Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
   
   
ལྕགས་ཁང་བསྐུལ་པ་ཆེ་བ་ན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལྕགས་ཁང་བསྐུལ་པ་ཆེ་བ་ན།next

ལྕགས་ཁང་བསྐུལ་པ་ཆེ་བ་ན།

༅། །ལྕགས་ཁང་བསྐུལ་པ་ཆེ་བ་ནི། ཧཱུྃཿ མ་ཅིག་ཇོ་མོ་ལབ་སྒྲོན་མ། །གཉན་ས་རི་ཁྲོད་བསྒྲོད་པའི་དུས། །ཁྲོ་མོ་སྐུ་མདོག་མཐིང་ནག་འབར་བ་ཆེན་པོ་ལ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། །ཉི་ཟླ་དམར་ནག་འདྲེས་པའི་ཧུར་གྱིས་གཟིགས། །ཞལ་ནས་མཆེ་བ་གངས་རི་ལྟར་དུ་གཙིགས། །ཤང་ནས་ཧཱུྃ་གི་ཀླུ་ལེན་ཀྱུ་རུ་རུ། །དབུ་སྐྲ་མེ་འབར་སྟེང་གི་ལྷ་གནས་སླེབ། །ཡེ་ཤེས་ལྔ་ཡི་ཚྭ་ཚྭ་སྤུངས་སེ་སྤུང་། །ཕྱག་གཡས་རྡོ་རྗེ་ལྕགས་ཀྱུ་ཁྱུགས་སེ་ཁྱུག །ཐ་ཐང་བརྡབ་པའི་ལྷ་སྲིན་སྡེ་བརྒྱད་སྙིང་ནས་ཟུངས། །གཡོན་པའི་གནམ་ལྕགས་ཐོ་བ་སི་ལི་ལི། །ལྷ་འདྲེ་ཕོ་མོ་ཐམས་ཅད་ཟིལ་གྱིས་གནོན། །སྐུ་སྟོད་མི་ལྤགས་ཁྲག་འཛག་གསོལ། །ཁྲག་ཆེན་གྱི་ཐིག་ལེ་ལྷུབས་སེ་ལྷུབ། །ཐོད་རློན་ལྔ་བཅུའི་དོ་ཤལ་བྱས། །སྐུ་སྨད་སྟག་གི་ཤམ་ཐབས་བྱས། །ཞབས་གཉིས་བརྐྱང་བསྐུམ་ལྕགས་ཁང་གདན་ལ་བཞུགས། །བ་སྤུའི་སྨིན་མཚམས་ཐམས་ཅད་ལ། །ཧཱུྃ་གིས་ཆར་པ་སི་ལི་ལི། །ཧཱུྃ་ལས་འོད་ཟེར་འཕྲོས་པའི་སྐུ། །རང་འདྲའི་ཁྲོ་འཁོར་སྟོང་གསུམ་གང་། །ཀུན་ཀྱང་ཧཱུྃ་སྒྲ་ཏི་རི་རི། །འཇིག་པས་ཕཊ་སྒྲ་འངས་སེའང་། །རྡོ་རྗེའི་ལྕགས་ཀྱུ་སྲངས་སེ་སྲང་། །གནམ་ལྕགས་ཐོ་བ་ཤ་ར་ར། །རྡོ་རྗེ་ཁྱུང་གི་མདའ་འཕེན་ཤ་ར་ར། །རྡོ་རྗེ་ཐོགས་འདྲིལ་སེར་བ་ཁྲ་ལ་ལ། །རཀྟ་ཁྲག་གིས་ཆར་པ་སི་ལི་ལི། །བྱིན་རླབས་ཡེ་ཤེས་ན་བུན་ཐིབས་སེ་ཐིབ། །མཚོན་ཆ་སྣ་ཚོགས་གོ་ར་ཁྲིགས་སེ་ཁྲིག །ཁྲོས་མ་ནག་མོ་གུར་ཁང་ཀྱི་ལི་ལི། །ཁྱུང་དམར་མེ་འབར་གྱི་གཤོག་བརྡུང་ཁྲིགས་སེ་ཁྲིག །མི་ནག་ལག་སྦྲེལ་གུར་ཁང་སྐངས་སེ་སྐང་། །རལ་གྲི་ལོ་མའི་ནགས་ཚལ་ཤིགས་སི་ཤིག །རྒྱ་སྟག་ངར་མ་གྲམ་ཁྲོད་སྤུངས་སེ་སྤུང་། །སེངྒེ་རྒྱ་སྟག་གུར་དང་ལྷངས་སེ་ལྷང་། །མུན་པ་ནག་པོའི་གུར་ཁང་ཐིབས་སེ་ཐིབ། །ཡེ་ཤེས་བསྐལ་པའི་མེ་རི་ཕྱི་རིམ་འབར། །མཛེ་ཕོ་མཛེ་མོའི་གུར་ནི་ཉི་ལི་ལི། །སྟེང་ནས་རྡོ་རྗེའི་ཆར་པ་འབབ་པ་ལ། །འོག་ནས་ཁྲག་གི་རྒྱ་མཚོ་མ་ར་བསྒོམ། །ཞབས་ནས་ལྕགས་ཁང་དམར་ནག་འོངས་སེ་འོང་། །ནང་དུ་གདོན་མགོ་བསྐོར་རྗེས་སྙོག་བྱེད་པའི་ལྷ་འདྲེ་དང་། །དམ་ཉམས་གནོད་བྱེད་ཐམས་ཅད་ནང་དུ་ཚུད། །དབང་དུ་བསྡུས་ཤིག་མ་ཅིག་མ། །ཟིལ་གྱིས་གནོན་ཞིག་མ་ཅིག་མ། །དམ་ལ་ཐོག་ཅིག་མ་ཅིག་མ། །གཉན་ས་འདི་ལ་གནས་པའི་ལྷ་འདྲེ་རྣམས། །ཇི་སྲིད་སངས་རྒྱས་བྱང་ཆུབ་མ་ཐོབ་བར། །ཁྲོ་མོ་ཆེན་མོས་ཟིལ་གྱི་གནོན་པར་མཛོད། །ཕཊ་ཕཊ་ཕཊ། མི་དམིགས་པའི་ངང་ལ་བཞག་པ་གལ་ཆེའོ། །ལྕགས་ཁང་ཕུབ་པ་ནི། འོག་ལྕགས་ཁང་ནག་པོའི་གདན་སྟེང་ནས། །པདྨ་ཉི་ཟླའི་གདན་སྟེང་དུ། །སྤྲུལ་པའི་སྐུ་མཆོག་ལབ་སྒྲོན་མ། །ཁྲོས་པའི་སྐུ་མདོག་དམར་མོ་སྤྲུལ། །ཞལ་གདངས་སྙན་པའི་ཧཱུྃ་སྒྲ་སྒྲོགས། །ཁྲག་གིས་ཐིག་ལེ་སྐུ་ལ་བརྒྱན། །འཁོར་ཡང་ཁྲོས་མ་གྲངས་མེད་བསྐོར། །མི་ལྤག་གཡང་གཞི་ཕྱར་བ་སྟོང་གིས་བསྐོར། །མི་རྐང་གླིང་བུ་འབུད་པ་སྟོང་གིས་བསྐོར། །ཞིང་ཆེན་ཁུར་བ་སྟོང་གིས་བསྐོར། །ཐོད་དབྱུག་ཁུར་བ་སྟོང་གིས་བསྐོར། །མ་མཁའ་འགྲོའི་དམག་དཔུང་དབང་བསྡུས་ལ། །ཁྲོས་མ་ནག་མོས་དམག་སྣ་ཁྲིད། །རྗེ་བཙུན་དམར་མོའི་དམག་དཔུང་བསྐྱེད། །བཀའ་དང་དམ་ལས་འདའ་མི་རྣམས། །གྲུབ་ཐོབ་གཅོད་ལ་མི་ཉན་པ། །ཟབ་མོ་ཆོས་ཀྱི་འབྲེལ་བ་མི་བྱེད་པ། །དམ་པའི་ཆོས་ཀྱི་འཁོར་ལོ་མི་བསྐོར་པས། །ལྷ་སྲིན་སྡེ་བརྒྱད་ཐམས་ཅད་རྣམས། །ལྕགས་ཁང་ནག་པོའི་ནང་དུ་ཚུད། །མི་ལྤགས་དམར་པོས་ཁ་ཁོབ་ཅིག །མི་མགོ་ཕྲེང་བས་མཐའ་ནོན་ཞིག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད།། །།


previousལྕགས་ཁང་བསྐུལ་པ་ཆེ་བ་ན།next