Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཟབ་མོ་བདུད་ཀྱི་གཅོད་ཡུལ་གྱི་སྐྱབས་སེམས་ཚོགས་བསགས་སྔོན་གཏོར་གྱི་རིམ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཟབ་མོ་བདུད་ཀྱི་གཅོད་ཡུལ་གྱི་སྐྱབས་སེམས་ཚོགས་བསགས་སྔོན་གཏོར་གྱི་རིམ་པ།next

ཟབ་མོ་བདུད་ཀྱི་གཅོད་ཡུལ་གྱི་སྐྱབས་སེམས་ཚོགས་བསགས་སྔོན་གཏོར་གྱི་རིམ་པ།

༅། །ཟབ་མོ་བདུད་ཀྱི་གཅོད་ཡུལ་གྱི་སྐྱབས་སེམས་ཚོགས་བསགས་སྔོན་གཏོར་གྱི་རིམ་པ་བཞུགས་སོ། །སྐྱབས་ཡུལ་གསལ་གདབ་པ་ནི། མདུན་གྱི་ནམ་མཁའི་གནས་སུ་པདྨ་དང་ཟླ་བའི་གདན་ལ་མ་ཅིག་ལབ་ཀྱི་སྒྲོན་མ་ལ་འཁོར་རིགས་བཞིའི་མཁའ་འགྲོ་མ་རྣམས་དང་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་དང་བཅས་པ་རྣམས་ཀྱིས་བཀྲ་དཔུང་ངེ་འོད་ཐིབས་སེ་བསྐོར་ནས་བཞུགས་པར་བསམ། སྐྱབས་སུ་འགྲོ་ཞིང་ཚོགས་བསགས་པ་ནི། མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། ལབ་སྒྲོན་ཁྱེད་ལ་སྐྱབས་སུ་མཆི། །རང་རིག་ཡེ་ཤེས་སྟོན་མཛད་པའི། །བླ་མ་རྣམས་ལ་སྐྱབས་སུ་མཆི། །དངོས་གྲུབ་ངེས་པར་སྟེར་མཛད་པའི། །ཡི་དམ་ལྷ་ལ་སྐྱབས་སུ༴ བརྩེ་གདུང་དམ་ཚིག་འབྲེལ་བ་མོ། །མཁའ་འགྲོ་རྣམས་ལ༴ བགེགས་དང་ལོག་འདྲེན་འདུལ་མཛད་པའི། །ཆོས་སྐྱོང་རྣམས་ལ༴ གང་ལ་ཕུལ་ན་དོན་ཆེ་བ། །སྤང་རྟོགས་ཕུན་སུམ་ཚོགས་པ་ཡིན། །སངས་རྒྱས་རྣམས་ལ༴ ཞི་གྱུར་འདོད་ཆགས་བྲལ་བ་ཡི། །དམ་ཆོས་རྣམས༴ གང་ལ་ཕུལ་ན་དོན་ཆེ་བ། །དགེ་འདུན་རྣམས་ལ༴ གཞོན་ནུའི་ཚུལ་འཛིན་ཡོན་ཏན་ལྡན། །འཇམ་དཔལ་དབྱངས་ལ༴ ངེས་པར་སྙིང་རྗེ་བསྐྱེད་མཛད་པ། །སྤྱན་རས་གཟིགས་ལ༴ མཐུ་སྟོབས་ཆེན་པོས་གདུག་པ་འདུལ། །རྡོ་རྗེ་ལ༴ ཅི་སྲིད་བྱང་ཆུབ་སྙིང་པོའི་བར། །ཁྱེད་རྣམས་ལ་ནི་སྐྱབས་སུ་མཆི། །ཁྱེད་རྣམས་ལ་ནི་གསོལ༴ ཁྱེད་རྣམས་ལ་ནི་རྟེན་བཅའོ། །འདོད་ཡོན་ལྔ་ཡི་མཆོད་པ་འབུལ། །ཕུང་པོ་ལྔ་པོ་མཆོད་པ་བཞེས། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །མྱ་ངན་མི་མདའ་གསོལ་བ་འདེབས། །དགེ་དེས་སེམས་ཅན་བདེ་གྱུར་ཅིག །རྫོགས་པའི་སངས་རྒྱས་སེམས་བསྐྱེད་དོ། །མ་ཅིག་ཞལ་གསུངས་མའོ། །མཎྜལ་འབུལ་བ་ནི། ས་གཞི་སྤོས་ཆུས་སོགས། མ་ཧཱ་གུ་རུ་ཌཱཀྐི་ནི་ས་པཱ་རི་ཝ་ར་མཎྜལ་པཱུ་ཛ་ཨཱ་ཧཱུྃ། ཅེས་བརྗོད་ཅིང་འབུལ། སེམས་བསྐྱེད་པ་ནི། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི༴ སྡུག་བསྔལ་དང་༴ སྡུག་བསྔལ་མེད་པའི༴ ཉེ་རིང་ཆགས་སྡང་གཉིས་དང་བྲལ༴ གྱུར་ཅིག །སྐྱབས་ཡུལ་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ་པས་སྡིག་སྒྲིབ་ཐམས་ཅད་སང་གིས་དག་པར་གྱུར། ཅེས་བརྗོད། ༈ དེ་ནས་དཀར་གཏོར་གསེར་སྐྱེམས་བཤམས་ལ། སྭ་བྷ་ཝས་སྦྱོང་སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་གཏོར་མ་དངས་ཤིང་ཐོག་པ་མེད་པར་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་རྒྱ་མཚོ་ཆེན་པོ་ཁ་དོག་དྲི་རོ་རེག་བྱ་རོ་བཅུད་ནུས་པ་ཕུན་སུམ་ཚོགས་པ་མགྲོན་རིགས་རྣམས་ཀྱི་འདོད་པའི་ཡོན་ཏན་དང་ལྡན་པ་སྟོང་གསུམ་རབ་འབྱམས་ནམ་མཁའ་དང་མཉམ་པར་བསམ་འབར་བའི་ཕྱག་རྒྱས་དཔྲལ་བའི་དབྱིངས་སུ་བསྐོར་ལ། མིག་གྱེན་དུ་ལྟ་བ་དང་བཅས་འདི་སྐད་དོ། །ༀ་བཛྲ་ཨ་ར་ལི་ཧོ་ཛཿཧཱུྃ་བཾ་ཧོཿ བཛྲ་ཌཱཀྐི་ནི་ས་མ་ཡ་སྟྭཾ། ཏྲི་ཤྱ་ཧོཿ ཕེཾ་ཕེཾ། ཞེས་བརྗོད་པས། རང་གི་སྙིང་ཁ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་དཔག་ཏུ་མེད་པར་འཕྲོས་པས་གདོད་ནས་གྲུབ་པའི་དུར་ཁྲོད་ཆེན་པོ་བརྒྱད་ལ་གནས་པའི་འཇིག་རྟེན་གྱི་མཁའ་འགྲོ་མ་ཐམས་ཅད་སྤྱན་དྲངས་ནས་གཏོར་མ་དངོས་སུ་གསོལ་བར་བསམ། ༀ་ཁ་ཁ་ཁ་ཧི་ཁ་ཧི། སརྦ་ཡཀྵ་རཀྵ་སརྦ་བུདྡྷ་པྲེ་ཏ་པི་ཤ་ཙ། ཨུརྨན་ཏ། ཨ་ས་སྨ་ར། ཌཱ་ཀ་ཌཱ་ཀི། བི་ཏ་ཡ། ཨེ་དཾ་བྷ་ལིངྟ་གྷྲི་ཧྞནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མེ་པྲ་ཡ་ཙྪནྟུ། ཡ་ཐེ་བཾ་ཡ་ཐེ་སྟྭཾ། བྷུ་ཛ་ཐ། པི་པ་ཐ། མ་ཏི་པྲ་མ་ཐ། མ་མ་སརྦ་ཀརྟ་ཡ། སད་སུ་ཁཾ། བྷི་ཤུདྡྷ་ཡེ་སྭཱ་ཧཱ། ཡ་ཀ་བྷ་ཝནྟུ་སྭཱ་ཧཱ། ལན་གསུམ། ཨརྒྷཾ་ལ་སོགས་པས་མཆོད། མཆོད་སྦྱིན་གྱིས་གཏོར་མ་རྒྱ་ཆེན་པོ་འདི་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་ན་ལྷག་པའི་མཁའ་འགྲོ་དང་ཤུགས་འགྲོ་ཕྱོགས་ཞིང་སྐྱོང་བའི་ལྷ་ཀླུ་ལ་སོགས་པའི་འབྱུང་པོ། དཀྱིལ་འཁོར་ཟབ་མོའི་ཆོ་ག་ལ་ཉན་པར་མི་དབང་བའི་དཀར་ཕྱོགས་སྐྱོང་བ་རྣམས་ལ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་ཚིམ་པར་གྱིས་ལ་འདིར་འཁོད་པ་ལ་དཀྱིལ་འཁོར་ཟབ་མོ་སྒྲུབ་པའི་གྲོགས་མཛོད་ཅིག །ལྷ་ཡི་ཚོགས་རྣམས་མ་ལུས་དང་། །ཀླུ་ཡི་ཚོགས་རྣམས་མ་ལུས་དང་། །གནོད་སྦྱིན་ཚོགས་རྣམས༴ སྲིན་པོའི་ཚོགས་རྣམས༴ འབྱུང་པོའི་ཚོགས༴ ཡི་དྭགས་ཚོགས༴ ཤ་ཟའི་ཚོགས༴ སྨྱོ་བྱེད་ཚོགས༴ བརྗེད་བྱེད་ཚོགས༴ མཁའ་འགྲོའི་ཚོགས༴ མ་མོའི་ཚོགས་རྣམས༴ མ་ལུས་པ་རྣམས་ཐམས་ཅད་ཀུན། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །མཆོད་སྦྱིན་གཏོར་མ་སོགས། ཀུན་འགྲུབ་མཛོད། །ཅེས་གཏོར་མ་གསེར་སྐྱེམས་མཆོད་དོ། །དེ་ནས་བགེགས་ལ་གཏོར་མ་བསྔོ་བ་ནི། སྔོན་དུ་འགྲོ་བའི་གཏོར་མ། ༀ་ཨཱཿཧཱུྃ་གིས་བྱིན་གྱིས་རླབས། ༀ་སརྦ་བིགྷྣ་ན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བྷི་ཤྭ༴ ལན་གསུམ་གྱིས་བསྔོས་ལ། ཁྲོས་མའི་མཚམས་ལྷ་བསྐྱེད་པ་ནི། ཕཊཿ རང་ཉིད་སྐད་ཅིག་གི་རྗེ་བཙུན་ཁྲོས་མ་ནག་མོ་ཞལ་ཅིག་ཕྱག་གཉིས་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། སྤྱི་བོར་ཕག་ཞལ་ནག་པོ་ངུར་སྒྲ་སྒྲོགས་པ། ཕྱག་གཉིས་གྲི་ཐོད་བསྣམས་ཤིང་གྲུ་གཡོན་ཁ་ཊྭཱྃ་ཀ་གྱེན་དུ་སློང་བ། ཞབས་གཉིས་གར་སྟབས་འགྱིང་བའི་མེ་དཔུང་འབར་བའི་ཀློང་ན་བཞུགས་པའི་སྐུའི་བ་སྤུ་ལས་རང་འདྲའི་ཁྲོ་ཆུང་དང་མེ་ཡི་ཚྭ་ཚྭ་དཔག་ཏུ་མེད་པ་འཕྲོས། གནོད་བྱེད་རྒྱལ་འགོང་དམ་སྲི་འབྱུང་པོ་ཐམས་ཅད་ཚར་གཅོད་པའི་བདག་ཉིད་ཅན་དུ་གྱུར། ༀ་བཛྲ་ཌཱཀྐི་ནི་ཀྲོ་ཏེ་ཀཱ་ལི་བཾ་ཧ་རི་ནི་ས་ཧཱུྃ། ཅེས་བདག་ཉིད་ཁྲོས་མའི་སྐུ་ཝལ་གྱིས་བསྐྱེད་ལ་གཞུང་གི་བཀའ་བསྒོ་ལ་འཇུག་གོ།། །།


previousཟབ་མོ་བདུད་ཀྱི་གཅོད་ཡུལ་གྱི་སྐྱབས་སེམས་ཚོགས་བསགས་སྔོན་གཏོར་གྱི་རིམ་པ།next