Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཁའ་འགྲོའི་ཚོགས་མཆོད་ཚོགས་གཉིས་བདུད་རྩིའི་ཆུ་རྒྱུན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཁའ་འགྲོའི་ཚོགས་མཆོད་ཚོགས་གཉིས་བདུད་རྩིའི་ཆུ་རྒྱུན།next

མཁའ་འགྲོའི་ཚོགས་མཆོད་ཚོགས་གཉིས་བདུད་རྩིའི་ཆུ་རྒྱུན།

མཁའ་འགྲོའི་ཚོགས་མཆོད་ཚོགས་གཉིས་བདུད་རྩིའི་ཆུ་རྒྱུན་བཞུགས་སོ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །གཅོད་ཀྱི་སྒོ་ནས་ཚོགས་མཆོད་བྱེད་པར་འདོད་ན། ཚོགས་ཀྱི་ཞལ་ཟས་བཟའ་བ་ཤ་མར་ཟླ་རྒྱས་པ་ལ་སོགས་པ་རང་གི་མདུན་གཡས་སུ་བཤམས། ཇ་ཆང་སོགས་ཛ་གད་བཏུང་བའི་རིགས་ཐམས་ཅད་གཡོན་དུ་བཤམས། དེ་ནས་རྣལ་འབྱོར་པ་རྣམས་གྲལ་དུ་འཁོད་ལ། ཐུན་མོང་གི་སྐྱབས་འགྲོ་སེམས་བསྐྱེད་བྱ་བ་ནི། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །ལབ་སྒྲོན་ཁྱེད་ལ་སོགས། ཅེས་སོགས་ཀྱི་རྣམ་དག་བྱ་ཞིང་། ཕཊ་ཕཊཿ བརྗོད་པས་ནམ་མཁའ་སྒོ་འབྱེད་བྱ་ཞིང་། དབྱིངས་རིགས་བསྲེས་དེ་ནས་ངག་ཏུ། ཕཊཿཕཊཿ སྐད་ཅིག་གིས་སྟོང་པ་ཆོས་སྐུའི་ངང་ལས་རང་གི་རྣམ་པར་ཤེས་པའི་ངོ་བོ་རྗེ་བཙུན་མ་སྐུ་མདོག་དམར་མོ་གྲི་གུག་ཐོད་ཁྲག་འཛིན་པ་ཅིག་ཏུ་གྱུར། དེ་ནས་ཚོགས་བྱིན་གྱིས་བརླབས་པ་ནི། བསང་ཆུའི་ཟེར་གཏོར་ཞིང་། ༀ་སརྦ་དྲ་པྱཾ་ཤྭ་དྷ་ནི་ཧཱུྃ་ཕཊཿ ཡཾ་ལས་རླུང་གི་དཀྱིལ་འཁོར། རཾ་ལས་མེ་ཡི་དཀྱིལ་འཁོར། དེའི་སྟེང་དུ་ཀཾ་ཀཾ་ཀཾ་ལས་ཐོད་པའི་སྒྱེད་པུ་གདོང་པ་ཕྱིར་བསྟན་ཅིང་། ལྟག་པ་ནང་དུ་བསྟན་པ་གསུམ་གྱི་སྟེང་དུ། ཨཱ་ལས་བྷནྡྷ་ཀཱ་པ་ལ་ཕྱི་དཀར་ལ་ནང་དམར་བ། ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཚོགས་ཀྱི་ཡོ་བྱད་དང་། རང་གི་རོ་དེ་ཉིད་གཅིག་ཏུ་འདྲེས་པ་ལས། ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་གྲམ་ཁྲོད་ཆེན་པོ་གཅིག་ཏུ་གྱུར། ཡཾ་སྥ་ར་ཎ་ཕཊ། རཾ་ཛྭ་ལ་རཾ། རང་ཐུགས་ཀ་ནས་འོད་ཟེར་འཕྲོས། རླུང་གཡོས། མེ་སྦར་ཐོད་པ་དྲོས། རྫས་རྣམས་འོད་དུ་ཞུ་བའི་རླང་པ་སྤྲིན་བཞིན་དུ་འཁྲིགས་པ་ལས། ཟླ་བའི་དཀྱིལ་འཁོར་རྡོ་རྗེ་ཕྱེད་པས་མཚན་པའི་རྩེ་མོ་ༀ་ཨཱཿཧཱུྃ་སྭཱ་ཧཱ། མུྃ་ལྃ་མྃ་པྱྃ་ཏྱྃ་གིས་མཚན་པ་དང་བཅས་པ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཆོས་ཉིད་ཀྱི་བདུད་རྩི་ཆུ་རྒྱུན་བསྡུས་པས། ཡི་གེ་འབྲུ་བཅུ་ལ་ཐིམ། ཡི་གེ་འབྲུ་བཅུ་འོད་དུ་ཞུ་སྟེ་རྡོ་རྗེར་ཐིམ། རྡོ་རྗེ་འོད་དུ་ཞུ་སྟེ་ཟླ་བ་ལ་ཐིམ། ཟླ་བ་འོད་དུ་ཞུ་སྟེ། དམ་ཚིག་བདུད་རྩི་དང་ལྷན་ཅིག་དུ་འདྲེས་པ་ལས། བྷནྡྷ་ལྟེམས་ཀྱིས་གང་བར་གྱུར། ༀ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ། ༀ་ཨཱཿཧཱུྃ་མ་ཧཱ་བྷ་ལིངྟ་ཏེ་ཛྭ་བྷ་ལིངྟ་བྷ་ལ་བྷ་ཏི་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། ཅེས་ལན་བདུན་བརྗོད། དེ་ནས་ཚོགས་སྤྱན་འདྲེན་ཅིང་མཆོད་པ་འབུལ་བ་ནི། གསུར་ཆེན་གྱི་སྤོས་གཏུལ། རྐང་ཆེན་གྱི་དུང་འབུད། རོལ་མོ་དབྱངས་དང་བཅས་པས་འདི་སྐད་དོ། །ཧཱུྃཿ གནས་མཁའ་དབྱིངས་རྣམ་དག་ཕོ་བྲང་ནས། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །སངས་རྒྱས་ཆོས་དང་དགེ་འདུན་གསུམ། །ཁྱེད་སངས་རྒྱས་བྱང་སེམས་ཚོགས་བཅས་རྣམས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཚོགས་ཀྱི་མཆོད་པ་ཡར་བཞེས་ལ། །མཆོག་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །གནས་འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །ཡུམ་ཆེན་ཤེས་རབ་ཕར་ཕྱིན་མན་ཆད་ནས། །རྩ་བའི་བླ་མ་ཡན་ཆད་ཀྱིས། །ཁྱེད་མ་རྒྱུད་དཔའ་མོའི་ཚོགས་དང་བཅས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཚོགས་ཀྱི་མཆོད་པ་དམ་པ་ཡར་བཞེས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །གནས་བྱ་རྒོད་ཕུང་པོའི་རི་བོ་ནས། །བཅོམ་ལྡན་ཤཱཀྱ་ཐུབ་པ་མན་ཆད་ནས། །རྩ་བའི་བླ་མ་ཡན་ཆད་ཀྱི། །ཁྱོད་ཕོ་བརྒྱུད་དཔའ་བོའི་ཚོགས་དང་བཅས། །དཔའ་བོ་མཁའ་འགྲོ་འཁོར་དང་བཅས། །གནས་འདིན་སྤྱན་འདྲེན་གཤེགས་སུ་གསོལ། །ཚོགས་ཀྱི་མཆོད་པ་དམ་པ་ཡར་བཞེས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །གནས་བཀྲ་ཤིས་གླང་ལུང་གི་དགོན་པ་ན