Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
ཟབ་དོན་གཅོད་ཀྱི་ཕུང་པོ་མཆོད་སྦྱིན་གདན་ཐོག་གཅིག་མ་ཉམས་སུ་ལེན་པའི་རིམ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཟབ་དོན་གཅོད་ཀྱི་ཕུང་པོ་མཆོད་སྦྱིན་གདན་ཐོག་གཅིག་མ་ཉམས་སུ་ལེན་པའི་རིམ་པ། next

ཟབ་དོན་གཅོད་ཀྱི་ཕུང་པོ་མཆོད་སྦྱིན་གདན་ཐོག་གཅིག་མ་ཉམས་སུ་ལེན་པའི་རིམ་པ།

ཟབ་དོན་གཅོད་ཀྱི་ཕུང་པོ་མཆོད་སྦྱིན་གདན་ཐོག་གཅིག་མ་ཉམས་སུ་ལེན་པའི་རིམ་པ་བཞུགས་སོ། །སྤྱི་དོན་གཉིས་པ་དངོས་གཞི་ཉམས་ལེན་གྱི་རིམ་པ་ལ་བཞི་སྟེ། མངོན་པར་རྟོགས་པའི་གོ་རིམ་བསྟན་པ། ནད་གདོན་གཟེར་བུའི་གདམ་པ་བསྟན་པ། མན་ངག་འཐོར་བའི་ལས་ཚོགས་བསྟན་པ། སྤྱི་ཆིང་གལ་མདོའི་རིམ་པ་བསྟན་པའོ། །དང་པོ་ལ་བདུན་ཏེ། དང་པོ་དབང་བསྡུད་ཟིལ་གནོན་གྱི་རིམ་པ། གཉིས་པ་སྐྱབས་སུ་འགྲོ་བ་དང་། གསུམ་པ་སེམས་བསྐྱེད་པ། བཞི་པ་གསོལ་བ་གདབ་པ། ལྔ་པ་བདུད་རྩི་དཀར་འགྱེད། དྲུག་པ་དམར་འགྱེད། བདུན་པ་གཏོར་གཞོང་མའོ། །དང་པོ་ནི་ནན་ཏན་བྱ་བའི་ཕྱིར་སྐབས་འདིར་ཡང་དབང་བསྡུད་ཟིལ་གནོན་གྱི་རིམ་པ་གཞུང་ལྟར་བྱའོ། །དབང་སྡུད་བསྡུ་ན། ས་འོག་ས་སྟེང་ས་བླ་གསུམ་གྱི་བཀའ་སྣང་ཞིང་སྲིད་པའི་ལྷ་འདྲེ་ཐམས་ཅད་འདིར་འདུས་ཤིག །ཅེས་བརྗོད་པས་ལྷ་འདྲེ་ཐམས་ཅད་འུབ་ཀྱིས་འདུས་པར་བསྒོམ། ཟིལ་གནོན་གཞུང་དང་འདྲའོ། །དེས་དབང་བསྡུད་ཟིལ་གནོན་སོང་ནས། རྒྱུན་དུ་གཅེས་པ་རྣམ་བརྒྱད་ནི། བརྟེན་ས་དཀོན་མཆོག་གསུམ་པོ་གཅེས། །སྣང་སྲིད་སྙིང་རྗེས་སྐྱོངས་བ་གཅེས། །ཅེས་གསུངས་པས། གཉིས་པ་སྐྱབས་སུ་འགྲོ་དགོས་པས། སྐྱབས་ཡུལ་ནི། ཕཊཿ གཅིག་བྱས་པ་ཙམ་གྱིས། སྐད་ཅིག་གིས་མདུན་གྱི་ནམ་མཁའི་གནས་སུ། པདྨ་དང་ཟླ་བའི་གདན་ལ། མ་ཅིག་ལབ་ཀྱི་སྒྲོན་མ་ལ། གྲུབ་ཐོབ་གཅོད་ཀྱི་བརྒྱུད་པ་རྣམས་དང་། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བཀྲ་དཔུང་ངེ་འོད་ཐིབས་སེ་བསྐོར་ནས་རང་ལ་ཞལ་གྱི་ཕྱོགས། སྤྱན་གྱིས་གཟིགས། ཐུགས་ཀྱིས་དགོངས་ནས་བཞུགས་པར་སྒོམ། ཕཊཿ གཅིག་གིས་རང་ཉིད་ཐ་མལ་པ་རེད་པར་བསྒོམ་ལ། རང་ཉིད་དང་ལྷ་འདྲེ་ཀུན་གྱིས་སྐྱབས་འགྲོ་མགྲིན་གཅིག་ཏུ་བྱེད་པར་བསམ་ཞིང་འདི་སྐད་དོ། །གནས་གདོན་ལུས་གདོན་གཉིས་ཀྱི་གཙོར་བྱས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ༴ ཆོས་ལ༴ དགེ་འདུན་ལ༴ མ་ཅིག་ལབ་ཀྱི་སྒྲོན་མ་ལ༴ འཁོར་རིགས་བཞི་མཁའ་འགྲོ་མ་རྣམས་ལ༴ གྲུབ་ཐོབ་གཅོད་ཀྱི་བརྒྱུད་པ་རྣམས་ལ༴ རྟོགས་ལྡན་ཉམས་ཀྱི་བརྒྱུད་པ་རྣམས་ལ༴ མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །དེ་ལྟར་ལན་བདུན་ཚར་ནས་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་དང་ཡན་ལག་བརྒྱད་པ་ཆབ་གཅིག་བྱེད་པ་ནི་འདི་སྐད་དོ། །ན་མོ། གཉན་ས་འདིར་གནས་ཀྱི་ལྷ་འདྲེ་དང་། །བདག་ལ་ཆོ་འཕྲུལ་སྟོན་པའི་ལུས་གདོན་རྣམས། །མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །ལབ་སྒྲོན་ཁྱེད་ལ་སྐྱབས་སུ་མཆིའོ། །རང་རིག་ཡེ་ཤེས་སྟོན་མཛད་པའི། །བླ་མ་རྣམས་ལ་སྐྱབས་སུ་མཆིའོ། །དངོས་གྲུབ་ངེས་པར་སྟེར་མཛད་པའི། །ཡི་དམ་རྣམས་ལ༴ བརྩེ་གདུང་དམ་ཚིག་ལྡན་པ་ཡིས། །མཁའ་འགྲོ་རྣམས་ལ༴ བགེགས་དང་བར་ཆད་ཞི་མཛད་པའི། །ཆོས་སྐྱོང་རྣམས་ལ༴ སྤངས་རྟོགས་ཕུན་སུམ་ཚོགས་པ་ཡིས། །སངས་རྒྱས་རྣམས་ལ༴ ཞི་གྱུར་འདོད་ཆགས་བྲལ་བ་ཡི། །དམ་ཆོས་རྣམས་ལ༴ གང་ལ་ཕུལ་ན་དོན་ཆེ་བའི། །དགེ་འདུན་རྣམས་ལ༴ གཞོན་ནུའི་ཚུལ་འཛིན་ཡོན་ཏན་ལྡན། །འཇམ་དཔལ་དབྱངས་ལ༴ ངེས་པར་སྙིང་རྗེ་བསྐྱེད་པ་ཡི། །སྤྱན་རས་གཟིགས་ལ༴ མཐུ་སྟོབས་ཆེན་པོས་གདུག་པ་འདུལ། །རྡོ་རྗེ་བསྣམས་ལ༴ བདག་སོགས་འགྲོ་བ་སེམས་ཅན་རྣམས། །ཇི་སྲིད་སྙིང་པོ་བྱང་ཆུབ་བར། །ཁྱེད་རྣམས་ལ་ནི་སྐྱབས་སུ་མཆི། །ཁྱེད་རྣམས་ལ་ནི་གསོལ་བ་འདེབས། །ཁྱེད་རྣམས་ལ་ནི་བརྟེན་བཅའོ། །འདོད་ཡོན་ལྔ་ཡི་མཆོད་པ་འབུལ། །ཕུང་པོ་ལྔ་པོ་མཆོད་པར་བཞེས། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །ཆོས་ཀྱིས་འཁོར་ལོ་བསྐོར་དུ་གསོལ། །མྱ་ངན་མི་མདའ་གསོལ་བ་འདེབས། །དགེ་དེས་སེམས་ཅན་བདེ་གྱུར་ཅིག །རྫོགས་སངས་རྒྱས་སུ་སེམས་བསྐྱེད་དོ། །ཅེས་མ་ཅིག་གིས་མཛད་པའི་སྐྱབས་འགྲོ་ཡན་ལག་བརྒྱད་པའོ། །གསུམ་པ་སེམས་བསྐྱེད་པ་ནི། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་ཐེག་པ་ཆེན་པོའི་གཅོད་ཉམས་སུ་ལེན་པར་བྱ་སྙམ་དུ། བསམ་ནས་ངག་ཏུ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །བྱས་པ་ཙམ་གྱིས། སྐྱབས་ཡུལ་གྱི་ལྷ་ཚོགས་རྣམས་དགྱེས་ཤིང་འཛུམ་པའི་ཚུལ་གྱིས། གདན་ཁྲི་དང་བཅས་པ་འོད་དུ་ཞུ་ནས། རང་གི་ཚངས་བུག་ཏུ་ཐིམ་པ་ཙམ་གྱིས་ལུས་ཕྱི་ནང་གི་སྡིག་སྒྲིབ་དམ་ཚིག་ཆགས་ཉམས་ཐམས་ཅད་སངས་ཀྱི་དག་པར་བསམ། དེས་སེམས་བསྐྱེད་པ་སོང་། བཞི་པ་གསོལ་བ་གདབ་པ་ལའང་གསུམ་སྟེ། དང་པོ་ལྷ་བསྐྱེད་མཆོད་བསྟོད་ནི། ༀ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷ་ཝ་ཤུདྡྷོ྅་ཧཾ། བདག་དང་དངོས་པོ་ཐམས་ཅད་སྟོང་པར་གྱུར། སྟོང་པའི་ངང་ལས་རང་གི་སྤྱི་བོར་མདའ་གང་ཙམ་གྱི་སྟེང་དུ། པདྨ་ཉི་མ་ཟླ་བའི་གདན་ལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་མ་ཅིག་ལབ་ཀྱི་སྒྲོན་མ་སྐུ་མདོག་གངས་རི་ལ་ཉི་མ་ཤར་བ་ལྟར་དཀར་བ། ཞལ་གཅིག་ཕྱག་གཉིས་གཡས་གསེར་གྱི་ཌཱ་མ་རུ། གཡོན་དངུལ་དཀར་གྱི་དྲིལ་བུ་གཡེར་ཁ་དཀྲོལ་བ། སྐུ་ལ་རས་ཕྲུག་དཀར་པོའི་རལ་ཀ་མནབ་པ། དབུ་སྐྲ་སིལ་མས་སྐུ་རྒྱབ་ནོན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གི་བཞུགས་པ། མཚན་དང་དཔེ་བྱད་འོད་ཟེར་དང་ལྡན་པར་བསམ། མ་ཅིག་གི་སྤྱི་བོར་པད་ཟླ་ཉི་མའི་སྟེང་དུ། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མ་གསེར་གྱི་མདོག་འདྲ་བ། ཞལ་གཅིག་ཕྱག་བཞི་མ་གཡས་ཀྱི་དང་པོ་ན་གསེར་གྱི་རྡོ་རྗེ་ལྔ་པ་ཐུགས་ཀར་བསྣམས་པ། འོག་མ་ན་ཤེས་རབ་ཀྱི་རལ་གྲི། གཡོན་དང་པོ་མཉམ་བཞག །འོག་མ་ན་ཤེས་རབ་ཀྱི་པོ་ཏི་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། རལ་པ་ཐོར་ཚུགས་ལྷག་མ་ཐུར་དུ་གྲོལ་བ། རིན་པོ་ཆེ་དང་དར་སྣ་ཚོགས་ཀྱིས་སྤྲས་པ། མཚན་དང་དཔེ་བྱད་འོད་ཟེར་འབར་བ་གཅིག་ཏུ་བསམ། མ་ཅིག་གི་གཡས་སུ་པད་ཟླ་ཉི་མའི་སྟེང་དུ་སངས་རྒྱས་བསྟན་པའི་གཙོ་བོ་ཤཱཀྱ་ཐུབ་པ་གསེར་གྱི་མདོག་འདྲ་བ། ཞལ་གཅིག་ཕྱག་གཉིས་གཡས་ས་ནོན། གཡོན་མཉམ་བཞག །ཆོས་གོས་ངུར་སྨྲིག་གསོལ་བ། མཚན་དང་དཔེ་བྱད་འོད་ཟེར་འདོམ་གང་དང་བཅས་པར་བསྒོམ། མ་ཅིག་གིས་གཡོན་དུ་འཇམ་དཔལ་སྨྲ་བའི་སེང་གེ་ཞལ་གཅིག་ཕྱག་གཉིས། གཡས་རལ་གྲི། གཡོན་ཨུཏྤལའི་ཁར་ཤེས་རབ་ཀྱི་པོ་ཏི་བསྣམས་པ། གསེར་མདོག་རལ་པ་སྤྱི་བོར་བཅིངས་པ། ལྷག་མ་གྲོལ་བ། རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་ཅིང་དར་སྣ་ལྔའི་ཤམ་ཐབས་ཅན། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པར་བསམ། ཡུམ་སྲས་དེ་བཞི་ལ་མདུན་ནས་གཡས་བསྐོར་དུ་པད་ཟླའི་གདན་ལ། རྗེ་བཙུན་སྒྲོལ་མ། མཁའ་འགྲོ་སུ་ཀ་སི་ཏི། རྗེ་ཨརྱ་དེ་བ། ཕ་དམ་པ་རྒྱ་གར། སྐྱོ་སྟོན་བསོད་ནམས་བླ་མ། མ་ཅིག་ལབ་ཀྱི་སྒྲོན་མ། ཁུ་སྒོམ་ཆོས་ཀྱི་སེངྒེ། ཕ་དོལ་པ་ཟང་ཐལ། རྒྱ་ནག་གཅེར་བུ། སངས་རྒྱས་རབ་སྟོན། སངས་རྒྱས་དགེ་སློང་། སངས་རྒྱས་རས་པ། སངས་རྒྱས་གཉན་སྟོན། ཞེན་མེད་རས་པ། ཆོས་ཀྱི་སེང་གེ། གཡུ་གཞེར་སྟོན་པ། བཛྲ་སེངྷ། སློབ་དཔོན་པྲ་ཛྙཱ་གུ་རུ། རྗེ་བཙུན་དཔལ་འབར་བ། རྡོ་རྗེ་དཔལ་བ། རྟོགས་ལྡན་ནམ་མཁའ་རྡོ་རྗེ། སྐྱེས་མཆོག་ཚུལ་ཁྲིམས་རྒྱལ་མཚན། མཚུངས་མེད་ཆོས་ཀྱི་རྡོ་རྗེ། མཁས་གྲུབ་ཛྙཱ་ན་ཀེ་ཏུ། སྐྱེས་མཆོག་བསོད་ནམས་དཔལ་བ། བྱ་བཏང་ཀུན་དགའ་འབུམ་པ། མཁས་གྲུབ་པུཎྱེ་ལཀྵ། སྟོན་པ་ཤཱཀྱ་འོད་ཟེར། མཁས་མཆོག་ཀེ་ཏུ་སེངྷ། མགོན་པོ་ནམ་མཁའ་རྡོ་རྗེ། ག་ག་མ་ཏི། ཀ་ལ་བཛྲ། དབང་དྲག་རྒྱ་མཚོ། ཆོས་སྐྱོང་རྒྱ་མཚོ། ཀློང་གསལ་སྙིང་པོ། ཆོས་ཉིད་རྒྱ་མཚོ། བཀྲ་ཤིས་ཕུན་ཚོགས། ནམ་མཁའ་རྒྱ་མཚོ། ༈ འཇུ་བླ་པདྨ་ཆོས་དབྱིངས། སངས་རྒྱས་གྲགས་པ། ནམ་མཁའ་ཆོས་སྐྱོང་། འཇིགས་མེད་བསམ་གཏན། ཀུན་བཟང་རྣམ་རྒྱལ། རཏྣ་གུ་རུ། ཆོས་ཀྱི་རྒྱ་མཚོ། རྡོ་རྗེ་ལེགས་བཤད། རྩ་བའི་བླ་མ་སོགས་ཞེས་སམ། ཡང་ན་མན་ངག་དོན་བརྒྱུད་ལྟར་ན་ནམ་མཁའ་རྒྱ་མཚོའི་རྗེས། དྲི་མེད་ཞིང་སྐྱོང་། ཚེ་དབང་མཆོག་གྲུབ། ངེས་དོན་དབང་པོ། འགྱུར་མེད་བསྟན་འཛིན། ཆོས་ཀྱི་བློ་གྲོས། ཀུན་བཟང་འགྱུར་མེད། ཆོས་ཀྱི་རྒྱ་མཚོ། རྡོ་རྗེ་ལེགས་བཤད། རྩ་བའི་བླ་མ་སོགས། གྲུབ་ཐོབ་གཅོད་ཀྱི་བརྒྱུད་པའི་བླ་མ་རྣམས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་སྤྲིན་གཏིབ་པ་ལྟར་བསྐོར་ནས་བཞུགས་པའི་སྤྱི་བོར་ༀ། མགྲིན་པ་ཨཱཿ ཐུགས་ཀར་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས། བཛྲ་ས་མ་ཡ་ཛ་ཛ། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར་པར་བསམ། ཧཱུྃ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་ཟད་འཇོམ་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །ཡུམ་ཆེན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཧཱུྃ། ཡང་དག་ཉིད་དུ་དག་མོད་ཀྱང་། །འཇིག་རྟེན་སྲི་ཞུའི་ཚུལ་གྱིས་ནི། །ཕྱག་དང་ཞབས་གཉིས་བསིལ་མཛོད་ལ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཞེས་ཁྲུས་གསོལ། ཧཱུྃ། མྱ་ངན་མི་མདའ་ཐུགས་རྗེའི་ངང་། །ཉོན་མོངས་མ་སྤངས་གོས་པ་མེད། །མ་ཆགས་རང་བཞིན་དག་པ་ཡིས། །པདྨའི་གདན་ལ་བཞུགས་སུ་གསོལ། །པདྨ་ཀ་མ་ལ་ཡེ་སྟྭཾ། ཞེས་གདན་འབུལ། ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད། །ཡིད་བཞིན་རིན་ཆེན་ལྟ་བུའི་སྐུ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་སྡེའི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུ་མཛེས་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོ། །གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེས་རབ་ཏུ་བརྒྱན། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །ཞེས་ཕྱག་འཚལ། དེ་ནས་ཉེར་སྤྱོད་ལྔའི་མཆོད་ཅིང་། མཎྜལ་འབུལ་བ་ནི། ཕཊ་ཕཊ། ཕུང་པོ་ཁྲོལ་གྱི་ཞིག་པས་མཆོད་པའི་སྤྲིན་སྤུངས་དུ་གྱུར། དྲི་མེད་ཡིད་དུ་འོང་བ་ཡིས། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོ་འདི། །བླ་མ་ཡུམ་ཆེན་ཌཱཀྐིའི་ཚོགས་ལ་འབུལ། །འགྲོ་བའི་དོན་དུ་མཆོད་ཅིང་བཞེས་སུ་གསོལ། །ༀ་བཛྲ་ཨརྒྷཾ་པ་ཏྱཾ་ནས་ཤཔྡ་བར་བརྗོད་ལ། ཕཊཿ ལྤགས་པ་ཕྱལ་གྱིས་བཏིང་བ་དབང་ཆེན་གསེར་གྱི་ས་གཞིར་གྱུར། ཕཊཿ ཁྲག་ཆིལ་གྱིས་བྱུང་བས་དྲི་བཟང་གི་ཆུར་གྱུར། ཕཊཿ ཤ་ཉིལ་གྱིས་སྤུངས་བས་མེ་ཏོག་གི་ཚོམ་བུར་གྱུར། ཕཊཿ གཟུགས་ཁོག་རི་རབ་ཏུ་གྱུར། ཕཊཿ ཡན་ལག་བཞི་གླིང་བཞིར་གྱུར། ཕཊཿ ཉིང་ལག་ཐམས་ཅད་གླིང་ཕྲན་བརྒྱད་དུ་གྱུར། ཕཊཿ མགོ་བོ་རྣམ་པར་རྒྱལ་བའི་ཁང་བཟང་དུ་གྱུར། ཕཊཿ མིག་གཉིས་ཉི་མ་དང་ཟླ་བར་གྱུར། ཕཊཿ སོ་ཐམས་ཅད་སྐར་མར་གྱུར། ཕཊཿ རྩ་རྣམས་དཔག་བསམ་གྱི་ལྗོན་ཤིང་དུ་གྱུར། ཕཊཿ བ་སྤུ་རྣམས་ཙན་དན་གྱི་ནགས་ཚལ་དུ་གྱུར། ཕཊཿ རྒྱུ་མ་ཕྱི་ཡི་ལྕགས་རི་འཁོར་ཡུག་དུ་གྱུར། ཕཊཿ སྙིང་ལ་སོགས་པའི་ནང་རོལ་རྣམས་ཡིད་བཞིན་གྱི་ནོར་བུ་ལ་སོགས་པའི་ལྷ་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་པས་གང་བར་གྱུར། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་སོགས་ནས། ཏྲཾ་གུ་རུ་རཏྣ་མཎྜལ་པུ་ཙ་མེ་གྷ་ས་མུན་ཏྲ་སྥ་ར་ཎ་ས་མ་ཡེ་ཨཱ་ཧཱུྃ། ཞེས་མཆོད་ཅིང་བསྟོད་པ་ནི། མ་ཆོས་དབྱིངས་རྣམ་དག་སྐྱེ་མེད་དབྱིངས་ཀྱི་ཡུམ། །འགགས་མེད་རྩ་བྲལ་སེམས་ཉིད་དོན་གྱི་ཡུམ། །མཐའ་དབུས་མེད་པ་མཐའ་བྲལ་སྟོང་པའི་ཡུམ། །མ་ཡུམ་ཆེན་ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། །འགྱུར་བ་མེད་པའི་རྡོ་རྗེའི་སྐུ་སྤྲུལ་མ། །དགོས་འདོད་ཀུན་འབྱུང་རིན་ཆེན་སྐུ་སྤྲུལ་མ། །གདོད་ནས་དག་པ་པདྨའི་སྐུ། །ཕྲིན་ལས་སྤྲུལ་པ་ལས་ཀྱི་སྐུ། །མ་ཡུམ་ཆེན་སྐུ་ལྔ་ལྷུན་གྲུབ་མ་ལ་ཕྱག་འཚལ་བསྟོད། །མ་དང་པོ་ལུས་སྲོག་བསྐྱེད་པའི་མ། །བར་དུ་ཟང་ཟིན་བྱིན་པའི་མ། །ཐ་མ་སྐྱེ་མེད་སྟོན་པའི་མ། །མ་དྲིན་མོ་ཆེ་ལ་ཕྱག་འཚལ་བསྟོད། །དྲི་མེད་རྣམ་དག་དམ་ཚིག་མཁའ་འགྲོ་མ། །ཡེ་ཤེས་དཔག་མེད་སྣ་ཚོགས་མཁའ་འགྲོ་མ། །ཆོས་ཉིད་ཀློང་ཡངས་ཐམས་ཅད་མཁའ་འགྲོ་མ། །འགྲོ་རྣམས་ཀུན་འདྲེན་འཇིག་རྟེན་མཁའ་འགྲོ་མ། །སྤངས་རྟོགས་མཐར་ཕྱིན་སངས་རྒྱས་མཁའ་འགྲོ་མ། །ཌཱཀྐི་ཡོངས་རྫོགས་སྐུ་ལ་ཕྱག་འཚལ་བསྟོད། །ཕཊཿ སྤྱི་བོའི་ལྷ་ཚོགས་རྣམས་ཀྱིས་ཐུགས་ཀ་ནས་འོད་ཟེར་བྱུང་བས་རང་དང་ལྷ་འདྲེ་ལ་ཕོག་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་བག་ཆགས་ཐམས་ཅད་དག་པར་བསམ་ནས་ཅུང་ཟད་བཟླ། གཉིས་པ་གསོལ་བ་གདབ་པ་དངོས་ནི། དབྱངས་དང་བཅས་པས་འདི་སྐད་དོ། །ཕཊཿ རང་གི་སྤྱི་གཙུག་ཏུ་མ་ཅིག་ལབ་ཀྱི་སྒྲོལ་མ་ལ་འཁོར་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པར་བསམ། གནས་འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །ཡུམ་ཆེན་ཤེས་རབ་ཕར་ཕྱིན་བྱིན་རླབས་ཅན། །རྗེ་བྱིན་རླབས་ཅན་ལ་གསོལ་བ་འདེབས། །རྗེ་བྱིན་རླབས་ཅན་གྱི་བྱིན་གྱིས་རློབས། །གནས་བྱ་རྒོད་ཕུང་པའི་རི་བོ་ནས། །བཅོམ་ལྡན་ཤཱཀྱ་ཐུབ་པ་བྱིན་རླབས་ཅན། །རྗེ་བྱིན་རླབས་ཅན་ལ་གསོལ་བ་འདེབས། །རྗེ་བྱིན་རླབས་ཅན་གྱི་བྱིན་གྱིས་རློབས། །བྲག་སེང་ཆེན་བསྣོལ་བའི་ཁྲི་སྟེང་ནས། །འཇམ་དཔལ་སྨྲ་བའི་སེང་གེ་བྱིན་རླབས་ཅན། །རྗེ་བྱིན་རླབས་ཅན་ལ་གསོལ་བ་འདེབས། །རྗེ་བྱིན་རླབས་ཅན་གྱི་བྱིན་གྱིས་རློབས། །གནས་གཡུ་ལོ་བཀོད་པའི་ཞིང་ཁམས་ནས། །མ་རྗེ་བཙུན་སྒྲོལ་མ་བྱིན་རླབས་ཅན། །རྗེ་བྱིན་རླབས་ཅན་ལ་གསོལ་བ་འདེབས། །རྗེ་བྱིན་རླབས་ཅན་གྱི་བྱིན་གྱིས་རློབས། །གནས་འཇའ་འོད་འཁྱིལ་བའི་ཕོ་བྲང་ནས། །མཁའ་འགྲོ་སུ་ཁ་སིདྡྷི་བྱིན་རླབས་ཅན། །རྗེ་བྱིན་རླབས་ཅན་ལ་གསོལ་བ་འདེབས། །བྱིན་རླབས་ཅན་གྱི་བྱིན་གྱིས་རློབས། །གནས་རྒྱ་གར་ཆོས་ཀྱི་ཕོ་བྲང་ནས། །རྗེ་བཙུན་ཨཱརྻ་དེ་བ་བྱིན་རླབས་ཅན། །རྗེ་བྱིན་རླབས་ཅན་ལ༴ བྱིན་རླབས་ཅན་གྱི༴ གཙང་ལ་སྟོད་དེང་རིའི་དགོན་པ་ན། །ཕ་དམ་པ་རྒྱ་གར་བྱིན༴ རྗེ་བྱིན་རླབས་ཅན་ལ༴ རྗེ་བྱིན་རླབས་ཅན་གྱི༴ གནས་དབུས་གཙང་གཉིས་ཀྱི་ས་མཚམས་ནས། །སྐྱོ་སྟོན་བསོད་ནམས་བླ་མ༴ རྗེ་བྱིན་རླབས་ཅན་ལ༴ རྗེ་བྱིན་རླབས་ཅན་གྱི༴ གནས་ཟངས་རི་མཁར་དམར་གྱི་དགོན་པ་ནས། །མ་ཅིག་ལབ་ཀྱི་སྒྲོན་མ་བྱིན༴ རྗེ་བྱིན་རླབས་ཅན་ལ༴ རྗེ་བྱིན་རླབས་ཅན་གྱི་བྱིན༴ གནས་སྙེ་མོ་ཁུ་ཡི་ར་བ་ནས། །ཁུ་སྒོམ་ཆོས་ཀྱི་སེངྒེ་བྱིན༴ རྗེ་བྱིན་རླབས་ཅན་ལ་གསོལ་བ་འདེབས། །རྗེ་བྱིན་རླབས་ཅན་གྱི་བྱིན་གྱིས་རློབས། །གནས་སྨད་ལུང་ལྕགས་སར་གྱི་དགོན་པ་ནས། །ཕ་དོལ་པ་ཟངས་ཐལ་བྱིན་རླབས་ཅན། །རྗེ་བྱིན་རླབས་ཅན་ལ༴ རྗེ་བྱིན་རླབས་ཅན་གྱི༴ དཔལ་ཆུ་བོ་རི་ཡི་དགོན་པ་ནས། །རྗེ་རྒྱ་ནག་གཅེར་བུ་བྱིན༴ རྗེ་བྱིན་རླབས་ཅན༴ རྗེ་བྱིན་རླབས༴ གནས་རབ་གྲོང་སེ་བའི་གླིང་གང་ནས། །སངས་རྒྱས་རབ་སྟོན་བྱིན་རླབས༴ རྗེ་བྱིན་རླབས་ཅན་ལ༴ རྗེ་བྱིན་རླབས་ཅན༴ གནས་ཟལ་མོ་བྲག་གི་དགོན་པ་ནས། །ཟལ་མོ་དགེ་སློང་བྱིན༴ རྗེ་བྱིན་རླབས་ཅན༴ རྗེ་བྱིན་རླབས་ཅན༴ གནས་ཁ་རག་མུན་སོང་གི་དགོན་པ་ནས། །ཕ་ཞེན་མེད་རས་པ་བྱིན༴ རྗེ་བྱིན་རླབས་ཅན༴ རྗེ་བྱིན་རླབས༴ གནས་རི་གང་དཔལ་གྱི་དབེན་གནས་ནས། །སངས་རྒྱས་གཉན་སྟོན་བྱིན༴ རྗེ་བྱིན་རླབས་ཅན༴ རྗེ་བྱིན་རླབས་ཅན༴ འབངས་པ་བཀྲ་ཤིས་ཀྱི་དགོན་པ་ནས། །དྷརྨཱ་སེང་ཧ་བྱིན་རླབས༴ རྗེ་བྱིན་རླབས་ཅན༴ རྗེ་བྱིན་རླབས་ཅན་གྱི༴ གནས་གར་བཞུགས་ཆོས་ཀྱི་ཕོ་བྲང་ནས། །བཛྲ་སེངྷ་བྱིན༴ རྗེ་བྱིན་རླབས་ཅན༴ རྗེ་བྱིན་རླབས་ཅན༴ གནས་ཀཿཐོག་དཔལ་གྱི་དབེན་གནས་སུ། པྲ་ཛྙཱ་གུ་རུ་བྱིན༴ རྗེ་བྱིན་རླབས༴ རྗེ་བྱིན་རླབས་ཅན༴ གནས་དཔལ་འབར་བཀྲ་ཤིས་དགོན་པ་རུ། །རྡོ་རྗེ་དཔལ་བ་བྱིན་རླབས་ཅན། །རྗེ་བྱིན་རླབས་ཅན༴ རྗེ་བྱིན་རླབས་ཅན་གྱི༴ སྣང་སྲིད་ཆོས་སྐུའི་ཕོ་བྲང་ནས། །ནམ་མཁའ་རྡོ་རྗེ་བྱིན་རླབས་ཅན། །རྗེ་བྱིན་རླབས་ཅན༴ རྗེ་བྱིན་རླབས་ཅན་གྱི༴ དགའ་ལྡན་གནམ་སྟོང་རི་ཁྲོད་ནས། །ཤི་ལ་ཀེ་ཏུ་བྱིན་རླབས༴ རྗེ་བྱིན་རླབས་ཅན་ལ༴ རྗེ་བྱིན་རླབས་ཅན་གྱི༴ སྤང་ཀ་མ་ཆོས་གླིང་རི་ཁྲོད་ནས། །དྷརྨ་བཛྲ༴ རྗེ་བྱིན་རླབས་ཅན་ལ༴ རྗེ་བྱིན་རླབས་ཅན་གྱི༴ དོན་གཉིས་གྲུབ་པའི་ཕོ་བྲང་ནས། །ཛྙཱ་ན་ཀེ་ཏུ་བྱིན་རླབས་ཅན། །རྗེ་བྱིན་རླབས་ཅན༴ རྗེ་བྱིན་རླབས་ཅན་གྱི༴ གནས་ཙ་རི་མཆོག་གི་དགོན་པ་ནས། །སྐྱེས་མཆོག་བསོད་ནམས་དཔལ་བ༴ རྗེ་བྱིན་རླབས༴ རྗེ་བྱིན་རླབས་ཅན་གྱི༴ གནས་ཆོས་བརྒྱད་རང་གྲོལ་གྱི་ཕོ་བྲང་ནས། །བྱ་བཏང་ཀུན་དགའ་འབུམ་པ་བྱིན༴ རྗེ་བྱིན་རླབས་ཅན༴ རྗེ་བྱིན་རླབས་ཅན་གྱི༴ གནས་དོན་གཉིས་ལྷུན་གྲུབ་ཕོ་བྲང་ནས། །རྗེ་པུཎྱེ་ལ་ཀྵ༴ རྗེ་བྱིན་རླབས་ཅན༴ རྗེ་བྱིན་རླབས་ཅན་གྱི༴ གནས་ལྷུན་གྲུབ་འོད་ལྔའི་ཕོ་བྲང་ནས། །སྟོན་པ་ཤཱཀྱ་འོད་ཟེར་བྱིན་རླབས་ཅན། །རྗེ་བྱིན་རླབས་ཅན༴ རྗེ་བྱིན་རླབས་ཅན་གྱི༴ གནས་གར་བཞུགས་དག་པའི་ཕོ་བྲང་ནས། །རྗེ་རྒྱལ་མཚན་སེངྒེ་བྱིན༴ རྗེ་བྱིན་རླབས་ཅན་ལ༴ རྗེ་བྱིན་རླབས་ཅན་གྱི༴ གནས་སྟོང་ཉིད་ཆོས་ཀྱི་ཕོ་བྲང་ནས། །རྗེ་ག་ག་བཛྲ་བྱིན༴ རྗེ་བྱིན་རླབས་ཅན༴ རྗེ་བྱིན་རླབས་ཅན་གྱི༴ གནས་རང་རིག་རང་གསལ་ཕོ་བྲང་ནས། །རྗེ་ག་ག་མ་ཏི༴ རྗེ་བྱིན་རླབས་ཅན་ལ༴ རྗེ་བྱིན་རླབས་ཅན་གྱི༴ གནས་མ་བཅོས་ལྷུན་གྲུབ་ཕོ་བྲང་ནས། །རྗེ་ཀ་ལ་བཛྲ༴ རྗེ་བྱིན་རླབས༴ རྗེ་བྱིན༴ གནས་སྐུ་ལྷ་དཔལ་གྱི་རི་ཁྲོད་ནས། །རྗེ་འཁྲུལ་ཞིག་རང་གྲོལ༴ རྗེ་བྱིན་རླབས་ཅན་ལ༴ རྗེ་བྱིན་རླབས་ཅན༴ གནས་ཁམས་གང་བྱང་ཆུབ་གླིང་དགོན་དུ། །རྗེ་ཆོས་སྐྱོང་རྒྱ་མཚོ་བྱིན༴ རྗེ་བྱིན་རླབས་ཅན་ལ༴ རྗེ་བྱིན་རླབས་ཅན་གྱི༴ གནས་ཀཿཐོག་རྡོ་རྗེའི་གདན་སྟེང་ནས། །རྗེ་ཀློང་གསལ་སྙིང་པོ་བྱིན༴ རྗེ་བྱིན་རླབས་ཅན་ལ༴ རྗེ་བྱིན་རླབས་ཅན་གྱི༴ གནས་གསང་སྔགས་རབ་བསྟན་ཆོས་གླིང་ནས། །རྗེ་ཆོས་ཉིད་རྒྱ་མཚོ་བྱིན་རླབས༴ རྗེ་བྱིན་རླབས༴ རྗེ་བྱིན་རླབས་ཅན་གྱི༴ གནས་གདུང་ཤུགས་དྲག་པའི་དབེན་གནས་ནས། །རྗེ་བཀྲ་ཤིས་མཚན་ཅན༴ རྗེ་བྱིན་རླབས་ཅན་ལ༴ རྗེ་བྱིན་རླབས་ཅན་གྱི༴ གནས་ཤིང་སྒོ་གངས་ཀྱི་ར་བ་རུ། །དྲུང་ནམ་མཁའ་རྒྱ་མཚོ་བྱིན༴ རྗེ་བྱིན་རླབས་ཅན་ལ༴ རྗེ་བྱིན་རླབས་ཅན་གྱི༴ གནས་འཁྲུལ་པ་རང་གྲོལ་ཕོ་བྲང་ནས། །རྗེ་པདྨ་ཆོས་དབྱིངས༴ རྗེ་བྱིན་རླབས་ཅན་ལ༴ རྗེ་བྱིན་རླབས་ཅན་གྱི༴ གནས་སྣང་གྲགས་ཆོས་སྐུའི་ཕོ་བྲང་ནས། །རྗེ་སངས་རྒྱས་གྲགས་པ༴ རྗེ་བྱིན་རླབས་ཅན༴ རྗེ་བྱིན་རླབས་ཅན་གྱི༴ གནས་ཚོགས་གཉིས་ལྷུན་གྲུབ་ཕོ་བྲང་ན། །རྗེ་ནམ་མཁའ་ཆོས་སྐྱོང་༴ རྗེ་བྱིན་རླབས་ཅན་ལ༴ རྗེ་བྱིན་རླབས་ཅན་གྱི༴ གནས་གང་ཤར་རང་གྲོལ་ཕོ་བྲང་ནས། །རྗེ་འཇིགས་མེད་བསམ་གཏན༴ རྗེ་བྱིན་རླབས་ཅན་ལ༴ རྗེ་བྱིན་རླབས་ཅན་གྱི༴ གནས་སྨིན་གྲོལ་རྒྱ་མཚོའི་མཛོད་ཁང་ནས། །རྗེ་ཀུན་བཟང་རྣམ་རྒྱལ་ལ༴ རྗེ་བྱིན་རླབས་ཅན་ལ༴ རྗེ་བྱིན་རླབས་ཅན་གྱི༴ གནས་སྣང་བཞི་མཐར་ཕྱིན་ཕོ་བྲང་ནས། །རྗེ་རཏྣ་གུ་རུ་བྱིན༴ རྗེ་བྱིན་རླབས་ཅན་ལ༴ རྗེ་བྱིན་རླབས་ཅན་གྱི༴ གནས་བཤད་སྒྲུབ་ནོར་བུའི་ལྷུན་པོ་ནས། །རྗེ་ཆོས་ཀྱི་རྒྱ་མཚོ་བྱིན༴ རྗེ་བྱིན་རླབས་ཅན་ལ༴ རྗེ་བྱིན་རླབས་ཅན་གྱི༴ གནས་བྲག་གདོང་བཀྲ་ཤིས་དགེ་འཕེལ་དུ། །རྗེ་རྡོ་རྗེ་ལེགས་བཤད་བྱིན༴ རྗེ་བྱིན་རླབས་ཅན་ལ༴ རྗེ་བྱིན་རླབས་ཅན་གྱི༴ གནས་སྤྱི་གཙུག་པད་ཟླའི་གདན་སྟེང་ན། །རྗེ་རྩ་བའི་བླ་མ་བྱིན་རླབས༴ རྗེ་བྱིན་རླབས་ཅན་ལ་གསོལ་བ་འདེབས། །རྗེ་བྱིན་རླབས་ཅན་གྱི་བྱིན་གྱི་རློབས། །མན་ངག་དོན་བརྒྱུད་ལྟར་ན་གྲུབ་ཐོབ་ནམ་མཁའ་རྒྱ་མཚོའི་རྗེས། གནས་མོས་གུས་མཐར་ཕྱིན་ཕོ་བྲང་ནས། །རྗེ་དྲི་མེད་ཞིང་སྐྱོང་༴ རྗེ་བྱིན་རླབས་ཅན་ལ༴ རྗེ་བྱིན་རླབས་ཅན་གྱི༴ གནས་མཁྱེན་བརྩེ་ནུས་མཐུའི་ཕོ་བྲང་ནས། །རྗེ་ཚེ་དབང་མཆོག་གྲུབ་བྱིན༴ རྗེ་བྱིན་རླབས་ཅན་ལ༴ རྗེ་བྱིན་རླབས་ཅན་གྱི༴ གནས་སྟོང་ཉིད་བདེ་ཆེན་ཕོ་བྲང་ནས། །རྗེ་ངེས་དོན་དབང་པོ༴ རྗེ་བྱིན་རླབས་ཅན༴ རྗེ་བྱིན་རླབས་ཅན་གྱི༴ གནས་རྟོགས་འཁྲུལ་རང་གྲོལ་ཡང་དབེན་ནས། །རྗེ་འགྱུར་མེད་བསྟན་འཛིན༴ རྗེ་བྱིན་རླབས་ཅན༴ རྗེ་བྱིན་རླབས་ཅན་གྱི༴ གནས་བྱང་ཆུབ་སེངྒེའི་ནག་ཁྲོད་ནས། །རྗེ་ཆོས་ཀྱི་བློ་གྲོས་བྱིན༴ རྗེ་བྱིན་རླབས་ཅན་ལ༴ རྗེ་བྱིན་རླབས་ཅན་གྱི༴ གནས་ཕྱོགས་མེད་དཔལ་གྱི་གཉན་ཁྲོད་ནས། །རྗེ་ཀུན་བཟང་འགྱུར་མེད་བྱིན་རླབས་ཅན། །རྗེ་བྱིན་རླབས་ཅན་ལ༴ རྗེ་བྱིན་རླབས་གྱི༴ གནས་བཤད་སྒྲུབ་ནོར་བུའི་ལྷུན་པོ༴ སོགས་སྦྲེལ། གནས་སྤྱི་གཙུག་པད་ཟླའི་གདན་སྟེང་ནས། །དྲིན་ཆེན་རྩ་བའི་བླ་མ་བྱིན་རླབས་ཅན། །རྗེ་བྱིན་རླབས་ཅན་ལ༴ རྗེ་བྱིན་རླབས་ཅན་གྱི༴ གནས་གཉན་ས་རི་ཁྲོད་ཀྱི་དགོན་པ་ནས། །མཆེད་གྲོགས་ཆོས་མཛད་བྱིན༴ རྗེ་བྱིན་རླབས་ཅན་ལ༴ རྗེ་བྱིན་རླབས་ཅན་གྱི༴ ཡུལ་ཉི་ཤུ་རྩ་བཞིའི་གནས་མཆོག་ནས། །ཡི་དམ་ལྷ་ཚོགས་བྱིན༴ རྗེ་བྱིན་རླབས་ཅན་ལ༴ རྗེ་བྱིན་རླབས་ཅན་གྱི༴ གནས་བསིལ་བ་ཚལ་གྱི་དུར་ཁྲོད་ནས། །ཆོས་སྐྱོང་མ་མགོན་ལྕམ་དྲལ་བྱིན་རླབས་ཅན། །རྗེ་བྱིན་རླབས་ཅན་ལ་གསོལ་བ་འདེབས། །རྗེ་བྱིན་རླབས་ཅན་གྱི་བྱིན་གྱིས་རློབས། །སྙེམས་ཐག་ཆོད་པར་བྱིན་གྱིས་རློབས། །བདག་འཛིན་བློ་ཡིས་ཐོང་པར་བྱིན་གྱིས་རློབས། །མི་རྟགས་རྒྱུད་ལ་སྐྱེ་བ་བྱིན༴ དགོས་མེད་རྒྱུད་ལ་སྐྱེ་བར༴ རང་སེམས་སྐྱེ་མེད་རྟོག་པར༴ སྣང་སེམས་དབྱེར་མེད་རྟོགས་པར༴ དག་སྣང་ཕྱོགས་མེད་འབྱོང་པར༴ ན་ཚ་བོགས་སུ་ཐོན་པར་བྱིན༴ རྐྱེན་ངན་ལམ་དུ་སློང་བར་བྱིན༴ གཉན་ས་རི་ཁྲོད་འགྲིམ་པར༴ འགྲོ་དོན་མཐའ་རུ་ཕྱིན་པར༴ གཅོད་ཡུལ་ཉམས་སུ་ལེན་པར༴ ལྷ་འདྲེའི་འགྲོ་དོན་ནུས་པར༴ སྐུ་འགྱུར་བ་མེད་པར༴ གསུང་འགགས་པ་མེད་པ་བྱིན༴ ཐུགས་འཁྲུལ་བ་མེད་པར་བྱིན་གྱིས་རློབས། །ལུས་ཤག་མ་ཤིག་མ་བྱིན་གྱིས༴ སེམས་ཁྲལ་མ་ཁྲོལ་མར༴ ཉམས་འར་མ་འུར་མ༴ སྣང་བ་བན་མ་བུན་མར༴ རྟོགས་པ་ཆལ་མ་ཆོལ་མ༴ གཉན་ས་རི་ཁྲོད་འདི་རུ༴ འདུག་ས་འདི་རུ་བྱིན་གྱིས་རློབས། །མྱུར་བ་ཉིད་དུ་བྱིན༴ ད་ལྟ་ཉིད་དུ་བྱིན་གྱིས་རློབས། །ཕཊཿ ཕཊཿ མ་ཅིག་བརྒྱུད་པ་དང་བཅས་པའི་སྐུ་ལས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་དཀར་ལ་དྭངས་པ་ཁྲ་ལ་ལ་བབ་པས་བདག་གི་སྤྱི་གཙུག་ཚངས་བུག་དུ་མར་བྱུང་བས་ལས་དང་ཉོན་མོངས་པའི་སྡིག་སྒྲིབ་བག་ཆགས་ཐམས་ཅད་ཆུ་ལམ་དང་འོག་སྒོ་སེན་ཕྲག་ནས་མར་བུད་ནས་ཞབས་དབང་ཆེན་གསེར་གྱི་ས་གཞིའི་ཞབས་སུ་ལས་ཀྱི་གཤིན་རྗེ་སོགས་ལན་ཆགས་ཤ་མཁོན་བུ་ལོན་གྱི་མགྲོན་རྣམས་ཀྱི་ཁར་འུབ་འུབ་སིབ་སིབ་དུ་ཐིམ་པར་བསམ། ཕཊཿ ཚོགས་ཞིང་རྣམས་ལས་འོད་ཟེར་བྱིན་རླབས་སྤྲིན་དཔུང་ལྟ་བུར་འཕྲོས་འགྲོ་དྲུག་སེམས་ཅན་དང་སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས་ལ་ཕོག་པས་དེ་རྣམས་ཀྱི་ལས་དང་ཉོན་མོངས་པའི་སྡིག་སྒྲིབ་བག་ཆགས་ཐམས་ཅད་སང་གིས་དག་པར་བསམ། ཕཊཿ ནད་པ་ལ་ལན་ཆགས་འཇལ་བའི་དམིགས་པ་སྤྱི་ཙམ་དུ། ཕཊཿ བདག་གཞན་གྱི་སྡིག་སྒྲིབ་བཀྲུས་པའི་ཁུ་བ་ངོ་བོ་བདུད་རྩིའི་རྣམ་པར་འདོད་ཡོན་ལོངས་སྤྱོད་ཕུན་སུམ་ཚོགས་པ། ལུས་གདོན་ནད་བདག་ལན་ཆགས་ཤ་མཁོན་བདག་པོ་ཀུན་གྱི་ཁར་སོང་བས། དགའ་ཞིང་མགུ། ངོམ་ཞིང་ཚིམ་ནས་ལན་ཆགས་སོད། བུ་ལོན་བྱང་ཤ་མཁོན་དག །གནོད་སེམས་ཞི་ནས་ཕན་སེམས་དང་ལྡན་པར་བསམ། ཕཊཿ རང་གི་ནད་གནོད་ཤ་ཁྲག་དང་བཅས་པ་དག་ནས་ལུས་ཁྲུ་མ་ཕུས་བཏབ་ཟིན་འོ་མས་གང་བ་ལྟར་སྒོམ་མོ། །གསུམ་པ་དབྱིངས་རིག་བསྲེ་བ་ནི། ༀ་སྭ་བྷ་ཝས་སྟོང་པར་སྦྱོངས། སྟོང་པའི་ངང་ལས་རང་ལུས་སྟོང་ར་ཁང་སྟོང་ཀ་བ་གཅིག་པ་ལྟ་བུའི་ལྟེ་བ་ནས་སྤྱི་གཙུག་གི་བར་དུ་རྩ་དབུ་མ་སྙུག་དོང་ཁ་ཕྱེ་བ་ལྟ་བུ། ཡར་སྣེ་སྤྱི་གཙུག་ཚངས་པའི་བུ་གར་ཟུག་པ། མར་སྣེ་ལྟེ་འོག་སོར་བཞིའི་ཐད་དུ་ཡོད་པའི་ནང་དུ། རང་གི་རྣམ་པར་ཤེས་པའི་ངོ་བོ་ཐིག་ལེ་དཀར་ལ་དམར་བའི་མདངས་ཆགས་པ། བྱ་མ་གསར་གྱི་སྒོང་ང་ལྟ་བུར་སྣུམ་ལ་འདྲིལ་བ་དཀར་ལ་འཚེར་བ། ནམ་ཐོ་རངས་ཀྱི་སྐར་ཆེན་ཤར་བར་ལྟར་འཕར་ལིང་ལིང་བྱེད་པ་འོད་ཟེར་ཀུན་ཏུ་འཕྲོ་བར་བསྒོམ། ཕཊཿ བྱས་པ་ཙམ་གྱི་ཡར་ལྟེ་བར་འཕར་བ་བསམ། ཕཊཿ སྙིང་ཁར། ཕཊཿ མགྲིན་པར། ཕཊཿ ཀླད་པར་དུང་ཁང་། ཕཊཿ ཚངས་བུག །ཕཊཿ མ་ཅིག་ཐུགས་ཀར་ཐིམ་པར་བསམ། མ་ཅིག་བརྒྱུད་པའི་བླ་མ་དང་བཅས་པ་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སོང་བར་བསྒོམ། ཕཊ། དབྱིངས་དང་རིག་པ་ནམ་མཁའ་གསུམ་དབྱེར་མེད་སྟོང་པ་གཅིག་ཏུ་གྱུར་པའི་ངང་ལ་ཅི་གནས་སུ་བཞག་གོ། །བཞི་བསྲེ་ནམ་མཁའ་སྒོ་འབྱེད་གཅེས། ཅེས་གསུངས་པས། བདག་དང་། ནད་པ། འཁོར་ཁལ་རྟ་དང་། མ་ཅིག་དང་བཞིའི་ཤེས་པ་བསྲེ་བར་བྱའོ། །ཤེས་པ་བཞིའི་བསྲེ་ལུགས་ནི། ནད་པ་འཁོར་ཁལ་རྟ་གསུམ་གྱི་ཤེས་པ་ཐིག་ལེ་དཀར་ལ་དམར་བའི་མདངས་ཆགས་པའི་ཚུལ་དུ་བླ་མའི་གསང་གནས་ཀྱི་ཤེས་པའི་ངོ་བོ་ལ་བསྲེ། བླ་མ་དང་གྲོགས་ཆོས་མཐུན་གྱི་ཤེས་པ་ཐུགས་ཀར་བསྲེ། དེས་དབྱིངས་བསྲེ་སོང་ངོ་། །རོ་བསྲེ་བ་ནི། རོ་ཐམས་ཅད་བླ་མའི་རོ་ལ་བསྟིམ། འཁོར་ཐམས་ཅད་དང་བླ་མ་དང་སྒར་པ་ཀུན་གྱི་ཤེས་པ་རྣམས་རོ་གོང་བཞིན་དུ་རང་རང་ལ་བསྲེའོ། །རོ་བསྲེས་དང་དབྱིངས་བསྲེས་སྡེབ་ན་ཆུན་ཅིག་ཏུ་ཆོད་པའི་གནད་དོ། །དེ་ཡང་མ་ཅིག་གིས་ཞལ་ནས། །ནམ་མཁའ་སྒོ་འབྱེད་རེ་རེ་དེ། །དབང་བསྐུར་ཕལ་གྱི་དོ་ཟླ་མིན། །ཅེས་གསུངས་སོ། །དེས་བཞི་བསྲེ་ནམ་མཁའ་སྒོ་འབྱེད་སོང་། ༈ ལྔ་པ་བདུད་རྩི་དཀར་འགྱེད་ནི། རང་གི་རོ། གཞན་གྱི་རོ། གཅིག་ཏུ་བསྲེབ་དང་གཅིག །སྦྱངས་བྱེད་ཀྱི་ཡི་གེ་འབྲུ་གསུམ་དང་གཉིས། བྱིན་གྱིས་རླབས་བྱེད་ཡི་གེ་འབྲུ་གསུམ་བདུད་རྩི་བསྒྱུར་བ་དང་གསུམ་སྟེ། མ་ཅིག་གི་ཞལ་ནས། བླ་མ་ཡི་དམ་མཁའ་འགྲོ་ལ། །ཚོགས་མཆོད་དངོས་གྲུབ་བླང་བར་གཅེས། །ཕ་མ་སེམས་ཅན་ཐམས་ཅད་ལ། །ཆོས་དང་ཟང་ཟིང་སྦྱིན་པ་གཅེས། །ཅེས་གསུངས་པ་ལྟར། སྐྱེ་མེད་ཀྱི་ངང་ལས་རྟོག་པ་གཅིག་བྱུང་མ་ཐག་ཏུ། ཕཊཿ གཅིག་བྱས་པ་ཙམ་གྱིས། སྟོང་པ་ཆོས་ཀྱི་སྐུ་ལས་གཟུགས་སྐུར་བཞེངས་ནས། རང་གི་རིག་པའི་ངོ་བོ་རྗེ་བཙུན་མ་སྐུ་མདོག་དམར་པོ་ཕྱག་ན་གྲི་གུག་དང་ཐོད་ཁྲག་འཛིན་པ་གཅིག་ཏུ་གྱུར། ཕཊཿ ཕཊཿ ཕཊཿ དེའི་མདུན་དུ་རང་གི་རོ་དེ་ཆེ་ལ་ཚོ་བ་སྣུམ་ལ་མཛེས་པ་དཀར་ལ་འཚེར་བ་སྟོང་གསུམ་ནམ་མཁའི་ཁམས་དང་མཉམ་པ་གཅིག་ཏུ་གྱུར། ཕཊཿ རྗེ་བཙུན་མའི་གྲི་གུག་གིས་བེམ་པོ་དེའི་དཔྲལ་མདོ་ན་གཅིག་བརྒྱབ་པས། ཤག་གིས་བཤགས་ནས་ལྤགས་པ་སིལ་གྱིས་བཤུས་ཤིང་མཆོག་ཕུར་བཞི་ཧར་གྱི་བཙུག །ལྤགས་པ་དེའི་ཡན་ལག་བཞི་འཐེན་ནས་ལྷུ་ཚིགས་དང་པུས་ཚིགས་བཞི་བཅད་ནས་ཡན་ལག་བཞི་ལྤགས་པའི་གློར་འབྱར་བར་བསྒོམ། ཕཊཿ གཅིག་བྱས་པས། ལྤགས་དེ་ཕྱལ་གྱིས་བཏིང་བས་གླིང་བཞི་ཁྱབ་པར་བསྒོམ། ཕཊཿ གཅིག་བྱས་པས། ཡན་ལག་བཞི་ཕྱོགས་བཞི་ཟུག་ནས། ཡན་ལག་བཞིའི་ཁ་ན་ལྤགས་པ་དེ་དམར་ཐང་ངེ་ཡོད་པར་བསྒོམ། ཕཊཿ གཅིག་བྱས་པས། རྗེ་བཙུན་མའི་གྲི་གུག་གི་རྩེ་མོས་བེམ་པོ་དེ་བླངས་ནས་ལྤགས་པའི་ཐོག་ཏུ་འཕང་སྟེ་རྗེས་སུ་གྲི་གུག་གི་རོ་ལ་གཅིག་བརྒྱབ་པས་དམར་ཉོབ་ཀྱིས་སོང་ནས། ཕཊཿ གཏི་མུག་ཤ་ཡི་རི་བོ། ཕཊཿ འདོད་ཆགས་ཁྲག་གི་རྒྱ་མཚོ། ཕཊཿ ཞེ་སྡང་རུས་པའི་གྲམ་ཁྲོད་ཆེན་པོར་གྱུར་པར་བསམ་ལ་ངག་ཏུ། རཾ་ཡཾ་ཁཾ། ཅེས་ལན་གསུམ་བརྗོད་པ་ཙམ་གྱིས། རང་ཉིད་རྗེ་བཙུན་མའི་ཐུགས་ཀ་ནས་གཟབ་ཡིག་རཾ་དམར་པོ་གཅིག་འཕྲོས་པས་ཤ་ཁྲག་ལ་ཕོག་ནས་མེ་འབར་ཏེ་དངོས་པོ་མ་དག་པ་ཐམས་ཅད་ཐལ་བ་བུན་གྱིས་སོང་བར་བསམ། ཡཾ་སྔོ་སྐྱ་གཅིག་སྤྲོས་པ་ལས་རླུང་བྱུང་ནས་མེས་བསྲེགས་ཟིན་གྱི་ཐལ་བ་མ་ལུས་པ་བཀྲུས་པར་བསམ། ཁཾ་སྔོན་པོ་གཅིག་སྤྲོས་པས་ཆུ་བྱུང་བས་རླུང་གིས་གཏོར་ཟིན་གྱི་ཐལ་བ་རྣམས་མ་ལུས་པ་བཀྲུས་པར་བསམ། མལ་དུ་དྭངས་མ་ཡོད་པ་དེ། ༀ་ཨཱཿཧཱུྃ་གསུམ་དུ་གྱུར་པ་དེ་ཡར་གཅིག་ཐོག་ན་གཅིག་བརྩེགས་ནས་ཡོད་པར་བསྒོམ། ངག་ཏུ། ༀ་ཨཱཿཧཱུྃ་ལན་གསུམ། བརྗོད་པ་ཙམ་གྱིས་འོད་དུ་ཞུ་བ་ལས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་རྒྱ་མཚོ་ཆེན་པོ་ནམ་མཁའ་དང་མཉམ་པར་བསམ་ལ། ཕཊཿ མགྲོན་ཚན་བཞི་པོ་མདུན་དུ་རིམ་བཞིན་འཁོད་ནས་ཡོད་པར་དམིགས་ལ། དང་པོ་སྲིད་ཞུའི་མགྲོན་ལ་འབུལ་བ་ནི། ན་མོ། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་བླ་མ་རྣམས་དང་། ཉན་ཐོས་རང་རྒྱལ་རྣམས་དང་། ཆོས་སྐུ་ཀུན་ཏུ་བཟང་པོ་མན་ཆད་རྩ་བའི་བླ་མ་ཡན་ཆད། རིག་འཛིན་བརྒྱུད་པ་དང་བཅས་པ་རྣམས་དང་། ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་འཁོར་དང་བཅས་པ་རྣམས་ལ་མཆོད་དོ། །འབུལ་ལོ་བཞེས་སུ་གསོལ། འཁོར་བ་མ་སྟོང་གི་བར་དུ་བདག་གི་ལུས་འདི་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དུ་གྱུར་ནས། དཀོན་མཆོག་གསུམ་ལ་མཆོད་ཅིང་མཉེས་པར་གྱུར་ཅིག །བདག་སོགས་སེམས་ཅན་ཐམས་ཅད་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཕཊཿ ལྷ་ཚོགས་རྣམས་དགྱེས་པའི་སྐན་སྒྲ་དང་བཅས་པས་གསོལ་བར་བསམ། ཕཊཿ གཅིག་གིས་ལྷ་ཚོགས་རྣམས་དགྱེས་ནས་མི་དམིགས་པའི་ངང་ལ་བཞག་གོ། །ཕཊཿ གཅིག་གིས་ལྷག་མ་གསལ་བར་བསྐྱེད་ནས། གཉིས་པ་ཡོན་ཏན་མགྲོན་ལ་འབུལ་བ་ནི། ཕཊཿ གཅིག་བྱས་པ་ཙམ་གྱིས་ཡང་རོ་སྔ་མ་ལྟར་བསྐྱེད་ལ། ༀ་ཨཱཿཧཱུྃ། ཅེས་ལན་གསུམ་བརྗོད་པ་ཙམ་གྱིས། དཀར་གསུམ་མངར་གསུམ་ཞལ་ཟས་རོ་མཆོག་བརྒྱ་དང་ལྡན་པ་སྟོང་གསུམ་ནམ་མཁའ་དང་མཉམ་པར་བསམ། སྟོང་གསུམ་མི་འཇེད་ཀྱི་བདག་པོ་དཔལ་ཚངས་པ་དང་བརྒྱ་བྱིན་རྒྱལ་པོ་ཆེན་པོ་སྡེ་བཞི་ལ་སོགས་པ། གཙང་རིགས་ཀྱི་དཔལ་མགོན་བདུན་ཅུ་རྩ་ལྔ་འཁོར་དང་བཅས་པས་རྣམས་ལ་མཆོད་དོ། །འབུལ་ལོ། །བཞེས་སུ་གསོལ། ཅི་འདོད་པའི་ལོངས་སྤྱོད་དུ་གྱུར་ནས་དགྱེས་ཤིང་ཚིམ་པར་གྱུར་ཅིག །ཁྱེད་རྣམས་ཀྱི་སངས་རྒྱས་ཀྱི་བསྟན་པ་སྲུང་བ་དང་། སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་འབྱུང་བར་མཛད་དུ་གསོལ། ཕཊཿ བྱས་པ་ཙམ་གྱིས། ལྷ་ཚོགས་རྣམས་དགྱེས་པར་བསམ། ཕཊཿ གཅིག་གིས་གོང་བཞིན་མི་དམིགས་པ་དང་། ༀ་ཨཱཿཧཱུྃ། ལན་གསུམ་བྱས་པ་ཙམ་གྱིས། རིན་པོ་ཆེའི་མཆོད་སྡོང་ཆེན་པོ་ནམ་མཁའ་དང་མཉམ་པར་གྱུར། རང་རང་གི་ཅི་ལྟར་མོས་པའི་ཚོགས་སུ་གྱུར་པ་འདི་ཉིད་བསྔོ་ཞིང་འབུལ་བའི་གནས་ནི་གནས་ཡུལ་ཆེན་པོ་གཞི་ཡི་བདག་པོ་སོགས་བཀའ་ཡི་ལྷ་མ་སྲིན་སྡེ་བརྒྱད་རྣམས་དང་། འགྲོ་བ་དྲུག་གི་སེམས་ཅན་རྣམས་ལ་སྦྱིན་ནོ། །སོ་སོ་ཅི་འདོད་པའི་ལོངས་སྤྱོད་དུ་གྱུར་ནས། འཁོར་བ་མ་སྟོང་གིས་བར་དུ་སེམས་ཅན་ཐམས་ཅད་སྐྱེ་བ། ན་བ། རྒས་པ། འཆི་བ། འོན་པ། ལོང་བ། ལྐུག་པ། སྨྱོ་བ། དབུལ་བ། ཕོངས་པ། ཚེ་ཐུང་བ། ནད་མང་བ། ཉམས་ཐག་པ། ལ་སོགས་པའི་སྡུག་བསྔལ་ཐམས་ཅད་དང་བྲལ་བར་གྱུར་ཅིག །ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་གྲགས་པ་དང་ལོངས་སྤྱོད་ཅི་འདོད་པའི་བདེ་སྐྱིད་དཔལ་འབྱོར་ཕུན་སུམ་ཚོགས་པ་དང་ལྡན་པར་མྱུར་དུ་སངས་རྒྱས་ཐོབ་པར་གྱུར་ཅིག །ཕཊཿ གཅིག་གི། དགྱེས་ནས་སོ་སོའི་གནས་སུ་སོང་ནས་སངས་རྒྱས་པར་བསམ། ཕཊཿ གཅིག་གི་གོང་བཞིན་དམིགས་ལ། བཞི་པ་ལན་ཆགས་མགྲོན་ལ་འབུལ་བ་ནི། ཕཊཿ གཅིག་བྱས་པ་ཙམ་གྱིས་རོ་སྔར་ལྟར་བསམ་ལ། ༀ་ཨཱཿཧཱུྃ་ལན་གསུམ་བྱས་པ་ཙམ་གྱིས། འདོད་ཡོན་གྱི་ཚོགས་སུ་གྱུར་ནས་རང་རང་གི་ཇི་ལྟར་མོས་པའི་ཚོགས་སུ་གྱུར་པ་འདི་ཉིད་བསྔོ་ཞིང་སྦྱིན་པའི་གནས་ནི། གནས་གདོན་ལུས་གདོན་གཉིས་ཀྱིས་གཙོར་བྱས། བདག་ཅག་གིས་ཚེ་རབས་གྲངས་མེད་ཀྱི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། བདུད་སྡེ་བཞི། བཙན་ཁ་བཞི། མགྱོགས་སྡེ་བརྒྱད། ཡ་བདུད་རྒྱལ་པོ། མ་བདུད་རྒྱལ་མོ་འཁོར་དང་བཅས་པ་རྣམས་དང་། རྒྱལ་པོ་དང་རྒྱལ་བྱིན། འབྱུང་པོ་དང་རོ་ལངས། ས་བདག་དང་ཀླུ་སྲིན་དལ་ཡམས་ནད་ཀྱི་བདག་པོ་བདག་མོ། རིམས་ཀྱི་བདག་པོ་བདག་མོ། གྲིབ་ཀྱི་བདག་པོ་བདག་མོ། ལན་ཆགས་ཀྱི་བདག་པོ་བདག་མོ་རྣམས་ལ་སྟེར་བ་ཡིན་པས་བུ་ལོན་སོད། ལན་ཆགས་བྲལ། ཤ་མཁོན་བྱང་ནས་ཁྱེད་རྣམས་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག །ཕཊཿ བྱས་པ་ཙམ་གྱིས། འདོད་ཡོན་གྱིས་ཚིམ་ནས་སངས་རྒྱས་པར་བསམ། ཕཊཿ གཅིག་གིས་ལྷག་མ་ཡང་གསལ་སྟེ། ལྔ་པ་དབང་དམན་ལ་སྦྱིན་པ་ནི། ལྷག་མ་གསལ་བ་དེ་ཉིད། ༀ་ཨཱཿཧཱུྃཿ ལན་གསུམ་གྱིས་བྱིན་གྱིས་རླབས་ལ། ལྷག་མ་རྣམས་འགྲོ་བ་རིགས་དྲུག་གི་ནང་ནས་ཁས་ཞན་ཅིང་དབང་ཆུང་བ། ཞ་བོ། ལོང་བ། འོན་པ། ལྐུག་པ། ལ་སོགས་པ་ལྷག་མ་ལ་དབང་བ་རྣམས་ལ་སྦྱིན་ནོ། །ཞ་བོ་རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པར་གྱུར་ཅིག །ལོང་བ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པར་གྱུར་ཅིག །ལྐུག་པ་ཚངས་པའི་དབྱངས་དང་ལྡན་པར་གྱུར་ཅིག །འོན་པས་ཆོས་ཀྱི་སྒྲ་ཐོས་པར་གྱུར་ཅིག །རྗེ་བླ་མའི་ཐུགས་དགོངས་རྫོགས་པར་གྱུར་ཅིག །རྒྱལ་བ་མཆོད་པས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་བསྐང་གྱུར་ཅིག །རིགས་དྲུག་འདོད་པས་ཚིམ་གྱུར་ཅིག །བུ་ལོན་ལན་ཆགས་བྱང་གྱུར་ཅིག །སོ་སོར་ཅི་འདོད་པའི་ལོངས་སྤྱོད་དུ་གྱུར་ནས་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག །ཅེས་བརྗོད་དེས་ནས། མགྲོན་བཞི་པོ་དེ་ཐམས་ཅད་རྗེ་བཙུན་མ་སྐུ་མདོག་དམར་མོའི་ཚུལ་དུ་བསྒོམ་ལ། དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཅན་ཐམས་ཅད་ཡི་གེ་ༀ་ཨཱཿཧཱུྃ་གིས་ཚུལ་དུ་གྱུར་ནས། རང་གི་གནས་གསུམ་དུ་ཐིམ་ནས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ་མོ། །དེས་ལྔ་པ་བདུད་རྩི་དཀར་འགྱེད་དེ་སོང་ངོ་། ༈ །དྲུག་པ་དམར་འགྱེད་ནི། སྤྱི་བོར་མ་ཅིག་ལབ་ཀྱི་སྒྲོན་མ་གྲུབ་ཐོབ་གཅོད་ཀྱི་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པར་བསྒོམ་ལ། ཐོག་མར་གསོལ་བ་བཏབ་པ་ནི། ཡུམ་ཆེན་ཤེས་རབ་ཕར་ཕྱིན་ལ་སོགས་པ། །སྐྱེ་མེད་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས། །རྒྱལ་བ་ཤཱཀྱ་ཐུབ་པ་ལ་སོགས་པའི། །ཕྱོགས་བཅུའི་སངས་རྒྱས་རྣམས་ལ༴ འཇམ་དཔལ་སྨྲ་བའི་སེངྒེ་ལ་སོགས་པའི། །རྒྱལ་སྲས་འཕགས་པ་རྣམས་ལ༴ སེང་ལྡིང་ནགས་ཀྱི་སྒྲོལ་མ་ལ་སོགས་པའི། །འཇིགས་པ་བརྒྱད་སྐྱོབ་རྣམས་ལ༴ མཁའ་འགྲོ་སུ་ཁ་སིདྡྷི་ལ་སོགས་པའི། །མ་བརྒྱུད་མཁའ་འགྲོ་རྣམས་ལ༴ རྗེ་བཙུན་ཨཱརྱ་དེ་བ་ལ་སོགས་པའི། །འཛམ་གླིང་སྐྱེས་མཆོག་རྣམས་ལ༴ ཕ་གཅིག་དམ་པ་རྒྱ་གར་ལ་སོགས་པའི། །རྒྱ་གར་གྲུབ་ཆེན་རྣམས་ལ༴ སྐྱོ་སྟོན་བསོད་ནམས་བླ་མ་ལ་སོགས་པའི། །བོད་ཡུལ་སྐྱེས་མཆོག་རྣམས་ལ༴ མ་ཅིག་ལབ་ཀྱི་སྒྲོན་མ་ལ་སོགས་པའི། །ཡེ་ཤེས་མཁའ་འགྲོ་རྣམས་ལ༴ ཁུ་སྒོམ་ཆོས་ཀྱི་སེངྒེ་ལ་སོགས་པའི། །སྐྱེ་མེད་དོན་རྟོགས་རྣམས་ལ༴ ཕ་ཅིག་དོལ་པ་ཟང་ཐལ་ལ་སོགས་པའི། །སྐྱེས་མཆོག་དོན་གྲུབ་རྣམས༴ རྗེ་བཙུན་རྒྱ་ནག་གཅེར་བུ་ལ་སོགས་པའི། །རྣལ་འབྱོར་འཁྲུལ་ཞིག་རྣམས་ལ༴ སངས་རྒྱས་རབ་སྟོན་ལ་སོགས་པའི། །མཁས་གྲུབ་ཆེན་པོ་རྣམས་ལ༴ སངས་རྒྱས་དགེ་སློང་རྣམ་དག་ལ་སོགས་པའི། །ཚུལ་ཁྲིམས་མཐར་ཕྱིན་རྣམས་ལ༴ སངས་རྒྱས་སུམ་བྷ་རས་ཆེན་ལ་སོགས་པའི། །བརྟུལ་ཞུགས་གྲུབ་པ་རྣམས་ལ༴ གྲུབ་ཐོབ་སངས་རྒྱས་གཉན་སྟོན་ལ་སོགས་པའི། །ཆོས་ཀྱི་སྤྱན་ལྡན་རྣམས་ལ་གསོལ་བ་འདེབས། །རས་པ་ཆོས་ཀྱི་སེངྒེ་ལ་སོགས་པའི། །རྣལ་འབྱོར་དབང་ཕྱུག་རྣམས་ལ༴ རྗེ་བཙུན་བཛྲ་སེངྷ་ལ་སོགས་པའི། །དམ་ཆོས་སྨྲ་བ་རྣམས་ལ༴ སློབ་དཔོན་པྲ་ཛྙཱ་གུ་རུ་ལ་སོགས་པའི། །རྟོགས་ལྡན་དམ་པ་རྣམས་ལ༴ རྗེ་བཙུན་བཛྲ་ཤྲཱི་ལ་སོགས་པའི། །འགྲོ་བའི་མགོན་པོ་རྣམས་ལ༴ རྟོགས་ལྡན་ནམ་མཁའ་རྡོ་རྗེ་ལ་སོགས་པའི། །དོན་གཉིས་གྲུབ་པ་རྣམས་ལ༴ སྐྱེས་མཆོག་ཚུལ་ཁྲིམས་རྒྱལ་མཚན་ལ་སོགས་པའི། །བསྐྱེད་རྫོགས་བརྟན་ཐོབ་རྣམས་ལ༴ མཚུངས་མེད་ཆོས་ཀྱི་རྡོ་རྗེ་ལ་སོགས་པའི། །སྟོང་ཉིད་མཐར་ཕྱིན་རྣམས་ལ༴ དྲིན་ཆེན་ཛྙཱ་ན་ཀེ་ཏུ་ལ་སོགས་པའི། །མཁས་བཙུན་དམ་པ་རྣམས་ལ༴ རཏྣ་ཤྲཱི་ཀུན་དགའ་འབུམ་པ་སོགས། །གཅོད་ཀྱི་བཀའ་བབས་རྣམས་ལ༴ པུཎྱེ་ལཀྵ་རྡོ་རྗེ་འོད་ཟེར་སོགས། །བྱ་བཏང་རྣལ་འབྱོར་རྣམས་ལ༴ རྒྱལ་མཚན་སེངྒེ་ག་ག་བཛྲ་སོགས། །རྣལ་འབྱོར་རྟོགས་ལྡན་རྣམས་ལ༴ ག་ག་མ་ཏི་ཀ་ལ་བཛྲ་སོགས། །བསྟན་འཛིན་སྐྱེས་མཆོག་རྣམས་ལ༴ དབང་དྲག་རྒྱ་མཚོ་ཆོས་སྐྱོང་རྒྱ་མཚོ་སོགས། །འཁྲུལ་ཞིག་དབང་ཕྱུག་རྣམས་ལ༴ ཀློང་གསལ་སྙིང་པོ་ཆོས་ཉིད་རྒྱ་མཚོ་སོགས། །རྫོགས་ཆེན་རྣལ་འབྱོར་རྣམས༴ བཀྲ་ཤིས་ཕུན་ཚོགས་ནམ་མཁའ་རྒྱ་མཚོ་སོགས། །སྙན་བརྒྱུད་འཛིན་པ༴ པདྨ་རིན་ཆེན་འཇུ་བླ་གསང་སྔགས་སོགས། །གཅོད་ཀྱི་གྲུབ་ཐོབ་རྣམས་ལ༴ པདྨ་ཆོས་དབྱིངས་སངས་རྒྱས་གྲགས་པ་སོགས། །བཀབ་བབས་ལུང་ཟིན་རྣམས༴ ནམ་མཁའ་ཆོས་སྐྱོང་འཇིགས་མེད་བསམ་གཏན་སོགས། །འཁྲུལ་རྟོགས་ཚར་གཅོད༴ ཀུན་བཟང་རྣམ་རྒྱལ་དཀོན་མཆོག་བླ་མ་སོགས། །སྙིགས་དུས་འགྲོ་མགོན་རྣམས༴ དྷརྨཱ་སཱ་ར་རྡོ་རྗེ་ལགས་བཤད་སོགས། །འགྲན་བྲལ་སྐྱེས་ཆེན་རྣམས་ལ༴ དྲིན་ཆེན་རྩ་བའི་བླ་མ་ལ་སོགས་པའི། །གྲུབ་ཐོབ་གཅོད་བརྒྱུད་རྣམས་ལ༴ གཉན་ས་རི་ཁྲོད་འགྲིམ་པ་ལ་སོགས་པའི། །མཆེད་གྲོགས་ཆོས་མཛད་རྣམས་ལ༴ ཡི་དམ་མཁའ་འགྲོ་སྡེ་ལྔ་ལ་སོགས་པའི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ༴ ཆོས་སྐྱོང་མ་མགོན་ལྕམ་དྲལ༴ བཀའ་སྲུང་དམ་ཅན་རྣམས་ལ༴ ཐར་པའི་ལམ་སྟོན་རྣམས་ལ༴ ཕན་བདེའི་འབྱུང་གནས་རྣམས་ལ༴ འཕགས་པའི་དགེ་འདུན་རྣམས་ལ༴ བདག་སོགས་མཁའ་མཉམ་འགྲོ་བ་སེམས་ཅན། །མ་རིགས་འཁྲུལ་པ་སངས་པར་བྱིན་གྱིས་རློབས། །གཟུང་འཛིན་མདུད་པ་གྲོལ་བར་བྱིན་གྱིས་རློབས། །སྒྲིབ་གཉིས་བག་ཆགས་དག་པར་བྱིན༴ སྨོན་འཇུག་སེམས་བསྐྱེད་འབྱུང་བར་བྱིན༴ ཕ་རོལ་ཕྱིན་དྲུག་རྫོགས་པར༴ རྐྱེན་ངན་གྲོགས་སུ་འཆར་བར་བྱིན༴ སྣང་སྲིད་ཆོས་སྐུར་རྟོག་པར༴ སྟོང་ཉིད་སྙིང་རྗེ་འབྱོང་བར༴ བདག་དོན་ཆོས་སྐུ་རྟོགས་པར༴ གཞན་དོན་གཟུགས་སྐུ་འབྱུང་བར༴ དོན་གཉིས་ཕུན་སུམ་ཚོགས་པར་བྱིན་གྱིས་རློབས། །ཞེས་དང་གོང་དུ་དཀར་འགྱེད་སྐབས་ལྟར། མ་ཅིག་བརྒྱུད་པ་དང་བཅས་པའི༴ སོགས་བྱིན་རླབས་འབེབས་སྦྱོང་དང་དབྱིངས་རིག་བསྲེ། སྭ་བྷ་ཝས་སྦྱོངས། སྟོང་པའི་ངང་ལས་རང་གི་ལུས་སྟོང་ར་ཁོང་སྟོང་སོགས་ནས། མ་ཅིག་ཐུགས་ཀར་ཐིམ་པར་བསམ་བར་བརྗོད། དེ་ནས་དམར་འགྱེད་དངོས་ནི། ཕཊཿ རང་གཞན་གྱི་རོ་དེ་ཆེ་ལ་ཚོ་བ་སྣུམ་ལ་མཛེས་ཤིང་ཡིད་དུ་འོང་བ། དྲི་དང་རོ་ཕུན་སུམ་ཚོགས་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་བར་གྱུར། ཕཊཿ དེའི་མདུན་དུ་རང་གི་རྣམ་པར་ཤེས་པའི་ངོ་བོ་དེ་གཤིན་རྗེ་ཨ་ཝ་གླང་མགོ། ཞེ་སྡང་སྦྲུལ་མགོ། འདོད་ཆགས་བྱ་མགོ། གཏི་མུག་ཕག་མགོ། ང་རྒྱལ་རྔམ་པ་དྲེད་ཀྱི་མགོ་བོ་ཅན། གཞན་ཡང་སྟག་གཟིག་ལ་སོགས་པ་གཅན་གཟན་སྣ་ཚོགས་ཀྱི་མགོ་བརྙན་ཅན། ཐོག་པ་དེ་རྣམས་ཀྱིས་རོ་གཏུབ་པར་བསམ། ཕཊཿ གཏི་མུག་ཤ་ཡི་རི་བོ། ཕཊཿ འདོད་ཆགས་ཁྲག་གི་རྒྱ་མཚོ། ཕཊཿ ཞེ་སྡང་རུས་པའི་གྲམ་ཁྲོད་ཆེན་པོ་གཅིག་གྱུར་པར་བསམ། ཕཊཿ ཕཊཿ ཕཊཿ གཤིན་རྗེ་དེ་རྣམས་ཀྱིས་སྐད་གདངས་ཆེན་པོས་སྟོང་གསུམ་ནམ་མཁའི་ཁྱབ་ཚད་ཀྱི་ལྷ་སྲིན་སྡེ་བརྒྱད་བཅོལ་བས། ས་འོག་ས་སྟེང་ས་བླའི་ལྷ་འདྲེ་སྡེ་བརྒྱད་ཐམས་ཅད་འུབ་འུབ་འདུས་པར་བསམ་ནས་འདི་སྐད་འབོད་དོ། །འ། གཙོ་བོ་གདོན་ཆེན་བཅོ་བརྒྱད། བྱིས་པའི་གདོན་ཆེན་བཅོ་ལྔ། ཕོ་གདོན་རྒྱལ་པོ། མོ་གདོན་བསེན་མོ། ཀླུ་གདོན་ས་བདག །གཟའ་གདོན་རྒྱུ་སྐར། མཐོ་སྲིད་པའི་རྩེ་མོ་མན་ཆད། དམའ་ན་རག་དམྱལ་ཁམས་ཡན་ཆད། མཐོ་ནམ་མཁའི་ལྷ་བྲན་མན་ཆད། དམའ་ས་འོག་ལྟོ་འཕྱེ་ཡན་ཆད། པེ་དཀར་རྒྱལ་པོ་མན་ཆད། ཡུལ་འདྲེ་ས་སྲིན་འཁྱམས་པོ་ཡན་ཆད། སྣང་ཞིང་སྲིད་པའི་ལྷ་འདྲེ་ཐམས་ཅད་ཤ་ཁྲག་དགའ་སྟོན་ལ་འདིར་འདུས་ཤིག །ཕཊཿ ཕཊཿ ཕཊཿ འོ། ཁྱད་པར་དུའང་གཉན་ཁྲོད་ཆེན་པོ་འདི་ན་གནས་པའི་དཀར་པོ་ལྷ་ཡི་སྡེ་ཚན། ནག་པོ་བདུད་ཀྱི་སྡེ་ཚན། དམར་པོ་བཙན་གྱི་སྡེ་ཚན། ཁྲ་བོ་གཟའ་ཡི་སྡེ་ཚན། འཕན་པོ་གཉན་གྱི་སྡེ་ཚན། ཕྱུག་པོ་ཀླུ་ཡི་སྡེ་ཚན། རཀྵ་སྲིན་པོ་སྡེ་ཚན། ཕོ་མོ་མ་ནིང་གི་སྡེ་ཚན་དུ་གཏོགས་པའི་སྣང་ཞིང་སྲིད་པའི་ལྷ་འདྲེ་ཐམས་ཅད་ཤ་ཁྲག་གི་དགའ་སྟོན་ལ་འདིར་འདུས་ཤིག །ཕཊཿ ཕཊཿ ཕཊཿ འོ། ཁྱད་པར་དུའང་བདག་གམ་ཆྒཻའི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ། དང་པོ་ནད་ཀྱི་སྣ་འདྲེན་པ། བར་དུ་གདོན་གྱི་ཚང་བཅའ་བ། ཐ་མ་ནད་ལ་མི་ཕན་པ་བྱེད་པའི་ཕོ་གདོན་རྒྱལ་པོ། མོ་གདོན་བསེན་མོ། ཀླུ་གདོན་ས་བདག །གཟའ་གདོན་རྒྱུ་སྐར། མཚུན་འདྲེ་མི་ལ། བསེ་རག་འགོང་པོ། ཐེའུ་རང་། གྲི་བོ། གྲི་མོ། གནའ་འདྲེ་རྙིང་པ། ད་འདྲེ་གསར་པ། ཡུལ་འདྲེ་འཁྱམས་པོ། ཟ་འདྲེ་ཤི་གཤེད། དམ་སྲི་རྒྱལ་འགོངས། ཁ་ཡི་ནང་གི་དབུག་འཕྲོག་པ། ཁོག་པའི་ནང་གི་སྲོག་གཅོད་པའི་གདོན་བགེགས་བདུད་དང་ལོག་པར་འདྲེན་པ་ཐམས་ཅད་ཤ་ཁྲག་གི་དགའ་སྟོན་ལ་འདིར་འདུས་ཤིག །ཕཊཿ ཕཊཿ ཕཊཿ འོ། ཁྱད་པར་དུའང་གཉན་ཁྲོད་ཆེན་པོ་འདིའི་ཕུ་མདའ་ཉིན་སྲིབ་ལ་གནས་པའི་ལྷ་འདྲེ་བཀའ་ལ་འཁུ་བ་དམ་ལས་ལོག་པ། མགོ་སྐོར་རྗེས་སྙོགས་བྱེད་པའི་ལྷ་འདྲེ་གོང་རལ་འཁྱམས་གསུམ་འཇབ་རྒྱུག་ལོག་གསུམ་བྱེད་པའི་ལྷ་འདྲེ་བཀའ་ལ་མི་ཉན་པ། དབང་དུ་མི་འདུ་བ། དམ་ལ་མི་གནས་པ། དངོས་གྲུབ་མི་སྟེར་བ་བྱེད་པའི་ལྷ་འདྲེ་ཐམས་ཅད་ཤ་ཁྲག་གི་དགའ་སྟོན་ལ་འདིར་འདུས་ཤིག །ཟིན་བྲིས་ནང་། ཀྱེ་འདུས་ཤིག༴ སོགས་ཇོ་བོ་རྗེའི་གསུང་ཁྱད་པར་ཅན་འདིར་སྦྱར། མཆན། གོང་ལྟར་བོས་པའི་ཚན་གསུམ་པོ་ཐམས་ཅད་འདུས་པར་བསམ། དེ་ཙམ་བོས་ནས་ཅི་སྦྱིན་ན། ཕཊཿ འོ། བདག་ཅག་རྣམས་ཀྱི་ལྷ་འདྲེ་ཁྱེད་རྣམས་འབོད་ནས་ཅི་སྦྱིན་ཅི་སྟེར་ཟེར་ན། བདག་ཅག་རྣམས་ཀྱི་སྤྱི་བོའི་གཙུག་མན་ཆད་རྐང་མཐིལ་ཡན་ཆད། ལྷུ་ཚིགས་བཅུ་གཉིས། མགོ་དང་བཅུ་གསུམ། དབང་པོ་རྣམ་ལྔ། དོན་སྙིང་རྣམ་པ་ལྔ། ནང་རོལ་རྣམ་པ་ལྔ། ཤ་དང་རུས་པ། ཁྲག་དང་ཆུ་སེར། སོ་དང་སེན་མོ། སྐྲ་དང་བ་སྤུ། རྐང་དང་རྐང་མར། ཀླད་པ་དང་ཀླད་རྒྱ། ལྷ་བ་དང་གཞུང་པ། ཞག་དང་སྙིང་ཁྲག །དབུགས་དང་ཚེ་སྲོག་བཀྲག་དང་གཟི་མདངས། ཁམས་དང་སྐྱེ་མཆེད་བཅུ་གཉིས་ལ་སོགས་པ་རྣམས་སྟེར་བ་ཡིན་པས། ཟོ་ཅིག །རོལ་ཅིག །འཐུང་ཞིག །ཁྱེར་ཅིག །བསྣམས་ཤིག །དགྱེས་པར་མཛོད་ཅིག །རྒྱས་པར་སྤྲོ་ན། ཕཊཿ སྟེང་འཇའ་འོད་ལས་གྲུབ་པའི་གུར་ཁང་ནང་དུ། གཟའ་མཆོག་ཆེན་པོ་རཱ་ཧུ་ལ་མགོ་དགུ་པ་མགོ་ལུས་མེད་པར་མིག་གིས་གང་བ། སྟེང་ཞལ་བྱ་རོག་གི་མགོ་གཅིག་ཏུ་ཡོད་པ། ཕྱག་གཉིས་སྦྲུལ་ཞག་དང་རྭ་ཡི་མདའ་གཞུ་འགེང་བ། དེ་ལ་གདོང་མོ་བཞི། གཟའ་ཆེན་བརྒྱད། གཟའ་ཕྲན་བྱེ་བ་དུང་ཕྱུར། བཀའ་ཡི་ལྷ་སྲིན་སྡེ་བརྒྱད། སྟེང་གདོན་གཟའ་ཡི་རིགས་ཚོགས་དང་བཅས་པ་རྣམས་ཀྱིས་བདག་གཞན་གྱི་ཤ་ཁྲག་རུས་གསུམ་འདི་ལ་ཟོ་ཞིག །རོལ་ཅིག །འཐུང་ཞིག །ཁྱེར་ཅིག །སྣོམས་ཤིག །དགྱེས་པར་མཛོད་ཅིག །ཕཊཿ བར་ལྷ་ཁང་བྱ་འདབ་གསུམ་པའི་ནང་དུ། རྒྱལ་པོ་པེ་ཧར་གསེར་ཐུལ་ཅན་གླང་པོ་ཆེ་ལ་ཞོན་པ། དེ་ལ་བན་ཆེན་བརྒྱ། བོན་ཆེན་སྟོང་། ཤན་པ་གྲི་ཐོགས་བརྒྱ། ལས་བྱེད་པཱ་ཏྲ་པུ་ཏྲ་བརྒྱ། ཕྱི་བློན་ནང་བློན་བརྒྱ། ཕྱག་གཙང་ཕྱག་བརྙན་ཆེ་བ་པེ་ཧར། འབྲིང་བ་ཤ་བཀྲ། ཆུང་བ་བེར་ནག །སྲིན་མོ་དམ་སྲི་ནག་མོ། གྲོང་རྒྱུག་འདྲེ་མོ་ནག་མོ། བར་གདོན་རྒྱལ་འགོང་གི་རིགས་ཀྱི་ཚོགས་དང་བཅས་པ་རྣམས་ཀྱི་བདག་ཅག་གི་ཤ་ཁྲག་རུས་གསུམ་འདི་ལ་ཟོ་ཞིག །རོལ་ཅིག །འཐུང་ཞིག །ཁྱེར་ཅིག །སྣོམས་ཤིག །དགྱེས་པར་མཛོད་ཅིག །ཕཊཿ འོག་རྒྱ་མཚོ་ཆེན་པོ་སྔོ་མེར་གྱི་གང་བའི་ནང་དུ། ཀླུ་ནག་པོ་དུར་བ་མགོ་དགུ་པ། ཕྱག་ན་ཆུ་གྲི་ཐོགས་པ། དེ་ལ་ཀླུ་ཆེན་བརྒྱད་ཀླུ་ཕྲན་བྱེ་བ་དུང་ཕྱུར། སྦལ་སྦྲུལ་སྡོམ་སྡིག །ཉ་དང་ལྕོང་མོ་ལ་སོགས་འོག་གདོན་ཀླུའི་རིགས་ཀྱི་ཚོགས་དང་བཅས་པ་རྣམས་ཀྱིས་བདག་གི་ཤ་ཁྲག་རུས་གསུམ་འདི་ལ་ཟོ་ཞིག༴ སོགས། ཕཊཿ ཁྱད་པར་དུ་ཡུལ་ཁམས་འདིར་གནས་པའི་བཙན་གྱི་སྡེ་ཚོགས་མ་མོའི་སྡེ་ཚོགས། ཐེའུ་རང་གི་སྡེ་ཚོགས། དྲི་ཟའི་སྡེ་ཚོགས། བདུད་ཀྱི་སྡེ་ཚོགས། གཤིན་རྗེའི་སྡེ་ཚོགས། ཉུལ་ལེ་བཅུ་གཉིས། སྲིན་མོ་རོ་སྒྱེ་ཁུར་བ། ལུ.