Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཌཱཀྐི་འབུམ་བསྐུལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཌཱཀྐི་འབུམ་བསྐུལ།next

ཌཱཀྐི་འབུམ་བསྐུལ།

༅། །ཌཱཀྐི་འབུམ་བསྐུལ་བཞུགས་སོ། །སྤྱི་བོའི་མ་ཅིག་ལས་མཁའ་འགྲོ་སྡེ་ལྔ་དང་། ཡང་སྤྲུལ་མཁའ་འགྲོ་འབུམ་སྤྲོས་པ་ལས་འོད་ཟེར་ཁ་དོག་སྣ་ཚོགས་བྱུང་ནས་རང་ལ་ཐིམ་པས་ཡང་དག་བདེ་ཆེན་ཡེ་ཤེས་སྐྱེས་པར་བསམ་ནས། ཧཱུྃ། མ་ཡུམ་ཆེན་སྐུ་ཡི་སྤྲུལ་པའི་སྲས། །དབུས་ཕྱོགས་སངས་རྒྱས་རིགས་ཀྱི་ཌཱཀྐི་འབུམ། །ཡང་དག་བདེ་ཆེན་སྤྱོད་པའི་ཌཱཀྐི་མ། །དད་མོས་དྲག་པོའི་སྟོབས་ཀྱིས་གསོལ་བ་འདེབས། །ཐུགས་རྗེ་དབྲི་བཀོལ་མེད་པར་དགོངས་མཛོད་ལ། །དད་ལྡན་སྐྱེས་བུ་རྣམས་ལ་བཅུད་དུ་ཕོབ། །ལས་ཅན་ཕོ་མོ་བྱིན་གྱིས་རླབས་དུ་གསོལ། །མ་ཡུམ་ཆེན་ཐུགས་ཀྱི་སྤྲུལ་པའི་སྲས། །ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་ཌཱཀྐི་འབུམ། །ཡང་དག་བདེ་ཆེན་སོགས་འདྲེས། མ་ཡུམ་ཆེན་ཡོན་ཏན་སྤྲུལ་པའི་སྲས། །ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་ཌཱཀྐི་འབུམ། །ཡང་དག་སོགས། མ་ཡུམ་ཆེན་གསུང་གི་སྤྲུལ་པའི་སྲས། །ནུབ་ཕྱོགས་པདྨ་རིགས་ཀྱི་ཌཱཀྐི་འབུམ། །ཡང་དག་བདེ་ཆེན་སོགས། མ་ཡུམ་ཆེན་ཕྲིན་ལས་སྤྲུལ་པའི་སྲས། །བྱང་ཕྱོགས་ལས་ཀྱི་རིགས་ཀྱི་ཌཱཀྐི་འབུམ། །ཡང་དག་སོགས། མ་གཡས་བསྐུམ་གཡོན་བརྐྱང་གར་གྱིས་བཞེངས་པ་ནི། །ཐབས་ཤེས་འདུ་འབྲལ་མེད་པའི་ཌཱཀྐི་འབུམ། །ཡང་དག་སོགས། མ་ཡི་གྲི་གུག་ཐོད་ཁྲག་ཐུགས་ཀར་འཛིན་པ་ནི། །རྣམ་རྟོག་རྩད་ནས་གཅོད་པའི་ཌཱཀྐི་འབུམ། །ཡང་དག་སོགས། མ་ཡི་ཐོད་ཀམ་ལྔ་ཡི་དབུ་ལ་བརྒྱན་པ་ནི། །ཡོན་ཏན་ཐམས་ཅད་རྒྱས་པའི་ཌཱཀྐི་འབུམ། །ཡང་དག་སོགས། མ་ཡི་མི་མགོ་ལྔ་བཅུའི་དོ་ཤལ་བྱས་པ་ནི། །འཁྲུལ་པའི་བདུད་སྡེ་ཟད་པའི་ཌཱཀྐི་འབུམ། །ཡང་དག་སོགས། མ་ཡི་རུས་པའི་རྒྱན་དྲུག་སྐུ་ལ་བརྒྱན་པ་ནི། །ཕ་རོལ་ཕྱིན་དྲུག་རྫོགས་པའི་ཌཱཀྐི་འབུམ། །ཡང་དག༴ མ་ཡི་ཀླུ་ཆེན་བརྒྱད་ཀྱི་སྐུ་ལ་བརྒྱན་པ་ནི། །གདུག་རྩུབ་ཞེ་སྡང་ཞི་བའི་ཌཱཀྐི་འབུམ། །ཡང་དག་སོགས། མ་ཡི་ཁ་ཊྭཱྃ་རྩེ་གསུམ་མཆན་དུ་བཅུག་པ.ནི། །དུག་གསུམ་རྩད་ནས་གཅོད་པའི་ཌཱཀྐི་འབུམ། །ཡང་དག་སོགས། མ་ཡི་མི་མགོ་སུམ་བརྩེགས་རབ་ཏུ་བརྒྱན་པ་ནི། །སྲིད་གསུམ་ཟིལ་གྱིས་གནོན་པའི་ཌཱཀྐི་འབུམ། །ཡང་དག་སོགས། མ་ཡི་ཌཱ་རུ་ཅང་ཏེ་གསེར་གྱི་རྔ་ཆུང་ལ། །དོན་དམ་སྙན་བརྒྱུད་འཛིན་པའི༴ ཡང་དག་སོགས། མ་ཡི་དྲིལ་བུ་གཡེར་ཁའི་གསུང་སྙན་སྒྲོགས་པ་ནི། །སྟོང་གསུམ་ཆོས་སྒྲས་གང་བའི༴ ཡང་དག་སོགས། མ་ཡིས་མི་རྐང་གླིང་བུའི་བཞད་གད་སྟོན་པ་ནི། །མཁའ་འགྲོའི་བརྡ་སྐད་སྟོན་པའི་ཌཱཀྐི་འབུམ། །ཡང་དག་སོགས། མ་ཡི་དར་གྱི་འཕུར་ལྕེས་རབ་ཏུ་བརྒྱན་པ་ནི། །མཁའ་འགྲོའི་ཞིང་ཁམས་འགྲིམ་པའི་ཌཱཀྐི་འབུམ། །ཡང་དག་བདེ་ཆེན་སྤྱོད་པའི་ཌཱཀྐི་མ། །དད་མོས་དྲག་པོའི་སྟོབས་ཀྱི་གསོལ་བ་འདེབས། །ཐུགས་རྗེ་བྲི་བསྐོལ་མེད་པར་དགོངས་མཛོད་ལ། །དད་ལྡན་སྐྱེས་བུ་རྣམས་ལ་བཅུད་དུ་ཕོབ། །ལས་ཅན་ཕོ་མོ་བྱིན་གྱིས་བརླབས་ཏུ་གསོལ། །ཅེས་མ་ཅིག་གིས་གསུངས་པའི་ཌཱཀྐི་འབུམ་བསྐུལ་རྫོགས་སོ།། །།བཀྲ་ཤིས།


previousཌཱཀྐི་འབུམ་བསྐུལ།next