། །སྲས་རྒྱལ་བ་དོན་འགྲུབ་མན་ཆད་ནས། །ད་ལྟ་རྩ་བའི་བླ་མ་ཡན་ཆད་ནས། །ཁྱེད་སྲས་ཉམས་མྱོང་གི་བརྒྱུད་པ་འཁོར་དང་བཅས། །གནས་འདིར་སོགས་ཀུན་ལ་འགྲེས། གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་ནས། །དྲིན་ཆེན་རྩ་བའི་བླ་མ་རྡོ་རྗེ་འཆང་། །ཁྱོད་བཀའ་བརྒྱུད་བླ་མའི་ཚོགས་དང་བཅས། །གནས་འདིར་སོགས། གནས་གཉན་ས་རི་ཁྲོད་ཀྱི་དགོན་པ༴ གྲོགས་སྙེམས་ཐག་ཆོད་པ་སྤྲུལ་པའི། །ཁྱེད་དཔའ་བོ་དཔའ་མོའི་ཚོགས་དང་བཅས། །གནས་འདིར་སོགས་ཡུལ་ཉི་ཤུ་རྩ་བཞིའི་གནས་མཆོག་ནས། །ཡི་དམ་རྒྱལ་བའི་དཀྱིལ་འཁོར་ལྷ་ཚོགས་རྣམས། །ཁྱོད་མཁའ་འགྲོ་ཤུགས་འགྲོའི་ཚོགས་དང་བཅས། །གནས་འདིར་སོགས། གནས་བསིལ་བ་ཚལ་གྱི་དུར་ཁྲོད་ནས། །ཆོས་སྐྱོང་མ་མགོན་ལྕམ་དྲལ་སོགས། །ཁྱེད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས། །གནས་འདིར་སོགས། ཚོགས་ཁང་གཞལ་ཡས་ཕོ་བྲང་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དཔའ་བོ་དཔའ་མོར་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣོད་རྣམས་ཀུན། །པདྨར་བྷནྡྷར་བྱིན་གྱིས་རློབས། །ཞལ་ཟས་ཚོགས་ཀྱི་མཆོད་པ་འདི། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །བྱིན་རླབས་ཐུགས་རྗེ་རྒྱུན་མ་ཆད། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །རྐྱེན་ཕྱི་ནང་གཉིས་ཀྱི་བར་ཆད་སོལ། །མ་ཧཱ་སུ་ཁ་ཨ་ལ་ལ་ཧོ། དེ་ནས་སྨན་མཆོད་བྱ་བ་ལ། ཐོག་མར་སྨན་གྱི་ཆེ་བ་བརྗོད་པ་ནི། ཧོ། རང་བྱུང་གདོད་ནས་རྣམ་དག་པའི། །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔའི་སེམས་ཅན་ཀུན་སྒྲོལ་ཕྱིར། །དུག་ལྔ་སེལ་བའི་བདུད་རྩི་འདི། །ཇི་སྙེད་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའི་ཚོགས་ཆེན་དང་། །ཁྲོ་བོའི་རྒྱལ་པོ་མཐའ་ཡས་དང་། །མ་མོ་མཁའ་འགྲོའི་ཚོགས་རྣམས་ཀྱི། །ལྷ་དང་ལྷ་མོ་གསང་བའི་བདག །ཐུགས་དམ་དབྱིངས་ཉིད་བསྐུལ་བའི་ཚོགས། །འདི་ནི་སྔོན་གྱི་དམ་ཚིག་གོ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ངང་ཉིད་འདི། །བདག་ཅག་དད་པས་འབུལ་ལགས་ན། །བཞེས་ཏེ་ཀུན་ཏུ་དགྱེས་མཛོད་ལ། །ཕུལ་བའི་དངོས་གྲུབ་བདག་ལ་སྩོལ། །ༀ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁ་ཧི། དེ་ནས་འབུལ་བ་དངོས་ནི། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །ཕ་རོལ་ཕྱིན་མ་ཤཱཀྱའི་རྒྱལ་པོ་དང་། །སྨྲ་བའི་སེང་གེ་དང་ནི་འཕགས་པ་ལྷ། །སྒྲོལ་མ་མ་ཧཱ་སུ་ཀ་སིདྡྷི་དང་། །ཀ་མ་ཤི་ལ་བསོད་ནམས་བླ་མ་དང་། །མ་ཅིག་ལབ་སྒྲོན་ཁུ་སྒོམ་ཆོས་སེང་དང་། །དོལ་པ་ཟང་ཐལ་རྒྱ་ནག་གཅེར་བུ་དང་། །སངས་རྒྱས་རབ་བརྟན་རྟོག་ལྡན་དགེ་སློང་དང་། །སངས་རྒྱས་གཉན་སྟོན་ཞེན་མེད་རས་པ་དང་། །ཆོས་ཀྱི་སེངྒེ་བཛྲ་སེངྷ་དང་། །པྲ་ཛྙཱ་གུ་རུ་བཛྲ་ཤྲི་པ་དང་། །ག་ག་བཛྲ་ཤི་ལ་ཀེ་ཏུ་དང་། །ཛྙཱ་ན་ཀེ་ཏུ་གུ་ཎ་ཤྲི་དང་ནི། །བྱ་བཏང་ཆེན་པོ་ཀུན་དགའ་འབུམ་པ་དང་། །བསོད་ནམས་འབུམ་པ་ཤཱཀྱ་འོད་ཟེར་དང་། །་ཀེ་ཏུ་སེངྷ་ནམ་མཁའ་རྡོ་རྗེ་དང་། །ག་ག་མ་ཏི་ཀ་ལ་བཛྲ་དང་། །དབང་དྲག་རྒྱ་མཚོ་ཆོས་སྐྱོང་རྒྱ་མཚོ་དང་། །ཀློང་གསལ་སྙིང་པོ་ཆོས་ཉིད་རྒྱ་མཚོ་དང་། །བཀྲ་ཤིས་ཕུན་ཚོགས་ནམ་མཁའ་རྒྱ་མཚོ་དང་། །འཇུ་བླ་པད་ཆོས་སངས་རྒྱས་གྲགས་པ་དང་། །ནམ་མཁའ་ཆོས་སྐྱོང་འཇིག་མེད་བསམ་གཏན་དང་། །ཀུན་བཟང་རྣམ་རྒྱལ་རཏྣ་གུ་རུ་དང་། །ཆོས་ཀྱི་རྒྱ་མཚོ་རྡོ་རྗེ་ལེགས་བཤད་རྩལ། །རྩ་བ་བརྒྱུད་སོགས་སམ་ཡང་ན་མན་ངག་དོན་བརྒྱུད་ལྟར་ན། ནམ་མཁའ་རྒྱ་མཚོའི་རྗེས་སུ། དྲི་མེད་ཞིང་སྐྱོང་ཚེ་དབང་མཆོག་གྲུབ་དང་། །ངེས་དོན་དབང་པོ་འགྱུར་མེད་བསྟན་འཛིན་དང་། །ཆོས་ཀྱི་བློ་གྲོས་ཀུན་བཟང་འགྱུར་མེད་དང་། །ཆོས་ཀྱི་རྒྱ་མཚོ་རྡོ་རྗེ་ལེགས་བཤད་རྩལ། །རྩ་བར་བརྒྱུད་པའི་བླ་མ་བཅས་པ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁ་ཧི། ཆོས་དབྱིངས་དུར་ཁྲོད་འབར་བའི་ཕོ་བྲང་ནས། །ཞི་ཁྲོ་རབས་འབྱམས་རྒྱལ་བ་རྒྱ་མཚོའི་ཚོགས། །གསང་སྔགས་ཕྱི་ནང་བརྒྱུད་པའི་ལྷ་ཚོགས་ལ། །རྣམ་དག་བདུད༴ ཐུགས༴ ༀ་སརྦ་པཉྩ༴ རྣམ་དག་ཨུ་རྒྱན་བཀོད་པའི་ཕོ་བྲང་དུ། །མཁའ་འགྲོའི་གཙོ་མོ་རྡོ་རྗེ་རྣལ་འབྱོར་མ། །རིགས་བཞི་མཁའ་འགྲོ་ཤུགས་འགྲོ་འཁོར་བཅས་ལ། །རྣམ་དག༴ ཐུགས་རྗེས་བརྩེར་དགོངས༴ ༀ་སརྦ་པཉྩ༴ བཀའ་དང་དམ་ཚིག་གཉེན་པོའི་ཕོ་བྲང་ནས། །འཇིག་རྟེན་དང་ནི་འཇིག་རྟེན་ལས་འདས་པའི། །བསྟན་པ་བསྲུང་མཛད་ཆོས་སྐྱོང་སྲུང་མ་ལ། །རྣམ་དག༴ ཐུགས་རྗེས༴ ༀ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། ཅེས་བཟེད་ཞལ་དུ་སྦྲེང་ཞིང་འབུལ་ལོ། །དེ་ནས་ཚོགས་བཀྲོལ་ཏེ། དང་པོ་བཀའ་བརྒྱུད་བླ་མ་ལ་འབུལ་བ་ནི། བཅད་ཁམས་གཅིག་བཅད་ལ་བཟེད་ཞལ་དུ་བཅུག་ལ་ཆང་གིས་བྲན་ཏེ། སློབ་མས་བཏབ་ཚུལ་བྱ་ཞིང་། སློབ་དཔོན་གྱིས་རོལ་མོ་དང་བཅས་པས། ཀྱེ་གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས། །དེ་ལ་རྣམ་རྟོག་བྱེད་མི་རུང་། །བྲམ་ཟེ་ཁྱི་དང་གདོལ་པ་གསུམ། །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །རིན་ཐང་མེད་ལ་ལེགས་འོང་ཆོས། །འདོད་ཆགས་དྲི་མ་དང་རྣམ་པར་དག །གཟུང་དང་འཛིན་པ་ཀུན་སྤང་པ། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཨ་ལ་ལ་ཧོ། ཧཱུྃ། ཞལ་ཟས་ཚོགས་ཀྱི་མཆོད་པ་འདི། །སྟོང་གསུམ་ཙམ་དུ་དཔེ་བླངས་བཞིན། །སྲིད་གསུམ་ཙམ་དུ་བཀང་བྱས་པ། །རི་རབ་ཙམ་དུ་འུ་རུ་རུ། །རྒྱ་མཚོ་ཙམ་དུ་མེ་རེ་རེ། །གླིང་བཞི་ཙམ་དུ་ཀྱི་ལི་ལི། །རྩ་བའི་བླ་མ་བཀའ་དྲིན་ཅན། །བརྒྱུད་པའི་བླ་མ་བྱིན་བརླབས་ཅན། །འདྲེན་པའི་བླ་མ་ཐུགས་རྗེ་ཅན། །ཁྱོད་ཚོགས་ལ་དགའ་བས་ཚོགས་ལ་རོལ། །ལ་ལ་ཕྱི་ཡི་ཚོགས་ལ་རོལ། །ལ་ལ་ནང་གི་ཚོགས་ལ་རོལ། །ལ་ལ་གསང་བའི་ཚོགས་ལ་རོལ། །ལ་ལ་དེ་བཞིན་ཉིད་ཀྱི་ཚོགས་ལ་རོལ། །ཨ་ལ་ལ་སྟེ་ཚོགས་ལ་རོལ། །ཨ་ལ་ལ་སྟེ་བཞེས་སུ་གསོལ། །ཕྱི་སྣོད་འཇིག་རྟེན་ནང་བཅུད་འདོད་ཡོན་ལྔ། །ཕྱི་ཡི་ཚོགས་སུ་འབུལ་ལོ་རོལ་པར་བཞེས། །གཟུགས་ཕུང་སྣོད་དུ་ཤ་ལྔ་བདུད་རྩི་ལྔ། །ནང་གི་ཚོགས་སུ་འབུལ་ལོ་དགྱེས་པར་བཞེས། །དབང་པོའི་སྣོད་དུ་དུག་ལྔ་ཡེ་ཤེས་ལྔ། །གསང་བའི་ཚོགས་སུ་འབུལ་ལོ་སྟོང་པར་བཞེས། །ཕྱི་ནང་གསང་བའི་ཚོགས་ཀྱི་མཆོད་པ་འདི། །གཉིས་མེད་ཆོས་དབྱིངས་ངང་དུ་མཉམ་པར་བཞེས། །མ་ཧཱ་སུ་ཁ་ས་མ་ཡ་ཧོ། གྲུབ་ཐོབ་གཅོད་ཀྱི་བརྒྱུད་པ། །རྟོགས་ལྡན་ཉམས་ཀྱི་བརྒྱུད་པ། །བཀའ་བརྒྱུད་བླ་མ་ཡབ་སྲས་སོགས་རིག་འཛིན་བརྒྱུད་པའི་ཚོགས་དང་བཅས་པ་རྣམས་ཀྱི་ཞལ་དུ་གྷ་ན་ཙ་ཀྲ་པུཙྪ་མེ་གྷ་ཁ་ཁ་ཁཱ་ཧི། བདག་གི་དམ་ཚིག་ཆགས་ཉམས་ཐམས་ཅད་བྱང་ཞིང་དག་ནས། མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་བླ་མའི་གཏོར་མར་འབུལ་ལོ། །དེ་ན་ཡང་བཅད་ཁམས་གཅིག་ཡི་དམ་ལའོ། །ཧོ། ཞལ་ཟས་ཚོགས་ཀྱི་མཆོད་པ་དམ་པ་འདི། །སྟོང་གསུམ་ཙམ་དུ་དཔེ་བླངས་ཞིང་། །སྲིད་གསུམ་ཙམ་གྱིས་བཀང་བྱས་པ། །རི་རབ་ཙམ་དུ་འུ་འུ་རུ། །རྒྱ་མཚོ་ཙམ་དུ་མེ་རེ་རེ། །གླིང་བཞི་ཙམ་དུ་ཀྱི་ལི་ལི། །དངོས་གྲུབ་སྩོལ་བའི་ཡི་དམ་ལྷ། །ཁྱོད་ཚོགས་ལ་དགའ༴ གོང་བཞིན་སོགས་འགྲེལ་མ་ཧཱ་སུ་ཁ་ས་མ་ཡ་ཧོ། ཡི་དམ་རྒྱལ་བའི་དཀྱིལ་འཁོར་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་གྷ་ཎ་ཙ་ཀྲ་པུཙྪ་ཁ་ཁ་ཁཱ་ཧི། བདག་གི་དམ་ཚིག་ཆགས་ཉམས་ཐམས་ཅད་བྱང་ཞིང་དག་ནས་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཅེས་བརྗོད་ལ་ཡི་དམ་གཏོར་མ་ལ་འབུལ་ལོ། །དེ་ནས་ཡང་གཅིག་བཤམས། ཧཱུྃ། ཞལ་ཟས་ཚོགས་ཀྱི་མཆོད་པ་དམ་པ་འདི། །སྟོང་གསུམ་ཙམ་དུ་དཔེ་བླངས་ཞིང་། །སྲིད་གསུམ་ཙམ་གྱིས་བཀང་བྱས་པ། །རི་རབ་ཙམ་དུ་འུ་རུ་རུ། །རྒྱ་མཚོ་ཙམ༴ གླིང་བཞི་ཙམ་དུ༴ བྱིན་གྱིས་བརླབ་པའི་མཁའ་འགྲོ་མ། །ཁྱེད་ཚོགས་སོགས་ནས། ཡེ་ཤེས་དང་ལས་ལ་གྲུབ་པའི་དཔའ་བོ་མཁའ་འགྲོ་ཤུགས་འགྲོ་བྱེ་བ་དུང་ཕྱུར་ཚོགས་དང་བཅས་པ་རྣམས་ཀྱི་ཞལ་དུ་ག་ཎ་ཙ་ཀྲ་པུཙྪ་མེ་གྷ་ཁ་ཁ་ཁཱ་ཧི། བདག་གི་དམ་ཚིག་ཆགས་ཉམས་ཐམས་ཅད་བྱང་ཞིང་དག་ནས་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། མཁའ་འགྲོའི་གཏོར་མར་འབུལ་ལོ། །དེ་ནས་ཆོས་སྐྱོང་ལ་འབུལ་སྟེ། ཧཱུྃ། ཞལ་ཟས་ཚོགས་ཀྱིས་མཆོད་པ་འདི། །སྟོང་གསུམ་ཙམ་དུ་དཔེ་བླངས་ཤིང་། །སྲིད་གསུམ་ཙམ་གྱིས་བཀང་བྱས་པ། །རི་རབ་ཙམ་དུ་འུ་རུ་རུ། །རྒྱ་མཚོ་ཙམ་དུ་མེ་རེ་རེ། །གླིང་བཞི་ཙམ་དུ་ཀྱི་ལི་ལི། །མཐུ་རྩལ་ཅན་གྱི་ཆོས་སྐྱོང་དང་། །ཕྲིན་ལས་བསྒྲུབ་པའི་དམ་ཅན་རྣམས། །ཁྱེད་ཚོགས་ལ་