བ་ཚ་རིམས་ཀྱི་བདག་པོ་བདག་མོ། སྟོང་གསུམ་ནད་ཡམས་ཀྱི་བདག་པོ་བདག་མོ། སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས་ལ་བདག་ཅག་རྣམས་ཀྱི་ཤ་ཁྲག་རུས་གསུམ་སྟེར་བ་ཡིན་པ་ཟོ་ཞིག་སོགས། ཕཊཿ ཡོད་ན་ཡོད་ཚད་ཀྱི་ལྷ་འདྲེ་རྣམས་ཀྱིས་བདག་གཞན་རྣམས་ཀྱི་ཤ་ཁྲག་རུས་གསུམ་ཕུང་པོ་འདི་ལ། ཤ་ལ་ཟ་རེ་བ་རྣམས་ཀྱིས་ཤ་ཟོ། ཁྲག་ལ་འཐུང་རེ་བ་རྣམས་ཀྱིས་ཁྲག་འཐུང་། ལྤགས་ལ་གྱོན་རེ་བ་རྣམས་ཀྱིས་ལྤགས་པ་གྱོན། སོ་སོའི་འདོད་དགུ་སོ་སོའི་བསམ་དགུ་སྐྱིད་དགའ་ལོངས་སྤྱོད་ཆེ་ཆུང་ཕམ་རྒྱལ་མེད་པར་གྱུར་ཅིག །ཕཊཿ ཕཊཿ བསྡུ་ན་གོང་གི་སྟེང་ནམ་མཁའ་ནས་འདི་བར་བཞག་གོ། །སྤྱིར་རིགས་དྲུག་གི་སེམས་ཅན་རྣམས་ཀྱི་གླུད་དུ་བསྔོ། སྒོས་དྲིན་ཆེན་ཕ་མའི་གླུད་དུ་བསྔོ། ཡང་སྒོས་རྩ་བའི་བླ་མའི་གླུད་དུ་བསྔོ། ཁྱད་པར་དུ་ལྷ་འདྲེ་ཁྱེད་རྣམས་ལ་གཟན་དུ་སྟེར་བ་ཡིན་པས་ཟོ་ཞིག་སོགས། ཕཊཿ བདག་གི་ལུས་འདི་བྲམ་ཟི་སྐྱེ་བ་བདུན་པའི་ཤ་ཁྲག་ཏུ་བྱིན་གྱིས་རླབ་པ་ཡིན་པས་ཁྱེད་རྣམས་ཀྱིས་ལོངས་སྤྱོད་པ་ཙམ་གྱིས་ཁམས་གསུམ་གྱི་འཁོར་བ་ལས་ཐར། རིགས་དྲུག་གི་སྡུག་བསྔལ་དང་བྲལ། སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་ནས། སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བྱེད་པ་ཡིན། མ་གྲོལ་བ་རྣམས་གྲོལ་བ་བྱེད་པ་ཡིན། དབུགས་མ་དབྱུང་བ་རྣམས་དབུགས་དབྱུང་བར་བྱེད་པ་ཡིན། ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་ཡིན་པས་ཟོ་ཞིག །རོལ་ཅིག །འཐུང་ཞིག །ཁྱེར་ཅིག །སྣོམས་ཤིག །དགྱེས་པར་མཛོད་ཅིག །ཕཊཿ ཕཊཿ ཅེས་བརྗོད་པས། ལྷ་འདྲེ་ཐམས་ཅད་དགའ་ཞིང་མགུ་ནས། ཧབ་དིར་གྱིས་བྱེའུ་ཆུང་ཆུ.ལ་རུབ་པ་བཞིན་ཧབ་དི་རི་རི་ཟོས་འཐུང་། ངོམ་ཞིང་དགྱེས་ནས་ཡོད་ཚད་ཟོས། ཁྱག་ཚད་ཁུར་ནས་དགའ་ཡ་ལེ་མགུ་ཞིང་ཚིམ་ནས་བུ་ལོན་སོད། ལན་ཆགས་བྱང་། འགྲས་ཤིང་འཁོན་པ་ཐམས་ཅད་འདུམ་ཅི་བསྒོ་བའི་ཕྲིན་ལས་སྒྲུབ་པར་ཁས་བླངས་ཏེ་ཐམས་ཅད་རྗེེ་བཙུན་མར་སངས་རྒྱས་པར་བསམ། དེ་ལྟར། ཕཊཿ རེ་དང་མགྲོན་ཐེབ་རེ་སྤྲད་པའི་བརྒྱ་རྩ་བརྒྱད་བྱེད་དོ། །དེ་ལྟར་བྱས་པའི་ཡོན་ཏན་ནི། མ་ཅིག་གིས། ལུས་ཀྱི་མཆོད་སྦྱིན་རེ་རེ་དེ། །ཚོགས་བསགས་མང་པོས་དོ་ཟླ་མེད། །ཅེས་དང་། དུས་འཁོར་ལས། རྟ་དང་གླང་པོ་བརྒྱ་འགྱུར། །བུ་དང་ཆུང་མར་སྟོང་འགྱུར། །ལུས་ཀྱི་མཆོད་སྦྱིན་འབུམ་འགྱུར། །ཆོས་ཀྱི་མཆོད་སྦྱིན་བརྗོད་ལས་འདས། །ཅེས་གསུང་། ཁྲོས་མ་འབུམ་བསྐུལ་དང་། མཛེས་མ་འབུམ་བསྐུལ་གཉིས་འདིར་འདོན། ༈ དེ་ནས་བྱེར་སྡུད་ནི། ཕཊཿ གཅིག་བྱས་པས། རོ་སྔ་མ་ལྟར་བསམ་ལ། མགོ་བརྙན་ཅན་རྣམས་ཀྱི་ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས་ཏེ་རོ་དེ་གཙབ་རེས་མི་ཐོབ་ཐོབ་བྱེད་ནས། ལུས་གདོན་རྣམས་ཀྱིས་སྐད་ངན་ཙི་རི་རི་འདོན་ཅིང་། སྣང་སྲིད་ཀྱི་བཀའ་ཡི་ལྷ་མ་སྲིན་སྡེ་བརྒྱད་རྣམས་ཀྱང་འུབ་འུབ་འདུས་ནས་བཀག་མི་ཐུབ་ཐུབ་བྱེད་པར་བསམ་ལ་འདི་སྐད་དོ། །ཕཊཿ ཀྱཻ། ཁྱོད་སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས། །རང་དབང་མེད་པར་འདིར་འདུས་ཤིག །ནམ་མཁའ་གང་བའི་ལྷ་དམག་འདུས། །བར་སྣང་གང་བའི་གཉན་དམག་འདུས། །ས་གཞི་གང་བའི་ཀླུ་དམག་འདུས། །སེམས་འགྱུ་བ་དངོས་མེད་སྟོང་པ་འདི། །འདྲེ་ཁྱོད་བས་ངས་ཀྱང་མཐོང་བ་མེད། །རབ་མཛེས་བདག་གི་ཕུང་པོ་འདི། །འདྲེ་ཁྱོད་ལ་མཁོ་བས་བདག་གིས་སྦྱིན། །བདག་ཅག་ཤ་ཁྲག་གཟུགས་ཕུང་ལ། །ཤ་ཟ་ཧབ་སྒྲ་དི་རི་རི། །ཁྲག་འཐུང་མྱིག་པ་ཀྱུ་རུ་རུ། །རུས་འཆའ་སོ་སྒྲ་ཁྲིགས་སེ་ཁྲིག །ལྷ་བ་རྐང་འཇིབ་ཆེམས་སེ་ཆེམ། །ལྤགས་པ་གོས་གྱོན་ལྷབས་སེ་ལྷབ། ཕཊཿ ཁོག་སྟོད་ཡ་བདུད་རྒྱལ་པོས་ཁྱེར། །ཡ་བདུད་རྒྱལ་པོ་ཚིམ་གྱུར་ཅིག །ཁོག་སྨད་མ་བདུད་རྒྱལ་མོས་ཁྱེར། །མ་བདུད་རྒྱལ་མོ་ཚིམ་གྱུར་ཅིག །སྐེད་པ་ཀླུ་བདུད་ནག་པོས་ཁྱེར། །ཀླུ་བདུད་ནག་པོ་ཚིམ་གྱུར་ཅིག །མགོ་བོ་གཟའ་བདུད་མགོ་དགུས་ཁྱེར། །གཟའ་བདུད་མགོ་དགུ་ཚིམ༴ ཡན་ལག་གཉན་ཆེན་སྡེ་བཞིས་ཁྱེར། །གཉན་ཆེན་སྡེ་བཞི༴ ནང་ཆ་སྣང་སྲིད་ལྷ་འདྲེས་ཁྱེར། །སྣང་སྲིད་ལྷ་འདྲེ་ཚིམ༴ མཆིན་པ་སྨུག་པོ་བདུད་ཀྱིས་ཁྱེར། །བདུད་ཀྱི་སྡེ་ཚོགས༴ གློ་བ་དམར་པོ་བཙན་གྱིས་ཁྱེར། །བཙན་གྱི་སྡེ་ཚོགས༴ ཕོ་བ་ཁྲ་བོ་གཟའ་ཡིས་ཁྱེར། །གཟའ་ཡི་སྡེ་ཚོགས༴ དོན་སྙིང་པེ་ཧར་རྒྱལ་པོས་ཁྱེར། །པེ་ཧར་རྒྱལ་པོ༴ མཆེར་པ་མོ་གདོན་བསེན་གྱིས་ཁྱེར། །མོ་གདོན་བསེན་མོ༴ མཁལ་མ་ཀླུ་གདོན་ས་བདག་ཁྱེར། །ཀླུ་གདོན་ས་བདག་ཚིམ༴ རྒྱུ་མ་ལམ་གྱི་ལྷ་འདྲེས་ཁྱེར། །ལམ་གྱི་ལྷ་འདྲེ༴ ལྤགས་པ་འདི་བསེ་རག་འགོང་པོས་ཁྱེར། །བསེ་རག་འགོང་པོ༴ སྲོག་རྩ་འཆི་བདག་གཤིན་རྗེས་ཁྱེར། །འཆི་བདག་གཤིན་རྗེ་ཚིམ༴ ཕྱི་ཤ་ཕྱི་ཡི་ལྷ་འདྲེས་ཁྱེར། །ཕྱི་ཡི་ལྷ་འདྲེ༴ ནང་ཤ་ནང་གི་ལྷ་འདྲེས་ཁྱེར། །ནང་གི་ལྷ་འདྲེ་ཚིམ་གྱུར་ཅིག །བར་ཤ་བར་གྱི་ལྷ་འདྲེས་ཁྱེར། །བར་གྱི་ལྷ་འདྲེ་ཚིམ༴ ཁྱོད་སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས། །ཤ་འདོད་རྣམས་ཀྱིས་ཤ་ཁྱེར་ཅིག །ཤ་ཡི་ས་བདག་ཚིམ༴ ཁྲག་འདོད་རྣམས་ཀྱིས་ཁྲག་ཁྱེར་ལ། །ཁྲག་གི་ཀླུ་རྣམས་ཚིམ༴ རུས་འདོད་རྣམས་ཀྱིས་རུས་པ་ཁྱེར། །རུས་པས་གཉན་རིགས་ཚིམ༴ མདངས་ཀྱིས་བསེན་མོ་ཚིམ༴ བཀྲག་གི་རྒྱལ་འགོང་ཚིམ༴ ཁྱེད་རིང་བ་རྣམས་ཀྱིས་རློན་པ་ཁྱེར། །མི་རིང་རྣམས་ཀྱིས་བཙོས་ལ་ཟོ། །ཤ་ཚིལ་ཅི་འདོད་གང་དགའ་གྱིས། །ཅི་ཟ་གྱིས་ལ་ཅི་ཁྱག་ཁྱེར། །བསྔོས་པ་བཞིན་དུ་ཚིམ་གྱུར་ཅིག །བུ་ལོན་ལན་ཆགས་བྱང་གྱུར་ཅིག །རྣམ་བཞིའི་མགྲོན་དུ་གྱུར་པ་ལ། །ཚད་མེད་ལུས་སྦྱིན་འདི་བསྔོས་པས། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས། །སྔོན་ཆད་འཁོར་བ་ཐོག་མེད་ཀྱི། །བུ་ལོན་འབྲེལ་ཐག་ཆོད་གྱུར་ཅིག །ལན་ཆགས་ཤ་འཁོན་བྱང་གྱུར་ཅིག །ཁྱེད་རྣམས་དགའ་མགུ་ཡི་རང་ཞིང་། །བསམ་སྦྱོར་ངན་པ་རབ་ཞི་ནས། །ཟག་མེད་སྟོང་ཉིད་སྙིང་རྗེའི་རྒྱུད་བརླན་ཅིང་། །རྣམ་མཁྱེན་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །ཕཊཿ རེ་བྱས་པ་ཙམ་གྱིས། ལྷ་འདྲེ་ཐམས་ཅད་འདུས་ནས་ཧབ་ཐོབ་ལིང་གིས་བཏང་ནས་ཟོས་པ་བསམ། ཕཊཿ ཅེས་བརྗོད་པས། སོ་སོར་དགྱེས་པར་བསམ། དེ་ལྟར་དམིགས་པ་གོང་བཞིན་བྱེད་ནས། ཕཊཿ བརྒྱ་རྩ་བརྒྱད་བརྗོད་པ་ཡིན་ནོ། །དེ་ནི་བྱེར་སྡུད་དོ། ༈ །དེ་ནས་བདེ་སྡུག་བཏང་ལེན་ནི། མདུན་གྱི་ནམ་མཁའི་གནས་སུ་པདྨ་དང་ཟླ་བའི་གདན་ལ། མ་ཅིག་ལབ་ཀྱི་སྒྲོན་མ་འོད་ཟེར་ཉི་མ་འབུམ་ཤར་བའི་གཟི་བརྗིད་ཆེ་བ་གཅིག་བསྒོམ་ལ། མ་ཅིག་གིས་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་གྲངས་མེད་པར་མར་འཕྲོས་པས། འགྲོ་བ་རིགས་དྲུག་ན་གནས་པའི་སེམས་ཅན་ཐམས་ཅད་དང་། ཁྱད་པར་ཟས་ཁ་ལག་གི་འབྲེལ་ཚད་ཀྱི་སེམས་ཅན་ཐམས་ཅད་བསྔོ་དགོས་ཡིད་ལ་དྲན་ཚད་མ་ནམ་མཁས་ཁྱབ་ཚད་སེམས་ཅན་རྣམས་ཀྱི་རྣམ་པར་ཤེས་པ་འོད་ཀྱི་ཐིག་ལེ་རེ་རེ་གྱུར་ནས། མ་ཅིག་གི་ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་རྣོན་པོས་ཡར་དྲངས་ཐུགས་ཆོས་ཉིད་ཀྱི་ཀློང་དུ་ཐིམ་པར་གྱུར། ཕཊཿ ཕཊཿ ཕཊཿ གཉན་ཁྲོད་ཆེན་པོ་འདིར་གནས་པའི་སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས་ཀྱི་རྒྱུད་ལ་ཡོད་པའི་སྡིག་སྒྲིབ་བག་ཆགས་ཐམས་ཅད་རང་ལ་སྨིན་པར་གྱུར་ཅིག །ཕཊཿ རང་གི་དཀར་པོ་དགེ་བའི་རྩ་བ་ཆོས་དང་ཟང་ཟིང་གི་སྦྱིན་པ་ཐམས་ཅད་ལྷ་འདྲེ་རྣམས་ལ་སྨིན་པར་གྱུར་ཅིག །ཕཊཿ ལྷ་འདྲེ་རྣམས་ཀྱི་གནོད་ཅིང་གདུག་པའི་ངན་སེམས་ཞི་ནས། བསམ་པ་བྱང་ཆུབ་ཀྱི་སེམས་དང་ལྡན་ནས་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག །ཕཊཿ ཕན་བདེ་མ་ལུས་ཀུན་ལ་འབུལ། །ཕན་བདེས་ནམ་མཁའ་གང་བར་ཤོག །སྡུག་བསྔལ་མ་ལུས་བདག་ལ་འདུས། །སྡུག་བསྔལ་གྱི་རྒྱ་མཚོ་སྐེམ་པར་ཤོག །ཕཊཿ ཕཊཿ ཕཊཿ ལན་གསུམ་བརྗོད་དོ། །ཆོས་ཀྱི་སྦྱིན་པ་ནི། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པ་དེ་དག་གིས་དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་སུམ་དུ་རྟོག་པར་བསམ་ལ། བདག་ཉིད་སྐད་ཅིག་གི་མ་ཅིག་ལབ་ཀྱི་སྒྲོན་མ་སྐུ་མདོག་དཀར་མོ་གཟི་དམངས་དང་ལྡན་པའི་ཐུགས་ཀར་ཨཱཿདཀར་པོ་འོད་དང་ལྡན་པ་དང་། རང་གི་སྤྱི་བོར་ཡུམ་ཆེན་མོ་སྐུ་མདོག་སེར་མོ་གཙོ་མའི་མདོག་ལྟ་བུ་ཞལ་གཅིག་ཕྱག་བཞི་པ་ཞལ་ནང་དུ་གྱུ་བའི་ཐུགས་ཀར་ཨཱཿསེར་པོ་དེ་ཉིད་ཀྱི་མཐར་ག་ཏེའི་སྔགས་ཀྱིས་གཡོན་དུ་འཁོར་བ་བསྒོམ་ལ། ༀ་སྭ་བྷ་ཝས་སྦྱོངས། སྟོང་པའི་ངང་ལས་ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་སུ་གྱུར། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཆོས་སྐུ་རྒྱལ་བ་ཡུམ་ཆེན་མོའི་སྐུར་གྱུར། སྒྲར་གྲགས་ཚད་ཐམས་ཅད་ག་ཏེའི་སྔགས་སྒྲ་འུར་ཏི་རི་རི་སྒྲོགས་པར་བསྒོམ། ལྷ་འདྲེ་རྣམས་གནོད་ཅིང་གདུག་རྩུབ་ངན་པའི་སེམས་ཞི་ནས། ཡུམ་ཆེན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་དོན་མངོན་སུམ་དུ་རྟོགས་པར་གྱུར་ཅིག །དོན་མངོན་སུམ་དུ་རྟོགས་ནས་ལྷ་འདྲེ་རྣམས་ཀྱིས་དུས་གཅིག་ཏུ་སྔགས་སྒྲ་འུར་འུར་བཟླས་པར་བསྒོམ། ཏདྱ་ཐཱ། ༀ་ག་ཏེ་ག་ཏེ་པ་ར་ག་ཏེ་པ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། ཅི་འགྲུབ་ཟླའོ། །དེ་ནས། ཆོས་རྣམས་ཐམས་ཅད་རྒྱུ་ལས་སོགས། ཀརྨ་རབ་རིབ་སོགས། སྨྲ་བསམ་བརྗོད་སོགས་ནས། དུས་གསུམ་རྒྱལ་ཡུམ་དགོངས་དོན་རྟོགས་པར་ཤོག །ཅེས་བརྗོད། ཕ་དམ་པའི་རྟགས་བསྟོད་སོགས་གསོལ་འདེབས་གང་རུང་འདིར་འདོན། ལུང་ལས། གཟེར་བུ་གདམ་པ་མ་དང་སྤྲོད། །ཅེས་གསུང་པས། ནད་གདོན་གཟེར་བུའི་གདམ་པ་དགོས་པ་བྱུང་ན་བྱེད་ལས་འོག་ཏུ་ཞིབ་པས་གང་དགོས་སྐབས་དང་བསྟུན་ནས་འདིར་ལེན་དགོས་སོ། །དེས་དྲུག་པ་དམར་འགྱེད་སོང་། ༈ སྤྱི་དོན་བདུན་པ་གཏོར་གཞོང་མ་འདི་ལ་དོན་བཞིའི་སྟོན་པས། དང་པོ་ལས་མཁན་བསྐྱེད་པ་ནི། ཕཊཿ གཅིག་བྱས་པས་ཡང་རོ་སྔ་མ་ལྟར་རང་གཞན་གྱི་རོ་དེ་ཆེ་ལ་ཚོ་བ་བསྣུམ་ལ་མཛེས་ཤིང་ཡིད་དུ་འོང་བ་འཇིག་རྟེན་གྱི་ཁམས་གང་བ་ཅིག་ཏུ་གྱུར། བར་བསམ་ལ། རང་གི་རྣམ་པར་ཤེས་པའི་ངོ་བོ་རྗེ་བཙུན་མ་སྐུ་མདོག་དམར་མོ་གྲི་གུག་ཅན་གཅིག་ཏུ་གྱུར་པར་བསྒོམ། གཉིས་པ་ཀ་པཱ་ལ་བསྐྱེད་པ་ནི། ངག་ཏུ། ཀཾ་ཀཾ་ཀཾ་བརྗོད་པ་ཙམ་གྱིས་ཐོད་པའི་སྒྱེད་པུ་གསུམ་དུ་གྱུར། རང་གི་ཐུགས་ཀ་ནས་བྷྲཱུྃ་ཁ་དོག་ལྔ་དང་ལྡན་པ་གཅིག་སྤྲོས་པས། ཐོད་གསུམ་གྱི་ཁར་ཕོག་པས་འོད་དུ་ཞུ་བ་ལས། ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་བློས་ཁྱབ་ཚད་གཅིག་དུ་བསྒོམ། ཕཊཿ གཅིག་བྱས་པ་ཙམ་གྱིས། གྲི་གུག་གིས་རྩེ་མོས་རོ་བླང་སྟེ་ཀ་པཱ་ལའི་ནང་དུ་འཕངས་ནས་རྗེས་སུ་གྲི་གུག་གིས་རོ་ལ་གཅིག་བརྒྱབ་པས་དམར་ཉོབ་ཀྱིས་སོང་ནས། གཏི་མུག་ཤ་ཡི་རི་བོ། འདོད་ཆགས་ཁྲག་གི་རྒྱ་མཚོ། ཞེ་སྡང་རུས་པའི་གྲམ་ཁྲོད་ཆེན་པོ་སྟོང་གསུམ་འཇིག་རྟེན་གྱི་ཁམས་གང་བར་གྱུར། ངག་ཏུ། རཾ་ཡཾ། བརྗོད་པ་ཙམ་གྱིས་ཀ་པཱ་ལའི་ཞབས་ཀྱི་ཡཾ་ལས་རླུང་བྱུང་རྃ་ལ་ཕོག །རྃ་ལས་མེ་འབར་བས་ཀ་པཱ་ལ་དྲོས་ཏེ་ཁོལ་ནས་དངོས་པོ་མ་དག་པ་ཐམས་ཅད་སྦུ་བའི་ཚུལ་དུ་ཕྱིར་འཕོས་ནས། དྭངས་མའི་བདུད་རྩིའི་སྟེང་དུ་ཡི་གེ་ༀ་ཨཱཿཧཱུྃ་གསུམ་འོད་དུ་ཞུ་བ་ལས། ཟག་མེད་ཡེ་ཤེས་ཀྱི་བདུད་རྩིར་གྱུར་ནས། ཀ་པཱ་ལ་སྟེམས་ཀྱིས་གང་བར་དམིགས། ཕུད་རླངས་པ་ཡར་ཆད་པ་ལས་རྗེ་བཙུན་མ་སྐུ་མདོག་དམར་མོ་ཐོད་ཞལ་འཛིན་པ་གྲངས་མེད་དུ་གྱུར་ནས། གཡས་སྐོར་དུ་གར་སྟབས་ཁྱུག་ཁྱུག་བྱེད་པ་གཅིག་ཏུ་གྱུར། གསུམ་པ་ཀ་པཱ་ལའི་ཆེ་ཡོན་ནི། མ་ཅིག་གི་ཞལ་གདམ་བཅོ་བརྒྱད་ལས། ན་མོ། ཕྱི་སྣོད་འཇིག་རྟེན་གཏོར་གཞོང་དུ། །ནང་བཅུད་སེམས་ཅན་གཏོར་མས་བཀང་། །སྐྱེ་འཆི་བྲལ་བའི་མཆོད་པ་བཞེས། །གཏོར་གཞོང་དུ་ཕྱི་ནམ་མཁའ་ཡངས་པའི་ནང་འབྱུང་བཞི་ཡི་གཏོར་མས་བཀང་རང་གསལ་རང་དག་མཆོད་པ་བཞེས། །བཀའ་ཕ་རོལ་ཕྱིན་པའི་གཏོར་གཞོང་དུ། །ས་བཅུ་དག་པའི་གཏོར་མས་བཀང་། །མྱང་འདས་ཆེན་པོའི་མཆོད༴ བཀའ་རྫོགས་པ་ཆེན་པོའི་གཏོར་གཞོང་དུ། །ཐེག་པ་བརྒྱད་ཀྱི་གཏོར་མས༴ མ་འདྲེས་ཡོངས་རྫོགས་མཆོད་པ་བཞེས། །ཀུན་གཞི་ཡངས་པའི་གཏོར་གཞོང་དུ། །རྣམ་ཤེས་ཚོགས་བརྒྱད་གཏོར་མས༴ འཕེལ་འགྲིབ་བྲལ་བའི་མཆོད་པ༴ རང་སེམས་གཉུག་མའི་གཏོར་གཞོང་དུ། །ལུས་ངག་ཡིད་གསུམ་གཏོར་མས༴ བརྗོད་དུ་མེད་པའི་མཆོད་པ་བཞེས། །སྐྱེ་བ་མེད་པའི་གཏོར་གཞོང་དུ། །རིག་པ་ཚོར་མྱོང་གཏོར་མས་བཀང་། །འགྱུ་བ་རང་གྲོལ་མཆོད་པ༴ ཆོས་སྐུ་དག་པའི་གཏོར་གཞོང་དུ། །གཟུགས་སྐུ་རྣམ་གཉིས་གཏོར་མས་བཀང་། །ཐུགས་རྗེས་འགྲོ་དོན་མཆོད་པ༴ སྟོང་པ་ཉིད་ཀྱི་གཏོར་གཞོང་དུ། །སྣང་བ་དཀར་དམར་གཏོར་མས༴ སྣང་མེད་ཆེན་པོ་མཆོད་པ༴ རང་རྒྱུད་དག་པའི་གཏོར་གཞོང་དུ། །གཉིས་མེད་གདམས་ངག་གཏོར་མས༴ ངོས་བཟུང་མེད་པའི་མཆོད་པ༴ ཆོས་ཉིད་དག་པའི་གཏོར་གཞོང་དུ། །བདེ་གསལ་ཆེན་པོའི་གཏོར་མས༴ དངོས་འཛིན་བྲལ་བའི་མཆོད་པ༴ རང་ལུས་རྒྱལ་བའི་གཏོར་གཞོང་དུ། །རང་སེམས་སྐྱེ་མེད་གཏོར་མས༴ རེ་དོག་མེད་པའི་མཆོད་པ༴ ཀ་པཱ་ལ་ཡི་གཏོར་གཞོང་དུ། །ཤ་ཁྲག་རུས་གསུམ་གཏོར་མས༴ འཛིན་ཆགས་བྲལ་བའི་མཆོད་པ་བཞེས། །རིན་ཆེན་སྣོད་ཀྱི་གཏོར་གཞོང་དུ། །དཀར་གསུམ་མངར་གསུམ་གཏོར་མས་བཀང་། །རོ་བརྒྱ་ལྡན་པའི་མཆོད་གཏོར་བཞེས། །ཕཊཿ དེས་ཀ་པཱ་ལའི་ཆེ་ཡོན་རྫོགས་ནས། བཞི་པ་མཆོད་པ་དངོས་ནི། བདུད་རྩི་དཀར་ལ་དམར་བའི་མདངས་ཆགས་པ་རྒྱ་མཚོ་ཙམ་དུ་བསྐྱེད་ལ། ཕཊཿ ན་མོ། རྡོ་རྗེ་འཆང་ཆེན་མན་ཆད་དང་། །རྩ་བའི་བླ་མ་ཡན་ཆད་ལ། །ལུས་མཆོད་སྦྱིན་གཏོར་མ་འདི་བསྔོས་པས། །བསྔོས་པ་བཞིན་དུ་ཚིམ་གྱུར་ཅིག །བསམ་པ་བཞིན་དུ་འགྲུབ་གྱུར་ཅིག །ཡུམ་ཆེན་ཤེར་ཕྱིན་མན་ཆད་དང་། །ཡི་དམ་ལྷ་ཚོགས་ཡན་ཆད་ལ། །ལུས་མཆོད་སྦྱིན་གཏོར་མ༴ བསྔོས་པ་བཞིན་དུ༴ བསམ་པ་བཞིན་དུ༴ ཀུན་ཏུ་བཟང་པོ་མན་ཆད་དང་། །འཇག་མའི་སྲིན་བུ་ཡན་ཆད་ལ། །ལུས་མཆོད་སྦྱིན་གཏོར་མ༴ བསྔོས་པ་བཞིན༴ བསམ་པ་བཞིན་དུ་འགྲུབ༴ ཤཱཀྱ་ཐུབ་པ་མན་ཆད་དང་། །དམྱལ་ཁམས་བཅོ་བརྒྱད་ཡན་ཆད་ལ། །ལུས་མཆོད་སྦྱིན་གཏོར་མ༴ བསྔོས་པ་བཞིན་དུ༴ བསམ་པ་བཞིན་དུ༴ སངས་རྒྱས་མཁའ་འགྲོ་མན་ཆད་དང་། །ཤ་ཟ་ཤུགས་འགྲོ་ཡན་ཆད་ལ། །ལུས་མཆོད་སྦྱིན་གཏོར་མ་འདི༴ བསྔོས་པ་བཞིན་དུ་ཚིམ༴ བསམ་པ་བཞིན་དུ༴ ཆོས་སྐྱོང་མ་མགོན་མན་ཆད་དང་། །གིང་ཆེན་གིང་ཆུང་ཡན་ཆད་ལ། །ལུས་མཆོད་སྦྱིན་གཏོར་མ༴ བསྔོས་པ༴ བསམ་པ་བཞིན་དུ་འགྲུབ༴ ལྷ་སྲིན་སྡེ་བརྒྱད་མན་ཆད་དང་། །ཐེའུ་རང་སྤུན་དགུ་ཡན་ཆད་ལ། །ལུས་མཆོད་སྦྱིན༴ བསྔོས་པ་བཞིན༴ བསམ་པ་བཞིན་དུ་འགྲུབ༴ ཚངས་པ་བརྒྱ་བྱིན་མན་ཆད་དང་། །ནམ་མཁའི་ལྷ་བྲན་ཡན་ཆད་ལ། །ལུས་མཆོད་སྦྱིན་གཏོར་མ༴ བསྔོས་པ་བཞིན་དུ་ཚིམ༴ བསམ་པ་བཞིན་དུ༴ བི་ན་ཡ་ཀ་མན་ཆད་དང་། །ས་བདག་ལྟོ་འཕྱེ་ཡན་ཆད་ལ། །ལུས་མཆོད་སྦྱིན་ཤ་ཁྲག༴ བསྔོས་པ་བཞིན་དུ་ཚིམ༴ བསམ་པ་བཞིན་དུ་འགྲུབ༴ རི་དབང་རྒྱལ་པོ་མན་ཆད་དང་། །མཚོ་སྨན་ཕྱུག་མོ་ཡན་ཆད་ལ། །ལུས་མཆོད༴ བསྔོས་པ༴ བསམ་པ༴ པེ་ཧར་རྒྱལ་པོ་མན་ཆད་དང་། །ཡུལ་འདྲེ་འཁྱམས་པོ་ཡན་ཆད་ལ། །ལུས་མཆོད༴ བསྔོས་པ༴ བསམ་པ༴ སྲིན་མོ་ནག་རུལ་མན་ཆད་དང་། །གྲོང་ཡུལ་འདྲེ་མོ་ཡན་ཆད་ལ། །ལུས་མཆོད་སྦྱིན༴ བསྔོས་པ་བཞིན༴ བསམ་པ༴ ཕོ་སྲི་མགོ་སྐྱ་མན་ཆད་དང་། །མོ་སྲི་རྐང་སྐྱ་ཡན༴ ལུས་མཆོད༴ བསྔོས་པ༴ བསམ་པ༴ གཞོན་སྲི་དར་མ་མན་ཆད༴ ཆུང་སྲི་ཁ་དམར་ཡན་ཆད་ལ། །ལུས་མཆོད༴ བསྔོས་པ༴ བསམ་པ༴ ཐེའུ་རང་གྲེ་བོ་གྲེ་མོ་མན་ཆད་དང་། །བསེ་རག་འགོང་པོ་ཡན་ཆད་ལ། །ལུས་མཆོད༴ བསྔོས་པ༴ བསམ་པ༴ སྣང་སྲིད་ལྷ་འདྲེ་མན་ཆད་དང་། །གཉན་སའི་ལྷ་འདྲེ་ཡན་ཆད་ལ། །ལུས་མཆོད༴ བསྔོས་པ་བཞིན༴ བསམ་པ༴ གནས་གདོན་ལུས་གདོན་མན་ཆད་དང་། །བག་ལ་ཉལ་བ་ཡན་ཆད་ལ། །ལུས་མཆོད༴ བསྔོས་པ༴ བསམ་པ༴ གཏོར་མ་འདི་བསྔོས་ཡོན་ཏན་གྱིས༴ བདག་དང་མཐའ་ཡས་སེམས་ཅན་རྣམས། །ལུས་ལ་བདེ་བ་རྙེད་གྱུར་ཅིག །ངག་ལ་ནུས་པ་འབར་གྱུར་ཅིག །སེམས་ལ་རྟོགས་པ་འཆར་གྱུར་ཅིག །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །སརྦ་ཛྙཱ་ན་ལོ་ཀ་ག་ཎ་ཙཀྲ་ལ་ཁ་ཁ་ཁཱ་ཧི། ཅེས་འབུལ་གཏོར་སྙིང་གཟུགས་མ་དང་། གནམ་ཕུད་ཕྱི་རོལ་མཆོད། ཕཊཿ ཕཊཿ ཕཊཿ ན་མོ། ཤ་ཁྲག་སྦྱིན་བཏང་བགྱིས་པ་འདི། །སྤྱིར་འགྲོ་དྲུག་ཡོངས་ཀྱི་གླུད་དུ་བསྔོ། །དགོས་དྲིན་ཆེན་ཕ་མའི་གླུད་དུ་བསྔོ། །ཡང་དགོས་རྩ་བའི་བླ་མའི་གླུད་དུ་བསྔོ། །ཐམས་ཅད་མཁྱེན་པའི་སངས་རྒྱས་མྱུར་ཐོབ་ཤོག་ཕཊཿ ན་མོ། བླ་མ་དམ་པའི་ཐུགས་དགོངས་རྫོགས་གྱུར་ཅིག །རྒྱལ་བ་མཆོད་པས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་བསྐང་གྱུར་ཅིག །རིགས་དྲུག་འདོད་པ་ཚིམ་གྱུར་ཅིག །ལྷ་སྲིན་སྡེ་བརྒྱད་ཚིམ་གྱུར་ཅིག །བུ་ལོན་ལན་ཆགས་བྱང་གྱུར་ཅིག །རྣམ་བཞིའི་མགྲོན་དུ་གྱུར་པ་ལ། །ཚད་མེད་ལུས་སྦྱིན་འདི་བསྔོས་པས། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས། །ཐམས་ཅད་མཁྱེན་པའི་སངས་རྒྱས་མྱུར་ཐོབ་ཤོག །ཕཊཿ ཕཊཿ ཕཊཿ དེ་ནས་བཤགས་པ་བྱ་བ་ནི། ཧཱུྃ། བདེ་ལེགས་མཆོག་གི་རྙེད་ཐོབ་དེ། །རྩ་བའི་བླ་མ་ཡིན་པར་མ་ཤེས་ནས། །དངོས་གྲུབ་གཞན་དུ་བཙལ་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །རང་སེམས་རྩ་བ་ཆོད་པ་དེ། །ཆོས་སྐུ་ཡིན་པ་མ་ཤེས་ནས། །སངས་རྒྱས་གཞན་དུ་བཙལ་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །རྣམ་རྟོག་རང་བཞིན་ཤར་བ་དེ། །སྐྱེ་མེད་ཡིན་པ་མ་ཤེས་པས། །གཉེན་པོ་གཞན་དུ་བཙལ་བ་དེ། །མ་སྤྲུལ་པའི་སྐུ་ལ༴ སེམས་ཉིད་ཡིད་བཞིན་ནོར་བུ་དེ། །དགོས་འདོད་འབྱུང་བར་མ་ཤེས་པས། །འབད་རྩོལ་གཞན་དུ་བྱས་པ་དེ། །མ་སྤྲུལ་པའི་སྐུ་ལ༴ ང་བདག་རྩ་བ་ཆོད་པ་དེ། །ཉམས་ལེན་ཡིན་པར་མ་ཤེས་པ། །ལྷ་འདྲེ་གཞན་དུ་བཙལ་བ་དེ། །མ་སྤྲུལ་པའི་སྐུ་ལ༴ ལྷ་འདྲེ་སེམས་ཀྱི་འཛིན་པ་དེ། །ཆོ་འཕྲུལ་ཡིན་པར་མ་ཤེས་པས། །ཉམས་ཀྱི་བྱ་ར་བྱེད་པ་དེ། །མ་སྤྲུལ་པའི་སྐུ་ལ༴ གསུམ་ལྡན་རྩ་བའི་བླ་མ་དེ། །སྐྱབས་གནས་ཡིན་པ་མ་ཤེས་པས། །མོས་གུས་ཕུལ་སྙིང་ཆུང་བ་དེ། །མ་སྤྲུལ་པའི་སྐུ་ལ༴ འདི་ཕྱི་བདེ་ལེགས་ཇི་སྙེད་པ། །རྩ་བའི་བླ་མ་འབྱུང་བ་ལ། །དངོས་གྲུབ་གཞན་དུ་རྩལ་བ་དེ། །མ་སྤྲུལ་པའི་སྐུ་ལ༴ དངོས་འབྱོར་ཡིད་སྤྲུལ་མཆོད་པ་དེ། །ཚོགས་གཉིས་རྫོགས་པར་མ་ཤེས་པས། །རློམ་སེམས་སེར་སྣ་བྱས་པ་དེ། །མ་སྤྲུལ་པའི་སྐུ་ལ༴ ཟབ་མོ་མཁའ་འགྲོའི་ཚོགས་གྲལ་དེ། །གསང་གནས་ཡིན་པ་མ་ཤེས་པས། །ཉམས་གྲིབ་ཅན་དང་འགྲོགས་པ་དེ། །མ་སྤྲུལ་པའི་སྐུ་ལ༴ ཞལ་ཟས་ཚོགས་གཉིས་ལོངས་སྤྱོད་དེ། །དངོས་གྲུབ་ཡིན་པ་མ་ཤེས་པས། །ལོག་ལྟ་ཅན་ལ་སྤེལ་བ་དེ། །མ་སྤྲུལ་པའི་སྐུ་ལ༴ བརྩེ་གདུང་འདྲེས་པའི་མཆེད་གྲོགས་དེ། །དཔའ་བོ་མཁའ་འགྲོ་ཡིན་པ་མ་ཤེས་ནས། །ཉམས་པའི་ཁོང་ཁྲོ་ཤེས་པ་དེ། མ་སྤྲུལ་པའི་སྐུ་ལ༴ ཚུལ་ཁྲིམས་རྣམ་དག་དྲི་མེད་དེ། །ཐར་ལམ་ཡིན་པར་མ་ཤེས་ནས། །འཆལ་བའི་མངོན་ལྐོག་ཤོར་བ་དེ། །མ་སྤྲུལ་པའི་སྐུ་ལ༴ ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན། །ཕ་མ་ཡིན་པར་མ་ཤེས་ནས། །སེམས་ཅན་གཞན་ལ་གནོད་པ་དེ། །མ་སྤྲུལ་པའི་སྐུ་ལ༴ འཛིན་ཞེས་ཆགས་པ་ཆེ་བ་དེ། །ལྟ་ངན་ཡིན་པར་མ་ཤེས་ནས། །རྟག་ཏུ་རེ་བ་བྱེད་པ་དེ། །མ་སྤྲུལ་པའི་སྐུ་ལ༴ མན་ངག་བདུད་ཀྱི་གཅོད་ཡུལ་འདི། །གསང་སྔགས་ཡིན་པར་མ་ཤེས་ནས། །རྒྱལ་ཁམས་ཡོངས་ལ་སྤེལ་བ་དེ། །མ་སྤྲུལ་པའི་སྐུ་ལ༴ ཆགས་མེད་ལུས་སྦྱིན་གཏོང་བ་དེ། །ཚོགས་གཉིས་ཡིན་པ་མ་ཤེས་ནས། །རང་ལུས་གཅེས་འཛིན་བྱས་པ་དེ། །མ་སྤྲུལ་པའི་སྐུ༴ མཐོལ་ལོ་བཤགས་སོ་མི་མིན་མཁའ་འགྲོ་མ། །གནོང་ངོ་འགྱོད་དོ་གྲུབ་ཐོབ་གཅོད་ཀྱི་བརྒྱུད། །སྦྱང་ངོ་བསལ་ལོ་དཔའ་བོ་མཁའ་འགྲོའི་ཚོགས། །ཆོས་ཉིད་མཉམ་པའི་ངང་དུ་མཐོལ་ལོ་བཤགས། །དོན་དམ་སྐྱེ་མེད་ངང་དུ་བཟོད་པར་གསོལ། །རྣམ་དག་བདེ་ཆེན་ངང་དུ་དག་གྱུར་ཅིག །བདག་དང་འགྲོ་དྲུག་སེམས་ཅན་རྣམས། །ཚོགས་རྫོགས་སྒྲིབ་པ་བྱང་ནས་ཀྱང་། །མྱུར་དུ་སངས་རྒྱས་ཐོབ་པར་ཤོག །ཕཊཿ ཟིན་བྲིས་ནང་། མ་འབྱོར་པ་དང་སོགས། མཆན། དེ་ནས་བསྔོ་བ་སྨོན་ལམ་གྱི་འཇུག་བསྡུ་བ་ལ། དང་པོ་བསྔོ་བ་ནི། ན་མོ། བདག་གཞན་ཀུན་གྱི་དུས་གསུམ་དུ། །དགེ་རྩ་འདུས་བྱས་འདུས་མ་བྱས། །དེ་བཞིན་ཟག་བཅས་ཟག་པ་མེད། །དེ་དག་ཀུན་ལ་ཡི་རང་ངོ་། །ཡི་རང་བྱང་ཆུབ་ཆེན་པོར་བསྔོ། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བླ་ན་མེད་པ་ཁྱ་པར་ལམ། །བྱང་ཆུབ་བར་ཆད་མེད་པའི་ལམ། །བར་ཆད་མེད་པར་འཇུག་པར་ཤོག །བར་ཆད་མེད་པར་འཇུག་ནས་ཀྱང་། །ཇི་སྲིད་འཁོར་བ་མ་སྟོང་བར། །སྟོང་ཉིད་དམ་པ་ཐོབ་པར་ཤོག །ཕཊཿ དེ་ནས་སྨོན་ལམ་ནི། ཕཊཿ བདག་གི་དགེ་བའི་རྩ་བ་འདིས། །བདག་དང་འགྲོ་དྲུག་སེམས་ཅན་རྣམས། །ཕ་རོལ་ཕྱིན་དྲུག་རྫོགས་བྱས་ནས། །རྣམ་མཁྱེན་རྫོགས་པའི་སངས་རྒྱས་མྱུར་འགྲུབ་ཤོག །དགེ་བ་འདི་ཡི་མྱུར་དུ་བདག །ཆོས་སྐུ་ཡུམ་ཆེན་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། ཐམས་ཅད་དེ་ཡི་ས་ལ་འགོད་པར་ཤོག །དེ་ནས་བཀྲ་ཤིས་ནི། ༀ། བཅོམ་ལྡན་ཤཱཀྱ་ཐུབ་པ་ཡིས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །ལམ་བསྒྲོད་བྱང་ཆུབ་མཆོག་ཐོབ་ནས། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྐྱེ་བ་མེད་ལས་གཟུགས་སྐུ་འཆར། །འགྲོ་རྣམས་བདེ་ལ་བཀོད་མཛད་མ། །ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན་མ་ཡི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཐུགས་ལས་འཁྲུངས་པའི་ཕྱོགས་བཅུའི་སངས་རྒྱས་སྲས། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའི་ཚོགས། །རྒྱལ་བ་སྲས་དང་བཅས་པ་མ་ལུས་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཚངས་པ་བརྒྱ་བྱིན་རྒྱལ་ཆེན་བཞིས། །མཆོད་པའི་ཚོགས་ཀྱིས་རབ་མཆོད་ཀྱིས། །ཉིན་མཚན་ཀུན་ཏུ་བསྲུང་བྱེད་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །གནས་འདིར་ཉིན་མོ་བདེ་ལེགས༴ སོགས། དེ་ལྟར་འགྲུབ་པར་བྱེད་སོགས་ཅི་རིགས་བརྗོད། མཆན། དེས་བདུན་པ་གཏོར་གཞོང་མ་སོང་། ཡིད་བཞིན་ནོར་བུ་ལས། ཐབས་ཤེས་ཟུང་འཇུག་ཤིན་ཏུ་གཅེས། །སྣང་བ་ལམ་ཁྱེར་དེ་བས་གཅེས། །ཅེས་གསུངས་པས། གོང་གི་ཉམས་ལེན་དེ་རྣམས་ཀྱང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལྡན་གྱིས་སྒོ་ནས་ཉམས་སུ་ལེན་དགོས་ཏེ། དེའང་། ལུས་སྲོག་ལ་མ་ཆགས་པར་འཁོར་འདས་ཐམས་ཅད་མཆོད་སྦྱིན་རྒྱ་ཆེན་བསྔོ་བ་ནི་སྦྱིན་པ། མི་དགེ་བ་ལ་སོགས་སྡིག་དང་མ་འདྲེས་པ་ཚུལ་ཁྲིམས། འཕང་སེམས་མེད་ཅིང་སྡུག་བསྔལ་ཁྱད་དུ་བསད་པ་བཟོད་པ། མ་ཡེངས་པ་རྩེ་གཅིག་ཏུ་བྱེད་པ་བསམ་གཏན་ཏེ། དེ་བཞི་ཐབས་ཀྱི་ཉམས་ལེན་ཡིན་ལ། བརྩོན་འགྲུས་ནི་ཐབས་ཤེས་གཉིས་མྱུར་དུ་བསྒྲུབ་པའི་གྲོགས་ཡིན་ཅིང་། ཤེས་རབ་ནི་མཆོད་མཁན་བདག །མཆོད་རྒྱུ་ལུས་སོགས། མཆོད་ཡུལ་མགྲོན་བཞི་ལ་སོགས་པ་ཐམས་ཅད་སྒྱུ་མ་ལྟ་བུར་རང་བཞིན་མེད་པར་ཤེས་པ་ཡིན་ཏེ། རེ་བ་མེད་པ་སངས་རྒྱས་གཅོད། །དོག་པ་མེད་པས་འཁོར་བ་གཅོད། །ཉམས་ང་མེད་པས་འདྲེ་བདུད་གཅོད། །འགོས་འཛེམ་མེད་པས་ནད་རིམས་གཅོད། །གཅོད་བྱ་མེད་པས་ཀུན་ཀྱང་གཅོད། །ཅེས་གསུངས། ཞིབ་པར་འོག་སྤྱི་ཆིང་གལ་མདོའི་སྐབས་སུ་གསལ་ལོ། །གོང་གི་ཉམས་ལེན་དེ་རྣམས་ཞག་གཅིག་གིས་ནང་ཐུན་དྲུག་གི་སྒོ་ནས། གཉན་ཁྲོད་འགྲིམ་པར་བྱ་སྟེ། དེ་ཡང་ཐུན་དྲུག་ལ། ཉིན་མོའི་ཐུན་གསུམ་ནི། རི་མགོའི་ཉི་མ་རྩེ་ཤར་དང་གཅིག །ཉིན་ཕྱེད་དྲང་པོ་དང་གཉིས། གྲིབ་ཆེན་འདུས་པ་དང་གསུམ་མོ། །མཚན་མོའི་ཐུན་གསུམ་ནི། སྲོད་ནམ་མཁའ་ལ་སྐར་མ་ཤར་བ་དང་གཅིག །ནམ་ཕྱེད་དྲང་པོ་དང་གཉིས། ཐོ་རང་སྐར་མ་བྱེར་བའི་དུས་དང་གསུམ་མོ། །གཉན་ས་མིན་ན་ནུབ་རེ་གཅོད་ཐུན་རེ་མ་ཆགས་པར་བྱེད་དོ། །ཐུན་སྐབས་རྣམས་སུ་བཏང་ལེན་བྱེད་པ་ནི། སེམས་ཅན་ཐམས་ཅད་ཀྱི་སྡིག་སྡུག་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག །བདག་གི་བདེ་བ་མ་ལུས་པ་སེམས་ཅན་ཐམས་ཅད་ཀྱི་ཐོབ་པར་གྱུར་ཅིག །ཅེས་བརྗོད་པས་རང་ལ་དངོས་སུ་སྨིན་ཞིང་གཞན་གྱིས་དངོས་སུ་ཐོབ་པས་སྡིག་སྡུག་ཐམས་ཅད་དང་བྲལ་ནས་སངས་རྒྱས་ཐོབ་པར་བསམ་སྟེ། ཐེག་ཆེན་བློ་སྦྱོངས་ལས། གཏོང་ལེན་གཉིས་པོ་སྤེལ་མར་བྱ། །དེ་ཉིད་རླུང་ལ་སྐྱོན་དེ་སྦྱངས། །ཡུལ་གསུམ་དུག་གསུམ་དགེ་བ་གསུམ། །ཅེས་གསུངས་པ་ལྟར་ཡུན་རིང་དུ་བསྒོམ། དེས་མངོན་པར་རྟོགས་པའི་རིམ་པ་སོང་། གདན་ཐོག་གཅིག་མ་འདི་ནི་ཆོས་གྲྭ་ཆེན་པོ་ཤར་ཀཿཐོག་རྡོ་རྗེ་གདན་གྱི་འབངས་སུ་གྱུར་པའི་བྱ་བྲལ་བ་ཀུན་དགའ་འབུམ་གྱིས་གནས་མཆོག་དམ་པ་འཕགས་མཚོའི་རི་ཁྲོད་དུ་སྦྱར་བའོ།། །།བཀྲ་ཤིས་དཔལ་འབར་འཛམ་གླིང་ཡོངས་ཁྱབ་ཤོག །


previousཟབ་དོན་གཅོད་ཀྱི་ཕུང་པོ་མཆོད་སྦྱིན་གདན་ཐོག་གཅིག་མ་ཉམས་སུ་ལེན་པའི་རིམ་པ། next