Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཁའ་འགྲོ་སྡེ་ལྔའི་ལས་བྱང་བྱིན་རླབས་སྒོ་འབྱེད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཁའ་འགྲོ་སྡེ་ལྔའི་ལས་བྱང་བྱིན་རླབས་སྒོ་འབྱེད། next

མཁའ་འགྲོ་སྡེ་ལྔའི་ལས་བྱང་བྱིན་རླབས་སྒོ་འབྱེད།

མཁའ་འགྲོ་སྡེ་ལྔའི་ལས་བྱང་བྱིན་རླབས་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་དྷེ་ཝ་ཌཱཀྐི་ནི་ཧཱུྃ། བླ་མ་ཡུམ་ཆེན་ཌཱཀྐིའི་ཚོགས་རྣམས་ལ། །གུས་པས་བཏུད་དེ་མཁའ་འགྲོ་སྡེ་ལྔ་ཡི། །བསྒྲུབ་པའི་ཁ་བསྐང་ལས་བྱང་འདིར་སྤྲོ་བྱ། །དེ་ལ་གསུམ་སྟེ་སྔོན་འགྲོ་དངོས་གཞི་རྗེས། །བྱེ་བྲག་བདུན་གསུམ་ཉེར་གཅིག་གྲངས་སུ་བསྟན། །སྦྱོར་བ་སྔོན་འགྲོ་བདུན་སྟེ་རྟེན་བཤམས་དང་། །སྐྱབས་འགྲོ་སེམས་བསྐྱེད་རྒྱུན་བཤགས་བྱ་བ་དང་། །བཀའ་བསྒོ་མཚམས་གཅོད་མཆོད་རྫས་བྱིན་རླབས་དང་། །དངོས་གཞི་བདུན་སྟེ་བརྟེན་པ་ལྷ་བསྐྱེད་ཅིང་། །སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་མཆོད་པ་དང་། །བསྟོད་པ་བྱ་ཞིང་གསང་སྔགས་བཟླས་པའོ། །རྗེས་ལ་བདུན་ཏེ་ཚོགས་བསྐུལ་སྦྱིན་བསྲེགས་དང་། །གཏོར་མ་བཏང་ཞིང་བཤགས་པ་བྱ་བ་དང་། །བཀྲ་ཤིས་བརྗོད་དང་རྫོགས་རིམ་བསྒོམ་པའོ། །དེ་ནི་ཕྲིན་ལས་རྩ་བ་སྡོམ་བྱང་ངོ་། །དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །འདིར་རྣལ་འབྱོར་པ་དབང་ཐོབ་ཅིང་དམ་ཚིག་དང་ལྡན་པས། །མཁའ་འགྲོ་སྡེ་ལྔའི་སྒྲུབ་པ་ཉམས་སུ་ལེན་པ་ལ་གསུམ། །ཐོག་མར་སྦྱོར་བ་སྔོན་འགྲོའི་དང་པོ་རྟེན་བཤམས་པ་ནི། །གནས་དུར་ཁྲོད་དམ་རབ་ཏུ་དབེན་པའི་སར། །མཎྜལ་མཆོད་གཏོར་རྣམས་གཞུང་ལྟར་བཤམས་ལ། གཉིས་པ་སྐྱབས་སུ་འགྲོ་བ་ནི། ཐུན་མོང་སྤྱི་དང་མཐུན་པར་བྱས་ལ། གསུམ་པ་སེམས་བསྐྱེད་པ་ནི། སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པའི་ཕྱིར་དུ། བདག་གི་སྒོ་གསུམ་མཁའ་འགྲོའི་དཀྱིལ་འཁོར་དུ་འཇུག་ཨཾ་སྙམ་པའི་སྨོན་པ་སེམས་བསྐྱེད་དང་ལྡན་པའི་ངང་ནས་ཚད་མེད་བཞི་བསྒོམ་མོ། །བཞི་པ་རྒྱུན་བཤགས་བྱ་བ་ནི། མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །ལབ་སྒྲོན་ཁྱེད་ལ་སྐྱབས་སུ་མཆི། སོགས་ཚང་བར་བརྗོད། ལྔ་པ་བགེགས་ལ་བཀའ་བསྒོ་བ་ནི། སྔོན་དུ་འགྲོ་བའི་གཏོར་མ་ལ། ༀ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ལ། ༀ་སརྦ་བིགྷྣནྣ་ༀ་ན་མ་སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱ་སརྦ་ཐཏྑཾ་ཨུ་ག་ཏེ་སྥ་ར་ཎ་ཨེ་མཾ་ག་ག་ན་ཁཾ་གྲྀཧྣ་དཾ་ཨེ་དཾ་བྷ་ལིང་ཏ་ཡེ་སྭཱ་ཧཱ། ཅེས་པས་བགེགས་འབུལ་ཏེ་བཀའ་བསྒོ་བ་ནི། ༀ་བཛྲ་དྷ་ཀི་ནི་ཀྲོ་ཏི་ཀ་ལི་བཾ་ཧ་རི་ནི་ས་ཧཱུྃ། ཅེས་ཁྲོས་མ་ནག་མོའི་སྐུར་ཝལ་གྱིས་བསྐྱེད་ལ། ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་འབྱུང་པོའི་ཚོགས། །བདུད་སྡེ་མི་བཟད་དཔུང་དང་བཅས་པ་རྣམས། །ང་ནི་རབ་འཇིགས་རྡོ་རྗེ་ཁྲོས་མའི་སྐུ། །ང་ཡི་བཀའ་དང་དམ་ལས་མ་འདའ་བར། །མཆོད་སྦྱིན་གླུད་གཏོར་དམ་པ་འདི་ལོངས་ལ། །ང་ཡི་གནས་འདིར་མ་འདུག་ཕྱིར་དེངས་ཤིག །གལ་ཏེ་མི་འགྲོ་བཀའ་ལས་འདའ་གྱུར་ན། །ཁྲོ་བོ་ཁྲོ་མོའི་ཚོགས་དང་བཅས་རྣམས་ཀྱིས། །ཁྱོད་ཀྱི་ལུས་ངག་ཡིད་གསུམ་ཐམས་ཅད་ཀུན། །མ་རུང་བརླག་པ་འགྱུར་བ་གདོན་མི་ཟ། །དེ་བས་འདི་རུ་མ་འདུག་གཞན་དུ་དེངས། །ༀ་བཛྲ་ཌཱཀྐི་ནི་ཀྲོ་ཏི་ཀ་ལི་བྃ་ཧ་རི་ནི་ས་ཧཱུྃ། ༀ་སུམ་བྷ་ནི་སུམ་བྷ་ནི་ཧཱུྃ། གྲྀཧྣ་གྲྀཧྣ་ཧཱུྃ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ། ཨཱ་ན་ཡ་ཧོཿ བྷ་ག་ཝཱན། བིདྱཱ་རཱ་ཛ་ཡ་ཧཱུྃ་ཕཊཿ ཞེས་ཧཱུྃ་བཞིའི་སྔགས་བརྗོད་ཅིང་བགེགས་བསྐྲད་དོ། །དྲུག་པ་མཚམས་བཅད་པ་ནི། ཧཱུྃ་ཧྲཱིཿ ང་ནི་རབ་འཇིགས་ཁྲོས་མ་ནག་མོའི་སྐུ། །མཚོན་ཆ་འོད་ཟེར་ཁྲོ་ཚོགས་དཔག་མེད་འཕྲོས། །རྡོ་རྗེ་འཁོར་ལོ་རལ་གྲི་འབར་བ་དང་། །ཐོ་བ་རྒྱ་གྲམ་ཕུར་པ་བྲག་རིའི་གུར། །ཡེ་ཤེས་ལྔ་ཡི་མེ་དཔུང་ཕྱོགས་བཅུར་འབར། །བསྒྲུབ་ལ་བར་དུ་གཅོད་པའི་དགྲ་དང་བགེགས། །ཐམས་ཅད་རྡུལ་ཕྲན་བཞིན་དུ་བརླག་པར་བྱེད། །སྟེང་འོག་ཕྱོགས་མཚམས་ཀུན་དུ་ཁྱབ་པར་བསྲུང་། །བཀའ་དང་དམ་ལ་སུ་ཡང་འདའ་མ་བྱེད། །ༀ་བཛྲ་ཀརྨ་ཀི་ལི་ཀི་ལ་ཡ་ཛྭ་ལ་རཾ་ཡཀྴ་ཀྲོ་ཏ་མཎྜ་ལ་ཧཱུྃ་ཕཊ། བདུན་པ་མཆོད་རྫས་བྱིན་གྱིས་བརླབས་པ་ནི། ༀ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་སྨན་རཀ་གཏོར་གསུམ་མཆོད་པའི་ཡོ་བྱད་ཐམས་ཅད་ༀ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱི་བརླབས། ༀ་ཨཱཿཧཱུྃ་པུཥྤེ་དྷུཥྤེ་ཨ་ལོ་ཀེ་གྷནྡྷེ་ནཻ་ཝི་ཏྱ་ཤཔྡ་ཨཱ་ཧཱུྃ། ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱི་ཋཱ། ཅེས་སྨན་ཕུད་རིགས་ལྔ་འོད་དུ་ཞུ་ནས་ཡེ་ཤེས་བདུད་རྩིར་བྱིན་གྱིས་བརླབས། ༀ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་མ་མཎྜ་ལ་ཧཱུྃ་ཧྲཱི་ཋཱ། ཅེས་རཀྟ་བྱང་སེམས་དམར་པོ་ཡེ་ཤེས་བདུད་རྩིར་བྱིན་གྱིས་བརླབས། ༀ་ཨཱཿཧཱུྃ་མ་ཧཱ་བྷ་ལིངྟ་ཏེ་ཛྭ་བྷ་ལིངྟ་བྷ་ལ་བྷ་ཏི་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱི་ཋཱ། ཅེས་གཏོར་མ་ཡེ་ཤེས་ཀྱི་བདུད་རྩིར་འདོད་ཡོན་ལྔའི་ཕུང་པོ་བྱིན་གྱིས་བརླབས། སྤྱི་དོན་གཉིས་པ་དངོས་གཞི་ལ་བདུན་དང་པོ་རྟེན་དམ་ཚིག་པ་བསྐྱེད་པ་ནི། ༀ་སྭ་བྷཱ་ཝ་ཤུདྡྷེ་སརྦ་དྷརྨཱ་སྭ་བྷ་ཝ་ཤུདྡྷེ་ཨ། ཕྱི་ནང་གི་དངོས་པོ་ཐམས་ཅད་མི་དམིགས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཞིང་ཁམས་རྣམ་པར་དག་པ་ཨུ་རྒྱན་རང་བྱུང་གི་དུར་ཁྲོད་ཆེན་པོའི་དབུས་སུ། ཐོད་པ་སྐམ་རློན་བརྩེགས་པ་སྤེལ་མ་དང་། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་། གྲུ་བཞི་སྒོ་བཞི་རྒྱན་རྟ་བབ་བང་རིམ་པདྨ་གདུག་ཏོག་རི་དྭགས་ཆོས་འཁོར་དང་ལྡན་པའི་སྟེང་ཁང་ཕྱུར་བུ་བང་རིམ་བཞི་པ་ལ། རྡོ་རྗེ་རིན་པོ་ཆེའི་ཏོག་གིས་མཚན་པ་ཕྱི་རྡོ་རྗེའི་རྭ་གུར་དང་ཡེ་ཤེས་ཀྱི་མེ་རི་དམར་ནག་རབ་ཏུ་འབར་བའི་ཕོ་བྲང་གིས་ཕྱི་ནང་མེད་པར་འོད་དམར་པོའི་རྦ་ཀློང་འཁྲུགས་པའི་དབུས་སུ། གདན་པདྨ་འདབ་བཞི་དང་ཆོས་འབྱུང་ཉི་མ་རོའི་སྟེང་དུ་ཨཱཿམཐིང་ནག་འོད་དུ་འབར་བ་ལས་འོད་ཟེར་འཕྲོས་བསྐུལ་དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། ཨ་མ་ལབ་ཀྱི་སྒྲོན་མ་ཁྲོས་མ་ནག་མོ་དང་རྡོ་རྗེ་མཁའ་འགྲོ་མ་དབྱེར་མེད་པ། སྐུ་མདོག་མཐིང་ནག་ཏུ་འདུག་པ་ཞལ་གཅིག་ཕྱག་གཉིས་པ་སྤྱི་བོར་ན་ཕག་ཞལ་ནག་པོའི་ངུར་སྒྲ་སྒྲོག་པ། ཤར་གྱི་པད་འདབ་ལ་སངས་རྒྱས་མཁའ་འགྲོ་དཀར་མོ། ལྷོའི་པད་འདབ་ལ་རིན་ཆེན་མཁའ་འགྲོ་སེར་མོ། ནུབ་ཀྱི་པད་འདབ་ལ་པདྨ་མཁའ་འགྲོ་དམར་མོ། བྱང་གི་པད་འདབ་ལ་ལས་ཀྱི་མཁའ་འགྲོ་ལྗང་མོ། ཐམས་ཅད་ཀྱང་གཅེར་བུ་རིན་པོ་ཆེ་དང་རུས་པའི་རྒྱན་དྲུག་གིས་བརྒྱན་པ། སྤྱན་གསུམ་ཁྲོ་འཛུམ་འདུག་ཅིང་། དབུ་སྐྲ་ནག་པོ་མཐུར་དུ་ཁྲོལ་བ་གཡས་གྲི་གུག་ནམ་མཁའ་ལ་ཕྱར་བ། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ་གྲུ་མོ་ཁ་ཊྭཱྃ་ཁ་བསྣམས་པ་ལ། ཌཱ་མ་རུ་དང་ཏིང་ཏིང་ཤགས་ཀྱིས་བརྒྱན་པ། ཞབས་གཡས་བསྐུམ་པའི་རྟིང་པ་བྷ་ག་ལ་གཏད་པ། གཡོན་བརྐྱང་བ་གར་ཐབས་སུ་བཞེངས་པ། གཙོ་འཁོར་དེ་རྣམས་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་ཤུགས་འགྲོ་བྱེ་བ་དུང་ཕྱུར་ཚོགས་ཀྱིས་བསྐོར་བ། ལྷ་ཚོགས་དེ་དག་གི་སྤྱི་བོར་ༀ། མགྲིན་པ་ཨཱཿ ཐུགས་ཀར་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་དབང་གི་ལྷ་རྒྱལ་བ་རིགས་ལྔ་སྤྱན་དྲངས། དེ་ནས་དབང་བསྐུར་ཁྲུས་གསོལ་ནི། པཉྩ་ཀུ་ལ་ས་པཱ་རི་ཝ་ར་བཛྲ་ས་མ་ཡ་ཧཱུྃ་ཛཿ པཉྪ་ཀུ་ལ་ས་པ་རི་ཝ་ར་ཨརྒྷཾ་ཅེས་བརྗོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཇི་ལྟར་བལྟམས་པ་སོགས། བདུད་རྩིའི་ཆུས་དབང་བསྐུར་བས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག །ཆུའི་ལྷག་མ་ཡར་ལུད་པ་ལས། གཙོ་མོ་ལ་མི་བསྐྱོད་པས་དབུ་རྒྱན། སངས་རྒྱས་མཁའ་འགྲོ་ལ་རྣམ་པར་སྣང་མཛད། རིན་ཆེན་མཁའ་འགྲོ་ལ་རིན་ཆེན་འབྱུང་ལྡན། པདྨ་མཁའ་འགྲོ་ལ་སྣང་བ་མཐའ་ཡས། ལས་ཀྱི་མཁའ་འགྲོ་ལ་དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར། ༀ་ཧཱུྃ་ཏྲཾ་ཧྲཱིཿཨཱཿ གཉིས་པ་ལྷའི་དཀྱིལ་འཁོར་སྤྱན་འདྲེན་པ་ནི། ནང་གི་སྤོས་ཆེན་སྦར། རྐང་གླིང་དང་ཐོད་རྔ་ལ་སོགས་པའི་རོལ་མོ་དཀྲོལ་ལ། ཧཱུྃ་ཧྲཱིཿ ཆོས་ཉིད་མི་འགྱུར་དབྱིངས་ཀྱི་ཕོ་བྲང་ནས། །རྡོ་རྗེ་མཁའ་འགྲོ་འཁོར་བཅས་གཤེགས་སུ་གསོལ། །རང་བྱུང་ལྷུན་གྱིས་གྲུབ་པའི་ཕོ་བྲང་ནས། །སངས་རྒྱས་མཁའ་འགྲོ་འཁོར་བཅས་གཤེགས༴ དགོས་འདོད་ཡོན་ཏན་འབྱུང་བའི༴ རིན་ཆེན་མཁའ་འགྲོ་འཁོར་བཅས༴ ཆགས་མེད་སྐྱོན་དང་བྲལ་བའི་ཕོ་བྲང་ནས། །པདྨ་མཁའ་འགྲོ་འཁོར་བཅས༴ མངོན་སྤྱོད་ཕྲིན་ལས་གྲུབ་པའི༴ ལས་ཀྱི་མཁའ་འགྲོ་འཁོར་བཅས་གཤེགས་སུ་གསོལ། །ༀ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱཀྐི་ནི་བཛྲ་ས་མ་ཡ་ཧཱུྃ་ཛཿ ཛཿཧཱུྃ་བཾ་ཧོཿ ཅེས་ཡེ་ཤེས་ཀྱི་དཀྱིལ་འཁོར་དམ་ཚིག་པ་ལ་ཐིམ་པར་བསམ་ལ། གསུམ་པ་བཞུགས་སུ་གསོལ་བ་ནི། ཧཱུྃ་ཧྲཱིཿ བདེ་ཆེན་ལྷུན་གྱིས་གྲུབ་པའི་ཕོ་བྲང་ནས། །ཐབས་ཤེས་ཉི་ཟླ་པདྨའི་གདན་སྟེང་དུ། །མཁའ་འགྲོ་དཔའ་བོ་དཔའ་མོའི་ཚོགས་རྣམས་ཀུན། །མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ༀ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱཀྐི་ནི་ས་མ་ཡ་ཏིཥྛ་ལྷན། ཅེས་དམ་ཚིག་པ་དང་ཡེ་ཤེས་པ་དབྱེར་མེད་པར་བསྟིམ་མོ། །བཞི་པ་ཕྱག་འཚལ་བ་ནི། ཧཱུྃ་ཧྲཱིཿ མི་འགྱུར་དབྱིངས་ཀྱི་ཡུམ་ཆེན་མཁའ་འགྲོ་མ། །དཔའ་བོ་མཁའ་འགྲོ་འཁོར་དང་བཅས་པ་ལ། །བདག་ཅག་ལུས་ངག་ཡིད་གསུམ་རབ་དད་པའི། །སྒོ་གསུམ་གཉིས་མེད་གུས་པས་ཕྱག་འཚལ་ལོ། །ༀ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱཀྐི་ཨ་ཏི་པུ་ཧོ། པྲ་ཏི་ཛ་ཧོ། ལྔ་པ་མཆོད་པ་འབུལ་བ་ནི། ཧཱུྃ་ཧྲཱིཿ ཡོན་ཆབ་ཁྲུས་ཆབ་བདུག་སྤོས་སྣ་ཚོགས་དང་། །མེ་ཏོག་མར་མེ་དྲི་བཟང་མཆོད་པའི་སྤྲིན། །ཞལ་ཟས་སྒྲ་སྙན་རོལ་མོ་སྣ་ཚོགས་དང་། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས། །བླ་མ་ཌཱཀྐིའི་ཚོགས་ལ་མཆོད་པ་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱཀྐི་ནི་ཨརྒྷཾ་པཏྱཾ་པུཥྤེ་དྷུཔྤེ་ཨ་ལོ་ཀེ་གྷནྡྷེ་ནཻ་བི་དྱ་ཤཔྡ་པུཙྪ་ཧོ། ཧཱུྃ་ཧྲཱིཿ ཁམས་གསུམ་ཞིང་ཁམས་མ་ལུས་ཐམས་ཅད་ནས། །སྐུ་གསུམ་ལྷ་ཚོགས་འཁོར་བཅས་ཐུགས་རྗེའི་མགྲོན། །སྟོང་གསུམ་བདུད་རྩི་ལྔ་ཡིས་ཁེངས་པའི་རྫས། །རཀྟ་ཉོན་མོངས་ཁམས་གསུམ་བསྒྲལ་བའི་ཁྲག །གཏོར་མ་འདོད་པའི་ཡོན་ཏན་ལྔ་རུ་བསྔོ། །ༀ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱཀྐི་ནི་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཧི། མ་ཧཱ་རཀྟ་ཁ་ཧི། མ་ཧཱ་བ་ལིངྟ་ཁ་ཧི། ཅེས་མཆོད་རྫས་འདོད་ཡོན་གྱི་ཚོགས་སུ་གྱུར་ནས་ལྷ་ཚོགས་ཐམས་ཅད་དགྱེས་པར་བསམ་མོ། །དྲུག་པ་བསྟོད་པ་བྱ་བ་ནི། ཧཱུྃ་ཧྲཱིཿ ཆོས་ཀྱི་དབྱིངས་ལས་སྒྱུ་མའི་སྐུར་སྟོན་པ། །རྒྱལ་བའི་ཡུམ་ཆེན་བཅོམ་ལྡན་རྣལ་འབྱོར་མ། །མ་ཆགས་སྐྱོན་བྲལ་ཁྲོས་མ་ནག་མོར་སྟོན། །གར་དགུའི་ཉམས་ལྡན་ཁྲོ་དང་འཛུམ་པའི་ཞལ། །ཞལ་གཅིག་ཕྱག་གཉིས་མཐིང་ནག་རྔམས་པའི་སྐུ། །སྤྱན་གསུམ་སྡང་མིག་དམར་ཟླུམ་གློག་ལྟར་འཁྱུག །མཆེ་གཙིགས་ལྗག་འདྲིལ་སྨིན་མ་མེ་ལྟར་འབར། །གཡས་པས་གྲི་གུག་སྐྱེ་ཤི་རྩད་ནས་གཅོད། །གཡོན་པས་ཆགས་མེད་བྷནྡྷ་དམར་བསྐང་བསྣམས། །བརྐྱང་བསྐུམ་ཞབས་གཉིས་རོ་ཡི་གདན་ལ་འགྱིང་། །དབུ་གཙུག་ཕག་ཞལ་མཐིང་ནག་ངུར་སྒྲ་ཡིས། །ཁམས་གསུམ་མ་ལུས་དབང་དུ་བསྡུད་པར་བྱེད། །དབུ་སྐྲ་ཁམས་ནག་རིགས་ལྔས་དབུ་ལ་བརྒྱན། །སྙན་ཆ་མགུལ་ཆིངས་གདུ.འུ་རབ་ཏུ་བརྒྱན། །ཁ་ཊྭཱྃ་མཆན་བཅུག་དུག་གསུམ་རྩད་ནས་གཅོད། །འདུ་བྱེད་རྣམ་དག་མགོ་ཕྲེང་དུ་མས་བརྒྱན། །རིན་ཆེན་རྒྱན་སྤྲས་དར་གྱི་ཅོད་པན་འཕུར། །རུས་པའི་རྒྱན་དྲུག་དྲིལ་ཆུང་ཕྲེང་བས་མཛེས། །གླང་ཆེན་སྟག་དང་ཞིང་ཆེན་ན་བཟའ་གསོལ། །ཧཱུྃ་ཧཱུྃ་ཕཊ་ཕཊ་ཕེམ་གྱི་སྒྲ་སྒྲོག་པས། །དཔའ་བོ་མཁའ་འགྲོ་དབང་བསྡུད་ལས་ལ་འགྱེད། །ལས་བཞི་བསྒྲུབ་ཕྱིར་ཌཱཀྐི་སྡེ་བཞིས་བསྐོར། །ཡེ་ཤེས་མཁའ་འགྲོ་མ་ལ་ཕྱག་འཚལ་བསྟོད། །ཆོས་དབྱིངས་རྣམ་དག་སྐྱེ་མེད་ཆོས་ཀྱི་དབྱིངས། །འགགས་མེད་རྩ་བྲལ་སེམས་ཉིད་དོན་གྱི་ངང་། །མཐའ་དབུས་མེད་པ་མཐའ་བྲལ་སྟོང་པའི་ཡུམ། །མ་ཡུམ་ཆེན་ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། །འགྱུར་བ་མེད་པ་རྡོ་རྗེའི་སྐུ་སྤྲུལ་མ། །དགོས་འདོད་ཀུན་འབྱུང་རིན་ཆེན་སྐུ་སྤྲུལ་མ། །གདོད་ནས་དག་པ་པདྨའི་སྐུ་སྤྲུལ་མ། ཕྲིན་ལས་གྲུབ་པ་ལས་ཀྱི་སྐུ་སྤྲུལ་མ། །མ་ཡུམ་ཆེན་སྐུ་ལྔ་ལྷུན་གྲུབ་མ་ལ་ཕྱག་འཚལ་བསྟོད། །ཅེས་དོན་དང་མཐུན་པར་བསྟོད་དོ། །བདུན་པ་བཟླས་པ་བྱ་བ་ནི། གཙོ་འཁོར་ལྔའི་སྤྱི་བོར་ཟླ་བའི་སྟེང་དུ་ༀ་དཀར་པོ། མགྲིན་པ་པདྨའི་སྟེང་དུ་ཨཱཿདམར་པོ། ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་སྔོན་པོ། ལྟེ་བར་ཆོས་འབྱུང་དམར་པོའི་སྟེང་དུ་བྃ་དམར་པོ་དེ་དག་གི་མཐར། ༀ་ཨཱཿཧཱུྃ་གུ་རུ་ཌཱཀྐི་ནི་ཀྲོ་ཏི་ཀ་ལི་བྃ་ཧ་རི་ནི་ས་ཧཱུྃ། ཅེས་ཁ་དོག་རྩ་བའི་ཡེ་གེ་དང་མཐུན་པར་གཡོན་དུ་འཁོར་བ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མཉེས་པའི་མཆོད་པ་འབུལ་བས་དེ་དག་གི་སྐུ་གསུང་ཐུགས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་འོད་ཟེར་དམར་པོའི་རྣམ་པར་བསྡུས་ནས་བདག་གི་གནས་ལྔར་ཐིམ་པས་སྡིག་སྒྲིབ་བག་ཆགས་དག་ནས་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཐོབ་སྟེ། རྩ་འཁོར་ལོ་ལྔ་དང་བཅས་པ་ཐམས་ཅད་མཁའ་འགྲོའི་སྐུ་ནས་འབྲས་ཙམ་དཔག་མེད་ཏིལ་གྱི་གོང་བུ་ལྟར་གཏིབ་པར་བསམ་ལ་བདག་གི་སྔགས་བརྗོད་པ་ཙམ་གྱིས་གནས་ལྔའི་ལྷ་རྣམས་ཀྱི་སྔགས་སྒྲ་ཏི་རི་རི་སྒྲོགས་པ། སྟོང་གསུམ་ཐམས་ཅད་འདར་ཤིག་ཤིག་འུར་འུར་ལྡེམ་ལྡེམ་དུ་གྱུར་ནས་དབང་དུ་འདུས་པར་བསམ་ལ། གོང་གི་འབྲུ་བཅོ་བརྒྱད་པ་སྙིང་པོ་ཅི་འགྲུབ་བཟླ་ཞིང་། ཐུན་མཐར་སྟོང་ཚིག་མཆོད་བསྟོད་བྱའོ། ༈ །སྤྱི་དོན་གསུམ་པ་རྗེས་ཀྱི་ཆོ་ག་ལ་བདུན་ཏེ། དང་པོ་ཚོགས་ཀྱི་མཆོད་པ་དང་། གཉིས་པ་གནད་ནས་བསྐུལ་པ་དང་། གསུམ་པ་སྦྱིན་སྲེག་གི་ཆོ་ག་རྣམས་ནི་གཞན་དུ་ཤེས་ལ། བཞི་པ་གཏོར་མ་བཏང་ཞིང་ལྷག་མའི་ཆོ་ག་བྱ་བ་ནི། གཏོར་མ་ཕྱིར་དཔག་ལ་རཀྟའི་ཕུད་བྲན་ལ། ལྷག་མགྲོན་འགྱེད་པ་ནི། མཛེས་པའི་རྡོ་རྗེ་རྩེ་ལྔ་པ་མཚོན་པའི་ཕྱག་རྒྱ་བཅའ་ལ། ཨེ་ཨ་ར་ལི་ཧོ། ཛཿཧཱུྃ་བྃ་ཧོཿ ས་མ་ཡ་ཕེཾ་ཕེཾ། ཏ་ཀི་ར་ཙ་ཧཱུྃ་ཛ་ཛ༔ ཅེས་སོགས་དེ་ནས་མཆོད་ཅིང་ཕྲིན་ལས་བཅོལ་བ་ནི། ཧཱུྃ་ཧྲཱིཿ རྡོ་རྗེ་ཁྲོས་མའི་བཀའ་ཉན་ལས་བྱེད་ཚོགས། །རིགས་བཞི་མཁའ་འགྲོ་ཤུགས་འགྲོ་འཁོར་དང་བཅས། །དབང་ཕྱུག་ཉེར་བརྒྱད་མཁའ་འགྲོ་སུམ་ཅུ་གཉིས། །གིང་ཆེན་བཅོ་བརྒྱད་ལོང་ཀ་བཅུ་དྲུག་མ། །མ་བདུན་སྲིང་བཞི་འབར་མ་ཆེན་མོ་བརྒྱད། །ཕོ་ཉ་དྲུག་ཅུ་རྩ་བཞི་འབུམ་ཕྲག་མཁའ་འགྲོའི་ཚོགས། །གང་བཅོལ་ཕྲིན་ལས་ཐོག་མེད་སྒྲུབ་མཛད་པ། །བསྟན་མ་བཅུ་གཉིས་སྡེ་བརྒྱད་འཁོར་དང་བཅས། །བཀའ་ཡི་ཕམ་འབབ་ལྷག་གཏོར་འདི་ལོངས་ལ། །ཞི་རྒྱས་དབང་དྲག་འགུགས་འདྲེན་མནན་གཟིར་སོགས། །ཅི་ལྟར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་གཏོར་མ་ཕྱིར་བསྐྱང་ངོ་། །ལྔ་པ་བཤགས་པ་བྱ་བ་ནི། ཡིད་ཀྱིས་གནོང་འགྱོད་དྲག་པོས་ཐལ་མོ་སྦྱར་ལ། རྗེ་བཙུན་མཁའ་འགྲོའི་ལྷ་ཚོགས་དགོངས་སུ་གསོལ། །བདག་སོགས་མ་རིག་རྨོངས་ཤིང་ལས་ངན་པས། །ཉེས་ལྟུང་སྒྲིབ་པའི་ལས་རྣམས་ཅི་བགྱིས་པ། །མི་འཆབ་གནོང་འགྱོད་དྲག་པོས་མཐོལ་བཤགས་ནས། །བྱམས་པའི་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང་། །དམིགས་མེད་དོན་གྱི་ཚངས་པ་སྩལ་དུ་གསོལ། །ༀ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱཀྐི་ས་མ་ཡ༴ སོགས་ཡིག་བརྒྱ་བཟླས། དྲུག་པ་བཀྲ་ཤིས་བརྗོད་པ་ནི། མེ་ཏོག་འཐོར་ཞིང་། བཅོམ་ལྡན་ཤཱཀྱ་ཐུབ་པ་ཡི། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །ལམ་བགྲོད་བྱང་ཆུབ་མཆོག་ཐོབ་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྐྱེ་བ་མེད་ལས་གཟུགས་སྐུ་འཆར། །འགྲོ་རྣམས་བདེ་ལ་བཀོད་མཛད་པ། །ཡུམ་ཆེན་ཤེས་རབ་ཕར་ཕྱིན་མའི། །བཀྲ་ཤིས༴ ཚངས་པ་བརྒྱ་བྱིན་རྒྱལ་ཆེན་བཞིས། །མཆོད་པའི་ཚོགས་ཀྱིས་རབ་མཆོད་ཅིང་། །ཉིན་མཚན་ཀུན་ཏུ་སྲུང་བྱེད་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཚང་བའམ་ཌཱཀྐི་ལྔའི་བཀྲ་ཤིས་བརྗོད་དོ། །བདུན་པ་རྫོགས་རིམ་ནི། སྣོད་བཅུད་ཐམས་ཅད་རྟེན་གཞལ་ཡས་ཁང་ལ་བསྡུ། གཞལ་ཡས་ཁང་གི་ལྷ་ཚོགས་ཐམས་ཅད་བདག་ཉིད་གཙོ་མོ་ལ་ཐིམ་ནས། བདག་ཀྱང་རིམ་གྱིས་འོད་དུ་ཞུ་ནས། ཐུགས་ཀའི་སྔགས་ཕྲེང་ཧཱུྃ་དང་བཅས་པ་ལ་བསྡུ། ཧཱུྃ་མཐའ་ནས་ཐིག་ལེ་ན་དཱ་ལ་ཐིམ་སྟེ། དམིགས་མེད་སྤྲོས་བྲལ་གྱི་ངང་ལ་བཞག་ལ། དགེ་བ་བྱང་ཆུབ་ཏུ་བསྔོའོ། །མཁའ་འགྲོ་སྡེ་ལྔའི་དཀྱིལ་འཁོར་ཆོ་ག་བྱིན་རླབ་སྒོ་འབྱེད་ཅེས་བྱ་བ། དོན་ཡོད་རྡོ་རྗེའི་གཞུང་ལ་བརྟེན་ནས། བྱ་བྲལ་བ་ཀུན་དགའ་འབུམ་གྱིས་རབ་ཏུ་གསལ་བར་བྱས་སོ།། །།བཀྲ་ཤིས་པར་གྱུར་ཅིག །དགེ་ལེགས་འཕེལ།


previousམཁའ་འགྲོ་སྡེ་ལྔའི་ལས་བྱང་བྱིན་རླབས་སྒོ་འབྱེད། next