དགའ་སོགས་ནས། སངས་རྒྱས་ཀྱིས་བསྟན་པ་བསྲུང་བར་ཞལ་གྱིས་བཞེས་པའི་དམ་པ་ཆོས་སྐྱོང་བའི་སྲུང་མ། དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་ཞལ་དུ་གྷ་ཎ་ཙ་ཀྲ་པུཙྪ་མེ་གྷ་ཁ་ཁ་ཁ་ཧི། བདག་གིས་དམ་ཚིགས་ཆགས་ཉམས་ཐམས་ཅད་དག་ཅིང་བྱང་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཅེས་བརྗོད་ལ་ཆོས་སྐྱོང་གཏོར་མ་བཅུག་གོ། །ཚོགས་བསྒྲལ་ལ་འཇུག་གོ། །མ་ཡུམ་ཆེན་སོགས། མཆན། ༈ དེ་ནས་སྣོད་ཅིག་ཏུ་ཚོགས་བཅད་ཁམས་གཅིག་བཅུག །ཕུད་རྒོད་བྲན་ལ་བཤམ་སྟེ། འཁོར་འདས་ཐམས་ཅད་ལ་བསྔོ་ཞིང་། རྡོ་རྗེའི་ལྟ་བ་བསལ་བ་ནི། ན་མོ། ཕྱི་སྣོད་འཇིག་རྟེན་གཏོར་གཞོང་དུ། །ནང་བཅུད་སེམས་ཅན་སོགས་གདན་ཐོག་གཅིག་མའི་ནང་ལྟར་འགྲེས། སརྦ་ཛྙཱ་ན་ལོ་ཀ་གྷ་ཎ་ཙ ཀྲ་ལ་ཁ་ཁ་ཁཱ་ཧི། ཅེས་བསྔོ་ལ་ཕུད་རྒོད་ཕྱོགས་བཅུར་གཏོར། དེ་ནས་རྣལ་འབྱོར་པ་རྣམས་སྤྲོ་དགའ་དང་བཅས་པས། རོལ་བར་བྱའོ། །རྗེས་སུ་ལྷག་མ་སྣོད་གཅིག་བསྡུས་ལ། ཚོགས་ཆང་གིས་བྲན། ༀ་ཨཱཿཧཱུྃ། གིས་བྱིན་གྱིས་བརླབ་ཏེ། ལྷག་མགྲོན་ལ་འདི་སྐད་དོ། །ཧཱུྃ། སྲིད་གསུམ་བྷནྡྷ་ཡངས་པའི་གཏོར་གཞོང་དུ། །ལྷག་མའི་ཕུང་པོ་རི་རབ་གླིང་བཞི་ཙམ། །འདོད་ཆགས་ཁྲག་གི་རྒྱ་མཚོ་ཀྱི་ལི་ལི། །ཞེ་སྡང་རུས་པའི་ཕུང་པོ་ཁྲ་ལ་ལ། །གཏི་མུག་ཤ་ཡི་ལྷུ་དུམ་ཉི་ལི་ལི། །བདུད་རྩི་ལྔ་ཡི་ལོངས་སྤྱོད་བསམ་མི་ཁྱབ། །འཁོར་དུ་གཏོགས་པའི་ཌཱཀྐི་དམ་ཅན་དང་། །སྡོང་གྲོགས་མཛད་པའི་ལྷ་སྲིན་སྡེ་བརྒྱད་དང་། །ཕྱི་ནང་བགེགས་རིགས་སྟོང་ཕྲག་བརྒྱད་བཅུའི་ཚོགས། །བཀའ་ཡི་ཕ་འབབ་ལྷག་གཏོར་འདི་བཞེས་ལ། །ཅི་ལྟར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོུཾ་ཨུ་ཙི་ཏ་བྷ་ལིངྟ་བྷཀྵ་སི་སྭཱ་ཧཱ། ལྷག་མ་དབང་བའི་འབྱུང་པོ་ནམ་མཁའི་མཐའ་དང་མཉམས་པའི་སེམས་ཅན་ཐམས་ཅད་ཚིམ་པར་གྱུར་ཅིག །ཅེས་ཕྱིར་སྐྱོང་ངོ་། །དེ་ནས་གཏོར་གཞོང་ཆུས་ལ་ཆུ་འབྲུ་གསུམ་གྱི་བདུད་རྩིའི་རྒྱ་མཚོར་བྱིན་གྱིས་བརླབས་ལ། བསྟན་མ་རྣམས་ལ་བསྔོ་བ་ནི། ཀྱེ། དགུང་སྔོན་གཡའ་རི་གངས་རྩེ་དང་། །སྤངས་ལྗོང་དང་ནི་བསྐྱེད་མོས་ཚལ། །མཚོ་དང་ནེའུ་སེང་ལ་གནས་པའི། །བདུད་མོ་བཞི་དང་སྨན་མོ་བཞི། །གནོད་སྦྱིན་ཆེན་མོ་བཞི་ལ་སོགས། །བོད་ཁམས་སྐྱོང་བའི་བསྟན་མ་རྣམས། །ལྷབ་ལྷུབ་མང་པོའི་རྒྱན་དང་བཅས། །བྲན་གཡོག་མང་པོའི་འཁོར་དང་བཅས། །འདིར་བྱོན་བཤལ་ཆུའི་གཏོར་མ་འདི་ལོངས་ལ། །དམ་བསྐང་བཅོལ་པའི་ཕྲིན་ལས་མཛོད། །ཞེས་བཤལ་ཆུ་ཕྱི་རོལ་གཙང་སར་དོར་རོ། །གཏོར་གཞོང་ཁ་སྦུབ་ཞིང་དགྲ་བགེགས་འགུག་གཞུགས་དྲག་ཏུ་བྱས་ལ། གཏོར་བྲོ་ནི། ཧཱུྃ། དབུས་ཀྱི་ཕྱོགས་ནས་གྲོ་བྱུང་བ། །སངས་རྒྱས་མཁའ་འགྲོའི་བྲོ་བརྡུང་པས། །དཔའ་བོའི་བྲོ་བརྡུང་ཁྲིགས་སེ་ཁྲིག །དཔའ་མོའི་གར་བྱེད་ཁྱུགས་སེ་ཁྱུག །དགྲ་བགེགས་ཕྱེ་མར་བཏང་བའི་བྲོ། །ནད་གདོན་ཐལ་བར་བརླག་པའི་བྲོ། །བྲོ་འོག་འདི་ནས་མ་ལྡང་ཅིག །མནན་འོག་འདི་ནས་མ་འཕར་ཅིག །ཧཱུྃ། ཤར་གྱི་ཕྱོགས་ནས་བྲོ་བྱུང་བས། །རྡོ་རྗེ་མཁའ་འགྲོའི་བྲོ་བརྡུང་བས། །དཔའ་བོའི༴ དཔའ་མོའི༴ དགྲ་བགེགས༴ བྲོ་འོག༴ མནན་འོག༴ ཧཱུྃ། ལྷོ་ཡི་ཕྱོགས་ནས་བྲོ་བྱུང་བས། །རིན་ཆེན་མཁའ་འགྲོའི་བྲོ་བརྡུང་པས། །དཔའ་བོའི༴ དཔའ་མོའི༴ དགྲ་བགེགས༴ ནད་གདོན༴ བྲོ་འོག༴ མནན་འོག༴ ཧཱུྃ། ནུབ་ཀྱི་ཕྱོགས་ནས་བྲོ་བྱུང་བས། །པདྨ་མཁའ་འགྲོའི་བྲོ་བྱུང་བས། །དཔའ་བོའི༴ དཔའ་མོའི༴ དགྲ་བགེགས༴ ནད་གདོན༴ བྲོ་འོག༴ མནན་འོག༴ ཧཱུྃ། བྱང་གི་ཕྱོགས་ནས་བྲོ་བྱུང་བས། །ལས་ཀྱི་མཁའ་འགྲོའི་བྲོ་བརྡུང་པས། །དཔའ་བོའི་བྲོ་བརྡུང་ཁྲིགས་སེ་ཁྲིག །དཔའ་མོའི་གར་བྱེད་ཁྱུགས་སེ་ཁྱུག །དགྲ་བགེགས་ཕྱེ་མར་བཏགས་པའི་བྲོ། །ནད་གདོན་ཐལ་བར་བརླག་པའི་བྲོ། །བྲོ་འོག་འདི་ནས་མ་ལྡང་ཅིག །མནན་འོག་འདི་ནས་མ་འཕར་ཅིག །ༀ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན། བསྐལ་པའི་བར་མི་ཐར་བར་བསམ། དཀྱིལ་འཁོར་བསྡུ་ལ་ལས་ཀྱི་རྗེས་མི་མངོན་པར་བྱའོ། །པཎྜི་ཏ་དོན་ཡོད་རྡོ་རྗེའི་མཛད་པའི་གཞུང་དང་། སངས་རྒྱས་མཉེན་སྟོན་གྱི་མཛད་པའི་ཚོགས་ལ་བརྟེན་ནས། ཅུང་ཞིག་གསལ་བར་བྱས་པ་ཀུན་དགའ་འབུམ་གྱིས་སྦྱར་བའོ།། །།


previousམཁའ་འགྲོའི་ཚོགས་མཆོད་ཚོགས་གཉིས་བདུད་རྩིའི་ཆུ་རྒྱུན།next