་ན། ས་རྒྱུས་མེད་པ་ཟིལ་གནོན་འཕེན་པ། ཚད་མེད་མཛད་ཆེན་ལས། རང་ཉིད་ཁྲོས་མ་ནག་མོའི་ཐུགས་ཀ་ནས། ཕཊ། གཅིག་བྱས་པ་ཙམ་གྱིས། གནམ་ལྕགས་རྡོ་རྗེ་རྩེ་དགུ་པ་འཕྲོས་པས་ས་ཕྱོགས་དེར་ཕོག་པ་ཙམ་གྱིས་ཙམ་གཞོང་གསིག་པ་ལྟར་བྱས་ནས་ཕཊ། གཅིག་བྱས་པ་ཙམ་གྱིས། རྡོ་རྗེ་ཡོངས་སུ་གྱུར་པ་ལས་དཔའ་བོ་དཔའ་མོའི་གུར་ཁང་། དེའི་རྒྱབ་རྡོ་རྗེའི་རྭ་གུར། དེའི་རྒྱབ་དུ་མི་ནག་ལག་སྦྲེལ་གྱི་གུར་ཁང་། དེའི་རྒྱབ་ཏུ་མུན་ནག་གི་གུར་ཁང་སྒོམ། དེར་གནས་པའི་ལྷ་འདྲེ་ཐམས་ཅད་གར་ཡང་འགྲོ་དབང་མེད་པར་བསྒོམ། དབང་བསྡུད་འོག་ན་ཡོད་ལྟར་བྱས་ནས་རྐང་དུང་ལན་གསུམ་འབུད་ནས། ༈ གཉིས་པ་ཟིལ་གནོན་ནི། ཕཊཿ བྱས་པ་ཙམ་གྱིས། རང་ཉིད་དཔའ་བོ་གོ་བརྗེ་བའི་ཚུལ་གྱིས་མ་ཅིག་ལབ་སྒྲོན་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིག་པ། ཕྱག་གཡས་ན་ཐོ་བ། གཡོན་ན་ལྕགས་ཀྱུ་བསྣམ་པ་གཅིག་ཏུ་གྱུར་པར་བསམ་ལ་ངག་ཏུ། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ། ལན་བདུན་བརྗོད་པ་ཙམ་གྱིས། རང་གི་ཐུགས་ཀ་དང་། སྨིན་མཚམས་བ་སྤུའི་གསེབ་ནས་ཁྲོ་ཆུང་རང་འདྲ་བ་གྲངས་མེད་པར་སྤྲོས་པས། ལྷ་འདྲེ་ཐམས་ཅད་གར་ཡང་འགྲོ་དབང་མེད་དེ། རང་ལ་ཕྱག་འཚལ་ཞིང་བཀའ་ཉན་གསུང་སྡོད་བྱེད་པར་བསྒོམ། ཁྲོ་ཆུང་རྣམས་ཀྱང་སྔ་མོའི་ལབ་སྒྲོན་དང་འཆབ་པའི་གུར་ཅིག་བསྒོམ་མོ། །དེ་ནས་ལྕགས་ཁང་བསྐུལ་པ་བྱའོ།། །།


previousཁྲོས་མ་ནག་མོའི་དབང་སྡུད།next